ནང་ལྟར་ལུས་ལ་དགོད་པའམ་སྒྲུབ་པ་བྱ་བ།


DTG049_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ལྟར་འཇིག་རྟེན་དབང་ཕྱུག་གི །ལྷ་རྣམས་ལུས་ལ་དགོད་པ་ནི། །སྔོན་འགྲོ་ཡན་ལག་བདུན་པ་དང༌། །སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ནས། །ཚད་མེད་བཞི་ཡིས་བློ་སྦྱངས་ཏེ། །སྟོང་པའི་ངང་ལས་པད་ཉི་དང༌། །ཟླ་བའི་གདན་ལ་ཧྲཱིཿདྨར་པོ། །འོད་འཕྲོས་ཚུར་ལ་འདུས་པ་ལས། །གོང་ལྟར་བདག་ཉིད་སྤྱན་རས་གཟིགས། །འཇིག་རྟེན་དབང་ཕྱུག་སྐུ་མདོག་དམར། །ཞལ་གཅིག་ཕྱག་བཞི་ཞབས་སྐྱིལ་ཀྲུང༌།། རྒྱན་རྫོགས་འཇའ་འོད་དཀྱིལ་བཞུགས་པ། །ཕྱི་སྒྲུབ་ཇི་ལྟ་བ་རུ་གསལ། །བླ་མ་རིགས་བདག་བཀའ་བརྒྱུད་བཅས། །སྤྱི་བོར་རྡོ་རྗེ་འཆང་ལྟར་བསྒོམ། །སྙིང་ནི་པདྨ་འདབ་བརྒྱད་དེ། །ཉི་ཟླའི་གདན་ལ་རྟ་མགྲིན་ནི། །དམར་ནག་དུར་ཁྲོད་ཆས་ཀྱིས་བརྒྱན། །གཡས་པ་དབང་སྡུད་ཕྱག་རྒྱ་ཡིས། །པདྨའི་ཕྲེང་བ་དམར་པོ་འདྲེན། །གཡོན་པ་ཨུཏྤལ་དམར་པོ་ཡི། །ཞགས་པར་བཅས་པའི་སྡིགས་མཛུབ་ཀྱིས། །དཀུ་ལ་བརྟེན་ནས་གར་སྟབས་མཛད། །དེ་ཡི་ཐུགས་ཀར་པདྨ་དང༌། །ཉི་ཟླའི་དབུས་སུ་ཧྲཱིཿལ་སྔགས། །གཡས་སུ་འཁོར་བར་བསྒོམ་པའོ། །ལྟེ་བར་ཆོས་འབྱུང་བ་སྒོམས་


DTG049_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྟེང༌། །པདྨ་ཉི་མ་རོ་སྟེང་དུ། །གསང་བ་ཡེ་ཤེས་མཁའ་འགྲོ་མ། །གསང་གནས་པདྨ་འདབ་བཞིའི་སྟེང༌། །རིགས་བཞི་མཁའ་འགྲོ་ཡབ་ཡུམ་སྟེ། །ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར། །ལྷོ་རུ་རིན་ཆེན་མཁའ་འགྲོ་སེང༌། །ནུབ་ཏུ་པདྨ་མཁའ་འགྲོ་དམར། །བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང༌། །ཡབ་རྣམས་ཡུམ་དང་མཚུངས་པ་སྟེ། །གྲི་གུག་ཐོད་ཁྲག་རྒྱན་དང་ལྡན། །ལྟེ་བའི་ཡུམ་གྱི་གདན་ནས་བཏེག །དེ་ནས་སྐུ་གསུང་ཐུགས་བྱིན་བརླབ། །ཡེ་ཤེས་བསྟིམས་ནས་དབང་བསྐུར་རོ། །ལྟེ་བར་བདེ་ཆེན་གཏུམ་མོའི་མེ་འབར་དམིགས། །རླུང་བཟུང་དབང་བསྡུས་བྱང་སེམས་རིན་ཆེན་བཞུ། །རྡུབས་ནས་མེ་ལ་བསྟིམས་པས་ཡེ་ཤེས་འབར། །འཁོར་འདས་གཉིས་མེད་དགོངས་པ་བསྐྱང་བར་བསམ། །ཕྱོགས་བཅུའི་སངས་རྒྱས་སྤྱན་དྲངས་རླུང་དང་བསྲེ། མེ་ལ་བསྟིམས་ལ་ལོངས་སྐུ་བདེ་ཆེན་བསྐྱེད། །འགྲོ་དྲུག་སེམས་ཅན་དབང་བསྡུས་བྱང་སེམས་བསྒོམ། །སྙིང་རྗེ་བསྐྱེད་དུས་རླུང་རྡུབ་མེ་ལ་བསྟིམ།། སྤྲུལ་སྐུས་འགྲོ་འདུལ་ཕྲེང་ལས་ཅི་ཡང་སྟོན། །དམིགས་མེད་ངང་ནས་རླུང་བཟུང་ཅིར་མི་དགོངས། །མཁའ་ལྟར་དག་པ་ཆོས་སྐུ་མངོན་དུ་གྱུར། །སྔགས་བཟླས་དུས་སུ་འོད་ཟེར་ལྕགས་ཀྱུའི་དབྱིབས། །མེ་ལྟར་ཚལ་གདུང་བའི་ཚོགས་འཕྲོས་པས། །སྐྱེ་འགྲོའི་སྙིང་ནས་བཟུང་སྟེ་བཀུག་བྱས་ལ། །རིག་པའི་ངོ་བོ་ཐུགས་ཀའི་ཧྲཱིཿལ་ཐིམ། །ལུས་པོ་འོད་དུ་ཞུ་ནས་ལྟེ་བར་སྡུད། །མཁའ་འགྲོ་ཡབ་ཡུམ་ཕོ་མོའི་སྙིང་པོ་ལ། །དངོས་གྲུབ་སྡུད་པའི་སྔགས་ལྟར་བཟླས་པ་བྱ། །རྗེས་སུ་ལྷ་རྣམས་ཐམས་ཅད་རང་སར་ཞུ། །མཁའ་ལ་སྤྲིན་དེངས་ལྟ་བུར་ཡལ་བའི་དང༌། །མ་བཅོས་དམིགས་གཏད་མེད་པའི་དང་ཉིད་ལས། །མ་བཅོས་བློ་ཡིས་མི་དཔྱད་མི་བསྒོམ་པར། །གཟུང་འཛིན་བླང་དོར་ཡིད་བྱེད་མེད་པའི་རང༌། །དངོས་པོའི་རང་བཞིན་གསལ་དང་བདེ་སྟོད་དང༌། །ཆགས་འཛིན་མ་བྱ་རྣམ་དག་དེ་རང་བསྐྱོད། །རྗེས་སུ་ཐུན་མཚམས་བྱ་བ་གོང་ལྟར་བྱ། །ནང་དུ་ལུས་ལ་ལྷ་དགོད་བསྒྲུབ་པའོ།།