Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་བརྒྱད་པ།


  expand section
   
   
   
   
   
   
དཔལ་གཤིན་རྗེ་གཤེད་དམར་པོའི་བྱིན་གྱིས་བརླབ་པའི་མན་ངག་འོད་གསལ་འཆར་བའི་རིམ་པ།  བི་རཱུ་པ།
   
  expand section
  expand section
  expand section
  expand section
  expand section
  expand section
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section


 
previousདཔལ་གཤིན་རྗེ་གཤེད་དམར་པོའི་བྱིན་གྱིས་བརླབ་པའི་མན་ངག་འོད་གསལ་འཆར་བའི་རིམ་པ། བི་རཱུ་པ།next

དཔལ་གཤིན་རྗེ་གཤེད་དམར་པོའི་བྱིན་གྱིས་བརླབ་པའི་མན་ངག་འོད་གསལ་འཆར་བའི་རིམ་པ།
བི་རཱུ་པ།


DTG048_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་འཆར་བའི་རིམ་པ། དཔལ་གཤིན་རྗེ་གཤེད་དམར་པོ་ལ་ཕྱག་འཚལ་ལོ། །གང་ཞིག་ཤིན་ཏུ་གོམས་པ་ཡིས། །སྤྲོས་པ་ཡིད་ཀྱིས་ཡིད་གཡེངས་ན། །བླ་མའི་མན་ངག་ལ་བརྟེན་ནས། །སྤྲོས་པ་དེ་ཉིད་སྤྲོས་མེད་བྱ། །རི་བོའི་རྩེ་སོགས་རབ་དབེན་པར། །མཎྜལ་ལ་སོགས་ཚེགས་བྱས་ལ། །བདག་བསྐྱེད་མཆོད་དང་བུམ་པ་བཟླས། །ཇི་སྐད་བཤད་བཞིན་འགྲུབ་པ་ན། །ཤིན་ཏུ་དད་དང་ལྡན་པ་ཡི། །སློབ་མ་རྗེས་སུ་གཟུང་བར་བྱ། །ཁྲུས་སོགས་སྔོན་འགྲོ་བགེགས་བསྐྲད་ལ། །ཐུན་མོང་པ་དང་ཁྱད་པར་གྱི། །ཡོངས་སུ་རྫོགས་པའི་སྡོམ་པ་སྤྱིན། རང་སྙིང་ལ་གནས་དབྱུག་པ་དཀར། །རྡོ་རྗེས་མཚན་པ་བསྒོམ་པར་


DTG048_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །སྣ་ཚོགས་སྤྲོས་པའི་ཡིད་འདི་ཉིད། །སྤྲོས་དང་བྲལ་བར་གདོད་ནས་གྲུབ། །སྤྲོས་དང་སྤྲོས་མེད་གཞན་མིན་ཕྱིར། །ཟུང་ངུ་འཇུག་པའི་སེམས་བསྐྱེད་བྱ། །ཨོཾ་བཛྲ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི་སུ་ར་ཏ་ས་མ་ཡ་སྟྭཾ་ཧོ། །དེ་ནས་འཇོམ་དཔལ་འདུས་པ་ཡི། །དཀྱིལ་འཁོར་ཆོ་ག་ལ་གསུངས་ལྟར། །འབྱུང་བ་ལྔ་དང་ཕུང་ལྔ་ལ། །གནས་པའི་ཉོན་མོངས་ལྔ་སྦྱངས་ནས། །བདེ་གཤེགས་ལྔ་དང་ཡེ་ཤེས་ལྔ། །དབང་བར་བྱེད་པ་དབང་ལྔ་སྤྱིན། །དེ་ནས་བསྲུབ་དང་བསྲུབས་པ་ཡི། །བདེ་བ་ཐིག་ལེའི་མན་ངག་བྱ། །རྡོ་རྗེས་རྣམ་རྟོག་གཞོམ་པ་ཡི། །གཡོ་འཛིན་རླུང་གི་མན་ངག་དབབ། །དེ་ཡི་འོག་ཏུ་ཟབ་མོ་ནི། །སངས་རྒྱས་ཀུན་གྱི་ཐུགས་ཀྱི་གསང༌། །མཁའ་འགྲོའི་བཀའ་ཡིས་གདམས་གྱུར་པ། །རྣམ་རྟོག་འོད་གསལ་ཞལ་ལས་གཟུང༌། །དེ་ནི་ནམ་ཞིག་རྟོགས་གྱུར་པས། །སྐད་ཅིག་ཉིད་ལ་ཡེ་ཤེས་འཆར། །གྲོལ་དང་གྲོལ་བ་མ་ཡིན་པའི། །འཆིང་བ་ཀུན་ནི་སྤངས་པར་འགྱུར། །ནོར་དང་གོ་འཕང་མཉམ་པ་དང༌། །མཁའ་ལ་འགྲོ་དང་ཀུན་མཐོང་དང༌། །མཁའ་འགྲོ་བྲན་དུ་བྱ་ལ་སོགས། །ཅི་འདོད་པ་ཡི་བསམ་པ་འགྲུབ། །དེ་ལྟར་ཤིན་ཏུ་གསང་བ་བླ་མ་དམ་པའི་དྲིན་ལས་བྱུང་གྱུར་པ། །གསལ་བར་བྱས་པ་གང་ཡིན་དེས་ནི་སྲིད་པ་གསུམ་བོའི་འཆིང་བ་ཀུན། །སྤངས་ནས་སྲིད་གསུམ་བདེ་ཆེན་རོ་གཅིག་དཔལ་ལྡན་ལས་འབྲས་ཀུན་གཟིགས་པ། །ཞི་ལས་འཇམ་དབྱངས་ཤིན་ཏུ་ཁྲོས་པ་གཤིན་རྗེ་གཤེད་དཔལ་ཐོབ་གྱུར་ཅིག །དཔལ་གཤིན་རྗེ་གཤེད་དམར་པོའི་བྱིན་གྱིས་བརླབ་པའི་མན་ངག་འོད་གསལ་འཆར་བའི་རིམ་པ་སློབ་དཔོན་མཐུ་སྟོབས་ཀྱི་མགོན་པོ་དཔལ་བི་རཱུ་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་བ་རེནྡྲ་བའི་ཞལ་སྔ་ནས་དང༌། ཆག་ལོ་ཙཱ་དགེ་སློང་ཆོས་རྗེ་དཔལ་བཟང་པོས་བསྒྱུར་བའོ།། །།


previousདཔལ་གཤིན་རྗེ་གཤེད་དམར་པོའི་བྱིན་གྱིས་བརླབ་པའི་མན་ངག་འོད་གསལ་འཆར་བའི་རིམ་པ། བི་རཱུ་པ།next