Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ང་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་བཤད་པ།  འཇམ་དཔལ་གྲགས་པ།
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་བཤད་པ། འཇམ་དཔལ་གྲགས་པ།next

རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་བཤད་པ།
འཇམ་དཔལ་གྲགས་པ།


DTG053_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་ཡཱ་ན་མཱུ་ལ་པཏྟི་ཊཱི་ཀཱ། བོད་སྐད་དུ། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་བཤད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྟག་གནས་དུས་གསུམ་བདེ་གཤེགས་མཉམ་ཉིད་སྐུ། །ཁ་སྦྱར་བདེ་ཆེན་ལོངས་སྤྱོད་ཡོངས་


DTG053_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་དཔལ། །བདུད་བཞི་ལས་རྒྱལ་འགྲོ་ཀུན་རེ་འདོད་སྐོང༌། །ཐུགས་རྗེ་བདག་ཉིད་འཇམ་མགོན་ཕྱག་འཚལ་ཏེ། །འདིར་ནི་མི་མཁས་གསང་སྔགས་དོན་ལ་མངོན་རྨོངས་པའི། །དབང་བསྐུར་དམ་ཚིག་མེད་དེ་ཞལ་གྱི་བདུད་རྩི་བྲལ། །བདུད་ཀྱིས་མངོན་བསླུས་རང་ཉིད་ཕུང་བ་ཁོ་ནར་ཟད། །སྙིང་རྗེ་གསོ་ཐབས་བདུད་རྩི་འདི་ནི་བཤད་པར་བྱ། །ལམ་མཆོག་རྣམས་ཀྱི་གཞིར་འགྱུར་དམ་ཚིག་འདི། །ཐེག་མཆོག་རྒྱུད་ཀུན་ལས་ནི་རབ་བསྟན་པ། །སློབ་དཔོན་གཞན་དག་གཞན་དུ་འཆད་དེ་འདི་ཡི་དོན། །བདག་གིས་བླ་མ་ལས་རྙེད་ཐེག་མཆོག་སྤྱོད་པ་ཉོན། །དེ་ལ་གསང་སྔགས་ཀྱི་ཚུལ་སྤྱོད་པ་རྣམས་ཀྱིས་སྐྱེ་བ་མེད་པའི་རྒྱུད་ཁོང་དུ་ཆུད་པར་བྱ་སྟེ། འགྲོ་བ་ཐམས་ཅད་སྙིང་རྗེས་བསྒྲལ་བའི་སེམས་སྔོན་དུ་བཏང་བ་ཐིག་ལེ་ཆེན་པོ་ཡོངས་སུ་རྫོགས་པར་འདོད་པས་མཚན་ཉིད་དང་ལྡན་པའི་སློབ་དཔོན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་མངོན་སུམ་དུ་སྣང་པའམ། གཞོན་ནུ་མ་ལ་ཕབ་སྟེ་དཀྱིལ་འཁོར་འདྲི་བའམ། ཡང་ན་དེ་ཉིད་བཅུ་དང་ལྡན་པས་མངོན་དུ་བྲིས་པས་བུམ་པའི་དབང་དང༌། གསང་བའི་དབང་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། ཡོངས་སུ་རྫོགས་པའི་ཆོ་ག་དང་ལྡན་པའི་སློབ་མ་ལ་སློབ་དཔོན་གྱིས་རྩ་བའི་དམ་ཚིག་ཕམ་པ་དང༌། ལྟུང་བ་དང༌། ལྕི་བ་དང༌། སྦོམ་པོ་དང༌། ཡན་ལག་དང༌། ཉེས་བྱས་དང༌། ཕྲ་མོ་དང༌། ཉེས་པ་མེད་པ་དང༌། དམ་ཚིག་གི་ཚོགས་རྣམས་དཔོག་པར་བྱའོ། །དེ་ནས་བསྐྱེད་པའི་རིམ་པ་དང་རྫོགས་པའི་ཚུལ་གྱིས་བསྒྲུབས་ན་ཆོ་གཅིག་ལ་སོགས་པས་མཆོག་གི་དངོས་གྲུབ་དང༌། ཐུན་མོང་གི་དངོས་གྲུབ་རྣམས་ཞར་ལ་རྒྱས་པར་འགྱུར་རོ། །དེ་ནས་ལྷུན་གྱིས་གྲུབ་པའི་དོན་ཐོབ་ནས་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་རྟོག་པ་མེད་པར་སེམས་ཅན་གྱི་དོན་བྱེད་པ་ནི་གསང་སྔགས་ཀྱི་ཚུལ་ལོ།། །།གཞན་དག་རྡོ་རྗེ་རྩེ་མོའི་རྒྱུད་ལ་སོགས་པ་བྱ་བ་སྤྱོད་པ་གཙོ་བོར་གྱུར་པ་ལས་ཀྱང༌། གཉིས་སུ་མེད་པའི་དོན་ཁོང་དུ་ཆུད་ཅིང་དམ་ཚིག་ཅན་གྱི་སྐྱེ་བོས་བརྟགས་པའི་ལྷ་དང་ཡེ་ཤེས་ཀྱི་ལྷ་དང་དབང་པོའི་སྒོ་མཉམ་པར་སྦྱར་ནས། དཀའ་ཐུབ་དང༌། དཀའ་སྦྱང་དང་


DTG053_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུས་ལ་སོགས་པའི་ལས་དང་བྱ་བ་གཙོར་མི་འཛིན་པར་འགྲུབ་པར་གསུངས་ཏེ། དེ་སྐད་དུ་ཡང༌། ཁྲུས་དང་གཙང་སྤྲ་འདིར་མི་དགོས། །དཀའ་ཐུབ་དཀའ་སྤྱད་འདིར་མི་དགོས། །སངས་རྒྱས་རྣམས་དང་སེམས་དཔའ་ཆེ། །རྟག་ཏུ་སྦྱོར་བས་འགྲུབ་པར་འགྱུར། །ཞེས་འབྱུང་བ་དང༌། གཞན་ཡང་ཐིག་ལེ་མཉམ་གནས་ཀྱི་རྒྱུད་ལས། བདེ་བ་ཆེན་པོའི་ངང་གནས་ན། །དམ་ཚིག་མེད་ཅིང་སྡོམ་པ་འང་མེད། །བྱ་དང་བྱེད་བ་རྩོལ་བ་མེད། །ནམ་མཁའ་ལྟ་བུར་འགྲུབ་པར་འགྱུར། །ཞེས་འབྱུང་བ་དང༌། བྱང་ཆུབ་ཀྱི་སེམས་འབྱུང་བའི་རྒྱུད་ལས། བྱང་ཆུབ་སེམས་ལ་མཉམ་གནས་ན། །དམ་ཚིག་སྡོམ་པ་ཉམས་མ་ཡིན། །ཞེས་འབྱུང་བ་དང༌། ཐུགས་གསང་བའི་རྒྱུད་ལས་ཀྱང༌། སྤྲོས་མེད་ཐིག་ལེའི་དང་གནས་ན། །བྱ་བ་མ་ཡིན་སྤྱད་ཀྱང་འགྲུབ། །ཅེས་འབྱུང་བ་དང༌། རྟོག་པ་ཡོངས་སུ་ཟད་པའི་རྒྱུད་ལས་ཀྱང༌། དམ་ཚིག་ལ་སོགས་བརྟགས་པས་འཆིང༌། །སྒྱུ་མའི་སྦྱོར་ཤེས་སྟོང་པས་འགྲུབ། །ཅེས་འབྱུང་བ་དང༌། མཁའ་འགྲོ་མ་གསང་བ་མཛོད་ལས་ཀྱང༌། འདི་ལྟར་སྣང་བའི་དངོས་པོ་རྣམས། །སྒྱུ་མ་ལྷ་དང་ལྷ་མོར་གནས། །བསྡམ་བྱ་མེད་ཅིང་སྡོམ་བྱེད་མེད། །རྩ་དང་རླུང་དང་ཐིག་ལེ་མེད། །སྟོང་པ་ཉིད་ཀྱིས་འགྲུབ་པར་འགྱུར། །ཞེས་འབྱུང་བ་དང༌། གཞན་ཡང་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཐམས་ཅད་ལས་ཀྱང༌། བདེ་བ་ཆེན་པོའི་དོན་རྟོགས་ན། །སྨྱུང་བར་གནས་པ་ལ་སོགས་པ། །དམན་པའི་སྤྱོད་པ་བཤད་པས་ན་ཟབ་མོའི་དོན་རྡོ་རྗེ་ཐེག་པ་རྣམས་ཀྱིས་ནི་རང་བཞིན་གྱིས་གནས་པའི་ལྷའི་སྦྱོར་བས་རྟག་པར་ཐིག་ལེ་ཆེན་པོ་མཉམ་པ་ཉིད་ལ་གནས་ན། དངོས་གྲུབ་ཀྱི་མཆོག་སྐུ་གསུམ་ཡེ་ཤེས་ལྔ་ལ་སོགས་པ་ཐོབ་པར་འགྱུར་རོ། །གཞན་དག་བྱ་བ་དང་སྤྱོད་པའི་རྒྱུད་རྡོ་རྗེ་ཐེག་པ་མ་ཡིན་ནམ། དེ་དག་ལས་ནི་ལས་དང་བྱ་བས་འགྲུབ་པར་བཤད་ན། གཞན་ཡང་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ལས་ཀྱང་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཆོགས་ཀྱིས་ཐམས་ཅད་མཁྱེན་པ་རྒྱུའི་གཙོ་བོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་དག་ནི་བཅོམ་ལྡན་འདས་ཀྱིས་དགོངས་ཏེ་བཤད་པ་ཡིན་ནོ། །བུས་པ་བློ་དམན་


DTG053_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། སྤྲོས་བཅས་ལ་དགའ་བ་དང༌། ཤིན་ཏུ་ཟབ་མོའི་དོན་ལ་འཇིགས་པ་རྣམས་ཉེ་བར་གཟུང་བའི་ཕྱིར་གསུངས་པ་ཡིན་ནོ། །དེ་སྐད་རུ་ཡང༌། གསང་སྔགས་ཀྱི་དོན་ལ་དེ་ཁོ་ན་ཉིད་ལ་འཇུག་པ་ལས། སྟོང་ཉིད་ལྟ་བས་གྲོལ་འགྱུར་ཏེ། །སྒོམ་པ་ལྷག་མ་དེ་དོན་ཡིན། །ལུས་ངག་ཡིད་ཀྱི་སྤྱོད་པ་ཀུན། །ཐེག་པ་དམན་ལ་བསྟན་པ་ཡིན། །ཞེས་འབྱུང་བ་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། དེ་ཉིད་ཚོལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་སྨྲ་བར་བྱ། །དོན་རྣམས་རྟོགས་ཤིང་ཆགས་མེད་ལ། །ཕྱིས་ནི་རྣམ་པར་དབེན་དོན་ཉིད། །ཅེས་བཤད་པས་སོ། །གཞན་དུ་འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལས་ཀྱང༌། ལག་ན་རྡོ་རྗེ་ངས་སེམས་ཅན་རྣམས་ཀྱི་བློའི་ཁྱད་པར་དང༌། རིགས་ཀྱི་བྱེ་བྲག་གིས་ཐེག་པའི་ཁྱད་པར་རྣམས་བསྟན་ཏེ། ལ་ལ་ལ་ཕྱི་རོལ་པའི་ཚུལ་ལོ། །ལ་ལ་ལ་ཉན་ཐོས་ཀྱི་ཐེག་པའོ། །ལ་ལ་ལ་རང་སངས་རྒྱས་ཀྱི་ཐེག་པ་དང༌། གཞན་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། རིག་པ་འཛིན་པའི་རྒྱུད་དཔག་ཏུ་མེད་པ་བསྟན་ཀྱང༌། ཐེག་ལེ་ཆེན་པོ་ཡི་གེ་མེད་པ་བརྡ་དང་བྲལ་བས་གཉིས་སུ་མེད་པས་སངས་རྒྱས་པར་རིག་པར་བྱའོ་ཞེས་གསུངས་པས་གསལ་བར་བྱས་པས་རིག་པར་བྱའོ། །གཞན་ཡང་རྡོ་རྗེ་རྩེ་མོ་ལ་སོགས་པའི་ཁུངས་དང༌། རྡོ་རྗེ་གཙུག་ཏོར་ལས་ཀྱང༌། དེ་ཁོ་ན་ལ་མཉམ་གནས་ན། །དམ་ཚིག་མེད་ཅིང་སྔར་སྤྱད་མེད། །རྡོ་རྗེ་དྲིལ་བུ་གཟུང་མི་དགོས། །དེ་ཉིད་བཅུ་བྲལ་འགྲུབ་པར་འགྱུར། །ཞེས་འབྱུང་བ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང༌། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ལ་སོགས་པ་རྣམས་ནི་སྤྲོས་བ་དང་བཅས་པ་སྟེ་མཚན་མར་རིག་པར་བྱའོ། །དོན་དམ་པ་ནི་ཆོས་ཀྱི་དབྱིངས་རྒྱལ་བ་རྣམས་ཀྱི་ཡུམ་མོ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །གཞན་ཡང་རྡོ་རྗེ་འཛིན་པ་ནི་དམ་ཚིག་དང་སྤྱོད་པས་ཐོབ་པ་མ་ཡིན་ཏེ། ཡང་དག་པའི་ལྟ་བ་དང་བྲལ་བས་རིག་བྱེད་གསང་ཚིག་གི་ཆོ་ག་བཞིན་ནོ། །དེའི་ཕྱིར་ན་སྟོང་པ་ཉིད་ཀྱི་དོན་རྟོགས་ན་ལུས་ངག་གི་སྤྱོད་པ་དང་དམ་ཚིག་ལ་སོགས་པ་ཐེག་པ་འོག་མའི་ཚུལ་ཡིན་ཏེ། རྣལ་འབྱོར་ཆེན་པོའི་རྒྱུད་ལས་


DTG053_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དམ་ཚིག་དང་བྱ་སྤྱོད་ལ་སོགས་པ་མི་དགོས་ཏེ། དེ་ལྟར་རྟོགས་པ་ནི་ཟབ་མོའི་དོན་ཁོང་དུ་ཆུད་པ་ཡིན་ནོ་ཞེས་སློབ་དཔོན་གཞན་དག་ཟེར་རོ། །དེ་ཡན་ཆོད་ངེས་དོན་ནོ།། །།ཕྱོགས་གཞན་དག་ལ་ཡང་དབང་བསྐུར་པའི་ཆོ་ག་དང༌། དཀྱིལ་འཁོར་གྱི་ལས་དང༌། དམ་ཚིག་གི་སྦྱོར་བ་ལ་གནས་ན་ལྟ་བ་གཙོ་བོར་གྱུར་པ་མ་ཡིན་ཏེ། ཐུན་མོང་དང་མཆོག་གི་དངོས་གྲུབ་རྟེན་ཅིང་འབྲེལ་པའི་དངོས་པོས་ཀྱང་འབྱུང་བར་འགྱུར་རོ། །དེ་དག་ཀྱང་ཅིའི་ཕྱིར་ཞེ་ན། ལུང་དང་རིག་པ་དག་སྟེ། རྡོ་རྗེ་ས་འོག་གི་རྒྱུད་ལས། དཀྱིལ་འཁོར་རྫས་ཀྱི་སྦྱོར་ལྡན་ཞིང༌། །སྦྱིན་སྲེག་ལས་ཀྱི་དེ་ཉིད་ཤེས། །དམ་ཚིག་སྡོམ་པའི་རྒྱུད་ལྡན་ན། །མཚན་མར་བལྟས་ཀྱང་གྲོལ་བར་འགྱུར། །ཞེས་འབྱུང་བའི་ཕྱིར་དང༌། གཞན་ཡང་སྐུ་ཁྲོས་པའི་རྒྱུད་ལས། ལས་ཀྱི་སྦྱོར་བ་རབ་ཤེས་ཤིང༌། །གསང་སྔགས་སྦྱོར་བའི་ཚུལ་བདུན་ལྡན། སྤྲོས་བཅས་སྤྱོད་པ་རབ་བ་མཁས་ན། །སྤྲོས་པ་ཉིད་ཀྱིས་གྲོལ་བར་འགྱུར། །ཞེས་འབྱུང་བའི་ཕྱིར་དང༌། གཞན་ཡང་གཅིག་ཏུ་སྤྲོས་པའི་རྒྱུད་ལས། མཉམ་ལྡན་དེ་ཉིད་བཅུ་ཤེས་ན། །དངོས་པོར་ཞེན་པས་བགེགས་མི་འགྱུར། །ཞེས་འབྱུང་བ་དང༌། གཞན་ཡང་དམ་ཚིག་རྟོགས་པའི་རྒྱལ་པོའི་རྒྱུད་ལས། སྦྱོར་ལ་གནས་པ་ཆོ་གའི་མཆོག །གསང་སྔགས་ཆོ་ག་སྦྱོར་བས་འགྲུབ། །ཅེས་འབྱུང་བ་དང༌། དེ་ཉིད་བསྡུས་པ་ཆེན་པོའི་རྒྱུད་ལས། གསང་སྔགས་སྤྱོད་པས་གྲོལ་འགྱུར་ཏེ། །རྡོ་རྗེ་འཛིན་པ་གསང་བའི་མཆོག །ཅེས་འབྱུང་བའི་ཕྱིར་དང༌། ཐུགས་ཁྲོས་པའི་རྒྱུད་ལས། ཟུང་དུ་འབྲེལ་པ་སྤྱོད་པའི་མཆོག །སྤྱོད་པའི་གཞིས་ནི་རྡོ་རྗེ་འཛིན། །ཞེས་འབྱུང་བ་དང༌། ཕྲིན་ལས་རྫོགས་པའི་རྒྱུད་ལས། རྡོ་རྗེ་པདྨར་རབ་སྦྱར་ནས། །བདེ་བ་ཆེན་པོ་ཆོས་ཀྱི་སྐུ། །ཞེས་འབྱུང་བའི་ཕྱིར་རོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་དོན་དེ་ཡང་དེ་ཉིད་ལས། རྣམ་པར་དབེན་དོན་མི་ཤེས་པར། །ཐོས་པ་ཙམ་ལ་འཇུག་བྱེད་ཅིང༌། །གང་དག་བསོད་ནམས་མི་བྱེད་པ། །སྐྱེས་བུ་ཐ་ཤལ་དེ་དག་བརླག །འབྲས་བུར་བཅས་པའི་ལས་རྣམས་དང༌། །འགྲོ་བ་དག་ཀྱང་ཡང་དག་བརྗོད། །དེ་ཡི་རང་


DTG053_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཡོངས་ཤེས་ན། །སྐྱེ་བ་མེད་པར་བསྟན་པ་ཡིན། །ཞེས་བཤད་པ་དེ་ཡང་བདག་ཏུ་ལྟ་བ་ལ་སོགས་པ་དགག་པ་ལས་ཀུན་རྫོབ་བསོད་ནམས་ཀྱི་ཚོགས་ཀྱིས་གྲུབ་པར་གསལ་བར་གསུངས་ན། གང་དག་ཁྱེད་ཀྱི་གཞུང་ལ་ནི། །བརླག་པར་འགྱུར་བར་གསལ་བར་གསུངས་ཏེ། གཞན་ཡངས་སངས་རྒྱས་ནི་ཆོས་ཅན་སྒྱུ་མའི་མཚན་ཉིད་འདུས་བྱས་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་ས་བོན་ལས་མྱུ་གུ་འབྱུང་བ་བཞིན་ནོ་ཞེས་ལྟ་བ་གཙོ་བོར་མི་འཛིན་པར་དམ་ཚིག་ལ་སོགས་པའི་སྤྱོད་པས་འགྲུབ་པོ་ཞེས་སློབ་དཔོན་ཁ་ཅིག་འདོད་དོ། །དེ་དག་གི་གཞུང་ལ་བརྗོད་པར་བྱ་སྟེ། རེ་ཞིག་ཕྱོགས་སྔ་མ་ལྟར་ན་དོན་དམ་པའི་ལྟ་བ་གཙོ་ཆེ་སྟེ། དམ་ཚིག་ལ་སོགས་པའི་སྤྱོད་པ་ཁྱད་དུ་གསོད་པའི་ཚུལ་འདི་རིགས་པ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་རྒྱུད་སྡེ་མཐའ་དག་དང་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ལས་ལྟ་བ་དང་སྤྱོད་པ་ཆ་མཉམ་པ་ལས་འགྲུབ་པར་གསུངས་ཏེ། གསང་བ་མཆོག་གི་རྒྱུད་ལས། སྤྲོས་པའི་དོན་ནི་རབ་རྟོགས་པ། །ཐེག་པ་མཆོག་ལ་མངོན་དད་ཅིང༌། །སྙིང་རྗེས་གཞན་གྱི་དོན་ལ་མོས། །བདུད་རྩི་ལྔ་ནི་རབ་སྤྱོད་ཅིང༌། །སྣང་སྲིད་སྒྱུ་མ་སྦྱོར་ཤེས་པས། །ལྷ་ཡི་སྦྱོར་བ་དེ་ཉིད་ཀྱིས། །བསྒྲུབ་པས་དངོས་གྲུབ་མཆོག་ཏུ་འགྱུར། །ལས་ཀྱི་དངོས་གྲུབ་སྦྱོར་ཤེས་པས། །ཞེས་འབྱུང་བའི་ཕྱིར་རོ། །གཞན་ཡང་རྡོ་རྗེ་པདྨ་སྙོམས་པར་འཇུག་པའི་རྒྱུད་ལས། གསང་བའི་བདག་པོ་གསང་སྔགས་ཀྱི་སྦྱོར་བས་གཉིས་སུ་མེད་པར་སྦྱོར་བའི་ཐབས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོ་གས་དངོས་གྲུབ་བསྒྲུབ་པར་འགྱུར་ཏེ། གསང་བའི་བདག་པོ་དཔེར་ན་སྐྱེས་བུའི་རྩོལ་བ་དང༌། གཙུབ་ཤིང་དང༌། གཙུབ་སྟན་དང༌། ལག་པ་དང༌། རྩྭ་རྣམས་འདུས་པ་ལས་མེ་འབྱུང་བ་བཞིན་དུ་གསང་སྔགས་ཀྱི་སྦྱོར་བ་ཡང་སྟོང་ཉིད་ཀྱི་དོན་དང༌། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆེ་བ་དང༌། དབང་དང་དམ་ཚིག་ཐོབ་པས་འགྲུབ་པར་འགྱུར་གྱི། གཞན་དུ་ན་ལྟུང་བར་འགྱུར་རོ་ཞེས་འབྱུང་བ་དང༌། དུར་ཁྲོད་གསང་བའི་རྒྱུད་ལས་འཇམ་དཔལ་གསང་སྔགས་ལ་མངོན་


DTG053_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

པར་དད་པའི་རྣལ་འབྱོར་པས་དུར་ཁྲོད་དམ་ཆུ་འགྲམ་དུ་དོགས་པ་མེད་པའི་སེམས་ཀྱིས་བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པའི་སྦྱོར་བས་གྲུབ་པ་དང༌། སྒྲུབ་པ་ཆེན་པོ་ལ་གནས་ཏེ་ཟླ་བ་དྲུག་ཏུ་རིག་པའི་བརྟུལ་ཞུགས་སྤྱད་ན་རྡོ་རྗེ་འཛིན་བའི་ས་བཅུ་གསུམ་བསྒྲོད་པར་འགྱུར་རོ་ཞེས་བཤད་པ་དང༌། དམ་ཚིག་བཀོད་པའི་རྒྱུད་ལས། རྡོ་རྗེ་འཛིན་པའི་ཚོགས་རབ་ཏུ་ཉོན་ཅིག །ཕྱི་རབས་ཀྱི་རྣལ་འབྱོར་པས་བྱང་ཆུབ་ཀྱི་སེམས་སྙིང་རྗེ་ཆེན་པོ་དང༌། ཕྱིན་ཅི་མ་ལོག་པའི་དམ་ཚིག་ཡོང་སུ་འཛིན་པ་དང༌། དོགས་པ་མེད་ཅིང་ཐེ་ཚོམ་དང་བྲལ་བ་དང༌། རང་གི་ལུས་ལ་ཆགས་པ་མེད་ཅིང་སེམས་ཅན་གྱི་དཔོན་ལ་དགའ་བ་དང༌། གསང་སྔགས་ཀྱི་ལས་ཀྱི་ཆོ་ག་ཤེས་པ་དང༌། དེ་དག་ཀྱང་ཆོས་དབྱིངས་ལས་མ་གཡོས་ན་སངས་རྒྱས་ཀྱི་ས་ཡོངས་སུ་འཛིན་པར་འགྱུར་རོ་ཞེས་འབྱུང་བ་དང༌། དེའི་ཕྱིར་ན་སྒྱུ་མ་མཁན་གྱིས་ཇི་ལྟར་རྫས་དང་སྔགས་ཀྱི་ཁང་བཟངས་ལ་སོགས་པ་བཞིན་དུ་འདི་ལྟར་ཡང་ཆོ་ག་འདུས་པས་འགྲུབ་པར་འགྱུར་ཏེ། ཇི་སྐད་དུ། དཔེར་ན་སྒྱུ་མ་མཁན་པོ་འགས། །སྒྱུ་མ་ཐར་པར་བྱ་ཕྱིར་བརྩོན། །གང་ཕྱིར་དེ་ནི་མངོན་ཤེས་པས། །སྒྱུ་མ་ལ་ནི་དེ་མི་ཆགས། །དེ་བཞིན་སྲིད་གསུམ་སྒྱུ་མ་ལྟར། །རྫོགས་པའི་བྱང་ཆུབ་མཁས་པས་མཁྱེན། །ཞེས་གསུངས་ཏེ། དེའི་ཕྱིར་ཀུན་རྫོབ་དང་དོན་དམ་པ་ལ་གནས་ནས་དེ་བཞིན་གཤེགས་པ་རྣམས་ཀྱང་འགྲོ་བའི་དོན་ལ་འཇུག་སྟེ། རྣལ་འབྱོར་བ་རྣམས་ཀྱང་ཚུལ་དེ་ལས་ཉམས་པས་འགྲུབ་པ་མ་ཡིན་ནོ། །རྡོ་རྗེ་ཐོད་པའི་རྒྱུད་ལས་ཀྱང༌། མཁའ་འགྲོ་མ་རྣམས་རབ་ཏུ་ཉོན་ཅིག །འོད་གསལ་བ་ལ་སྙོམས་པར་ཞུགས་ནས། སྤྲོས་བཅས་ཀྱི་སྤྱོད་པ་ཡོངས་སུ་རྫོགས་ན་ཞིང་ལས་སྐྱེས་པ་དང༌། སྔགས་ལས་སྐྱེས་པ་ལ་སོགས་པས་དངོས་གྲུབ་ཐམས་ཅད་བྱིན་ཅིག་ཅེས་འབྱུང་བ་དང༌། རྒྱན་དམ་པའི་རྒྱུད་ལས་ཀྱང༌། ཀུན་རྫོབ་སྤྲོས་བཅས་ཡོངས་རྫོགས་ཤིང༌། །སྤྲོས་མེད་མཚན་མ་མེད་བལྟས་ན། །ཚེ་གཅིག་དངོས་གྲུབ་མཆོག་ཏུ་འབྱུང༌། །ཞེས་འབྱུང་བ་དང༌། གཞན་ཡང་དཔལ་གསང་བ་འདུས་པ་ཆེན་པོ་ལས། སྤྲོས་བཅས་སྤྱོད་པ་ལ་གནས་ཤིང༌། །སྤྲོས་


DTG053_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མཚན་མ་མེད་གནས་ཏེ། །རྡོ་རྗེ་གླུ་ཡིས་ཡོངས་བསྐུལ་ནས། །ལྷ་མོའི་ཚོགས་དང་མཉམ་དུ་རོལ། ཞེས་འབྱུང་བ་དང༌། ཐིག་ལེ་གཅིག་པའི་རྒྱུད་ལས། དཔའ་བོས་རྣལ་འབྱོར་ཡོངས་བྱས་ཏེ། །བསྒྲུབས་ཀྱང་དངོས་གྲུབ་མ་ཐོབ་སྟེ། །མཚན་མ་མེད་པས་ལྷ་བསད་དེ། །བདེན་པ་གཉིས་ཀྱིས་འགྲུབ་པར་འགྱུར། །ཞེས་འབྱུང་བ་དང༌། ལས་རྒྱ་མཚོའི་རྒྱུད་ལས། སྤྲོས་བཅས་ལ་ནི་བརྟེན་ནས་ཀྱང༌། །སྤྲོས་པ་མེད་པ་རབ་ཏུ་སྐྱེ། །མཚན་མ་གཟུགས་ཀྱི་སྐུ་ཉིད་ཀྱང༌། །འགྲོ་བའི་དོན་ལ་རྟག་ཏུ་འཇུག །ཅེས་འབྱུང་བ་དང༌། གཞུང་འབུམ་པ་ལས་ཀྱང༌། སྙིང་རྗེས་མྱ་ངན་འདས་མི་གནས། །ཤེས་རབ་ཀྱིས་ནི་འཁོར་བ་མིན། །མཐའ་གཉིས་རྣམ་པར་དོར་ནས་ཀྱང༌། །རྟོག་པ་མེད་པས་འགྲོ་དོན་སྤྱོད། །ཅེས་འབྱུང་བ་དང༌། གསང་བ་ཤིན་ཏུ་མཐོ་བའི་རྒྱུད་ལས། དངོས་པོར་ལྟ་བ་རབ་སྤངས་ཏེ། །སྒྱུ་མ་ལྟ་བུར་སྦྱོར་ཤེས་པས། །སྔགས་པས་ཡིད་བཞིན་ནོར་བུ་ལྟར། །སེམས་ཅན་དོན་ལ་མཉམ་མེད་བྱོས། །ཞེས་འབྱུང་བ་དང༌། བཤད་པའི་རྒྱུད་རྡོ་རྗེ་ཕྲེང་བ་ལས་ཀྱང༌། གསང་སྔགས་ལྷ་ཡི་ཚུལ་གྱིས་ནི། །དངོས་གྲུབ་ཐམས་ཅད་བསྒྲུབས་པས་འགྲུབ། །ཆོས་ཀྱི་སྐུ་ལ་རབ་གནས་ཏེ། །སྤྲུལ་སྐུ་ཕྱོགས་བཅུའི་འགྲོ་དོན་བྱེད། །དེ་ལྟར་ཕྱི་རབས་རྣལ་འབྱོར་པས། །ཚུལ་དེ་ཉིད་ཀྱིས་འགྲུབ་པར་འགྱུར། །ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟར་ན་ཕྱོགས་གཉིས་ཀ་འགོག་པར་བྱེད་པའི་ལུང་བཅོམ་ལྡན་འདས་ཉིད་ཀྱིས་རྒྱུད་དེ་དག་དང༌། གཞན་ཡང་ཐེག་པ་ཆེན་པོའི་མདོ་སྡེ་དང༌། བྱ་བ་དང་སྤྱོད་པའི་རྒྱུད་མཐའ་དག་དང༌། རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་རྣམས་ལས་གཞུང་འདི་ཉིད་ཤིན་ཏུ་གསལ་བར་བསྟན་པའི་ཕྱིར། རེ་ཞིག་ཕྱོགས་དང་པོ་ལྟར་ན་དམ་ཚིག་ལ་སོགས་པའི་སྤྱོད་པ་ཁྱད་དུ་བསད་དེ་ལྟ་བ་གཙོ་བོར་བྱས་ནས་རྡོ་རྗེ་འཛིན་པའི་ས་ཐོབ་པར་འགྱུར་རོ་ཞེས་བྱ་བའི་གཞུང་འདི་ཕྱོགས་གཉིས་པའི་ལུང་དང༌། གཞུང་གཞན་དག་གིས་ཀྱང་བསལ་བ་ཡིན་ཏེ། འདི་ནི་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །རྡོ་རྗེ་རྩེ་མོ་ལ་སོགས་པའི་ཁུངས་མ་བརྗོད་དམ་ཞེ་ན། རྡོ་རྗེ་རྩེ་མོ་ལ་


DTG053_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ཁུངས་དེ་ཉིད་ལས་ཀྱང༌། ལྟ་བ་དང་སྤྱོད་པ་ཆ་མཉམ་པར་སྟོན་ཏེ། སངས་རྒྱས་རྣམས་དང་སེམས་དཔའ་ཆེ། །བདག་ཏུ་ལྟ་བས་འགྲུབ་པར་འགྱུར། །ཞེས་འབྱུང་བ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་དེ་ཉིད་ལས། རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །དམ་ཚིག་སྡོམ་ལ་གནས་པ་ཡིས། །གསང་སྔགས་རྒྱལ་པོ་འགྲུབ་པར་འགྱུར། །ཞེས་འབྱུང་བའི་ཕྱིར་རོ། །ཁྲུས་དང་གཙང་སྦྲ་འདིར་མི་དགོས། །ཞེས་བྱ་བ་ནི་སེམས་བརྟན་པར་གྱུར་ནས། ཉན་ཐོས་ལ་སོགས་པའི་ལུས་ངག་གཙོ་བོར་གྱུར་པ་དགག་པ་ཡིན་པའི་ཕྱིར་དགོངས་ཏེ་བཤད་པའོ། །གཞན་ཡང་རྒྱུད་གཞན་དག་གི་ཁུངས་རྣམས་ཀྱང་བདེན་པ་གཉིས་ཀྱི་ཚུལ་གྱིས་ལྟ་བ་དང་སྤྱོད་པ་ཆ་མཉམ་པར་གཞུང་འདི་ཉིད་ལས་གསལ་ལ། འདིར་ནི་གཞུང་མངས་ཀྱིས་དོགས་པས་བདག་གིས་མ་སྤྲོས་སོ། །བཅོམ་ལྡན་འདས་ཀྱིས་ནི་སེམས་ཅན་གདུལ་བའི་དོན་དུ་ཚུལ་སྣ་ཚོགས་ཀྱིས་བཤད་པས་ཕྱོགས་རེ་ཙམ་ལ་རྟོག་པ་ནི་རྨོངས་པའོ། །དེའི་ཕྱིར་ན་ལས་དང་པོ་པ་དང༌། སྤྲོས་བཅས་ལ་དགའ་བའི་ཕྱིར་སྤྲོས་པ་ཤས་ཆེར་བསྟན་ཏོ། །སེམས་བརྟན་པ་དང་མཚན་མ་མེད་པ་ལ་དགའ་བའི་དབང་དུ་བྱས་ཏེ་སྤྲོས་པ་མེད་པའི་དོན་ཤས་ཆེར་བསྟན་ཏོ། །དེའི་ཕྱིར་དགོངས་པའི་དོན་རིག་པར་བྱའོ། །ལས་དང་པོ་བས་ནི་དམ་ཚིག་ལ་སོགས་པ་གཙོར་གཟུང་ངོ་ཞེས་བྱ་བའི་གཞུང་ངོ༌། །ཕྱོགས་གཉིས་པ་ལྟར་ན་ལྟ་པ་ཁྱད་དུ་བསད་ཅིང་སྤྱོད་པ་ལྷུར་ལེན་པ་ཡང་ཕྱོགས་སྔ་མའི་ལུང་དང་གཞུང་གཞན་གྱིས་བཀག་པ་སྟེ། དེ་ཉིད་ཀྱི་དབང་དུ་མཛད་ནས། སྟོང་ཉིད་ལྟ་བས་གྲོལ་འགྱུར་ཏེ། །ཞེས་བྱ་བ་ལ་སོགས་པས་སྔར་བཤད་ཟིན་ཏོ། །དེས་ན་ཕྱོགས་དེ་གཉིས་ཀའི་གཞུང་གིས་ཀྱང་ཕན་ཚུན་དགག་པར་ནུས་པ་མ་ཡིན་ཏེ། དེ་ཉིད་ལ་ལྟ་བ་དང་སྤྱོད་པ་མཉམ་པས་འགྲུབ་པར་གསལ་བར་གསུངས་ཏེ། འོན་ཀྱང་སྐྱེས་བུའི་འདོད་པས་ཞུགས་པའི་ཕྱིར་འདི་ཙམ་གྱིས་ནི་བདེན་པ་གཉིས་ལ་འཇུག་པ་དགག་པར་གལ་འགྱུར་ཏེ། ཐབས་དང་ཤེས་རབ་ཀྱི་རྒྱུད་ལ་མཁས་པའི་རྣལ་འབྱོར་པ་རྣམས་དགའ་བ་བསྐྱེད་པར་ཡང་མི་འགྱུར་ཏེ། ཕྱོགས་དེ་དག་ལ་བདེན་


DTG053_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་ལ་ཇི་ལྟར་འཇུག་པ་དང༌། དེ་དག་ཕན་ཚུན་རིམ་པ་དང་རིམ་པ་མ་ཡིན་པར་སྦྱར་བ་རྒྱས་པར་ནི་བདག་གིས་མ་སྤྲོས་སོ། །དེ་ལྟར་ན་ཕྱོགས་གཉིས་ཀ་བཀག་ནས། གསང་སྔགས་ཀྱི་ཚུལ་གྱི་ནི་ལྟ་བ་དང་སྤྱོད་པ་ཆ་མཉམ་པས་འགྲུབ་བོ་ཞེས་བྱ་བ་ནི་གཞུང་ངོ༌།། །།ད་ནི་གཞུང་དབུ་མ་པ་གསལ་བར་བྱ་བའི་ཕྱིར་གཞུང་གི་དོན་ལ་འཇུག་པར་བྱ་སྟེ། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱིས་གཟུང་བ་དང་འཛིན་པའི་དངོས་པོ་ཡོངས་སུ་བཅོམ་སྟེ། ཆོས་ཀྱི་སྐུ་སྐྱེ་བ་མེད་པའི་ངང་དུ་ལྟ་བ་དང་སྤྱོད་པ་ཕྱིན་ཅི་མ་ལོག་པར་ཞོན་ཏེ་འགྲོ་ཞེས་བྱ་བའི་དོན་ཏོ། །རྩ་བ་ནི་བཅུ་བཞི་པ་སྟེ། དེ་ཆད་ནས་མ་གསོས་ན་རྡོ་རྗེའི་དམྱལ་བར་ལྟུང་ཞེས་བྱ་བའི་དོན་ཏེ། །ཡང་ན་རྡོ་རྗེ་ཐེག་པ་ནི་འབྲས་བུ་ལམ་དུ་ཞུགས་པའི་མཚན་ཉིད་དེ། སོ་སོའི་སྐྱེ་བོ་མཚན་ཉིད་དང་སྐལ་བ་ལྡན་པས་སྐུ་གསུང་ཐུགས་ཀྱི་ང་རྒྱལ་བྱས་ཏེ་སངས་རྒྱས་ཀྱི་མཛད་པ་མཐར་འབྱིན་པའི་ཕྱིར་དེས་འགྲོ་བས་ན་ཐེག་པ་སྟེ། ཐབས་དང་ཤེས་རབ་ཀྱི་རྩ་བ་ཡོངས་སུ་ཉམས་ན་མི་འདོད་པའི་འབྲས་བུ་ཐོབ་པ་ནི་ལྟུང་བ་ཞེས་བྱའོ། །དཔེར་ན་འཇིག་རྟེན་ན་ཡང་རྩ་བ་ཆད་ན་ཡལ་ག་དང་མེ་ཏོག་དང་འབྲས་བུ་མེད་དོ་ཞེས་བྱ་བ་ལྟ་བུའོ། །འདི་ནི་རེ་ཞིག་བསྡུས་པའི་དོན་ཏོ། །ད་ནི་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། དེ་ཡང་ཡ་རབས་ཀྱི་ཚུལ་དང་བསྟུན་པར་བྱ་བའི་ཕྱིར། ཀུན་ནས་དང་བས་བླ་མ་ཡི། །ཞབས་ཀྱི་པདྨར་རབ་བཏུད་དེ། །ཞེས་སྨྲོས་ཏེ། བསྟན་བཅོས་རྩོམ་པ་པོས་ལུས་ངག་ཡིད་གསུམ་ཤིན་ཏུ་དང་བས་བདག་གི་བླ་མ་གསུམ་དང་རྡོ་རྗེ་འཛིན་པ་ཐ་དད་དུ་མི་རྟོག་སྟེ། གུས་པའི་ཚུལ་གྱིས་ཞགས་དང་གདན་དང་པདྨར་བཅས་པར་བཏུད་དེ་ཕྱག་འཚལ་བའི་དོན་ཏོ། །གཞུང་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། རྩ་བའི་ལྟུང་བ་བཅུ་བཞི་ནི། །རྒྱུད་ལས་འབྱུང་བ་བཤད་པར་བྱ། །ཞེས་སྨོས་ཏེ་རྩ་བ་ནི་རྒྱུའི་དོན་ཏེ། དེ་ཆད་ན་འབྲས་བུ་ལྟུང་བའི་མཚན་ཉིད་དོ། །བཅུ་བཞི་ནི་གསལ་བའི་དབྱེ་བས་ཏེ་གཞུང་གི་ཚོགས་སོ། །ཡང་ན་རྩ་བ་ནི་ཡན་ལག་བརྒྱད་དང༌། ཉི་ཤུ་རྩ་བརྒྱད་དང༌། གསང་བ་ཆེན་པོའི་རྒྱུད་ལས་


DTG053_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་སྡེ་བཞུགས་པའི་གཞིར་གྱུར་པས་ན་རྩ་བའོ། །དེ་ལས་ཉམས་ན་ནི་ལྟུང་བའོ། །དེའི་ཕྱིར་ཐབས་ལ་བརྟེན་པ་ཁོ་ནའོ། །རྒྱུད་ནི་རྒྱུན་ཏེ། རྒྱུའི་རྒྱུད་དང༌། འབྲས་བུའི་རྒྱུད་དང༌། ཐབས་ཀྱི་རྒྱུད་དོ། །དེ་ལ་རིགས་ཀྱི་དབྱེ་བས་ནི་རྒྱུའི་རྒྱུད་དོ། །དེ་ལ་རིགས་ཀྱི་དབྱེ་བ་ལས་འབྲས་བུར་གྱུར་པ་རྡོ་རྗེ་འཆང་ཆེན་པོའི་དབྱེ་བས་ནི་འབྲས་བུའི་རྒྱུད་དོ། །རྒྱུ་ལས་འབྲས་བུ་གྲུབ་པར་བྱ་བའི་ཕྱིར་སྔགས་དང་ཕྱག་རྒྱ་དང༌། དཀྱིལ་འཁོར་ལ་སོགས་པའི་རྐྱེན་གྱིས་ཚོགས་པ་ནི་ཐབས་ཀྱི་རྒྱུད་དོ། །རྣལ་འབྱོར་གཙོ་བོར་གྱུར་པའི་རྒྱུད་ཡིན་པས་རྣ་རྣལ་འབྱོར་གྱི་རྒྱུད་དེ། །དེ་སྟོན་པར་བྱེད་པ་ཡིན་པས་ཚིག་གི་གཞུང་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ཡང༌། ཤེས་རབ་ཐབས་ཀྱི་སྙོམས་འཇུག་པ། །རྣལ་འབྱོར་ཅེས་ནི་བྱ་བར་བཤད། །གང་ཞིག་དངོས་མེད་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །རྒྱུད་ནི་རྒྱུན་ཞེས་བྱ་བར་གྲགས། །རྒྱུན་དེ་རྣམ་པ་གསུམ་འགྱུར་ཏེ། །གཞི་དང་དེ་བཞིན་རང་བཞིན་དང༌། །མི་འཕྲོགས་པ་ཡི་རབ་ཕྱེ་བ། །གཞི་དང་རང་བཞིན་རྒྱུ་ཡིན་ཏེ། །དེ་བཞིན་མི་འཕྲོགས་འབྲས་བུའོ། །གཞི་ནི་ཐབས་ཞེས་བྱ་བ་སྟེ། །རང་བཞིན་རྒྱུ་ཡི་རྒྱུད་དུ་བཤད། །གསུམ་གྱི་རྒྱུད་ཀྱི་དོན་བསྡུས་སོ། །ཞེས་བཤད་པ་ཡིན་ནོ། །ལས་ནི་ཀུན་ལ་ཁྱབ་སྟེ་མང་པོའི་དོན་དུ་སྦྱར་རོ། །དེ་ཡང་རྩ་བའི་རྒྱུད་གསང་བ་འདུས་པ་དང༌། སྙིང་པོའི་རྒྱུད་འཇམ་དཔལ་གཤིན་རྗེ་ནག་པོ་ལ་སོགས་ཏེ། རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་རྣམས་ལས་འབྱུང་བ་བཤད་པར་བྱ་ཞེས་དམ་བཅས་པའི་དོན་ཏོ།། །།ད་ནི་གཞུང་གི་ཚོགས་བཅུ་བཞི་བཤད་པར་བྱ་སྟེ། དངོས་གྲུབ་ཀྱི་རྩ་བར་གྱུར་པའི་བླ་མ་ལ་སོགས་པ་དངོས་གྲུབ་ཀྱི་གཞིར་གྱུར་པས་ཐོག་མར་བརྗོད་པར་བྱ་སྟེ། དེའི་ཕྱིར། གང་ཕྱིར་རྡོ་རྗེ་འཛིན་པ་ཡིས། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུམ། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །ཅེས་སྨོས་ཏེ། ཐུན་མོང་དང་མཆོག་གི་དངོས་གྲུབ་སློབ་དཔོན་ལས་ཐོབ་པར་གསུངས་ཏེ། གལ་ཏེ་དེ་ལས་དམ་ཚིག་ཉམས་ན་རྩ་བའི་ལྟུང་བར་འགྱུར་རོ། །ཐུན་མོང་གི་དངོས་གྲུབ་ནི་མིག་རྣོན་དང་རྐང་མགྱོགས་ལ་སོགས་ཏེ་དངོས་གྲུབ་ཆེན་པོ་


DTG053_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སོ། །མཆོག་གི་དངོས་གྲུབ་ནི་སངས་རྒྱས་ཀྱིས་བཅུ་གསུམ་པ་ལ་སོགས་པའོ། །དེ་ཐོབ་པར་བྱེད་པ་ནི་སློབ་དཔོན་ལ་རག་ལས་ཏེ་གསལ་བའི་དབྱེ་བས་རྣམ་པ་གསུམ་སྟེ། དབང་བསྐུར་བ་དང༌། མན་ངག་སྟེར་བ་དང༌། རྒྱུད་བཤད་པའོ། །དབང་གི་དབྱེ་བའི་ཚུལ་གྱིས་ནི་བུམ་པ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་དང་བཞི་པའི་འབྲས་བུའི་རྟགས་དང་རྣམ་པ་བཞིའོ། །གང་གི་ཕྱིར་ན་རྡོ་རྗེ་འཛིན་པ་ཡིས། དམ་ཚིག་བཀོད་པའི་རྒྱལ་པོའི་རྒྱུད་ལས། སྙིང་རྗེ་ལྡན་ཞིང་རབ་ཏུ་དུལ། །དཔའ་བརྟན་བརྟུལ་ཞུགས་རབ་ཏུ་ཆེ། གཏོང་ཕོད་བླ་མ་ལ་གུས་པ། །མཚན་ཉིད་ལྡན་པའི་སློབ་མ་ལ། །སློབ་དཔོན་དེ་ཉིད་བཅུ་ཤེས་པས། །དབང་ནི་གསུམ་གྱིས་རྫོགས་བྱས་ཏེ། །མན་ངག་དམ་པའི་སྣོད་ཡིན་ནོ། །གསང་སྔགས་རྒྱུད་ཀུན་དེ་ནས་སྦྱིན། །ལས་ཀྱི་སྦྱོར་བ་སྦྱིན་པར་བྱ། །གལ་ཏེ་གཅིག་ལ་གསུམ་རྫོགས་པ། །དེ་ཉིད་ཤིན་ཏུ་ལྕེ་བ་སྟེ། །གཉིས་ལ་སོགས་ཏེ་གཅིག་མཐར་ཐུག །འདི་ནི་དམ་ཚིག་སྦྱོར་བའོ། །ཞེས་འབྱུང་བའི་ཕྱིར་མཚན་ཉིད་དང་ལྡན་པའི་སློབ་མ་ལ་སློབ་དཔོན་གཅིག་གིས་དབང་བསྐུར་བ་དང༌། མན་ངག་བྱིན་པ་དང༌། རྒྱུད་བཤད་པ་དང༌། གསུམ་གང་གཅིག་ལ་ལྡན་པ་དང༌། གཉིས་གཅིག་ལ་ལྡན་པ་དང༌། གསུམ་བྱེ་བྲག་ཏུ་གནས་པའོ། །གསུམ་གཅིག་ལ་ལྡན་པ་ལ་བདུན་གྱི་སྦྱོར་བ་དང་ལྡན་པས་ལྟུང་བར་འགྱུར་ཏེ། ཉོན་མོངས་པས་ཀུན་ནས་བསླང་བའི་བསམས་པས་དེ་ལ་དེར་ཤེས་པ་དང༌། ལུས་ངག་གི་སྦྱོར་བ་དང༌། མཚོན་ཆ་ལ་སོགས་པས་འཚོ་བ་ཕྲོགས་པ་དང༌། ཡོངས་སུ་ཤེས་ཤིང་འགྱོད་པ་མེད་པ་དང༌། རྗེས་སུ་ཡི་རང་བ་དང་བདག་ཉིད་མ་འཁྲུལ་པའོ། །ཕྱིས་ཚད་དུ་བཤགས་ན་ལྟུང་བ་འབའ་ཞིག་པར་འགྱུར་རོ། །འཚོ་བ་དང་མ་ཕྲལ་ན་ལྟུང་བར་མི་འགྱུར་ཏེ་སྦོམ་པོའོ། །དེ་ཉིད་དུས་འདས་ན་ལྕི་བའོ། །ཡན་ལག་དང་མི་ལྡན་པས་དངོས་གཞི་རྫོགས་ན་ཉེས་བྱས་སོ། །གལ་ཏེ་སྦྱོར་བ་དེ་དག་ཚང་བས་འཚོ་བ་ཕྲལ་ན་ཚད་ལས་འདས་པ་སྟེ་ཕམ་པའོ། །ལྟུང་བ་དང་ཕམ་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། ཕམ་པ་ནི་སྦྱོར་བ་རྫོགས་ནས་མ་བཤགས་


DTG053_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ལྟུང་བ་ནི་འཚོ་བ་དང་ཕྲལ་ནས་བཤགས་པའི་ཚད་འོག་ནས་འབྱུང་བ་བྱས་པའོ། །འོ་ན་ཅིའི་ཕྱིར་ལྟུང་བ་ཞེས་བྱ་ཞེ་ན། རྡོ་རྗེ་དམྱལ་བ་མ་ཡིན་པ་མྱོང་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བསྐང་བའི་ཚད་ནི་སྦྱིན་སྲེག་འབུམ་ཕྲག་བདུན་ནོ། །རིག་པ་ནི་བྱེ་བ་ཕྲག་ལྔའོ། །དབང་བསྐུར་བའི་ཆོ་ག་རྫོགས་པས་ཀྱང་ངོ༌། །གཏོར་མ་ནི་བྱེ་བ་ཕྲག་གཅིག་གོ །དཀྱིལ་འཁོར་གྱི་ཆོ་ག་འབུམ་ཕྲག་གཉིས་སོ། །དེ་ལྟ་བུ་ཡོངས་སུ་རྫོགས་པ་ནི་བསྐང་པའི་ཆོ་གའོ། །ཡན་ལག་གི་གཙོ་བོ་བྱུང་བ་མ་བཤགས་ན་དུས་སུམ་ལྡན་དུ་འདས་ན་ལྕི་བ་སྟེ། གཉིས་ལྡན་གྱི་ཆ་བཞི་པས་བཤགས་སོ། །གལ་ཏེ་སྦྱོར་བ་ཡོངས་སུ་མ་རྫོགས་ན་ཆོ་གའི་ཁྱད་པར་ཡང་དེ་བཞིན་ནོ། །གཅིག་ལ་གཉིས་ལྡན་ན་ཆ་གཉིས་པའི་བསྐང་བའི་ཆོ་གའི་རྒྱུའོ། །བྱེ་བྲག་ཏུ་གནས་པ་ལ་ནི་ཆ་གཅིག་པའི་བསྐང་བའི་ཚད་དོ། །བྱེ་བྲག་ཏུ་གནས་པ་གཅིག་མ་བསྐང་བར་ལོ་གསུམ་དུ་གནས་པ་ན། སུམ་ལྡན་གཅིག་གི་ཚད་ཀྱིས་བཤགས་སོ། །གཅིག་ལ་གཉིས་ལྡན་པ་ལོ་གསུམ་གྱི་བར་དུ་གནས་ན། སུམ་ལྡན་གྱི་བསྐང་ཚད་ཕྱེད་དང་གཉིས་དུས་དེ་ཉིད་དེའི་ཚེ་ན་བསྐང་པའི་ཆོ་ག་དགུ་རྒྱུའོ། །ཡན་ལག་ཕྲ་མོ་གཅིག་བཤགས་ཚད་ནི་ཆ་གཅིག་པའི་མཆོད་བ་དང༌། མཎྜལ་སྔོན་དུ་འགྲོ་བའོ། །གཞན་བློས་ཞིབ་ཏུ་དབྱེ་བར་བྱའོ། །ཆོ་ག་ཞི་བ་མོའི་ཚུལ་གྱིས་ནི་འགོམ་པར་བྱ་བ་དང༌། བརྫི་བར་བྱ་བ་མ་ཡིན་པ་ལ་ནི་སྦྱིན་སྲེག་གཅིག་གིས་སོ། །ངག་གི་ཉེས་པ་རེ་རེ་ལ་ནི་གཏོར་མ་བཅུ་བཅུའོ། །ཡིད་ཀྱི་ཉེས་བྱས་པ་ལ་བསམ་གཏན་གྱི་སྦྱོར་བ་ལྔའོ། །གཞན་དུ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ལུས་ངག་ཡིད་ཀྱི་ཉེས་བྱས་ལ། །ལུས་ཀྱི་དཀྱིལ་འཁོར་མཆོད་རྟེན་ལ། །ངག་གི་ཡི་གེ་བརྒྱ་པའོ། །ཡིད་ཀྱི་སྒྱུ་མའི་དོན་ཤེས་ཤིང༌། །གཞན་ལ་སྦྱིན་སྲེག་དག་ཏུ་བཤད། །ཀུན་གྱི་ཁ་བསྐང་གཏོར་མ་ཤིས།། ཞེས་བཤད་པ་དང༌། གཞན་ཡང་དམ་ཚིག་བཀོད་པའི་རྒྱུད་ལས། ཕྱག་ན་རྡོ་རྗེ་ལེགས་པར་ཉོན། །དམ་ཚིག་ལས་ཀྱི་ཆོ་ག་བཤད། །གལ་ཏེ་རྩ་བའི་སློབ་དཔོན་ལ། །དམ་ཚིག་རྫོགས་པར་ཉམས་འགྱུར་ན། །དེ་ལ་བསྐང་བའི་ཆོ་ག་བཤད། །ཡོངས་སུ་བསྐང་པའི་ཆོ་ག་བྱ།།


DTG053_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་བསྐང་བ་བྱས་ན། རྡོ་རྗེ་དམྱལ་བར་གྲགས་པ་ཡི། །སྡུག་བསྔལ་མི་བཟང་མྱོང་བར་འགྱུར། །ཡན་ལག་ཉེས་པ་ལོ་ལྔའི་བར། །མ་བཤགས་དམྱལ་བ་ཆུང་ངུའི་ཚད། །དེ་ནི་ངེས་པར་འཚེད་པར་འགྱུར། །གཞན་ཡང་སྡུག་བསྔལ་འདི་དག་སྟེ། །ཤིན་ཏུ་གྲང་སྒྲིབ་ཡི་དགས་དང༌། །བྱོལ་སོང་གནས་སུ་སྐྱེ་བར་འགྱུར། །དེ་དག་བཤགས་པའི་ཆོ་ག་ནི། །གཏོར་མ་དཀྱིལ་འཁོར་སྦྱིན་སྲེག་དབང༌། །རིག་པ་བསྐང་བའི་ཆོ་ག་བྱ། །ཞེས་འབྱུང་བའི་ཕྱིར་དང༌། ལས་ཀྱི་སྦྱོར་བ་རྣམས་ངེས་པ་ཁོ་ནར་བྱ་ཞེས་དགོངས་སོ། གཞན་དུ་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་རོ། །སྐྱེ་བ་མེད་པར་རྟོགས་པ་དང༌། གཞན་གྱི་དོན་མཐོང་བ་དང༌། བར་ཆད་དུ་འགྲོ་བ་དང༌། གནང་བ་ཐོབ་པ་དང༌། ན་བ་ལ་སོགས་པ་ལ་ཉེས་པ་མེད་དོ། །གཞན་དག་ཅིའི་ཕྱིར་ཉན་ཐོས་བཞིན་དུ་ཕམ་པར་བཞག །གཞན་ཡང་གསང་སྔགས་ཐབས་ཆེ་བས་བསྐང་ཐབས་ལ་མཁས་ན་ཕམ་པར་བཞག་པར་མི་རིགས་སོ་ཞེ་ན། འདིར་ལོག་སྲེད་ཅན་ཚུལ་བཞིན་དུ་ཞུགས་ནས་སྦྱོར་བ་རྫོགས་ཀྱང་བཤགས་པའི་ཚུལ་དུ་མི་བྱེད་པ་དང༌། ཕྱི་རོལ་གྱི་ཆོས་ལ་ཞུགས་ནས་ཟབ་མོའི་དོན་ལ་རྒྱབ་ཀྱིས་ཕྱོགས་པའོ་ཞེས་བྱ་བས་ཀྱང་གཞུང་གི་དོན་བཤད་པ་དང༌། གཞན་ཡང་སློབ་དཔོན་གཞན་དང་ཚུལ་གཞན་གྱིས་དོན་དེ་ཉིད་རྒྱས་པར་བཤད་དེ། དེ་ཡང་རྡོ་རྗེ་ཐིག་ལེ་འབྱུང་བའི་རྒྱུད་ལས། དངོས་གྲུབ་འདོད་པའི་དོན་དུ་ནི། །རྟག་ཏུ་སློབ་དཔོན་བསྟེན་པར་བྱ། །དེས་ནི་འདོད་པའི་འབྲས་བུ་སྟེར། །དེ་ལས་ཉམས་ན་སྡུག་བསྔལ་འཐོབ། །དེ་ཕྱིར་བསྐང་པའི་ཆོ་ག་ནི། །ཉམས་པའི་ཚད་དང་སྦྱར་བ་སྟེ། །བླ་མ་ལས་ནི་རྒྱུར་ཤེས་བྱ། །ལྟུང་བའི་མཚན་ཉིད་ཤེས་པ་སྟེ། །ལུས་ཀྱིས་མ་སྤྱད་ཆུང་བ་སྟེ། །ཟིན་དང་མ་ཟིན་འབྲིང་དུ་བཤད། །ཟིན་ཅིང་མ་བཤགས་ཆེན་པོ་ཡིན། །ངག་གི་སྦྱོར་བའི་རྣམ་པ་ཡང༌། །མ་བརྟགས་འཁྲུལ་ན་ཆུང་བ་སྟེ། །བརྟགས་དཔྱད་ཉེས་པས་འབྲིང་དུ་བཤད། །ཚད་འདས་ཆེན་པོའི་སྦྱོར་བའོ། །རྣལ་འབྱོར་སེམས་ཀྱི་མཚན་ཉིད་ནི། །ཤིན་ཏུ་ལྕི་བའི་རིམ་པ་ཡིན། །གནོད་སེམས་གསུམ་གྱིས་བརྟག་


DTG053_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །དེ་དག་བསྐང་བའི་རིམ་པ་འདི་དག་སྟེ། །ལུས་ལས་ཉམས་པ་ཆུང་དུ་ལས། །ལུས་ཉིང་སྒྱུ་མའི་ཚུལ་གནས་བྱ། །གནང་པ་ཐོབ་པས་ཁྲག་ཕྱུང་ལ། །མཁས་པས་མཎྜལ་མདུན་བྱས་ཏེ། །བླ་མ་ཉིད་ལ་ཕུལ་ཏེ་བཤགས། །འབྲིང་དང་ཆེན་པོའི་ཚུལ་གྱིས་ནི། །ཡང་ན་སྦྱིན་སྲེག་ལྔ་ལྔས་བསྐྱེད། །གཞན་དུ་འཁོར་ལོ་བཞི་ཡི་ཚུལ། །ཆུ་ཚོད་ནས་བརྩིས་རབ་བསྒོམས་ན། །དེ་ནི་བསྐང་པའི་མཆོག་ཡིན་ནོ། །ངག་གི་བརྫུན་པར་ཤེས་པ་ཡིས། །སྨྲེ་བཤགས་བཟླས་པའི་ཕྲེང་བས་ནི། །ཚད་འདས་གསུམ་པོ་མ་ལུས་སྤྱང༌། །ཡིད་ཀྱིས་སྒྱུ་མ་ལྟ་བུའི་ཚུལ། །བདུད་རྩི་དབབ་ཅིང་དྲི་མ་བཀྲུ། །འདི་དག་རྡོ་རྗེ་འཛིན་པས་ཉོན། །ཞེས་བྱ་བ་ལ་སོགས་བ་རྒྱ་ཆེར་འབྱུང་བ་འདི་དག་བསྐང་པའི་ཚད་ཡིན་ཏེ། །དབང་གི་དབྱེ་བས་ནི་བཤད་པའི་རྒྱུད་རྡོ་རྗེ་ཕྲེང་བ་ལས། བུམ་པའི་དབང་ནི་དང་པོ་ལ། །གཉིས་པ་གསང་བའི་དབང་དུ་བརྗོད། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་དེ་བཞིན་འབྲས་བུའོ། །དེ་བསྐུར་བླ་མ་ཉམས་གྱུར་ན། །ཕྱིར་ལ་དབང་བསྐུར་ཆོ་ག་དང༌། །གནང་བ་ཐོབ་པས་དྲི་མ་འདག །ཅེས་འབྱུང་བས་བཤད་པའོ། །གཞན་ཡང་འཇམ་དཔལ་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས། དབང་བསྐུར་སོགས་ཐོབ་སློབ་དཔོན་ལ། །རྨོངས་པར་གྱུར་པའི་སློབ་མ་ཡིས། །སྦྱོར་བའི་དངོས་གཞི་རབ་རྫོགས་པས། །རྩ་བ་ཡན་ལག་ཉམས་གྱུར་ན། །བློ་ངན་སློབ་མས་བཤགས་པར་བྱ། །གལ་ཏེ་མ་བཤགས་དུས་འདས་ན། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ཡི། །ཆུ་དེ་སྐྲ་ཡིས་གཏོར་ནུས་པ། །དེ་ཡི་ཚད་དུ་སྡུག་བསྔལ་མྱོང༌། །རྡོ་རྗེ་དམྱལ་བར་གྲགས་པ་ཡིན། །རྡོ་རྗེ་འཛིན་པ་རབ་ཏུ་ཉོན། །བསྐང་པའི་ཆོ་ག་བཤད་པར་བྱ། །གཅིག་ལ་སློབ་དཔོན་གསུམ་རྫོགས་ལ། །སྦྱོར་བ་བདུན་དང་ལྡན་པས་ནི། །རྩ་བའི་ལྟུང་བ་བྱུང་གྱུར་ན། །སྡུག་བསྔལ་བསྐྱེད་པའི་རྩ་བ་ཡིན། །རང་གི་བསམ་པ་རྫོགས་བྱས་ཀྱང༌། །སློབ་དཔོན་གནང་བར་མ་གྱུར་ན། །དང་པོ་སྡུག་བསྔལ་དཀའ་སྤྱད་དེ། །དེ་ནས་བདོག་པ་ཐམས་ཅད་དབུལ། །རྗེས་སུ་གནང་བ་བསྒྲུབ་པར་བྱ། །དབང་བསྐུར་ཆོ་ག་ལན་བདུན་བྱ། །ཚོགས་ཀྱི་འཁོར་ལོ་ཉི་ཤུ་གཅིག །སྦྱིན་སྲེག་གིས་ནི་འབུམ་


DTG053_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་བདུན། །གསང་སྔགས་བྱེ་བ་ལྔ་ཡིས་སོ། །མེ་ཏོག་ཚོམ་བུ་འབུམ་ཕྲག་གཉིས། །སྲོག་ཆགས་བྱེ་བ་ཚེ་བསྐྱབས་ན། །འདི་ནི་བཤགས་པ་དམ་པའོ། །འཇིག་རྟེན་ཆོས་བརྒྱད་མི་ཆགས་ཤིང༌། །དྲང་སྲོང་སྤྱོད་པ་ཡང་དག་བྱ། །ཡང་ན་ལུས་ལས་ཁྲག་ཕྱུང་སྟེ། །བརྒྱ་རྩ་བརྒྱད་ཀྱི་དཀྱིལ་འཁོར་ནི། །བྱས་ཏེ་བླ་མར་དབུལ་བར་བྱ། །ཡང་ན་གནང་བ་ཐོབ་པ་ཡིས། །བསམ་གཏན་གྱིས་ནི་ཟླ་བ་བདུན། །རྡོ་རྗེ་འཛིན་པ་རབ་ཏུ་ཉོན། །གཞན་ཡང་ལས་ཀྱི་ཆོ་ག་ནི། །སློབ་དཔོན་བྱེ་བྲག་གནས་གྱུར་ན། །བློ་ལྡན་མཁས་པས་རབ་དཔྱད་དེ། །རྩ་བ་ཡན་ལག་དམ་ཚིག་ལས། །ཉམས་པར་གྱུར་པའི་བཤགས་ཚད་ཀྱང༌། །དེ་བཞིན་གཉིས་ལྡང་སུམ་ལྡན་ཏེ། །མཁས་པས་རབ་ཏུ་བཤགས་པར་བྱ། །ཁ་ན་མ་ཐོ་ཕྲ་མོ་ལ། །ཡང་ན་སྐུ་གཟུགས་མདུན་དུ་སྟེ། །ཡིད་ཀྱི་བཤགས་པ་མཆོག་ཡིན་ནོ། །རྡོ་རྗེ་འཛིན་པ་རབ་ཏུ་ཉོན། །སློབ་དཔོན་ལ་ནི་དུས་གསུམ་དུ། །གསོང་པོས་བྱ་བ་ཐམས་ཅད་དྲི། །ལུས་ངག་སྤྱོད་པ་རབ་བསྡམས་ཏེ། །ཧ་ཅང་ཉེ་མིན་རིང་བ་འང་མིན། །རྟག་ཏུ་བྲལ་བ་མ་ཡིན་ནོ། །དུས་གསུམ་དུ་ནི་མེ་ཏོག་དབུལ། །བློ་ལྡན་ནང་ནུབ་ཕྱག་བྱ་སྟེ། །ཟས་ལ་སོགས་པས་དང་པོར་མཆོད། །གལ་ཏེ་དུས་འདས་རིང་གྱུར་ན། །དེ་ལ་རྟག་ཏུ་མངོན་པར་ཕྱོགས། །དེ་སྦུན་གྲོགས་དང་བླ་མ་ལ། །རྟག་ཏུ་དེ་དང་འདྲ་བར་མཆོད། །འདི་ཡི་རིགས་ནི་རྟག་ཏུ་གཟུང༌། །ལྷ་མ་དང་སྟན་ནི་སྤྱི་བོར་བླང༌། །ཐུགས་ཀར་ཕོ་དྲང་བཅའ་བ་སྟེ། །རྟག་ཏུ་དེ་བསམ་གཞན་དུ་མིན། །དེ་ཡི་བཀའ་ལས་འདའ་མི་བྱ། །སེམས་དཔའ་ཆེན་པོ་གཞན་ཡང་ཉོན། །གལ་ཏེ་དྲན་པ་ཉམས་གྱུར་ཅིང༌། །ཆང་ལ་སོགས་པས་མྱོས་གྱུར་ཏེ། །སེམས་ནི་གཉིད་ཀྱིས་ནོན་གྱུར་ཏེ། །དེ་དག་བྱུང་ཡང་ཉམས་མི་འགྱུར། །དྲན་པ་རྙེད་དེ་བཤགས་པར་བྱ། །ཞེས་བྱ་བ་ལ་སོགས་པ་སྟེ། རྒྱུད་སྣ་ཚོགས་ནས་བསྟན་པ་དང༌། སྤྱན་རས་གཟིགས་དབང་ཕྱུག་སྙིང་གུར་གཅིག་པའི་རྒྱུད་ལས། པདྨའི་ཕྲེང་བས་ལེགས་དག་པའི། །གདམས་ངག་སེམས་ཀྱི་རྒྱུད་དག་པ། །སྟེར་བྱེད་སློབ་མས་མི་སྣད་ངོ༌། །


DTG053_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ལས་ནི་དངོས་གྲུབ་ཐོབ། །གལ་ཏེ་དེ་ལ་བརྙེས་བྱེད་ན། །བསྐལ་པ་བྱེ་བརྒྱད་དག་ཏུ། །དམ་ཆོས་མིང་ཡང་མི་ཐོས་ན་།གསང་སྔགས་བྱང་ཆུབ་སྨོས་ཅི་དགོས། །ཞེས་འབྱུང་བའི་ཕྱིར་དང༌། །གཞན་ཡང་རྒྱུད་སྣ་ཚོགས་ལས། སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །སངས་རྒྱས་ཚུལ་མཚུངས་བླ་མ་ཡི། སློབ་དཔོན་ལ་ནི་གང་སྨོད་པ། །དེས་ནི་སངས་རྒྱས་ཀུན་སྨད་པས། །རྟག་ཏུ་སྡུག་བསྔལ་ཐོབ་པར་འགྱུར། །རིམས་དང་དུག་དང་དབྱིག་དུག་དང༌། །མཁའ་འགྲོ་རྣམས་ཀྱིས་གཅོས་པ་དང༌། །གདོན་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་སེམས་ཅན་དམྱལ་བར་ལྟུང༌། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་བ་རབ་ཏུ་མི་སྤྱོམས་པ། །ནམ་ཡང་སྨད་པར་མི་བྱའོ། །བླ་མ་ལ་ནི་གུས་བཅས་ཡོན། །རྗེས་མཐུན་ཁྱོད་ཀྱིས་སྦྱིན་པར་བྱ། །དེས་ནི་རིམས་སོགས་གནོད་པ་རྣམས། །ཕྱིར་ཞིང་འབྱུང་བར་མི་འགྱུར་རོ། །རྟག་ཏུ་རང་གི་དམ་ཚིག་བསྲུང༌། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་མ་ལ་ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །ཞེས་འབྱུང་བས་མཁས་པས་བློས་ཕྱེ་སྟེ་དམ་ཚིག་གཟུང་བར་བྱའོ། །གཞན་ཡང་དེའི་ཕྱིར་གསང་སྔགས་ཀྱི་ཆོས་ནི་ཐབས་གཙོ་བོར་གྱུར་པ་ན་ཀུན་རྫོབ་ཀྱི་བདེན་པ་ཤས་ཆེ་སྟེ། །རྟེན་ཅིང་འབྲེལ་པར་འབྱུང་བའོ། །འོན་ཀྱང་འདི་ནི་ཟུང་དུ་འཇུག་པས་འགྲུབ་སྟེ། མཐའ་གཉིས་སུ་སྨྲ་བ་ནི་སྤང་བར་བྱའོ། །དེ་ལྟར་ཡང་ནོར་བུ་སྙིང་པོ་གསང་བའི་རྒྱུད་ལས། སློབ་དཔོན་ལས་ནི་དངོས་གྲུབ་འཐོབ། །རིག་མཐའ་ལས་ནི་བརྟུལ་ཞུགས་ཏེ། །བུ་མོ་སྡུག་གུ་རྒྱུན་དུ་བསྟན། །དམ་ཚིག་ལ་ནི་ཉམས་མི་བྱ། །གསང་སྡུག་བསྔལ་སྦྱོར་བས་འགྲུབ་པར་འགྱུར། །འོན་ཀྱང་དེ་ལ་ཆགས་མིན་ཏེ། །ཐིག་ལེ་ཆེན་པོ་དེ་ལས་མིན། །རྟག་པ་མ་ཡིན་ཆད་པ་མིན། །ཡོང་མེད་ཅེས་བརྗོད་ཡུལ་ལས་འདས། །སྤྲོས་པའི་མཚན་མ་རྣམ་སྤངས་ཤིང༌།


DTG053_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་མེད་ཁ་དོག་དབྱིབས་མེད་ཅིང༌། །བདེ་བ་ཆེན་པོའི་ངང་གནས་ན། །ནམ་མཁའ་བཞིན་དུ་རྟོག་པ་མེད། །རྩ་དང་དབུགས་དང་ཐིག་ལེ་མེད། །སྔགས་དང་ཕྱག་རྒྱ་བྱ་བརྩལ་མེད། །མཆོག་གི་བདེ་བ་ཆེན་པོ་སྟེར། །འོན་ཀྱང་ཀུན་རྫོབ་ཚུལ་གནས་ཏེ། །བསྐྱེད་རྫོགས་གཉིས་ཀྱི་ཚུལ་གྱིས་འགྲུབ། །མཁས་པས་ཚུལ་གཉིས་སྤང་མི་བྱ། །ཤིང་རྟ་ཡི་ནི་འཁོར་ལོ་བཞིན། །ཞེས་གསུངས་པས་ན་ཚུལ་དེ་ལྟ་བུས་འགྲུབ་ཅིང་མཐའ་གཞན་དུ་སྨྲ་བ་བཀག་པ་ཡིན་ནོ། །དེའི་ཕྱིར་འདིའི་དོན་ནི་སློབ་དཔོན་ལས་དབང་ཐོབ་ཅིང༌། །དམ་ཚིག་ཕོག་ན་གཉིས་རྫོགས་དང་སུམ་རྫོགས་ཀྱི་ཚུལ་གྱིས་མཆོག་དང་ཐུན་མོང་གི་དངོས་གྲུབ་བསྒྲུབ་པར་བྱའོ། །གལ་ཏེ་ཚུལ་དེ་ལྟ་བུ་ལ་རྩ་བ་དང་ཡན་ལག་གི་དམ་ཚིག་དངོས་གཞི་དང་སྦྱོར་བ་རྫོགས་ཏེ། ཉམས་པར་གྱུར་ཀྱང་སློབ་དཔོན་གནང་བར་གྱུར་ན་བསྐང་བའི་ཚད་དོ། །གནང་བར་མ་གྱུར་ཅིང་དུས་ལས་འདས་ན་ཚད་ལས་འདས་པའོ། །བཤགས་ཀྱང་ལྟུང་བའི་འབྲས་བུ་མྱོང་ལ་ཕམ་པར་གྱུར་པ་ལ་ནི་ལོག་སྲེད་ཅན་མ་བཤགས་པ་སྟེ། དེའི་རྣམ་སྨིན་རྡོ་རྗེའི་དམྱལ་བ་མྱོང་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་བཅུ་དྲུག་གི་རྒྱ་ཆེར་བཤད་པ་ལས་ནི་སྙིང་རྗེ་དང་ལྡན་པའི་རྣལ་འབྱོར་པས་རྫུ་འཕྲུལ་ལ་སོགས་པས་གང་ཟག་དེ་ལྟ་བུ་ཡང་སྦྱོར་བས་བསྐང་བའི་ཚད་དང་ལྡན་པ་ནི་ཞེས་གསུངས་སོ། །དེ་ནས་ཡི་གེའི་དོན་བཤད་པར་བྱ་སྟེ། གང་ཞེས་བྱ་བ་ནི་བོད་པའི་ཚིག་སྟེ་དང་བོའོ། །ཕྱིར་ཞེས་བྱ་བ་ནི་ཆེད་ཀྱི་དོན་ཏོ། །རྡོ་རྗེ་ནི་ཐབས་དང་ཤེས་རབ་སྟེ། དེ་འཛིན་པས་ན་རྡོ་རྗེ་འཛིན་པའོ། །དངོས་གྲུབ་ཀྱི་དོན་ནི་བཤད་ཟིན་ཏོ། །གོང་དུ་བསྟན་པའི་དངོས་གྲུབ་དེ་བླ་མ་ལ་རག་ལས་པའི་ཕྱིར་རྗེས་སུ་འབྲང་ཞེས་བཤད་དོ། །དེ་ཡིས་དེ་ལ་བརྙས་པས་ལྟུང་བར་འགྱུར་རོ། །ལྟུང་བ་དང་པོའི་བཤད་པའོ།། །།ད་ནི་ལྟུང་བ་གཉིས་པའི་མཚན་ཉིད་བཤད་པར་བྱ་སྟེ། བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་བཤད། །ཅེས་བྱ་བ་སྨོས་པ་ཡིན་ཏེ། བདེ་བར་གཤེགས་པ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ཡང་གསང་སྔགས་ཀྱི་ཚུལ་གྱིས་ནི་སྔར་སྤྱད་པ་ལ་


DTG053_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་མེད་པས་དགག་པ་མེད་པར་ལམ་དང་འཇུག་པ་བདེ་བས་འབྲས་བུ་སངས་རྒྱས་ཀྱི་སར་གཤེགས་ཞེས་བྱ་བའི་དོན་ཏོ། །དེ་ཡང་གང་ཞེ་ན་རྡོ་རྗེ་འཛིན་པ་དང༌། དེའི་ཡེ་ཤེས་ཀྱི་ཆའོ། །དེ་ཡང་གསང་བ་ཡོངས་སུ་རྫོགས་པ་ཞེས་བྱ་བའི་རྒྱུད་ལས། སྡོམ་པའི་ཚུལ་ཁྲིམས་སྔར་བཤད་མེད། །ཐབས་དང་ཤེས་རབ་མཉམ་སྦྱོར་བས། །གསང་སྔགས་ཚུལ་ཉིད་བདེ་བས་འགྲུབ། །འབྲས་བུ་རྡོ་རྗེ་འཛིན་པ་སྟེ། །འདི་ནི་གཞན་དོན་ལྷུན་གྱིས་གྲུབ། །ཅེས་འབྱུང་བའི་ཕྱིར་རོ། །དེ་བས་ན་དེའི་བཀའ་ལས་འདས་པ་ནི་ལྟུང་བ་སྟེ། བདེ་བར་གཤེགས་པའི་བཀའ་ནི་དགོངས་པ་སྣ་ཚོགས་པ་སྟེ། དྲང་བའི་དོན་དང༌། ངེས་པའི་དོན་དང༌། དགོངས་ཏེ་བཤད་པ་དང༌། དགོངས་པ་མ་ཡིན་པར་བཤད་པ་དང༌། དོན་དུ་བཤད་པ་དང༌། དོན་གཅུས་ཏེ་བཤད་པ་དང༌། སྤྱིའི་དོན་དུ་བཤད་པ་དང༌། ཡན་ལག་གི་དོན་དུ་བཤད་པ་དང༌། སློབ་མ་ལ་བཤད་པ་དང༌། ཚོགས་ལ་བཤད་པ་དང༌། གསང་སྔགས་ཀྱི་ཚུལ་གྱིས་སྒྲ་ཇི་བཞིན་དུ་བཤད་པ་དང༌། སྒྲ་ཇི་བཞིན་མ་ཡིན་པར་བཤད་པ་སྟེ། གདུལ་བྱའི་སྣོད་ཀྱི་རིམ་པས་ཀོ་ཊ་ཁྱ་ལ་སོགས་པ་བརྡའི་དོན་སྣ་ཚོགས་ཀྱིས་བཤད་པ་དང༌། དེའི་ཕྱིར་ན་གསང་སྔགས་ཀྱི་ཚུལ་འདི་ཤིན་ཏུ་ཟབ་སྟེ། དེའི་ཕྱིར་སྒྲའི་དོན་ལ་འཇུག་ཅིང་ཡང་དག་པའི་དོན་ལ་རྨོངས་པས་གཞན་དང་གཞན་གྱི་སྒྲའི་རྗེས་སུ་འབྲངས་ནས་བཀའ་ལོག་པར་སྤྱད་པས་དེའི་ཕྱིར་བཀའ་ལས་འདས་པའོ། །དེ་ལྟར་ཡང་ཐེག་པ་བླ་ན་མེད་པའི་རྒྱུད་ལས། རྡོ་རྗེ་འཛིན་པ་རབ་ཏུ་ཉོན། །འདི་ལྟར་སངས་རྒྱས་བསྟན་པ་ལ། །ཐེག་ཆེན་ཆོས་ལ་རབ་ཞུགས་ཀྱང༌། །དེ་དོན་གསལ་བར་མི་ཤེས་པས། །སྔགས་ཀྱི་ཚུལ་ནི་རྟོགས་དཀའ་སྟེ། །བརྡ་དང་དགོངས་པས་བཤད་པ་དང༌། །ཇི་བཞིན་སྒྲ་མིན་དྲང་པོའི་དོན། །དངོས་པོའི་དོན་ལ་མི་དཔྱོད་པར། །སྒྲ་དང་ཚིག་གི་རྗེས་སུ་འབྲང༌། །ཕྱི་རོལ་བསྟན་བཅོས་ལ་དགའ་ཞིང༌། །ཚིག་གི་བདུད་རྩི་རྒྱབ་ཀྱིས་ཕྱོགས། །དེ་ལ་དངོས་གྲུབ་མི་འབྱུང་སྟེ། །རྡོ་རྗེ་འཛིན་པ་སྤོང་བར་འགྱུར། །ཞེས་འབྱུང་བ་དང༌། རྡོ་རྗེ་གྱུར་པ་རབ་ཏུ་གནས་པ་ཞེས་བྱ་བའི་རྒྱུད་ལས། ཡང་དག་དོན་ལ་མི་ཆགས་པར། །ལོག་


DTG053_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ལ་མངོན་དགའ་བས། །བདེ་གཤེགས་བཀའ་ལས་འདས་པ་ཡིན། །ས་གཞི་ལྕགས་བཞིན་མནར་མེད་སྐྱེ། །ཞེས་པ་དང༌། རྡོ་རྗེ་འཁོར་ལོའི་རྒྱུད་ལས་ཀྱང༌། གང་ཞིག་གང་ལ་མངོན་ཞེན་པ། །དེ་ལ་བདེ་བའི་དོན་མི་གནས། །དེ་ཕིར་གཟུངས་ལ་ཞེན་མི་བྱ། །འདོད་ཆགས་ཞེས་སྡང་ལམ་དག་གིས། །ཚིག་གི་དོན་ལ་ཆགས་མི་བྱ། །ཆགས་ན་བདེ་གཤེགས་བཀའ་ལས་འདས། །ཞེས་འབྱུང་བ་དང༌། རྟོག་པ་ཞིབ་པའི་རྒྱུད་ལས། སྟོང་པ་ཉིད་དུ་མི་ལྟ་ཞིང༌། །མཚོན་མ་དག་ཏུ་ལྟ་མི་བྱ། །ཟབ་པའི་སྒྲ་ལ་མི་ཞེན་ཅིང༌། །རྩ་དང་དབུགས་ཀྱི་སྐོར་བཟློག་ཀྱང། །དངོས་པོ་ཡིན་ཏེ་ཞེན་མི་བྱ། །གང་ཞིག་མངོན་པར་ཞེན་པ་དང༌། །བདེ་གཤེགས་བཀའ་ལས་འདས་པའོ། །ཞེས་འབྱུང་བ་དང༌། གཞན་ཡང་རིན་པོ་ཆེ་ཕུང་པོའི་མདོ་ལས། ཤཱ་རིའི་བུ་དོན་ལ་རྟོན་ལ་ཅིག །ཡེ་ཤེས་ལ་རྟོན་ལ་རྣམ་པར་ཤེས་པ་ལམ་རྟོན་ཅིག་ངེས་པའི་དོན་ལ་རྟོན་ལ་དྲང་བའི་དོན་ལ་མ་རྟོན་ཅིག །ཆོས་ལ་རྟོན་ལ་གང་ཟག་ལམ་རྟོན་ཅིག་ཅེས་འབྱུང་བ་དང༌། གཞན་ཡང༌། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བདར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་ང་ཡི་བཀའ་བླང་བར་བྱ་ཡིས་གུས་ཕྱིར་མིན། །ཞེས་འབྱུང་བ་དང༌། གཞན་ཡང་བྱམས་མའི་བུ་གང་པོ་འཇིག་རྟེན་བདག་གི་སྒྲའི་དོན་ལ་མངོན་པར་ཞེན་པས་ཕལ་ཆེར་ངན་སོང་གསུམ་དུ་སྐྱེ་སྟེ་དེ་དག་ཐམས་ཅད་ཀྱང་ཕལ་ཆེར་བདེ་བར་གཤེགས་པའི་བཀའ་ལས་བྱུང་བའི་དོན་བྱང་ཆུབ་ཏུ་སེམས་བསྐྱོད་པ་དང༌། སེམས་ཅན་གྱི་དོན་བྱ་བ་དང༌། བསྡུ་བའི་དངོས་པོ་བཞིས་བསྡུ་བར་བྱ་བ་དང༌། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་སྤང་བ་དང༌། ས་དང་ལམ་རྣམ་པར་སྤོང་ཞིང་བྱང་ཆུབ་ཀྱི་སྤྱོད་པ་བོར་ནས། ལོག་པའི་དོན་ལ་མངོན་པར་ཞེན་པ་ཡོད་དེ་དེའི་རྒྱུས་ངན་སོང་དུ་སྐྱེ་སྟེ། དེ་བཀའ་ལས་མི་འབྱུང་བའི་ཆོས་རྣམས་སྤྱད་པའི་ཉེས་པའོ་ཞེས་འབྱུང་བའི་ཕྱིར་རོ། །བདག་ཅག་ལ་སོགས་པ་རྣལ་འབྱོར་གྱི་ལམ་ལ་དད་པ་རྣམས་ཀྱང་ཐེག་པ་ཆེན་པོའི་དོན་ལ་རྣམ་པར་ཕྱེ་སྟེ་ཡང་དག་པའི་དོན་ལ་འཇུག་པར་བྱའོ། དེ་གང་ཞིག་བཀའ་དོན་ལ་རྨོངས་


DTG053_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

པས་དགོངས་ཏེ་བསྟན་པ་ལ་མངོན་པར་འཆེལ་ནས་སྤྱད་པར་བྱ་བ་མ་ཡིན་པའི་སྤྱོད་པ་ལ་མངོན་པར་ཞེན་ན་དེ་ཉིད་ཀྱི་བཀའ་ལས་འདས་པས་དེའི་ཕྱིར་བླ་མ་དམ་པ་ཉེ་བར་བསྟེན་ལ་རྒྱུད་ཀྱི་དོན་ཤེས་པར་བྱ་སྟེ། སྤྱད་པར་བྱ་བ་དང་སྤྱད་པར་བྱ་བ་མ་ཡིན་པར་ཤེས་པར་བྱའོ། །འདོད་ཆགས་ཞེ་སྡང་ལམ་དུ་ཁྱེར་པ་ནི་གདུལ་བྱ་དྲང་བའི་དོན་ཏོ། །གཞན་དུ་སྟོང་པ་ཉིད་ལ་གོམས་པས་ཉོན་མོངས་པའི་མཐའ་ཤེས་པས་དུག་སྔགས་ཀྱིས་བཏུལ་བ་བཞིན་ནོ། །འདི་ནི་བརྟན་པ་ཐོབ་པ་རྣམས་ཀྱིའོ། །དེ་སྐད་དུ། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །འཁོར་བ་ཞི་བའི་བདག་ཉིད་ལ། །སྔགས་ཀྱིས་བསད་པའི་དུག་བཞིན་ནོ། །ཞེས་བཤད་པས་སོ། །གཞན་ཡང་དོན་དེ་ཉིད་ལ་དགོངས་ནས་བདུད་རྩི་འབྱུང་བའི་རྒྱུད་ལས། ཇི་ལྟར་མར་དང་ཀར་དང༌། །སྦྲང་རྩི་འོ་མ་ལ་སོགས་པ། །འཐུངས་ཏེ་ཞུ་ན་སྨན་དུ་འགྱུར། །མ་ཞུ་དུག་ཏུ་འགྲོ་ཞེས་བྱ། དེ་བཞིན་གསང་སྔགས་ཐེག་ཆེན་འདི། །མཁས་པ་རྣམས་ཀྱི་སྨན་ཡིན་ཏེ། །བརྡ་དང་དོན་ལ་རབ་རྨོངས་པའི། །བྲིས་པས་འདོད་པས་སྒྲ་དོན་འབྲངས། །ཚུལ་བཞིན་མ་ཡིན་ལོག་སྤྱད་པས། །དུག་གིས་འཆི་དང་ལྟུང་བར་འགྱུར། །ཁ་ཅིག་དུག་གི་དབང་གིས་འཚོ། །ཁ་ཅིག་དུག་གི་རྐྱེན་གྱིས་འཆི། །ང་ཡི་བསྟན་པའི་སྙིགས་མ་ལ། །ཚོང་དུས་ཀྱི་ནི་འོ་མ་བཞིན། །བསླད་ནས་ཐུར་དུ་ལྟུང་བར་བྱེད། །ཅེས་བྱ་བ་རྒྱས་པར་བཤད་དེ། །དེ་བས་ན་དོན་དེ་ལས་དགོངས་ནས། །ཀུན་དུ་ཁ་སྦྱོར་གྱི་རྒྱུད་ལས་ཀྱང་བཞད་བཤད་དེ། དེ་བས་ན་གང་གི་ཕྱིར་དེ་སྦྲ་ཙམ་ལ་མངོན་པར་ཞུགས་པ་ནི་ཕལ་ཆེར་ཉོན་མོངས་པས་ཟིལ་གྱིས་ནོན་པས་ལམ་དུ་གྱུར་པ་ལྟ་ག་ལ་ཡོད། དུས་ཤེས་པ་མེད་པར་སྟོན་པ་དེ་དག་ཕལ་ཆེར་ལྟུང་བར་འགྱུར་ཏེ། ཇི་སྐད་ལམ་དུ་འགྱུར་བ་ཡང་འོག་ནས་བསྟན་པར་བྱའོ། །སྐབས་ཁ་ཅིག་ཏུ་ནི་འདོད་ཆགས་ཅན་གཟུང་བའི་སྐབས་སུ་ཐབས་དེས་བཤད་དེ་གཞན་གྱིས་མི་འདུལ་བའི་ཕྱིར་རོ། །གཞན་ཡང་རྡོ་རྗེ་གཅོད་པ་ལས། གང་ཞིག་ང་ལ་གཟུགས་སུ་མཐོང༌། །ཞེས་བྱ་བ་ལ་སོགས་པ་དང༌། གཞན་དུ་རྒྱུད་ལ་སོགས་པའི་དགོངས་པ་སྣ་ཚོགས་ཀྱིས་


DTG053_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་དང༌། བདེ་བར་གཤེགས་པའི་བཀའ་མཐའ་དག་གི་དོན་དགོངས་པ་རྟོགས་པར་བྱས་ལ་བྱ་བ་དང་བྱ་བ་མ་ཡིན་པ་ལ་འཇུག་པར་བྱའོ། །གཞན་དུ་སྒྲ་ཙམ་ལ་གཞོལ་བར་བྱ་བ་དང༌། འདོད་པས་ཞུགས་པ་དང༌། གང་ཟག་ཙམ་གྱི་རྗེས་སུ་འབྲང་བས་འཁྲུལ་བར་སྤྱད་པས་བཀའ་ལས་འདས་པས་ལྟུང་བར་འགྱུར་ཏེ། ཕྱི་རོལ་མུ་སྟེགས་པ་བཞིན་དུ་སངས་རྒྱས་ཀྱི་བཀའ་ཡང་དག་པར་སྤངས་ཤིང་འདས་པའོ། །དེའི་ཕྱིར། བདེ་གཤེགས་ཟབ་མོའི་ཆོས་རྣམས་སྤངས། །ཕྱི་རོལ་བསྟན་བཅོས་དག་ལ་དགའ། །དམ་ཚིག་བསླབ་པ་ཁྱད་དུ་གསོད། །དེ་ཕྱིར་བཀའ་ལས་འདས་པའོ། །ཞེས་འབྱུང་བ་དང༌། བཅོམ་ལྡན་འདས་ཀྱི་དགོངས་པ་སྣ་ཚོགས་ཀྱི་དོན་མ་ཤེས་ཤིང་ཕྱི་རོལ་གྱི་བསྟན་བཅོས་ལ་ཞུགས་པའམ། མ་ཞུགས་ཀྱང་དམ་ཚིག་དང་བསླབ་པ་ཁྱད་དུ་གསོད་ན་བཀའ་ལ་མ་གུས་པ་སྟེ། དམ་ཚིག་རྣམས་མི་འཛིན་པའི་ཕྱིར་བཀའ་ལས་འདས་པའོ། །རྒྱུད་གཞན་ལས། དེ་ཡི་བཀའ་ལས་འདས་པ་ནི། །ལྟུང་བ་མིག་ཏུ་བརྗོད་པ་ཡིན། །ཞེས་བསྟན་པ་ལྟར་ན་ཡང་སློབ་དཔོན་གྱི་བཀའ་ལས་མི་འདའ་བར་བཤད་པ་སྟེ། ལྟུང་བ་དང་པོའི་བཤད་པ་དང༌། ཤན་འདྲ་བ་ཕྱོགས་སུ་བསྡུའོ། །འདིའི་དགོངས་པ་ནི་སློབ་དཔོན་དང༌། རྡོ་རྗེ་འཛིན་པ་ཐ་དད་དུ་མེད་པས་དྲུག་པའི་སྒྲ་གཞི་གཅིག་པར་བསྡུ་པ་ཡིན་ནོ། །འདི་ཡང་བདུན་གྱི་སྦྱོར་བ་དང་ལྡན་པས་ལྟུང་བར་གྱུར་ཏེ། བདེ་བར་གཤེགས་པ་དང་སློབ་དཔོན་གྱི་བཀའ་ལ་ཉོན་མོངས་པའི་བསམ་པ་དང༌། དེ་ལ་དེར་ཤེས་པ་དང༌། ལུས་ངག་གི་སྦྱོར་བ་བསྟན་པ་དང༌། རང་ཉིད་སྣང་བར་མ་གྱུར་པ་དང༌། ཤེས་ཤིང་འགྱོད་པ་མེད་པ་དང༌། རྗེས་སུ་ཡི་རང་བ་དང༌། མ་འཁྲུལ་པའོ། །འདི་ལ་ཕམ་པ་མེད་དེ་མ་བཤགས་ན་ལྟུང་བའོ། །ཡན་ལག་གི་གཙོ་བོ་ཆང་ནེ་སྦོམ་པོའོ། །ཡན་ལག་དྲུག་མེད་པ་ཉེས་བྱས་སོ། །སྦྱོར་བའི་གྲོགས་ཙམ་ནི་ཕྲ་མོའོ། །བཤགས་པ་དུས་འདས་ན་ལྕི་བའོ། །ཁྱད་པར་གྱི་དགག་པ་ཡོད་པ་ན་ཉེས་མེད་དོ། །ཤན་འདྲ་བ་ནི་ཕྱོགས་སུ་བསྡུའོ། །བཤགས་པའི་ཚད་ནི་ཡུལ་དང༌། བསམ་པ་དང༌།


DTG053_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་གྱིས་སོ། །ལྟུང་བ་བྱུང་སྟེ་ལོ་གསུམ་དུ་འདས་ན་དབང་རྫོགས་པས་སོ། །གཞན་དུ་ནི་དབང་གི་རིམ་པས་ན་སྨད་དོ། །ལྕི་བ་ནི་ཚོགས་ཀྱི་འཁོར་ལོས་སོ། །སྦོམ་པོ་ནི་ཚོགས་པའི་ནང་དུ་ཚོགས་ཀྱི་མཆོད་པས་སོ། །ཉེས་བྱས་ནི་མཎྜལ་སྔོན་དུ་འགྲོ་བས་སོ། །ཕྲ་མོ་ནི་སྨྲེ་བཤགས་སོ། །གཞན་ཡང༌། བདེ་གཤེགས་བཀའ་ལས་འདས་པ་ལ། །ཡིད་ནི་ལྷ་ཡི་རྣལ་འབྱོར་གྱིས། །ཕྲ་མོའི་ཐིག་ལེ་བསྒོམས་པས་འདག །མི་རྟོག་པ་ཡིས་ཐམས་ཅད་སྲེག །སེམས་སུན་ཕྱུང་སྟེ་བསྡམས་ལ་བསླབས། །ངག་གིས་སྔགས་བཟླས་སྒྱུ་མར་ཤེས། །ལུས་ཀྱིས་མཆོད་པའི་ཚུལ་དུ་སྦྱར། །དེ་ལྟར་ཉེས་པའི་བྱེ་བྲག་རྣམས། །ཞིང་དང་བསམ་པའི་ཁྱད་པར་དང༌། །དུས་དང་ནུས་པའི་བྱེ་བྲག་གིས། །མཁས་པས་བློ་ཡིས་ཕྱེ་ནས་ནི། །དྲི་མ་འདག་པར་བཤད་པ་ཡིན། །ཞེས་གསུངས་པ་དང༌། གཞན་ཡང༌། གང་དང་གང་ལ་ཁྱད་པར་དུ་དགག་པ་ཡོད་པ་ནི་ཞིང་དང༌། བསམ་པ་དང༌། སྦྱོར་བ་དང༌། རྐྱན་དང༌། དུས་དང༌། གནང་བ་དང༌། དེ་དག་རྣམས་ལ་བཤགས་ཚད་དང་ལྡང་ཚད་ཀྱང་ཤེས་པར་བྱའོ། །གང་ཡང་ཕྱོགས་ཙམ་ཅིག་བརྗོད་ན། །དམ་པ་དང་པོའི་རྒྱུད་ལས། དཔལ་ལྡན་བླ་མའི་ཐུགས་སུན་ཕྱུང༌། །ལྟུང་བ་འདི་ཐམ་ཅད་ཀྱང་ཕྱོགས་སུ་བསྡུ་བར་ཤེས་པར་བྱའོ། །གཞི་གཅིག་ལ་ལྟུང་བ་དུ་འབྱུང་བ་དང་ལྟུང་བ་གཅིག་ལ་གཞི་དུ་ཡོད་པ་ཤེས་པར་བྱའོ། །གང་ཡང་ཕྱོགས་ཙམ་ཅིག་བརྗོད་ན། །དམ་པ་དང་པོའི་རྒྱུད་ལས། དཔལ་ལྡན་བླ་མའི་ཐུགས་སུན་ཕྱུང༌། །ལྟུང་བ་དེ་ནི་རི་བོང་ཅན།། དེ་ཡི་བཀའ་ལས་འདས་པ་ནི། །ལྟུང་བ་མིག་ཏུ་བརྗོད་པ་ཡིན། །བླ་མའི་དེ་ཉིད་ཤེས་རབ་མ། །ལྟུང་བ་ཡན་ལག་ལ་སོགས་ཀྱི། །དེ་ནི་ཡོན་ཏན་ཞེས་སུ་བརྗོད། །དེ་ཉིད་རྡོ་རྗེ་སྤུན་དུ་གྱུར། །ལྟུང་བ་དེ་ནི་རིག་བྱེད་ཡིན། །དེ་ཡི་གྲུབ་པའི་མཐའ་སྨོད་པ། །ལྟུང་བ་མདའ་ཞེས་བྱ་བར་གྲགས། །ཞེས་བྱ་བ་ལ་སོགས་པ་རྒྱུད་དེ་ཉིད་ལས་ཕྱེ་བ་དང༌། གཞན་ཡང་རྣལ་འབྱོར་གྱི་རྒྱུད་ལས་མང་དུ་ཕྱེ་བས་དེ་དག་བློས་ཕྱེ་སྟེ་ཤེས་པར་བྱའོ། །འདིར་ནི་མ་སྤྲོས་སོ། །ལྟུང་བ་གཉིས་པའི་དོན་བཤད་ཟིན་ཏོ།། །།ད་ནི་ལྟུང་བ་གསུམ་པའི་


DTG053_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་བཤད་པར་བྱ་སྟེ། རྡོ་རྗེ་སྤུན་ལ་ཁྲོས་པས་ནི། །ཉེས་པ་བརྗོད་པ་གསུམ་པ་ཡིན། །ཞེས་བྱ་བས་བཤད་དེ། རྡོ་རྗེ་སྤུན་གྱི་ནི་གསང་བ་འདུས་པ་ལ་སོགས་པའི་དཀྱིལ་འཁོར་གཅིག་གི་ནང་དུ་ཞུགས་པའོ། །རྡོ་རྗེ་ཐེག་པ་ལ་ཞུགས་པ་ཐམས་ཅད་ཀྱང་ཉེ་བའི་སྤུན་ནོ། །བསྟན་པ་གཅིག་ལ་གནས་པ་ཐམས་ཅད་ཀྱང་མཛེས་པའི་སྤུན་ནོ། །རྣམ་པ་གསུམ་མོ། །གཞན་དུ་སེམས་ཅན་ཐམས་ཅད་ཀྱང་རྡོ་རྗེ་སེམས་དཔའི་རང་བཞིན་ཡིན་པས་རྡོ་རྗེ་སྤུན་ནོ། །བུམ་པ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་དང་མཚོན་བྱེད་བཞི་པ་སློབ་དཔོན་གཅིག་དང་རིག་མ་གཅིག་ལས་ཐོབ་པ་ནི་ཁྱད་པར་གྱི་རྡོ་རྗེ་སྤུན་ནོ། །བྱེ་བྲག་ཏུ་ཐོབ་པ་ནི་བྱེ་བྲག་གི་རྡོ་རྗེ་སྤུན་ནོ། །དེ་རྣམས་ལས་ལྟུང་བའི་ལྕི་ཡང་ཡང་དེ་བཞིན་ནོ། །དེ་ལྟར་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་རིམ་པ་རྣམ་པར་གཞག་པ་ལས། བསྟན་པ་གཅིག་དང་རྡོ་རྗེ་ཐེག་པ་ལ་ཞུགས་པ་ཐམས་ཅད་རྡོ་རྗེའི་སྤུན་དུ་བརྗོད། ཀུན་ཀྱང་ཡེ་ཤེས་ལྡན་པས་ན། །རྡོ་རྗེ་སེམས་དཔའི་རྡོ་རྗེ་སྤུན། །དཀྱིལ་འཁོར་གཅིག་དང་སློབ་དཔོན་གཅིག །དབང་བཞི་དག་གི་བྱེ་བྲག་གིས། །ཉེ་དང་བྱེ་བྲག་ཁྱད་པར་རོ། །ཞེས་བཤད་དོ། །དེའི་ལྡང་ཚད་ཀྱང་ཀ་མ་ལ་ཞབས་ཀྱིས་བཤད་པ། ཐེག་མཆོག་རྡོ་རྗེ་སྤུན་རྣམས་ཀྱིས། །ཉེས་པ་བྱུང་ན་རྒྱུར་ཤེས་བྱ། །དེ་ལས་ལྡང་བར་འདོད་རྣམས་ཀྱིས། །ལུས་ངག་ཡིད་གསུམ་ལ་གསུམ་སྟེ། །ལུས་ཀྱི་ཉེས་པ་དང་པོ་ཡིས། །ཚེ་གཅིག་ཏུ་ནི་སྤྱོད་པ་བྱ། །གཉིས་པ་ཉེས་པའི་ཚད་ཀྱིས་ནི། །སྤྱོད་པ་དག་ཏུ་སྤྱད་པ་ཡིན། །གསུམ་པ་མཎྜལ་ཕྱག་སོགས་སོ། །གཞན་དུ་སྒོ་གསུམ་ཡིད་ཀྱིས་བསྡམ། །ངག་གི་འདུས་ལ་བཤགས་པ་དང༌། །དེ་བཞིན་སྔགས་དང་ངག་གིས་བཤགས། །ཡིད་ཀྱིས་ཚོགས་དང་སྐྱེ་བ་མེད། །རིག་པའི་བརྟུལ་ཞུགས་ཟླ་བ་དྲུག །མ་གོ་ཉེས་ཆུང་མཐོལ་བ་སྟེ། །བར་མ་མན་ཆད་ལྐོག་གྱུར་ཡིན། །ཡང་ན་གང་ཟག་ཡུལ་དང་དུས། །རྐྱེན་གྱི་བྱེ་བྲག་ཤེས་པས་དཔྱད། །ཅེས་འབྱུང་སྟེ། འདི་ནི་དོན་གཞན་ལ་དགོངས་པ་མེད་པས་བླང་བར་བྱའོ། །ཡང་ན་ལྟུང་བ་དང་


DTG053_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བཤད་པའི་གསུམ་ལྡན་གྱི་ཆ་གཅིག་ནས་བརྩིས་པས་རྣམ་པར་ཕྱེ་འདིའི་བསྐང་ཚད་ཡིན་ནོ། །འདི་ཡང་བདུན་དང་ལྡན་པའི་སྦྱོར་བས་ལྟུང་བར་འགྱུར་ཏེ། རྡོ་རྗེ་སྤུན་ཡིན་ཞིང་ཉོན་མོངས་པས་བསླང་བ་དང༌། དེར་འདུ་ཤེས་པ་དང༌། སྦྱོར་བ་གཉིས་པ་བསྟན་པ་དང༌། རང་དུས་འདས་པ་དང༌། ཡིད་ལ་མི་གཅགས་པ་དང༌། ཡི་རང་བ་དང༌། མ་འཁྲུལ་པའོ། །འདིའི་ཕམ་པའི་ཕྱོགས་དང་མཐུན་པའོ། །དོན་འདི་སྐད་བསྟན་ཏེ། རྡོ་རྗེ་ཐེག་པ་ལ་དམ་ཚིག་གི་དབྱེ་བ་ལ་གཉིས་ཏེ། རྩ་བ་དང་ཡན་ལག་གོ །རྣམ་པར་ཕྱེ་བ་ནི་དེའི་ཡན་ལག་གི་བྱེ་བྲག་གོ །དེ་སྐད་དུ་ཡང་སློབ་དཔོན་མཚོ་སྐྱེས་ཀྱིས་རྣམ་པར་བསྡུས་པ་ལས། དངོས་གྲུབ་ཐམས་ཅད་གཞིར་གྱུར་པ། །རྩ་བ་དང་ནི་ཡན་ལག་གོ །རྩ་བ་དུས་འདས་ཕམ་པ་འདྲ། །ཚད་ལྡན་ལྟུང་བར་བཤད་པ་ཡིན། །ཡན་ལག་རྩ་བ་དུས་འདས་པ། །ལྕི་བ་ཞེས་ནི་བཤད་པ་སྟེ། །སྦྱོར་བ་མ་རྫོགས་སྦོམ་པོའོ། །ཡན་ལག་ཕྲ་བ་ཉེས་བྱས་སོ། །ཕྲ་མོའི་ཕྲ་བ་དཀྱིལ་འཁོར་གཅིག །ཉེས་པ་མེད་པ་གནང་ལ་སོགས། །ཞེས་བཤད་པའི་ཕྱིར་རིགས་གཉིས་སུ་ཤེས་པར་བྱའོ། །ཡང་དེ་ཉིད་ལས་བཤགས་ཚད་བསྟན་པ། ཕམ་པ་རྫུ་འཕྲུལ་སོགས་ཀྱིས་འདུལ། །ལྟུང་བ་དབང་གི་རིམ་པས་སོ། །ལྕི་བ་ཚོགས་ཀྱི་འཁོར་ལོ་སྟེ། །སྦོམ་པོ་ཚོགས་པའི་ནང་དུ་མཆོད། །ཡན་ལག་ཚོགས་ལ་བཤགས་པ་སྟེ། །ཉེས་བྱས་ཕྲ་མོའི་དཀྱིལ་འཁོར་སོགས། །ཉེས་པ་མེད་པ་མཁས་པས་བརྟག །ཉེས་པ་ཆུང་དུ་ཕྲ་མོ་ཡང༌། །གོང་བཞིན་འདུད་པ་འཛིན་ན་ལྕི། །གོང་བཞིན་དངོས་པོ་ལྕི་འགྱུར་ཡང༌། །མི་འཇིགས་སྟེར་ཞིང་གསོང་པོར་སྨྲ། །དེ་སོགས་མ་གོ་བཤད་པ་ཡང༌། །ཕྱིར་ཞིང་སྡོམ་པ་དགའ་བ་ནི། །ཉེས་པ་ཆེ་ཡང་ཡང་བར་བཤད། །བཤགས་ཀྱང་མདུད་པར་འཛིན་བྱེད་ན། །ཉེས་པ་ཆུང་ཡང་ལྕི་བར་བཤད། །ཁྱད་དུ་བསད་དེ་མ་བཤགས་ན། །ཉེས་པ་ཆུང་ཡང་ལྕི་བར་བཤད། །རྟག་ཏུ་འཛེམ་ཞིང་འཇིགས་འགྱུར་ན། །ཉོན་མོངས་ཟིལ་ནོན་ཉེས་འབྱུང་ཡང༌། །ཉེས་པ་ཆེ་བར་མི་འགྱུར་རོ། །དེ་བས་གྲོགས་ལ་སོགས་པ་བརྟག །


DTG053_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་འབྱུང་བས་རྣམ་པར་ཕྱེ་སྟེ་བཤད་པའོ། །ཕལ་ཆེར་ལྟུང་བ་དང་པོ་ལས་ཤེས་པར་བྱའོ། །ཤན་འདྲ་བ་ནི་ཕྱོགས་སུ་བསྡུའོ། །དམ་པ་རྣམས་ཀྱི་ཉེས་པ་མི་འབྱུང་བ་ལ་འབད་པར་བྱའོ། །བྱུང་ཡང་དུས་མ་ཡོལ་བར་ཆད་དུ་བཤགས་པར་བྱའོ། །བྱ་བ་དང་བྱ་བ་མ་ཡིན་པ་ཡང་ཤེས་པས་བརྟག་པར་བྱའོ། །གཞན་དུ་ན་ལྟུང་བ་རྣམ་བར་གཞག་པའི་རྒྱུད་ལས། དཀྱིལ་འཁོར་ཐར་པའི་གྲོང་མཆོག་འདིར། །ཞུགས་པ་དང་ནི་དབང་བསྐུར་བས། །ཕྱིར་ལྡོག་པ་ནི་ཡོང་མ་ཡིན། །འདིར་ཞུགས་བུ་རྣམས་སྐད་ཅིག་ཀྱང༌། །འབྲལ་མེད་འོག་མིན་གནས་སུ་འགྲོ། །ཉམས་ནས་འབྲལ་བར་གྱུར་པ་ན། །ཐུར་དུ་བལྟས་ནས་དམྱལ་བར་འགྲོ། །ཞེས་བཤད་པས་ཤེས་པར་བྱའོ། །དེའི་ཕྱིར། རྡོ་རྗེ་སྤུན་ལ་ཁྲོས་པ་ནི་སེམས་ཁོང་ནས་འཁྲུགས་ཤིང་མནར་སེམས་དགུ་དང་ལྡན་པའོ། །འདིར་ལུས་ངག་གཙོ་བོ་མ་ཡིན་པས་ཕལ་ཆེར་ལྟུང་བའི་སེམས་ལ་བཞག་པའོ། །ཉེས་པ་ནི་འདོད་པ་མ་ཡིན་པར་ལྟུང་བའོ། །ལྟུང་བ་གསུམ་པའི་བཤད་པའོ།། །།ད་ནི་ལྟུང་བ་བཞི་པའི་མཚན་ཉིད་བཤད་པར་བྱ་སྟེ། སེམས་ཅན་རྣམས་ལ་བྱམས་སེམས་སྤོང༌། །བཞི་པ་ཡིན་པར་རྒྱལ་བས་གསུངས། །ཞེས་བྱ་བས་བཤད་དེ། འདིར་སེམས་ཅན་གྱི་ཁམས་གསུམ་པ་སྟེ། རང་གི་དེ་ཉིད་མ་རྟོགས་པས་འཁྲུལ་བའི་དབང་གིས་སྡུག་བསྔལ་བའོ། །ཐེག་པ་ཆེན་པོས་སྙིང་རྗེ་དང་བྱམས་པ་དང་སྐད་ཅིག་ཀྱང་བྲལ་བར་མི་བྱ་སྟེ། གཞན་གྱི་དོན་དུ་ཞུགས་པས་བུ་གཅིག་པ་ལ་སྡུག་པའི་མ་བཞིན་ནོ། །དེ་བས་ན་གཞན་གྱི་དོན་མཐོང་ན་བདག་ཉིད་ཀྱི་ལུས་དང་སྲོག་ལ་མ་ཆགས་པ་སྟེ། གཞན་དུ་ཐེག་པ་ཆེན་པོ་རྣམ་པར་སྤངས་པའོ། །དེ་ཡང་ཡུལ་རྣམ་པ་གསུམ་ལ་ཁྱད་པར་མི་རྟོག་པར་སྙོམས་པར་རྒྱུ་སྙིང་རྗེའི་སྟོབས་ཀྱིས་དོན་ལ་འཇུག་པ་སྟེ། དེ་བས་ན་སངས་རྒྱས་ཀྱི་བྱང་ཆུབ་འདོད་པས་ཅིའི་ཕྱིར་བྱམས་པ་དང་སྙིང་རྗེ་དོན་དུ་མི་གཉེར། བྱོལ་སོང་གི་སྐྱེ་གནས་སུ་སྐྱེས་པའི་དགས་ཁྲི་སྙན་ས་ལེ་ཡང་རྟག་ཏུ་སེམས་ཅན་ལ་བུ་གཅིག་པ་བཞིན་དུ་སེམས་པའི་སྙིང་རྗེ་དང་ལྡན་ན་ཐེག་པ་ཆེན་


DTG053_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྣམས་ཀྱིས་ལྟ་ཅི་སྨོས། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། སངས་རྒྱས་བྱང་ཆུབ་འདོད་པ་ཡིས། །རྩ་བ་ཆད་པའི་ཞེ་སྡང་ནི། །སྐད་ཅིག་ཙམ་ཡང་བསྟེན་མི་བྱ། །སེམས་འཁྲུགས་པ་ལ་ཐར་ལམ་མེད། །ཅེས་བསྟན་ཏོ། །གཞན་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ཀྱིས་ནི་འདོད་ཆགས་ཀྱི་ཕུང་པོ་རི་རབ་ཙམ་ནི་བླའི་ཞེས་དང་སྐད་ཅིག་ནི་དེ་ལྟ་མ་ཡིན་ནོ། །དེའི་ཕྱིར། སེམས་བསྐྱེད་པས་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་བསྟེན་པ་གཞན་གྱི་དོན་ནི་བྱམས་པ་དང་སྙིང་རྗེས་རྗེས་སུ་གཟུང་གེ་ཞེ་སྡང་གིས་གཞན་དོན་བྱེད་པ་མ་ཡིན་ནོ། །གཞན་ཡང་ཐེག་པ་ཆེན་པོའི་མདོ་དང་རྒྱུད་མཐའ་དག་ལས་ཞེ་སྡང་སྤང་ཞིང་བྱམས་པ་དང་སྙིང་རྗེ་བསྟེན་པར་གསུངས་པ་ཤེས་པར་བྱའོ། །འདིར་ཡང་སྦྱོར་བ་བདུན་དང་ལྡན་པས་ཉེས་པ་ཅི་བྱུང་བའང་གོང་དུ་བསྟེན་པ་ལས་ཤེས་པར་བྱའོ། །འདིར་མནར་སེམས་དགུ་དང་ལྡན་པ་ནི་ལྟུང་བའོ། །སེམས་ཁོང་ནས་འཁྲུགས་པ་ནི་སྦོམ་པོའོ། །དུས་འདས་སུ་མདུད་པར་འཛིན་པ་ནི་ལྕི་བའོ། །སྦྱོར་བ་ཙམ་ཉེས་བྱས་སོ། །ལུས་ངག་གི་ཉེས་པ་ནི་ཕྲ་མོའོ། །གཞན་ལ་བའི་དངོས་གཞི་སྐྱེས་པ་མ་བཤགས་པར་མི་གནང་བར་གྱུར་པ་དང༌། རང་ལ་དེ་ལྟ་བུ་གཞན་ཆོས་བཞིན་དུ་བཤགས་པ་ལས་རང་དང་གཞན་དྲི་མ་ལས་ལྡང་བར་མི་བྱེད་པར་སྣང་པར་མ་གྱུར་ན་ཕམ་པའི་ཕྱོགས་སུ་བསྡུས་པའོ། །བཤགས་པའི་ཚད་ནི་ཞིང་བླ་མ་དང་རྡོ་རྗེ་སྤུན་ལག་གང་གི་ཉེས་པ་བཤགས་པའོ། །སེམས་ཅན་ཐམས་ཅད་ལ་ཡང་ཞིང་དང་བསམ་པ་དང་སྦྱོར་བའི་ཉེས་པ་དང་སྦྱར་ཏེ་ངེས་ཚངས་པ་སྦྱིན་པ་དང༌། རྒྱུན་དེ་ལས་ལོག་པ་དང༌། སེམས་སུན་ཕྱུང་བ་སྟེ། སྔོམ་པ་དང༌། འཚོགས་པ་ལ་ཚོགས་དང་མཎྜལ་དང༌། ངག་གི་སྦྱོར་བ་དང༌། ནོར་ལ་སོགས་པས་རྗེས་སུ་དགའ་བར་བྱ་བ་དང༌། ཡུལ་དེ་ཉིད་ལས་བཤགས་པ་དང༌། སྲོག་ཆགས་གཞན་ཚེ་བསྐྱབ་པ་ལ་སོགས་པས་ཉེས་པ་ལ་འཇིགས་ཤིང་བཤགས་པར་བྱའོ། །ཕྱོགས་སུ་བསྡུ་བ་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཚད་མེད་བཞི་བསྒོམ་པའོ། །ཁྱད་པར་དུ་ནི་ཡུལ་ཉེ་བ་རྣམས་


DTG053_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ལའོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས་བཤད་པ། །ཐེག་པ་ཆེ་ལ་ཞུགས་པ་ཡིས། །སེམས་ཅན་རྣམས་ལ་བུ་བཞིན་བྱམས། །སྙིང་རྗེས་གཞན་དོན་རང་སྲོག་སྦྱིན། །ཉན་ཐོས་རྣམས་ཀྱང་གནོད་ལས་ལོག །སྣོད་དུ་མ་གྱུར་ལོག་སྲེད་ཅན། །ནམ་ཡང་དོར་བར་མི་བྱའོ། །ཉེས་པ་བྱུང་ན་བཤགས་པར་བྱ། །སྙིང་རྗེ་བྱམས་པས་ཞུགས་གྱུར་ན། །སྔར་བྱས་ཉེས་པ་དེ་ཡིས་ལྡང༌། །བཤགས་ཀྱང་ཕྱིར་ཞིང་མི་སྡོམ་ན། །བཤགས་པས་དྲི་མ་ལྡང་བ་མེད། །ཅེས་བྱ་བས་བཤད་པའོ། །དེ་བས་ན་དམ་པ་རྣམས་ཀྱིས་བཤགས་ཏེ་བསྡམ་པར་བྱའོ་ཞེས་བཤད་དོ། །དེ་བས་ན་སེམས་ཅན་རྣམས་ཞེས་པ་ནི་མང་བའི་ཚིག་གོ །བྱམས་པའི་སེམས་སྤོང་བ་ནི་མནར་སེམས་ཀྱི་ཞེ་སྡང་ངོ༌། །དེ་སེམས་ལ་སྐྱེད་པ་ནི་ལྟུང་བའོ། །ཡིད་ཆེས་པར་བྱ་བའི་ཕྱིར་རྒྱལ་བས་གསུངས་པའོ། །ལྟུང་བ་བཞི་པའི་བཤད་པའོ།། །།ད་ནི་ལྟུང་བ་ལྔ་པའི་མཚན་ཉིད་བཤད་པར་བྱ་སྟེ། ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་བ་ནི་ལྔ་པ་ཡིན། །ཞེས་སྨོས་ཏེ། འདིར་འབྲུམ་མང་པོ་པར་སྦྱར་ཏེ། བི་བག་ཤ་སྟེ། སྐྱེས་པ་ལྟ་བུའི་དོན་ཏོ། །དེ་ལྟར་ཡང༌། རང་བཞིན་གཞི་མཐུན་བྱང་ཆུབ་སེམས། །སྒྲ་གཅིག་གིས་ནི་དངོས་རྣམས་བརྗོད། །ཀུན་རྫོབ་ལ་སོགས་དབྱེ་བ་ཡིས། །སེནྟ་པ་ཡི་སྒྲ་བཞིན་ནོ། །ཞེས་འབྱུང་སྟེ། སེནྟ་པ་ཡི་གནས་སྐབས་ཀྱིས་རྟ་དང་ཆུ་དང་རལ་གྲི་དང་ལན་ཚྭའོ། །འདིར་ཡང་དོན་དམ་པ་དང༌། ཀུན་རྫོབ་ཀྱི་དབྱེ་བས་སོ། །འདིར་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྤོང་བ་ནི་རང་བཞིན་གྱིས་སེམས་ཅན་ཐམས་ཅད་ལ་ཡེ་ཤེས་གནས་པ་མ་རྟོགས་པར་སྤོང་བའོ། །དེའི་ཕྱིར། རྒྱུ་དང་མི་རྒྱུའི་དངོས་པོ་ཀུན། །ཁྱབ་བདག་རྡོ་རྗེ་སེམས་དཔའ་ཡིས། །གཟོད་གནས་དག་པའི་ཡེ་ཤེས་གནས། །ཐབས་གཞན་སངས་རྒྱས་མི་རྙེད་དོ། །ཞེས་བཤད་པ་དང༌། ཇི་ལྟར་མར་ལ་མར་བཞག་བཞིན། །ཇི་ལྟར་ཆུ་ལ་ཆུ་བཞག་བཞིན། །རང་གི་ཡེ་ཤེས་དེ་རྟོགས་བྱ། །ཞེས་བྱ་བས་ཀྱང་བཤད་ལ། རང་གི་ཡེ་ཤེས་གང་ཡིན་པ། །དེ་རྟོགས་པ་ནི་འདིར་ཕྱག་


DTG053_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཞེས་འབྱུང་བས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སྙིང་པོ་སངས་རྒྱས་ཀྱི་ཡེ་ཤེས་གནས་པས་དེ་རྟོགས་ན་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་བཤད་པ་དང༌། གཞན་ཡང་འདི་ནི་ཐེག་པ་ཆེན་པོའི་མདོ་སྡེ་དང་རྒྱུད་མཐའ་དག་ནས་གསལ་བར་བསྟེན་པས་དེའི་ཕྱིར་ཡུལ་སྟོང་པ་ཉིད་དང༌། ཡུལ་ཅན་རང་བཞིན་གྱིས་འོད་གསལ་བ་གཉིས་ཐ་དད་པ་མེད་པ་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཡིན་པས་དེ་ལ་མི་མོས་ཤིང་སྤོང་བ་ཆོས་ཀྱི་རྩ་བ་སྤོང་བའོ། །དེ་མ་རྟོགས་ན་ཐར་པ་དང་ཐམས་ཅད་མཁྱེན་པ་མི་ཐོབ་སྟེ། དེའི་ཕྱིར་ཉན་ཐོས་ཀྱིས་ཀྱང་ཆོས་ཀྱི་དབྱིངས་ཀྱི་བྱེ་བྲག་རྟོགས་པའོ། །དེ་སྐད་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས། སྐྱེ་མེད་རྟོགས་པས་མྱ་ངན་འདས། །ཉན་ཐོས་གང་ཟག་བདག་མེད་པས། །ཆོས་དབྱིངས་བྱེ་བྲག་རྟོགས་པས་ཐར། །མཁས་པས་རང་སེམས་དག་ལ་བརྟག །རང་སངས་རྒྱས་ཀྱི་བྱེ་བྲག་ཆ། །དངོས་ཀུན་སྐྱེ་མེད་ཐམས་ཅད་མཁྱེན། །ཞེས་བཤད་པས་ཁོང་དུ་ཆུད་པར་བྱའོ། །དེ་བས་ན་དེ་རྟོགས་པར་བྱ་སྟེ་བྱེ་བྲག་གི་རྒྱུད་ལས། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །གང་ཞིག་དེ་རྟོགས་འདོད་པ་སྟེ།། བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་བཤད་པའོ། །དེ་བས་དེ་ལ་སྨོན་པ་དང༌། འབད་རྩོལ་གྱིས་འཇུག་པ་དང༌། ལམ་དུ་བསྟན་པ་ལ་འབད་པར་བྱ་སྟེ། གཞན་དུ་ན་དེ་སྤོང་བའོ། །དེའི་ཕྱིར། བྱང་ཆུབ་སེམས་ལ་འཇུག་པ་དང༌། །གང་ཞིག་རྟོགས་པར་འདོད་པ་སྟེ། །སྒྲིབ་པ་ཐམས་ཅད་སེལ་བྱེད་ཅིང༌། །བདུད་རྣམས་ཤིན་ཏུ་སྐྲག་བྱེད་དེ། །ཇི་ལྟར་སྒྲོན་མ་སྐྱེས་མ་ཐག །མུན་པ་ལོ་སྟོང་སེལ་བ་བཞིན། །དེ་བཞིན་སེང་གེའི་ཕྲུ་གུས་ཀྱང༌། །ཤིན་ཏུ་རྒས་པའི་གཅན་གཟན་འཇིགས། །ཞེས་བཤད་པས་དེ་ནི་ཆོས་ཐམས་ཅད་ཀྱི་རྩ་བའོ། །དེ་སྤོང་བའི་ལྟུང་བའོ། །སྒྲའི་དོན་གྱི་ཀུན་རྫོབ་ཀུནད་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལ་བྱ་སྟེ། དེ་ནི་བྱང་ཆུབ་ཀྱི་ཆེད་དུ་དམ་ཚིག་མ་དང༌། ལག་གི་འདུ་བྱེད་ཀྱིས་དོར་བར་མི་བྱ་སྟེ། སེམས་མ་བལྟས་པས་ཀྱང་ལྕེས་བླང་བར་བྱའོ་ཞེས་བཤད་པས་སོ། །གཞན་ཡང་གསང་བའི་དབང་གི་དུས་སུ་


DTG053_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་པས་སངས་རྒྱས་ཀྱི་ཡེ་ཤེས་འདྲ་བ་ཕབ་སྟེ་སྦྱིན་པར་བྱའོ། །གཞན་དུ་སྤངས་ན་ལྟུང་བའོ། །གཞན་དུ་ཤེས་རབ་ཡེ་ཤེས་དང༌། དམ་ཚིག་མ་ལས་རྣལ་འབྱོར་གོམས་པར་བྱེད་པས་ནི་སྤོང་བར་ཐབས་དང་ཤེས་རབ་ཀྱི་རྒྱུད་ལས་བསྟན་པའོ། །སྦྱོར་བ་དུས་དངོས་གཞིར་གྱུར་པ་ཡང་ཤེས་པར་བྱའོ། །དབྱེ་བའི་གཞི་ཡང་དེ་ཉིད་དོ། །སུན་ཕྱུང་བ་ལ་རིམ་པ་བཞིན་རྗེས་སུ་འཇུག་པ་ལ་བསླབ་པར་བྱའོ། །དབང་གི་རིམ་པ་དེ་ཉིད་ཀྱིས་བསྐང་བར་བྱའོ། །གཞན་དུ་ཆུ་ཚོད་གསུམ་དང༌། ལྔ་དང༌། དགུ་དང༌། བཅུ་བདུན་དང༌། ཉི་ཤུ་རྩ་བརྒྱད་དང༌། སུམ་ཅུ་རྩ་ལྔ་དང༌། བཞི་བཅུ་རྩ་བདུན་དང༌། ལྔ་བཅུ་རྩ་ལྔ་དང༌། དྲུག་ཅུ་རྩ་གཉིས་ཀྱིས་བསྐྱེད་དེ། དེ་དམ་ཚིག་གི་རིམ་པ་ལ་སོགས་པ་ལ་བདེ་བ་ཆེན་པོ་དང༌། དགའ་བ་བཞིའི་དཀྱིལ་འཁོར་བ་མཉེས་པར་བྱས་པས་ལྡང་བའོ། །དེའི་ཕྱིར་ཨིནྡྲ་བྷཱུ་ཏིས་བཤད་པ། གང་ཞིག་དོན་དམ་ཀུན་རྫོབ་ཀྱི། །བྱང་ཆུབ་སེམས་ལས་ཉམས་གྱུར་ན། །དོན་དམ་དོན་དམ་ཉིད་ཀྱིས་ཏེ། །ཀུན་རྫོབ་ལྕེས་བླང་ག་ལ་ཉམས། །དེ་ཉིད་ལས་ནི་བསླབ་པར་བྱ། །ཤུཀྲ་དོར་ན་རྩ་བ་ཉམས། །ཆུ་ཚོད་ནས་བརྩིས་དགའ་བ་བཞི། །གོམས་པས་དྲི་མ་དེ་ལས་ལྡང༌། །དེ་ཕྱིར་དམ་ཚིག་རིག་མ་དང༌། །རྣལ་འབྱོར་ཚང་ལྡན་མེད་པས་ནི། །ནམ་ཡང་འཇུག་པར་མི་བྱའོ། །གཞན་དུ་ལྟུང་བའི་རྩ་བ་སྟེ། །རྡོ་རྗེ་འཛིན་པ་སྤངས་ན་ལྟུང༌། །ཞེས་བཤད་པའི་ཕྱིར་རོ། །དེ་བས་ན་བརྟན་པ་ཐོབ་པས་འབད་པར་བྱའོ། །གཞན་དུ་ཡང༌། སྐྱེ་བོ་འདོད་ཆགས་ཅན་དོན་དུ། །འདི་ཡི་བྱེད་པ་རྡོ་རྗེ་འཛིན། །ཞེས་བཤད་པ་དང༌། ཤེས་རབ་ཀྱི་རྒྱུད་ལས་ཀྱང༌། ཇི་ལྟར་མེ་ཡིས་ཚིག་པ་ལས། །མེ་དེ་ཉིད་ལ་བསྲོ་བར་བྱ། །དེ་བཞིན་རྣ་བར་ཆུ་སོང་པ། །ཆུ་དེ་ཉིད་ཀྱིས་སླར་དབྱུང་བྱ། །འདོད་ཆགས་ལྡན་པའི་གང་ཟག་ཀྱང༌། །འདོད་ཆགས་ཉིད་ཀྱིས་གདུལ་བར་བྱ། །ཞེས་བཤད་པ་ཡང་བརྟན་པ་དང་ལྡན་པ་ལ་ལམ་དུ་འགྱུར་བར་ཤེས་པར་བྱའོ། །དེ་ལྟ་མ་ཡིན་པར་འདོད་ཆགས་ཀྱི་རྗེས་སུ་འབྲངས་ཏེ་སྒྲ་ཙམ་གྱི་ཕྱོགས་སུ་གཞོལ་བ་ལ་ལྟུང་བ་དང་སྦོམ་པོ་ལ་སོགས་པར་འགྱུར་བས་ཚོགས་པ་ལ་བཤགས་ལ་དོན་མ་ཡིན་པར་


DTG053_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཇུག་པར་བསྡམས་ལ་རྗེས་སུ་བསྐང་ཞིང་དོན་དུ་བསླབ་པར་བྱའོ་ཞེས་བཤད་པ་སྟེ་ལྔ་པ་ཡིན་པས་ལྔ་པ་སྟེ་ལྟུང་བ་ལྔ་པའི་བཤད་པའོ།། །།ད་ནི་ལྟུང་བ་དྲུག་པའི་མཚན་ཉིད་བཤད་པར་འདོད་ནས། རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །ཞེས་སྣོས་ཏེ་རང་ནི་བདག་མེད་པར་སྨྲ་བ་དང༌། གཞན་ནི་ཕྱི་རོལ་པའོ། །དེ་ལ་སྨད་པར་མི་བྱའོ། །གཞན་དག་ནི་ཐེག་པ་ཆེན་པོའི་མདོ་དང་རྒྱུད་ལ་བྱ་སྟེ། མུ་སྟེགས་སུན་དབྱུང་བའོ་ཞེས་ཟེར་ཏེ། དེ་ཡང་གཞན་དེ་ལ་འཇུག་པ་བཟློག་པའི་ཕྱིར་བཤད་པ་སྟེ། ཉོན་མོངས་པས་ཀུན་ནས་བསླང་སྟེ་སྨད་པ་མ་ཡིན་ཏེ། བྱེ་བྲག་གི་རྒྱུད་ལས། རྣམ་པར་སྣང་མཛད་རིང་བའི་རྒྱུ། །མུ་སྟེགས་ཅན་ལ་སྨད་མི་བྱ། །ཞེས་བཤད་པ་དང༌། དེ་བཞིན་དུ། གྲུབ་པའི་མཐའ་ཡིས་བློ་བསྐྱེད་ཕྱིར། །ཕྱི་རོལ་བ་ཡང་ལམ་ཚོལ་ཞུགས། །དེ་ཕྱིར་དེ་ལ་སྨད་མི་བྱ། །ལམ་ཞུགས་ཉན་ཐོས་སྨོས་ཅི་དགོས། །ཞེས་བཤད་པས་སོ། །དེའི་ཕྱིར། སེམས་ཅན་བསམ་པ་ཐ་དད་པས། །མྱ་ངན་འདས་པར་དྲང་བའི་ཕྱིར། །བྱིན་གྱིས་བརླབས་དང་མངོན་སུམ་པས། །འདི་དང་ཕྱི་རོལ་བསྟན་པ་ཡིན། །དེ་ཕྱིར་སྨད་པར་མི་བྱ་སྟེ། ཕལ་ཆེར་ཐར་ལམ་འདོད་པས་སོ། །ཞེས་བཤད་དེ། དེའི་ཕྱིར་ལྷ་སྦྱིན་ཡང་ཡང་དག་པས་ན་ལྷ་སྦྱིན་མ་ཡིན་ལ། མུ་སྟེགས་ཅན་གྱི་གྲུབ་པའི་མཐའ་ལ་ཡང་སྨད་པར་མི་བྱའོ་ཞེས་འབྱུང་བ་སྟེ། ཐེག་པ་ཆེན་པོ་ལ་གཟུད་པ་དང༌། ལྟ་བ་ངན་པ་ལ་དད་པ་སུན་དབྱུང་བ་དང༌། གདུལ་བྱའི་བསམ་པས་སྨད་པ་ལ་ཉེས་པ་མེད་དོ། །བསོད་ནམས་ཀྱང་མང་དུ་འཕེལ་ལོ། །དེའི་ཕྱིར་རྒྱུད་ལ་སྨད་ན་ལྟུང་བའོ། །ཐེག་པ་ཆེན་པོའི་མདོ་སྡེ་ལ་སྨད་ན་སྦོམ་པོའོ། །ཉན་ཐོས་ཀྱི་ལ་ཉེས་བྱས་སོ། །ཕྱི་རོལ་པ་ཡང་ཕྲ་མོའི་ཉེས་བྱས་སོ། །སྦྱོར་བ་དུ་དང་ལྡན་པས་དངོས་གཞིར་འགྱུར་བས་ལྟུང་བ་དང༌། ན་སྨད་པས་རེ་རེ་ལ་ཡང་ཡུལ་དང་བསམ་པས་ན་སྨད་པས་བཤགས་པའི་དུས་ཡོལ་བ་ལྕི་བ་ལ་སོགས་པའི་ཉེས་བྱས་དང་ཉེས་པ་མེད་པ་ཤེས་པར་བྱའོ། །དེ་བས་ན་ལམ་ཚོལ་བ་ལ་ཞུགས་པ་དང༌། ལམ་ལ་ཞུགས་པ་དང༌། ལམ་ཆེན་


DTG053_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་ཞུགས་པ་དང༌། ལམ་ཆེས་ཆེ་བའི་ལམ་བླ་ན་མེད་པ་ལ་ཞུགས་པའི་སྣོད་ཀྱི་རིམ་པས་ལམ་ལ་མ་ཞུགས་པ་གཞུག་པ་དང༌། ཕྱི་རོལ་པ་ལ་བདག་མེད་པར་བསྟན་པ་དང༌། ཉན་ཐོས་ལ་སོགས་པ་ལ་ཁྱད་པར་གྱི་ལམ་བསྟན་པའི་ཕྱིར་རོ། །ལམ་མེད་གྲུབ་པའི་མཐའ་ལ་དགོད། །ཕྱི་རོལ་པ་ལ་བདག་མེད་བསྟན། །ཉན་ཐོས་ལ་སོགས་རིམ་པས་དྲང༌། །རྣམ་པ་སྣ་ཚོགས་ཐབས་ཀྱིས་གདུལ། །ཞེས་བཤད་པ་དང༌། དགྱེས་པའི་རྡོ་རྗེ་ལས་ཀྱང༌། དང་པོའི་བྱེ་བྲག་སྨྲ་བ་སྟེ། །ཞེས་བྱ་བ་ནས། ཀུན་གྱི་ཐ་མར་ཐེག་པའི་མཆོག །ཅེས་བྱ་བར་བཤད་དོ། །དེའི་དབང་དུ་མཛད་ནས། མཚན་ཡང་དག་པར་བརྗོད་པ་ལས་བྱ་བ་གྲུབ་པའི་ཡེ་ཤེས་ལ་བསྟོད་པ་ལས། ཐེག་པ་སྣ་ཚོགས་ཐབས་ཚུལ་རིག །འགྲོ་བའི་དོན་ལ་རྟོགས་པ་པོ། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཉོན་མོངས་ཁམས་རྣམས་དག་པའི་བདག །ལས་ཀྱི་ཁམས་རྣམས་ཟད་བྱེད་པ། །ཞེས་བཤད་པས། ཐབས་སྣ་ཚོགས་ཀྱིས་གདུལ་བྱ་གདུལ་བར་བྱའོ། །དེ་བས་ན་དགོངས་པ་སྣ་ཚོགས་ཤེས་པས་སྐབས་ཁ་ཅིག་ཏུ་ཐེག་པ་གསུམ་ལ་ཞུགས་བའོ། །ཞུགས་པ་ནི་འོག་མ་སྤོང་བཅུག་ལ་གོང་མ་ལ་དགོད་པའོ། །དེའི་དབང་དུ་མཛད་ནས། དམྱལ་བར་འགྲོ་བ་བྱང་ཆུབ་ལ། །རྟག་ཏུ་གེགས་བྱེད་མ་ཡིན་ཏེ། །རང་སངས་རྒྱས་ཀྱི་ས་རྣམས་དང༌། །ཉན་ཐོས་ས་ཡིས་གེགས་བྱེད་དོ། །ཞེས་བཤད་པ་དང༌། དེ་བཞིན་དུ་འཇིག་རྟེན་པའི་དབང་དུ་མཛད་ནས། བདེན་པར་སྨྲ་བྱ་ཁྲོ་མི་བྱ། །སློང་ན་ཆུང་ཡང་སྦྱིན་པར་བྱ། །སྙན་པར་སྨྲ་བྱ་ཁྲོ་མི་བྱ། །རྣམ་པ་འདི་གསུམ་གནས་ཀྱིས་ནི། །ལྷ་ཡི་ནང་དུ་སྐྱེ་བར་འགྱུར། །ཞེས་བྱ་བ་དང༌། འཇིག་རྟེན་པ་ཡིས་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང༌། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་བྱ་བས་བཤད་དོ། །དེ་བས་ན་དགོངས་པས་རིག་པར་བྱའོ། །དེའི་ཕྱིར་བསྐང་བ་ཡང་ཕལ་ཆེར་ཡུལ་དང་བསམ་པ་དང་དུས་ལ་སོགས་པ་ཤེས་པར་བྱ་སྟེ། དེ་ཉིད་ལས་བཟློག་སྟེ། དགོངས་པ་སྣ་ཚོགས་པའི་དོན་དང༌། ཡང་དག་པའི་དོན་ཤེས་པ་ལ་གཞུག་ཅིང་ཕྱིས་བསྡམས་ཏེ། ཚོགས་པའི་ནང་དུ་བཤགས་


DTG053_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

པས་དྲི་མ་ལས་ལྡང་ངོ༌། །གཞན་དུ་ན་ཕྱིས་སྔོམ་པ་དང་དམ་པ་གཅིག་ལ་བཤགས་པས་ལྡང་སྟེ་དེའི་ཕྱིར་བློས་ཕྱེ་བས་ཤེས་པར་བྱ་སྟེ་ལྟུང་པ་དྲུག་པའི་བཤད་པའོ།། །།ད་ནི་ལྟུང་བ་བདུན་པའི་མཚན་ཉིད་བཤད་པར་འདོད་པས། ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོགས་པ་བདུན་པ་ཡིན། །ཞེས་བཤད་དེ། དེ་ཡང་སྣོད་མ་སྨིན་པ་དང༌། ཚོགས་སྨིན་པར་མ་བྱས་པ་དང༌། ཆོ་ག་རྫོགས་པས་སྨིན་པར་མ་བྱས་པ་དང༌། ཟབ་པས་འཇིགས་པས་མ་སྨིན་པ་དང༌། ཉམས་པས་མ་སྨིན་པའོ། །དེ་ལ་རང་བཞིན་གྱི་ལོག་སྲེད་ཅན་སྣོད་ཁ་སྤུབ་པ་ཐབས་སྣ་ཚོགས་ཀྱིས་བཏུལ་ཡང་སྣོད་དུ་མ་གྱུར་པ་ཡོད་དེ། སྐུར་ཞིང་སྨོད་པར་བྱས་པས་བསྟན་པར་བྱ་བ་མ་ཡིན་པའོ། །གཞན་དུ་ན་སྣོད་དུ་མ་གྱུར་པ་མེད་དེ། འདུས་པ་ལས། རིགས་ངན་སྨེ་ཤ་ཅན་ལ་སོགས། །གསོད་པ་དོན་དུ་གཉེར་བ་རྣམས། །ཐེག་མཆོག་འདི་ལས་འགྲུབ་པར་འགྱུར། །ཞེས་བཤད་པ་དང༌། གཞན་ཡང༌། མཚམས་མེད་ལྔ་པོ་བྱེད་པ་དང༌། །གསོད་ལ་སོགས་པའི་མི་དགེ་སོགས། །དབང་མ་བསྐུར་བའི་མི་རྣམས་ཀྱང༌། །ནག་པོས་བཀའ་སྩལ་བཞིན་དུ་འགྲུབ། །ཅེས་འབྱུང་བའི་ཕྱིར་རོ། །སྦྱོར་བ་ཕུལ་དུ་གྱུར་པའི་ཚིག་གོ །བྱང་ཆུབ་ཀྱི་སེམས་དང་ལྡན་པ་ལ་སྣོད་དུ་རུང་བར་བཤད་ཀྱི། ཐམས་ཅད་དུ་ཆོ་ག་མེད་པས་ནི་འགྲུབ་པ་མ་ཡིན་ནོ། །སློབ་དཔོན་དང་སློབ་མ་རྐྱེན་མ་ཚང་པས་སྣོད་དུ་རུང་ཡང་དབང་མ་ཐོབ་པའི་གང་ཟག་ཀྱང་ངོ༌། །བུམ་པའི་དབང་ཙམ་ཐོབ་པ་ལ་གསང་བ་ལ་སོགས་པ་མ་ཐོབ་པ་ཡང་ངོ༌། །དབང་རྫོགས་ཀྱང་སྤྱོད་པ་དང་རིག་པའི་བརྟུལ་ཞུགས་དང༌། ལམ་རྣམ་པ་བཞིའི་ཚུལ་དང་ཟབ་མོའི་དོན་ལ་འཇིགས་པ་ཡང་སྣོད་དུ་མ་གྱུར་པའོ། །ཐོབ་ཀྱང་ལྟུང་བ་ལ་སོགས་པ་འབྱུང་སྟེ། ཉམས་ཀྱང་རྐྱེན་མ་ཚང་བ་དང༌། མ་གུས་པས་དྲི་མ་ལས་མི་ལྡང་བ་ཡང་མ་སྨིན་པར་ཤེས་པར་བྱའོ། །དེ་ལྟ་བུ་ལ་སྙིགས་མ་ལྔའི་དུས་ཀྱི་རྡོ་རྗེ་སློབ་དཔོན་གྱི་འདོད་པ་དང་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་བསམ་པས་མི་འདུལ་ཞིང་མ་གུས་པ་ལ་སྐུར་བས་ལྟུང་བར་འགྱུར་ལ། སྨིན་པར་བྱས་ཀྱང་དྲི་མ་མ་དག་པ་ལ་སྟོན་པ་ནི་ལྟུང་བ་སྟེ། སྙིང་རྗེ་ཞུགས་ན་སྦོམ་པོའོ། །ཚུལ་མ་


DTG053_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་བསྟན་ཏེ་ལུས་ངག་གིས་བསྡམ་པ་མ་བྱས་ན་ཉེས་བྱས་སོ། །འོག་མའི་ཆོ་ག་བྱས་བ་ལ་གོང་མ་སྟོན་ན་ལྕི་བའོ། །མ་རྟོགས་པ་ཕྲ་མོའི་ཉེས་བྱས་སོ། །ཞིང་དང་བསམ་པས་ལྕི་ཡང་དང་སྦྱོར་བ་དུས་དངོས་གཞིར་གྱུར་པ་ཡང་ཤེས་པར་བྱའོ། །ཟབ་པ་མ་ཡིན་པ་བསྟན་པའི་དུས་སུ་ཟབ་མོའི་དོན་སྟོན་པ་དང༌། ཚོགས་ཀྱི་འཁོར་ལོའི་ནང་དུ་འདུས་པ་དང༌། ཉེས་བྱས་བཤགས་པའི་དུས་སུ་འདུས་པ་དང༌། སྤ་བར་བྱ་བ་བརྡ་དང་ཕྱག་རྒྱ་གཅིག་ཙམ་མཐོང་བས་བཤགས་པའི་ཚད་ཀྱང་དུས་ཡོལ་བ་དང་མ་ཡོལ་བས་དེ་ཉིད་དབང་རྣམ་པ་གསུམ་ཉིད་དང་ཚོགས་ཀྱི་འཁོར་ལོ་དང༌། དཔའ་བོའི་སྟོན་མོ་དང༌། ཚོགས་ཀྱི་མཆོད་པས་འདུས་པ་ལ་བཤགས་པ་དང༌། ཆད་པའི་ལས་དང༌། མཎྜལ་སྔོན་དུ་འགྲོ་བས་དྲི་མ་ལས་ལྡང་བར་བྱའོ། །འདི་ནི་སློབ་དཔོན་གྱི་ཉེས་པའོ། །དེ་ཡང་སློབ་དཔོན་ཀུ་ཀུ་རི་པས་བཤད་པ། སྣོད་མིན་པ་ལ་གསང་མི་བསྒྲགས། །སྨིན་དང་མ་སྨིན་རིམ་པ་རྣམས། །གུང་མོའི་རྩེ་མོ་བརྔ་སྦྱོར་སོགས། །མཁས་པས་རྟོགས་པར་མི་བྱེད་ན། །གལ་ཏེ་འདོད་པའི་བསམ་པས་ཞུགས། །དེ་ནི་ཤིན་ཏུ་ལྕི་བ་སྟེ། །སྙིང་རྗེ་ཅན་ལ་ཤིན་ཏུ་ཡང༌། །སྙོམ་ལས་ལ་སོགས་ཉེས་པ་ཆུང༌། །རྐུན་ཐབས་སློབ་མའི་ཉེས་པའོ། །དབང་བསྐུར་ཚོགས་འཁོར་ལ་སོགས་དང༌། །མཎྜལ་ངག་གི་བཤགས་པས་བསྡམ། །གཞན་དུ་སྐྱེས་བུ་ཐ་ཤལ་བརླག །ཅེས་བཤད་པས་རྒྱ་ཆེར་ཤེས་པར་བྱའོ། །ཤན་འདྲ་བ་ཕྱོགས་སུ་བསྡུ་བར་བྱའོ། །ཕལ་ཆེར་ཡུལ་དང་དངོས་པོ་དང༌། དུས་དང་སྦྱོར་བ་དང༌། བསམ་བ་དང༌། གང་ཟག་དང༌། གཞན་གྱི་དོན་ལ་སོགས་སྤྱད་དེ་དྲི་མ་ལས་ལྡང་བར་བྱའོ། །སློབ་དཔོན་གྱི་ཉེས་པ་ནི་ལྟུང་བ་དང་པོ་དང་སྦྱར་ཏེ་བཤགས་པར་བྱའོ། །གཞན་དུ་ན། ཡོངས་སུ་སྨིན་པར་མ་བྱས་ཤིང༌། །བླ་མ་ལ་སོགས་མཆོད་མི་བྱེད། །ཟབ་མོའི་དོན་ལ་ཞུགས་གྱུར་ཀྱང༌། །ཉན་ལ་སོགས་ཏེ་ཕྱག་རྒྱ་འཆིང༌། །ཇི་ལྟར་ས་བོན་ཚིག་པ་ལས། །མྱུ་གུ་འབྲས་བུ་མི་འབྱུང་བཞིན། །ཞེས་བྱ་བས་གསལ་བར་བསྟན་ཏེ། དེའི་ཕྱིར་སློབ་དཔོན་དང་སློབ་མ་ཡོངས་སུ་སྨིན་ན་འབྲས་བུ་ཆེན་པོར་འགྱུར་


DTG053_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ཞེས་བསྟན་པའོ། །དེ་བས་ན་འདོད་པ་ལ་སོགས་པས་ཟབ་མོའི་དོན་བསྟན་ན་ལྟུང་བའོ་ཞེས་བཤད་པ་སྟེ་ལྟུང་བ་བདུན་པའི་བཤད་པའོ།། །།ད་ནི་ལྟུང་བ་བརྒྱད་པའི་མཚན་ཉིད་བརྗོད་པར་བྱ་སྟེ། ཕུང་པོ་སངས་རྒྱས་མངའ་བདག་ཉིད། །དེ་ལ་སྨོད་བྱེད་བརྒྱད་པ་ཡིན།། ཞེས་བྱ་བ་བཤད་དོ། ཕུང་པོ་ནི་གཟུགས་ལ་སོགས་པ་ལྔའོ། །སངས་རྒྱས་ནི་དེ་དག་གི་རང་བཞིན་དང༌། བྱིན་གྱིས་བརླབས་པ་སྟེ། རང་བཞིན་གྱིས་ནི་གཟོད་མ་ནས་མ་སྐྱེས་པའོ། །གཟོད་མ་ནས་རང་བཞིན་གྱིས་འོད་གསལ་བ་ནི་ཤེས་པ་དང་ཤེས་བྱ་ཐ་དད་དུ་མེད་པའི་ཕྱིར་འདི་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རང་བཞིན་གྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་རྣམ་པ་ལྔ་གནས་ཏེ། གློ་བུར་གྱི་དྲི་མ་མཐོང་བས་སྤང་བར་བྱ་བ་དང༌། བསྒོམ་པས་སྤང་བར་བྱ་བས་མ་ཐོབ་པ་ཐོབ་པར་བྱ་བ་ནི་མ་ཡིན་ཏེ། གཞན་དུ་ན་ཐོག་མ་མེད་པའི་དུས་ནས་མ་རིག་པའི་བག་ཆགས་ཀྱིས་ཡོངས་སུ་དཀྲུགས་པའི་ཕྱིར་ཤིན་ཏུ་བག་ཆགས་ཀྱི་མཐུ་བརྟས་པས་མ་རིག་པའི་ཐིབས་པོ་ས་ནོན་པའི་ཕྱིར་ཚེ་གཅིག་ལ་སོགས་ཏེ། བསྐལ་པ་གྲངས་མེད་པ་གསུམ་གྱིས་རྣམ་པ་ཐམས་ཅད་མཁྱེན་པར་ག་ལ་འགྱུར། དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་གནས་ཏེ། དེའི་ནུས་པའི་ཁྱད་པར་དང༌། ཡོན་ཏན་གྱི་ཁྱད་པར་ལས་གཉིས་སུ་མེད་པའི་ཁྱད་པར་དང༌། ཡུལ་དང་ཡུལ་ཅན་དུ་སྣང་བ་སྟེ། དེའི་ཕྱིར་དཔལ་གསང་བ་འདུས་པ་ལ་སོགས་པ་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་མཐའ་དག་ལས། ལུས་ཀྱི་དཀྱིལ་འཁོར་བཀོད་པ་སྣང་བ་སྟེ་དོན་དེ་ཉིད་ལ་དགོངས་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། ཕུང་པོ་སངས་རྒྱས་མངའ་བདག་ཉིད། །སྤྱན་ལ་སོགས་པ་ཆེན་པོ་བཞི། །སྒྲོལ་མ་ལ་སོགས་དེ་བཞིན་ནོ། །ཡུལ་དང་ཡུལ་ཅན་རང་སྣང་བའི།། ཁམས་དང་སྐྱེ་མཆེད་མང་པོ་ནི། །ས་སྙིང་ལ་སོགས་བྱང་ཆུབ་སེམས། །གཟུགས་ཀྱི་ཕུང་པོ་བགེགས་མཐར་བྱེད། །ལུས་ཀྱི་དཀྱིལ་འཁོར་རྣམ་པར་སྣང༌། །ཞེས་བཤད་དེ། གཞན་ཡང༌། གཟུགས་ནི་རྣམ་པར་སྣང་མཛད་དེ། །ཚོར་བ་རིན་ཆེན་འབྱུང་ལྡན་ཡིན། །


DTG053_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ཤེས་སྣང་བ་མཐའ་ཡས་སོ། །འདུ་བྱེད་དོན་ཡོད་གྲུབ་པ་ཡིན། །རྣམ་པར་ཤེས་པ་མི་བསྐྱོད་པ། །ཞེས་བྱ་བ་ལ་སོགས་པ་ཐབས་དང་ཤེས་རབ་ཀྱི་རྒྱུད་མང་པོ་ལས་གསལ་བར་བསྟན་ཏེ། བདག་དང་གཞན་རྡོ་རྗེ་ཐེག་པའི་རྣལ་འབྱོར་པ་རྣམས་ལ་འདི་ནི་བསྒྲུབ་པའི་ཕྱིར་རྒྱུད་དེ་དག་གི་དགོངས་པ་བདག་གིས་འདིར་མ་སྤྲོས་སོ། །རྒྱུད་དེ་དག་ལས་ཀྱང་ལྷའི་གྲངས་ཐ་དད་པར་སྣང་སྟེ། དེ་དག་ཀྱང་གདུལ་བའི་བསམ་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བའི་ནུས་པ་དང༌། དབང་པོའི་བྱེ་བྲག་གིས་གསུངས་ཀྱི། རྣམ་པར་དག་པ་ལུས་ཀྱི་དཀྱིལ་འཁོར་བཀོད་པ་ཕུང་པོ་ལས་ཐ་དད་པར་བརྗོད་པ་ནི་མ་ཡིན་ནོ། །དེའི་ཕྱིར། དེ་ཡི་རང་བཞིན་དེ་ཡིན་ཕྱིར། །དེ་ཡི་ནུས་པ་དེ་ལ་གནས། །དེ་ཕྱིར་སེམས་ཅན་སངས་རྒྱས་ཏེ། །ཐམས་ཀྱིས་འཁྲུལ་པ་བཟློག་པའི་ཕྱིར། །དེ་ཕྱིར་སངས་རྒྱས་ཐ་དད་སྣང༌། །ལུས་ལ་དཀྱིལ་འཁོར་རྣམ་བར་དགོད། །ཅེས་བཤད་པའི་ཕྱིར་རོ། །བྱིན་གྱིས་བརླབས་པའི་ཚུལ་གྱིས་ཀྱང་རྣམ་པར་རྟོག་པའི་བག་ཆགས་ཟད་པར་བྱ་བའི་ཕྱིར་དང༌། བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌། ལས་དང་པོ་པའི་གང་ཟག་རྣལ་འབྱོར་པའི་སེམས་གོམས་པར་བྱ་བའི་ཕྱིར་དབང་དང་དམ་ཚིག་སྔོན་དུ་འགྲོ་བས་ཡན་ལག་བདུན་པས་སེམས་རྒྱུད་སྦྱངས་ཏེ། སྟོང་པ་ཉིད་ལས་ལྷའི་གཟུགས་སུ་རྣམ་པར་ལྡང་ཞིང༌། ཡེ་ཤེས་ཀྱི་དཀྱིལ་འཁོར་དང༌། གཉིས་སུ་མེད་པས་ཕྲ་མོ་དང་ཐིག་ལེ་དང་རྩའི་འཁོར་ལོ་རྣམ་པར་བསྒོམས་ཏེ་ཆོ་ག་ཐམས་ཅད་རྫོགས་པར་བྱའོ། །རང་བཞིན་དུ་གནས་པའི་དོན་དང་བྱིན་གྱིས་བརླབས་པའི་ལུས་ཀྱི་དཀྱིལ་འཁོར་ལ་ཐུན་བཞིའི་རིམ་པས་ཚོགས་ཀྱི་མཆོད་པས་བསྙེན་པར་བྱེད་ཅིང༌། བདག་དང་ཐ་མི་དད་པར་མཉམ་པ་ནི། ཕུང་པོ་སངས་རྒྱས་མངའ་བདག་ཉིད་དོ། །དེ་སྐད་དུ་ཡང༌། རྣལ་འབྱོར་གྱི་ལམ་གྱི་རིམ་པ་ལ་འཇུག་པ་ལས། བརྟགས་པས་ལྷ་ཡི་དཀྱིལ་འཁོར་བསྒོམ། །ཐུན་བཞིའི་རིམ་པས་ཚོགས་ཀྱིས་མཆོད། །དཀའ་ཐུབ་ལ་སོགས་རྣམ་སྤངས་ཏེ། །སྐད་ཅིག་སངས་རྒྱས་བྲལ་མེད་འགྲུབ། །ཅེས་བཤད་པའི་ཕྱིར་རོ། །དེ་བས་ན་དེ་ལ་བརྙས་པ་ནི་ལྟུང་


DTG053_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟེ། དེ་ཡང་གསད་པ་དང༌། སྤྱུག་པ་དང༌། བཅིང་བ་དང༌། ཐ་སྙད་དུ་སེམས་པ་དང༌། སྨྱུང་བར་གནས་པ་དང༌། དཀའ་ཐུབ་དང༌། དཀའ་སྤྱོད་དང༌། སྔར་སྤྱད་དང༌། ལུས་དྲན་པ་ཉེ་བར་གཞག་པས་མི་གཙང་བའི་རྫས་སུམ་ཅུ་རྩ་གཉིས་སུ་སུན་འབྱིན་པར་བྱེད་པ་ལ། ཡན་ལག་ལ་སོགས་པ་མ་རུང་བར་བྱེད་ཅིང་གསོ་ཉིད་དང༌། གསོག་ཉིད་དང༌། སྙིང་པོ་མེད་པ་ཉིད་དང་ཞེས་རྣམ་པར་བརྙས་ཤིང་སྨོད་པར་བྱེད་དེ་དེ་ནི་ལྟུང་བའོ། །དེ་ཡང་ཡན་ལག་དུས་དངོས་གཞིར་གྱུར་པ་དང༌། ལྟུང་བ་དང་ཡན་ལག་གི་ཉེས་པ་ཡང་ཤེས་པར་བྱའོ། །ཚོགས་ཀྱི་འཁོར་ལོ་དང༌། ཚོགས་ཀྱི་མཆོད་པ་དང༌། ཚོགས་ལ་བཤགས་པ་སྟེ། རང་བཞིན་དང་བྱིན་གྱིས་བརླབས་པའི་དཀྱིལ་འཁོར་བསྒོམ་ཞིང་ཕྱིས་སྐད་ཅིག་ཀྱང་མི་འཇུག་པ་ལ་བསླབ་པར་བྱའོ། །ལྟུང་བ་བརྒྱད་བའི་བཤད་པའོ།། །།ད་ནི་ལྟུང་བ་དགུ་པའི་མཚན་ཉིད་བཤད་པར་འདོད་ན། རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བ་དགུ་པ་ཡིན། །ཞེས་བཤད་དོ། །རང་བཞིན་གྱིས་དག་པ་ནི་བདག་མེད་པས་རྣམ་པར་དབེན་པའོ། །དེའི་ཕྱིར་དེ་ནི་རང་བཞིན་གྱིས་རྣམ་པར་དབེན་པའོ། །གཞན་ཕྱ་དང་དབང་ཕྱུག་དང་བྱེད་པ་པོ་དང་བདག་ཏུ་འདོད་པ་སྟེ། དེ་དག་དང་གཞན་ཡང་ཕྱི་རོལ་གྱི་དངོས་པོ་དོན་དུ་འདོད་ཅིང་བསགས་པ་དང་འདུས་པའི་དངོས་པོ་དང༌། ཤེས་པ་ཡང་དུས་གསུམ་རྫས་སུ་སྨྲ་བ་དང༌། གཞན་ཡང་ནང་གི་ཤེས་བྱེད་ནི་དོན་དུ་ཡོད་ལ། ཤེས་བྱ་གཉིས་མེད་པ་ལ་དོན་ལྟ་བུར་སྣང་པའོ་ཞེས་འདོད་པ་ལ་སོགས་པའི་གྲུབ་པའི་མཐའ་ལ་རྣམ་པར་རྟོག་ཅིང༌། ཅི་རང་བཞིན་རྣམ་པར་དག་པའི་ཆོས་སུ་སྨྲ་བ་ནི་དེ་བཞིན་གཤེགས་པའི་བཀའ་འམ་བདུད་ཀྱི་ཚིག་ཅེས་རྟོག་སྟེ། ཡང་དག་པའི་དོན་ལ་ཐེ་ཚོམ་ཟ་ཞིང་ཕྱི་རོལ་པ་ལ་སོགས་པ་གྲུབ་པའི་མཐའ་སྣ་ཚོགས་སུ་རྟོག་ཅིང་ཐེ་ཚོམ་ཟ་བའོ། །གཞན་དག་རྗོད་བྱེད་ཀྱི་ཆོས་རྒྱུད་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་ལ་སྨོད་པའོ། །དེ་ཡང་ཐ་དད་པར་བརྗོད་པ་མ་ཡིན་ཏེ། གཞི་གཅིག་ཏུ་བརྗོད་པའོ། །དེའི་ཕྱིར་དེ་ལ་ཐེ་ཚོམ་ཟ་བ་ནི་ལྟུང་བའོ། །སྦྱོར་བ་དུ་དང་ལྡན་པས་དངོས་གཞིར་འགྱུར་བ་ཡང་ཤེས་པར་བྱའོ། །


DTG053_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བ་དང་ཡན་ལག་གི་ཉེས་པ་ཡང་ཞིང་དང་བསམ་པ་དང་དུས་དང་སྦྱོར་བའི་བྱེ་བྲག་གིས་ཤེས་པར་བྱའོ། །དྲི་མ་ལགས་ལྡང་བ་ནི་ཚོགས་པ་ལ་བཤགས་ལ་ཕྱིས་བསྡམས་ཏེ་སྐྱེ་བ་མེད་པ་ལ་འཇུག་པར་བྱའོ། །གཞན་གདུལ་བའི་བསམ་པ་དང༌། དངོས་པོ་གཏན་ལ་འབེབས་པ་དང༌། བཅོམ་ལྡན་འདས་ཀྱི་དགོངས་པ་འགྲེལ་བའི་དུས་སུ་ཉེས་པ་མེད་དོ། །གཞི་མཐུན་པའི་ཕྱོགས་སུ་བསྡུའོ། །ལྟུང་བ་དགུ་པའི་བཤད་པའོ།། །།ད་ནི་ལྟུང་བ་བཅུ་པའི་མཚན་ཉིད་བཤད་པར་འདོད་ནས། །གདུག་ལ་རྟག་ཏུ་བྱམས་སེམས་ལྡན། །བྱེད་པ་དེ་ནི་བཅུ་པར་འདོད། །ཅེས་བྱ་བ་བཤད་དེ། དེ་ཡང་གདུག་པ་ནི་བདུད་དང་མུ་སྟེགས་དང༌། ཕྱིར་རྒོལ་བ་དྲེགས་པ་ཅན་དང༌། ལོག་སྲེད་ཅན་ལ་སོགས་པ་སྟེ། ཡང་དག་པའི་བཀས་མི་འདུལ་བ་དང༌། བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་དང་བྲལ་བའི་གང་ཟག་ལ་སྙིང་རྗེས་རྫུ་འཕྲུལ་གྱིས་འདུལ་བ་དང༌། ཐབས་གཞན་གྱིས་མི་འདུལ་བ་ལ་སྙིང་རྗེས་བསྒྲལ་བ་ལ་སོགས་པས་འདི་དང་ཕྱི་མའི་དོན་ཆེན་པོ་ཐོབ་པར་མི་བྱེད་པ་དང༌། བླ་མ་དང་དཀོན་མཆོག་དང་སེམས་ཅན་ཕལ་པོ་ཆེ་ལ་གནོད་པའི་གང་ཟག་ལ་དགའ་བར་བྱེད་པའོ། །དེ་ལ་སྙིང་རྗེས་བསྡུ་པའི་དངོས་པོ་བཞི་དང༌། ཐབས་མཁས་པའི་སྤྱོད་པ་སྣ་ཚོགས་ཀྱིས་འདུལ་བ་དང༌། རྫུ་འཕྲུལ་དང་དྲག་ཤུལ་གྱི་སྤྱོད་པས་མི་འདུལ་ན་ལྟུང་བའོ། །དེའི་ཕྱིར་བདེ་མཆོག་འཁོར་ལོ་ལས། ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ།། ཤེས་རབ་ཐབས་ཀྱི་སྦྱོར་བ་ཡིས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་བཤད་པ་དང༌། གཞན་ཡང༌། སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་ནི། །གདུག་པ་ཡལ་བར་མི་འདོར་ཏེ། །རྫུ་འཕྲུལ་བསྒྲལ་ལ་སོགས་པས་གདུལ། །གཞན་དུ་བླ་མ་དཀོན་མཆོག་སྤངས།། ཞེས་འབྱུང་བས་བཤད་པའོ། །སྦྱོར་བ་དུ་དང་ལྡན་པས་དངོས་གཞིར་འགྱུར་པ་ཡང་ཤེས་པར་བྱའོ། །དྲི་མ་ལས་ལྡང་བ་དང༌། ཚོགས་ལ་བཤགས་པ་སྟེ། ཕྲིན་ལས་རྣམ་པ་བཞིན་དེ་བཞིན་གཤེགས་པའི་ཕྲིན་ལས་མཛད་པའོ། །ཤན་འདྲ་པ་ནི་ཕྱོགས་སུ་བསྡུ་པའོ།།


DTG053_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བ་བཅུ་པའི་རྣམ་པར་བཤད་པའོ།། །།ད་ནི་ལྟུང་བ་བཅུ་གཅིག་པའི་མཚན་ཉིད་བཤད་པར་འདོད་ནས། མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེར་རྟོག་པ་ནི་བཅུ་གཅིག་པ། །ཞེས་བཤད་པ་སྟེ། མིང་སོགས་བྲལ་བའི་ཆོས་རྣམས་ནི། །རྗོད་པར་བྱེད་པའི་ཐ་སྙད་ལས་འདས་པ་སྟེ། མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་ཤེས་བརྗོད་ཀྱི་ཡུལ་བས་འདས་པའོ། །དེ་ཡང་ལུང་དང་རིགས་པས་གྲུབ་སྟེ། ལུང་ནི་ཐེག་པ་ཆེན་པོའི་རྒྱུད་དང་མདོ་མཐའ་དག་ལས་གྲུབ་པའོ། །དེ་སྐད་དུ་ཡང༌། དངོས་རྣམས་བདག་དང་གཞན་ལས་མིན། །གཉིས་ཀ་ལས་ཏེ་མེད་མི་སྐྱེ། །སྐྱེ་འགག་སྤྲོས་བྲལ་རྣམ་པར་སྟོང༌། །ཡོད་མེད་ཤེས་བརྗོད་ཡུལ་ལས་འདས། །གཅིག་དང་དུ་མའི་མཐའ་ཤེས་ཤིང༌། །སྐད་ཅིག་ཆ་ཤས་བརྟགས་པས་དབེན། །གཟུགས་དང་སྟོང་བ་ཐ་དད་མིན། །ཀུན་ནས་ཉོན་མོངས་རྣམ་པར་བྱང༌། །འདོད་ཆགས་ཉོན་མོངས་བདག་ལྟ་དང༌། །སྐྱེ་མེད་ཐམས་ཅད་མཁྱེན་པ་ཡང༌། །རང་བཞིན་གཅིག་སྟེ་ཐ་དད་མེད། །འདི་དག་དམ་པའི་དོན་དུའོ། །ཞེས་འབྱུང་བ་དང༌། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་ལས་ཆེས་ལྷག་པའི་ཆོས་ཅིག་ཡོད་ན་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རིགས་པ་ནི། ཕྱི་དང་ནང་གི་དངོས་པོ་ནི། །དམ་པའི་དོན་དུ་རང་བཞིན་མེད། །བདག་ལས་མ་སྐྱེས་གཞན་ལས་མིན།། གཉིས་ཀ་ལས་ཏེ་རྒྱུ་མེད་མིན། །གཟུགས་བརྙན་ལ་སོགས་བཞིན་དུ་བརྟག །བདག་ལ་སོགས་པས་རྣམ་པར་དབེན། །ནང་གི་ཤེས་པ་ཡོད་མིན་ཏེ། །རྟག་ཆད་མཐའ་དང་རྣམ་པར་བྲལ། །གཞན་དུ་ལུང་དང་རིགས་པས་གནོད། །ཅེས་བཤད་པ་དང༌། སློབ་དཔོན་འཕགས་པ་ལྷས་བཤད་པ། །ཇི་སྲིད་ཡོད་པར་རྟོག་པ་ན། །དེ་ཡང་སྒྱུ་མའི་མཚན་ཉིད་མིན། །ཇི་སྲིད་མེད་པར་རྟོག་པ་ན། །དེ་ཡང་སྒྱུ་མའི་མཚན་ཉིད་མིན། །ཇི་སྲིད་དབུས་མར་རྟོག་པ་ན། །དེ་ཡང་སྒྱུ་མའི་མཚན་ཉིད་མིན། །དེ་ཀུན་རང་བཞིན་མེད་དོ་ཞེས། །ཐེག་པ་ཆེ་


DTG053_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྨྲ་བྱེད་ཀྱང༌། །བདག་བྱིན་བརླབ་ལས་ཕྱི་རོལ་ཕྱོགས། །ཞེས་བཤད་པས་མིང་དང་བརྡ་ལ་སོགས་པ་དང་བྲལ་བའི་ཆོས་ལུང་དང་རིགས་པས་ཡང་དག་པར་བསྒྲུབ་སྟེ། རིགས་པ་ནི་རྒྱ་ཆེར་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། དབུ་མ་རིགས་པའི་ཚོགས་ལས་རྒྱ་ཆེར་གཏན་ལ་ཕབ་པས། དེ་ཡང་འདིར་བདག་གིས་སྤྲོས་ན་དོན་མེད་པའི་ཕྱིར་མ་སྤྲོས་སོ། །དེའི་རྟག་པ་དང་ཆད་པའི་མཐར་རྟོག་ན་ནི་ལྟུང་བའོ། །ཡན་ལག་དུས་དངོས་གཞིར་འགྱུར་བ་ཡང་ཤེས་པར་བྱའོ། །ལྡང་བ་ནི་ཚོགས་པ་ལ་བཤགས་ཏེ་དེ་ཉིད་ལས་ལོག་སྟེ་གོམས་པར་བྱེད་པའོ། །ལྟུང་བ་བཅུ་གཅིག་པའི་བཤད་པའོ།། །།ད་ནི་ལྟུང་བ་བཅུ་གཉིས་པའི་མཚན་ཉིད་བཤད་པར་འདོད་ནས། སེམས་ཅན་དད་དང་ལྡན་པ་ཡི། །སེམས་སུན་འབྱིན་པ་བཅུ་གཉིས་པ། །ཞེས་བཤད་དེ། ཐེག་པ་ལ་གསར་དུ་ཞུགས་པའི་ལས་དང་པོ་པ་ལ་སོགས་པ་ལ་མི་དད་ཅིང་མ་གུས་པའི་རྣལ་འབྱོར་པ་ལུས་ངག་གིས་བག་མེད་པར་སྤྱོད་ཅིང༌། དེའི་རྒྱུས་གཞན་མ་དང་ཅིང་རྡོ་རྗེ་ཐེག་པ་ལ་སྨོད་ཅིང་མ་ཞུགས་པ་རྣམས་མི་འཇུག་ཅིང༌། ཞུགས་པ་རྣམས་ཟློག་པར་བྱེད་ན་ལྟུང་བར་འགྱུར་ཏེ། ཡན་ལག་དུས་དངོས་གཞིར་འགྱུར་བ་ཡང་ཤེས་པར་བྱའོ། །ཡན་ལག་གི་ཉེས་བྱས་ལ་སོགས་པ་ལྕི་ཡང་གི་བྱེ་བྲག་གིས་དྲི་མ་ལས་ལྡང་བ་ཡང་ཚོགས་པ་ལ་བཤགས་པ་དང༌། མཎྜལ་སྔོན་དུ་འགྲོ་བས་དམ་པ་གཅིག་ལ་བཤགས་པ་དང༌། ཕྲ་མོ་ནི་སེམས་ཀྱིས་བསྡམས་ཏེ་དེ་ཉིད་ལ་སོགས་པ་རྗེས་སུ་གཟུང་བའོ། །ཡུལ་དང་དུས་དང་བསམ་པ་དང༌། རྐྱེན་གྱི་བྱེ་བྲག་གིས་ཉེས་པ་ལྕི་ཡང་དང་ཉེས་མེད་པ་ཡང་ཤེས་པར་བྱའོ། །ལྟུང་བ་བཅུ་གཉིས་པའི་བཤད་པའོ།། །།ད་ནི་ལྟུང་བ་བཅུ་གསུམ་པའི་མཚན་ཉིད་བཤད་པར་འདོད་ནས། དམ་ཚིག་རྫས་ནི་ཇི་བཞིན་རྙེད། །མི་བསྟེན་པ་ནི་བཅུ་གསུམ་པ། །ཞེས་བྱ་བ་བཤད་དེ། དམ་ཚིག་ནི་འདིར་བཤད་པ་དང་འཆད་པར་འགྱུར་བ་ལ་བྱ་སྟེ། དེ་ཁྱད་དུ་གསོད་ཅིང་མ་གུས་པ་དང༌། ཉོན་མོངས་པས་ཟིལ་གྱིས་ནོན་པས་ཉེས་པ་བྱུང་ཡང་དྲི་མ་


DTG053_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལྡང་བར་མི་བྱེད་པ་དང༌། མི་ཤེས་པ་ཡང་ལྟུང་བ་འབྱུང་བའི་རྒྱུ་སྟེ། དེ་བས་ན་སྐྱེས་བུ་བླུན་པོ་སྨིན་པར་བྱས་པ་རྣམས་ཀྱང་ཕལ་ཆེར་ལྟུང་བའི་གཞི་ཡིན་པས། དེ་དག་ནི་དྲི་མ་ལས་ལྡང་བ་དཀའ་བ་སྟེ། དེ་དག་རང་གི་ལྡང་བའི་ནུས་པ་ཆུང་བའི་ཕྱིར་ཕལ་ཆེར་གཞན་ལ་བསྟེན་པ་དང༌། དཔའ་བོའི་སྟོན་མོ་ལ་སོགས་པས་ལྡང་བར་ཤེས་པར་བྱའོ། །སྐྱེས་བུ་ཤེས་རབ་ཅན་རྣམས་ཀྱིས་དྲི་མ་ལས་ལྡང་བ་ནི་ཤིན་ཏུ་ཡང་བས་དེ་དག་ཀྱང་སྒྱུ་མ་ལྟ་བུའི་དོན་ལ་མཁས་པ་དག་གིས་འདག་པར་འགྱུར་ཏེ། དེ་ཡང་སྨྲས་པ། མཁས་པས་དྲི་མ་ལས་ལྡང་བ། །བཤགས་དང་བྲལ་དང་བཀྲུ་བ་དང༌། །དབྱུང་དང་བསྲེག་དང་དམིགས་པས་སྟོང༌། །དབང་དང་ཚོགས་ལ་སོགས་པ་དང༌། །ཚོགས་པ་འདུས་དང་དམ་པ་གཅིག །དཀྱིལ་འཁོར་ལ་སོགས་མདུན་དུ་བྱས། །དཀྱིལ་འཁོར་སྦྱིན་སྲེག་མཆོད་རྟེན་དང༌། །གཏོར་མ་ལ་སོགས་དྲི་མ་ལྡང༌། །བླུན་པོས་ལྕི་པ་དྲི་མ་ལ། །འདག་པའི་ཤེས་པ་མིན་པར་རྟོག །ཅེས་བྱ་བ་ལ་སོགས་པས་བཤད་པ་དང༌། གཞན་ཡང་དེ་ལྟ་བུའི་དབང་དུ་བྱས་ནས། མཁས་པས་སྡིག་པ་བཤགས་པ་དང་ལྡང་བ་ཡང༌། མཁས་པས་སྡིག་པ་བྱས་པ་རྣམ་སྨིན་འཕྲལ་ལ་སྤྱང༌། །མི་མཁས་སྡིག་པ་བྱས་པས་དེ་ཉིད་ཐུར་དུ་འགྲོ། །ལྕགས་ཀྱི་གོང་བུ་ཆུང་ཡང་ཆུ་ཡི་གཏིང་དུ་འགྲོ། །དེ་ཉིད་སྣོད་དུ་བྱས་ན་ཆེ་ཡང་ཁ་ན་འཕྱོ། །ཞེས་བཤད་པས་ཀྱང་ཚུལ་དེ་ཉིད་བསྟན་ཏོ། །གཞན་དག་ལས། མཁས་པས་སྡིག་པ་བྱས་པ་རྣམས། །བཀའ་སོགས་བསླུས་ཏེ་ཤིན་ཏུ་ལྕི། །བླུན་པོས་སྡིག་པ་ལྕི་བ་མིན། །རང་བཞིན་བླུན་པ་ཉིད་ཀྱིས་སོ། །ཞེས་བྱ་བ་ཡང་མཁས་པས་བཀའ་བསླུས་པ་དང༌། ཁྱད་དུ་དཔས་ལྕི་པར་ཤེས་པར་བྱའོ། །དེའི་ཕྱིར་དོན་དུ་མི་གཉེར་བ་ནི་ལྟུང་བའོ། །གཞན་ཡང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཐུན་བཞིའི་རིམ་པས་སྐུའི་དམ་ཚིག་ནི་ལྷའི་རྣམ་པར་བསྒོམ་པ་དང༌། གསུང་གི་དམ་ཚིག་ནི་སྔགས་ཀྱི་གྲངས་དང༌། ཐུགས་ཀྱི་དམ་ཚིག་ནི་བདེན་པ་གཉིས་ཀྱི་ཚུལ་གྱིས་མི་རྟོག་པ་དང༌། གཞན་ཡང་རྩ་བའི་འཁྲུལ་


DTG053_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་མི་བསྒོམ་པའོ། །གཞན་ཡང་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ལྔའི་རང་བཞིན་ཤེས་པར་བྱས་ཏེ་མི་སྤད་པ་དང༌། རྣམ་པར་སྣང་མཛད་དང༌། དྲི་ཆུ་ལ་སོགས་པ་བདུད་རྩི་རྣམ་པ་ལྔའི་རང་བཞིན་ཤེས་པར་བྱས་ཏེ། སྦར་སྦུར་ལ་སོགས་པ་སྦྱངས་ནས་མི་བསྟེན་པར་འདོར་བ་དང༌། གཞན་ཡང་བྱང་ཆུབ་ཀྱི་སེམས་ཀྱི་རྩ་སུམ་ཅུ་རྩ་གཉིས་ནས། ཆུ་སེར་ལ་སོགས་པའི་བྱང་ཆུབ་ཀྱི་སེམས་རྣམས་བསྟེན་པར་མི་བྱེད་ཅིང་འདོར་བ་དང༌། གཞན་ཡང་ཡན་ལག་གི་དམ་ཚིག་མང་དུ་བཤད་པ་རྣམས་བསྟེན་པར་མི་བྱེད་པ་དང༌། རྟོག་པ་དང་བྲལ་ཞིང་མཉམ་པ་ཉིད་ཀྱི་དོན་རྟོགས་ཏེ། བླང་བ་དང་དོར་བ་མེད་པའི་དམ་ཚིག་ལ་མི་གནས་པའོ། །དེ་དག་ལས་འདའ་བར་བྱེད་པ་ནི་ལྟུང་བའོ། །ཡན་ལག་དུས་དངོས་གཞིར་གྱུར་པ་ཡང་ཤེས་པར་བྱའོ། །ལྡང་བ་ནི་བཤད་ཟིན་པ་དང༌། འཆད་པར་འགྱུར་བ་རྣམས་ཀྱི་དམ་ཚིག་ཉམས་པར་འགྱུར་བ་དང༌། ལྡང་བ་ཡང་དེ་ཉིད་ལས་ཤེས་པར་བྱའོ། །ཡུལ་དང་བསམ་པ་དང་དུས་དང་རྐྱེན་གྱི་བྱེ་བྲག་གིས་ཉེས་པ་དང་ཉེས་པ་མེད་པ་ཡང་ཤེས་པར་བྱའོ། །ལྟུང་བ་བཅུ་གསུམ་པའི་བཤད་པའོ།། །། ད་ནི་ལྟུང་བ་བཅུ་བཞི་པའི་མཚན་ཉིད་བཤད་པར་བྱ་སྟེ། ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །ཞེས་བྱ་བ་སྨོས་ཏེ། ཤེས་རབ་ཀྱི་རང་བཞིན་ནི་སངས་རྒྱས་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ། དེ་ཡང་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་སུ་གཟུང་བ་དང༌། རིག་པའི་བརྟུལ་ཞུགས་ཉེ་བར་བསྟེན་པ་ལ་བྱ་སྟེ། དེ་དག་ཀྱང་ཁྱད་པར་དང་བྱེ་བྲག་གི་དབྱེ་བ་ཡང་ཤེས་པར་བྱའོ། །ཡན་ལག་དུས་དངོས་གཞིར་འགྱུར་བ་དང༌། ཡུལ་དང་བསམ་པ་དང༌། དུས་དང་རྐྱེན་གྱི་བྱེ་བྲག་གིས་ཉེས་པ་དང་ལྕི་ཡང་དང་ཉེས་པ་མེད་པ་ལ་སོགས་པ་ཡང་ཤེས་པར་བྱའོ། །ལྡང་བ་ནི་ཚོགས་ཀྱི་འཁོར་ལོ་ལ་སོགས་པས་སོ། །ཤན་འདྲ་བ་ནི་བུད་མེད་ཐམས་ཅད་དེ་ཕྱོགས་སུ་བསྡུ་བའོ། །བཤགས་པའི་ཚད་ཀྱང་ཡན་ལག་གི་ཉེས་པའི་ཚད་དོ། །ལྟུང་བ་བཅུ་བཞི་པའི་བཤད་


DTG053_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

པའོ།། །།དེ་དག་ཉེ་བར་བསྡུས་ཏེ་བཤད་པ། སྔགས་པས་དེ་དག་སྤངས་ན་ནི། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །གཞན་དུ་དམ་ཚིག་ཉམས་པས་ན། །ཉམས་པས་བདུད་ཀྱིས་གཟུང་བས་འགྱུར། །དེ་ནས་སྡུག་བསྔལ་མྱོང་འགྱུར་ཞིང༌། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །དེ་བསང་རྒྱལ་བཅོམ་ནས་ནི། །བདག་ཉིད་དང་ལྡན་གུས་པ་དང༌། །མ་འཁྲུལ་པས་ནི་གཟུང་བར་བྱ། །གལ་ཏེ་ཉམས་ན་བླ་མ་ལ། །ཕུལ་ལ་སོགས་པས་དྲི་མ་འདག །བདག་ཉིད་གཞན་ལ་ཕན་འདོགས་པས། །བླ་མ་དཀོན་མཆོག་མཆོད་བྱས་ཤིང༌། །གསུམ་ལ་སྐྱབས་འགྲོ་ནས་བརྩམས་ཏེ། བསོད་ནམས་ཚོགས་ནི་ཉེར་བས་གས་ནས། །བྱང་ཆུབ་སེམས་ལ་སོགས་པ་ཡི། །སྡོམ་པ་ཐམས་ཅད་གཟུང་བར་བྱ། །ཞེས་པ་ལ་སོགས་པས་བཤད་དེ། དེ་དག་ཀྱང་ཚིག་གཉིས་ཀྱིས་ཕན་ཡོན་བསྟན་པ་དང༌། ཚིག་བཤད་གཅིག་གིས་དམ་ཚིག་ལས་ཉམས་པའི་ཉེས་དམིགས་བསྟན་པ་དང༌། ཚིག་བཤད་ཕྱེད་ཀྱིས་བདག་ཉིད་གུས་པ་དང་ལྡན་པས་མ་འཁྲུལ་པས་དམ་ཚིག་གཟུང་བར་བྱའོ་ཞེས་བསྟན་པའོ། །ཚིག་རྐང་གཉིས་ཀྱིས་ནི་དྲི་མ་ལས་ལྡང་བར་བསྟན་ཏོ།། ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་ནི་བླ་མ་དང་དཀོན་མཆོག་མཆོད་ཅིང་ཚོགས་དེ་ཉེ་བར་གཟུང་ཞིང༌། དམ་ཚིག་དང་སྡོམ་པ་གཟུང་བར་བསྟན་ཏོ། །འདི་དག་ནི་བཅས་པའི་དོན་ཏོ། །ཡན་ལག་གི་དོན་ཡང་ཐབས་དང་ཤེས་རབ་དང༌། དེ་ཁོ་ན་ཉིད་བཅུ་དང༌། རྒྱུ་དང༌། འབྲས་བུ་དང༌། ཐབས་ཀྱི་དེ་ཁོ་ན་ཉིད་དོ། །ཚུལ་བདུན་དང༌། བསྐྱེད་རྫོགས་གཉིས་དང༌། བསྙེན་སྒྲུབ་ཀྱི་བྱེ་བྲག་གིས་བདག་དང༌། གཞན་གྱི་དོན་བྱ་བར་འདོད་བ་ནི་སྔགས་པ་སྟེ། དེ་ལྟ་བུས་དམ་ཚིག་གི་དྲི་མ་སྤངས་པ་ནི་སྣོད་དུ་གྱུར་པ་སྟེ། མཆོད་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་འགྱུར་བའོ། །གཞན་དུ་དམ་ཚིག་ལས་ཉམས་ན་ནི་ཚེ་འདི་ལ་ཡང་བདུད་ཀྱིས་གཟུང་སྟེ་སྡུག་བསྔལ་མྱོང་བར་འགྱུར་ལ། ཕྱི་མ་ལ་ཡང་རྡོ་རྗེ་དམྱལ་བ་ལ་སོགས་པར་སྐྱེ་བར་འགྱུར་རོ། །དེ་དག་ལ་སོགས་པའི་ཚད་ནི་གོང་དུ་བསྟན་པས་འདིར་མ་བསྟན་


DTG053_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །དེ་བས་ན་བདག་ཉིད་མ་འཁྲུལ་པར་རྟོག་ཏུ་དམ་ཚིག་རྣམས་རྗེས་སུ་གཟུང་བར་བྱའོ། །གལ་ཏེ་ཉམས་ན་ཡང་བླ་མ་ལ་ཕུལ་བ་དང་བཤགས་པའི་ཚད་རྣམས་ཀྱིས་དྲི་མ་ལས་ལྡང་བར་བྱའོ། །བདག་ཉིད་ལ་ཕན་པར་འདོད་པས། །དཀོན་མཆོག་གསུམ་ལ་སོགས་པ་ལ། །སྐྱབས་སུ་འགྲོ་བ་ནས་བརྩམས་ཏེ་བསོད་ནམས་ཀྱི་ཚོགས་ཉེ་བར་བསག་པར་བྱའོ། །བྱང་ཆུབ་སེམས་ཀྱི་སྡོམ་པ་ལ་སོགས་ཏ་སྡོམ་པ་ཐམས་ཅད་གཟུང་བར་བྱའོ། །རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ་བཅུ་བཞི་པའི་རྒྱ་ཆེར་བཤད་པའི་ཉེ་བར་བསྡུས་པའི་བཤད་པའོ།། །།ད་ནི་ཡན་ལག་གི་ཉེས་པ་བཤད་པར་འདོད་ནས། ཧེ་རུ་ཀ་དང་སློབ་དཔོན་ལ་ཕྱག་འཚལ་ལོ་ཞེས་པ་ནི་མཆོད་པར་བརྗོད་པར་སྔོན་དུ་འགྲོ་བས། རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པའི་རྒྱུ་དང་ལམ་དང་འབྲས་བུ་རྣམ་པར་དག་པའི་ཧེ་རུ་ཀ་དང་བླ་མ་ཐ་མི་དད་ལ་ཕྱག་འཚལ་བའི་དོན་ཏོ། །རབ་ཏུ་བདེ་བ་འཕྲོག་པར་བྱེད། །ཡན་ལག་ཉེས་པ་བདག་གིས་བཤད། །ཅེས་བྱ་བ་ནི་རབ་ཏུ་བདེ་བ་འཕྲོག་པར་བྱེད་པ་ནི་གཞི་དམ་ཚིག་ལས་བདེ་བ་ཐམས་ཅད་སྐྱེད་པའོ། །ཡན་ལག་ཉེས་པ་ང་ཡིས་བཤད། །ཅེས་པ་ནི་ཡན་ལག་གི་དངོས་གཞི་མ་རྫོགས་པའོ། །ཡན་ལག་གི་གཙོ་བོ་ཙམ་ཡོད་པ་ནི་སྦོམ་པོའོ། །བཤགས་པ་དུས་འདས་པ་ནི་ལྕི་བའོ། །གཞན་དུ་ནི་ཉེས་པ་དང་ཕྲ་མོའོ། །ཉེས་པ་མེད་པ་ཡང་ཤེས་པར་བྱའོ། །དེ་དག་བྱེ་བྲག་ཏུ་ཕྱེ་བས་ནང་ཡིས་བཤད་པའོ། །དེ་ཉིད་བཤད་པར་འདོད་ནས། དམ་ཚིག་དང་ནི་མི་ལྡན་པའི། །རིག་མ་བསྟེན་པར་དགའ་བ་དང༌། །ཞེས་བྱ་བ་སྨོས་ཏེ། དམ་ཚིག་དང་མི་ལྡན་པ་ནི་དབང་མ་ཐོབ་པ་དང༌། གསང་མི་ཐུབ་པ་དང༌། སྔགས་པ་བདག་ཉིད་ལམ་དད་པ་དང༌། སྐུ་གསུང་ཐུགས་ཀྱི་རིག་མའི་ལོ་གྲངས་དང་མཚན་ཉིད་དང་མི་ལྡན་པའོ། །ལྡན་ཡང་ཆགས་པས་ཉེ་བར་བསྟེན་ཞིང་མྱ་ངན་ལས་འདས་པ་ལ་མི་དགའ་བ་ལ་སོགས་པས་བསྟེན་པར་བྱེད་ན་ཡན་ལག་གི་ཉེས་པའོ། །དྲི་མ་ལས་ལྡང་བ་ནི་ཚོགས་ལ་བཤགས་པ་སྟེ། དམ་ཚིག་དང་ལྡན་པ་ལ་རྗེས་སུ་བསླབ་པའོ། །ཤན་འདྲ་བ་ནི་ཕྱོགས་


DTG053_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྡུ་བའོ། །ཡན་ལག་གི་ཉེས་པ་དང་པོ་བཤད་པའོ།། །།གཉིས་པ་བཤད་པར་འདོད་ནས། ཚོགས་ཀྱི་འཁོར་ལོར་རྩོད་པ་ནི། །ཡན་ལག་ཉེས་པ་གཉིས་པར་བཤད། །ཅེས་པ་ནི་ཚོགས་ཀྱི་འཁོར་ལོ་དང༌། དཔའ་བོའི་སྟོན་མོ་དང༌། ཚོགས་ཀྱི་ནང་དུ་རྩོད་པ་སྟེ། སྟན་དེ་ཉིད་ལ་ཞི་བ་ནི་ཡན་ལག་གི་ཉེས་པའོ། །དུས་ལས་འདས་པ་ནི་སྦོམ་པོའོ། །གཞན་དུ་ཉེས་བྱས་དང་ཕྲ་མོའོ། །ལྡང་བ་ནི་དེ་ཉིད་ལས་བཤགས་ཤིང་ཉེས་པའི་རིམ་པས་ཚོགས་ཀྱི་འཁོར་ལོ་ལ་སོགས་པས་དྲི་མ་ལས་ལྡང་ངོ༌། །ཤན་འདྲ་བ་ནི་ཕྱོགས་སུ་བསྡུ་པའོ། །ཞིང་དང་བསམ་པའི་ཁྱད་པར་ལས་ཀྱང་ཤེས་པར་བྱའོ། །ཉེས་པ་མེད་པ་ཡང་ཤེས་པར་བྱའོ། །ཡན་ལག་གི་ཉེས་པ་གཉིས་པའི་བཤད་པའོ།། །།ཡན་ལག་གི་ཉེས་པ་གསུམ་པ་བཤད་པར་འདོད་ནས། མ་གསུངས་པ་ཡི་རིག་མ་ལས། །སྔགས་པས་བདུད་རྩི་ཐོབ་བྱེད་པ། །ཡན་ལག་ཉེས་པ་གསུམ་པ་ཡིན། །ཞེས་བྱ་བས་བཤད་དོ། མ་གསུངས་པ་ནི་སྨོད་པའོ། །དེ་ལས་བདུད་རྩི་ལྔ་འཐོབ་པར་བྱེད་པ་ནི་ཡན་ལག་གི་ཉེས་པའོ། །བཤགས་པ་ཚད་ལས་འདས་པ་ལྕི་བའོ། །ཉེས་པ་ཕྲ་མོ་དང་ཉེས་པ་མེད་པ་ཡང་ཤེས་པར་བྱའོ། །ལྡང་བ་ནི་ཚོགས་པ་ལ་བཤགས་ཏེ། དམ་ཚིག་དང་ལྡན་པའི་བདུད་རྩི་བསྟེན་པར་བྱའོ། །གསུངས་པའི་རྗེས་སུ་འཇུག་པར་བྱའོ། །ཡན་ལག་གི་ཉེས་པ་གསུམ་པའི་བཤད་པའོ།། །།ད་ནི་ཡན་ལག་གི་ཉེས་པ་བཞི་པ་བཤད་པར་བྱ་སྟེ། གསང་ཆོས་ཡན་ལག་ཤེས་གྱུར་ཡང༌། །གཞན་ལ་མི་སྟོན་ཤེས་རབ་ངན། །ཡན་ལག་གཉིས་པ་བཞི་པ་ཡིན། །ཞེས་བྱ་བ་སྨོས་ཏེ། འདོད་པའི་བསམ་པས་གསང་བའི་ཆོས་ཤེས་ཀྱང་གཞན་ལ་སྟོན་པར་མི་བྱེད་ན་ཡན་ལག་གི་ཉེས་པ་སྤོམ་པོའོ། །བཤགས་པ་དུས་འདས་པ་ནི་ལྕི་བའོ། །ཉེས་པ་དང་ཕྲ་མོ་དང་ཉེས་པ་མེད་པ་ཡང་ཤེས་པར་བྱའོ། །ལྡང་བ་ནི་དམ་པ་གཅིག་ལ་བཤགས་ཏེ་གཅིག་ལ་ཕན་འདོགས་པ་ལ་བྱའོ། །ཡན་ལག་གི་ཉེས་པ་བཞི་པའི་བཤད་པའོ།། །།ད་ནི་ཡན་ལག་གི་ཉེས་པ་ལྔ་པ་བཤད་པར་འདོད་ནས། དད་པས་སེམས་ཅན་ཆོས་ཀྱི་


DTG053_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ། །གཞན་གྱི་གཏམ་བྱེད་བྱང་ཆུབ་སེམས། །ཡན་ལག་ཉེས་པ་ལྔ་པ་ཡིན། །ཞེས་བྱ་བ་སྨོས་ཏེ། དད་པ་དང་ལྡན་པའི་སེམས་ཅན་ཆོས་ཀྱི་རྒྱུ་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་གཏམ་འདྲི་ན་ཆགས་པའི་དབང་གིས་བྲེ་མོའི་གཏམ་ལ་སྦྱོར་བར་བྱེད་ན་ཡན་ལག་གི་ཉེས་པ་སྦོམ་པོའོ། །བཤགས་པ་དུས་འདས་པ་ནི་ལྕི་བའོ། །ཉེས་པ་དང་ཕྲ་མོ་དང་ཉེས་པ་མེད་པ་ཡང་ཤེས་པར་བྱའོ། །ལྡང་བ་ནི་མཎྜལ་གཅིག་སྔོན་དུ་འགྲོ་བས་དམ་པ་གཅིག་ལ་བཤགས་པར་བྱའོ། །བསྡམ་ཞིང་རྗེས་སུ་གཟུང་བར་བྱའོ། །ཡན་ལག་གི་ཉེས་པ་ལྔ་པའི་བཤད་པའོ།། །།ད་ནི་ཡན་ལག་གི་ཉེས་པ་དྲུག་པ་བཤད་པར་འདོད་ནས། །ཉན་ཐོས་ནང་དུ་ཞག་བདུན་འདས། །ཡན་ལག་ཉེས་པ་དྲུག་པ་ཡིན། །ཞེས་བྱ་བ་སྨོས་ཏེ། ཉན་ཐོས་ནི་ཟག་ལ་བདག་མེད་པ་ཙམ་རྟོགས་ཤིང༌། ལུས་ངག་གི་བསླབ་པ་ལ་གནས་ནས་རང་གི་དོན་གྱི་མྱ་ངན་ལས་འདས་པ་དོན་དུ་གཉེར་ཞིང་ཟབ་མོའི་དོན་གྱིས་འཇིགས་པ་ནི་ཉན་ཐོས་སོ། །དེའི་ནང་དུ་ཞག་བདུན་འདས་ཏེ་རང་གི་སྤྱོད་པ་མི་བྱེད་ན་ཡན་ལག་གི་ཉེས་པ་སྦོམ་པོའོ། །བཤགས་པ་དུས་འདས་པ་ལྕི་པའོ། །ཉེས་པ་ཕྲ་མོ་དང་ཉེས་པ་མེད་པ་ཡང་ཤེས་པར་བྱའོ། །དྲི་མ་ལས་ལྡང་བ་ནི་ཚོགས་པ་ལ་བཤགས་ཏེ་རྗེས་སུ་བསླབ་པའོ། །ཡུལ་དང་བསམ་པ་དང་དུས་འདས་དང་ཕྲ་མོ་དང་ཉེས་བྱས་དང༌། ཉེས་པ་མེད་པ་ཡང་ཤེས་པར་བྱའོ། །ཡན་ལག་གི་ཉེས་པ་དྲུག་པའི་བཤད་པའོ།། །།ད་ནི་ཡན་ལག་གི་ཉེས་པ་བདུན་པ་བཤད་པར་འདོད་ནས། རྣལ་འབྱོར་ཡེ་ཤེས་མི་ཤེས་པར། །ང་ནི་སྔགས་པ་ཡིན་ཟེར་བ། །ཡན་ལག་ཉེས་པ་བདུན་པ་ཡིན། །ཞེས་སྨོས་ཏེ། རྣལ་འབྱོར་ཡེ་ཤེས་ནི་གསང་སྔགས་ཀྱི་དེ་ཁོ་ན་ཉིད་མི་ཤེས་པ་སྟེ། སྒྲ་ཙམ་ལ་མངོན་པར་ཞེན་པས་ནི་སྔགས་པའོ་ཞེས་མངོན་པའི་ང་རྒྱལ་གྱིས་རློམ་སེམས་པ་ནི་ཡན་ལག་གི་ཉེས་པ་སྦོམ་པོའོ། །བཤགས་པ་དུས་འདས་པ་ནི་ལྕི་བའོ། །ཉེས་པ་ཕྲ་མོ་དང་ཉེས་པ་མེད་པ་ཡང་ཤེས་པར་བྱའོ། །ལྡང་བ་ནི་མཎྜལ་གཅིག་ཙམ་སྔོན་དུ་འགྲོ་བས་དམ་པ་གཅིག་གི་མདུན་དུ་བཤགས་པར་བྱ་བ་དང༌། ཕྱིས་བསྡམ་ཞིང་ཡང་དག་པའི་དོན་ལ་འཇུག་པར་


DTG053_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཡན་ལག་གི་ཉེས་པ་བདུན་པའི་བཤད་པའོ།། །།ད་ནི་ཡན་ལག་གི་ཉེས་པ་བརྒྱད་པ་བཤད་པར་འདོད་ནས། །སྣོད་མིན་སེམས་ཅན་ཐམས་ཅད་ལ། །ཕྱི་ཡི་ཆོས་འཆད་བྱེད་པ་ལས། །གསང་བའི་ཆོས་རྣམས་འཆད་པ་ནི། །ཡན་ལག་གཉིས་པ་བརྒྱད་པ་ཡིན། །ཞེས་བྱ་བ་སྨོས་ཏེ། འདི་ཡང་རྐྱེན་དུ་མི་འཚམ་པའི་གང་ཟག་ལ་དུས་མ་ཡིན་པར་འདོད་པའི་བསམ་པས་བཤད་ན་ཡན་ལག་གི་ཉེས་པ་སྦོམ་པོའོ། །བཤགས་པ་དུས་ལས་འདས་ན་ལྕི་བའོ། །ཉེས་པ་ཕྲ་མོ་དང་ཉེས་པ་མེད་པ་ཡང་ཤེས་པར་བྱའོ། །ཡུལ་དང་བསམ་པ་དང་དུས་དང་རྐྱེན་གྱི་དབང་ལས་ཉེས་པ་ལྕི་ཡང་དང་ཉེས་པ་མེད་པ་ཡང་ཤེས་པར་བྱའོ། །དྲི་མ་ལས་ལྡང་བ་ནི་ཚོགས་པས་ལྡང་བའོ། །འདི་དག་ཐམས་ཅད་ཤན་འདྲ་བ་ནི་ཕྱོགས་སུ་བསྡུ་བའོ། །ཁྱད་པར་གྱི་དགག་པ་མེད་པ་ནི་ལྟུང་བ་བདུན་པའི་བཤད་པའི་བཤད་པ་ལས་ཤེས་པར་བྱའོ། །འདི་རྣམས་ཡན་ལག་ཉེས་པ་སྟེ། །བསྐལ་བ་མང་པོར་དམྱལ་བར་སྐྱེ། །ཞེས་བྱ་བ་སྨོས་ཏེ། ཡན་ལག་གི་ཉེས་པ་གཅིག་ལོ་གསུམ་མ་བཤགས་པར་དུས་འདས་ན་བསྐལ་བ་མང་པོར་དམྱལ་བར་འགྲོའོ། །དེའི་ཕྱིར་འཇིགས་པ་དང་བཅས་པ་སྟེ་མི་ཉམས་པར་བྱ་ཞིང༌། ཉམས་ན་ཡང་འབྱོར་བ་ཅི་ཡོད་པས་དྲི་མ་ལས་ལྡང་བར་བྱའོ། །ཡན་ལག་གི་ཉེས་པ་བརྒྱད་པའི་བཤད་པའོ།། །།རྒྱུད་གཞན་ལས་ལྟུང་བའི་མཚན་ཉིད་གཞན་བཤད་པ་ཡང་བརྗོད་པར་བྱ་སྟེ། རང་ལྷ་བླང་དོར་ལྟུང་བ་མིག །དེ་ཉིད་དུས་འདས་རི་བོང་ཅན། །ལྷ་གཞན་དགའ་བ་ཡོན་ཏན་ནོ། །རིག་བྱེད་དངོས་ལ་ཞེན་པ་ཡིན། །མ་རྫོགས་རྫོགས་བྱེད་མདའ་ཡིན་ནོ། །འཇིག་རྟེན་ཆོས་ཕྱིར་དབང་པོ་སྟེ། །ཁྱད་དུ་གསོད་པ་ཡང་ནི་རི། །གང་མིན་ཚུལ་སྟོན་བཀྲ་ཤིས་སོ། །ཕྲིན་ལས་མ་གཏོགས་གཟའ་ཞེས་གྲགས། །དོན་མེད་གནས་པ་ཕྱོགས་ཡིན་ནོ། །བརྩེ་བ་གཏོང་བ་དྲག་པོ་སྟེ། །དམན་པའི་སྤྱོད་པ་ཉི་མའོ། །ཟང་ཟིང་རྟོག་པ་ཡན་ལག་གོ །ཡོངས་སུ་མི་འཛིན་ས་ཞེས་བྱ། །རང་སྤྱོད་དོར་བ་ཚེས་ཞེས་བྱ། །ཞེས་པ་སྨོས་ཏེ། དེ་དག་ཀྱང་ཡན་ལག་དུ་དང་ལྡན་པས་ཉེས་པར་འགྱུར་བ་ཡང་གོང་དུ་བསྟན་པ་ལས་ཤེས་པར་བྱའོ། །དེ་དག་ཀྱང་རིམ་པ་བཞིན་དུ་བཤད་


DTG053_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་སྟེ། མིག་ནི་གཉིས་སོ། །རང་ལྷ་དོར་བ་ནི་ཡི་དམ་སྤོང་བའོ། །དེ་ལ་མ་གུས་པ་ལ་སོགས་པ་གཉིས་སུ་བརྟགས་ཏེ་བླང་དོར་ནི་ལྟུང་བའོ། །ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་དང༌། ཡང་ན་རྟོག་གེ་པ་རྣམས་ཀྱིས་རང་གི་འདོད་པའི་ལྷ་ལ་དཀྱིལ་འཁོར་གྱི་བདག་པོ་ལ་སོགས་པ་གཞུག་པ་སྣང་སྟེ། གཞན་ཡང་མཁའ་འགྲོ་མ་སྒྱུ་མ་བདེ་བ་མཆོག་གི་རྒྱུད་ལ་དགོངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལུས་ལ་བསྡུས་ནས་བྱིན་གྱིས་བརླབས་ན་ཁྱད་པར་དུ་འགྲུབ་པར་འགྱུར་ཞེས་བཤད་པས་ཕྱོགས་འདི་ལྟ་བུས་ཀྱང་འགྲུབ་པར་འགྱུར་རོ། །གཞན་ཡང་དཀྱིལ་འཁོར་གྱི་གཙོ་བོ་འཕོ་བ་ལ་སོགས་པ་ཡང་ཚུལ་དེ་ཉིད་ཀྱིས་ཤེས་པར་བྱའོ། །དབང་དང་མི་ལྡན་པ་ལ་ལྡང་བའི་དུས་ན་མེ་ཏོག་བབ་པ་དང༌། བླ་མའི་རྗེས་སུ་མོས་པ་དང༌། ཐབས་ཁྱད་པར་ཅན་ཐོབ་པ་དང༌། ལས་གཞན་དང་འབྲེལ་པའི་དུས་རྣམས་སུ་ཉེས་པ་མེད་དོ། །ཐམས་ཅད་དུ་མཉམ་པ་ཉིད་རྟོགས་ན་ཉེས་པ་མེད་དོ། །གཞན་དུ་ཉེས་པ་དང་བཅས་པའོ། །རི་བོང་ཅན་ནི་ཟླ་བ་སྟེ་གཅིག་ཅེས་བྱའོ། །དེ་ཉིད་དུས་འདས་པ་ནི་ཉིན་དང་མཚན་མོ་འདས་པ་སྟེ། ལྷ་ལ་ལུས་དང་ག་དང་ཡིད་ཀྱིས་མཆོད་པ་དང་ཡོན་ཏན་གཟུང་བ་ལ་སོགས་མ་བྱས་པའོ། །ལེ་ལོ་དང་བརྗེད་ངས་པ་ལ་སོགས་པས་ལན་གཉིས་ཀྱིས་བསྐང་བའོ། །བླ་མའི་བྱ་བ་དང་ན་བ་ལ་ཉེས་པ་མེད་དོ། །ཡོན་ཏན་ནི་གསུམ་མོ། །ལྷ་གཞན་ནི་མུ་སྟེགས་ཀྱི་ལྷ་རྟེན་པ་ལ་སོགས་པ་ལ་མཆོད་ཅིང་ཕྱག་བྱེད་པའོ། །བླ་མ་ལ་སོགས་པ་མདུན་དུ་བྱས་ནས་གཞན་འདུལ་བ་དང༌། སྲོག་ལ་བབ་པ་དང༌། ཆད་པ་ལ་སོགས་པ་འགལ་བར་འགྱུར་ན་ཉེས་པ་མེད་དོ། །རིག་བྱེད་ནི་བཞིའོ། །དངོས་ལ་ཞེན་པ་ནི་སྒྱུ་མ་ལྟ་བུར་མི་ཤེས་པར་དངོས་པོ་ཐེར་ཟུག་ཏུ་དཀྱིལ་འཁོར་ལ་སོགས་པ་བསྒོམ་པའོ། །དམིགས་པ་འཛིན་པ་དང་རྟས་པར་བྱེད་ལ་ལ་ཉེས་པ་མེད་དོ། །མདའ་ནི་ལྔའོ། །མ་རྫོགས་པ་ནི་བདག་སྨིན་པར་མ་བྱས་པའོ། །རྫོགས་པ་ནི་གཞན་སྨིན་པར་བྱེད་པའོ། །རང་རྫོགས་ནས་གཞན་རྫོགས་པར་བྱེད་པ་ལ་ཉེས་པ་མེད་དོ། །དབང་པོ་ནི་དྲུག་སྟེ། འཇིག་རྟེན་ཆོས་ནི་ཚེ་འདི་ཙམ་གྱི་དོན་དུ་ཟབ་མོ་


DTG053_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞུགས་ཏེ་ཕྱི་མ་ལ་སོགས་པ་གཞན་གྱི་དོན་དུ་བྱང་ཆུབ་འདོར་བའོ། །གཙོར་བྱས་པ་ལས་ཞར་ལ་རྒྱས་པ་ལ་ཉེས་པ་མེད་དོ། །རི་ནི་བདུན་ནོ། །ཁྱད་དུ་གསོད་པ་ནི་བསླབ་པ་འོག་མ་དང་ཉེས་བྱས་ལ་སོགས་པའི་དམ་ཚིག་མི་སྲུང་བའོ། །གོང་མ་དང་འགལ་བ་དང༌། ཡར་ལྡན་པ་དང༌། ན་བ་ལ་ཉེས་པ་མེད་དོ། །བཀྲ་ཤིས་ནི་བརྒྱད་དོ། །གོང་མིན་ཚུལ་སྟོན་པ་ནི་གཞན་དད་པར་བྱས་ནས་རྙེད་པ་ལ་སོགས་པ་དོན་དུ་གཉེར་བ་སྟེ། ཤེས་བཞིན་དུ་ཡོན་ཏན་དང་ལྡན་པར་བསྟན་པའོ། །འཁྲུལ་བ་དང་གདུལ་བྱ་མཐོང་བ་དང་མ་རྟོགས་པ་ལ་མ་ཉེས་པ་མེད་དོ། །གཟའ་ནི་དགུའོ། །ཕྲིན་ལས་མ་རྟོགས་པ་ནི་ཞིབ་ལ་སོགས་པ་སྔོན་དུ་བསྙེན་པ་མ་བྱས་པར་སྤྱོ་བ་བྱས་པས་ལས་གང་ཡང་མི་འགྲུབ་པས་སྐུར་པ་དང་ཐེ་ཚོམ་སྐྱེ་བ་སྟེ་ཉེས་པར་འགྱུར་རོ། །འཕྲལ་དུ་སྤྱད་པར་འོས་པ་ལ་མཐུས་བསྟངས་པ་ལ་ཉེས་པ་མེད་དོ། །ཕྱོགས་ཞེས་པ་ནི་བཅུའོ། །དོན་མེད་གནས་པ་ནི་སྨིན་པར་བྱས་ནས་རྐྱེན་དྲག་པོ་མེད་པར་སྙོམ་ལས་དང་བཅས་པར་དུས་འདའ་བར་རྙེད་པས་ཉེས་པ་དང་བཅས་པའོ། །འདུལ་བ་དང་གཞན་དང་འགལ་བ་ན་ཉེས་པ་མེད་པའོ། །དྲག་པོ་ནི་བཅུ་གཅིག་པའོ། །རྩེ་བ་གཏོང་བ་ནི་དོན་མཐོང་བ་ཡལ་བར་འདོར་བ་སྟེ་ཉེས་པ་དང་བཅས་པའོ། །བདག་གིས་མི་ནུས་པ་དང་གཞན་ཡོད་པ་ལ་ཉེས་པ་མེད་དོ། །ཉི་མ་ནི་བཅུ་གཉིས་ཞེས་བྱ་བ་སྟེ། དམན་པའི་སྤྱོད་པ་ནི་རྣལ་འབྱོར་ཆེན་པོའི་དམ་ཚིག་བླངས་ནས་གོང་མ་ལ་སྐྲག་ནས་ཉན་ཐོས་ལ་སོགས་པའི་སྤྱོད་པ་བྱེད་པའོ། །གཞན་འདུལ་བ་དང༌། ཁ་ན་མ་ཐོ་བ་སྤང་བའི་ཕྱིར་དང༌། དུས་ཤེས་པས་སྤང་པ་ལ་ཉེས་པ་མེད་དོ། །ཡན་ལག་ནི་ཡིད་དེ་བཅུ་གསུམ་མོ། །ཟང་ཟིང་རྟོག་པ་ནི་འཇིག་རྟེན་ཆོས་ལ་ཆགས་ན་བཀའ་དང་འགལ་བས་གཞན་གྱི་ངོར་འཇུག་པའོ། །གདུལ་བའི་ཐབས་དང༌། དོན་ཆེན་པོར་འགྱུར་ན་ཉེས་པ་མེད་དོ། །ས་ནི་བཅུ་བཞི་པའོ། །ཡོངས་སུ་མི་འཛིན་པ་ནི་སྡོམ་པ་ཞིག་པ་རྣམས་སོ། །དེ་ཡལ་བར་འདོར་བ་ནི་ཉེས་པར་འགྱུར་རོ། །རང་ཉེས་པ་ཁས་ལེན་པ་དང༌། གཞན་འདུལ་བ་དང༌། འདུ་ཤེས་པ་ལ་ཉེས་པ་མེད་པའོ། །ཆོས་ཞེས་བྱ་བ་ནི་བཅོ་ལྔ་པའོ། །རང་སྤྱོད་འདོར་བ་ནི་རང་གི་སྤྱོད་པ་མི་བྱེད་པའོ། །སྤྱོད་པ་དེ་ཡང་རྣམ་


DTG053_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞི་སྟེ་ལས་དང་པོ་ལས་ཀུན་དུ་བཟང་པོའི་སྤྱོད་པ་བྱ་བར་གསུངས་ཏེ། རྒྱུད་གཞན་ལས་ཀུན་དུ་བཟང་པོའི་སྤྱོད་པ་གནས་སྐབས་གཞན་དུ་ཡང་བསྟན་ཏེ་དགོངས་པ་གཞན་ནོ། །ཅུང་ཟད་བརྟན་པ་ཐོབ་ནས་རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་སྟེ། སྔགས་སྤྱོད་ཀྱིས་ཟླ་བ་དྲུག་ལ་སོགས་པར་བྱ་བར་བཤད་དོ། །བརྟན་པ་ཐོབ་པ་རྣམས་ཀྱིས་མགོན་པོ་ཀུན་དུ་སྤྱོད་པ་ལ་གནས་པར་བྱའོ་ཞེས་བཤད་པའི་རྒྱུད་ཆེན་པོ་ལས་བཤད་དོ། །དེ་ནས་མཉམ་གཞག་གི་སྤྱོད་པ་ཆེན་པོ་རང་བཞིན་གྱི་རྟོག་པ་དང་བྲལ་བ་གཉིས་ཀྱི་རྣམ་པར་བྲལ་བ་སྟེ། དེ་ལ་ནི་བླང་བ་དང་དོར་བའི་ཤེས་པ་ལས་འདས་པའོ་ཞེས་བཤད་པ་སྟེ། སྣོད་ཀྱི་རིམ་པས་རྒྱུད་སྣ་ཚོགས་ལ་སྤྱོད་པའི་ཚུལ་དཔག་ཏུ་མེད་པ་བསྟན་ཏེ། དེའི་ཕྱིར་ན་དེ་རྣམས་ཀྱི་དགོངས་པ་དང༌། སྣོད་ཀྱི་རིམ་པས་རྡོ་རྗེ་སློབ་དཔོན་གྱིས་སྤྱོད་པའི་ཚུལ་ཡང་མཐའ་ཡས་པ་དེ་དག་གི་རིམ་པ་དང་སྦྱར་ཏེ། སྨན་དང་སྨན་པ་དང༌། ནད་པ་དང་ནད་ཀྱི་བྱེ་བྲག་གི་ཚུལ་གྱིས་ཤེས་པར་བྱའོ་ཞེས་གསུངས་པས་པ་ཤེས་པར་བྱའོ། །འདིར་རྣལ་འབྱོར་གྱི་ལམ་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། རྣལ་འབྱོར་ལ་བརྟེན་པ་དང༌། ཐབས་ཀྱི་དམ་ཚིག་ལ་བརྟེན་པའོ། །ཁ་ཅིག་དམ་ཚིག་ལ་བརྟེན་ནས་རྣལ་འབྱོར་གྱིས་གྲོལ་བ་ཡང་ཡོད། ཁ་ཅིག་རྣལ་འབྱོར་ལ་བརྟེན་ནས་དམ་ཚིག་གིས་གྲོལ་བ་ཡང་ཡོད། ཁ་ཅིག་འདི་ལ་དངོས་གྲུབ་ཐོབ་པ་ཡང་ཡོད། ཁ་ཅིག་བར་མ་དོར་ཐོབ་པ་ཡང་ཡོད། ཁ་ཅིག་སྐྱེས་ནས་ཐོབ་པ་ཡང་ཡོད། ཁ་ཅིག་ལན་གྲངས་གཞན་ལ་ཐོབ་པ་ཡང་ཡོད་དེ། དེ་དག་ཀྱང་རྣལ་འབྱོར་ཆེན་པོའི་ཚུལ་དུ་སྤྱོད་པ་རྣམས་སོ། །དེ་བས་ན་ལས་དང་པོ་པའི་རྣལ་འབྱོར་པས་ཀུན་དུ་བཟང་པོའི་སྤྱོད་པ་ཁ་ན་མ་ཐོ་བ་དང་བྲལ་བས་གནས་པར་བྱ་སྟེ། དེ་ཡང་རྣལ་འབྱོར་གྱི་རྒྱུད་ཆོ་གཞི་བ་མོ་པ་རྡོ་རྗེ་རྩེ་མོ་ལ་སོགས་པ་དང་ཡང་འགལ་བར་མི་བྱེད་པ་སྟེ། བརྟན་པ་མ་ཐོབ་པ་ཉམས་པར་འགྱུར་བ་དང༌། ཁ་ན་མ་ཐོ་བས་མ་དད་པར་འགྱུར་བ་དང༌། མཚན་མའི་གཡེང་བ་སྣ་ཚོགས་སུ་འགྱུར་བས་སྡོམ་པ་གསུམ་ལ་གནས་པར་བྱའོ། །ཐབས་དང་ཤེས་རབ་ཀྱི་རྒྱུད་ཀྱི་རྣལ་འབྱོར་པས་སྡོམ་པ་གསུམ་ལྡན་ལ་གནས་པས་ཀྱང་རང་རང་གི་ཆོ་ག་ལས་ཉམས་པ་ནི་ལས་དང་པོ་པས་ཀྱང་མི་བྱའོ། །གཞན་དུ་ནི་ཁྱིམ་


DTG053_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་གྱིས་ཀྱང་སྡོམ་པ་རང་དང་མཐུན་པ་ལ་གནས་པར་བྱའོ། །དགེ་སློང་རྡོ་རྗེ་འཛིན་པ་ནི་ཐམས་ཅད་ཀྱི་ནང་ན་མཆོག་སྟེ། དེ་སྐད་དུ་ཡང་ཚོགས་ཀྱི་འཁོར་ལོའི་དུས་སུ་ཁྱིམ་པའི་རྡོ་རྗེ་སློབ་དཔོན་མཁས་ཤིང་ནུས་པ་དང་ལྡན་ཡང་དགེ་སློང་རྡོ་རྗེ་འཛིན་པ་སློབ་དཔོན་དུ་མཆོག་གོ། དེ་མེད་ཀྱང་དགེ་ཚུལ་གྱིས་བྱའོ། །དེ་དག་ཀྱང་མེད་ན་ཁྱིམ་པའི་རྡོ་རྗེ་སློབ་དཔོན་གྱིས་བྱའོ་ཞེས་བཤད་པའི་ཕྱིར་རོ། །དེའི་ཕྱིར། བྱང་ཆུབ་སེམས་འཛིན་གྱུར་ནས་ནི། །ལྷ་གཞན་ལ་ནི་མི་མོས་པས། །དཀོན་མཆོག་གསུམ་ལ་དད་པ་དང༌། །དེ་ལ་གཞོལ་ཞིང་འབད་པ་ཡིས་གསོད་དང་རྐུ་དང་འཁྲིག་པ་དང༌། །བརྫུན་དང་ཆད་ནི་རྣམ་པར་སྤང༌། །ཁྱིམ་པའི་ཚུལ་དུ་གནས་ནས་ནི། །གསང་སྔགས་རྒྱལ་པོ་རྣམ་པར་སྒྲུབ། །གལ་ཏེ་དེ་ནི་རབ་བྱུང་ན། །སྡོམ་པ་གསུམ་ལ་གནས་པར་བྱ། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་རང་གི་སྡོམ་པའོ། །ཞེས་བཤད་པའོ། །གཞན་ཡང༌། ཁྱིམ་པའམ་རབ་ཏུ་བྱུང་ཡང་རུང༌། །བརྟན་པ་མ་ཐོབ་བར་དུ་ནི། །ཁན་མ་ཐོ་རྡུལ་མེད་པར། །བདུད་རྩི་ལྔ་ལ་རྟག་ཏུ་སྤྱད། །ཁྲུས་དང་སྡོམ་པ་སྔར་སྤྱད་མེད། །དཀའ་ཐུབ་ཀྱིས་ཀྱང་མི་གདུང་བར། །འདོད་པ་ཐམས་ཅད་སྤྱད་པར་བྱ། །ཅི་བདེ་བར་ནི་གནས་ནས་བསྒྲུབ། །འཇིག་རྟེན་མ་དང་སྨོད་གྱུར་ནས། །དེ་ཉིད་ཀྱིས་ནི་ཉམས་འགྱུར་བས། །བསྐལ་པ་བརྒྱར་ཡང་མི་འགྲུབ་བོ། །རང་གི་སྤྱོད་པ་མ་ཡིན་པ། །བསླབ་པ་ཀུན་དང་གྲོང་ཁྱེར་སྐད། །དེ་ལས་ཉམས་པར་མི་བྱའོ། །ཞེས་བཤད་པའི་ཕྱིར་ལས་དང་པོ་པས་རང་གི་སྤྱོད་པའི་ཚུལ་ལས་མ་ཉམས་པར་སྡོམ་པ་ཐམས་ཅད་ལ་གནས་པར་བྱའོ། །དེའི་ཕྱིར་སྡོམ་པ་གསུམ་ལ་གནས་པ་ནི་རྣལ་འབྱོར་ཆེན་པོའི་དོན་ལ་འཇུག་པ་ཐམས་ཅད་ཀྱིས་གནས་པར་བྱ་སྟེ། ཁྱིམ་པ་ལ་སོགས་པས་ཀྱང་རང་དང་མཐུན་པའི་སྡོམ་པ་གསུམ་ལ་གནས་པར་བྱའོ།། དེ་དག་ལས་དྲི་མ་ལས་ལྡང་བ་ཡང་བྱེ་བྲག་ཏུ་ལྡང་བའམ། ཚུལ་གཅིག་ལ་ལྡང་བ་ལ་མཁས་པས་ཚུལ་གཅིག་པའི་ཚུལ་དུ་ལྡང་བར་བྱའོ། །དེ་དག་ལས་ཕན་ཚུལ་འགལ་བ་ཡང་དུས་དང་གང་ཟག་གི་ནུས་པ་དང་བསམ་པས་མི་འགལ་བར་ཤེས་པར་བྱ་སྟེ། །ཡུལ་དང་རྐྱེན་དང་གདུལ་བྱ་དག་ཤེས་


DTG053_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །དེའི་ཕྱིར། ཆགས་བཅས་ནོར་བུ་འདས་པ་དང༌། །རིན་ཐང་ཚང་བ་ཐོབ་བློ་ལྡན། །ཤེས་བཞིན་མི་གཞན་བསད་པ་དང༌། །མི་ཆོས་བླ་མ་ང་རྒྱལ་བྱེད། །ཁུ་བ་འབྱིན་ལ་སོགས་པ་རྣམས། །ཆོས་འདུལ་འདིར་ནི་རྩ་བ་ཆད། །བདག་བསྟོད་གཞན་ལ་སྨད་སོགས་ཀྱི། །ཕ་མ་འདྲའི་ཉེས་པ་བྱས་པ་རྣམས། །ཚུལ་བཞིན་གནས་པས་རབ་ཏུ་བསྟེན། །བླ་མ་ལ་སོགས་གནོད་བྱེད་བསད། །དགེ་མཐོང་དབང་སོགས་བརྟུལ་ཞུགས་དུས། །གཞན་གྱི་བུད་མེད་སྤྱད་པར་བྱ། །སེམས་ཅན་དོན་མཐོང་ཆོས་རྣམས་བརྫུན། །འཕགས་ནོར་སེར་སྣ་ཅན་ནོར་ཕྲོགས། །ཆོས་འདུལ་བ་ལས་རྩ་བ་ཆད། །གཞན་དུ་སེམས་དགེ་ཐབས་ཆེན་ལྡན། །བརྟན་པ་མ་ཐོབ་བར་དུ་ཡང༌། །སྡོམ་གསུམ་ལྡན་པས་འཇུག་མི་བྱ། །བདེ་བ་འཛིན་ནུས་མ་ཡིན་པར། །གཞན་ཡང་འཇུག་པ་མ་ཡིན་ནོ། །དེ་སོགས་བྱེ་བྲག་ཚུལ་གནས་ཀུན། །མཁས་པས་རང་གིས་ཕྱེ་ལ་དཔྱོད། །བསྟན་ལ་གནོད་པ་འཇིག་པ་རྣམས། །དང་པོ་འཇིག་རྟེན་གནོད་སོགས་སྤང༌། །ཞེས་བཤད་པ་སྟེ། །དེ་བས་ན་བརྟན་པ་ཐོབ་པ་དང༌། གཞན་གྱི་དོན་ཁྱད་པར་དུ་ནུས་པ་དང༌། དགོན་པ་ཆེན་པོ་དང༌། དུར་ཁྲོད་ལ་གནས་པ་དང༌། དགོངས་པ་མཐའ་དག་གི་དོན་ཤེས་པས་དུས་ལ་མཁས་པར་བྱ་སྟེ། བག་ཡངས་སུ་གནས་པར་བྱ་བ་དང༌། སྤྱོད་པ་ཁྱད་པར་ཅན་ལ་འཇུག་པར་བྱའོ། །དེའི་ཕྱིར། དང་པོ་བདུད་རྩི་བསམས་ཏེ་བཟའ། །ཡང་ན་དྲི་བསང་རིམ་གྱིས་བསླབ། །གཞན་དུ་འབར་འབུད་བདུད་རྩིར་མཐོང༌། །རྟོག་དང་བྲལ་བ་མཆོག་ཡིན་ནོ། །ཐམས་ཅད་མཁས་འདྲ་བ་བདུད་རྩི་ཡིན། །ཉོན་མོངས་རིགས་ཤེས་མཁས་པས་སོ། །བསད་དང་གསོ་བར་ནུས་པ་དང༌། །འགུགས་དང་མི་སྣང་སྦེད་ཤེས་པས། །སྔགས་ཀྱི་བརྟུལ་ཞུགས་སྤྱད་པའོ། །ཞེས་བྱ་བ་ལ་སོགས་པས་སྤྱད་པར་བྱ་བའི་རིམ་པ་ཡང་ལས་དང་པོ་པས་སྡོམ་པ་གསུམ་ལ་གནས་པར་བྱའོ། །དེའི་ཕྱིར། ཆོ་ག་ཞིབ་མོའི་ཚུལ་འདི་དག་ཀྱང་རང་གི་ཚུལ་འདི་དང་འགལ་བ་དང་ཡིན་པར་སྤྱད་པར་བྱའོ་ཞེས་གསུངས་པའི་ཕྱིར་ཅུང་ཞིག་བཤད་པར་བྱའོ། །གཞན་དག་ཕྱི་རོལ་གྱི་ཚུལ་ནི་འདིར་བརྟག་པ་མ་ཡིན་ནོ་ཞེས་སྨྲ་བ་དེ་དག་ལ་བཤད་ཟིན་


DTG053_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

པས་མ་སྤྲོས་སོ། །དེའི་ཕྱིར། གཙང་ཞིང་གོས་ཀྱང་གཙང་བར་བྱ། །གཙང་མའི་གྲོགས་དང་ལྷན་ཅིག་ཏུ། །རྡོ་རྗེ་སྡོམ་པ་དམ་པ་ཡི། །བསླབ་པའི་ཚིག་ནི་ཡང་དག་བླངས། །དཀོན་མཆོག་བཞི་ཡི་སྦྱོར་བ་དང༌། །ཕྱག་རྒྱ་དེ་ལ་གཞོལ་པར་བྱ། །སངས་རྒྱས་ཆོས་དང་དགེ་འདུན་དང༌། །སློབ་དཔོན་དང་ནི་ཕ་མའོ། །ཉིན་རེ་ཞིང་ནི་ཅི་ནུས་པར། །ཁྲུས་བཞི་རབ་ཏུ་སྦྱོར་བར་བྱ། །རྣལ་འབྱོར་ཇི་ལྟར་འཁྲུ་བ་དག །གོ་རིམས་བཞིན་དུ་བཤད་པར་བྱ། །སྡོམ་པ་གསུམ་ལ་གནས་པ་ནི། །དང་པོ་ཁྲུས་སུ་བཤད་པ་ཡིན། །གཉིས་པ་ཡི་ནི་ཁྲུས་བཤད་པ། །བཤགས་དང་གསོལ་བ་ལ་སོགས་པའོ། །ཕྱག་རྒྱ་དགྲོལ་བ་གསུམ་པའོ། །བཞི་པ་ཆུ་སྟེ་ཐ་མའོ། །ཁྲུས་ཀྱི་ཆོ་ག་འདི་རྣམས་ཀྱིས། །མཁས་པ་རྣམས་ཀྱིས་དེ་བཞིན་བཀྲུ། །གོས་གསུམ་དག་ཀྱང་བརྗེ་བར་བྱ། །དང་པོའི་གོས་སུ་བཤད་པ་ནི། །སྡོམ་པ་གསུམ་ལ་གནས་པ་དང༌། །སྒྲུབ་པོའི་ཆོ་ག་དག་པའོ། །གཉིས་པ་ཁྲེལ་ཡོད་ངོ་ཚ་ཤེས། །གསུམ་པ་ཐུབ་པའི་གོས་རྣམས་སོ། །གོས་གསུམ་དུ་ནི་ཡོངས་སུ་བསྒྲགས། །ཐམས་ཅད་བཟའ་དང་འདོད་པ་ནི། །ཁ་ན་མ་ཐོ་གང་མེད་པ། །ཤ་ཆང་སྒོག་པ་ལ་སོགས་པ། །མི་བཟའ་རྣམ་པར་སྤང་བར་བྱ། །དྲི་མི་ཞིམ་དང་མི་གཙང་བའི། །བཟའ་དང་བཏུང་བ་རྣམས་ཀྱང་སྤང༌། །གཞན་ལ་གནོད་དང་ལྡན་པ་དག །སེམས་ཀྱིས་ཀྱང་ནི་མི་བྱའོ། །གཡེམ་པ་ཀུན་གྱི་སྦྱོར་བ་ཡང༌། །མི་སྡུག་བསྒོམས་ལ་སྤང་བར་བྱ། །བསོད་ནམས་བྱེད་ལ་རྟག་ཏུ་བརྩོན། །ཐེག་པ་ཆེན་པོའི་དོན་སེམས་པ། །བྱང་ཆུབ་སེམས་དཔའི་ཚུལ་རྒྱ་ཆེ། །ཤེས་རབ་ཕ་རོལ་ཕྱིན་ལ་མཁས། །ཀློག་ཅིང་རྣམ་པར་སེམས་པ་དང༌། །ཡང་དང་ཡང་དུ་གསོལ་བ་འདེབས། །དགྲ་དང་ཟུན་དང་ཐ་མ་ལ། །སེམས་སྙོམས་མི་འཇིགས་རབ་ཏུ་སྦྱིན། །ཞེ་སྡང་འཇོམས་པ་བསྒོམ་པ་ནི། །བྱམས་ཤིང་དགའ་ལ་ངེས་པ་ཅན། །ཆོས་དང་གང་ཟག་བདག་མེད་པ། །འདུས་བྱས་རྣམས་ཀྱང་འཁྲུལ་བ་ཙམ། །མངོན་སུམ་བློ་ཅན་བརྟན་པ་ནི། །འདུས་བྱས་ཀུན་གྱིས་མི་རྨོངས་སོ། །སྲོག་ལ་འབབ་པར་གྱུར་ན་ཡང༌། །བྱང་ཆུབ་སེམས་ནི་མི་གཏོང་ཞིང༌། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ནམ་ཡང་གཏང་བར་མི་བྱའོ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་སྨད་པར་མི་བྱ་སྟེ། །བླ་


DTG053_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

མ་སངས་རྒྱས་ཀུན་དང་འདྲ། །སྦྱོར་བ་ལྷོད་པར་མ་གྱུར་པས། །གོ་ཆ་རབ་ཏུ་བརྟན་པར་གྱིས། །ཕ་རོལ་ཕྱིན་དྲུག་སྤྱོད་པ་ཡང༌། །རིམ་པ་བཞིན་དུ་སློབ་པར་བྱེད། །སེམས་ཅན་ཀུན་གྱི་དོན་དང་ལྡན། །བྱང་ཆུབ་སེམས་དཔའི་ཚུལ་སྤྱོད་པ། །ཁ་ན་མཐོ་རྡུལ་ཙམ་ཡང༌། །སྲོག་ལ་ཡང་དེ་མི་བལྟ་བར།། རབ་ཏུ་བྱུང་དང་ཁྱིམ་པ་ཡི། །འདུ་འཛི་དག་ཀྱང་རྣམ་པར་སྤང༌། །བུ་དང་ཆུང་མ་དག་ལ་ཡང༌། །སྲེད་པའི་བཅིང་བ་དག་ལས་གྲོལ། །བརྐམ་དང་ཆགས་དང་གདུག་པ་མེད། །རྨོངས་པ་དང་ནི་ལེ་ལོ་མེད། །བག་ཡོད་སྤྱོད་ཅིང་བརྩོན་འགྲུས་ཆེ། །རྣལ་འབྱོར་སྒྲུབ་པ་བསྒྲུབ་པར་བྱ། །ལྟ་བ་ཀུན་ལས་རྣམ་པར་གྲོལ། །ཡང་དག་ཉིད་ཀྱི་ལམ་བསྒོམ་པ། །དགོངས་པའི་ཚིག་ལ་རབ་ཏུ་མཁས། །དོན་ཤེས་དོན་ནི་རྟོགས་པར་འགྱུར། །ཚུལ་དང་ཚུལ་མིན་ཆོ་ག་ཤེས། །དེ་ཉིད་རྣལ་འབྱོར་རབ་ཏུ་མཁས། །སེམས་ཅན་ཀུན་ལ་རབ་ཏུ་བྱམས། །བྱང་ཆུབ་སྤྱོད་པའི་དོན་སེམས་པ། །འདི་འདྲའི་ཚུལ་ནི་བཟང་པོ་ལ། །དེ་ལྟ་བུ་ཡི་སྒྲུབ་པ་ཡིས། །གྲོལ་བ་དང་ནི་དངོས་གྲུབ་འཐོབ། །དངོས་གྲུབ་ཐམས་ཅད་དོགས་པ་མེད། །ཕྱོགས་དང་གོས་དང་ཟས་རྣམས་ལ། །འབགས་པ་ཐམས་ཅད་རྣམ་པར་སྤང༌། །ལྷ་རྣམས་སྨོད་པར་མི་བྱ་ཞིང༌། །རྣམ་པ་ཡང་ནི་སྤང་བར་བྱ། །ཉི་མ་རེ་རེ་རབ་བསྡམས་ཤིང༌། །བསྲུང་བའི་ཆོ་ག་བྱས་པ་ལས། །བགེགས་ནི་མེད་ཀྱིས་མ་འཇིགས་ཤིག །སེམས་ནི་རབ་ཏུ་གདུལ་དཀའ་འདི། །བགེགས་ནི་ཅུང་ཟད་མེད་སྙམ་པས། །སེམས་ནི་དག་པ་ཉིད་དུ་འགྱུར། །རང་གི་སེམས་ནི་བདུད་ཅེས་གསུངས། །རང་གི་སེམས་ནི་བགེགས་ཡིན་ནོ། །རྣམ་པར་རྟོག་པ་ཐམས་ཅད་སྤངས། །རྣམ་པར་རྟོག་ལས་བགེགས་ཀུན་འབྱུང༌།། གདུལ་དཀའི་སེམས་ནི་རབ་བཟུང་ནས། །འདོད་པ་ལྔ་ནི་སྤང་བར་བྱ། །སྔོན་གྱི་རྗེས་སུ་དྲན་ནས་བརྩམ། །རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ། །འཇིག་རྟེན་ན་ནི་གང་ཟག་བཞི། །བསྐལ་པ་བརྒྱར་ནི་བརྩོན་བྱས་ཀྱང༌། །ཆོ་ག་བཞིན་དུ་ཀུན་སྤྱད་ཀྱང༌། །དེ་དག་འགྲུབ་པར་ཡོད་མི་འགྱུར། །བྱང་ཆུབ་སེམས་ནི་མ་བསྐྱེད་དང༌། །ཐེ་ཚོམ་ཡོད་པ་ཉིད་དང་ནི། །གང་ཞིག་བཀའ་སྩལ་མི་བྱེད་དང༌། །མ་དད་པས་ནི་མི་གྲུབ་བོ། །ཕ་དང་མར་ནི་ཤེས་པ་དང༌། །ཚངས་དང་དགེ་སྦྱོང་འབད་པ་དང༌། །གཙང་ཞིང་ཞི་བ་དུལ་བ་དང༌། །བསྡམས་ཤིང་ཐར་པ་ལ་སེམས་པ། །རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང༌། །འདོད་པའི་ཡོན་ཏན་བརྩོན་ཕྱིར་མིན། །


DTG053_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་སེམས་ཅན་ཐམས་ཅད་ཕྱིར། །རྫོགས་པའི་བྱང་ཆུབ་སྡོ་བྱས་པ། །དེ་བཞིན་ཁ་ཟས་ཚོད་ཤེས་ཤིང༌། །མཚན་མོ་མི་ཉལ་བ་ལ་དགའ། །འདོད་ཆགས་ཞེ་སྡང་ལ་སོགས་འབྱུང༌། །རྣམ་པར་རྟོག་པ་མི་སེམས་ཤིང༌། །སེམས་ནི་རབ་ཏུ་དགའ་གྱུར་ནས། །མི་གཡོ་བར་ནི་སེམས་པར་བྱ། །ལེགས་བཤད་ཤིན་ཏུ་རྣམ་ཕྱེ་བའི། །ཆོས་ཀྱི་དོན་ལ་མངོན་པར་དགའ། །སེམས་ཅན་གནོད་ལ་སོགས་པའི་རྒྱུ། །དྲག་ཤུལ་སྤྱོད་པའི་ལས་མི་བྱེད། །སེམས་ཅན་གདུག་པ་ལ་སོགས་པའི། །ཉེས་པ་དག་ཀྱང་རབ་ཏུ་བཟོད། །རིག་སྔགས་མཚོན་དང་དེ་བཞིན་མཚན། །ལྷ་ཡི་བཅིངས་པ་རྣམས་དང་ནི། །དམ་ནམ་དག་དང་ལྷ་ཡི་གྲིབ། །ལྷ་ཡི་མཚན་མ་ལ་སོགས་ཀུན། །བཟའ་བ་དག་ནི་སྣ་ཚོགས་པ། །མཚན་མའི་མཚན་ཉིད་བྱས་པ་རྣམས། །མི་འགོང་ཞིང་ནི་མི་བཟའ་སྟེ། །ནམ་ཡང་བརྗིད་པར་མི་བྱའོ། །དཀོན་མཆོག་གསུམ་གྱི་དཀོར་རྣམས་ལ། །ནམ་ཡང་སྤྱད་པར་མི་བྱའོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བཤད་དོ། །ལུས་དང་ངག་དང་སྤྱོད་པ་བསྟན་པ་ཡང་རང་གི་ཚུལ་དང་འགལ་བར་མ་གྱུར་པ་རྣམས་སྤྱད་པར་བྱའོ། །དེ་དག་ལས། དྲི་མི་ཞིམ་དང་བཅས་པ་ཡང༌། །འདོད་པ་ལྔ་ནི་སྤང་བར་བྱ། །ཞེས་བྱ་བ་ལ་སོགས་པས་རང་གི་ཚུལ་ཅི་རིགས་པར་ཤེས་པར་བྱའོ། །དེ་དག་ལ་སོགས་པ་ཡང་ཚུལ་ཇི་ལྟར་སྤྱད་པ་ལ་སོགས་པ་རྡོ་རྗེ་ཕྲེང་བ་ལས་བཤད་པའི་དགོངས་པ་མཁས་པས་སྤྱད་པར་བྱའོ། །དེ་བས་ན་བརྟན་པ་མ་ཐོབ་པའི་དབང་དུ་བྱས་ནས་སློབ་དཔོན་ཡེ་ཤེས་ཞབས་ཀྱིས་གཞན་ཡང་རྒྱུད་གཞུང་འཇུག་གི་རྣལ་འབྱོར་པས། །རྣལ་འབྱོར་བཞི་ཡི་ཆོ་ག་དང༌། །སྣང་སྲིད་སྒྱུ་མའི་སྦྱོར་བ་ཡིས། །འགྲོ་འཆག་ཉལ་དང་འདུག་པ་རྣམས། །སྐུ་གསུང་ཐུགས་ཀྱི་མཛད་པའོ། །བྱེད་བྲག་དང་སྨྲ་དང་བསྐྱོད་པ་རྣམས། །བྷ་ག་ལས་ནི་གཡེང་མི་བྱ། །ཟས་ནི་བདུད་རྩིར་རབ་དམིགས་ལ། །ཐ་དད་མེད་པའི་དཀྱིལ་འཁོར་དུ། །ཕྱི་ཡི་སྦྱིན་སྲེག་ཚུལ་དུ་ནི། །རྟག་ཏུ་ཚོགས་ཀྱི་མཆོད་པ་བྱ། །འགྲོ་བ་རང་བཞིན་དག་པ་ཡིས། །དབང་བསྐུར་བ་ཡི་ཆོ་གས་ནི། །ཕྱི་ཡི་ཆུས་ཀྱང་བཀྲུ་པར་བྱ། །ཉལ་བ་ཤེས་རབ་སྙིང་རྗེས་ཉལ། །ལྡང་ན་དཔལ་ལྡན་གླུ་ཡིས་བསྐུལ། །ཐམས་ཅད་རང་བཞིན་དག་པ་ཡིས། །དག་པའི་ལྷ་དང་གནས་སུ་སྣང༌། །སེམས་ཉིད་ཅིར་ཡང་སྣང་བའི་ཕྱིར། །བདེ་སྡུག་རྣམ་པར་གྲོལ་བའོ། །ཞེས་བཤད་པའི་ཚུལ་གྱིས་ན་བརྟན་པ་ཐོབ་པ་ལས་དང་པོ་པའི་སྤྱོད་པ་རྣམས་ཀྱི་


DTG053_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་པ་བསྟན་པས་ཤེས་པར་བྱའོ། །དེ་བས་ན་ལས་དང་པོ་བསྡོམ་པ་ལ་མི་གནས་ཤིང་རང་གི་སྤྱོད་པའི་ཚུལ་ཆོག་ག་ཞིབ་མོ་འདོར་བ་དང༌། གོང་མའི་སྤྱོད་པ་ཁྱད་པར་ཅན་ལ་འཇུག་པ་ནི་བྱ་དགོས་པའི་སྤྱོད་པ་མ་བྱས་པ་དང༌། རེ་ཞིག་བྱ་བ་མ་ཡིན་པའི་སྤྱོད་པ་བྱས་པའི་ཕྱིར་ལྟུང་བར་འགྱུར་རོ། །སྡོམ་པ་གསུམ་ལ་གནས་ཤིང་རང་གི་སྤྱོད་པ་ཚུལ་བཞིན་དུ་བྱེད་པས་གོང་མའི་སྤྱོད་པ་ཤེས་པར་བྱ་བ་ལ་ཉེས་པ་མེད་དོ། །བསླབ་པར་བྱ་བ་ཡིན་པས་དེ་བས་ན་ཐོས་པ་བཙལ་ཞིང་བསམ་པར་བྱའོ། །དེ་ནས་ཅུང་ཟད་བརྟན་པ་ཐོབ་ནས་གསང་སྔགས་ཀྱི་སྤྱོད་པ་ལ་འཇུག་པར་བྱ་སྟེ། རིག་མ་མཚན་དང་ལྡན་པ་ཆ་ལྔ་དང་ལྡན་པར་བྱིན་གྱིས་བརླབས་ཏེ། ཡོངས་སུ་སྨིན་པ་དང་བདེ་བ་ཆེན་པོས་དེ་ཁོ་ན་ཉིད་བརྟེན་པར་བྱ་བ་ཟླ་བ་དྲུག་ལ་སོགས་པ་དགོན་པ་ཆེན་པོར་བདུད་རྩི་རྣམ་པ་ལྔ་ལ་སོགས་པར་སྤྱད་ཅིང༌། །རང་གི་དེ་ཁོ་ནས་རི་ལུ་ལ་སོགས་པ་ཁར་བཅུག་ལ་བསྒྲུབ་པར་བྱའོ། །དེ་དག་ཀྱང་རྟོག་པ་དང་བྲལ་བས་སྤྱད་པར་བྱའོ། །དེའི་ཕྱིར་བདུད་རྩི་ལ་སོགས་པ་ནི་རྟོག་པ་མེད་པས་བསྒྲུབ་པར་བྱ་བ་དང༌། རང་བཞིན་གྱི་ནུས་པ་དང་ལྡན་པས་གྲུབ་པའི་ཕྱིར་རྗེས་སུ་བསྔགས་པའི་ཕྱིར་རྟག་ཏུ་སྤྱད་པར་བྱའོ། །གཞན་ཡང་བསམས་ཏེ་བཟའ་བ་དང༌། ཐོག་མ་ནས་བསླབ་པར་བྱའོ། །དེའི་ཕྱིར་ན་རྟོག་གེ་བ་རྣམས་ཀྱི་རྟོག་པ་བསལ་བའི་ཕྱིར་སྒྱུ་འཕྲུལ་དྲ་བ་ལས་གསུངས་པ། །བཤང་ཅི་ཁྲག་དང་ག་བུར་རྣམས། །ཤ་ཆེན་དག་ཀྱང་སྦྱིན་སྲེག་བྱ། །ཅི་སྟེ་ཡེ་ཤེས་སེམས་དཔའི་ཞལ། །མི་གཙང་བ་ཡིས་བཀང་ན་ཀོ། །ཇི་ལྟར་སྡིག་པ་སྐྱེས་མི་འགྱུར། །གལ་ཏེ་སྡིག་གྱུར་འབྲས་བུ་གང༌། །སེམས་ཅན་མི་ཤེས་པས་རྨོངས་ནས། །ཐབས་དག་ཤེས་རབ་རྣམ་སྤངས་ཤིང༌། །ཕྱི་རོལ་དངོས་ལ་མངོན་ཞེན་པ། །རྣམ་རྟོག་དྲ་བས་བླུན་བྱས་གང༌། །དེ་དག་གིས་ནི་དགེ་སྡིག་གི །ཕུང་པོ་གཉིས་སུ་རྣམ་པར་བརྟགས། །ཆོས་འདིར་རང་བཞིན་གྱིས་དག་སྟེ། །སྐྱེ་བ་མེད་ཅིང་གནས་མེད་ཀྱང༌། །སེམས་ཅན་གནོད་བ་སེལ་བའི་ཕྱིར། །སངས་རྒྱས་རྣམས་ཀྱིས་ཐབས་ཀྱིས་བསྟན། །དམ་པའི་དོན་དུ་དགེ་སྤངས་ན། །བསོད་ནམས་མེད་པ་ཅི་ཞིག་སྨོས། །དཔེར་ན་ཆུ་ཀླུང་ཆུས་གང་བ། །ཕ་རོལ་འགྲོ་བའི་སེམས་ཅན་དག །རྩྭ་དང་ཤིང་ལ་སོགས་བསྡུས་ཏེ། །ཆུ་ལ་རྐྱལ་བའི་གཟིངས་བྱས་ནས། །དེ་ལ་


DTG053_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

འཇུས་ཏེ་ལེགས་རྒལ་ནས། །པོར་ཏེ་བདེ་བར་འགྲོ་བ་ལྟར། །དེ་བཞིན་འཁོར་བ་ཕ་རོལ་གྱི། །ཆོས་ཀྱི་ལམ་ནི་བསྐྱེད་བྱས་ནས། །ཆོས་དང་ཆོས་མིན་རྣམ་སྤངས་ལ། །བྱང་ཆུབ་བདེ་བ་འཐོབ་པར་བཞིན། །དེ་བཞིན་རྣམ་རྟོག་དྲ་སྤོངས་ལ། །ཤིན་ཏུ་ཟབ་མོའི་ཆོས་སྤེལ་ཏེ། །དེ་བཞིན་གཤེགས་པས་གསུངས་ལམ་ལ། །སྔགས་རིག་རྣམ་རྟོག་མ་བྱེད་ཅིག །རྣམ་རྟོག་རྨོངས་པ་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་པས། །ནམ་མཁའ་ལྟ་བུ་དྲི་མེད་པའི། །རྣམ་པར་མི་རྟོག་ཏིང་འཛིན་གནས། །དབང་པོ་གཉིས་ནི་མཉམ་སྦྱར་ཏེ། །ལུས་དང་ངག་དང་སེམས་བསྡུས་ནས། །ངའོ་སྙམ་ནས་གཟི་བསྐྱེད་གཟུགས། །རྣམ་པ་ཀུན་གྱིས་རྣམ་བརྒྱན་ནས། །རྣལ་འབྱོར་ལྡན་ལ་ཚེ་འདི་ལ། །ཡེ་ཤེས་རྫོགས་པ་ཉིད་དུ་འགྱུར། །ལས་ལས་བྱུང་བར་བསྟན་པ་ཡིས། །སྐྱེས་པ་བུད་མེད་གཟུགས་མང་ལ། །བརྙས་པ་ཉིད་དུ་མི་བྱ་ཞིང༌། །རྡོ་རྗེ་ལུས་ཅན་དམ་ཚིག་ཡིན། །ངན་རྟོག་བཟང་རྟོག་དྲ་བ་ཡིས། །སེམས་ཀྱིས་སེམས་ཅན་རྣམས་ལ་ནི། །སྣ་ཚོགས་གཏུམ་པས་སུན་མི་དབྱུང༌། །རྡོ་རྗེ་སེམས་ལྡན་དམ་ཚིག་ཡིན། །སྲིད་པས་སྐྱེ་རྩུབ་ཕྲ་མ་ཡིས། །ཚིག་དག་རྣམ་པར་མི་སྨྲ་ཞིང༌། །ཉན་ན་བདེ་བར་འདོད་པ་ཡིས། །རྡོ་རྗེ་དག་ཅན་དམ་ཚིག་ཡིན། །རྣམ་པར་སྣང་མཛད་ཆེར་འཁྲུགས་མཆོག །ཤ་ཡི་ཁམས་ལ་གནས་པ་ཡིན། །རྐང་ལ་མི་འཁྲུགས་རྒྱལ་པོ་སྟེ། །ཁྲག་ལ་རིན་ཆེན་འབྱུང་བའི་གཙོ། །སེམས་ཅན་རྣམས་ཀྱི་རུས་ཕུང་པོའི། །རུས་གོང་ལ་ནི་འོད་དཔག་མེད། །རྩ་བའི་ཚིགས་རྣམ་བྲལ་བ། །ཐུབ་པའི་སྐྱེས་མཆོག་དོན་ཡོད་གྲུབ། །དམ་ཚིག་ཤེས་པ་རྣམས་ལ་ནི། །གསད་ཆེན་ང་ཡིས་བསྟན་པ་འདི། །བློ་ལྡན་རྡོ་རྗེ་སེམས་ཀྱིས་ནི། །རྟག་ཏུ་བསྟེན་ཅིང་བསྒོམ་པར་བྱ། །འདོད་ཆགས་ཞེ་སྡང་དེ་བཞིན་རྨོངས། །སྲེད་དང་འདུ་བྱེད་རྣམས་འཕེལ་བའི། །ཆོས་འདི་རྣམ་པ་ལྔ་པོ་འདི། །ཐུབ་པ་སྐྱེས་མཆོག་རྣམས་ཀྱིས་གསུངས། །བཤད་གཅི་ཁུ་བ་མཆིལ་མ་ཁྲག །འཛག་པ་འབྱུང་བ་བཞིས་བསྡུས་པ། །སྒོམ་པའི་བློ་གྲོས་རྫོགས་པ་ཡིས། །དམ་ཚིག་རྟག་པར་བྱ་བ་སྟེ། །རྟག་ཏུ་བཟའ་ཞིང་སྦྱིན་པར་བྱ། །ཞེས་བཤད་པས་འདིའི་དོན་ལ་མཁས་པས་རྟོག་པ་མད་པས་འགྲུབ་པར་འགྱུར་རོ། །དེ་བས་ན་གསང་སྔགས་


DTG053_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བརྟུལ་ཞུགས་ཀྱི་སྐབས་སུ་ཁྱད་པར་དུ་སྤྱད་པར་བྱའོ། །རང་གི་རིགས་ལས་བྱུང་བའི་བུ་མོ་སྨིན་པར་བྱས་ལ་སྤྱད་པར་བྱ་སྟེ། ཁ་ན་མ་ཐོ་བ་དང་བྲལ་བས་ཆོ་ག་བཟང་པོ་དང་ལྡན་པ་བསྟེན་པར་བྱ་བའི་ཕྱིར་དེ་ཉིད་ལས། དེ་ནས་བུ་མོ་མིག་ཡངས་མོ། །ལོ་ནི་བཅུ་དྲུག་ལོན་བ་ལ། །གཟུགས་དང་མདངས་དང་ལང་ཚོར་ལྡན། །གསེར་གྱི་རྣ་ཆ་གཡོ་བ་ཅན། །གཅིག་ཅིག་ལེགས་པར་བཙལ་ནས་སུ། །ལྷ་མོ་བྱི་དོར་ལེགས་བྱས་ཏེ། །རིགས་ལྔ་ཡི་ནི་མཚོན་ཆ་ཅན། །ལས་ཀྱི་རྗེས་སུ་བསྒོམས་བྱས་ནས། །བཞག་སྟེ་སྤྲད་པའི་སྦྱོར་བ་ཡིས། །པདྨ་ལ་ནི་རྡོ་རྗེ་གཞུག །སྤྲད་པ་དང་ནི་འཁྱུད་པ་ཡིས། །རྡོ་རྗེ་དང་ནི་པདྨས་བསྐུལ། །གར་གྱི་ཚུལ་དུ་བསྒྱུར་བ་དང༌། །དེ་བཞིན་སྤྲོ་དང་བསྡུ་བ་ཡིས། །ཞེས་བྱ་བ་ལ་སོགས་པས་བསྟན་པ་དང༌། གཞན་ཡང་ཐབས་དང་ཤེས་རབ་ཀྱི་རྒྱུད་མང་པོ་ལས་དགོངས་པ་ཅན་གྱི་ཚིག་བསྟན་པ་རྣམས། དོན་གཞན་ལ་དགོངས་པ་རྣམས་གདུལ་བྱ་ཁྱད་པར་དུ་གྱུར་པའི་ཕྱིར་བསམ་པ་ལ་དགོངས་པ་དང༌། བརྟན་པ་ཐོབ་པའི་གང་ཟག་གི་དབང་དུ་མཛད་པའི་ཕྱིར་གཞན་དུ་ན་ལྟུང་བར་འགྱུར་རོ། །ལམ་འདི་ལྟ་བུ་ལ་བརྟེན་པ་དང་བརྟེན་པ་མ་ཡིན་པ་ཡང་རྣལ་འབྱོར་པའི་ནུས་པས་འགུགས་པ་དང༌། མི་སྣང་བར་བྱེད་པ་ལ་སོགས་པས་བྱ་བར་གསུངས་ཀྱི། གཞན་དུ་སྙིགས་མ་ལྔའི་དུས་སུ་གང་ཟག་ངན་སོང་དུ་གཞོལ་ཞིང་འདོད་པ་དང་ལྡན་པས་ཐབས་ཤེས་རབ་ཀྱི་རྒྱུད་ལ་བརྟེན་ནས་དུས་དང་སྣོད་དུ་མ་གྱུར་པ་ཡང༌། འདོད་ཆགས་ལ་སོགས་པའི་བསམ་པས་སྒྲ་ཇི་བཞིན་དུ་སྦྱར་བས་ཕལ་ཆེར་ངན་སོང་དུ་སྐྱེ་སྟེ་རྡོ་རྗེ་ཐེག་པ་སྤོང་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར། དགོངས་པའི་དོན་ལ་མཁས་པར་བྱའོ། །བརྟན་པ་ཆེར་ཐོབ་རྣམས་ཀྱིས་ནི། །མགོན་པོ་ཀུན་དུ་སྤྱོད་བྱ་སྟེ། །རྟོག་པ་དང་བྲལ་བརྟན་ཐོབ་པས། །ཐམས་ཅད་བཟའ་ཞིང་ཐམས་ཅད་བྱེད། །འདི་ཡིས་མི་བྱ་གང་ཡང་མེད། །ཅུང་ཟད་མི་སྨྲ་གང་ཡང་མེད། །རྟག་ཏུ་མཉམ་པར་བཞག་པ་སྟེ། །འཛེམ་དང་འཇིགས་པ་ཡོད་པ་མིན། །དོགས་པ་མེད་པའི་སེམས་ཀྱིས་སུ།། སྔགས་པ་སེང་གེ་བཞིན་དུ་རྒྱུ། །སྲོག་དང་རྩོལ་བ་བསྡམས་པ་མེད། །ཉོན་མོངས་དུག་སོགས་རང་བཞིན་དག །ལམ་དང་གཉེན་པོ་སྤང་བྱ་མེད། །མགོ་སྐྱེས་གྱེན་འགྲེང་རས་དང་བྲལ། །ཐལ་བས་བྱུགས་ནས་ཐོད་པས་བརྒྱན། །ཐིག་ལེ་བཀོད་ནས་ཁ་ཊྭཱཾ་འཛིན། །ལ་ལར་སྨྲ་བར་མི་བྱེད་ཅིང༌། །དྲག་ཏུ་


DTG053_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུག་ཅིང་གྲོང་ཁྱེར་རྒྱུ། །རྒྱལ་མཚན་ལྡན་མཐོང་ཆད་འགུགས་ཤིང༌། །ཁྲག་དང་ཁུ་བ་དེ་བཞིན་ཏེ། །དགེ་སློང་ལ་སོགས་ཕྱག་མི་བྱེད། །ལྷ་རྟེན་ཕྱག་བྱས་འགས་པར་འགྱུར། །རི་ལུ་མི་སྣང་རྒྱལ་པོའི་ཁྱིམ། །ཡུལ་གྱིས་བསྐྱོད་པ་མ་ཡིན་ཏེ། །འཇིག་རྟེན་ཆོས་ལ་ཆགས་སྡང་མེད། །སངས་རྒྱས་ལ་སོགས་ཕྱག་མི་བྱེད། །གླང་ཆེན་མྱོས་དང་སེང་གེ་ཞོན། །ནགས་དང་རི་ཁྲོད་བསོད་སྙོམས་འཇུག །དུར་ཁྲོད་ཚོང་ཁང་སྲང་དུ་རྒྱུ། །འབྱུང་པོ་བཞིན་དུ་གནས་པ་མཆོག །འདི་ནི་ཀུན་དུ་སྤྱོད་པའོ། །ཞེས་བྱ་བ་ལ་སོགས་པས་བཤད་དེ། དེའི་ཕྱིར་འདི་ནི་བརྟན་པ་ཐོབ་པ་རྣམས་ཀྱིའོ། །གཞན་དུ་ཐོག་མ་ནས་འཇུག་པ་དེ་དག་ཕལ་ཆེར་ཉམས་ཏེ་ལྟུང་བར་འགྱུར་རོ། །དེ་བས་ན་རིམ་པས་འཇུག་པ་རྣམས་ལྟུང་བར་མི་འགྱུར་བར་ཤེས་པར་བྱའོ། །བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པ་ལ་རིམ་པ་བཞིན་དུ་འཇུག་པའི་རྣལ་འབྱོར་པས་ཀྱང་སྤྱོད་པའི་ཚུལ་དེ་བཞིན་དུ་གནས་པར་བྱ་སྟེ། དེའི་ཕྱིར། བསྐྱེད་པའི་རིམ་ལ་ལེགས་གནས་ཏེ། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་ནི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་བཞིན་དུ་གསུངས། །ཞེས་བཤད་པ་འདི་ཡང་ལེགས་པར་བཤད་པར་འགྱུར་རོ། །དེ་ནས་མཉམ་པར་བཞག་པའི་སྤྱོད་པ་ཆེན་པོ་རང་བཞིན་གྱིས་རྟོག་པ་དང་བྲལ་བ་མི་རྟོག་པའི་ཡེ་ཤེས་ལ་འཇུག་པ་ལ་གནས་པར་བྱ་སྟེ། དེའི་ཕྱིར། འདི་ཡི་སྤྱོད་པ་ལ་གནས་པས། །སྤྲོས་བཅས་མེད་ཅིང་མཉམ་གཞག་མེད། །བྱ་དང་བྱེད་དང་རྩོལ་ལས་འདས། །དག་དང་མ་དག་དངོས་པོ་རྣམས། །སྒྱུ་མ་བཞིན་དུ་དངོས་མེད་པར། །བརྟགས་པས་དབེན་པས་བླང་དོར་མེད། །འདོད་ཆགས་ལ་སོགས་མི་སྤོང་སྟེ། །གཞན་གྱིས་སངས་རྒྱས་སྒྲུབ་མི་བྱེད། །ཡོད་མེད་རྟག་ཆད་མཐའ་ལས་འདས། །ཁ་དོག་དབྱིབས་མེད་ལུས་ངག་མེད། །སྲོག་རྩོལ་རིམ་དང་ཅིག་ཅར་སྤོང༌། །ཡི་གེ་མཚན་མ་ཕྱག་རྒྱ་མེད། །ཕྱོགས་བཅུ་གང་ལའང་གནས་མི་བྱེད། །གཟུང་འཛིན་རྣམ་རྟོག་ཡུལ་ལས་འདས། །དམ་ཚིག་སྡོམ་པ་དཀྱིལ་འཁོར་མེད།། དེ་ཉིད་བཅུ་ལ་རྣམ་མི་རྟོག །བསྒོམ་བྱ་སྒོམ་བྱེད་བསྒོམ་པ་མེད། །སངས་རྒྱས་སེམས་ཅན་བདག་རྩོལ་བྲལ། །རྒྱུ་འབྲས་ལམ་ལ་སོགས་པ་སྤོང༌། །རྒྱུ་དང་མི་རྒྱུའི་དངོས་རྣམས་ལ། །ནམ་མཁའ་བཞིན་དུ་རྟོག་མི་བྱེད། །མཆོད་རྟེན་གླེགས་བམ་ལ་སོགས་སྤོང༌། །བདུད་དང་དངོས་གྲུབ་གཉིས་སུ་མེད།།


DTG053_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

རང་རིག་ཤེས་བརྗོད་ཡུལ་ལས་འདས། །སྒྲ་དང་བརྡ་དང་དབང་པོ་ཡིས། །འདི་ལ་བསྟན་བྱ་རྡུལ་ཡང་མེད། །རྟོག་གེའི་སྤྱོད་ལས་འདས་པ་སྟེ། །དམ་པའི་རྗེས་འབྲངས་རང་གིས་རིག །མཐོང་བ་མེད་པའི་དམ་པ་མཐོང༌། །རྗེས་སུ་ཤེས་པ་སྒྱུ་མ་བཞིན། །རབ་མཐའི་ཤེས་པ་རྟོག་གོམས་པས། །རྟོག་མེད་གཞན་དོན་ནོར་བུ་བཞིན། །སྐུ་གསུམ་ཡེ་ཤེས་ལྔ་ལ་སོགས། །ཐུབ་པའི་ཡོན་ཏན་དཔག་བསམ་ཤིང༌། །སྟོན་དུས་སྐད་ཅིག་གིས་རྫོགས་ལྟར། །དེ་ཕྱིར་དེ་ལ་གསང་བ་འདུས། །བཞི་པའི་དབང་གིས་རབ་ཏུ་བརྒྱན། །དེ་ཉིད་དཔལ་མཆོག་དང་པོ་སྟེ། །རྡོ་རྗེ་སེམས་དཔའ་མཐར་ཕྱིན་ལམ། ཞེས་བཤད་པའི་ཕྱིར་འདི་ནི་མཐར་ཕྱིན་པའི་སྤྱོད་པ་སྟེ། མཉམ་པར་བཞག་པའི་སྤྱོད་པ་ཆེན་པོའོ། །དུས་ཤེས་པའི་སྤྱོད་པ་ལས་འགལ་བར་སྤྱོད་པ་རྣམས་ཀྱི་ནི་བདུད་ཀྱི་ལས་སུ་རིག་པར་བྱའོ། །བླ་མའི་བཀའ་དང་དོན་ཆེན་པོ་མཐོང་བ་དང༌། གང་ཟག་ལ་སོགས་པའི་དུས་ཤེས་པ་དང༌། སྲོག་གི་བར་ཆད་དུ་འགྱུར་བ་ལ་ཉེས་པ་མེད་དོ། །ལྟུང་བ་དེ་དག་ལ་ཉེས་པ་ཆེ་འབྲིང་གི་རིམ་པས་དབང་དང་ཚོགས་ལ་བཤགས་པ་དང༌། དཀྱིལ་འཁོར་སྔོན་དུ་འགྲོ་བས་དམ་པ་གཅིག་ལ་བཤགས་པའོ། །ཕྱིས་བསྡམ་པར་བྱ་བ་ལ་བསླབ་པར་བྱའོ། །ལྟུང་བ་བཅོ་ལྔ་པའི་རྣམ་པར་བཤད་པའོ།། །།ད་ནི་ཡན་ལག་གི་ཉེས་པ་བཤད་པར་བྱ་སྟེ། དེའི་ཕྱིར། དམ་པ་ཉེར་བསྟེན་ཅིག་ཤོས་མིན། །སྣོད་དང་ལྡན་པ་རྣམ་པར་བརྟག །འདོད་ཕྱིར་གཞན་ལ་གནོད་པ་སྤང༌། །དཀོན་མཆོག་ལ་སོགས་ནོར་ལ་མིན། །གཞན་དོན་སྐད་ཅིག་ཡལ་མི་དོར། །བྱང་ཆུབ་མིན་པར་དགེ་མི་འཇུག །རྣམ་ཤེས་འཕོ་བ་དེ་ཉིད་མཁས། །གཞན་དུ་ཡན་ལག་ཉེས་པའོ། །དེ་ནས་སྡུག་བསྔལ་ཆེན་པོ་འཐོབ། །ཞེས་བཤད་པ་སྟེ། འདི་དག་གི་སྤྱིའི་མཚན་ཉིད་གོང་དུ་བསྟན་པ་ལས་ཤེས་པར་བྱའོ། །དམ་པ་ཉེ་བར་བསྟེན་པ་ནི་བླ་མ་དམ་པ་སྟེ། དེ་ཡང་སྒྱུ་འཕྲུལ་དྲ་བ་ལས། སློབ་དཔོན་མེད་པར་གྱུར་ན་ནི། །དངོས་གྲུབ་ཐོབ་པར་མི་འགྱུར་བས། །སློབ་དཔོན་མཚན་ཉིད་བཤད་པར་བྱ། །ཡེ་ཤེས་སྙིང་པོ་ཁྱོད་ཉོན་ཅིག །བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ཞིང་གཡོ་སྒྱུ་མེད། །གསང་སྔགས་རྒྱུད་ཀྱི་སྦྱོར་ཤེས་པས། །དཀྱིལ་འཁོར་བྲི་བའི་ལས་བྱའོ། །དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང༌། །སེམས་ཅན་ཀུན་ལ་མེ་འཇིགས་


DTG053_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན། །ཐེག་པ་མཆོག་ལ་རྟག་དགའ་བ། །དེ་ནི་སློབ་དཔོན་ཡིན་པར་གསུངས། །ཞེས་བཤད་པས་དམ་པ་མ་ཡིན་པ་བསྟེན་ན་ཡན་ལག་གཉིས་པའོ། །ཅིག་ཤོས་མིན་པ་ནི་དམ་པ་མ་ཡིན་པ་སྟེ་དེ་ཉིད་ལས། ཕྱི་རོལ་བསྟན་བཅོས་ཡོངས་ཤེས་ཤིང༌། །ཉན་ཐོས་རྣམས་ཀྱི་ལམ་བསྒྲོད་ཀྱང༌། །གསང་བ་དེ་ཉིད་བསྡུ་བ་དང༌། །ཐེག་པ་ཆེན་པོ་མི་ཤེས་པ། །སྙིང་རྗེ་ཡོད་པ་མ་ཡིན་དང༌། །དད་མེད་བརྩོན་འགྲུས་མི་ལྡན་པ། །རྟག་ཏུ་ངན་པའི་ཚུལ་སྤྱོད་དང༌། །བསྟན་བཅོས་རྣམས་ལ་སྨོད་པ་ཡིན། །ཞེས་བཤད་པས་སོ། །དེ་བས་ན་བླ་མ་གཞན་གྱི་དོན་བྱེད་པ་མཆོག་གོ །བདག་གི་དོན་ཅན་ཉོན་མོངས་པས་ཟིལ་གྱིས་ནོན་པ་ནི་མཆོག་མ་ཡིན་པའོ་ཞེས་བཤད་པས་དེ་བསྟེན་པ་དེ་ནི་ཡན་ལག་གི་ཉེས་པའོ།། །།སྣོད་དང་ལྡན་པ་ནི་ཡང་སློབ་མ་སྟེ། དེ་ཉིད་ལས། དགེ་བ་སྒོམ་ལ་དགའ་བ་དང༌། །རྟག་ཏུ་བླ་མ་ལ་གུས་དང༌། །རྒྱུན་དུ་ལྷ་རྣམས་མཆོད་བྱེད་པ། །ཡོན་ཏན་ལྡན་པ་སློབ་མ་ཡིན། །སློབ་དཔོན་ཅི་འདྲར་ལྟ་ཞེ་ན། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང༌། །ཞེས་བྱ་བ་ལ་སོགས་པ་དེ་ཉིད་རྒྱས་པར་ཤེས་པར་བྱའོ། །དེ་བས་ན་སྣོད་མིན་བསྟེན་པ་ནི་ཡན་ལག་གི་ཉེས་པའོ། །རིན་ཆེན་ཅན་ནི་སྨིན་པར་བྱས་པའོ། །འདོད་ཕྱིར་གཞན་ལ་གནོད་པ་སྤང༌། །ཞེས་བཤད་དེ། འདོད་པ་ནི་ཉོན་མོངས་པས་ཀུན་ནས་བསླང་བ་སྟེ། དེས་མི་བཟད་པ་དང༌། ཤ་དང་པགས་པ་དང་རུས་པའི་ཕྱིར་ཡོངས་སུ་སྨིན་པར་བྱས་པས་དེ་དག་སྤྱད་ན་ཡང་ཡན་ལག་གི་ཉེས་པའོ། །མིན་ན་ནི་ལྟུང་བའི་ཕྱོགས་སུ་བསྡུ་བར་བྱའོ། །དེ་ནི་དྲི་མ་ལས་ལྡང་བ་ཡང་དེ་ཉིད་ཀྱི་ཕྱོགས་སུ་བསྡུའོ། །དཀོན་མཆོག་ལ་སོགས་ནོར་ལ་མིན།། ཞེས་བཤད་པ་སྟེ། དཀོན་མཆོག་གསུམ་དང༌། གྲོགས་ཁྱད་པར་ཅན་རྡོ་རྗེ་སྤུན་ལ་སོགས་པའི་དཀོར་ལ་མ་བྱིན་པར་མཐུ་དང་འཇབ་བུས་སྤྱད་ན་ལྟུང་བ་ལ་སོགས་པར་འགྱུར་ཏེ། དེ་ཡང་ཞིང་ཁྱད་པར་ཅན་གྱི་ནོར་བདུན་རི་བ་ཕུལ་ཏེ། དེ་ནས་དཔའ་བོའི་སྟོན་མོ་བྱས་ལ། འདུས་པ་ལ་བཤགས་ཏེ་བསྡམ་པར་བྱའོ། །ཐ་ན་བདུག་སྤོས་ཀྱང་མནམ་པར་མི་བྱའོ་ཞེས་བཤད་པས་སོ། །རིམ་པས་ན་སྨད་པའོ། །ཐ་མལ་པ་དུས་ཤེས་པས་སོ། །སེར་སྣ་ཅན་ལ་མཐུ་ལ་སོགས་པས་ཕྲོགས་ཏེ་དོན་དང་བཅས་པས་སྤྱད་པར་བྱའོ་ཞེས་བཤད་པས་དེའི་ཕྱིར་རིམ་པ་ཤེས་པར་བྱའོ། །གཞན་དོན་སྐད་ཅིག་ཡལ་


DTG053_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདོར། །ཞེས་བྱ་བ་ནི་གོང་དུ་བཤད་ཟིན་ཏོ། །བྱང་ཆུབ་མེད་པར་དགེ་མི་འཇུག །ཅེས་བཤད་པས་ནི། སྨིན་པར་བྱས་པས་ཐ་ན་ལུས་ངག་གི་དགེ་བ་ཕྲ་མོ་གཅིག་ཀྱང་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ཐ་མར་ཡོངས་སུ་བསྔོ་བའོ། །བསྔོ་བ་ཡང་འཁོར་གསུམ་ཡོངས་སུ་དག་བའོ།། དེའི་ཕྱིར་སྒྱུ་མའི་བློ་ཅན་གྱིས་བྱ་བར་གསུངས་ཏེ། འཕགས་པ་དཀོན་མཆོག་འབྱུང་གནས་ལས། བྱང་ཆུབ་སེམས་དཔའ་བློ་གྲོས་རབ་ཏུ་ཞིབ་བྱང་ཆུབ་ཀྱི་ཆེད་དུ་སྤྱོད་པས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པར་བྱ་སྟེ། སྦྱིན་པ་ཡང་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པར་བྱའོ། །ལེན་པ་ཡང་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པར་བྱའོ། །ཡོན་གནས་ཀྱང་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པར་བྱའོ། །བསྔོ་བ་ཡང་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པར་བྱའོ། །གང་ཡང་སྔོ་བར་བྱེད་པ་དེ་ཡང་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པར་བྱའོ། །གང་དུ་སྔོ་བར་བྱེད་པ་དེ་ཡང་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྦྱིན་པ་ནི་སྦྱིན་པའི་ངོ་བོ་ཉིད་ཀྱིས་སྟོང་ངོ༌། །དེ་བཞིན་དུ་ལེན་པ་པོ་དང་ཡོན་གནས་དང་སྦྱིན་པའི་འབྲས་བུ་དང༌། ཡོངས་སུ་བསྔོ་བ་དང༌། གང་བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པ་དང་སྦྱར་བར་བྱ་སྟེ། དེ་ལྟར་ན་སྟོང་པ་ཉིད་ལ་མོས་པ་དེ་ནི་བསམ་པ་ཚད་མེད་པའི་སྒོ་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་འགྱུར་ཏེ། སྦྱིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་ཡང་འཐོབ་སྟེ་ཞེས་བྱ་བ་ལ་སོགས་པས་བཤད་དེ། དེ་ཡང་སྦྱོར་བ་སྒྱུ་མ་ལྟ་བུ་ལ་གནས་ལ། དེའི་དངོས་གཞི་མི་དམིགས་པས་རྣམ་པར་སྟོང་པ་སྟེ་སྒྱུ་མ་ལས་ཀྱང་འདས་པའོ། །རྗེས་ལ་ཐོབ་པའི་ཤེས་པས་སྨོན་ལམ་རྒྱ་ཆེན་པོ་ཚད་གཟུང་དུ་མེད་པར་བསྔོ་བར་བྱའོ་ཞེས་བཤད་པས། དད་པ་མེད་པ་ལ་དངོས་གྲུབ་འབྱུང་བར་མི་འགྱུར། དེའི་ཕྱིར་གཞན་དུ་ཉེས་པར་འགྱུར་རོ། །རྣམ་ཤེས་འཕོ་བ་ནི་རྣལ་འབྱོར་པ་འཆི་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འཆི་བའི་ཚེ་ན་བདེན་པ་གཉིས་ཀྱི་ཚུལ་གྱིས་སྒྱུ་མའི་བློ་དང་ལྡན་པས་ཆགས་སྡང་ལ་སོགས་པ་མེད་པས་དཀྱིལ་འཁོར་གསལ་བར་བྱས་ལ་དྲི་མ་ལས་ལྡང་བ་སྔོན་དུ་འགྲོ་བས། སྲོག་འཕྲོག་པའི་རིམ་པས་དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ཏེ། རང་གི་ཡེ་ཤེས་དང་མི་གཉིས་པར་བྱས་ཏེ། འོད་ཟེར་གྱིས་ཁམས་གསུམ་དག་པར་བྱས་ལ་དཀྱིལ་འཁོར་ལ་བལྟས་ཏེ། ཐབས་དང་ཤེས་


DTG053_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་དབུས་སུ་རང་གི་ཡི་གེར་བསྡུས་ལ། རང་གི་དེ་ཉིད་ཀྱི་ཐུགས་ཀར་འོད་ཟེར་དང་བཅས་པས་འཇུག་པར་བྱའོ། །གཞན་དུ་ན་ཉེས་པ་དང་བཅས་པའོ། །དེ་དག་ཀྱང་ཚོགས་པ་ལ་བཤགས་ཏེ་བསྡམ་པར་བྱའོ། །གཞན་ཡང་ལྟ་བ་དང་སྤྱོད་པ་ངེས་པར་གནས་པ་ལ་ཐེ་ཚོམ་སྐྱེ་བ་དང༌། ཐེག་པ་གསུམ་གྱིས་གདུལ་བྱའི་རིམ་པ་དང་སྦྱར་ནས་མི་འདུལ་བར་གཅིག་ཏུ་སྦྱོར་བ་དང༌། དེ་ཁོ་ན་ཉིད་བཅུ་ལ་མི་གནས་པར་དཀྱིལ་འཁོར་དང་སློབ་མ་སྨིན་པར་བྱེད་པ་དང༌། བདུད་བརྟག་པའི་ཐབས་ལ་མཁས་པར་མི་བྱེད་པ་དང༌། རྩ་བ་དང་ཡན་ལག་གི་སྡོམ་པ་ཞིག་གམ་མ་ཞིག་པ་བསམ་པར་བྱ་བ་དུས་འདས་པ་དང༌། ཕྲ་མོའི་ཉེས་བྱས་ཀྱང་ཁྱད་དུ་བསད་ནས་མ་བཤགས་པར་དུས་འདས་ན་དུག་ཆུང་ཡང་རྨ་ལ་མཆེད་པ་བཞིན་དུ་དུས་འདས་པས་གཞི་དེ་ཉིད་ལས་འཕེལ་བ་ཡང་ཚད་དེ་ཉིད་དུ་འཕེལ་བས། དེ་བས་དེ་དག་ཀྱང་ཡན་ལག་གི་ཉེས་པའོ། །བླ་མའི་བཀའ་དང་བྱ་བ་བྱུང་བ་དང༌། ནབ་དང་བར་ཆད་དང་བཅས་པ་དང༌། དོན་ཆེན་པོ་མཐོང་བ་ལ་ཉེས་པ་མེད་དོ། །དྲི་མ་ལས་ལྡང་བ་ཡང་གོང་དུ་བསྟན་ཏོ། །ལྟུང་བའི་རིགས་དེ་དག་ཀྱང་ཡུལ་དང༌། བསམ་པ་དང༌། རྐྱེན་གྱི་དབང་དང་སྦྱོར་བའི་བྱེ་བྲག་གིས་ལྕི་ཡད་ལ་སོགས་པ་བཞག་སྟེ་ཡུལ་ལས་ནི་ཡུལ་ཉེ་བར་གནས་པ་དང༌། ཞིང་གི་བྱེ་བྲག་གོ །དེས་རྟོགས་ཤིང་ཁོང་དུ་ཆུད་པ་དང༌། སྐྱོ་ཞིང་མི་འདོད་པ་དང༌། བདག་གིས་ཀྱང་ཤེས་པའོ། །དུས་དང་བསམ་པ་ལས་ཆེད་དུ་བསམས་པ་དང༌། རང་བཞིན་དུ་གནས་པའོ། །རྐྱེན་གྱིས་ནི་ནད་དང་འཇིགས་པ་ལ་སོགས་པའི་བར་ཆད་མེད་པ་དང༌། འགྲོ་བ་གཞན་ལ་སོགས་པའི་དགོས་པ་མ་མཐོང་བའོ། །སྦྱོར་བས་ནི་ལུས་ཀྱི་བྱ་བ་དང༌། ངག་གི་སྦྱོར་བའོ། །དེ་དག་གིས་ནི་དངོས་གཞིར་འགྱུར་བའོ། །གཞན་དུ་ཅི་རིགས་པའི་ཉེས་པའོ། །ཉེས་པ་དེ་དག་ཀུན་གྱི་ཐུན་མོང་དུ་དབང་དང་ལྡན་པ་ཀུན་ལ་ཤེས་པར་བྱའོ། །དེ་དག་ལས་དྲི་མ་ལས་ལྡང་བ་ཡང་སྦྱོར་བ་ཆུང་བ་དང༌། དེ་ཉིད་ཀྱིས་ཉེས་པར་འགྱུར་བ་དང༌། རང་ཉིད་ཀྱིས་ལྡང་བར་ནུས་པ་དང༌། རྐྱེན་མཚང་བ་དང༌། དུར་ཁྲོད་ལ་སོགས་པར་ནི་བདག་ཉིད་ཆོ་ག་དང་ལྡན་པས་བྱིན་གྱིས་བརླབས་ཀྱིས་ལྡང་བར་བྱ་སྟེ། དེའི་ཕྱིར་སྨྲས་པ། ཆོ་ག་རྫོགས་པས་རྣམ་པར་སྤྱད། །ཡོན་ཏན་ཕྱོགས་ཀྱིས་རྣམ་པར་འཕེལ། །མིག་གིས་རྣམ་པར་བརྒྱན་བྱས་ལ། །ཐབས་ཆེན་མཚན་གྱི་ཚད་


DTG053_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མཛེས། །དེ་དཀྱིལ་རི་བོང་བརྒྱད་པའི་གཞི། །དང་པོའི་ལྔ་པས་མཛེས་པས་འཛག །ཚེས་ལ་རི་བོང་ཅན་གྱིས་བརྒྱན། །སྒྲ་ཡིག་དེ་ཉིད་ཐིག་ལེས་མཛེས། །བཅུ་དྲུག་ཕྱེད་པ་བརྒྱད་ཀྱི་འོག །དབང་པོའི་ཕྱོགས་ཀྱིས་རྣམ་པར་འཕེལ། །རིག་བྱེད་ལྔ་པས་ཐབས་ཀྱིས་མཛེས། །ཡང་ན་སྟེང་འོག་དབང་པོ་ཡིན། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་དབྲི། །ཐིག་ལེ་ལས་ཀྱང་རྣམ་པར་འདས། །ཐིག་ལེ་རྣམ་པར་རྫོགས་པར་ལྡན། །སྒྲ་ཡིག་དང་པོ་ཡོན་ཏན་ལྡན། །སྲོག་དང་རྩོལ་བ་རྣམས་བསྡམས་ནས། །རིམ་བཞིན་ཙཎྜ་ལཱི་འབར་བས། །མཁས་པས་རིམ་བཞིན་རྣམ་པར་སྤྱང༌། །ཞེས་བྱ་བ་འདི་དག་གིས་ཀྱང་དྲི་མ་ལས་ལྡང་བར་བཤད་པའོ། །ད་ནི་ལྟུང་བ་ལ་སོགས་པ་ཐམས་ཅད་ཀྱང་ཆུ་ཚོད་ནས་བརྩིས་ནས་རིམ་པས་དྲི་མ་ལས་ལྡང་ངོ༌། །གཞན་དུ་ན་ཡན་ལག་གི་ཉེས་པས་སྡུག་བསྔལ་འཐོབ་པོ་ཞེས་པའོ། །ཡན་ལག་གི་ཉེས་པའི་རྣམ་པར་བཤད་པའོ།། །།དེ་ནས་དེའི་འབྲས་བུའི་ཐབས་དང་ཤེས་རབ་ཀྱི་རྒྱུད་མང་པོ་ནས་འབྱུང་བ་བཤད་པར་བྱ་སྟེ། དེའི་ཕྱིར། དང་ལྡན་ཐེ་ཚོམ་དམན་མི་མོས། །ཚུལ་བཞིན་ཆོ་ག་ལྡན་པ་ནི། །མངོན་སུམ་རྡོ་རྗེ་སེམས་དཔའ་སྟེ། །མཆོག་དང་ཐུན་མོང་རྒྱས་པར་འགྱུར། །ཞེས་བཤད་པ་སྟེ། དད་ལྡན་ཞེས་པས་དད་པ་དང་ལྡན་པ་དངོས་གྲུབ་ཀྱི་སྣོད་དུ་བཞག་པས་ཀུན་གྱི་ཐུན་མོང་མ་ཡིན་པའི་ཕྱིར་རོ། །དད་པ་མེད་པ་ལ་དངོས་གྲུབ་འབྱུང་བར་མི་འགྱུར་ཏེ། དེའི་ཕྱིར་དད་པ་དང་ལྡན་པའི་གང་ཟག་ལ་རང་བཞིན་གྱིས་དངོས་གྲུབ་འགྲུབ། ཇི་ལྟར་དང་བའི་སྣོད་དུ་ཡང༌། །རྟོག་མེད་ཟླ་བའི་གཟུགས་བརྙན་འཆར། །དད་པ་དཀར་པོའི་གཞི་རྟེན་ཡིན། །དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ལོ་ཏོག་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་མི་འབྱུང་བཞིན།། ཞེས་བཤད་པས་སྙིང་རྗེ་དང་ཤེས་རབ་དང་བརྩོན་འགྲུས་ཀྱིས་གྲོགས་བྱས་པའི་གཞན་གྱི་དོན་གཉེར་བར་འདོད་པའི་རྣལ་འབྱོར་པས་བསྟེན་པར་བྱའོ་ཞེས་བཤད་པར་བྱའོ། །ཐེ་ཚོམ་ཡོད་པ་ནི་ཡིད་གཉིས་ཟ་བའོ། །དེ་ཡང་ཐབས་ཤེས་རབ་ཀྱི་རྒྱུད་མང་པོ་ལས་གྲུབ་པའི་མཐའ་


DTG053_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་སུ་བརྟགས་པ་འདི་དག་འགལ་བ་མི་སྲིད་པས་དོན་དང་བཅས་པ་དང་དོན་མེད་པར་འགྱུར་རོ་ཞེས་རྟོག་པ་དེ་དག་ཀྱང༌། དོན་དེ་དག་ཁོང་དུ་ཆུད་པ་སྟེ། ཐབས་དང་ཤེས་རབ་ཀྱི་རྒྱུད་དེ་དག་ཇི་ལྟར་དཔག་བསམ་གྱི་ཤིང་དང་འདྲ་བས། ངེས་ཀྱང་སྐྱེས་བུ་མང་པོའི་འདོད་པ་ཆ་ཤས་ཀྱི་བྱེ་བྲག་གིས་ཀྱང་བསྒྲུབ་པར་ནུས་ཏེ། དངོས་པོ་མཐའ་དག་གིས་གྲུབ་པ་ནི་མ་ཡིན་ནོ། །སྤྲོས་པ་བྲལ་བ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ལ་རྟོག་པ་མེད་པའི་ཚུལ་དུ་གུས་པ་དང་བཅས་པའི་གྲུབ་པའི་མཐའ་དེ་དག་ཀུན་གྱི་རྟོག་པ་མེད་པའི་ཚུལ་དུ་འགལ་བར་ག་ལ་འགྱུར། དེའི་ཕྱིར་རྟགས་ཀྱི་ཆའི་ནུས་པར་བྱིན་གྱིས་བརླབས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་རེ་རེ་ལ་འཇུག་པས་སླུ་བ་མེད་པའི་དོན་དང་ཡང་ཕྲད་པར་འགྱུར་རོ། །དེའི་ཕྱིར་བཤད་པའི་རྒྱུད་ཆེན་པོ་ལས། ནམ་མཁའི་སྙིང་པོ་ཁྱོད་ཉོན་ཅིག །གཉིས་མེད་ཡེ་ཤེས་དོན་ལྡན་པའི། །ང་དང་འདྲ་བའི་རྒྱུད་ཀུན་ལ། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང༌། །བུམ་པ་བཟང་པོ་འདྲ་བར་ནི། །གུས་པས་ཚུལ་བཞིན་གནས་པ་ལ། །གཅིག་ཀྱང་ཐབས་ཀྱི་བྱེ་བྲག་གིས། །ནུས་པ་བསམ་གྱིས་མི་ཁྱབ་སྟེ། །དེ་ལྟ་དེ་ལྟར་དེ་བཞིན་བསྒྲུབ། །ཆོ་ག་ཉམས་པས་འགྲུབ་པའང་མིན། །ཞེས་བཤད་པ་འདི་ནི་ཚུལ་དེ་དག་ལས་ཐ་དད་པའི་སྒོ་ནས་འབྲས་བུ་དང་ལྡན་པ་ཡང་མངོན་སུམ་དུ་འགྲུབ་པའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ། ལྷ་དང་དྲང་སྲོང་བདེན་པའི་ངག །གང་ལ་སྦྱོར་བའི་ནུས་པ་ཡང༌། །སླུ་བར་བྱེད་པ་མ་མཐོང་ན། །ཡེ་ཤེས་ཆགས་པ་མི་མངའ་བའི། །སྨོན་ལམ་སྙིང་རྗེས་གཞན་དོན་འཇུག །ཐམས་ཅད་མཁྱེན་པས་སྨོས་ཅི་དགོས། །ཞེས་བཤད་པས་དེ་ལ་བརྟག་པར་མི་བྱའོ། །འོན་ཀྱང་སྐྱེས་བུ་དམ་པ་ཉེ་བར་བརྟེན་པ་དང་བྲལ་བས་འདོད་པ་དང་བྲལ་བར་འདོད་པ་དང༌། ཕྲག་དོག་དང༌། ང་རྒྱལ་གྱིས་ནོན་པས་ཞུགས་པ་རྣམས་ནི་རྟགས་འཁྲུལ་པས་དོན་དང་ཕྲད་པར་བྱེད་པ་མ་ཡིན་ནོ། །དེའི་ཕྱིར། སློབ་དཔོན་ལས་ནི་དངོས་གྲུབ་འཐོབ། །ཅེས་བྱ་བ་ལ་སོགས་པས་རྒྱ་ཆེར་བཤད་དོ། །གཞན་ཡང་དེ་ལྟ་བུའི་དབང་དུ་མཛད་ནས། ལུང་མ་རྟོགས་པར་རྟོག་གེ་ཡི། །ཆོས་རྣམས་རྣམ་པར་གནས་མ་ཡིན། །དྲང་སྲོང་རྣམས་


DTG053_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཤེས་པ་ཡང༌། །དེ་ཡང་ལུང་ནི་སྔོན་དུ་བཏང༌། །ལོང་བའི་རྐང་པས་ཚོད་དཔག་ཤིང༌། །ཉམ་ངའི་གཡང་སར་རྒྱུག་བྱེད་པ། །རྗེས་སུ་དཔག་ལ་གཙོར་འཛིན་པ། །རྣམ་པར་ལྟུང་བར་དཀའ་མ་ཡིན། །ཞེས་བཤད་པས་དེ་ནི་འགལ་བར་འགྱུར་རོ། །དམན་པ་ལ་མི་མོས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སྨོད་པ་དང་བྲལ་བའོ། །གཞན་ཡང་སྐྱེས་བུ་ཚེ་འདི་འབྲས་བུ་འདོད་པ་ལ་ཕྱི་མའི་ཚེ་ལ་འབྱུང་བར་མི་འགྱུར་རོ། །སྐྱེས་བུ་ཕྱི་མ་ལ་འདོད་པ་འདི་ལ་ཡང་རྒྱས་པར་འགྱུར་རོ། །མཆོག་འདོད་པ་ལ་ཐུན་མོང་ཡང་རྒྱས་པར་འགྱུར་རོ། །ཐུན་མོང་ལ་མོས་པ་ལ་མཆོག་དང་དེ་ཉིད་ཀྱང་ཐོབ་པར་མི་འགྱུར་རོ། །དངོས་གྲུབ་རབ་དང་འབྲིང་དང་ཧ་མ་ཡང་རིམ་པས་ཐོབ་པར་འགྱུར་རོ། །དེའི་ཕྱིར། དྲུག་ཅུ་པ་ཡི་སྩོལ་པ་ཡིས། །སཱ་ལུའི་འབྲས་དང་ཕྲད་མ་ཡིན། །དམན་ལ་མོས་པའི་སྦྱོར་བ་ཡིས། །མཆོག་རྣམས་ཐོབ་པར་ག་ལ་འགྱུར། །ཞེས་བཤད་པས་སོ། །ཚུལ་བཞིན་ཆོ་ག་ལྡན་པ་ནི། །ཞེས་བཤད་པ་ཡང་ཚུལ་བཞིན་ཆོ་ག་ལྡན་པ་ནི་ཐབས་དང་ཤེས་རབ་ཀྱི་རྒྱུད་ལས་གང་ཡང་རུང་བའི་གྲུབ་པའི་མཐའི་ཆོ་ག་དང་ལྡན་པའོ། །དེའི་ཕྱིར་རྒྱུད་མང་བ་དང་གྲུབ་པའི་མཐའི་ཚུལ་ཐམས་ཅད་དུ་བདག་གིས་བཤད་པ་སྟེ། ཀུན་གྱི་ཐུན་མོང་མ་ཡིན་པའི་ཕྱིར་རོ། །དེ་བས་ན་དགོངས་པའི་དོན་ལ་མཁས་པས་བརྟག་པར་མི་བྱའོ། །མངོན་སུམ་རྡོ་རྗེ་སེམས་དཔའ་དེ་ནི་དམ་ཚིག་དང་ལྡན་པ་དང༌། སྤྱོད་པ་ལ་གནས་པ་རྐྱེན་གཞན་གྱིས་འགལ་བར་མི་འགྱུར་བའི་ཕྱིར་རོ། །མཆོག་དང་ཐུན་མོང་རྒྱས་པར་འགྱུར་ཞེས་བཤད་པས་འབྲས་བུ་རྒྱས་པར་བསྟན་ཏེ། ཐུན་མོང་བརྒྱད་ལ་སོགས་པ་དང་རྡོ་རྗེ་འཛིན་པའི་ས་ཐོབ་པའོ། །དེའི་ཕྱིར་བཤད་པ། རྟོག་པ་ཐམས་ཅད་ཤེས་རབ་ཏུ་ཤེས་པས། །དངོས་པོ་སྒྱུ་འདྲ་བསྡམ་བྱ་སྡོམ་བྱེད་མེད། །རང་བཞིན་གནས་དང་གཞན་གྱི་ནུས་པ་བསྐྱེད། །ངོ་བོ་ཉིད་དང་བསྡམ་བྱ་སྡོམ་བྱེད་དང༌། །རྩ་བ་ཡན་ལག་དེ་བཞིན་ཡན་ལག་གོ །རྡོ་རྗེ་སེམས་སོགས་བདེ་གཤེགས་མ་ལུས་ཀྱང༌། །དེ་ལ་འདའ་བར་སྤྱོད་པ་མ་ཡིན་ན། །མི་འདོད་དངོས་པོ་ཐམས་ཅད་སྲེག་པར་བྱེད། །སྡུག་བསྔལ་སྣ་ཚོགས་རྣམས་ཀྱི་གཞི་རྩ་སྟེ། །བདེ་གཤེགས་ཀུན་གྱིས་བུ་བཞིན་རབ་དགོངས་ནས། །སྐུ་གསུམ་ཡེ་ཤེས་ཆུ་ཡི་ཟླ་བ་བཞིན། །ནད་མེད་ནོར་དང་རྐང་འགྲོ་མང་པོ་འཕེལ། །འབད་པ་མེད་པར་


DTG053_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་འགྲུབ་པར་འགྱུར། །རྒྱལ་པོ་ལ་སོགས་གསོང་པོར་སྨྲ་བྱེད་ཅིང༌། །སྐྱེ་བོ་མང་པོས་རྟག་ཏུ་བཀུར་བར་འགྱུར། །འཁོར་དང་ལོངས་སྤྱོད་མང་པོས་རྣམ་པར་མཛས། །རིམས་དང་གདོན་ལ་སོགས་པའི་གནོད་པ་རྣམས། །བླ་མ་མཁའ་འགྲོ་དམ་ཚིག་རྗེས་དྲན་པས། །དེ་དག་ལས་ཀྱང་མྱུར་དུ་ཐར་བར་འགྱུར། །རིན་ཐང་མེད་པའི་རིན་ཆེན་རྣམས་ཀྱང་འཐོབ། །གདོན་དང་མཁའ་འགྲོ་རྣམས་ཀྱིས་འབར་བར་མཐོང༌། །རྡོ་རྗེ་འཆང་བ་མང་པོས་རྗེས་སུ་འབྲང༌། །བྱང་ཆུབ་སེམས་དཔའ་མང་པོས་སྦུན་བཞིན་དགོངས། །སྔགས་དང་ཞིང་ལས་སྐྱེས་པའི་མཁའ་འགྲོས་ཀྱང༌། །རྒྱང་ནས་གཟིགས་ཤིང་དངོས་གྲུབ་སྟེར་བར་བྱེད། །འཇིག་རྟེན་སྐྱོང་བ་རྣམས་ཀྱིས་རྟག་ཏུ་སྐྱོག །གདུག་པ་ཅན་རྣམས་མཐོང་ནས་དགའ་བར་བྱེད། །འབད་པ་མེད་པར་གསུངས་པའི་ལས་རྣམས་འགྲུབ། །བསྐལ་པ་མང་པོར་སྡོམ་ལ་གནས་པ་བས། །སྐད་ཅིག་གནས་པས་འབྲས་བུ་རྫོགས་པར་བྱེད། །ལྡོག་པ་མེད་པའི་བྱང་ཆུབ་སེམས་བཟུང་ནས། །ཐབས་ཀྱིས་བསོད་ནམས་ཚོགས་ནི་རབ་རྫོགས་བྱེད། །བདེ་བའི་ངག་ཅན་དེ་ནི་ལུང་བསྟན་ཏེ། །བརྟགས་པ་རྣམས་ལོག་བདེན་པའི་དོན་མཐོང་ནས། །ས་ནས་སར་འཕར་མི་མཐུན་ཕྱོགས་སྤངས་ཏེ། །སྒྱུ་མ་ལྟ་བུས་རྟོག་མེད་མཉམ་པར་གནས། །ཁ་སྦྱོར་བདེ་ཆེན་མཚན་གྱིས་རྣམ་བརྒྱན་པ། །སྟོབས་དང་མི་འཇིགས་ཕྱོགས་ཀྱི་ཆོས་རྣམས་དང༌། །ཕ་རོལ་ཕྱིན་པས་ས་དང་དབང་ལ་སོགས། །དག་པའི་ཞིང་དུ་རྟག་པར་ཚོགས་ཆེན་བསྐོར། །འདུལ་བའི་དོན་དུ་སྣང་བ་འགག་པ་མེད། །ལེགས་པར་མཚན་པའི་རྒྱན་གྱིས་གར་ཡང་གནས། །དུས་ལས་ཡོལ་མེད་དང་བའི་ཆུ་ཟླ་བཞིན། །འབད་རྩོལ་རྟོག་མེད་ཡིད་བཞིན་ནོར་བུ་ལྟར། །སྨོན་ལམ་གྲུབ་པས་ཐུགས་རྗེ་འགག་པ་མིན། །ལོངས་སྤྱོད་ཆེན་པོས་མཉམ་པ་ཉིད་ལ་གནས། །འདོད་པའི་ཡོན་ཏན་གྲུབ་པས་འགག་པ་མེད། །སྡོམ་ལྡན་རྣམས་ལ་མངོན་སུམ་གནས་ཞེས་བཤད། །ཅེས་བཤད་པ་ཡང་ཐབས་དང་ཤེས་རབ་ཀྱི་རྒྱུད་མང་པོ་ལས་འབྲས་བུ་མང་དུ་བཤད་པས་བདག་གིས་མདོར་བསྡུས་ཏེ་བཤད་པའོ། །བསྐལ་པ་མང་པོར་ཚོགས་བསགས་ནས། །རིན་ཆེན་སྣོད་དུ་བདུད་རྩི་འཛག །རྟག་ཏུ་བརྩོན་པར་མི་བྱེད་པར། །ཅི་ཕྱིར་འདོད་པའི་


DTG053_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

དུག་གིས་མྱོས། །ཞེས་བཤད་པས་ཀྱང་དོན་དེ་ཉིད་གྲུབ་པར་བསྟན་ཏེ། བསྐལ་པ་མང་པོ་ནས་རྒྱུད་ཤིན་ཏུ་སྦྱངས་པ་དང༌། ཚོགས་བསགས་པ་དང༌། སྨོན་ལམ་ལས་གྲུབ་པས་རིན་པོ་ཆེའི་སྣོད་ལྟ་བུར་གྱུར་པའི་ནང་དུ་བདུད་རྩི་འཐུང་བར་མི་བྱེད་པའི་འདོད་པའི་ཐག་པས་བཅིངས་ནས། ཉོན་མོངས་པའི་དུག་གིས་མྱོས་པར་བྱེད་ཅེས་བཤད་དོ། །དེའི་ཕྱིར་ལམ་འདི་ལྟ་བུ་ནི་ཤིན་ཏུ་ཐོབ་པར་དཀའ་པའི་ལམ་ནི་རྟག་པར་བསྟེན་པར་བྱ་བ་དང༌། ཐེག་པ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་རྣམས་ཀྱང་ཕྱིར་མི་ལྡོག་པར་བཤད་དོ། །དེ་ཉིད་ཀྱང་ཐོབ་པར་དཀའ་བ་ཡང། སངས་རྒྱས་རྣམས་ལ་བཀུར་སྟི་བྱས། །དེ་ལས་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱིས་མགོན་བྱས་པ། །འདི་མཉན་པ་ཡི་སྣོད་ཡིན་ནོ། །ཞེས་བཤད་དོ། །དེ་བས་ན་གུས་པ་དང་བཅས་པས་ཐོབ་པར་དཀའ་བའི་ལམ་འདི་རྟག་པར་བསྟན་པར་བྱའོ། །ཐབས་དང་ཤེས་རབ་ཀྱི་རྒྱུད་མང་པོ་ལས་འབྱུང་བའི་སྡོམ་པའི་འབྲས་བུ་རྣམ་པར་བཤད་པ་མདོར་བསྡུས་པའོ།། །།དེ་བས་ན་རྩོད་པའི་དུས་ཀྱི་གང་ཟག་ཉོན་མོངས་པས་རྒྱུད་འཁྲུགས་པ་སྡོམ་པ་དང་དམ་ཚིག་ལ་གནས་པ་དཀའ་བ་སྟེ། དེའི་དུས་སུ་སྡོམ་པ་དང་དམ་ཚིག་ལ་གནས་ཏེ་མཉམ་པར་བཞག་ནས་སྐད་ཅིག་ཙམ་བསྒོམས་པས་ཀྱང་དུས་གཞན་དུ་བསྐལ་པར་གནས་པ་བས་དོན་ཆེན་པོར་འགྱུར་ཞེས་བཤད་དོ། །དེ་ཡང་རྩོད་པའི་དུས་ཀྱི་གང་ཟག་གི་མཚན་ཉིད་བཅོམ་ལྡན་འདས་ཀྱིས་དམ་པ་དང་པོའི་རྒྱུད་ལས་བཀའ་སྩལ་ཏེ། རྩོད་པའི་དུས་ཀྱི་འཛམ་བུ་གླིང་གི་མི་རྣམས་ནི་ལྷག་པར་ཡང་སྡིག་པའི་ལས་ལ་གཞོལ་ཞིང༌། ཚེ་ཐུང་ཞིང་ཤེས་རབ་ཞེན་ཏེ། རྡོ་རྗེ་སློབ་དཔོན་གང་ཡིན་པ་དག་ཀྱང་དགེ་བའི་རྩ་བ་ལ་ལོག་པར་གཞོལ་བ་དང༌། དགེ་སློང་རྣམས་ཀྱང་མི་དགེ་བ་བཅུ་བྱེད་པ་ལ་གཞོལ་བ་དང༌། ཁྱིམ་པ་རྣམས་ཀྱང་དཀོན་མཆོག་གསུམ་གྱི་ཡོ་བྱད་ལ་ལོངས་སྤྱོད་པར་འགྱུར་བ་དང༌། མཁས་པ་རྣམས་ཀྱང་མ་ཐོས་པའི་རྒྱུད་འཆད་ཅིང་མངོན་པའི་ང་རྒྱལ་གྱིས་རྒྱུད་ཀྱི་འགྲེལ་པ་བྱས་ནས། དོན་ཕྱིན་ཅི་ལོག་ཏུ་བསྟན་པས་དམྱལ་བར་གཞོལ་བར་འགྱུར་བ་དང༌། གྲོང་མི་རྨོངས་པ་


DTG053_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་ལོག་པར་དད་པས་ཐམས་ཅད་མཁྱེན་པའི་རྒྱལ་མཚན་རྣམས་སུན་ཕྱུང་ནས། ཁྱིམ་པ་ལ་བསྙེན་བཀུར་བྱེད་པར་འགྱུར་བ་དང༌། སློབ་མ་རྣམས་ཀྱང་ཞེ་སྡང་གི་བློས་སློབ་དཔོན་གྱི་སྐྱོན་རྟོག་པ་དང༌། ལོངས་སྤྱོད་ལ་ཆགས་ནས་སློབ་དཔོན་དམ་པ་མ་ཡིན་པ་ལ་ཡང་བསྟོད་ཅིང་མཆོད་པར་འགྱུར་ལ། བླ་མའི་བསྙེན་བཀུར་སངས་རྒྱས་ཀྱིས་གསུངས་པ་རྣམས་ནི་བྱེད་པར་མི་འགྱུར་ཞིང༌། འཆད་པ་པོ་རྣམས་ནི་མི་དགེ་བ་བཅུ་ལ་འཇུག་པར་འགྱུར་ཞིང༌། སྒྲུབ་པ་པོ་རྣམས་ཀྱང་བཟའ་བཏུང་ལ་ཆགས་པར་བྱེད་པ་དང༌། བུད་མེད་རྣམས་ཀྱང་འདོད་པ་ལ་ཤིན་ཏུ་ཆགས་སོ་ཞེས་གསུངས་སོ། །གཞན་ཡང་མངོན་པའི་བསྟན་བཅོས་ལས་བསྟན་པ་ནི་སྲོལ་གོང་མ་བཞིན་ཞེས་བཤད་དོ། །དེའི་ཕྱིར་རྣལ་འབྱོར་པས་འབད་པར་བྱའོ་ཞེས་རྗེས་སུ་གདམས་པའོ། །སྣ་ཚོགས་རྒྱུད་དང་ཐེག་ཆེན་མདོ། །དམ་པ་ཀུན་གྱི་དགོངས་པ་དང། །གཞན་སོགས་གཞུང་ལུགས་མང་པོ་ལས། །ཞལ་དང་འདྲ་བའི་བཤད་པ་འདི། །རྒྱ་ཆེར་འགྲེལ་པའི་དྲི་མ་མེད། །ལམ་གྱི་སྒྲོན་མ་ཞེས་བྱ་བའི། །བླ་མ་བརྒྱུད་དང་ལྷན་ཅིག་སྐྱེས། །དད་དང་སྙིང་རྗེ་གཙོར་བྱས་པས། །སྣ་ཚོགས་རྒྱུད་དང་སློབ་དཔོན་གྱི། །དགོངས་པ་སྣ་ཚོགས་བརྟགས་པ་ལས། །ངལ་ལས་དགེ་བ་གང་ཐོབ་དེས། །འདས་སོགས་བླ་མ་རྡོ་རྗེ་སྤུན། །དམ་ཚིག་མ་ལུས་ཉམས་པ་གང༌། །བླ་མ་འཇམ་བཅས་མདུན་བྱས་ཏེ། །བདག་སོགས་དམ་ཚིག་དག་གྱུར་ཅིག །ཐམས་ཅད་དངོས་གྲུབ་སྣོད་གྱུར་ལ། །ཐུན་མོང་མཆོག་གིས་རྣམ་བརྒྱན་ཏེ། །འགྲོ་ཀུན་རྡོ་རྗེ་འཛིན་གྱུར་ཅིག །རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་འགྲེལ་པ་ལམ་གྱི་སྒྲོན་མ་ཞེས་བྱ་བ་དེ་ལ་ཕན་པར་བྱེད་པའི་ཡན་ལག་དང་བཅས་པ་སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པ་རྫོགས་སོ།། །།མྱང་རོ་སྟག་ཚལ་དུ་དཱི་པཾ་ཀ་ར་བོད་དུ་བྱོན་ཙམ་ན་བསྒྱུར། པུ་རི་ཤའི་གྲོང་ཁྱེར་དུ་ཨཱ་ཙཱཪྻ་ཨུ་པ་དྷ་ཤྲཱི་བཛྲ་ཤཱི་ལ་དང༌། ལོ་ཙཱ་བ་དགེ་སློང་བརྩོན་འགྲུས་སེང་གེས་ལེགས་པར་མནོས་ཏེ་གུས་པར་བསྒྱུར་བའོ།། །།བལ་པོའི་ཁྱིམ་དུ་དུ་མའི་ལོ། །རིན་ཆེན་གྲགས་པ་བདག་གིས་འོངས། །འགྲེལ་དཔེ་རྙིང་པ་ལ་ཡང་གཏུགས། །ཤིན་ཏུ་ཡང་ནི་དག་པར་བགྱིས།། །།


previousརྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་བཤད་པ། འཇམ་དཔལ་གྲགས་པ།next