Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ང་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆོས་དྲུག་གི་མན་ངག་ཅེས་བྱ་བ། 
   
   
   
   
   
   
   
   
   
   


 
previousཆོས་དྲུག་གི་མན་ངག་ཅེས་བྱ་བ།next

ཆོས་དྲུག་གི་མན་ངག་ཅེས་བྱ་བ།


DTG052_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཥ་ཊ་དྷརྨ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། ཆོས་དྲུག་གི་མན་ངག་ཅེས་བྱ་བ། དཔལ་བདེ་མཆོག་འཁོར་ལོ་ལ་ཕྱག་འཚལ་ལོ། །དལ་འབྱོར་རྒྱུ་འབྲས་ལས་རྣམས་ལས། །རྣལ་འབྱོར་དོན་གྱི་སྙིང་པོ་བཙལ། །རྣལ་འབྱོར་ལུས་ཀྱི་རྩ་ཡི་


DTG052_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །ཕྲ་རགས་རླུང་དང་ལྡན་པ་ནི། །དབང་དུ་བྱེད་ཐབས་འཁྲུལ་འཁོར་གྱིས། །དབྱུང་རྔུབ་དགང་དང་གཞིལ་བ་སྟེ། །ལ་ལ་ནཱ་དང་ར་ས་ནཱ། །ཨ་ཝ་དྷཱུ་ཏཱི་འཁོར་ལོ་བཞི། །ལྟེ་བར་ཙཎྜ་ལཱི་ཡི་མེ། །ཕྲ་རབ་ལས་འཕེལ་ཧཱཾ་ལས་ནི། །བདུད་རྩིའི་ཆུ་རྒྱུན་དགའ་བཞིའི་འགྲོས། །རྒྱུ་མཐུན་ལ་སོགས་འབྲས་བུ་བཞི། །འཁྲུལ་འཁོར་དྲུག་གིས་བརྒྱས་པར་བྱ། །ཙཱཪྻ་པའི་ཨུ་པ་དེ་ཤོའོ།། །།སྣོད་བཅུད་ཁམས་གསུམ་མ་ལས་པ། །སྒྱུ་མ་རྨི་ལམ་ལ་སོགས་དཔེས། །འགྲོ་འདུག་སྤྱོད་ལམ་ཀུན་དུ་སྦྱང༌། །ལྷ་ཚོགས་སྒྱུ་མ་མེ་ལོང་གཟུགས། །རྡོ་རྗེ་སེམས་དཔའ་ལེགས་བྲིས་པ། །གཟུགས་བརྙན་གསལ་བར་སྣང་དང་མཚུངས། །དེ་ཉིད་སྒྱུ་མའི་གཟུགས་བཞིན་དུ། །སྒྱུ་དཔེ་བཅུག་གཉིས་ལྟར་མཐོང་བ། །རྣལ་འབྱོར་སྒྱུ་མའི་དོན་མཐོང་བའོ། །ནཱ་གཱ་ཛུ་ནའི་ཨུ་པ་དེ་ཤའོ།། །།རྨི་ལམ་རྨི་ལམ་དོན་ཤེས་ཤིང༌། །རྒྱུན་དུ་ཟབ་མོའི་དོན་བསྒོམ་པ། །ནཱ་ད་ཐིག་ལེ་ལ་སོགས་པ། །རིགས་ལྔའི་ས་བོན་ལ་དམིགས་ནས། །སངས་རྒྱས་ཞིང་དང་སངས་རྒྱས་བལྟ། །གཉིད་དུས་བདེ་ཆེན་སྒྲུབ་པའི་ཐབས། །ལ་བ་པའི་ཨུ་པ་དེ་ཤའོ།། །།རྣལ་འབྱོར་ཨ་ཝ་དྷཱུ་ཏཱི་པ། །ཨ་ཝ་དྷཱུ་ཏཱིར་སེམས་གནས་པ། །སྙིང་གི་ཐིག་ལེར་སེམས་བརྟན་པས། །འོད་དང་འོད་ཟེར་འཇའ་རིས་དང༌། །སྤྱི་རིངས་ཉི་འོད་ཟླ་འོད་དང༌། །ཉི་མ་ཟླ་བ་ཤར་འདྲ་དང༌། །ལྷ་དང་སྐུ་ཡི་སྣང་བ་སོགས། །སྣ་ཚོགས་ཞིང་ཁམས་དག་པར་འགྱུར། །རྣལ་འབྱོར་པ་ཡི་ལམ་ཆེན་ཏེ། །ནཱ་གཱ་རྫུ་ནའི་ཨུ་བ་དེ་ཤའོ།། །། རྣལ་འབྱོར་འཆི་བའི་དུས་ཀྱི་ཚེ། །དབང་པོ་རྣམས་དང་འབྱུང་བ་སྡུད། །ཟླ་ཉི་རླུང་རྣམས་སྙིང་གར་འདུས། །རྣལ་འབྱོར་ཏིང་འཛིན་སྣང་ཚོགས་འཆར། །རྣམ་ཤེས་ཕྱི་རོལ་ཡུལ་སོང་ན། །རྨི་ལམ་ཡུལ་བཞིན་སྣ་ཚོགས་སྣང༌། །བདུན་བདུན་དུས་ཚེའི་འཆི་སྣང་དང༌། །དེ་ནས་སྐྱེ་བར་འགྱུར་བ་ཉིད། །དེ་ཚེ་ལྷ་ཡི་རྣལ་འབྱོར་སྒོམ། །ཡང་ན་དེ་ཉིད་ངང་ལ་གཞག །དེ་རྗེས་སྐྱེ་ལ་ཕྱོགས་པའི་ཚེ། །མངའ་བདག་ལྷ་ཡི་རྣལ་འབྱོར་གྱིས། །སྣག་སྲིད་ལྷ་ཡི་རྣལ་འབྱོར་སྒོམ། །དེས་ནི་བར་དོ་ཁེགས་པར་འགྱུར། །སུ་ཁ་སི་དྷིའི་ཨུ་པ་དེ་ཤའོ།། །།དེ་


DTG052_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྣལ་འབྱོར་འཕོ་བའི་ཚེ། །གྲོང་འཇུག་ལྷ་དང་ས་བོན་གྱིས། །འགྲོ་འོང་རིང་དང་ཐུང་བ་དང༌། །ལྷ་ལ་བསླབ་ཅིང་འཕར་བའི་དུས། །གང་འདོད་གྲོང་དུ་འཇུག་པར་བྱ། །གྲོང་དུ་འབོ་ན་སྟོང་ར་ལྷ། །ཡཾ་སྤྲོད་ཧི་ཀ་ཧཱུཾ་དང་ཧཱུཾ། །ལྷ་དང་བླ་མའི་ཐུག་སྐར་འཕང༌། །དེས་ནི་འདོད་པའི་གནས་སུ་འཕྲོ། །སུ་ཁ་སིདྷིའི་ཨུ་པ་དེ་ཤའོ།། །།གྲུབ་པའི་རྣལ་འབྱོར་དབང་ཕྱུག་ཏིལ་ལི་པའི་ཞབས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁས་པ་ནཱ་རོ་པཎྜི་ཏ་དང༌། མར་པ་ལྷོ་བྲག་པ་ཆོས་ཀྱི་བློ་གྲོས་ཀྱིས་ཁ་ཆེའི་གནས་པུཥྤ་ཧ་རིར་བསྒྱུར་བའོ།།


previousཆོས་དྲུག་གི་མན་ངག་ཅེས་བྱ་བ།next