བདུད་རྩི་བྱིན་གྱིས་བརླབ་པ་ཞེས་བྱ་བ།
བི་རཱུ་པ།


DTG048_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། །ཨ་མྲྀ་ཏ་ཨ་དྷིཥྛཱ་ན་ནཱ་མ། བོད་སྐད་དུ། བདུད་རྩི་བྱིན་གྱིས་བརླབ་པ་ཞེས་བྱ་བ། །འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །གང་ཞིག་རྣལ་འབྱོར་གཉིས་བརྟེན་ནས། །གཤིན་རྗེ་གཤེད་དཔལ་གཉེར་བྱེད་ན། །དེ་ཡི་བསྟེན་བྱ་དམ་ཚིག་ནི། །བྱིན་གྱིས་བརླབ་པའི་རིམ་པ་བཤད། །དེ་ལ་རྣལ་འབྱོར་པས་དབེན་པའི་གནས་རིའི་ཕུག་གམ་དུར་ཁྲོད་ལ་སོགས་པ་མིའི་སྐྱེ་བོས་དབེན་པར་བྱས་ལ། བཅུད་མ་ཉམས་པའི་དྲི་ཆེན་དང༌། གྷཉྫི་དང༌། བ་རུ་ར་དང༌། ཨ་ནུ་ར་དང༌། བླ་བ་དང༌། མར་དང༌། སྦྲང་རྩི་དང༌། བུ་རམ་དང༌། སོ་གའི་དུས་མ་ཡིན་པའི་དུས་སུ་འདུས་བྱས་པའི་པ་ར་ན་དང༌། ལེགས་པར་སྦྱར་བའི་རིལ་བུ་ཨུ་རིན་དྷ་བའི་སྣོད་དང༌། །ལྭ་བ་དམར་པོའི་ན་བཟའ་དང་བཅས་པ་སྟ་གོན་དུ་བྱས་ལ། ཇི་སྐད་བཤད་པའི་རིམ་པ་གཉིས་སྔོན་དུ་འགྲོ་བས་མཆོད་པ་དང་གཏོར་མ་འང་ཕུལ་ཞིང༌། སློབ་དཔོན་ལ་ཡོན་ཕུལ་ནས་འཁོད་ལ། །ལྷན་ཅིག་སྐྱེས་དགའི་གཉུག་མའི་བདེ་བ་ཆེ། །གཉིས་མེད་མཉམ་སྦྱོར་སྲིད་ཞི་དུས་ཀྱི་དགྲ། །དཔལ་ལྡན་ཕྱག་འཚལ་འདི་ནི་བརྩེར་དགོངས་ནས། །བརྟན་གཡོ་འཇིག་མཛད་དམ་ཚིག་མཆོད་སྩོལ་མཛོད། །ཅེས་ལན་གསུམ་མོ། །དེ་ནས་སློབ་དཔོན་གྱིས་ཇི་ལྟར་སྣང་བའི་འཇིག་རྟེན་ཐམས་ཅད་དེ་བཞིན་གཤེགས་པ་ལྔའི་ངོ་བོར་ཤེས་ཏེ་རང་གི་བུ་བྱིན་གྱིས་བརླབ་པར་བྱའོ། །སྙིང་གར་དབུ་མའི་ནང་དུ་ཧཱུཾ་ངོ༌། །ཕྱོགས་བཞིར་བྷཱུཾ་ཨཱཾ་ཛྲཱིཾ་ཁཾ་ངོ༌། །དབུས་དང་མཚམས་བཞིར་མུ་བི་ཤུ་མ་རའོ། །ཁ་དོག་ནི་རིགས་དང་མཐུན་པར་རོ།། དེ་བཞིན་དུ་ལྟེ་བ་དང་མགྲིན་པར་ཡང་དགོད་པར་བྱའོ། །དེ་ནས་ལུས་ཀྱི་འདུག་སྟངས་དང་རླུང་རན་པར་བྱ་ཞིང༌། སྙིང་གའི་ཡི་གེ་ལས་སོ་སོའི་ཁ་དོག་དང་མཐུན་པའི་འོད་ཟེར་བྱུང་ནས་མ་ལུས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་


DTG048_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྲིན་ལས་སྐུ་ལྔའི་རྣམ་པར་བཀུག་སྟེ་ཡི་གེ་ལྔ་ལ་སོ་སོར་བསྡུའོ། །དེ་ལྟ་བུའི་རིམ་པ་ཁོ་ན་ཡེ་ཤེས་ལྔས་འབྱུང་བ་ལྔ་སྦྱངས་ཤིང་སླར་ཡང་ཡུམ་ལྔའི་རྣམ་པས་བསྡུའོ། །དེ་བཞིན་དུ་ལྟེ་བ་དང་མགྲིན་པ་ལས་ཀྱང་སྟེ། འདོད་པ་དང་གཟུགས་དང་གཟུགས་མེད་པ་སྤྱང་བའི་ཕྱིར་རོ། །རྒྱུ་དང་ལམ་དང་འབྲས་བུའི་དུས་ཀྱི་དངོས་གྲུབ་བསྡུ་བའི་ཕྱིར་རོ། །ཕུང་པོ་ལྔ་དང་འབྱུང་བ་ལྔ་དང་ཉོན་མོངས་པ་ལྔ་ནི་བསྡུས་ཏེ་ཡེ་ཤེས་སུ་བྱིན་བརླབ་པའི་ཕྱིར་རོ། །དེ་ཡང་དུས་གསུམ་དུག་ནས་པའི་ཕྱིར་རོ། །སླར་ཡང་འོག་གི་འཁོར་ལོ་ཡི་གེ་དང་བཅས་པ་སྙིང་གའི་ཧཱུཾ་ལ་བསྡུ་ཞིང་ཡི་གེ་བརྒྱད་ཀྱང་བསྡུས་ཏེ། དེའི་འོད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་བདུད་རྩི་ལྔའི་ངོ་བོ་ཧཱུཾ་ཆ་ལྔ་པའི་རྣམ་པས་བསྟིམ་ཞིང༌། ཨོཾ་ཧྲཱིཿ་ཥྚྲིཿ་ལྺི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། པྙྩ་ཨ་མྲྀ་ཏ་ཡུཏྒྷ་ཊ་ས་མ་ཡཱ་ཏིཥྛཱ་བ་བཛྲ་ཛ་ཛཿ་ཧཱུཾ་བཾ་ཧོ་མུདྒ་ར་ཧྲི་ཧ་ཧ་ཧ་ཧཱུཾ། སྤྱི་བོར་མེ་ཏོག་དང་བཅས་པས་བརྟན་པར་བྱ་སྟེ། འདོད་པ་ལ་སོགས་པ་དུས་གསུམ་གྱི་དངོས་གྲུབ་རིགས་ལྔ་དང༌། དཔའ་མོ་ལྔ་དང༌། ཡེ་ཤེས་ལྔ་ལ་སོགས་པ་འང་བརྟན་གཡོ་ཐམས་ཅད་ཀྱི་བདག་པོ་རྣམ་པར་ཤེས་པ་ཧཱུཾ་འདིའོ། །ཞེས་དེས་པར་བྱས་ལ། དག་པ་རྗེས་སུ་དྲན་པས་རྣམ་པར་ཤེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྒྱུ་མ་ལྟ་བུའི་ངོ་བོ་ཉིད་རྟག་ཏུ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཤིང་གཡོ་བ་མེད་པ་ཉིད་ལ་སེམས་གནས་པར་བྱས་ལ། བླ་མས་རྡོ་རྗེ་དྲིལ་བུ་འཛིན་པས་ཚད་མེད་པའི་སེམས་ཀྱིས་བཟླས་པ་དང་གདུག་པ་ཅན་རྣམས་བཟློག་པར་བྱའོ། །དེ་ནས་ཡང་ཇི་སྐད་གསུངས་པའི་རིལ་བུའམ། ཐོད་པ་ཆང་གིས་བཀང་བ་སློབ་མ་ལ་སྤྱིན་ཞིང༌། དཔའ་བོ་རྣལ་འབྱོར་མ་འཁོར་ལོའི། །དངོས་གྲུབ་བདུད་རྩི་ལས་བྱུང་བ། །སྔགས་པ་མཆོག་གིས་རབ་བསྔགས་པ། །དམ་ཚིག་འདི་ནི་ཁྱོད་ལ་སྤྱིན། །དེ་ས་ཀྱང་བླངས་ཏེ་འཐུངས་པས་ལུས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་གང་སྟེ། ཟག་པ་མེད་པའི་བདེ་བས་ཚིམ་སྟེ། འདོད་པའི་སྲེད་པ་མ་ལུས་པ་ཟད་ནས་བདེ་བ་དང་རབ་ཏུ་མི་རྟོག་པའི་ཡེ་ཤེས་ཟུང་དུ་འཇུག་པ་བསྐྱེད་པར་བྱའོ། །དེ་ནས་རྒྱུན་མ་ཆད་པས་གསུམ་མམ། བདུན་ནམ་མཐུན་བཞི་ལ་སོགས་པ་ཇི་ལྟར་ནུས་པས་བརྟན་


DTG048_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་སྟེ་ཕན་ཡོན་ནི་དཔལ་ལྡན་འདས་པའི་རྒྱུད་ལས་གསུངས་པའི་རིམ་པ་དང༌། མཐར་ཐུག་པ་ནི་དམ་ཚིག་འདིས་བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་ཉིད་མངོན་དུ་བྱེད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཉིད་ལས་ཐོས་སོ། །ཁ་དུད་རྩི་ལྔ་ཡི་བྱིན་གྱིས་བརླབ་པའི་རིམ་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་བི་རཱུ་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དརྦཎ་ཨཱ་ཙཱཪྻ་དང༌། ལོ་ཙཱ་བ་ཞེ་སྡང་རྡོ་རྗེས་མང་ཡུལ་གྱི་གཙུག་ལག་ཆེན་པོར་ཞུགས་ཤིང་བསྒྱུར་བའོ།། །།