Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ང་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཤེས་རབ་བརྩམ་པ་དུས་ཀྱི་གཏམ།  གཉིས་མེད་རྡོ་རྗེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཤེས་རབ་བརྩམ་པ་དུས་ཀྱི་གཏམ། གཉིས་མེད་རྡོ་རྗེ།next

ཤེས་རབ་བརྩམ་པ་དུས་ཀྱི་གཏམ།
གཉིས་མེད་རྡོ་རྗེ།


DTG053_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པྲཛྙཱ་ཏཪྴ་གནྦྷོ་ཤི་པཱ་རི་ཀ་ཐཱ་ནཱ་མ། བོད་སྐད་དུ། ཤེས་རབ་བརྩམས་པ་དུས་ཀྱི་གཏམ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ་ཕྱག་འཚལ་ལོ། །བདེ་ཆེན་འཁོར་ལོ་ཟག་མེད་སྤྲོས་པ་རྒྱས་པའི་སྐུ་དང་ཆོས། །ཚོགས་བའི་ཞིང་དང་དངོས་གྲུབ་རྩ་བ་རྣམས་ལ་ཕྱག་འཚལ་ཏེ། །གལ་ཏེ་བརྩོན་འགྲུས་ཕ་རོལ་ཕྱིན་བའི་དུས་མིན་གྱི། །ཡིན་པའི་རྟགས་དང་ལྡན་དུས་རྟག་ཏུ་བཟོད་མེད་བརྩམ། །སློབ་དཔོན་སློབ་མ་ཚོལ་བ་དང༌། །རིན་ཆེན་རྙེད་པར་བསྒྲུབ་པ་དང༌། །སློབ་མ་དོན་དྲིན་སླར་འདོན་དང༌། །དབང་བསྐུར་མེད་པར་སླར་འདོད་དང༌། །རེ་བའི་གོས་ཀྱིས་འགྲོ་བ་དང༌། །ལྕི་བའི་ཟས་ཀྱིས་འཚོ་བ་དང༌། །མི་ཕྱེད་རྙེད་སོགས་རྩོད་པ་དང༌། །དྲག་པོས་གཞན་ཟིལ་གནོན་འདོད་དང༌། །སྐུ་གཟུགས་རྩོད་པས་འཇིག་པ་དང༌། །མིག་ཅན་འགྲན་ཟླས་རྩོད་གྱུར་དང། །དགེ་སློང་གནས་ལ་རྩོད་པ་དང༌། །གྲུབ་མཐའ་སྐུར་བས་སུན་འབྱིན་དང༌། །འགྲོ་རྣམས་སྤྱོད་པ་ལྟ་བ་དང༌། །མཁའ་འགྲོ་འབྲས་བུར་འཕོ་བ་དང༌། །རིན་ཆེན་གྲགས་པ་འདས་པ་དང༌། །མི་རྣམས་གཡོ་སྒྱུས་འཚོ་བ་དང༌། །ཤིང་རྣམས་གཡབ་མོས་གཡབ་པ་དང༌། །རི་རྣམས་ཚེ་ངེས་འདེབས་པ་དང༌། །ཆུ་རྣམས་མེ་ཡི་འོད་འབྱིན་དང༌། །སྐལ་བ་ཅན་ལ་གྲགས་མིན་བརྗོད། །རྩོད་རྟགས་ཉི་ཤུ་རྫོགས་པ་ཡིས། །བྲམ་ཟེ་མོ་ཡི་མར་མེ་འདྲ། །ཀྱེ་ལྷ་དང་དྲང་སྲོང་འཚོ་བའི་དུས་འདས་བསམ། །སྙིང་རྗེས་དམན་པ་རྗེས་འཛིན་ཟླ་འབྱུང་དུས། །སྐྱབས་


DTG053_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འགྲོ་བ་དམ་པའི་རྟེན་འབྲེལ་ན། །འཆིང་བའི་དུས་ཚེ་སྡུག་བསྔལ་སོགས་འབྱུང་འགྱུར། །ཀྱེ་སྐྱེ་བ་བཟང་ཐོབ་སྐྱེས་དན་བུད་མེད་ཀྱིས། །ལུས་དང་ངག་ཡིད་སྔོམ་པ་མཆོག་གསུམ་ལ། །བརྩེ་ལྡན་དམིགས་མེད་འབྲེལ་བ་མི་གནས་པ། །དམ་པར་འགྱུར་ཚུལ་བྲལ་ན་ངེས་པར་འཆིང༌།། ཀྱེ་དངོས་གྲུབ་ཉེ་བར་རྙེད་པར་མ་བཙལ་ན། །རང་གི་བདེ་ཆེན་འབད་ས་རྟོགས་མི་འགྱུར། །འོད་གསལ་མ་བརྙེས་ཉོན་མོངས་ལམ་མི་འགྱུར། །ངག་དང་མི་ལྡན་ཆོས་ཉིད་རྒྱས་གདབ་བྲལ། །བདེན་པ་བྲལ་བས་ངེས་འབྱིན་རྙེད་མི་འགྱུར། །བརྟུལ་ཞུགས་བརྟན་ཏེ་མ་བྱས་གསལ་མི་རྙེད། །སེམས་ཀྱི་མེ་ལ་ཚེ་བྲལ་བས་མཆོག་ཐོབ་མིན། །དབང་པོ་མ་ཡེངས་སྐྱེ་བ་རྣལ་འབྱོར་རྣམས། །འདོད་པས་མ་གཡེང་བྱ་བ་ལ་མི་འཇུག །མན་ངག་འགྲོ་ལ་མ་གཡེངས་ཉིད་མ་ལྡོག །དམ་པའི་བརྒྱུད་པ་མ་བསྐམ་འབྲས་མ་བཅད། །ཀྱེ། ཀྱེ་མ་རྟག་ཏུ་ཕྱི་ནང་མཉམ་པར་བལྟ། །དུས་ནི་ཡུན་ཐུན་འདི་ལམ་རྫོགས་ན། །དུས་འགྱུར་བ་ཡིས་དུས་རབ་རྙེད་མི་འགྱུར། །དེ་བས་བརྩོན་འགྲུས་དུས་ལ་བབ་ཀྱིས་བྱོས། །རྟོགས་པའི་སངས་རྒྱས་བྲམ་ཟེ་སྟེ། །འདོད་ལ་རབ་ཆགས་བྷ་བྷི་ཏི། །ངོམས་མེད་ཉམས་བྲལ་བྷ་ལོ་ཤ་།ད་ནི་དུས་འདས་ཉི་མ་འདྲ།། བདག་གིས་གདམས་པ་འདི་བྲིས་པས། །རིམ་གྱིས་ལམ་ལ་རྩོལ་འགྱུར་ཤོག །ཤེས་རབ་བརྩམ་པ་དུས་ཀྱི་གཏམ་ཞེས་བྱ་བ་བྷངྒ་ལའི་མཁས་པ་དཔལ་ངེས་པར་སྦྱངས་པ་དཔལ་ལྡན་གཉིས་སུ་མེད་པའི་རྡོ་རྗེས་བྲམ་ཟེ་བྷ་ལོ་ལ་གདམས་པ་རྫོགས་སོ།། །།


previousཤེས་རབ་བརྩམ་པ་དུས་ཀྱི་གཏམ། གཉིས་མེད་རྡོ་རྗེ།next