གནོད་སྦྱིན་དགའ་བྱེད་ཀྱི་སྒྲུབ་ཐབས།
ཤེས་རབ་སྐྱོང་།


DTG048_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཡཀྵཱ་ནནྡི་ཀ་རི་སཱ་དྷ་ནཾ། བོད་སྐད་དུ། གནོད་སྤྱིན་དགའ་བྱེད་ཀྱི་སྒྲུབ་ཐབས། གོང་དུ་ཎ་ཌ་ཀུ་པ་རའི་སྔགས་ཀྱི་སྒྲུབ་ཐབས་སུ། སྦྱོར་བ་གནོད་སྤྱིན་ཐམས་ཅད་ཀྱི་སྒྲུབ་ཐབས་སྟོན་ཏོ། །འོན་ཀྱང་ཁྱད་པར་ཅུང་ཟད་བསྟན་པར་བྱས་ན། ན་མ་པྲི་ཡཾ་ཀརཱ་ཡ་ར་ཧི་ཏི་ཤེ་སྭཱ་ཧཱ། ཞེས་སོ། །དགའ་བྱེད་ཅེས་བྱ་བའི་གནོད་སྤྱིན་གཞོན་ནུ་མ་ཅིག་གིས་ལས་ཐམས་ཅད་བྱེད་པར་འགྱུར་བས། དེའི་ཆོ་ག་ནི་བསྙེན་པ་འབུམ་ཕྲག་གསུམ་བཟླས་ནས་དེ་ནས་ཁྲི་སྟན་ལས་བྱས་པ་འམ། ཤིང་ཀ་ཏཾ་པ་ལས་བྱས་པའི་ཤིང་ལེབ་ལ་དགའ་བྱེད་ཅེས་བྱ་བ་ཞལ་གཅིག་ཕྱག་དྲུག་པ། གཞོན་ནུའི་གཟུགས་ཅན། ཕྱག་གཡོན་དང་པོ་ན་ཤིང་ཐོག་འཛིན་པ། གཉིས་པ་མཆོག་སྤྱིན་གྱི་ཕྱག་རྒྱ་ཅན། དེའི་མདུན་དུ་རྩྭ་ཀུ་ཤའི་ཆུན་པོ་ལ་རང་འདུག་ནས། བའི་ཤ་དང་གུ་གུལ་བསྲེས་ལ་སྟོང་ཕྲག་བརྒྱད་སྤྱིན་སྲེག་བྱས་ན་གྲོང་ཁྱེར་བརྒྱད་རྙེད་པར་འགྱུར་རོ། །ཡང་དེའི་མདུན་དུ་གུ་གུལ་རྐྱང་པའི་རི་ལུ་སྟོང་ཕྲག་བརྒྱད་ཀྱིས་སྤྱིན་སྲེག་བྱས་ན་འཁོར་སྟོང་ཕྲག་གཅིག་གིས་ཅི་འདོད་པའི་བཟའ་བ་རྙེད་བར་འགྱུར་རོ། །བཟླས་པ་ཙམ་གྱིས་བཟའ་རྒྱུ་རྙེད་པར་འགྱུར་རོ། །རྟག་ཏུ་བཟླས་པས་གཏེར་མཐོང་བར་འགྱུར་རོ། །གཞན་ཡང་ལས་ཐམས་ཅད་བྱེད་པར་འགྱུར་བའི་དགའ་བྱེད་ཅེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།།