བཞི་པ། སྦྱིན་སྲེག་ལས་ཀྱི་ཆོ་ག


DTG049_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་སྲེག་ལས་ཀྱི་ཆོ་ག་ནི། །སྤྱིར་ན་སྦྱིན་སྲེག་ལས་རྣམས་ལ། །སེམས་ཅན་རྣམ་རྟོག་མ་ཟད་པར། །བསམ་གྱིས་མི་ཁྱབ་གསུངས་མོད་ཀྱང༌། །བསྡུས་ན་བཅུ་དྲུག་དག་ཏུ་འདུས། །


DTG049_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་བཞི་རུ་འདུས་པ་ན། །བཞི་པོ་རེ་རེ་དག་ལ་ཡང༌། །རྒྱས་དང་བསྡུས་དང་ཤིན་ཏུ་བསྡུས། །གསུམ་གསུམ་དག་ཏུ་ཤེས་པར་བྱ། །དང་པོ་ས་ཡི་ཆོ་ག་ནི། །བརྟག་པ་ལ་སོགས་རྒྱས་པ་ཡང༌། །ཆོ་ག་ལ་སོགས་གཞན་དང་མཐུན། །བསྡུས་པའི་ཆོ་ག་བསྟན་པ་ནི། །ལྷག་པའི་ལྷ་ཡི་ཏིང་འཛིན་གནས། །ས་ཡི་བདག་པོ་རྣམས་ལ་ནི། །གཏོར་མ་ཕུལ་བས་ས་རྣམས་བླང༌། །ཁྲོ་བོའི་ལས་རྣམས་ཐམས་ཅད་པའི། །ཕྱག་རྒྱ་བཅས་ནས་སྔགས་རྣམས་བརྗོད། །ཐུགས་ཀྱི་འོད་ཟེར་དག་གིས་ནི། །ས་རྣམས་སྦྱང་ཞིང་བྱིན་གྱིས་བརླབ། །ཤིན་ཏུ་བསྡུས་པའི་ཆོ་ག་ནི། །འོད་ཟེར་སྟོབས་ཀྱི་བྱིན་རླབས་ཀྱིས། །ཐབ་ཁུང་གང་འདོད་བྱིན་གྱིས་བརླབ། །མཚན་མ་ལ་སོགས་དགའ་བ་དང༌། །རྒྱས་པར་སྤྲོ་བའི་གང་ཟག་དང༌། །ལས་དང་པོ་ཡི་གང་ཟག་གིས། །ཐབ་རྣམས་བྲུ་བ་རྒྱས་པར་བསྟན། །མཚན་མ་ལ་སོགས་མི་དགའ་ལ། །ཐབ་རྣམས་བྲི་འམ་མེ་ཏོག་དགྲམ། །རྣལ་འབྱོར་ནུས་པ་ཐོབ་པ་ཡིས། །རིན་ཆེན་སྣོད་དུ་བྱ་ཡང་བཟོད། །ཡང་ན་དེ་དག་ཤེས་རབ་ཆུང༌། །རྒྱས་པ་མི་ནུས་དག་ལ་བསྟན། །ཐབ་རྣམས་བྲུ་བའི་རིམ་པ་ཡང། །རྒྱ་རུ་ཇི་ཙམ་ཡོད་པའི་ཚད། །དེ་ཡི་ཕྱེད་ནི་ཐུར་ལ་བྲུ། །ཡང་ན་སུམ་ཆ་བྲུ་བའམ། །མཐོ་གང་དག་ཏུ་བྲུ་བའམ། །རྒྱ་ཡི་ཚད་ཙམ་བྲུ་བ་ནི། །རྒྱུད་རྣམས་ཀུན་དང་མཐུན་པར་ནི། །མཁས་པ་ཡིས་ནི་ཤེས་པར་བྱ། །ཁ་ཁྱེར་མུ་རན་ཚད་སོགས་ཀྱང༌།། སོ་སོའི་གཞུང་དང་མཐུན་པར་བྱ། །ཐབ་ཀྱི་དབྱིབས་རྣམས་བསྟན་པ་ཡང༌། །ཞི་བ་ལ་ནི་ཟླུམ་པོར་རོ། །རྒྱས་པ་གྲུ་བཞིའམ་རིན་ཆེན་དབྱིབས། །དབང་ལ་ཟླ་གམ་ཚུལ་དུའོ། །དྲག་པོ་གྲུ་གསུམ་རྣམ་པར་བསྟན། །མདོར་ན་དབང་དང་དྲག་པོ་གཉིས། །གོ་བཟློག་པར་ཡང་བསྟན་པ་ཡང༌། །དེ་ཡིས་དགོངས་པས་ཤེས་པར་བྱ། །གཞན་ཡང་ཐུན་མོང་ལས་རྣམས་ལ། །ཟླ་བ་ཁམ་པ་ལྟ་བུའམ། །གོ་ཆ་རིན་ཆེན་པདྨ་དང༌། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་སུ། །མི་འདྲ་ཐབ་ཀྱི་དབྱིབས་བསྟན་པ། །རྒྱུད་རྣམས་ཀུན་དུ་ཤེས་


DTG049_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །ཚེ་བསྲིང་ལ་སོགས་ལས་ལ་བསྔགས། །ཐབ་ཀྱི་རྒྱ་ཡི་ཚད་རྣམས་ཀྱང༌། །ཁྲུ་བཞི་ཁྲུ་གསུམ་ཁྲུ་དོ་དང༌། །ཁྲུ་གང་ཁྲུ་ཕྱེད་སུམ་ཆའོ། །དེ་ལ་སོགས་པའི་ཚད་རྣམས་ཀྱང༌། །རྒྱུད་དང་མཐུན་པར་ཤེས་པར་བྱ། །ཚོན་རྣམས་བྲི་བའི་རིམ་པ་ཡང༌། །གཞན་དང་མཐུན་ཏེ་ཁྱད་པར་ནི། །ཞི་ལ་དཀར་ཏེ་རྒྱས་ལ་སེར། །དབང་ལ་དམར་པོ་དྲག་ལ་གནག །ལས་ནི་ཐམས་ཅད་ཐབ་ཁུང་ལ། །ཁ་དོག་ལྔ་ཚར་ཚང་བའམ། །ཡང་ན་ལས་ཀྱི་སྐབས་དང་སྦྱར། །ལས་ནི་ཐམས་ཅད་པ་ཡི་དབྱིབས། །ཨ་ཤྭ་ད་ལོ་མ་ལྟ་བུ་དང༌། །པདྨ་འདབ་གཅིག་ལྟ་བུའམ། །པདྨ་ཁ་ཕྱེ་ལྟ་བུའམ། །ཁ་ཡི་གེ་སར་ལྟ་བུའམ། །དེ་སོགས་གཞུང་ནི་མང་ཡོད་ཀྱང༌། །རྣལ་འབྱོར་མོས་ལ་གཙོ་ཞེས་བྱ། །གཟར་བུའི་མཚན་ཉིད་བསྟན་པ་ནི། །ཡུ་བ་ཆང་བ་ལྔ་ཡི་ཚད། །གཟར་བུའི་ཀོང་བུ་སོར་བཞིའི་ཚད། །མཆུ་ཡང་སོར་བཞིའི་ཚད་དུ་བྱ། །ཟབས་སུ་སོར་གཅིག་བརྐོ་བའམ། །སོར་གཉིས་བརྐོ་བ་སོ་སོའི་གཞུང༌། །དེ་ནི་རབ་ཡིན་འབྲིང་ནི་ཕྱེད། །ཐ་མ་དེ་བས་ཅུང་ཟད་ཆུང༌། །ཁུང་བུ་ཆེ་ཆུང་མཚན་ཉིད་དོ། །ཡུ་བའི་ཚད་ནི་མཉམ་ཞེས་བྱ། །རྒྱུད་གཞན་དག་ལ་བརྟེན་ནས་ནི། །སློབ་དཔོན་གཞན་གྱི་གཞུང་དག་གིས། །ཡུ་བ་ཡང་ནི་ཆེ་ཆུང་འདོད། །སྙོམས་འཇུག་རྒྱུད་ལ་བརྟེན་ནས་ཀྱང༌། །ཡུ་བ་སོར་ནི་ཉི་ཤུ་བཞི། །ཁུང་བུར་རྒྱར་ནི་སོར་བཞི་ལ། །ཟབས་སུ་སོར་གཉིས་ཁོ་ན་སྟེ། །མཆུ་ཡང་རྡོ་རྗེ་རྩེ་གསུམ་དབྱིབས། །སོར་བཞིའི་ཚད་དུ་ཤེས་པར་བྱ། །ལས་ནི་ཐམས་ཅད་གཟར་བུ་ཡང༌། །པདྨའི་དབྱིབས་སམ་འདབ་མའི་དབྱིབས། །མཆུ་ཡང་པདྨའི་འདབ་འདྲ་དང༌། །ཨ་ཤྭ་རྡོ་རྗེའི་རྣམ་པར་རོ། །ཞི་བ་ལ་ནི་ཟླུམ་པོ་སྟེ། །རྒྱས་པ་ལ་ནི་གྲུ་བཞིའོ། །དབང་ནི་ཟླ་གམ་ལྟ་བུ་སྟེ། །དྲག་པོ་གྲུ་གསུམ་རྣམ་པར་བྱ། །པདྨ་ཁྲོ་བོ་རྡོ་རྗེ་བྲི། །ཡང་ན། རྒྱུད་གཞན་དག་ལ་བརྟེན་ནས་ནི། །སློབ་དཔོན་གཞན་དག་འདོད་གཞུང་ནི། །སུམ་ཆ་སུམ་ཆ་ཕྲི་བས་སུ། །རབ་འབྲིང་གསུམ་དུ་འདོད་པ་ཡིན། །དེ་ནི་དགང་གཟར་མཚན་


DTG049_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དོ། །བླུགས་གཟར་མཚན་ཉིད་བསྟན་པ་ནི། །ཡུ་བ་ཆང་བ་ལྔ་ཡི་ཚད། །ཁུད་བུར་རྒྱུར་ནི་སོར་གཉིས་ལ། །ཟབས་སུ་སོར་གཅིག་ཤེས་པར་བྱ། །དེ་ནི་རབ་ཡིན་འབྲིང་ནི་ཕྱེད། །ཐ་མ་ཅུང་ཟད་ཆུང་བའོ། །ཡང་ན་སློབ་དཔོན་གཞན་དག་ནི། །མཐེ་བོ་སེན་མོ་གང་ལས་ནི། །རབ་འབྲིང་གསུམ་ནི་དབྱེ་བར་བྱའོ། །དེ་རྣམས་སོ་སོའི་མཚན་མ་ཡང༌། །གོང་མ་བཞིན་དུ་ཤེས་པར་བྱ། །མེ་ལྷའི་མཚན་ཉིད་བསྟན་པ་ནི། །པ་བ་ཀ་ཞེས་བྱ་བ་ཡི། །ཞི་བའི་མེ་ལྷ་སྐུ་མདོག་དཀར། །ཆུ་ཡི་དཀྱིལ་འཁོར་དག་ལ་གནས། །རྒྱས་པའི་མེ་ལྷ་སྐུ་མདོག་སེར། །དབང་ཆེན་དཀྱིལ་འཁོར་དག་ལ་གནས། །དབང་གི་མེ་ལྷ་སྐུ་མདོག་དམར། །མེ་ཡི་དཀྱིལ་འཁོར་དག་ལ་གནས། །དྲག་པོའི་མེ་ལྷ་མདོག་གནག །རླུང་གི་དཀྱིལ་འཁོར་དག་ལ་གནས། །དེ་དག་ཀུན་ཁ་མཐུན་པར་ནི། །ཞལ་གཅིག་ཕྱག་ནི་བཞི་པ་སྟེ། །ཕྱག་གཡས་དབྱུག་པ་མཆོད་སྦྱིན་ཅན། །གཡོན་པས་ཕྲེང་བ་རིལ་བ་བསྣམས། །མི་ཏྲ་ཞེས་པའི་མེ་ལྷ་ནི། །ལས་རྣམས་ཀུན་ལ་བསྔགས་པ་སྟེ། །མིད་པ་རིང་ལ་གཟི་མདངས་ཅན། །ཐོར་ཚུགས་སེར་པོའི་སྤུ་ཅན་ལས། །ལས་ལ་རྗེས་མཐུན་ཁ་དོག་གམ། །དུད་པ་ལྟ་བུའི་མདོག་ཏུ་སྟེ། །ཕྱག་ནི་བགྲང་ཕྲེང་རིལ་བ་ནི། །སྤྱི་བླུགས་དག་ནི་བསྣམས་པ་ཡིན། །འཇིག་རྟེན་པ་ཡི་མེ་ལྷ་དང༌། །འཇིག་རྟེན་མེ་ལྷ་བསྐྱེད་པ་དང༌། །བཅུ་གཉིས་བཞི་རུ་རྩ་སོགས་ནི། །རྒྱུད་ཀྱི་ནང་དུ་ཤེས་པར་བྱ། །འཇིག་རྟེན་མོ་ལྷའི་ཐུགས་ཀར་ནི། །འཇིག་རྟེན་འདས་པ་བསྐྱེད་པ་དང༌། །འཇིག་རྟེན་པ་ནི་སྦྱངས་ནས་ཀྱང༌། །དམ་ཚིག་མེ་ལྷ་བསྐྱེད་པ་དང༌། །ཡེ་ཤེས་མེ་ལྷ་བསྐྱེད་པ་དང༌། །འཇིག་རྟེན་མེ་ལྷའི་ཁོང་པ་རུ་དམ་ཚིག་མེ་ལྷ་བསྐྱེད་ནས་ཀྱང༌། །ཡེ་ཤེས་མེ་ལྷ་བསྟིམ་པའམ། །འཇིག་རྟེན་འདས་པ་ཉིད་ལ་ཡང༌། །དམ་ཚིག་བསྐྱེད་དང་ཡེ་ཤེས་བསྟིམ། །སྤྲུལ་པའི་མེ་ལྷ་ཉིད་ཀྱིས་ཀྱང༌། །འཇིག་རྟེན་པ་དང་མཐུན་པའི་ཕྱིར། །འཇིག་རྟེན་པ་དང་མཐུན་པར་བསྟན། །


DTG049_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་སོགས་པའི་ཐེ་ཚོམ་དང༌། །མེ་ཉིད་ཆོ་ག་ཟིན་པ་དང༌། །ཤར་ལྷོ་མཚམས་སུ་གནས་པ་དང༌། །མེ་ལྷའི་ཐུགས་ཀར་བསྐྱེད་པ་དང༌། །འབར་དང་གཤེགས་དང་སྟོང་པ་རྣམས། །སློབ་དཔོན་མན་ངག་ཉིད་ཀྱིས་བཤད། །དང་པོས་ས་ཆོ་ག་རྫོགས་བྱས་ལ། །དེ་ནས་ཐབ་ཀྱི་ཆོ་ག་བྱ། །དེ་ནས་རྫས་རྣམས་རིམ་པ་དང༌། །མཆོད་ཡོན་གྱི་ནི་ཆོ་ག་བསྟན། །དེ་ནས་བུད་ཤིང་ཡམ་ཤིང་དང༌། བསགས་དང་དགྲམ་པ་ལ་སོགས་ཀུན། །གཞན་དང་མཐུན་པར་ཤེས་པར་བྱ། །ཚེས་གྲངས་དུས་དང་འདུག་སྟངས་དང༌། །རྒྱན་ཚལ་སོགས་བགོ་བ་ཡང༌། །ལས་ཀྱི་སྐབས་དང་སྦྱར་བར་བྱ། །བདག་ཉིད་ལྷག་པའི་ལྷར་བསྐྱེད་ནས། །མེ་ལྷའི་ཆོ་ག་རྒྱས་པར་བྱ། །མེ་ཡི་ཆོ་ག་ཟིན་ནས་ཀྱང༌། །དེ་ནས་ལྷ་ཡི་ཆོ་ག་བྱ། །ཐམ་མེ་ཡི་ཆོ་གས་བསྡུ། །མེ་ཡི་རྒྱས་འདེབས་བཞི་པོ་ཡང༌། །བསམ་དང་བཅིངས་དང་བརྗོད་པ་གསུམ། །བཞི་ཀ་ལ་ནི་སྦྱར་བར་བྱ། །ཐུགས་ཀར་རྡོ་རྗེ་བསམས་ནས་ཀྱང༌། །ཕག་པའི་སོར་མོ་བཅིངས་ནས་ཀྱང༌། །གཡས་པ་འབར་བ་ལྟ་བུར་བྱ། །སྔགས་ནི། ཨོཾ་བཛྲ་ཨ་ན་ལམ་ཧཱ་བྷཱུ་ཏ་ཛྭ་ལ་སརྦ་བྷ་སྨི་ཀུ་རུ་སརྦ་དུཥྚཱཾ་ཧཱུཾ། །ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ། །ཨཱ་ཧཱུཾ། ལྕེ་ལ་རྡོ་རྗེ་རྩེ་ལྔ་བསམས་ལ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ་ཞེས་བརྗོད་ཅིང་བསམ་པར་བྱའོ། །རྡོ་རྗེ་རྒྱ་གྲམ་ཐུགས་ཀར་བསམས་ནས། ཕྱག་མཚན་མེད་པར་བསམ་ཞིང༌། བཅིངས་པ་ནི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་བསམས་ཏེ། ཕྱག་མཚན་དང་བཅས་ཤིང་བསམས་པ་ནི་ཕྱག་རྒྱ་ཆེན་པོའོ། །ཕྱག་རྒྱ་བཞི་ཡིས་རྒྱས་གདབ་པ་ནི། བསམ་པ་ཙམ་དུ་འདོད་པའང་ཡོད། །ཐམས་ཅད་ཚང་བར་འདོད་པའང་ཡོད། །རྒྱས་འདེབས་གཅིག་ཏུ་འདོད་པའང་ཡོད། །ཐ་དད་རྟོག་པ་མེད་པས་སུ། །ཇི་ལྟར་མོས་པ་གཙོ་བོར་བྱ། །དབང་བསྐུར་ལ་ཡང་དེ་བཞིན་ནོ། །མེ་ལྷའི་བསྟོད་པ་བྱ་བ་ཡང༌། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །བདག་གཟན་དོན་གྲུབ་ས་ལ་གནས། །འདོད་པ་ཐམས་ཅད་སྩོལ་མཛད་པ། །འཛིན་བྱེད་མེ་ལྷ་ཉིད་ལ་འདུད། །མེ་ལྷའི་རྒྱལ་པོ་དྲང་སྲོང་


DTG049_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག །བསྐལ་པའི་མེ་དཔུང་གཟི་བརྗིད་འབར། །ཉོན་མོངས་ཐམས་ཅད་སྲེག་པའི་མཆོག །ཡེ་ཤེས་མེ་ལྷ་ཁྱོད་ལ་འདུད། །མེ་ལྷ་རྣམས་ཀྱི་གཙོ་ཆེན་པོ། །འཁོར་རྣམས་འདུལ་ཞིང་སྐྱོང་མཛད་པ། །དུག་རྣམས་འཇོམས་ཤིང་མཐུ་ལྡན་པ། །དུག་འཇོམས་སྨན་པ་ཁྱོད་ལ་འདུད། །མེ་ལྷའི་རྒྱལ་པོ་གཟི་བརྗིད་ཅན། །འགྲོ་བ་མི་མཐུན་གདུལ་སླད་དུ། །འདོད་དགུར་བསྒྱུར་བའི་གཟུགས་སྟོན་པ། །ལས་རྣམས་ཀུན་མཛད་ཁྱོད་ལ་འདུད། །དེ་ནི་ཐུན་མོང་གི་བསྟོད་པའོ། །ཁྱད་པར་གྱི་བསྟོད་པ་ནི་རྒྱུད་དུ་ཤེས་པར་བྱའོ། །སྦྱིན་སྲེག་གི་ལས་ཀྱི་རིམ་པ་སྟེ་བཞི་པའོ།། །།དང་པོ་ཡི་ནི་རྣལ་འབྱོར་དང༌། །རྡོ་རྗེ་སློབ་དཔོན་བྱེད་པས་སུ། །བདག་གཞན་ཚོགས་ནི་བསགས་པའི་ཕྱིར། །སློབ་དཔོན་ལ་ནི་སྲོག་ལུས་དང༌། །ཡུལ་ཞིང་སྣེ་བྲན་ཆུང་མར་བཅས། །སྒྱུ་མའི་སེམས་ཀྱིས་ཕུལ་ནས་སུ། །ཡང་དང་ཡང་དུ་གསོལ་བཏབ་ལ། །མན་ངག་ལས་ཀྱི་རིམ་པ་འདི། །ཉམས་སུ་བླང་ཞིང་ཐེ་ཚོམ་གཅད། །དེ་ནས་གཞུང་བཞིན་སྤྱད་པར་བྱ། །དེ་ལྟར་བྱས་ན་ངེས་པར་ནི། །དངོས་གྲུབ་རྣམ་གཉིས་ཐོབ་པར་འགྱུར། །དྲང་བའི་དོན་ནི་མ་ཡིན་ནོ། །དེ་ལྟར་མི་བྱེད་སེར་སྣ་ཅན། །བདག་འཛིན་དམ་པོས་བཟུང་ནས་སུ། །སློབ་དཔོན་མཉེས་པར་མི་འགྱུར་ཏེ། །སློབ་དཔོན་མཉེས་པར་མ་གྱུར་ན། །དབང་དང་མན་ངག་ཐོབ་མི་འགྱུར། །ཡང་ན་མན་ངག་ཐོབ་ནས་ཀྱང༌། །སློབ་དཔོན་ལ་ནི་རྒྱབ་ཀྱིས་ཕྱོགས།། དམ་ཚིག་མེད་པར་ཉམས་པ་སྟེ། །རྡོ་རྗེ་དམྱལ་བར་འཚེད་པར་འགྱུར། །དེ་ནས་རང་གི་རྒྱུད་བརྟགས་ལ། །སྐྱོན་དེ་ཡོད་ན་སྤང་བར་བྱའོ། །བདག་གིས་འགྲོ་བའི་དོན་དུ་ནི། །ཆོ་ག་འདི་བརྩམས་དགེ་བ་ཡིས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །རྡོ་རྗེ་ལས་ཀྱི་ཚོགས་རིམ་པར་ཕྱེ་བའི་ཆོ་ག །སློབ་དཔོན་ན་བྷ་བས་མཛད་པ་རྫོགས་སོ།། །།ལོ་ཙཱ་བ་ཁུ་བ་བཱིཪྻ་དང༌། དགེ་སློང་གཞོན་ནུ་ཚུལ་ཁྲིམས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པ་ལགས་སོ།། །།