འོད་འཛིན་མ་སྒྲུབ་པའི་ཐབས།
དཔལ་འཛིན།


DTG048_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པྲ་བྷ་ཝ་དྷ་རིསཱ་དྷ་ནཾ། བོད་སྐད་དུ། འོད་འཛིན་མ་སྒྲུབ་པའི་ཐབས། བདུད་རྩིའི་མངའ་བདག་བཅོམ་ལྡན་འདས་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །གང་ཞིག་ཁ་ཟས་ཉུང་བ་ཡིས། །འཚོ་བའི་ཡོ་བྱད་ཀྱིས་ངོས་ན། །སོམ་ཉི་བཟའ་བར་བྱ་བའི་ཕྱིར། །ཏིང་ངེ་འཛིན་གྱི་བཅུད་ལེན་བཤད། །གསུམ་ལ་སྐྱབས་སོང་བྱང་ཆུབ་སེམས། །གནས་བཞི་ལ་སོགས་


DTG048_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་སོང་བས། །སྐད་ཅིག་ཉིད་ལས་ཡུལ་རྣམས་དང༌། །ཡུལ་ཅན་སྟོང་པའི་ངང་ཉིད་ལས། །པཾ་ལས་མཚོ་སྐྱེས་དབུས་སོན་པའི། །ཉི་མའི་དབུས་སུ་ལྷ་མོ་ནི། །ཆུ་ཤེལ་ལྟ་བུ་གྲི་གུག་དང༌། །བདུད་རྩིའི་བུམ་པ་གཡས་དང་གཡོན། །དར་དཀར་གོས་དང་རིན་ཆེན་རྒྱན། །ལང་ཚོ་རྒྱས་ཤིང་ཤ་རྒྱས་མ། །ལི་བའི་སྐྲ་དང་བུང་བའི་དྲི། །མཛེས་ལྡན་མ་ཡི་བྲང་དབུས་སུ། །རང་དང་འདྲ་བའི་ལྷ་མོ་ནི། །དངས་པའི་ཤེལ་དྲུང་མུ་ཏིག་ལྟར། །དཀར་ཞིང་འཚེར་བའི་འོད་ཅན་བལྟ། །དེ་ནས་རང་སྙིང་ཤིང་འབྲས་ལྟར། །རྩི་མོ་གྱེན་ལྟར་རྩ་ལྟ་དང༌། །བཅས་པ་ཕྱེད་ནས་མཚོན་གྱིས་གཅད། །སྟེང་གི་ཕྱོགས་ནི་སངས་རྒྱས་ལྷའི། །རྩ་དང་བཅས་ཏེ་ལྟོས་མེད་དབུལ། །ཉོན་མོངས་ལྷ་ཡི་རྩ་སྦུབས་ནས། །དྲི་མ་མ་ལུས་བཤང་ལམ་ནས། །འཐོན་ཏེ་རྒྱ་མཚོའི་ངོགས་སུ་བསྐུར། །རྩ་སྟོང་བུམ་པའི་བདུད་རྩིས་བཀང༌། །ལུས་དང་རྩ་དང་ཁམས་བདུད་རྩི། །ཡེ་ཤེས་རྒྱལ་པོའི་རླུང་རྒྱས་ཏེ། །ཕྲུ་མ་མར་གྱིས་གང་བ་ལྟར། །རང་གི་ལུས་དང་དེ་བཞིན་སེམས། །ཟག་མེད་བདེ་བས་རབ་རྒྱས་ཏེ། །དམིགས་ཤིང་སྤྲོས་པ་བཅད་པ་ཡིས། །ཏིང་ངེ་འཛིན་ལ་གཏད་དེ་གཞག །དེ་ལྟར་ཡང་ཡང་གོམས་པ་ཡིས། །ཏིང་འཛིན་ཟས་སུ་མི་འགྱུར་བའི། །སྲིན་བུ་ཀུན་ཡང་འཛག་འགྱུར་པས། །དེ་དོན་བྱ་ཕྱིར་གསང་སྔགས་དང༌། །སྨོན་ལམ་ཆེ་ལ་འབད་པར་བྱ། །དེ་ལྟར་བརྟེན་ན་ཟག་མེད་ཀྱི། །ཏིང་འཛིན་མཆོག་ནི་སྐྱེ་བ་དང༌། །གཉིད་རྨུགས་ལ་སོགས་བྱེད་པའི་ཟས། །ཏིལ་ཙམ་དགོས་པར་མི་འགྱུར་བའི། །སྐྲ་དཀར་གཉེར་མ་སྤོང་བ་དང༌། །ལུས་རྒྱས་དངས་ཤིང་ཤ་སྟོབས་རྒྱས། །ཐིག་ལེ་རྒྱས་ཤིང་འཛག་མི་འགྱུར། །དུས་མིན་འཆི་བས་མི་གོས་ཏེ། །ཕྱི་ནང་མཁའ་འགྲོ་བྲན་དུ་འགྱུར། །འདྲེ་སོགས་གནོད་པར་མི་འགྱུར་ཞིང༌། །འགྲོ་ཀུན་དགའ་ཞིང་དབང་དུ་འགྱུར། །ཅི་འདོད་དམ་པའི་མཆོག་སྟེར་ཏེ། །འདོད་སྲེད་མ་ལུས་རབ་བཅད་ནས། །དུས་ཀྱི་དགྲར་ནི་མྱུར་འགྲོའོ། །དེ་ལྟར་བླ་མས་གནང་བ་ཡི། །མན་ངག་གསལ་ལ་ནོངས་མཆིས་རྣམས། །བཟོད་པར་གནང་ཞིང་དེ་ཡི་ནི། །དགེ་བས་གཤིན་རྗེ་གཤེད་གྱུར་ཅིག །འོད་འཆང་མའི་སྒྲུབ་ཐབས་ཏིང་ངེ་འཛིན་གྱི་བཅུད་ལེན་


DTG048_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མན་ངག་ཏིང་ངེ་འཛིན་ལ་མངའ་བརྙེས་པ་དཔལ་འཛིན་གྱིས་མཛད་པ་རྫོགས་སོ།། །།ལོ་པཎ་སྔ་མ་དང་འདྲ། འདིའི་མན་ངག་གཅིག་སྔར་ཡང་སྙན་བརྒྱུད་དུ་བྱུང་འདུག་སྟེ། གཞུང་སྔར་མ་འགྱུར་གསུང༌།།