ཐིག་ལེ་གཅིག་པ་ཞེས་བྱ་བ།
གཉིས་མེད་རྡོ་རྗེ།

དང་པོ། ཡི་གེ་ལ་སེམས་གཟུང་བའི་ཐིག་ལེ།


DTG049_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། །ཏི་ལ་ཀ་ཨེ་ཀ་ནཱ་མ། བོད་སྐད་དུ། ཐིག་ལེ་གཅིག་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཆེན་པོ་ལ་ཕྱག་འཚལ་ལོ། །རང་བཞིན་བདེ་བ་བརྙེས་པ་ཡི། །ཡེ་ཤེས་སེམས་ལ་ཕྱག་འཚལ་ལོ། །དམིགས་པ་ལ་ནི་སེམས་བཞག་ནས། །སྦྱོར་པ་ཡེ་ཤེས་ཐིག་ལེ་བཤད། །སྣ་ཚོགས་ཆོས་ཀུན་ཤེས་རབ་ཀྱིས་བལྟས་ནས། །གཅིག་དང་དུ་མ་མཐའ་ཡིས་བརྟགས་པ་དང༌། །གཅིག་ཀྱང་མི་དམིགས་རང་བཞིན་སྟོང་པ་ཡིན། །ཐམས་ཅད་རིག་པའི་ངོ་བོར་གསལ་འགྱུར་པ། །གཉིས་ཀྱི་མཐའ་ཡིས་དབེན་པ་གཉིས་མེད་དེ། །རྣམ་པ་ཐམས་ཅད་ལྡན་པ་ཡེ་ཤེས་སྐུར། །བསྒོམས་ཏེ་ས་བོན་ཉིད་དུ་སེམས་གནས་བྱ། །དེ་ལ་དམིགས་པ་ཉེ་བ་ཉིད་དུ་གྱུར་པ་ནི། །གསལ་དང་མི་གསལ་ཕྱི་མའི་བློ་ཡིས་བརྟགས་ན་ཡིད་ཀྱི་ཡི་གེ་ཉིད། །རྗེས་ལ་འགྲོ་བ་རྣམ་པར་དག་བྱས་ལ། །རྟེན་དང་བརྟེན་པ་སྐུལ་བའི་ཀུ་རུ་བཞག །ཡི་གེ་ལ་སེམས་གཟུང་བའི་ཐིག་ལེ་དང་པོའོ།། །།

གཉིས་པ། རེག་བྱ་ལ་སེམས་གཟུང་བའི་ཐིག་ལེ།


DTG049_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་དང་ཤེས་རབ་ཁ་སྦྱོར་ལ། །ཤིགས་པ་མེད་པའི་ཡི་གེ་ནས། །ཚངས་པའི་མིག་གསུམ་བཞི་ཡིས་བསྐོར། །དེ་ལ་རྣམ་ཤེས་བརྟན་པ་དང༌། །འདྲེན་པ་བརྒྱད་དང་དགུར་ལྡན་པའོ། །བདེ་བའི་ལྷག་པའི་བཟླས་པ་བྱ། །རེག་བྱ་ཆེན་པོ་སྐྱེས་པ་ནི། །ལྷག་པའི་ཐིག་ལེ་ཆེན་པོར་བསྡུ། །མཐར་ཕྱིན་རེག་བྱ་སྐྱེས་པ་ན། །སྟེང་གི་གནས་སུ་འཕོ་བར་བྱ། །རེག་བྱ་ལ་སེམས་གཟུང་བའི་ཐིག་ལེ་སྟེ་གཉིས་པའོ།། །།

གསུམ་པ། ཕྲ་མོ་ལ་སེམས་གཟུང་བའི་ཐིག་ལེ།


DTG049_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སེམས་དཔའ་རབ་མཛེས་སྐུ། །ཟླ་བ་ལྟར་རྒྱས་རྡོ་རྗེ་ལ། །བཅུ་དྲུག་ཐིག་ལེ་གཅིག་པ་གང༌། །བཅུ་


DTG049_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ལྡན་པར་བཟླས་བྱ་སྟེ། །འཕོ་བ་འབྱུང་ལ་བཟླས་པ་བྱ། །འཇུག་པ་ཐིག་ལ་བཟླས་པ་བྱ། །གསལ་དང་བདེ་དང་ཡོངས་རྫོགས་ནས། །དབྱུ་གུ་དྲུག་ཅུའི་གྲངས་སུ་བགྲང༌། །ཕྲ་མོའི་རྣལ་འབྱོར་རྫོགས་འགྱུར་བ། །བག་དང་ལྡན་པའི་སྦྱོར་བས་བརྩམ། །ཕྲ་མོ་ལ་སེམས་གཟུང་བའི་ཐིག་ལེ་སྟེ་གསུམ་པའོ།། །།

བཞི་པ། ཡེ་ཤེས་ལ་སེམས་གཟུང་བའི་ཐིག་ལེ།


DTG049_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས་པའི་རྡོ་རྗེའི་སྐུ། གངྒཱའི་ཀླུང་གི་སངས་རྒྱས་ཀྱིས། །བྱིན་གྱིས་བརླབས་ལ་བསྒོམ་པར་བྱ། །དེ་ཉིད་ཡེ་ཤེས་ཐིག་ལེ་བསྒོམ། །མི་ཤིགས་ས་བོན་འཛིན་པ་ཅན། །དྲན་པ་ལྷན་ཅིག་སྐྱེས་པ་གསལ། །འགྲོ་འོང་མེད་པར་ཉིན་མཚན་དུ། །ཡུལ་མིན་ཤེས་པའི་མཚན་ཉིད་ནི། །གནས་པའི་ཐིག་ལེ་རྫོགས་པ་ཡི། །ཅུང་ཟད་མི་གསལ་ཕྲ་མོར་གསང༌། །ཡེ་ཤེས་ལ་སེམས་གསང་བའི་ཐིག་ལེ་སྟེ་བཞི་པའོ།། །།

ལྔ་པ། ཐིག་ལེ་ཆེན་པོ་གྲུབ་པ་བསྟན་པ།


DTG049_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ལམ་ལ་བསླབ་པ་ནི། །སྟེང་དང་འོག་གི་མདུད་པ་ལ། །ཨོཾ་དང་ཧཱུཾ་གི་ཐིག་ལེ་བལྟ། །ཐིག་ལེ་སྟོང་པའི་ས་བོན་ལས། །ཨཱ་ལི་ཀཱ་ལི་འཛག་པའི་ཕྲེང༌། །རླུང་གིས་མནན་ལ་སོ་ཀར་བསྟིམ། །དེ་ལ་ལེགས་རོལ་སྐྱེས་པ་དང༌། །འོག་གི་ཐིག་ལེ་སྟོང་པ་ལས། །ཉིས་འགྱུར་ཕུལ་ལ་སྟེང་དུ་བསྟིམ། །དེ་ལ་ལེགས་རོལ་སྐྱེས་བས་ན། །རང་འབྱུང་ཡེ་ཤེས་ཆེན་པོ་བསྒོམ། །དབང་པོ་ལྔ་ལ་ཡི་གེས་ཁྱབ། །ཡུལ་ལྔ་ལེགས་རོལ་ཆེན་པོར་བསྒོམ། །དེ་ནས་བཅོམ་ལྡན་འདས་མ་ལས། །ཐིག་ལེ་ཡི་གེ་མེད་པ་གཉིས། །དབུགས་འབྱུང་ཆེན་པོ་བདག་མེད་བསྒོམ། །ལྷན་ཅིག་སྐྱེས་དགའ་རྣ་བའི་དུས། །གསལ་སྟོང་བདེ་བ་དབྱེར་མེད་པ། །གཉུག་མ་ཉམས་སུ་མྱོང་བས་ཤེས། །གལ་ཏེ་མི་གསལ་གྱུར་པ་ན། །རྡོ་རྗེའི་བཟླས་པ་བརྩམ་པར་བྱ། །སྦྱོར་བ་ལས་བྱུང་འོད་གསལ་སེམས། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཐིག་ལེ་ཆེན་པོ་གྲུབ་པ་བསྟན་པ་སྟེ་ལྔ་པའོ།། །།མན་ངག་བདུད་རྩི་ལྟ་བུ་གྲོལ་བའི་རིམ་པ་ཐིག་ལ་གྲུབ་པ་གསལ་བྱེད་གཅིག་པ་བསྟན། འདི་ལས་བྱུང་བའི་བསོད་ནམས་ཇི་སྙེད་དེས། །བདེ་བ་ཆེན་པོའི་


DTG049_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དངོས་རྙེད་པར་ཤོག །ཐིག་ལེ་གཅིག་པ་ཞེས་བྱ་བ། །སློབ་དཔོན་དཔལ་ལྡན་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།རྣལ་འབྱོར་བ་བསོད་སྙོམས་པ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིས་རང་འགྱུར་དུ་མཛད་པའོ།།