ལྷ་མོ་འོད་འཛིན་མའི་བྱིན་གྱིས་བརླབ་པ།
དཔལ་འཛིན།


DTG048_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། དེ་ཝི་དྷ་ར་པྲ་བྷཱ་ཨ་དྷིཥྛཱ་ན། བོད་སྐད་དུ། ལྷ་མོ་འོད་འཛིན་མའི་བྱིན་གྱིས་བརླབ་པ་བཅོམ་ལྡན་འདས་གཏི་མུག་དགའ་མ་ལ་ཕྱག་འཚལ་ལོ། །མ་ལུས་སྲིད་པའི་གཏི་མུག་རྣམས། །མཐར་བྱེད་མ་ལ་རབ་བཏུད་ནས། །སྤྲོས་མེད་བདུད་རྩི་ཟ་བ་ཡི། །ཏིང་ངེ་འཛིན་གྱིས་བྱིན་བརླབ་བཤད། །མཎྜལ་ལ་སོགས་ལྟ་གོན་ཏེ། །བདག་བསྐྱེད་བཟླས་པ་མཆོད་གཏོར་དང༌། །འཁོར་ལོ་ཚོགས་ཀྱིས་མཉེས་བྱས་ལ། །ཡོན་བཅས་དང་པའི་སློབ་མ་ལ། །སྡོམ་པ་བྱིན་ལ་དམ་ལ་གཞག །དེ་ནས་འདུན་པ་དྲག་པོ་ཡིས། །བླ་མ་ལ་ནི་གསོལ་བ་གདབ། །པདྨའི་དབུས་གནས་ཟླ་བ་ལ། །ཨོཾ་སྐྱེས་ལྷ་མོ་མཉམ་བཞེངས་དཀར། །ཆུ་ཤེལ་གྲི་གུག་པདྨའི་སྣོད། །ཐུགས་ཀར་འཛིན་པ་རྒྱན་གྱིས་བརྒྱན། །འོད་དཀར་འཕྲོ་འདུ་ཤེལ་ལྟ་བུ། །དེ་ལྟའི་གཉིས་ཀ་གསལ་བྱས་ནས། །བླ་མའི་སྙིང་གར་


DTG048_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་བཞིན་གྱི། །ལྷ་མོ་འཐོན་ཏེ་སྙིང་གར་གཞུག །དེ་ཡི་བྲང་དཀྱིལ་ཨོཾ་སྐྱེས་པ། །གྲི་གུག་ཨས་མཚན་ཐོད་ནང་དུ། །ཕྱེད་ནུབ་ཙམ་དུ་བསམ་པར་བྱ། །དེ་ཡི་འོད་ཀྱིས་ཁམས་གསུམ་གྱི། །གཉིས་འཛིན་འཁྲི་བ་ཀུན་བཅད་དོ། །བདག་མེད་ཤེས་རབ་དམ་པ་ཡིས། །སངས་རྒྱས་མཆོད་དེ་དེ་རྣམས་ཀྱིས། །སྟོང་ཉིད་ཡེ་ཤེས་བཀུག་ལ་བསྟིམ། །ཐོད་པའི་འོད་ཀྱིས་སྲིད་གསུམ་གྱི། །འཛིན་པའི་དུཿཁ་ཀུན་བསལ་ཏེ། །ཟག་མེད་བདེ་པར་གཤེགས་པ་མཆོད། །མི་རྟོག་བདེ་ཆེན་ཡེ་ཤེས་མཆོག །བཀུག་ལ་གཉིས་སུ་མེད་པར་བྱ། །སངས་རྒྱས་རྣམས་ཀྱི་བདེ་སྟོང་གི །ཡེ་ཤེས་ཟུང་འཇུག་རྨད་བྱུང་གིས། །བདུད་རྩིས་ལུས་གང་བརྟན་གཡོ་ཡི། །བཅུད་བསྡུས་ངོ་བོར་བསམ་བྱས་ལ། །བླ་མའི་ཏིང་འཛིན་ནུས་པས་དབབ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཏ་སྭཱ་ཧཱ། ཨ་མོ་ཧ་ར་ཏི་ཨཱ་གཙྪ་ཡ་ཨཱ་གཙྪ་ཡ་ཧཱུཾ་ཧཱུཾ་ཛ་ཛ་ཛ་ཡ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ། འཕར་དང་གཡའ་དང་དགོད་པ་དང༌། །བདེ་སྟོང་ཉམས་ནི་སྐྱེ་བར་འགྱུར། །ཇི་སྲིད་བྲན་དུ་ཁས་བླངས་ནས། །ཡོན་ཕུལ་མཉེས་པས་དམ་ཚིག་བཞིན། །བླ་མ་བསྟེན་ལ་བརྩོན་པར་བྱ། །བླ་མ་བློ་མི་བདེ་བ་ཡི། །སློབ་མའི་དངོས་གྲུབ་འདོད་པ་ནི། །ཆུར་ཤེས་སྨིག་རྒྱུ་ཇི་བཞིན་ནོ། །ཏིང་ངེ་འཛིན་གྱི་བཅུད་ལེན་གྱི་བྱིན་རླབས་གྲུབ་ཐོབ་ཀྱི་བདག་པོ་མཁས་པ་ཆེན་པོ་དཔལ་འཛིན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་བ་ཨཱ་ཀ་ར་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བ་ལས། དུས་ཕྱིས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དརྦ་ཎ་ཨཱ་ཙཱཪྻ་དང་ལོ་ཙཱ་བ་དགེ་སློང་རྡོ་རྗེ་འཛིན་པ་ཞེ་སྡང་རྡོ་རྗེས་བསྒྱུར་ཅིང་ཞུས་ཏེ་སླར་དག་པར་བྱས་སོ། །སྔ་འགྱུར་ལ་འདི་བས་ཚན་ཆེ་ཙམ་གདའོ་གསུང་ངོ༌།།