Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་བརྒྱད་པ།


  expand section
   
   
   
   
   
   
   
  expand section
  expand section
  expand section
  collapse section
དཔལ་གཤིན་རྗེ་གཤེད་དམར་པོའི་དཀྱིལ་འཁོར་གྱི་ཆོ་ག།  དཔལ་འཛིན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section


 
previousདཔལ་གཤིན་རྗེ་གཤེད་དམར་པོའི་དཀྱིལ་འཁོར་གྱི་ཆོ་ག། དཔལ་འཛིན།next

དཔལ་གཤིན་རྗེ་གཤེད་དམར་པོའི་དཀྱིལ་འཁོར་གྱི་ཆོ་ག།
དཔལ་འཛིན།

སྔོན་དུ་བསྙེན་པ།


DTG048_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་ཡ་མཱ་རི་རཀྟ་མཎྜ་ལོ་པ་ཡི་ཀཱ། བོད་སྐད་དུ། དཔལ་གཤིན་རྗེ་གཤེད་དམར་པོའི་དཀྱིལ་འཁོར་གྱི་ཆོ་ག །བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་ལ་ཕྱག་འཚལ་ལོ། །ཤེས་རབ་ཐབས་ཀྱིས་བདག་ཉིད་དཔལ་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་གཙོ། །དེ་ལ་བཏུད་དེ་དཀྱིལ་འཁོར་གྱི། །ཆོ་ག་མདོར་བསྡུས་དྲན་ཕྱིར་བརྗོད། །དང་པོ་ཚངས་པའི་གནས་བཞི་དང་ལྡན་ཞིང་འགྲོ་བ་འདོན་པའི་བསམ་པ་ཅན་གྱི་རྣལ་འབྱོར་པས་བདག་ཉིད་གྲུབ་པའི་ཕྱིར་རམ། གཞན་གྱིས་ལན་གཉིས་ལན་གསུམ་དུ་གསོལ་བ་བཏབ་པ་དེ་རྗེས་སུ་གཟུང་བའི་ཕྱིར། །གལ་ཏེ་དཀྱིལ་འཁོར་བྲི་བར་འདོད་ན། །དེའི་ཚེ་རྣལ་འབྱོར་བཞི་སྔོན་དུ་འགྲོ་བས་སྔོན་དུ་བསྙེན་པ་བྱས་ཏེ། །བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོའི་སྔགས་འབུམ་བཟླས་ཤིང༌། གཏི་མུག་གཤིན་རྗེ་གཤེད་ལ་སོགས་པའི་ཁྲི་བཟླས་པ་འམ། །བཅོམ་ལྡན་འདས་ཀྱི་རྗེས་སུ་གནང་བའི་མཚན་མ་ཐོབ་པའམ། རང་གི་སེམས་དག་པས་བརྟན་པར་བྱས་པས་བྲི་བར་བྱའོ། །

ས་ཡོངས་སུ་བཟུང་བ།


DTG048_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཆོ་ག་བཞིན་དུ་བསྒྲུབ་པའི་དཀྱིལ་འཁོར་གྱི་ཁང་པར་དཀྱིལ་འཁོར་གྱི་འདུས་བྱས་ལ། གཏོར་མ་ཕུལ་ལ། མཆོད་པའི་ཡོ་བྱད་སྣ་ཚོགས་དང་གྲོགས་དང་ལྡན་པས། རྣལ་འབྱོར་བཞིའི་བདག་ཉིད་ཀྱིས། །ཨོཾ་བྷུ་ཁཾ་ཞེས་པའི་སྔགས་ཀྱིས་ནམ་མཁའི་རང་བཞིན་དུ་བྱས་ལ། ཧཱུཾ་ལཾ་ཧཱུཾ་ཞེས་བྱ་བ་འདིས་ནོར་འཛིན་རྡོ་རྗེའི་རང་བཞིན་ཅན། ཨོཾ་མེ་དི་ནཱི་བཛྲི་བྷ་བ་བཛྲ་བནྡྷ་ཧཱུཾ་ཞེས་པས་བྱིན་གྱིས་བརླབ་བོ། །རང་བཞིན་གྱིས་རྣམ་པར་དག་པའི་ས་གཞི་དེར་གཤིན་རྗེ་གཤེད་དམར་པོའི་ངོ་བོ་ཕྱག་ན་རྡོ་རྗེ་དང༌། དྲིལ་བུ་འགྱིང་བས་བསྣམས་པ་ལ་སློབ་མ་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པའི་རྣལ་འབྱོར་དང་ལྡན་པ་ལག་ན་རྡོ་རྗེ་དང་དྲིལ་བུ་ཐོགས་པ་བཞིས་གསོལ་བ་གདབ་པར་བྱ་སྟེ། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །སྟོན་པ་སངས་རྒྱས་ཀུན་བདག་ཉིད། །སྐུ་ཡི་རྡོ་རྗེ་ཁྱོད་ཕྱག་འཚལ། །ཕྲ་མ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །ཐུགས་ཀྱི་རྡོ་རྗེ་རབ་གསལ་བས། །རིན་ཆེན་རྡོ་རྗེ་


DTG048_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཕྱག་འཚལ། །འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། །ཁྱབ་བདག་འདོད་ཆག་ཆོས་འབྱུང་གནས། །དབྱངས་མཆོག་ཀུན་གྱི་མཆོག་གི་མཆོག །གསུང་གི་རྡོ་རྗེ་ཁྱོད་ཕྱག་འཚལ། །ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཀུན་བྱེད། །སྐུ་ཡི་རྡོ་རྗེ་རབ་གསལ་བ།། ཕྱག་ན་རལ་གྲི་ཁྱོད་ཕྱག་འཚལ། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་རབ་མཆོག་གི་མཆོག །དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ། །གཤིན་རྗེ་འཇོམས་པའི་དཀྱིལ་འཁོར་འཇིགས། །དཀྱིལ་འཁོར་ཀུན་གྱི་གཙོ་བོ་ནི། །སྡིག་པ་ཐམས་ཅད་ཟད་མཛད་པ། །མགོན་པོ་དཀྱིལ་འཁོར་བྲི་བར་མཛོད། །དེ་རྣམས་ཀྱིས་དབྱངས་གཅིག་གིས་གསོལ་བ་བཏབ་པར་རིག་ནས། འཇིག་རྟེན་གྱི་ཁམས་མཐའ་དག་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་གཟིར་བ་ལ་བལྟས་ཏེ། ཉོན་མོངས་པ་ལ་སླར་ཁྲོ་བས་ཧཱུཾ་བཛྲ་ཨུ་ཏིཥྛ་ཞེས་པའི་སྔགས་ཀྱིས་རང་གི་འཁོར་ལོ་བཏེག་ལ། རྣལ་འབྱོར་པས་ཡི་གེ་མས་མིག་གཡོན་པ་ཟླ་བ་དང༌། ཡི་གེ་ཊ་ས་མིག་གཡས་པ་ཉི་མར་བྱས་པས་ཕྱོགས་ཐམས་ཅད་དུ་གསལ་བར་བྱས་ནས་འཇིག་རྟེན་གསུམ་ལ་གསལ་བར་བལྟ་ཞིང༌། །རྐང་བའི་འོག་ཏུ་རྡོ་རྗེ་འབར་བ་བསྒོམས་ལ་རྡོ་རྗེ་གསོར་བ་དང་དྲིལ་བུ་དཀྲོལ་བར་བརྩོན་པས་རོལ་པའི་རྡོ་རྗེའི་འགྲོས་ཀྱི་གར་གྱིས་འཁོར་ལོའི་ས་གཞི་བསྐོར་བར་བྱ་སྟེ། ཧྲཱིཿཥྚྲྀཿ་ལ་སོགས་པ་ངག་ཏུ་སྒྲོགས་པས་གདུག་པའི་ལྷ་ལ་སོགས་པ་མཐའ་དག་དང༌། བགེགས་ཀྱི་དཀྱིལ་འཁོར་རྣམས་བསྐྲད་པར་བྱས་ཏེ། ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་རྣམས་ཀུན་ཉོན་ཅིག །ང་ནི་དཔལ་ལྡན་རྡོ་རྗེ་འཆང༌། །སྲུང་བའི་འཁོར་ལོ་སྦྱོར་བ་པོ། །རྡོ་རྗེའི་གཟུགས་ནི་འབར་བ་ཡི། །ལུས་གསུམ་ལས་སྐྱེས་དགས་པར་བྱས། །གལ་ཏེ་ཁ་ཅིག་བདག་ལས་འདའ། །འཇིག་པར་འགྱུར་གྱིས་གཞན་དུ་མིན། །རྡོ་རྗེའི་གནས་སུ་འཁོར་ལོ་དང༌། །རིན་ཆེན་དང་པདྨ་དང༌། རལ་གྲི་བཅུག་ལ་བཀླག །པར་བྱའོ། །ས་ཡོངས་སུ་བཟུང་བའི་མཇུག་ཐོགས་སུ་བགེགས་མེད་པར་བྱ་བའི་ཕྱིར་ཕུར་བུས་གདབ་པར་བྱའོ། །དེ་ལ་ཕུར་བུས་གདབ་


DTG048_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྔགས་ནི་འདི་ཡིན་ཏེ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦྦ་དུ་ཥྚཱ་ན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦྦ་པཱ་པི་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཡཱ་ཛྙཱ་པ་ཡ་ཏི། །ས་རྦྦ་བི་གྷྣཾ་ཀཱ་ཡ་ཝཱ་ཀ་རྩི་ཏྟ། བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། སྨད་ཕུར་བུའི་རྣམ་པ། སྟོད་རལ་གྲི་གཤིན་རྗེ་གཤེད་ཀྱིས་བགེགས་རྣམས་ལ་ཕྱོགས་མཚམས་ཐམས་ཅད་དུ་ཕུར་བུས་གདབ་པར་བྱའོ། །ས་ཡོངས་སུ་བཟུང་བའོ། །

སའི་ལྷ་མོ་ལྷག་པར་གནས་པ།


DTG048_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་ས་གཞི་བགེགས་མེད་པར་བལྟས་ལ། འབར་བའི་འོད་ཟེར་རྣོན་པོས་མཚམས་ལ་སོགས་པ་བཅིང་བར་བྱས་ནས། དེར་བཾ་ལས་བྱུང་བའི་ལྷ་མོ་སྐུ་མདོག་སེར་མོ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ལུས་ཕྱེད་འཐོན་པ། ཕྱག་གཡས་པ་དམ་བཅའ་བ་ཁས་ལེན་པའི་ཕྱག་རྒྱ་དང༌། གཡོན་པས་བུམ་པ་འཛིན་པ་སྤྱན་དྲངས་ལ། མེ་ཏོག་དང་དྲི་བཟངས་ལ་སོགས་པ་སྣ་ཚོགས་ལ་སོགས་པས་མཆོད་ལ་ལྷག་པར་གནས་པར་བྱ་སྟེ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་དཔུང་བཅོམ་པ། །དེ་ལྟར་བདག་གིས་བདུད་ཀྱི་སྟེ། །བཅོམ་ནས་དཀྱིལ་འཁོར་བྲི་བར་བགྱི། །ཞེས་བྱས་པ་ལན་གསུམ་བརྗོད་དེ། །ཡང་དག་པར་མཆོད་ལ་དེ་ནས་དེ་ཉིད་དུ་ཐིམ་པར་བསམ་པར་བྱའོ། །སའི་ལྷ་མོ་ལྷག་པར་གནས་པར་བྱའོ། །

ལྷ་ལྷག་པར་གནས་པ།


DTG048_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་དེར་དྲིས་ཉེ་བར་བྱུགས་པ་ལ་མེ་ཏོག་གཅལ་དུ་བཀྲམ་ལ། ལྷ་རྣམས་ཀྱི་གནས་སུ་ཙནྡན་ལ་སོགས་པས་དཀྱིལ་འཁོར་བྱས་ལ། དེར་སྙིང་གའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་འཁོར་ལོ་སྤྱན་དྲངས་ལ། མཚམས་བཅིང་པ་ལ་སོགས་པ་བྱ་སྟེ། མཆོད་པ་དང་བསྟོད་པ་དང༌། བདུད་རྩི་མྱང་བར་བྱ་བའོ། །དེ་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ལག་པ་གཡས་པས་སྤོས་ཕོར་བཏེག་ལ་འཁོར་ལོའི་དབང་ཕྱུག་དང༌། སངས་རྒྱས་རྣམས་ལ་གསོལ་བ་གདབ་པར་བྱ་སྟེ། བཅོམ་ལྡན་གཤིན་རྗེ་གཤེད་རྡོ་རྗེ། །རིག་པའི་རྒྱལ་མཆོག་ཁྱོད་ལ་འདུད། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །


DTG048_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་བྲི་བར་བདག་འཚལ་ལོ། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །བཀའ་དྲིན་གནང་བ་མཛད་པར་རིགས། །སངས་རྒྱས་འགྲོ་དོན་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང༌། །གཞན་ཡང་གང་དག་གསང་སྔགས་ལ། །ལྷ་དང་འཇིག་རྟེན་སྐྱོང་བ་དང༌། །འབྱུང་པོ་བྱང་ཆུབ་བསྟན་གནས་དང༌། །སེམས་ཅན་བསྟན་ལ་མངོན་དགའ་བ། །གང་དུ་རྡོ་རྗེའི་སྤྱན་ལྡན་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །རྡོ་རྗེ་འཆང་ཆེན་ཆེ་གེ་བདག །གཤིན་རྗེ་གཤེད་དམར་དཀྱིལ་འཁོར་ནི། །ཇི་ལྟར་ནུས་པའི་ཉེར་སྤྱོད་ཀྱིས། །འགྲོ་བ་སྤྱང་ཕྱིར་བྲི་བར་བྱ། །དེང་བདག་སློབ་མར་བཅས་པ་ལ། །རྗེས་སུ་བརྩེ་བ་ཉེར་བཟུང་ནས། །འདུས་པ་ཐམས་ཅད་དཀྱིལ་འཁོར་དུ། །ཉེ་བར་གནང་བར་མཛད་པའི་རིགས། །དེ་ལྟར་ལན་གསུམ་བྱས་ནས་འཁོར་ལོ་དེ་ཡང་དག་པར་མཆོད་དེ། ནམ་མཁར་དགོད་པར་བྱའོ། །ལྷ་ལྷག་པར་གནས་པའོ། །

ཐིག་གདབ་པ།


DTG048_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྣལ་འབྱོར་པ་ཡི་གེ་ཛཿ་ལས་བྱུང་བའི་ཟླ་བ་དང༌། ཉི་མའི་མིག་ཅན་གྱིས་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པའི་ས་བོན་ལས་བྱུང་བ་དེ་རྣམས་ཀྱི་ཁ་དོག་ཅན་ཉི་ཤུ་རྩ་ལྔར་ཕྱེ་སྟེ། སྲིད་དུ་དཀྱིལ་འཁོར་གྱི་ཉིས་འགྱུར་སྦོམས་སུ་སྒོའི་ཉི་ཤུ་ཆ་ཅན་གྱི་སྲད་བུ་དྲི་བཟངས་ཀྱིས་བྱུགས་པ་ལ་རལ་གྲི་གཤིན་རྗེ་གཤེད་སྐུད་པ་འཛིན་པ་དང་ལྷན་ཅིག །འབར་བའི་ལྟ་སྟངས་ཀྱི་ལྕགས་ཀྱུས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་རྣམས། ཨོཾ་དཱི་པ་ཏི་དྲྀ་ཥྚིཿ་ཨཾ་ཀུ་ཤ་ཛཿཞེས་པའི་སྔགས་ཀྱིས་བཅུག་ནས། ཨོཾ་ཨཱ་པྲ་ཡ་ཙྪ་མོ་ཧ་ཀཱ་ལ་ཧ་རི་སྭ་ཙ་ཀྲ་སཱུ་ཏྲ་ན་ཡ་ཧཱུཾ། ཞེས་པ་ལ་སོགས་པ་ཞེ་སྡང་གཤིན་རྗེ་གཤེད་ཀྱི་བར་དུ་གསོལ་བ་བཏབ་ལ། ཨོཾ་ཨཱཿཨ་ཉོ་ཉ་ཨ་ནུ་ག་ཏ། སརྦྦ་དྷ་རྨ་སྦ་ར་སྦ་ར་ཨ་ནུ་ག་ཏ་སརྦྦ་དྷ་རྨཱཿ། ཨ་ཏྱནྟ་ཨ་ནུ་པྲ་བི་ཥྚཿ། སརྦྦ་དྷ་རྨཱ་ཧཱུཾ། ཞེས་པ་བརྗོད་ཅིང་བསྒྲིལ་བར་བྱའོ། །སྲད་བུ་འཛིན་པ་ཡི་གེ་ཛཿ་གསུམ་གྱིས་སྐུད་པ་འཛིན་པ་རང་གི་ཛྫཿ། ཛྫཿ། ཛྫཿ། ཞེས་པ་བརྗོད་དེ་གཡོན་པའི་ཁུ་ཚུར་གྱིས་ལྟེ་བའི་སྟེང་དུ་ཐིག་སྐུད་བཟུང་ནས་ཁར་གཞུག །ནུབ་ཏུ་འདུག་ལ་ཤར་དུ་ཁ་བལྟས་ཏེ་ཤར་དུ་འདུག་ཅིང་ནུབ་ཏུ་ཁ་བལྟས་པ་དང༌། ལྷན་


DTG048_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ནམ་མཁའི་ཐིག་གདབ་པར་བྱའོ། །ལར་འོག་གི་ཐེག་གདབ་སྟེ། ཨོཾ་ཨཱཿ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། སེམས་ཅན་དོན་ལ་ཁྱེད་རྣམས་ཀྱི། །དུས་ཡིན་དེ་ཕྱིར་འདིར་སྤྱོན་ཅིག །ཅེས་པའི་ཐེག་སྐུད་ཀྱི་སྒྲས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་བསྐུལ་ཞིང་ཤར་ནུབ་ཀྱི་ཚངས་པའི་ཐིག་གདབ་པར་བྱའོ། །བྱང་དུ་འདུག་པས་ལྷོར་ཁ་བལྟས་པ་དང༌། ལྷན་ཅིག་ལྷོ་བྱང་གི་ཆངས་ཐིག་གདབ་པར་བྱའོ། །མེར་འདུག་སྟེ་གནོད་སྤྱིན་དུ་ཁ་བལྟས་པ་དང༌། དབང་ལྡན་དུ་གནས་ཏེ་ཡི་དྭགས་སུ་ཁ་བལྟས་བས་ཤར་གྱི་རྩ་བའི་ཐིག་གོ །རླུང་དུ་འདུག་ལ་ཡི་དགས་སུ་ཁ་བལྟས་པ་དང༌། བདེན་བྲལ་དུ་གནས་ནས་གནོད་སྤྱིན་དུ་ཁ་བལྟས་པས་ནུབ་ཀྱི་རྩ་བའི་ཐེག་གོ །རླུང་དུ་འདུག་ལ་དབང་པོར་ཁ་བལྟས་པ་དང༌། དབང་ལྡན་དུ་གནས་ནས་ཀླུར་ཁ་བལྟས་པས་བྱང་གི་རྩ་བའི་ཐེག་གོ། མེར་འདུག་ལ་ཀླུར་ཁ་བལྟས་པ་དང༌། བདེན་བྲལ་དུ་གནས་ནས་དབང་པོར་ཁ་བལྟས་པས་ལྷོའི་རྩ་བའི་ཐིག་གོ །ཆོ་ག་འདི་ཉིད་ཀྱིས་ཚངས་པའི་ཐིག་དག་གི་གཞོགས་གཉིས་སུ་ཐིག་བདུན་བདུན་ནོ། །རྩ་བའི་ཐིག་གི་ཕྱི་རོལ་དུ་ཐིག་དྲུག་དྲུག་གོ །ཕྱི་ནས་རྟབ་བས་ཀྱི་རྗེས་སུ་མཐུན་པའི་ཐིག་གོ །ཟུར་ཐིག་གཉིས་ཀྱང་ངོ༌། །དེ་ནས་ཐིག་སྐུད་ཉིས་ལྟབ་ཏུ་བྱས་ལ་དབང་ལྡན་གྱི་ཕྱོགས་ནས་བརྩམས་ནས་གཡས་སྐོར་དུ་འཁོར་ལོའི་རྣམ་པའི་རྡོ་རྗེའི་ཕྲེང་བའི་ཐིག་གཉིས་གདབ་པར་བྱས་ཏེ། ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་མོས་པ་བྱ་ཞིང་ངོ༌། །འདིར་མཚན་མ་མིན་པས་མི་འགྲུབ་སྟེ། ཐིག་སྐུ་ཆད་ན་བླ་མ་ཉམས། །ལྷག་ཆད་སྐྱོང་གྱིས་ནད་དུ་འགྱུར། །ཕྱོགས་འཁྲུལ་ན་ནི་སློབ་མ་འཁྲུལ། །གྲུབ་ཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་བརྒྱན། །ཐེག་བཞི་དང་ནི་ཡང་དག་ལྡན། །དྲ་བ་དྲ་ཕྱེད་དར་དང་ནི། །མེ་ཏོག་ཕྲེང་ལ་སོགས་པས་བརྒྱན། །གྲྭ་ཡི་ཆ་ནི་ཐམས་ཅད་དང༌། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྦྲས། །ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་རོ། །ནང་དུ་ནི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཀྱིས་སྣ་ཚོགས་རྡོ་རྗེའི་ལྟེ་བ་གྲུ་བཞི་པོ་རྡོ་རྗེའི་ཕྲེང་བས་བསྐོང་


DTG048_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །དེ་ནས་སྒོའི་བར་དུ་རྩེ་མོ་ལྔ་ལྔར་རྗེས་སུ་མཐུན་པའི་ཆ་དབྱེའོ། །ཡི་གེ་ཧཱིཿཁྲོ་བོའི་ལྟ་བས། སྒོ་ནི་དཀྱིལ་འཁོར་བརྒྱང་ཆ་རུ། །བདག་ཉིད་ཆེན་པོས་ཤེས་པར་བྱ། །ཚད་ལྡན་ཤིན་ཏུ་མཛེས་པ་ཡིས། །སྟེགས་བུ་ཆེན་པོ་དོར་ནས་ནི། །སྒོ་ཁྱུད་སྒོ་ལྟར་ཤེས་བྱ་སྟེ། །དེ་བཞིན་ལྷ་ཡི་སྣམ་བུའོ། །རོལ་མོ་ལ་སོགས་གླུ་གར་གྱི། །རྡོ་རྗེ་ལྷ་མོ་ཡང་དག་ལྡན། །སྟེགས་བུ་སྒོ་ཡི་ཕྱེད་ཡིན་ཏེ། །འགྲམ་དང་ལོགས་ཀྱང་དེ་བཞིན་དུ། །དྲ་བ་དྲ་ཕྱེད་ཉིད་ཟླ་དང༌། མེ་ཏོག་ཕྲེང་བའི་སྣམ་བུ་ཡང༌། །རྩ་བའི་ཐིག་གིས་ཡི་ཕྱིར། །རྡུལ་ཚོན་ས་ནི་དེ་ཡི་ཕྱེད། །རིན་ཆེན་ཀ་སོགས་སྣམ་བུ་ཡི། །ས་གཞི་ཚོན་གྱིས་དང་མཉམ། །རྟ་བབས་སྒོ་ཡི་སུམ་འགྱུར་ཏེ། །བ་དན་དྲིལ་བུ་དག་དང་ལྡན། །དྲིལ་བུ་དང་བཅས་རླུང་གིས་བསྐྱོད། །བ་དན་ཕྱི་ཡི་མཚམས་སུའོ། །གཞན་རྣམས་འཁོར་ལོའི་རྗེས་མཐུན་པར། །ཇི་ལྟར་མཛེས་པར་རབ་ཏུ་བརྟག །ཁྲུ་གང་ནས་ནི་བརྩམས་ནས་ནི། །ཇི་སྲིད་ཁྲུ་ནི་སྟོང་གི་བར། །དེ་སྲིད་དུ་ནི་ཐིག་གདབ་པའོ། །

རྡུལ་ཚོན་དགྱེ་བ།


DTG048_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་རིམ་པ་འདིས་ཐིག་བཏབ་ནས། སྔ་མའི་རིམ་པ་ཁོ་ནས་འབར་བའི་ལྟ་སྟེངས་ཀྱིས། རྡུལ་ཚོན་རྣམས་ཡང་དག་པར་གཟི་བརྗིད་བསྐྱེད་ལ་མངོན་པར་བསྔགས་པར་བྱས་ཏེ། ཨོཾ་བཛྲ་ཙ་ཏྲ་ས་མ་ཡ་ཧཱུཾ། དེ་ནས་རང་བཞིན་ཉིད་ཀྱིས་དག་པའི་གཤིན་རྗེ་མཐར་བྱེད་དམར་པོའི་རྣལ་འབྱོར་པ་ཀུན་དུ་རྟོག་པ་དང་བཅས་པ་ཐམས་ཅད་སྤངས་པས་འཁོར་ལོའི་ནང་དུ་འདུག་སྟེ། དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། གཡོན་པའི་ཁུ་ཚུར་གྱིས་དགྱེ་བར་བྱས་ཏེ། །དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང༌། ནག་པོའི་བར་དུའོ། །རེ་ཁཱ་སྒོའི་ཉི་ཤུ་ཆར་མཉམ་པར་སྦོམ་ཕྲལ་སོགས་སྐྱོན་མཐའ་དག་དང་བྲལ་བར་དགྱེ་བར་བྱའོ། །དེ་ལ་སྦོམ་པོར་དགྱེ་ན་ནད་དོ། །ཕྲ་མོར་དགྱེན་ནོར་འཇིག་གོ །ཡོན་པོས་འཁོན་འབྱུང་ངོ། །ཆད་ན་འཆིའོ། །བར་དུ་ནས་ཙམ་གྱི་རེ་ཁཱ་དགྱེ་བར་བྱའོ། །ཤར་ཕྱོགས་སུ་ནི་དཀར་པོ་ཆེ། །ལྷོར་ནི་སེར་པོ་ཡང་དག་ལྡན། །ནུབ་ཀྱི་ཆར་ནི་དམར་པོ་སྟེ། །བྱང་ནི་ལྗང་གུ་ཡིན་པར་བཤད། །ཨིནྡྲ་ནཱི་ལ་འོད་འབར་ལྡན། །དབུས་ཀྱིས་གཞི་ཡང་དག་བྲི། །དེ་ལྟར་དཀྱིལ་


DTG048_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཀུན་ནས་བྲིས་ལ་ལྟ་ཐམས་ཅད་ཀྱི་གནས་སུ་སྣ་ཆོགས་པདྨའོ། །དབུས་སུ་ཉི་མ་ལ་གནས་པའི་རྡོ་རྗེ་དབྱུག་པ་དཀར་པོ་མི་མགོ་སེར་པོས་མཚན་པའོ། །ཤར་གྱི་རའི་རྩ་བའི་ཟླ་བ་ལ་གནས་པའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའོ། །ལྷོའི་རའི་རྩ་བར་ཉི་མ་ལ་གནས་པའི་རིན་པོ་ཆེ་ལྗང་གུ་ཆ་དགུ་པའོ། །བུབ་ཀྱི་རའི་རྩ་བར་ཉི་མ་ལ་གནས་པའི་པདྨ་དམར་པོའོ། །བྱང་གི་རའི་རྩ་པར་ཉི་མ་ལ་རལ་གྲི་ལྗང་གུའོ། །སྣ་ཚོགས་རྡོ་རྗེའི་མ་མཚམས་སུ་འཁོར་ལོའོ། །བདེན་བྲལ་གྱི་མཚམས་སུ་རྡོ་རྗེའོ། །རླུང་གི་མཚམས་སུ་པདྨའོ། །དབང་ལྡན་དུ་རལ་གྲིའོ། །ཤར་སྒོར་རྡོ་རྗེའི་ཐོ་བར་ཉི་ཤུ་པའོ། །ལྷོ་སྒོར་དབྱུག་པ་དཀར་པོའི། །ནུབ་སྒོར་པདྨ་དམར་པོའོ། །བྱང་སྒོར་རལ་གྲིའོ། །དཀྱིལ་འཁོར་གྱི་ཟུར་བཞི་ན་ཐོད་པ་བཞི་བྲི་བར་བྱའོ། །ལོགས་བཞིར་བུམ་པ་བརྒྱད་རྡུལ་ཚོན་དགྱེ་བའོ། །

དཀྱིལ་འཁོར་བསྒྲུབ་པ།


DTG048_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་རྫོགས་པའི་དཀྱིལ་འཁོར་བལྟས་ལ་རྣལ་འབྱོར་པས་རང་སྣང་གི་ཡན་ལག་གི་སྦྱོར་བས་སངས་རྒྱས་རྣམས་བདག་ཉིད་ལ་བཅུག་ལ། སེམས་དེས་ནམ་མཁའི་ཁམས་ཁྱབ་པར་བྱས་ནས། དཀྱིལ་འཁོར་བསྐྱེད་དེ་ཕྱུང་ལ། གནས་ཇི་ལྟ་བར་བཞག་ལ་སྤྱན་ལ་སོགས་པ་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ་དང༌། དབང་བསྐུར་པར་བྱས་ལ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ། མཆོད་ཡོན་ལ་སོགས་པ་ཕུལ་ནས། ཁྲོ་བོ་རྣམས་ཀྱིས་དགུག་པ་དང་གཞུག་པ་དང་བཅིང་བ་དང༌། དབང་དུ་བྱས་ཏེ་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་བྱས་ནས་བཟླས་ཤིང་བསྒོམས་པས་མཉེས་པར་བྱའོ། །ཕྱོགས་སྐྱོང་རྣམས་ལ་ཡང་ག་ཏོར་མ་དང་མཆོད་པ་ཕུལ་ནས་རང་ཉིད་ཀྱི་དཀྱིལ་འཁོར་ལ་དམིགས་ཏེ་ཕྱག་བྱའོ། །དཀྱིལ་འཁོར་བསྒྲུབ་པའོ། །

བུམ་པ་ལྷག་པར་གནས་པ།


DTG048_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཙོ་བོ་དང་དཀྱིལ་འཁོར་དང་ཐོད་པ་དང་བཞི་སྟེ། བུམ་པ་བཅུ་བདུན་དང༌། སླར་ལས་ཐམས་ཅད་པ་རྣམས་མཚན་མས་མཚན་ཅིང་མགྲིན་པ་གོས་ཀྱིས་དཀྲིས་པ། ཙུ་ཏ་ལ་སོགས་པ་ལོ་མ་དང་ལྡན་པ་རིན་པོ་ཆེ་ལྔ་དང་སྨན་ལྔ་དང་འབྲུ་ལྔ་དང་ལྡན་པ་རྣམས་དེ་དང་དེའི་སྔགས་ལས་བྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་


DTG048_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་ལ་དེ་རྣམས་ཀྱི་མིག་ལ་སོགས་པ་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ་དང༌། དབང་བསྐུར་བར་བྱས་ལ། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ། མཆོད་ཡོན་ལ་སོགས་པ་ཕུལ་ནས་དགུག་པ་དང་གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་ལ་མཆོད་པ་ལ་སོགས་པ་བྱས་ཏེ། མེ་ཏོག་གི་ཕྲེང་བ་བཅིངས་པའི་རྡོ་རྗེའི་སྟེང་དང་སྟེང་དུ་བཞག་ལ་དེ་དང་དེའི་སྔགས་ཇི་སྲིད་འདོད་པར་ཐུན་གསུམ་དུ་བཟླས་ནས་མེ་ཏོག་དཀར་པོ་བཅུག་ལ་འཁོར་ལོ་དེ་དེ་ཉིད་དུ་ཆུའི་རྣམ་པར་བལྟའོ། །བུམ་པ་ལྷག་པར་གནས་པའོ། །

སྦྱིན་སྲེག་བྱ་བ།


DTG048_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཆད་པ་ལ་སོགས་པའི་སྐྱོན་ཞི་བར་བྱ་བའི་ཕྱིར་དང༌། ཡོན་པ་དག་གི་བསོད་ནམས་མངོན་པར་སྤེལ་བའི་ཆེད་དུ་སྤྱིན་སྲེག་བྱ་སྟེ། དེ་ལ་ཞི་བའི་ཐབ་ཁུང་བཞིན་དུ་ལས་ཐམས་ཅད་པའི་ཐབ་ཁུང་ཁྲུ་གང་གི་ཚད་ལ་ཟབས་སུ་ཁྲུ་ཕྱེད་བརྐོས་ལ། བརྐོས་པ་ལས་ཁྲུ་ཕྱེད་དོར་ནས་དཔངས་དང་རྒྱར་སོར་བཞི་པའི་ཁ་ཁྱེར་པདྨ་རྒྱས་པ་ལྟ་བུས་ཡོངས་སུ་བསྐོར་བ་དེའི་ཕྱི་རོལ་དུ་སོར་གཉིས་དོར་ནས་སྟེགས་བུ་གྲུ་བཞི་པས་ཡོངས་སུ་བསྐོར་བའོ། །དེའི་ཟུར་དུ་ནི་ཟླ་བ་ཕྱེད་པའི་སྟེང་དུ་རྡོ་རྗེ་རྩེ་གསུམ་པ་རྣམས་སོ། །ཐབ་ཀྱི་དཀྱིལ་དུ་ཞེ་སྡང་རྡོ་རྗེ་རྩེ་ལྔ་པ་སོར་བརྒྱ་ཀྱི་ཚད། དཔངས་སུ་སོར་གཅིག་པའོ། །ཤར་དང་ལྷོ་དང་ནུབ་དང་བྱང་རྣམས་སུ་འཁོར་ལོ་དང་རིན་པོ་ཆེ་དང༌། པདྨ་དང་རལ་གྲི་སོར་དྲུག་པ་བྱའོ། །དེའི་ཕྱི་རོལ་དུ་རྡོ་རྗེའི་ཕྲེང་བ་བྱའོ། །ཚོན་དཀར་པོས་དཀར་པོར་བྱས་ཏེ་ཐབ་ཁུང་ངོ༌། །དེ་ནས་རྣལ་འབྱོར་པ་ཁ་ཤར་དུ་བལྟས་པས་བསྲེག་བྱའི་རྫས་མཐའ་དག་གཞོགས་གཡས་སུ་བཞག་སྟེ། བསང་གཏོར་དང་མཆོད་ཡོན་གྱི་སྣོད་ལ་སོགས་པ་གཡོན་དུ་བཞག་ལ། བྲམ་ཟིའི་ཁྱིམ་མམ། དགེ་འདུན་གྱི་ཚང་བང་ནས་མེ་བླངས་ལ། འོ་མ་ཅན་གྱི་བུད་ཤིང་ལ་རླུང་གཡབ་ཅན་གྱིས་མེ་སྦར་བར་བྱས་ཏེ། ཡི་གེ་གསུམ་གྱིས་མངོན་པར་བསྔག་གོ །དེའི་རྗེས་ལ་གཡས་སྐོར་དུ་ཀུ་ཤ་དགྲམ་པར་བྱའོ། །དེ་ནས་རྡོ་རྗེ་འཛིན་པ་ཡོངས་སུ་གྱུར་པ་སྔོན་དུ་འགྲོ་བས་སྣ་ཚོགས་པདྨའི་སྟེང་དུ། མེ་ཟུར་གསུམ་པ་ལ་རཾ་ལས་བྱུང་བའི་མེ་ལྷ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཉུག་མའི་རིག་མ་


DTG048_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཉིས་སུ་མེད་པ་གཡས་པ་དང་ཅིག་ཤོས་ཀྱི་ཕྱག་གིས་བགྲང་ཕྲེང་དང་སྤྱི་བླུགས་འཛིན་པ། གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པ། ཁྲོ་བོའི་རྒྱན་གྱིས་བརྒྱན་པ། ཐུགས་ཀར་རང་གི་ས་བོན་གནས་བ་བསྒོམས་ལ། དེ་ནས་ཨོཾ་ཊཀྐི་ཧཱུཾ་ཛཿ་ཞེས་བྱ་བའི་སྔགས་ཀྱིས་ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས་ནས། ཀུ་ཤའི་ཆུན་པོས་བསངས་གཏོར་དང་མཆོད་ཡོན་ལ་སོགས་པ་ཕུལ་ལ། དམ་ཚིག་པ་ལ་བཅུག་སྟེ། མཆོད་པ་ལ་སོགས་པ་བྱས་ནས། དེའི་ཞལ་དུ་རཾ་བཀོད་ནས་དགང་བླུགས་དབུལ་བར་བྱའོ། །དགང་གཟར་དང་བླུགས་གཟར་གྱི་ཁ་ལ་ཡི་གེ་ཡ་བསྒོམས་ལ་གོ་རིམས་བཞིན་དུ་བསྲེག་བྱ་ཐམས་ཅད་བསྲེག་པར་བྱའོ། །དེའི་རྗེས་སུ་དེའི་སྙིང་གར་རང་གི་ས་བོན་ལས་གཤིན་རྗེ་མཐར་བྱེད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ཅན་བསྐྱེད་ལ་སྤྱན་ལ་སོགས་པ་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བས། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་ལ་སོགས་པ་སྔོན་དུ་བྱས་ལ་མཆོད་པ་ལ་སོགས་པ་ཕུལ་ཏེ། དེའི་ཞལ་དུ་ཡི་གེ་རཾ་བསྒོམས་ཏེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པས་མར་གྱི་དགང་བླུགས་དབུལ་བར་བྱའོ། །ཨོཾ་སརྦྦ་པཱ་པཾ་ད་ཧ་ན་བྫྲཱ་ཡ་སརྦྦ་པཱ་པཾ་ནི་ཙ་ཨ་སྱ་ད་ཧ་སྭཱ་ཧཱ། ཏིལ་རྣམས་ཀྱིའོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། །དཱུ་ར་བ་རྣམས་ཀྱིའོ། །ཨོཾ་བཛྲ་པུཥྚཱ་ཡ་སྭཱ་ཧཱ། །འབྲས་མ་གྲུགས་པ་རྣམས་ཀྱིའོ། །ཨོཾ་སརྦྦ་སཾ་པ་དེ་སྭཱ་ཧཱ། ཞོ་ཟན་གྱིའོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བྫྲཱ་ཡ་སྭཱ་ཧཱ། ཀུན་ཤ་རྣམས་ཀྱིའོ། །ཨོཾ་བོ་དྷི་བྲྀ་ཀྵཱ་ཡ་སྭཱ་ཧཱ། ཤིང་ཨ་ཤྭདྠའིའོ། །ཨོཾ་བཛྲ་ཀུ་བེ་རཱ་ཡ་སྭཱ་ཧཱ། ཤིང་ནྱ་གྲོ་དྷའིའོ། །ཨོཾ་བཛྲ་ཛ་ཡཱ་ཡ་སྭཱ་ཧཱ། ཤིང་བ་ལ་སའིའོ། །ཨོཾ་ས་ཧཱ་ཀཱ་རཱ་ཡ་སྭཱ་ཧཱ། ཤིང་ཨ་མྲའི་འོ། །བསྲེག་བྱའི་རྫས་གཞན་རྣམས་ཀྱང་རང་གི་འདོད་པའི་ལྷའི་སྔགས་མན་ངག་ཇི་ལྟ་བར་བསྐུལ་ཚིག་དང་ལྡེན་པས་བདུད་རྩི་ལྔའི་ངོ་བོར་བསྐྱེད་ལ། བསྲེག་པར་བྱའོ། །དེ་ནས་བསངས་ལ་ཞལ་བསིལ་ལ་སོགས་ཕུལ་ཏེ། དྲི་ཞིམ་པའི་མེ་ཏོག་ལ་སོགས་པ་དང༌། ན་བཟའ་དང་སོ་རྩི་ལ་སོགས་པ་ཕུལ་ནས་འདོད་པའི་དོན་ལ་གསོལ་བ་བཏབ་ལ། ཡི་གེ་གསུམ་ཡི་གེ་མུཿ་འི་མཐའ་ཅན་གྱིས་གཤེགས་སུ་གསོལ་ལོ། །རྫས་ལྷག་མ་རྣམས་མེ་ལྷ་ལ་བསྲེགས་


DTG048_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དེ་ཡང་ཆོ་ག་སྔ་མས་གཤེགས་སུ་གསོལ་ལོ། །སྤྱིན་སྲེག་གོ །གདང་གཟར་ཁྲུ་གང་པ་འོག་ཏུ་སོར་བཞི་པའི་རྡོ་རྗེ་འམ། རིན་པོ་ཆེ་དང་སྟེང་དུ་སོར་བཞི་པ་སོར་གཉིས་པའི་ཟབས་དང་ལྡན་པ་རྡོ་རྗེས་མཚན་པ། བཅུད་འཛག་པའི་བུ་ག་མཐེའུ་ཆུང་གི་ཚད་ཙམ་པ། །བདྨའི་རྣམ་པ་ཅན་དང་བླུགས་གཟར་སོར་གཉིས་པ་ཟབས་སུ་སོར་གཅིག་པ་རྡོ་རྗེ་དང་ལྡན་པ། པདྨ་འདབ་མའི་རྣམ་པའོ། །ཞེས་པ་དགང་གཟར་དང་བླུགས་གཟར་རོ། །

རབ་གནས་ཀྱི་ཆོ་ག


DTG048_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རབ་ཏུ་གནས་པའི་ས་གཞི་གདུགས་དང་རྒྱལ་མཚན་དང་བ་དན་རྣམ་པ་སྣ་ཚོགས་དང༌། རོལ་མོའི་སྒྲ་སྣ་ཚོགས་པ་ཡིད་དུ་འོང་བར་སློབ་དཔོན་ཇི་ལྟར་འབྱོར་བའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པས་སྐུ་གཟུགས་སམ། རས་རིས་སམ། གླེགས་བམ་མདུན་དུ་རྣམ་པར་བཞག་ལ་བསང་གཏོར་དང༌། མཆོད་ཡོན་དང་ཞབས་བསིལ་དང་ཞལ་བསིལ་ཕུལ་ནས་གཡོན་པ་དང་ཅིག་ཤོས་ཀྱི་ཁུ་ཚུར་དག་གིས་ཡུངས་ཀར་བཟུང་ལ་སྐུ་གཟུགས་ལ་སོགས་པའི་མདུན་དུ་གཡོན་སྐོར་དང་གཡས་སྐོར་གྱིས་བསྐོར་ནས་མེ་ལ་བླུགས་ཏེ། ཨོཾ་སརྦྦ་པཱ་པཾ་ད་ཧ་ན་བཛྲ་ཡ་ཆེ་གེ་མོའི་སརྦྦ་པཱ་པཾ་ད་ཧ་ན་བཛྲ་སྭཱ་ཧཱ། ཞེས་པའི་སྔགས་འདིས་གསལ་བའི་ཁམ་ཕོར་གསུམ་ཡང་སྐོར་ཕྱོགས་ཀྱིས་བསྐོར་བར་བྱའོ། །དེ་ནས་སྙིམ་པས་ཆུ་བཟུང་སྟེ། དེ་ཁོ་ན་བཞིན་དུ་མེ་ལ་བླུགས་སོ། །སླད་ནས་ནམ་མཁར་གནས་པའི་དེ་བཞིན་གཤེགས་པ་རྣམས་ཉེ་བར་སྤྱོད་པ་ལྔས་ཡང་དག་པར་མཆོད་ལ། ཀུན་དུ་རྟོག་པ་ཐམས་ཅད་སྤངས་པས་སྤོས་ཕོར་བཟུང་སྟེ། དེ་བཞིན་གཤེགས་པ་དེ་རྣམས་ལྷག་པར་གནས་པར་བྱ་སྟེ། ས་མ་ཡ་སྟྭཾ། ས་མ་ཡ་ཧཾ། ཞེས་པ་ལན་གསུམ་བརྗོད་ནས། ཇི་ལྟར་རྫོགས་པའི་སངས་རྒྱས་ཀུན། །དགའ་ལྡན་ཡང་དག་བཞུགས་པ་རྣམས། །ལྷ་མོ་སྒྱུ་འཕྲུལ་ལྷུམ་ས་ཞུགས་ལྟར། །དེ་བཞིན་གཟུགས་བརྙན་འདིར་བཞུགས་ཤིང༌། །མགོན་པོ་འདིར་ནི་རྟག་བཞུགས་ནས། །མེ་ཏོག་ལ་སོགས་འདི་དག་ནི། །བྱང་ཆུབ་སེམས་རབ་འཕེལ་བྱའི་ཕྱིར། །ཆེ་གེ་མོ་ཡི་དོན་དུ་བཞེས། །དེ་ནས། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །ཅེས་པ་ལ་སོགས་པས་བསྟོད་པར་བྱའོ། །ལྷ་


DTG048_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པར་གནས་པའོ། །སྔ་དྲོ་སྐུ་གཟུགས་ན་བཟའ་སེར་པོས་གཡོགས་པ་ཁ་ཤར་དུ་ཕྱོགས་པ་ལ་ཁྲུས་བྱའོ། །དེ་ལ་རིམ་པ་འདི་ཡིན་ཏེ། བའི་རྣམ་ལྔ་ལ་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿཞེས་པའི་ས་བོན་གྱིས་མངོན་པར་བསྔགས་པས་ཉེ་བར་བྱུག་གོ །དེ་ནས་དྲི་ཞིམ་པའི་མར་ཁུ་ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། །ཞེས་པའི་སྔགས་ཀྱིས་དཱུར་བའི་པིར་གྱིས་བྱུག་པར་བྱའོ། །དེ་ནས་འཁར་བའི་སྣོད་དུ་བཞག་པའི་ཤུན་པ་ལྔས་མར་ཁུ་ཕྱི་བར་བྱའོ། །དེའི་མཇུག་ཐོགས་སུ་རྣམ་པར་རྒྱལ་བའི་བུམ་པ་ནས་བརྩམས་ཏེ་བུམ་པ་སོ་སོར་ཆུས་ཁྲུས་གསོལ་བར་བྱ་སྟེ། ཇི་ལྟར་བལྟམས་པ་ཙམ་ཉིད་ན། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་བགྱི། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་བྱ་བའི་སྔགས་ཀྱིས་སོ། །དེའི་མཇུག་ཐོགས་སུ་ནམ་མཁར་བཞུགས་པའི་ཙ་རྩི་ཀ་ལ་སོགས་པ་རིག་མའི་ཚོགས་སྤྱན་དྲངས་ལ་ཡེ་ཤེས་ཀྱི་བདུན་རྩིས་གང་བའི་བུམ་པ་བསྣམས་པ་དེ་རྣམས་ཀྱི་དབང་སྤྱིན་པར་བསམ་པར་བྱའོ། །དེ་ནས་རས་ཀྱིས་ཆུ་མེད་པར་བྱས་ལ། སྔར་གྱི་རང་གི་གནས་སུ་གཞག་པར་བྱའོ། །རས་རིས་སམ་གླེགས་བམ་མམ་མཆོད་རྟེན་ཆེན་པོ་རྣམས་ནི་མེ་ལོང་ལ་སྔ་མའི་རིམ་པས་ཁྲུས་གསོལ་བྱའོ། །ཁྲུས་ཀྱི་ཆོ་གའོ། །དེ་ནས་སྤྱན་ལ་སོགས་པ་དང༌། སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ་དང༌། དབང་བསྐུར་བ་དང༌། རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་ལ་བཞུགས་པར་བསྒོམས་ལ་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་དམིགས་ནས་མཆོད་ཡོན་ལ་སོགས་པ་ཕུལ་ཏེ། དམ་ཚིག་པ་ལ་བཅུག་པ་དང༌། གླེགས་བམ་ལ་ནི་ཡི་གེའི་གཟུགས་སུ་བསྒྱུར་བ་ལ། ན་བཟའ་དབུལ་བར་བྱ་སྟེ། ཨོཾ་བཛྲ་བཱ་སེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་སོ། །དེ་ནས་མེ་ཏོག་ལ་སོགས་པ་ལ། ཨོཾ་ཨཱཿ་བཛྲ་པུ་ཥྤེ་ཧཱུཾ། ཞེས་པ་ལ་སོགས་པ་དང༌། ཆུ་སྐྱེས་དེ་བཞིན་ཐང་ལས་སྐྱེས། །མེད་ཏོག་དམ་པ་འདི་དག་ནི་།མཆོག་ཏུ་གུས་པས་བདག་འབུལ་ན། །ཅི་བདེ་བར་ནི་ཁྱོད་ཀྱིས་བཞེས་། །ལྷན་ཅིག་


DTG048_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་དང་སྦྱར་ལས་བྱུང༌། །དེ་བཞིན་བདུག་སྤོས་མཆོག་འདི་དག །མཆོག་ཏུ་གུས་པས་བདག་འབུལ་ན། །ཅི་བདེ་བར་ནི་ཁྱེད་ཀྱིས་བཞེས། །ཞུན་མར་འབྲུ་མར་མར་མེ་འདི། །ལྷ་རྫས་འབར་བས་མུན་པ་འཇོམས། །མེ་ཤེལ་ཐམས་ཅད་ཞི་བྱའི་ཕྱིར། །བདག་ཉིད་དང་པས་དབུལ་བར་བགྱི། །ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །དྲི་མཆོག་དམ་པ་འདི་དག་ནི། །མཆོག་ཏུ་གུས་པས་བདག་འབུལ་ན། །ཅི་བདེ་བར་ནི་ཁྱེད་ཀྱིས་བཞེས། །བཟའ་དང་བཅའ་བ་ཡང་དག་ལྡན། །ཁ་དོག་དྲི་དང་རོ་ལྡན་ཞིང༌། །ཐམས་ཅད་སྦྱར་བའི་ཞལ་ཟས་འདི། །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །ཞེས་པས་མངོན་པར་བསྔགས་ཤིང་མེ་ཏོག་ལ་སོགས་པ་དབུལ་བར་བྱའོ། །དེ་ནས་སྐུ་གཟུགས་ཀྱི་སྤྱན་དབྱེ་བར་བྱ་སྟེ། དངུལ་གྱི་སྣོད་དུ་བཞག་པའི་མར་དང་སྦྲང་རྩི་བླངས་པའི་གསེར་གྱི་ཐུར་མས། ཨོཾ་ཙ་ཀྵུཿ་ཙྐྩཿས་མནྟ་ཙཀྵུཿབི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་སོ། །དེ་ནས་ལག་པ་གཡས་པས་རྡོ་རྗེ་གསོར་ཞིང༌། གཡོན་པས་དྲིལ་བུ་དཀྲོལ་བས། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །ཅེས་པ་ལ་སོགས་པས་བསྟོད་པ་བྱའོ། །རབ་གནས་ཀྱི་ཆོ་གའོ།། །།

སློབ་མ་ལྷག་པར་གནས་པ།


DTG048_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཚེ་བ་རྩེ་བ་གཞན་གྱི་དབང་དུ་གྱུར་པ། དབང་བསྐུར་བ་ལ་སོགས་པས་སློབ་མ་བསྡུ་བར་འདོད་ན། དེའི་ཚེ་དཀྱིལ་འཁོར་གྱི་ཁང་པའི་ཕྱིར་རོལ་ན། རིགས་དང་གཟུགས་དང་ལང་ཚོ་དང་དད་པ་ཐོས་པ་དང༌། གཏོང་པ་དང་རྣལ་འབྱོར་ལ་སོགས་པ་དང་ལྡན་ཞིང་དོན་དུ་གཉེར་བའི་སློབ་མས་མཎྜལ་དང་ཕྱག་བྱས་ནས། ལག་ན་མེ་ཏོག་ཐོགས་པ་དང༌། ཡོན་ཏན་གཞན་མེད་ཀྱང་སངས་རྒྱས་དང་ཆོས་དང༌། དགེ་འདུན་ལ་སྐྱབས་སུ་སོང་བ་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་གནས་པ་རྣམས་ལ་ཆོས་བཤད་པས་སྤྲོ་བ་བསྐྱེད་པར་བྱ་སྟེ། རང་གི་བསླབ་ལྡན་འཁོར་བཞི་པོ། །ཐེག་ཆེན་བློ་ལྡན་བློ་ལྡན་རྣམས་ལ་ནི། །དེ་བཞིན་གཤེགས་པས་གསུངས་པ་ཡི། །ཡང་དག་ཆོ་ག་རྗེས་སུ་གནང༌། །ཁ་ཅིག་གསང་སྔགས་བསྒྲུབ་དོན་གཉེར། །དཀྱིལ་འཁོར་དུ་ནི་འཇུག་པར་འགྱུར། །དེ་བཞིན་གཞན་ནི་བསོད་ནམས་འདོད། །


DTG048_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་འཇིག་རྟེན་ཕ་རོལ་གཞོལ། །བློ་བཟང་ཕལ་ཆེར་དང་བྱས་ནས། །འཇིག་རྟེན་ཕ་རོལ་དོན་གཉེར་འཇུག །འཇིག་རྟེན་འདིའི་འབྲས་དོང་ནས་ནི། །འཇིག་རྟེན་ཕ་རོལ་འབྲས་གཉེར་བས། །གང་ཕྱིར་འདི་ཡིས་བདེ་བླག་འགྱུར། །འདི་ཡིས་འཇིག་རྟེན་ཕ་རོལ་མིན། །དེ་ཕྱིར་འཇིག་རྟེན་ཕ་རོལ་གྱི། །དོན་དུ་ཡིད་ནི་བརྟན་པར་གྱིས། །ཞེས་བརྗོད་ནས། རང་གི་ནང་དུ་བཅུག་ལ། རྡོ་རྗེ་པདྨས་དག་པར་བྱས་ཏེ། གསལ་བ་འདེབས་སུ་གཞུག་སྟེ། མཱ་མ་ཀཱི་དང་ལྷན་ཅིག་སྦྱོར། །བདག་ནི་སྟོན་པ་དགའ་ཆེན་ཁྱོད། །བྱང་ཆུབ་ཆེན་པོ་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་པ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་པ་ལན་གསུམ་བརྗོད་ནས་སོ། །གུས་པ་དང་ལྡན་པའི་སློབ་མ་རྣམས་ཀྱིས་གཅིག་གཙོ་བོར་བྱས་ནས་བརྗོད་པར་བྱ་སྟེ། བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ནོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་གིས་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། མི་བཟད་ཆེན་པོ་སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་བརྟགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བྱ་བ་ལན་གསུམ་བསྟན་པར་བྱས་ནས་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་རྣམས་བསྐྱེད་པར་བྱའོ། །བསྐྱེད་པར་ནམས་དྲན་པར་བྱའོ། །དེ་ནས་དེ་རྣམས་ཡང་དག་པར་བསྲུངས་ལ་དེ་རྣམས་ཀྱི་སྙིང་གར་ཧཱུཾ་ལས་རྡོ་རྗེ་དང༌། མགྲིན་པར་ཡི་གེ་ཨཱཿ་ལས་པདྨ་དང་མགོ་བོར་ཡི་གེ་ཨོཾ་ལས་འཁོར་ལོ་སྟེ། དེ་རྣམས་ལས་ས་བོན་དེ་དག་བཀོད་ལ་ཧཱུཾ་ཨཱཿ་ཨོཾ་ཞེས་


DTG048_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ཅིང༌། རྡོ་རྗེ་ཁུ་ཚུར་གྱིས་དྲི་སྙིང་ག་དང༌། མགྲིན་པ་དང་མགོ་བོར་བྱུང་པར་བྱའོ། །དེ་ནས་དེ་རྣམས་ཀྱི་མགོ་བོར་མེ་ཏོག་དང་མདུན་དུ་སྤོས་དང༌། སྙིང་གར་དྲི་དང་མདུན་དུ་མར་མེ་སྤྱིན་པར་བྱ་སྟེ། ཐམས་ཅད་ལ་ལས་ཐམས་ཅད་པའི་སྔགས་བཟླས་པའོ། །དེ་ནས་ཨ་ཤཱརྠ་ལ་སོགས་པའི་སོ་ཤིང་གི་ཉེས་པ་ལ་སོགས་པའི་སྐྱོན་དང་བྲལ་བས་མེ་ཏོག་གི་རྩེ་མོ་ཅན་སྤྱིན་ནོ། །དེ་དག་གིས་ཀྱང་ཁ་ཤར་དུ་བལྟས་ཏེ་གནས་པས་དེ་འཆོས་ནས་བ་ལོང་གི་ཀོ་བ་ཙམ་པའི་ས་གཞི་བའི་ལྕི་བས་བྱུགས་པར་དོར་བར་བྱའོ། །དེ་ནས་དེ་ལྷུང་བ་ལ་ཞི་བ་ལ་སོགས་པའི་དངོས་གྲུབ་དེ་རྣམས་ལ་བརྗོད་པར་བྱའོ། །དེ་ནས་ཁ་བཤལ་བའི་ཕྱིར་ཆུ་ཁྱོར་བ་གསུམ་སྤྱིན་པར་བྱས་ཏེ། ཨོཾ་ཧྲཱིཿ་བི་ཤུདྡྷ་དྷརྨཱ་སརྦྦ་པཱ་བཾ་ནི་ཙ་ཨ་སྱ་བི་ཤོ་དྷ་ཡ་སརྦ་བི་ཀལ་པཱ་ན་ཨ་པ་ན་ཡ་ཧཱུཾ། ཞེས་པའི་སྔགས་ཀྱིས་སོ། །སྟན་དང་སྔགས་ཀྱི་ཆེད་དུ་ཀུ་ཤ་སྤྱིན་ནོ། །དེ་ནས་རང་གི་ཚད་ཀྱི་སྐུད་པ་སུམ་སྒྲིལ་ལ་ལས་ཐམས་ཅད་པ་བཟླས་པ་དཔུང་པར་བཅིངས་ཏེ་བསྲུང་བར་བྱའོ། །དེ་ནས། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །རེས་འགའ་འབྱུང་ངམ་མི་འབྱུང་སྲིད། །ཨུ་དུམྺཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་འབྱུང༌། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་ཤིན་ཏུ་དཀོན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་ཆད་སྡིག་པ་ཅི་མཆིས་པ། །དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས། །དེ་དག་ཐམས་ཅད་ཟད་འགྱུར་ན། །གྲགས་པ་མཐའ་ཡས་གསང་སྔགས་ཀྱི། །སྤྱོད་ཚུལ་ལ་གནས་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །སྤྱོད་མཆོག་འདི་ལ་གང་རྣམས་ཀྱི། །བློ་གྲོས་ཤིན་ཏུ་དྲི་མེད་པ། །དེ་རྣམས་ཀྱི་ནི་སྡུག་བསྔལ་ཀུན། །འབྱུང་བའི་ངན་འགྲོ་ཡང་དག་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །དེ་རིང་རྙེད་པ་མཉམ་མེད་རྙེད། །གང་གིས་བྱེད་རྣམས་རྒྱལ་བ་ཀུན། །བདག་ཉིད་ཆེན་པོ་སྲས་བཅས་ཀྱི། །བསྟན་པ་འདི་ལ་ཐམས་ཅད་ནི། །ཡོངས་སུ་བཟུང་ཞིང་སྐྱེ་འགྱུར་བ། །


DTG048_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡིས་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པར་སྐྱེ་བ་ཉིད་དུ་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །གང་ལ་ཁྱེད་རྣམས་འགྲོ་འགྱུར་བ། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། །ཞེས་བྱ་བ་བཤད་ནས། ཀུ་ཤའི་སྟེང་དུ་ཉལ་དུ་གཞུག་སྟེ། རྨི་ལམ་གང་ཅུང་ཟད་མཐོང་བ་སྔ་དྲོ་ང་ལ་སྨྲོས་ཤིག་ཅེས་བྱའོ། །གལ་ཏེ་མི་དགེ་བའི་མཚན་མ་སྨྲ་ན། དེའི་ཚེ་ལས་ཐམས་ཅད་པའི་སྔགས་ཀྱིས་གཞོམ་མོ། །སླར་དེ་རྣམས་ཡང་དག་པར་བསྲུངས་ལ་སྡོམ་པ་འཛིན་དུ་གཞུག་སློབ་འཁོར་ལོ་ཕྱིར་མི་ལྡོག་པའི་དབང༌། དམ་པ་དག་ལ་སྩལ་ནས་ནི། །མགོན་པོ་འཁོར་ལོ་ལྷ་དག་གིས། །དེ་ཉིད་སློབ་དཔོན་ཕྲིན་ལས་དང༌། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྡོམ་པ་གསང་མཆོག་རྟག་ཏུ་ནི། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །སློབ་དཔོན་དག་འགྱུར་གསུང་དུ་གསོལ། །ཞེས་བརྗོད་དུ་བཅུག་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཆེ་གེ་མོ་ཞེས་བྱ་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་བསླབ་པ་རྣམ་པ་གསུམ། །དགེ་བ་ཡི་ནི་ཆོས་སྡུད་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་ནི། །བདག་གིས་སོ་སོར་བརྟན་པོར་བཟུང༌། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་མཆོག་བླ་ན་མེད། །སྡོམ་པ་སངས་རྒྱས་རྣལ་འབྱོར་བྱུང༌། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །རྡོ་རྗེ་ཆེན་པོའི་རིགས་བསྡུས་པ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །དེ་ཉིད་ཀྱིས་ནི་རབ་ཏུ་གཟུང༌། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་ཆེན་པོའི་རིགས་མཆོག་གི །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྤྱིན་པ་རྣམ་བཞི་རྟག་ཏུ་སྤྱིན། །པདྨ་ཆེན་པོའི་རིགས་དག་པས། །བྱང་ཆུབ་ཆེན་པོ་འབྱུང་བ་ལ། །ཕྱི་དང་གསང་བའི་ཐེག་པ་


DTG048_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ལས་ཆེན་རིགས་ནི་བསྡུས་པ་ལ། །སྡོམ་པ་ཐམས་ཅད་ཡང་དག་ལྡན། །མཆོད་པའི་ལས་ནི་ཅི་ནུས་སྤྱིན། །ཀུན་ནས་སོ་སོར་གཟུང་བར་བགྱི། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་ཡང་དག་བསྐྱེད་བགྱིས་ཤིང༌། །སྡོམ་པ་མ་ལུས་བཟུང་བགྱིས་ནས། མ་རྒལ་བ་རྣམས་པ་སྒྲ་ཡ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱུང་བ་ད་བུགས་དབྱུང་བགྱི། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་བྱ་བ་ལན་གསུམ་བརྗོད་དུ་གཞུག་བར་བྱའོ། །སློབ་དཔོན་གྱིས་སྡོམ་པ་སྤྱིན་པ་སྟེ། སློབ་མ་ལྷག་པར་གནས་པའོ། །

མེ་ཏོག་དོར་བ།


DTG048_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དང་པོར་སློབ་དཔོན་དང་སློབ་མ་གཞུག་པའི་ཆོ་གས་དཀྱིལ་འཁོར་དུ་ཞུགས་ཏེ། དབང་ཐམས་ཅད་རྫོགས་པར་བླངས་ལ་རྗེས་སུ་གནང་བ་ཐོབ་ནས། ཡོལ་བའི་ཕྱི་རོལ་དུ་ཡོན་ཕུལ་ཞིང་དབང་བསྐུར་ལ། སྐལ་བ་དང་ལྡན་པའི་སློབ་མ་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་དམིགས་ལ། ཨཱ་ཁཾ་བཱི་ར་ཧཱུཾ། ཞེས་པའི་སྔགས་ཀྱིས་མེ་ཏོག་གི་ཕྲེང་བ་བཟུང་ཞིང་གདོང་གཡོགས་བཅིངས་ལ། ལས་ཐམས་ཅད་པའི་སྔགས་བཟླས་པའི་ཆུས་བསངས་ལ། དཀྱིལ་འཁོར་དུ་གཞུག་པའི་དོན་དུ་དྲི་བར་བྱ་སྟེ། ཀྱེ་དགའ་བ་ལ་དགའ་བ་ལ་ཁྱེད་སུ་ཡིན། བདེ་ཆེན་བདག་གི་སྐལ་བཟངས་ལ་གས། །ཞེས་པའོ། །དེའི་མཇུག་ཐོགས་སུ། ཨོཾ་སརྦྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཞེས་པས་རྣལ་འབྱོར་གྱི་སེམས་བསྐྱེད་པར་བྱའོ། །དེ་ནས་ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡཐཱ་སུ་ཁཾ། ཞེས་བྱ་བ་འདིས་མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་གཞག་པར་བྱའོ། །དེ་ནས་སྔར་བཤད་པའི་ཡི་གེ་ལྔས་ཡོལ་བའི་ནང་དུ་བཅུག་ལ་འདི་སྐད་ཅེས་བརྗོད་པར་བྱས་ཏེ། དེང་ཁྱེད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེ་བས་ན་ངས་ཁྱོད་ལ་རྡོ་རྗེའི་སེམས་བསྐྱེད་པར་བྱས་ཏེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་འདི་དཀྱིལ་འཁོར་མ་མཐོང་བ་


DTG048_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་སྤྱི་བོར་རྡོ་རྗེ་བཞག་ལ་འདི་སྐད་ཅེས་བརྗོད་དེ། འདི་ནི་རྡོ་རྗེའི་དམ་ཚིག་སྟེ། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་སྤྱི་བོ་འགེམས། །དེ་ནས་སྙིང་གར་གཞག་ལ། དེ་རིང་རྡོ་རྗེ་སེམས་དཔའ་རང༌། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་པ་འདིས་མནའ་བྱེད་དུ་བཅུག་སྟེ། ཙནྡན་དང་གུར་ཀུམ་ལ་སོགས་པ་དང་བསྲེས་པའི་ཆུ་ལ། ཨོཾ་བཛྲ་ཨུ་ད་ཀ་ཋཿ་ཞེས་བྱ་བའི་སྔགས་ལན་བདུན་བཟླས་ཏེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག །ཅེས་བརྗོད་ཅིང་འཐུང་དུ་གཞུག་གོ །དེ་ནས་འདི་སྐད་ཅེས་བརྗོད་པར་བྱས་ཏེ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་པ་ཡིན་གྱིས། ངས་འདི་གྱིས་ཤིག་ཅེས་གང་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། ཁྱོད་ཡ་ད་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཏེ། རྡོ་རྗེ་སེམས་དཔའ་བདག་ལ་དབབ་དུ་གསོལ་ལ་ཞེས་བརྗོད་དུ་བཅུག་ནས། དེའི་སྤྱི་བོར་ཡི་གེ་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་ཡོངས་སུ་ཟླུམ་པོ་དཀར་པོ་བུམ་པས་མཚན་པ་དེར་ཧཿའོ། །སྙིང་གར་ལཾ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་པ་སེར་པོ་ཟུང་དུ་རྡོ་རྗེ་རྩེ་གསུམ་པས་མཚན་པ་དེ་ལ་ཧཱུཾ་ངོ༌། །ལྟེ་བར་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་པ་དམར་པོ་རྣོ་ཞིང་འབར་བ་དེ་ལ་ཨཿའོ། །རྐང་པའི་འོག་ཏུ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་མཐའ་མར་བ་དང་གྱིས་མཚན་པ། དེ་ལ་ཛྷཻཾ་དྲག་ཅིང་བཟོད་པར་དཀའ་བ། འབར་བའི་གཟུགས་ཅན་རླུང་གིས་བསྐྱོད་བཞིན་པར་བསམ་སྟེ། ཇི་སྲིད་མེའི་དཀྱིལ་འཁོར་གཞན་དང་མཉམ་པར་ཕྱིན་ནས། དེ་ཡང་དེས་བསྐྱོད་པས་ཤིན་ཏུ་དྲག་ཅིང་འབར་བས་དབང་ཆེན་གྱི་དཀྱིལ་


DTG048_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འབར་བར་གྱུར་ཏེ། དེ་ལས་ཆུའི་དཀྱིལ་འཁོར་ལས་བདུད་རྩིའི་ཚོགས་འབར་བས་ཚིམ་པར་གྱུར་པའི་སློབ་མ་རླུང་གིས་འདེགས་པ་དང༌། རང་ཉིད་བསྙེམས་པ་དང་བཅས་པའི་ཁྲོ་བོ་གཤིན་རྗེ་འཇོམས་བྱེད་ཀྱི་སྐུ་མི་བཟད་པ། ཕྱག་གཡས་ཀྱིས་རྡོ་རྗེ་གསོར་ཞིང་གཡོན་པས་དྲིལ་བུ་དཀྲོལ་བར་སྤོས་དབུལ་ཞིང་འབེབས་པའི་སྔགས་ཀྱེས་དབབ་པར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོམ་ཧྲཱིཿ་ཥྚྲྀཿ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨཱ་བེ་ཤ་ཡ་སྟཾ་བྷ་ཡ་ར་ར་རར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུཾ་ཧཿ་ཨཿ་ཛྷཻཾ་ཧཱུཾ་ཕཊ། ཅེས་བྱ་བ་འདིས་མྱུར་དུ་ཕེབས་སོ། །དེ་ནས་འདོད་ཆགས་གཤིན་རྗེ་གཤེད་ཀྱི་གཟུགས་སུ་སྐད་ཅིག་གིས་དམིགས་ལ་དེའི་ལྕེ་ལ་ཨཿ་དམར་པོ་བསྒོམས་ཏེ། ཏིཥྛ་བཛྲ་ཞེས་བརྗོད་ལ། མགོན་པོ་རྡོ་རྗེ་ཆོས་ཆེན་པོ། །སྣང་བ་མཐའ་ཡས་བདེ་བ་ཆེ། །སྨོས་ཤིག་འདོད་ཆགས་ཆོས་ཆེན་པོ། །དགེ་དང་མི་དགེ་ལེགས་པར་འདྲི། །ཞེས་པ་འདིས་དྲི་བར་བྱའོ། །དེ་ཡང་བབས་ན་གསུང་བབས་པས་དགེ་བ་དང་མི་དགེ་བ་སྨྲའོ། །ཐུགས་བབས་ན། འཇིག་རྟེན་གསུམ་དུ་གཏོགས་པ་ཤེས་སོ། །སྐུ་བབས་པས་ནམ་མཁའ་ལ་འཕར་རོ། །དེའི་ཚེ་དེའི་མགོ་བོའི་སྟེང་དུ་ལཾ་ལས་བྱུང་བ་དབང་ཆེན་གྱི་དཀྱིལ་འཁོར་སྣ་ཚོགས་རྡོ་རྗེས་མཚན་པས་དེ་མནན་པར་བསྒོམས་ན་མི་འགུལ་བར་འགྱུར་རོ། །དབབ་པའོ། །དེ་ནས་བཟུང་བའི་མེ་ཏོག་པྲ་ཏཱིཙྪ་བཛྲ་ཧོཿ་ཞེས་པས་འཁོར་ལོར་དོར་རོ། །ལྷ་གང་གི་མཚན་མའམ།

དཀྱིལ་འཁོར་དུ་གཞུག་པ།


DTG048_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བའི་ས་གཞི་ལས་ལྷུང་བ་དེའི་རིགས་སུ་དེ་བསྟན་པར་བྱའོ། །གནས་མཆོག་ལ་བབས་ན་དངོས་གྲུབ་མཆོག་གོ །གནས་དཀྱིལ་ལ་འབྲིང་ངོ༌། །གནས་ཐ་མ་ལ་ནི་ཐ་མའོ། །དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་ལྷུང་ན་དངོས་གྲུབ་མེད་དེ། གལ་ཏེ་དཀྱིལ་འཁོར་གྱི་ཕྱི་རོལ་དུ་ལྷུང་ན་དེའི་ཚེ་སླར་དོར་བར་བྱའོ། །ལན་གསུམ་བྱས་ནས་དེ་ཉིད་དུ་གལ་ཏེ་མ་ལྷུང་ན་དེའི་ཚེ་དབྱུང་བར་བྱའོ། །མེ་ཏོག་དོར་བའོ། །དེ་ནས་དོར་བའི་མེ་ཏོག་གི་ཕྲེང་བ་བླངས་ལ། དེའི་མགོ་ལ་བཅིང་བར་བྱས་ཏེ། པྲ་ཏི་གྲྀཧྞ་སྟྭཾ་ཨཾ་མཾ་སཏྭ་མ་ཧཱ་བ་ལ། ཞེས་བརྗོད་ཅིང་དེ་ནས། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང༌། ཁྱེད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེའི་


DTG048_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ནི་བླ་མེད་པ། །ཐམས་ཅད་མིག་ནི་འབྱེད་པར་མཛད། །ཅེས་བརྗོད་ཅིང་གདོང་གཡོགས་དགྲོལ་ལོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སོ་སོའི་མཚན་བརྗོད་པ་སྔོན་དུ་འགྲོ་བས་ཤར་གྱི་སྒོ་སྐྱོང་ནས་བརྩམས་ནས་གཙོ་བོའི་བར་དུ་བསྟན་པར་བྱའོ། །ཞེས་པ་ནི་དཀྱིལ་འཁོར་དུ་གཞུང་པའོ། །

སློབ་དཔོན་གྱི་དབང་།


DTG048_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས། སངས་རྒྱས་ཤེས་རབ་ཆེན་པོ་ཡིས། །རྡོ་རྗེ་སེམས་དཔའ་དབང་བསྐུར་ལྟར། །བདག་ཀྱང་མགོན་པོས་དབང་བསྐུར་ཞིང༌། །མཆོག་ཀྱང་བདག་ལ་སྩལ་དུ་གསོལ། །ཞེས་བྱ་བས་གསོལ་བ་བཏབ་པ་དང་ལྡན་པའི་སློབ་མ་ལ་རྡོ་རྗེ་ཙ་རྩི་ཀ་ལ་སོགས་པའི་བུམ་པ་བཟུང་བས་དབང་བསྐུར་བར་བསྒོམ་ཞིང༌། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་བྱུང་སྤྱིན་པར་བྱ། །ཞེས་བརྗོད་དེ་ལས་ཐམས་ཅད་པ་བཟླས་པའི་བུམ་པ་ནས་རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་ཆུ་བླངས་ལ། ཨོཾ་བཛྲ་ཨ་བྗོ་ཥིཉྩཱ་མི། ཞེས་བརྗོད་ཅིང་འཁོར་ལོས་སྒྱུར་བ་བཞིན་དུ་བཀྲ་ཤིས་ཀྱི་གླུ་སྔོན་དུ་འགྲོ་བས་དབང་བསྐུར་བར་བྱའོ། །འདི་ནི་ཆུའི་དབང་ངོ༌། །དེའི་མཇུག་ཐོགས་སུ་གསེར་དང་གོས་ལ་སོགས་པ་ལས་བྱས་པའི་ཅོད་པན་སྔར་བརྗོད་པའི་སྔགས་ཀྱིས་མགོ་བོ་ལ་བཞག་ནས་ནམ་མཁའི་དཀྱིལ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་བདག་པོའི་གཟུགས་ཀྱི་ཅོད་པན་ལ་བཞུགས་པར་བསྒོམ་པར་བྱའོ། །འདི་ནི་ཅོད་པན་གྱི་དབང་ངོ༌། །དེའི་རྗེས་ལ་རྡོ་རྗེ་གཟུང་སྟེ། སངས་རྒྱས་ཀུན་གྱི་རྡོ་རྗེ་ཡི། །དབང་གིས་དེ་རིང་ཁྱོད་དབང་བསྐུར། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་རབ་ཏུ་གྲུབ་ཕྱིར་ཟུང༌། །ཞེས་བརྗོད་དེ་རྡོ་རྗེས་སྙིང་ག་ལ་སོགས་པར་རེག་ལ་རྡོ་རྗེ་ལག་པ་གཡས་སུ་སྤྱིན་པར་བྱའོ། །འདི་ནི་རྡོ་རྗེའི་དབང་ངོ༌། །དེ་ནས་སློབ་མའི་ལག་པ་གཡོན་དུ་དྲིལ་བུ་བྱིན་ལ། རྡོ་རྗེ་དྲིལ་བུ་གཉིས་དང་ལྡན་པའི་ལག་པ་དག་འཁྱུད་པའི་ཚུལ་བྱེད་དུ་བཅུག་ལ། ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་བརྗོད་ལ་སྤྱིན་པར་བྱའོ། །དྲིལ་བུའི་དབང་བསྐུར་བ་ཉིད་ལ་བདག་པོའི་དབང་བསྐུར་བ་ཞེས་


DTG048_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་སོ། །དེ་ནས་རྡོ་རྗེ་དང་དྲིལ་བུ་མགོ་བོར་བཟུང་ལ། ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མ། ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་སྟྭཾ། ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་པ་ལ་སོགས་པ་རིགས་དང་རྗེས་སུ་མཐུན་པའི་མིང་གདགས་སོ། །དབང་བསྐུར་འདི་དག་བྱ་བ་དང༌། །སྤྱོད་པའི་རྒྱུད་བཤད་པ་དང༌། སྔགས་སྒྲུབ་པ་ལ་དབང་བར་འགྱུར་རོ། །དབང་ལྔ་པོ་འདི་ཉིད་ཅོད་པན་གྱི་དབང་སྟེ། ཐམས་ཅད་དུ་ཙ་རྩི་ཀ་ལ་སོགས་པ་རྣམས་ཅོད་པན་ལ་དབང་གི་ཚུལ་དུ་བྱ་བའི་ཕྱིར་རོ། །དེ་ནས་ཅོད་པན་གྱི་དབང་ལ་སོགས་པ་བཟུང་ཞིང་སློབ་དཔོན་གྱི་སྡོམ་པ་གཟུང་བའི་སློབ་མས། གང་གིས་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་འགྱུར་བ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང༌། །སྙིང་བརྩེའི་གཏེར་གྱི་བདག་ལ་སྩོལ། །ཞེས་པས་གསོལ་བ་བཏབ་པ་དང༌། ལྡན་པའི་སློབ་མ་དཀྱིལ་འཁོར་གྱི་དྲུང་དུ། རྡུལ་ཚོན་དཀར་པོའི་པདྨ་འདབ་བརྒྱད་བྱས་པའི་སྟེང་དུ་ཤིང་སྟན་ལ་བཞག་པ་རྡོ་རྗེ་ཙརྩི་ཀ་ལ་སོགས་པ་རྣམས་ཀྱིས་སྔ་མ་བཞིན་དུ་དབང་བསྐུར་ཏེ། དམ་ཚིག་གསུམ་འཛིན་དུ་བཅུག་ནས་སོ། །དེ་ལ་དམ་ཚིག་གསུམ་ནི་འདི་ཡིན་ཏེ། རྡོ་རྗེ་ཡི་གེ་ཧཱུཾ་ལས་རྡོ་རྗེར་བསྒོམས་ལ། ཁམས་གསུམ་པ་ཡི་རལ་གྲི་ཆེ། །སངས་རྒྱས་ཀུན་གྱིས་ཕྱག་བྱས་ལ། །ལས་ཀྱི་རལ་གྲི་མཆོག་ལྟ་བུ། །བདུད་ལས་རྒྱལ་བར་བྱ་ཕྱིར་ཟུང༌། །ཞེས་པས་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་དུ་གཞུག་གོ་ཞེས་པས། རྡོ་རྗེའི་དམ་ཚིག་གོ །དེ་ནས་ཡི་གེ་ཨ་ལས་སྐྱེས་པའི་དྲིལ་བུ། ཤེས་རབ་ཐབས་ཀྱི་རང་བཞིན་ཁྱོད། །རྡོ་རྗེ་དྲིལ་བུ་རབ་གྲུབ་ཕྱིར། །བུ་ཡིས་ཡང་དག་གུས་པས་ཟུང༌། །ཁྱོད་ཀྱིས་སློབ་མ་བསྡུ་བར་གྱིས། །ཞེས་པ་འདིས་དེའི་ལག་པར་བྱིན་ནོ། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་མཆོག་སེམས་དཔའ་ཡི། །དམ་པའི་སྲིད་པ་བྱེད་པར་འགྱུར། །ཞེས་པ་འདིས་དེ་དག་ཀྱང་དགྲོལ་བར་བྱའོ་ཞེས་བྱ་བ། འདི་ནི་དྲིལ་བུའི་དམ་ཚིག་གོ །དེའི་མཇུག་ཐོགས་སུ། ཡིད་ཀྱིས་ལུས་བརྟན་དེ་ཉིད་ཀྱིས། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བཤད། །གང་གིས་ལུས་ནི་ཐམས་ཅད་བརྟེན། །དེ་ནས་ཕྱག་རྒྱ་


DTG048_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བསྒྲགས། །འདི་ཡིས་རང་གིས་འདོད་པའི་ལྷའི་བདག་ཉིད་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་བོ་ཞེས་བྱ་བ་ཕྱག་རྒྱ་ཆེན་པོའི་དམ་ཚིག་གོ །དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང༌། ལྷའི་དེ་ཁོ་ན་ཉིད་དང་སློབ་དཔོན་གྱི་ལས་དང༌། དཀྱིལ་འཁོར་བསྒྲུབ་པ་དང༌། སློབ་མ་འཇུག་པའི་བྱ་བ་དག་བསྟན་པར་བྱའོ། །དེ་ལ་སངས་རྒྱས་དང་སངས་རྒྱས་མ་ཡིན་པ་དག་དེ་ཁོ་ན་ཉིད་དུ་མི་མཉམ་པ་མེད་པས་གྲུ་བཞིའོ། །ལུས་དང་ཚོར་བ་དང༌། སེམས་དང་ཆོས་རྣམས་གཅིག་དང་དུ་མ་ལ་སོགས་པ་དང་བྲལ་བས། གཟུགས་བརྙན་དང་མཚུངས་པ་ཉིད་ཀྱིས་དད་པ་དེའི་རྣམ་པར་དག་པ་ནི་ཤར་གྱི་སྒོའོ། །མི་དགེ་བའི་ཆོས་སྐྱེས་པ་དང་མ་སྐྱེས་པ་དང༌། སྤོང་བ་དང་མི་བསྐྱེད་པ་དང༌། དེ་བཞིན་དུ་དགེ་བའི་ཆོས་སྐྱེས་པ་དང༌། མ་སྐྱེས་པ་དག་གནས་དང་བསྐྱེད་པའི་ཕྱིར་རྩོམ་པ་དང༌། ལས་དང་སོ་སོར་རྟོགས་པ་དང། བདག་ཉིད་དབང་དུ་བྱ་བ་སྟེ། བརྩོན་འགྲུས་བཞི་རྣམ་པར་དག་པ་ལྷོའི་སྒོའོ། །འདུན་པ་དང་བརྩོན་འགྲུས་དང༌། སེམས་དང་དཔྱོད་པ་སྟེ། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་དྲན་པ་གང་ཡིན། དེའི་རྣམ་པར་དག་པས་ནུབ་ཀྱི་སྒོའོ། །དད་པ་དང་བརྩོན་འགྲུས་དང༌། དྲན་པ་དང་ཏིང་ངེ་འཛིན་དང༌། ཤེས་རབ་སྟེ་དབང་པོ་ལྔ་རྣམས་ལ་གང་བསམ་གཏན་པ་དེའི་རྣམ་པར་དག་པས་བྱང་སྒོའོ། །རྟོག་པ་དང་དཔྱོད་པ་དང༌། དགའ་བ་དང་བདེ་བ་དང༌། སེམས་རྩེ་གཅིག་པ་ཉིད་ཅེས་བྱ་བས་བསམ་གཏན་དང་པོའི་ཡན་ལག་ལྔ་དང༌། རྟོག་པ་དང་དཔྱོད་པ་སྤངས་པའི་བསམ་གཏན་གཉིས་པ་དང༌། དགའ་བ་ཡང་སྤངས་ཤིང་བཏང་སྙོམས་དང་དྲན་པ་ཡང་དག་པར་ལྡན་པའི་བསམ་གཏན་གསུམ་པ་དང༌། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པས་སྡུག་བསྔལ་ཡང་མ་ཡིན། ཚོར་བ་བདེ་བ་ཡང་མ་ཡིན་པའི་བསམ་གཏན་བཞི་པ་སྟེ། འདི་རྣམས་ཀྱི་རྣམ་པར་དག་པས་རྟ་བབས་བཞིའོ། །དཔའ་བར་འགྲོ་བ་དང་ནམ་མཁའ་མཛོད་དང༌། དྲི་མ་མེད་པ་དང༌། སེང་གེ་རྣམ་པར་རྩེ་བའི་ཏིང་ངེ་འཛིན་བཞི་རྣམ་པར་དག་པས་སྟེགས་བུ་བཞིའོ། །དོན་དང་ཚིག་དང་ངེས་པའི་ཚིག་དང༌། སྤོབས་པ་སྟེ།


DTG048_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བཞི་རྣམ་པར་དག་པས་སྟེགས་བུ་ལ་གནས་པའི་ལྷ་མོའི་ཚོགས་སོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་རྒྱན་ཐམས་ཅད་ཀྱིས་རྣམ་པར་སྤྲས་པའོ། །མདོ་དང་དབྱངས་ཀྱིས་བསྙད་པ་དང༌། ལུང་བསྟན་པ་དང༌། ཚིགས་སུ་བཅད་པ་དང༌། ཆེད་དུ་བརྗོད་པ་དང༌། གླེང་གཞི་དང༌། སྐྱེས་པའི་རབས་དང༌། ཤིན་ཏུ་རྒྱས་པ་དང༌། རྨད་དུ་བྱུང་བའི་མཚན་ཉིད་ཅན་གསུང་རབ་ཡན་ལག་དགུའི་རྣམ་པར་དག་པ་དང༌། གདུལ་བྱའི་སྐྱེ་བོ་རྣམས་ལ་བསྟན་པའི་ཚུལ་ཉིད་ཀྱིས་རླུང་གིས་བསྐྱོད་པའི་བ་དན་དང༌། དྲིལ་བུ་གཡེར་ཁའི་སྒྲ་དང་ལྡན་པའོ། །དྲན་པ་དང་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང༌། བརྩོན་འགྲུས་དང་དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་བཏང་སྙོམས་ཞེས་བྱ་བ་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་དག་པས། དྲ་བ་དང་དྲ་བ་ཕྱེད་པ་དང༌། མེ་ལོང་དང༌། མེ་ཏོག་ཕྲེང་བ་དང༌། རྣམ་པར་བཀྲ་བ་དང། རྔ་ཡབ་འབར་བའོ། །ནང་གཟུགས་སུ་འདུ་ཤེས་ཤིང་ཕྱི་རོལ་གྱི་གཟུགས་རྣམས་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང་སྨོན་པ་མེད་པའི་རྣམ་པར་ལྟ་བ་ཞེས་བྱ་བའི་རྣམ་པར་ཐར་པ་དང་པོ་དག་ཕྱི་རོལ་གྱི་གཟུགས་མེད་པར་འདུ་ཤེས་ཤིང་ནང་གི་གཟུགས་རྣམས་ལ་དེ་བཞིན་དུ་ལྟ་བའི་རྣམ་པར་ཐར་པ་གཉིས་པ་དང༌། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སུ་འདུ་ཤེས་པས་གཟུགས་རྣམས་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་སོ་ཞེས་བྱ་བ་གསུམ་པ་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་བཞི་དང༌། རྣམ་ཤེས་མཐའ་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལྔ་པ་དང༌། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དྲུག་པ་དང༌། འདུ་ཤེས་མེད་འདུ་ཤེས་མིན་གྱི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་བདུན་པ་དང༌། འགོག་པ་ལ་སྙོམས་པར་འཇུག་པ་བརྒྱད་པ་སྟེ། རྣམ་པར་ཐར་པ་བརྒྱད་ཀྱི་རྣམ་པར་དག་པས་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཟུར་བཞི་དང་ལོགས་རྣམས་སོ། །རྡོ་རྗེ་ཐེག་པའི་ཚུལ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར། སྣ་ཚོགས་རྡོ་རྗེའི་ལྟེ་བའི་སྟེང་གཡོགས་ཀྱི་རིམ་པ་དང༌། ཡང་དག་པར་འབྲེལ་པའི་རྡོ་རྗེའི་ཐིག་


DTG048_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཉམ་པར་ལྡན་པའོ། །རིགས་ཀྱི་དབྱེ་བས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་འབྱེད་པའི་སྣ་ཚོགས་རྡོ་རྗེའི་རྩེ་མོ་ཉི་ཤུའོ། །རྟེན་དང་བརྟེན་པའི་དབྱེ་བས་ཁ་དོག་ལྔ་པའི་རྩིག་པ་དང་ཐོག་གོ །གོས་པ་མེད་པའི་ཆོས་གཅིག་དང༌། །བུ་མ་སྟོང་པ་ཉིད་ཀྱིས་ཇི་ལྟར་རིགས་པའི་ལྷའི་གནས་རྣམས་སུ་སྣ་ཚོགས་འདབ་མའི་པདྨའི་གདན་ནོ། །བྱང་ཆུབ་ཀྱི་སེམས་སྨིན་པར་བྱེད་པ་ཉིད་ཀྱིས་ཉི་མའི་གདན་དང་ལྡན་པ་ཉིད་དོ། །བྱང་ཆུབ་ཀྱི་མྱུ་གུ་འཕེལ་བར་བྱེད་པ་ཉིད་ཀྱིས་ཟླ་བའི་གདན་དང་ལྡན་པའོ། །སྙིང་རྗེའི་བདུད་རྩིས་ཡོངས་སུ་གང་བས་བུམ་པ་བརྒྱད་དོ། །ཆོས་ཀྱི་སྣང་བས་མར་མེའོ། །གྲགས་པས་དྲི་བཟང་པོའོ། །ཆོས་ཀྱི་ཟས་ནི་ཞལ་ཟས་ཏེ་འདི་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དོ། །ལྷའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དེ་བརྗོད་པར་བྱ་སྟེ། དེ་ལ་རྣམ་པར་ཤེས་པའི་ཕུང་པོ་དང༌། ཞེ་སྡང་ཆེན་པོ་དང་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པ་ནི་བཅོམ་ལྡན་འདས་སོ། །ཆགས་པ་ཅན་གྱི་སེམས་ཅན་རྣམས་འདུ་བས་སྐུ་མདོག་དམར་པོའོ། །བརྟགས་པའི་ཡོངས་སུ་མྱ་ངན་ལས་འདས་པའི་གཤིན་རྗེ་མཐར་བྱེད་པའི་ཕྱིར་གཤིན་རྗེ་གཤེད་དོ། །ཤིན་ཏུ་གདུག་ཅིང་གཏུམ་པ་རྣམས་ལ་ཞི་བ་ཉིད་རིགས་པ་མ་ཡིན་ནོ་ཞེས་ཁྲོ་བོ་ཆེན་པོའོ། །རྣམ་པར་ཐར་པའི་སྒོ་གསུམ་རྣམ་པར་དག་པས་སྤྱན་གསུམ་མོ། །ཤེས་རབ་དང་ཐབས་གཉིས་སུ་མེད་པའི་གཉུག་མའི་ངོ་བོའི་ཕྱིར་ཕྱག་གཉིས་པའོ། །གདུག་པ་ཅན་རྣམས་འདུལ་བའི་ཕྱིར་ཕྱག་གཡས་ན་དབྱུག་པའོ། །བདེ་བ་བསྲུང་བའི་ཕྱིར་གཡོན་ན་ཐོད་པའོ། །ཞེ་སྡང་གི་ཆར་གཏོགས་པའི་ཉེ་བའི་ཉོན་མོངས་པ་འཇིགས་པས་སྤྲུལ་གྱི་རྒྱན་ནོ། །ཚོགས་གཉིས་ཡོངས་སུ་རྫོགས་པའི་ཕྱིར། །རང་སྣང་གི་ཤེས་རབ་ལ་འཁྱུད་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས་སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་མཛད་པའི་བསམ་པ་ཉིད་ཀྱིས་བླ་ན་མེད་པའི་ལྷན་ཅིག་སྐྱེས་པའི་ངོ་བོས་ཆོས་ཀྱི་སྐུ་ཡིན་ཡང༌། ལོངས་སྤྱོད་རྫོགས་པའི་དང༌། སྤྲུལ་པ་གཉིས་སུ་མེད་པའི་སྐུའི་རྣམ་པའོ། །གཟུགས་ཀྱི་ཕུང་པོ་དང་


DTG048_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

གཏི་མུག་ཆེན་པོ་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་རྣམ་པར་དག་པ་ནི། བཅོམ་ལྡན་འདས་གཏི་མུག་གཤིན་རྗེ་གཤེད་དོ། །གཞན་ནི་སྔ་མ་བཞིན་ཏེ། གཏི་མུག་གི་ཆར་གཏོགས་པའི་ཉེ་བའི་ཉོན་མོངས་པའི་རྒྱན་ནོ། །ཚོར་བའི་ཕུང་པོ་དང༌། ཕྲ་མ་ཆེན་པོ་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་དག་པ་ནི་བཅོམ་ལྡན་འདས་ཕྲ་མ་གཤིན་རྗེ་གཤེད་དོ། །གཞན་ནི་ཐམས་ཅད་དུ་སྔར་བཞིན་ཏེ་ང་རྒྱལ་གྱི་ཆར་གཏོགས་པའི་ཉེ་བའི་ཉོན་མོངས་པའི་རྒྱན་ནོ། །འདུ་ཤེས་ཀྱི་ཕུང་པོ་དང་འདོད་ཆགས་ཆེན་པོ་དང་སོ་སོར་རྟོག་པའི་ཡེ་ཤེས་རྣམ་པར་དག་པ་ནི་བཅོམ་ལྡན་འདས་འདོད་ཆགས་གཤིན་རྗེ་གཤེད་དོ། །འདོད་ཆགས་ཀྱི་ཆར་གཏོགས་པའི་ཉེ་བའི་ཉོན་མོངས་པའི་རྒྱན་ནོ། །འདུ་བྱེད་ཀྱི་ཕུང་པོ་དང༌། ཕྲག་དོག་ཆེན་པོ་དང༌། བྱ་བ་རྗེས་སུ་གྲུབ་པའི་ཡེ་ཤེས་རྣམ་པར་དག་པ་ནི་བཅོམ་ལྡན་འདས་ཕྲག་དོག་གཤིན་རྗེ་གཤེད་དོ། །ཕྲག་དོག་གི་ཆར་གཏོགས་པའི་ཉེ་བའི་ཉོན་མོངས་པའི་རྒྱན་ནོ། །འཇིག་ཚོགས་ལ་ལྟ་བ་དང་ཤེས་བྱའི་སྒྲིབ་པ་དང༌། ཕུང་པོའི་བདུད་མི་མཐུན་པའི་ཕྱོགས་དང༌། དད་པའི་སྟོབས་རྣམ་པར་དག་པ་ནི། བཅོམ་ལྡན་འདས་ཐོབ་གཤིན་རྗེ་གཤེད་དོ། །མི་མཐུན་པའི་ཕྱོགས་དང་རྗེས་སུ་མཐུན་པའི་ཉེ་བའི་ཉོན་མོངས་པའི་རྒྱན་ནོ། །མཐར་འཛིན་པར་ལྟ་བ་དང༌། འདོད་པའི་སྒྲིབ་པ་དང༌། ཉོན་མོངས་པའི་བདུད་མི་མཐུན་པའི་ཕྱོགས་དང༌། བརྩོན་འགྲུས་ཀྱི་སྟོབས་རྣམ་པར་དག་པ་ནི་བཅོམ་ལྡན་འདས་དབྱུག་པ་གཤིན་རྗེ་གཤེད་དོ། །མི་མཐུན་པའི་ཕྱོགས་དང་རྗེས་སུ་མཐུན་པའི་ཉེ་བའི་ཉོན་མོངས་པའི་རྒྱན་ནོ། །ལོག་པར་ལྟ་བ་དང་སྐྱེ་བའི་སྒྲིབ་པ་དང༌། འཆི་བའི་བདུད་མི་མཐུན་པའི་ཕྱོགས་དང་དྲན་པའི་སྟོབས་རྣམ་པར་དག་པ་ན་བཅོམ་ལྡན་འདས་པདྨ་གཤིན་རྗེ་གཤེད་དོ། །མི་མཐུན་པའི་ཕྱོགས་དང་རྗེས་སུ་མཐུན་པའི་ཉེ་བའི་ཉོན་མོངས་པའི་རྒྱན་ནོ། །ལྟ་བ་མཆོག་ཏུ་འཛིན་པ་དང༌། །ལས་ཀྱི་སྒྲིབ་པ་དང༌། རྣམ་པར་གཡེང་བའི་ལྷའི་བུའི་བདུད་མི་མཐུན་པའི་ཕྱོགས་དང༌། །ཏིང་ངེ་འཛིན་གྱི་སྟོབས་རྣམ་པར་དག་པ་ནི། བཅོམ་ལྡན་འདས་རལ་གྲི་གཤིན་རྗེ་གཤེད་དོ། རང་གི་མི་མཐུན་པའི་ཕྱོགས་ཀྱི་ཆར་


DTG048_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་པའི་ཉོན་མོངས་པའི་རྒྱན་ནོ།། །།སའི་ཁམས་དང༌། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བྱམས་པ་ཆེན་པོའི་རང་བཞིན་རྡོ་རྗེ་ཙརྩི་ཀའོ། །ཆུའི་ཁམས་དང༌། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྙིང་རྗེ་ཆེན་པོའི་རང་བཞིན་རྡོ་རྗེ་ཕག་མའོ། མེའི་ཁམས་དང༌། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། དགའ་བའི་རང་བཞིན་རྡོ་རྗེ་དབྱངས་ཅན་མའོ། །རླུང་གི་ཁམས་དང༌། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཏང་སྙོམས་ཆེན་པོའི་རང་བཞིན་རྡོ་རྗེ་གཽ་རཱིའོ། །ཕྱིའི་གཟུགས་ལ་སོགས་པ་དྲུག་རྣམ་པར་དག་པས་ཐོད་པ་བཞི་པོའོ། །དྲི་ནི་གཟུགས་སུ་འདུས། ཆོས་ཀྱི་དབྱིངས་ནི་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་བཅུའི་དག་པས་ཇི་ལྟར་རིག་པར་ས་བཅུ་རྣམས་རྟོགས་པར་བྱའོ། །སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པའི་ཡོན་ཏན་རྣམས་འདི་ཉིད་དུ། མི་མཐུན་པའི་ཕྱོགས་འཇོམས་པར་འགྱུར་རོ་ཞེས་བྱ་བ་ནི། གཞུང་མངས་པའི་འཇིགས་པས་མ་བྲིས་སོ་ཞེས་བྱ་བ་ནི། ལྷའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དོ། །སློབ་དཔོན་གྱི་ལས་བསྲུང་བའི་དམ་ཚིག་དང༌། བཟའ་བའི་དམ་ཚིག་དང༌། གཏོར་མའི་ཆོ་ག་དང༌། བསྲུང་བ་དང༌། ཕྱིར་བཟློག་དག་གཞན་དུ་ཤེས་པར་བྱའོ། །དཀྱིལ་འཁོར་སྒྲུབ་པ་དང༌། སློབ་དཔོན་འཇུག་པའི་མཚན་ཉིད་ནི་བཤད་ཟིན་ཏོ། །ད་ནི་རྗེས་ལ་སློབ་མ་གཤིན་རྗེ་འཇོམས་བྱེད་ཀྱི་གཟུགས་སུ་དམིགས་ལ་རྗེས་སུ་གནང་བ་སྤྱིན་པར་བྱ་སྟེ། སེམས་ཅན་ཀུན་ལ་ཕན་དོན་ཕྱིར། །འཇིག་རྟེན་ཀུན་དུ་ཐམས་ཅད་ནས། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཆོས་ཀྱི་གནས་སུ་རྡོ་རྗེ་དང༌། རིན་ཆེན་དང༌། པདྨ་དང༌། ལས་ཀྱི་སྒྲ་བཅུག་ལ་ཚིགས་སུ་བཅད་ལྔས་རིམ་པ་བཞིན་དུའོ་ཞེས་བྱ་བ་རྗེས་སུ་གནང་བ་སྤྱིན་པའོ། །དེ་ནས། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང༌། །ཞེས་པ་འདིས་རྡོ་རྗེ་སྤྱིན་ཞིང་སློབ་མས། ཨོཾ་སརྦ་ཏ་ཐཱ་ག་ཏཱ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡཱ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ་ཞེས་བརྗོད་


DTG048_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་རྡོ་རྗེའི་བརྟུལ་ཞུགས་གཟུང་བར་བྱའོ་ཞེས་བྱ་བ་རྡོ་རྗེའི་བརྟུལ་ཞུགས་སོ། །དེ་ནས་བདག་ཉིད་སངས་རྒྱས་ཀྱི་གཟུགས་སུ་བསྒོམས་ལ་གཡོན་པའི་ཁུ་ཚུར་གྱིས་སྙིང་གར་ཆོས་གོས་ཀྱི་གྲྭ་ནས་འཛིན་པའི་ཚུལ་དང༌། གཡས་མཆོག་སྤྱིན་པས། ཨོཾ་འདིར་ནི་ངས་ཁྱོད་ལུང་བསྟན་བྱ། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པའི་ངན་འགྲོ་ལས་བཏོན་ནས། །སྲིད་པ་མཆོག་ཏུ་གྲུབ་བྱའི་ཕྱིར། །ཀྱེ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི། ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾ། བྷུར་བྷུ་བ་སྭཿ་ཞེས་བྱ་བས་ལུང་བསྟན་ནས། གང་འདི་དག་ལས་བྱུང་བའི་ཕྱག་རྒྱས་ལུང་སྟོན་པར་བྱེད་པ་དེ་ལ། དེ་བཞིན་གཤེགས་པ་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དོ། །འདི་ཉིད་ལས་བྱུང་བའི་ཕྱག་རྒྱའི་མཐུ་དང་སྔགས་འདི་ཡི་སྟོབས་ཀྱིས་སོ་ཞེས་དད་པར་བྱའོ་ཞེས་སློབ་མ་ལ་བརྗོད་པའི་བྱ་བའོ། །འདི་ནི་ལུང་སྟོན་པའོ། །དེ་ནས་གསང་བ་བརྗོད་པར་བྱའོ། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དོ། །དེ་ལ་འདོད་པ་ཆགས་བྲལ་ཉིད། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །མ་ཧཱ་ས་མ་ཡ་ཧ་ན་ཧཱུཾ་ཕཊ། གསང་བ་བརྗོད་པའོ། །དེ་ནས་མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་ཞིང་ཞུགས་པ་ཡིས། །སྡིག་པ་ཀུན་ལས་ངེས་པར་གྲོལ། །དི་རིང་ཁྱེད་རྣམས་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ཡིས་ནི། །ཕྱིན་ཆད་འཆི་བ་ཁྱེད་ལ་མེད། །སྲིད་པ་ཤིན་ཏུ་གྲུབ་བྱའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །རྡོ་རྗེའི་ཕྱག་རྒྱ་གང་ཡིན་པས། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །བྱང་ཆུབ་སེམས་ནི་གཏང་མི་བྱ། །དམ་པའི་ཆོས་ནི་སུན་མི་དབྱུང༌། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །དེ་ཡང་ངེས་པར་བསྟན་མི་བྱ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་རྣམས། །ནམ་ཡང་དོར་བར་མི་བྱའོ། །སློབ་དཔོན་སྨོད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །རང་གི་བདག་ཉིད་དོར་ནས་ནི། །དཀའ་ཐུབ་ཀྱིས་ནི་མི་གདུང་


DTG048_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། །ཅི་བདེ་བར་ནི་བདེ་བར་གཟུང༌། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །ད་ནི་ཁྱོད་ཉིད་དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀྱང་ནི་མཐུན་པར་དགོངས། །སེམས་ཅན་རྣམས་ལ་སེམས་བརྩེ་བས། །ཁྱོད་ཀྱི་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །འདི་ན་དབུགས་དབྱུང་སྤྱིན་པའོ། །རྗེས་སུ་གནང་བ་ལ་སོགས་པ་ལྔ་པོ་འདི་དག་ནི་དབང་ལྔ་པའི་རྗེས་ལའམ། དབང་བཞི་པའི་རྗེས་ལ་ཡང་སྤྱིན་པར་བྱ་ཞིང་སློབ་དཔོན་གྱི་དབང་ཉིད་ལ་ཕྱིར་མི་ལྡོག་པའི་དབང་ཞེས་བརྗོད་དོ། །འདི་ནི་སློབ་དཔོན་གྱིས་དབང་ངོ༌། །

གསང་བའི་དབང་།


DTG048_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ཡོལ་བ་ལ་སོགས་པ་སྐྱེ་བོས་དབེན་པར་བྱས་པའི་ས་ཕྱོགས་སུ། །སློབ་མས་རང་གི་ཡིད་དུ་འོང་བའི་གཟུགས་ལ་སོགས་པའི་ཡོན་ཏན་དང་ལྡན་པ། དམ་ཚིག་དང༌། སྡོམ་པ་དང༌། རྣལ་འབྱོར་བཞི་ལ་མཁས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱས་ལ། གསང་བའི་དབང་གི་དོན་དུ་བླ་མ་ལ་དབུལ་བར་བྱའོ། །དེ་ནས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་བྱ་བའམ། གཞན་གྱིས་གསོལ་བ་གདབ་པར་བྱའོ། །དེ་ནས་བླ་མས་ཀྱང་རྣལ་འབྱོར་བཞི་མངོན་དུ་བྱེད་ཅིང་ཆོས་ཉིད་ཀྱི་མཚོ་སྐྱེས་ཀྱི་ནང་དུ་བསྐྱོད་པའི་རྡོ་རྗེའི་ནང་དུ་བསྐྱེད་པའི་རང་རིག་པ་བརྟན་པ། སྲིན་ལག་དང་མཐེ་བོང་དག་གིས་བཙིར་ཏེ་དེ་ལས་བཏོན་ནས། བཏུང་བ་རིན་ཆེན་འདི་དེ་ནི། །ལུས་ཀྱི་རྡོ་རྗེ་རབ་གསལ་བྱེད། །བུ་ཁྱོད་རྟག་ཏུ་ཤེས་ནས་སྐྱེ། །ཡིད་ལས་བྱུང་བའི་ཆུ་འཐུང་མཛོད། །ཅེས་པ་འདིས་བདུད་རྩི་སློབ་མའི་ཁར་གཞག་པར་བྱའོ། །དེས། ཨ་ཧོ་མ་ཧཱ་སུ་ཁ་ཞེས་བརྗོད་ཅིང་བླངས་ནས་མྱངས་ལ་མགྲིན་པར་མིད་དོ། །དེ་ནས་ཡང་ལངས་ལ་རང་གི་པདྨའི་ལྷག་མ་དེ་ཉིད་དུ་སྤྱིན་པར་བྱའོ། །འདི་ནི་གསང་བའི་དབང་ངོ༌། །

ཤེས་རབ་ཡེ་ཤེས་ཀྱི་དབང་།


DTG048_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་མཇུག་ཐོགས་སུ་དེ་ཉིད་དམ་གཞན་ཡང་རུང་སྟེ། རང་ཡང་དག་པར་རིག་པ་ཙམ་གྱིས་ཡེ་ཤེས་མངོན་དུ་བྱ་བའི་ཕྱིར། སྔར་


DTG048_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཚིགས་བཅད་ཀྱིས་གསོལ་བ་བཏབ་པ་དང་ལྡན་པའི་སློབ་མ་དེའི་ལག་པར་གཏད་ལ། གཟུགས་མ་ཡིང་འོང་འདི་དེ་ནི། །བསྟེན་བྱས་སངས་རྒྱས་རྣམས་ཀྱིས་བརྟགས། །རྡོ་རྗེ་རྗེས་ཆགས་སྦྱོར་བ་ཡིས། །བདེ་བ་དམ་པ་མྱོང་བར་གྱིས། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་གསུམ་འདི་ཡང་དག་པ་ཡིན། །དེ་ལས་འཁོར་བར་སྦྱོར་བྲལ་ནི། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་མའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད་ལ་སྤྱིན་པར་བྱའོ། །དེ་ཡང་ཙནྡན་དང་གུར་ཀུམ་ལ་སོགས་པས་བྱུགས་ཤིང༌། ཤིན་ཏུ་དྲི་ཞིམ་པོའི་མེ་ཏོག་གི་ཕྲེང་བས་བརྒྱན་ཏེ། གོས་མེད་པར་པདྨ་རབ་ཏུ་རྒྱས་པ་གསལ་བར་སྟོན་ཅིང་སློབ་མ་ལ་འདི་སྐད་ཅེས་བརྗོད་དེ། དྲི་ཆེན་དྲི་ཆུ་བཟའ་བ་དང༌། །ཁྲག་དང་ཁུ་བ་དེ་བཞིན་ཤ །བུད་མེད་གུས་མཆོད་དེ་བཞིན་དུ། །བྷ་ག་པདྨར་ཙུམྦ་ནཾ། །བུ་ཁྱོད་སྤྲོ་བ་ཡིན་ནམ་ཅི། །ཇི་ལྟར་བདེ་བར་བུས་སྨོས་ཤིག །ཅེས་སོ། །དེས་ཀྱང༌། དྲི་ཆེན་དྲི་ཆུ་སོགས་ཟ་བ། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །བུད་མེད་རྣམས་ལ་རྟག་གུས་བྱ། །བྷ་ག་ཉིད་ལ་ཙུམྦ་ནཾ། །ཞེས་བརྗོད་པར་བྱའོ། །དེ་ནས་དེས། ཨེ་མ་བདག་གི་པདྨོ་ནི། །བདེ་བ་ཀུན་དང་ཡང་དག་ལྡན། །གང་ཞིག་ཆོ་གས་རྟེན་བྱེད་པ། །དེ་ཡི་མདུན་དུ་བདག་གནས་སོ། །སངས་རྒྱས་མཉེས་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བྷཉྫ་མོ་ཀྵ་ཧོཿ་ཞེས་བརྗོད་དོ། །དེས་ཀྱང་བླ་མའི་མན་ངག་གིས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་གཟུགས་ཀྱི་རྩ་ཉེ་བར་དམིགས་ལ། བྱེད་པའི་བྱེ་བྲག་བསྟན་པས། རྣལ་འབྱོར་པ་ཡིས་ཇི་སྲིད་དུ། །བྱང་སེམས་འབྱིན་པར་མི་བྱེད་པ། །དེ་སྲིད་ཐོབ་འགྱུར་རྒྱུན་མི་འཆད། །དགའ་བ་ལས་སྐྱེས་དེ་གཞན་ཅི། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པའི། །བྱང་ཆུབ་སེམས་ནི་ལྷུང་གྱུར་ན། །ཕུང་པོ་རྣམ་ཤེས་བརྒྱལ་བ་ལ། །མ་སྨོད་དངོས་གྲུབ་ག་ལ་ཡོད། །མཁའ་ཁམས་རྡོ་རྗེའི་ཀུན་སྦྱོར་དང༌། །རེག་བྱས་ཀྱང་ནི་རྨད་བྱུང་ཆེའི། །བདེ་བ་


DTG048_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་པར་བྱེད་པ་གང༌། །དེ་ནི་མཆོག་དགའ་བྱེད་པའོ། །དགའ་བྲལ་དག་གི་དབུས་སུ་ནི། །མཚོན་པ་ལྟོས་ལ་བརྟན་པར་གྱིས། །པདྨའི་ནམ་མཁར་རྡོ་རྗེ་ཡིས། །ལྟེ་བས་གནས་པའི་གནས་དག་ཏུ། །རྡོ་རྗེ་སྐྱིལ་ཀྲུང་བདག་གི་སེམས། །ནོར་བུའི་ནང་དུ་སོན་བལྟ་ཞིང༌། །ཡེ་ཤེས་སྐྱེ་བ་གང་ཡིན་ཏེ། །ཡེ་ཤེས་ངོ་བོ་ཞེས་པས་བརྒྱན། །ཆགས་པ་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་པ་མ་ཡིན་ནོ། །གང་ཚེ་རྣལ་འབྱོར་ཡེ་ཤེས་མཐོང༌། །བདེ་ལ་གནས་བྱ་འགྱུར་མི་བྱ། །ཐུན་ནམ་ཡང་ན་ཉིན་གཅིག་གམ། །ཟླ་ཕྱེད་ཟླ་བ་ལོ་དང་ནི། །བསྐལ་བ་བསྐལ་པ་སྟོང་དུ་ཡང༌། །ཡེ་ཤེས་མངོན་སྦྱོར་གྱིས་གནས་བྱ། །ཞེས་རྟོགས་པར་བྱས་ལ། ཇི་ལྟར་ནུས་པས་ཡང་དག་པར་བཟུང་སྟེ་ཕྱུང་བ་རོ་མ་ཁོ་ནས་ཆུ་སྐྱེས་ནས་བླངས་ལ་དེ་ཁོ་ན་ཉིད་ཀྱི་ལྟ་བས་བྱང་ཆུབ་ཀྱི་སེམས་དམ་ཚིག་གི་ངོ་བོ་གཟུང་བར་བྱའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །འདིར་དབང་ལྔ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་དག་ག་ལ་ཡིན། འདིར་དེ་དག་མ་གསུངས་ཏེ། དང་པོ་ཅོད་པན་དབང་གི་སྟེ། །གཉིས་པ་རལ་གྲི་སྤྱིན་བྱ་བ། །གསུམ་པ་རྡོ་རྗེ་དྲིལ་བུ་སྟེ། །བཞི་པ་ཟླ་བ་བཟའ་བ་དག །དུས་དགྲའི་ཞལ་ནས་བྱུང་བ་ཡི། །བཞི་པོ་འདི་དག་དབང་བསྐུར་ཚེ། །དཔལ་ལྡན་ཆགས་ཆེན་རྡོ་རྗེ་ཡིས། །དབང་བསྐུར་འདི་ཡིས་བྱིན་གྱིས་བརླབས། །ཞེས་གསུངས་པའི་ཕྱིར་རོ། །ཞེ་ན་དེ་ནི་བདེན་མོད་ཀྱི་དབང་ལྔ་པོ་ཉིད་ཅོད་པན་གྱི་དབང་སྟེ། ཐམས་ཅད་དུ་རྡོ་རྗེ་ཙརྩི་ཀ་ལ་སོགས་པ་རྣམས་ཅོད་པན་ལ་དབང་གི་གཟུགས་ཀྱི་བྱ་བ་ཡིན་པའི་ཕྱིར་དང༌། འདིས་ཐམས་ཅད་དུ་ལས་རྣམས་ལ་དབང་བྱེད་པས་གཙོ་བོ་ཡིན་པའི་ཕྱིར་རོ། །རྡོ་རྗེའི་དམ་ཚིག་སྤྱིན་པ་ནི། །རལ་གྲིའི་དབང་སྟེ་མི་མཐུན་པའི་ཕྱོགས་ཐམས་ཅད་གཅོད་པར་བྱེད་པའི་ཕྱིར་རོ། །ཕྱིར་མི་ལྡོག་པའི་དབང་བསྐུར་ཡང་བསྟན་པ་ཉིད་དེ་རྡོ་རྗེ་དང་དྲིལ་བུའི་དམ་ཚིག་ལ་ལུས་བྱིན་གྱིས་བརླབས་པ་བཅུག་ནས་སོ། །ཐུན་མོང་པའི་རྒྱུད་དུ་གསུངས་པའི་བརྟུལ་ཞུགས་དང༌། ལུང་བསྟན་པ་དང༌། དབུགས་དབྱུང་བ་ཡང་ངོ༌། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཡང༌། །ཕག་མོའི་གཟུགས་ནི་བཟུང་ནས་སུ། །བཙུན་མོ་ཐམས་ཅད་འདོད་བྱ་


DTG048_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །དེ་ནས་རྒྱལ་མཚན་ཁྱམས་མཐོང་ནས། །དེར་ནི་འོ་མ་རབ་བསྒྲུབ་བྱ། །འོ་མ་གོམས་པའི་སེམས་གཅིག་གིས། །ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་བྱ། །ཞེས་བྱ་བ་བསྟན་པ་ཉིད་དོ། །དེ་ཉིད་བླ་ན་མེད་པ་འགྲོ་བ་མཐའ་དག་གི་དོན་བསྒྲུབ་པ་བརྟགས་པའི་རྙོག་པ་དང་བྲལ་བ་ཉིད་ལས་སླར་རང་ཡང་དག་པར་རིག་པ་དང་ཐ་མི་དད་པ་ཐུབ་པའི་ཚོགས་མཐའ་ཡས་པ་འཕྲོ་བའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཅན་ཡིད་བཞིན་གྱི་ནོར་བུ་ལྟ་བུ་བརྟན་པའི་ངོ་བོ་ཉིད་དུ་སློབ་མ་ལ་ཚིག་གིས་སྤྱིན་པར་བྱའོ་ཞེས་བྱ་བ་སླར་སྤྱིན་པའོ། །

སློབ་མ་རྣམས་ལ་ཕན་ཡོན་སྤྲོ་བ་བསྐྱེད་པ།


DTG048_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སློབ་མ་རྣམས་ཕན་ཡོན་གྱི་སྤྲོ་བ་བསྐྱེད་པར་བྱ་སྟེ། མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་ཞིང་ཞུགས་པས་ན། །སྡིག་པ་ཀུན་ལས་རྣམ་གྲོལ་བར། །དི་རིང་ཁྱེད་རྣམས་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལས་ནི། །ཕྱིན་ཆད་འཆི་བ་ཁྱེད་ལ་མེད། །མི་ཚུགས་པ་དང་མ་བཅིངས་པར། །གང་ལའང་འཇིགས་མེད་དགའ་བར་གྱིས། །སྲིད་པ་ཀུན་དུ་ཞི་བྱའི་ཕྱིར། །སྲིད་པའི་ངན་འགྲོ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྲིད་པའི་མཆོག་ཏུ་ཡང་དག་འགྱུར། །དངོས་གྲུབ་དམ་ཚིག་སྡོམ་པ་འདི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བྱ་སྟེ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །མཆོག་ཏུ་རྟག་པའི་བཀའ་ཡིན་ནོ། །སློབ་དཔོན་སྨད་པར་མི་བྱ་སྟེ། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །དེ་བཞིན་ཁྲོས་ནས་སྤུན་རྣམས་ལ། །ཉེས་པ་བརྗོད་པར་མི་བྱའོ། །སེམས་ཅན་རྣམས་ལ་བྱམས་པའི་སེམས། །ནམ་ཡང་ངེས་པར་སྤང་མི་བྱ། །བྱང་ཆུབ་སེམས་ནི་དོར་མི་བྱ། །རང་གཞན་ཆོས་ལ་མི་སྨོད་དོ། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་ཉིད་ནི་བསྟན་མི་བྱ། །བདག་ཉིད་ཕུང་པོ་སྨད་མི་བྱ། །ཆོས་རྣམས་ངོ་བོ་སུན་མི་དབྱུང༌། །གདུག་ལ་བྱམས་པ་རྟག་ཏུ་སྤངས། །ཆོས་ལ་ཚད་གཟུང་མི་བྱའོ། །དད་ལྡན་སེམས་ཅན་བསླུ་མི་བྱ། །རྟག་ཏུ་དམ་ཚིག་བསྟེན་པར་བྱ། །ཤེས་རབ་རང་བཞིན་བུད་མེད་རྣམས། །སྐྱོན་གྱིས་ཉེས་པ་མི་བྱེད་དོ། །རྣལ་འབྱོར་སློང་མོས་མི་རྒྱུ་ཞིང༌། །རྣལ་འབྱོར་སྤངས་པར་མི་བྱ་སྟེ། །རྟག་པར་རྒྱུན་དུ་གསང་སྔགས་བཟླས། །


DTG048_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་དམ་ཚིག་ལ་སོགས་བསྟེན། །གལ་ཏེ་བླ་མ་སྨོད་དེ་བཞིན། །དམ་ཚིག་བག་མེད་གྱུར་པ་ན། །དེ་ཚེ་དཀྱིལ་འཁོར་དེ་བྲིས་ལ། །བདེ་གཤེགས་རྣམས་ལ་སྡིག་པ་བཤགས། །དེང་ཁྱོད་སྐྱེ་བ་འབྲས་བུར་བཅས། །གང་ཕྱིར་འདི་ནི་ལེགས་པར་གནས། །དམ་ཚིག་ལྷ་རྣམས་དང་མཉམ་པར། །གནས་བར་འགྱུར་བ་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་ཅན་བཅས་པ། །ཀུན་གྱིས་ཚེ་ལྡན་དེ་གང་བསྐུར། །ཁམས་གསུམ་པ་ཡི་རྒྱལ་པོ་ཆེ། །རྒྱལ་སྲིད་བདག་པོ་བསྟན་པ་ཡིན། །དེ་རིང་བདུད་ལས་རྣམ་པར་རྒྱལ། །གྲོང་ཁྱེར་མཆོག་ཏུ་རབ་བཞུགས་སོ། །དེ་རིང་ཁྱོད་ཀྱིས་སངས་རྒྱས་ཉིད། །ཐོབ་པ་འདི་ལ་ཐེ་ཚོམ་མེད། །འདི་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་ཟད་བདེ་སྟེར་བསྟན་པར་གྱིས། །དེ་རིང་འགྲོ་བ་དེ་མྱུར་རྡོ་རྗེ་སེམས་དཔའ་དང༌། །མཚུངས་པའི་རྟག་པ་ཉིད་དུ་ཁྱོད་རྣམས་ཕྱིན་པར་འགྱུར། །སློབ་མ་རབ་གུས་མཉེས་ཤིན་པས། །བླ་མའི་ཞབས་ལ་ཕྱག་འཚལ་ནས། །གཙོ་བོས་ཇི་ལྟར་བཀའ་བསྒོ་བའི། །གསུང་ནི་དེ་ལྟར་བདག་གིས་བགྱི། །

རྗེས་ཀྱི་བྱ་བ།


DTG048_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་འབྱོར་ན་དེ་རྣམས་ཀྱི་མཐེ་བོང་གཡས་པ་ལག་པ་གཡོན་པས་བཟུང་ལ་སྤྱིན་སྲེག་གིས་ཞི་བར་བྱ་སྟེ། དགང་བླུགས་གཅིག་གམ། གསུམ་མམ། བདུན་ཕུལ་ནས་ཡོན་བླང་བར་བྱའོ། །དེ་རྣམས་ཀྱིས་ཀྱང་དགའ་བའི་ཡིད་ཀྱིས་ཇི་ལྟར་འབྱོར་པའི་ས་གཞི་གླང་པོ་དང༌། རྟ་དང་གསེར་དང༌། དངུལ་དང་རྒྱན་དང༌། བུ་དང་བུ་མོ་དང༌། ཆུང་མ་དང༌། བྲན་ཕོ་དང༌། བྲན་མོ་ལ་སོགས་པ་དབུལ་ཞིང༌། བདག་ཉིད་གཡོག་ཏུའམ། ཐོས་པ་ལ་སོགས་པ་ཡོན་ཏན་བསམ་པ་གྲུབ་པའི་ཕྱིར་དབུལ་ལོ། །དེ་ནས་སློབ་མ་རྣམས་མཉེས་པར་བྱས་ཏེ། ཡོན་དེ་དང་དེ་དག་བླངས་ལ་ཁ་ཟས་དང་སྤྱོད་ཡུལ་ཐམས་ཅད་ཀྱིས་འཁོར་ལོ་མཆོད་པར་བྱའོ། །འོས་པའི་སློབ་མ་རྣམས་བཟུང་སྟེ། རྣམ་པ་སྣ་ཚོགས་པའི་མཆོག་གི་བདུད་རྩིས་ཚིམ་པར་བྱས་ནས་ཉེ་བར་བསྡུའོ། །དེ་ནས་མཆོད་པ་དང༌། བསྟོད་པ་དང་བདུད་རྩི་མྱང་བར་བྱས་ལ་གསོལ་བ་བཏབ་ནས་གཤེགས་སུ་གསོལ་ཏེ། ལྷའི་ང་རྒྱལ་བརྟན་པས་ཆོས་ཐམས་ཅད་ནི་དངོས་པོ་མེད་པའོ་


DTG048_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད་ཅིང་རྡོ་རྗེའི་རྩེ་མོས་ཤར་གྱི་སྒོ་ནས་བརྩམས་ཏེ་གཙོ་བོའི་གནས་ལ་སོགས་པ་དབྱི་བར་བྱའོ། །དེ་ནས་དོན་དུ་གཉེར་བ་རྣམས་ལ་རྡུལ་ཚོན་ཉུང་ཤས་བྱིན་ལ། ཐམས་ཅད་ཆུ་བོ་ཆེན་པོར་དོར་བར་བྱའོ། །ཁུང་བུ་འགེངས་དང་རབ་གནས་དང༌། །སྤྱིན་སྲེག་འཁོར་ལོའི་ནོར་གང་ཡིན། །དེ་ཀུན་སློབ་དཔོན་ཉིད་ཀྱི་ཡིན། །ཞེས་པ་རྡོ་རྗེ་འཛིན་མཆོག་གསུངས། །འདུས་པའི་ཆོ་གར་གསལ་བར་ནི། །བཟང་པོའི་ཞལ་ལ་སོགས་པས་མཛད། །འདིར་ནི་ཤིན་ཏུ་ཟབ་པ་ཡིས། །འཁོར་ལོའི་ཆོ་ག་གང་དེས་ངལ། །ཇི་སྲིད་ལྟར་རྙེད་འདི་འདྲ་བ། །རང་ཉིད་དྲན་པར་བྱ་ཕྱིར་བྲིས། །འདི་ལ་ལྷག་དང་ཆད་པ་དག །དཔའ་བོ་རྣམས་ཀྱིས་བཟོད་པར་མཛོད། །དཔལ་ལྡན་གཤིན་རྗེ་གཤེད་དམར་དཀྱིལ་འཁོར་ཆོ་ག་སེམས་ཅན་དོན་རྣམས་ཡང་དག་སྒྲུབ། །རང་གི་ཡེ་ཤེས་ཐ་དད་མ་ཡིན་མཛད་ཚོགས་ཤེས་རབ་ལྡན་པའི་སྤྱོད་ཡུལ་ནི། །མི་ཤེས་མུན་པ་ཀུན་འཇོམས་སྲིད་པ་ཞི་བ་གཉིས་སུ་མེད་པ་རྟོགས་པའི་གནས། །བྱས་ལས་དགེ་ཚོགས་གང་ཐོབ་དེ་ཡིས་བདག་དང་འགྲོ་བ་དེ་བློའི་གཏེར་གྱུར་ཅིག །དཔལ་གཤིན་རྗེ་གཤེད་དམར་པོའི་དཀྱིལ་འཁོར་གྱི་ཆོ་ག་པཎྜི་ཏ་ཆེན་པོ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་འཛིན་གྱི་ཞལ་སྔ་ནས་མཛད་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་རྗེ་བཙུན་ཆེན་པོ་དཔལ་གཤིན་རྗེ་གཤེད་ཀྱིས་རྗེས་སུ་གཟུང་བ། ཉི་མའི་དབང་པོའི་འོད་ཟེར་གྱི་ཞལ་སྔ་ནས། ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།


previousདཔལ་གཤིན་རྗེ་གཤེད་དམར་པོའི་དཀྱིལ་འཁོར་གྱི་ཆོ་ག། དཔལ་འཛིན།next