Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ང་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདག་གི་རྣལ་འབྱོར་ཞེས་བྱ་བ། ཏོག་ཙེ་པ།
   


 
previousབདག་གི་རྣལ་འབྱོར་ཞེས་བྱ་བ།ཏོག་ཙེ་པ།next

བདག་གི་རྣལ་འབྱོར་ཞེས་བྱ་བ།
ཏོག་ཙེ་པ།


DTG052_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཏྨ་ཡོ་ག་ནཱ་མ། བོད་སྐད་དུ། བདག་གི་རྣལ་འབྱོར་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སྤྱོད་ལ་མཁས་པ་ཡིས། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། །དངོས་གྲུབ་ཆེད་དུ་ལས་སྒྲུབ་ཐབས། །དེ་ནས་དེ་ལ་ཡང་དག་བཤད། །འཇིག་རྟེན་ཐར་ལ་བ་རྟེན་ཕྱིར་ཡང༌། །འཁོར་ལོ་དྲུག་གི་ཆོ་ག་དང༌། །དེ་བཞིན་ལས་སྦྱོར་ཆོ་ག་ཡིས། །ལས་ཀྱི་སྒྲུབ་ཐབས་མཆོག་བྱའོ། །གང་ཞིག་རྣམ་པར་ཤེས་ཙམ་གྱིས། །སངས་རྒྱས་ཉིད་ནི་ངེས་འཐོབ་པ། །བདག་ཉིད་ཀྱི་ནི་སྒྲུབ་ཐབས་མཆོག །དེ་ཕྱིར་དེ་ལས་བཤད་པར་བྱ། །དང་པོར་རེ་ཞིག་བཤད་ལམ་ནས། །སུམ་མདོ་རུ་ནི་དགུག་བྱ་སྟེ། །སྒོ་བཞི་འདབ་མ་བཞི་པ་ལ། །གེ་སར་རྒྱན་གྱིས་དགེ་བྱས་པ། །དེ་ཡི་དབུས་ན་ངེས་ཕྱུང་བའི། །བནྡྷུ་ཀ་མཚུངས་ས་བོན་དམར། །དེ་ནས་འཁོར་ལོ་ལ་གནས་ལྔ། །


DTG052_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་འཇིགས་སུ་རུང་བའི་གཟུགས། །འཇིགས་བྱེད་ཅེས་བྱར་བསྒྲགས་པ་ནི། །འཇིགས་པ་འཇོམས་པས་འཇིགས་བྱེད་དོ། །གཉིས་པ་ལྟེ་བའི་དབུས་གནས་ཤིང༌། །ལག་འགྲོའི་རྣམ་པར་རབ་ཉལ་པ། །དེ་ལ་འཁྱིལ་བར་བསྒྲགས་པ་སྟེ། །འཆར་དང་ནུབ་པའི་རྒྱུ་ཡིན་ནོ། །མེ་ཡི་ས་བོན་རེ་ཕས་ཀྱང༌། །གྲུ་གསུམ་པ་ཅན་མེ་ཡི་ལྷ། །ཁ་དོག་དམར་ཞིང་ལུས་ཆེ་བ། །འབར་བའི་ཕྲེང་བའི་འོད་འཁྲིགས་བའོ། །གསུམ་པ་སྙིང་གའི་འཁོར་ལོ་ནི། །སུམ་ཅུ་རྩ་དྲུག་འདབ་མར་ཁྱབ། །པདྨའི་སྣལ་མ་དང་འདྲ་ཞིང༌། །ཉི་མ་དང་མཉམ་གཟི་བརྗིད་ཅན། །སྣ་ཚོགས་པདྨ་འདབ་བརྒྱད་ཀྱི། །ལྟེ་བའི་ཟེའུ་འབྲུ་ལ་གནས་པ། །ནཱ་ད་ཐིག་ལེར་ཡང་དག་ལྡན། །སེམས་ཀྱི་རྡོ་རྗེ་དེ་བཞིན་གཤེགས། །བཞི་པ་མགྲིན་བ་ལ་གནས་པའི། །རྩ་ཡི་ཚོགས་ཀྱི་སྤྱོད་ཡུལ་ནི། །རྩ་རྣམས་ཐམས་ཅད་ཚོགས་པ་སྟེ། །རྫུ་འཕྲུལ་ལ་སོགས་སྤྱོད་ཡུལ་ལོ། །བཅུ་དྲུག་འདབ་མའི་ཟེའུ་འབྲུ་ལ། །གསུང་གི་རྡོ་རྗེ་དེ་བཞིན་གཤེགས། །རྐན་དང་མགྲིན་པ་རྣམ་དག་ཆེ། །ཁ་དོག་དམར་པོ་དཔལ་ལྡན་ཆེ། །ལྔ་པ་ཚངས་པའི་བུག་པར་ནི། །དུས་གསུམ་ནམ་མཁའི་སྤྱོད་ཡུལ་ཏེ། །ནམ་མཁའ་ལས་འདས་མཆོག་ཏུ་ཕྲ། །ཐིག་ལེའི་གཟུགས་ཅན་དབྱངས་དབང་ཕྱུག །འཁོར་ལོའི་ངེས་པ་དྲུག་པ་རྐན། །ལྷ་རྣམས་ཀྱིས་ཀྱང་རྙེད་དཀའ་བ། །ཟླ་བ་ཆུ་ཤེལ་དང་མཚུངས་པ། །འཛག་པ་ཞེས་བྱ་བསམ་པར་བྱ། །སོ་གཉིས་བདུད་རྩིའི་ཆ་ཤས་རིགས་ཀྱི་ནི། །འཁོར་ལོར་གནས་པ་སྐུ་ཡི་རྡོ་རྗེ་སྟེ། །དེ་བཞིན་གཤེགས་པ་ཁ་དོག་དཀར་པོ་ཆེ། །རལ་པའི་ཅོད་པན་ལ་བརྒྱན་དཔལ་ལྡན་ནོ། །དེ་བཞིན་སྤྱི་བོའི་རྩ་བར་ནི། །འཁོར་ལོ་ཟླ་བ་ཟླུམ་པོས་བརྒྱན། །ཆོས་ཀྱི་དབྱིངས་དང་དེ་བཞིན་ལྷ། །ཐིག་ལེ་ཡི་ནི་གཟུགས་རང་བཞིན། །ཡེ་ཤེས་རྣམ་ཤེས་སྦྱོར་བ་དང༌། །སུམ་ཅུའི་དབང་ཕྱུག་


DTG052_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བྱད་དེ། །རྫུ་འཕྲུལ་དངོས་གྲུབ་སྦྱིན་པ་དང༌། །ཐར་པའི་ལམ་སྦྱིན་དེ་ཞེས་བྱའོ། །བདག་གི་རྣལ་འབྱོར་ཞེས་བྱ་བ། །ཏོག་རྩེ་བའི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་སང་ན་ག་རའི་མཁས་པ་ཆེན་པོ་ནགས་ཀྱི་རིན་ཆེན་གྱི་སྤྱན་སྔར། དགེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེས་བསྒྱུར་བྱའོ།།


previousབདག་གི་རྣལ་འབྱོར་ཞེས་བྱ་བ།ཏོག་ཙེ་པ།next