རྡོ་རྗེའི་གླུ།
ནཱ་རོ་པ།


DTG052_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་གཱི་ཏི། བོད་སྐད་དུ། རྡོ་རྗེའི་གླུ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྣམ་རྟོག་སྤྲུལ་གདུག་གཡོ་ཅན་གྱིས། །ཟིན་པར་གྱུར་ཏོ་རང་གི་སེམས། །ཇི་ལྟ་ཇི་ལྟར་རྣམ་རྟོག་པ། །དེ་ལྟ་དེ་ལྟར་རྣམ་པར་བཅིངས། །དོན་མེད་སྡུག་བསྔལ་མང་པོ་མྱོང༌། །འཁྲུལ་པའི་རྗེས་སུ་འབྲངས་པ་ཡིས། །འཁྲུལ་པ་སྤངས་པར་མི་འགྱུར་ཏེ། །དཔའ་བོ་སྙིང་རྗེར་ལྡན་པ་ཡིས། །དེ་བཞིན་ཉིད་ལ་གོམས་པར་གྱིས། །ཇི་ལྟ་ཇི་ལྟར་རྣམ་དཔྱད་ནས། །དེ་ལྟ་དེ་ལྟར་རྣམ་པར་འབྲལ། །ཤེས་རབ་སྦྲུལ་གདུག་མགོ་མང་གིས། །བདག་ཉིད་ལ་ནི་ཟ་བར་བྱེད། །ཤེས་རབ་སྤྲུལ་གདུག་མགོ་མང་ནི། །ཏིང་འཛིན་འོ་མས་རྟག་ཏུ་གསོས། །རྣམ་རྟོག་ནེའུ་ལེ་གསོད་པར་བྱེད། །ཤེས་རབ་སྤྲུལ་མགོ་བརྒྱ་པ་ཡིས། །ནཱ་རོ་པ་ལ་རྟག་ཏུ་ཟ། །དེ་ནི་སུ་ཡིས་ཤེས་པ་ཡིན། །ནཱ་རོ་པ་ནི་ཉིད་ཀྱིས་ཤེས། །ནཱ་རོ་པ་ནི་ཉིད་ལ་དྲིས། །མ་ཧཱ་ཡོ་ག་ནཱ་རོ་པའི་རྡོ་རྗེའི་གླུ་རྫོགས་སོ།།