Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ང་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ས་དང་ཤིང་དང་རྡོའི་ཆོ་ག། 
   
   


 
previousས་དང་ཤིང་དང་རྡོའི་ཆོ་ག། next

ས་དང་ཤིང་དང་རྡོའི་ཆོ་ག།


DTG053_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

༈ ས་དང་ཤིང་དང་རྡོའི་ཆོ་ག་བཞུགས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ལྷ་ཡི་རྣལ་འབྱོར་དང་ལྡན་པས། །ས་གཞི་མཆོད་པ་མཆོག་བསྒྲུབས་ཏེ། །ལྷ་ལས་ལྡང་བར་བྱས་ནས་ནི། །དེ་ནས་ས་གཞི་སྦྱར་བར་བྱ། །དེ་ལ་སློབ་དཔོན་གྱིས་རང་གི་འདོད་པའི་ལྷའི་རྣལ་འབྱོར་བྱས་ཏེ་མཚན་མོའི་དུས་སུ་གཞོན་ནུ་མ་གཅིག་གདོང་ཤར་དུ་ཕྱོགས་པ་ལ་མཆོད་པ་བྱས་ཏེ་བསྟོད་ནས། ཀྱེ་བཅོམ་ལྡན་འདས་མ་དགེ་བ་དང་མི་དགེ་བ་སྨྲོས་ཤིག་ཅེས་བརྗོད་དེ། ཨ། ཀ །པ། ཏ། ཙ། ས། ཧ། བ། ཛ་རྣམས་ཚིག་གི་ཐོག་མར་བྱུང་བའི་དེའི་བརྗོད་པ་མ་འཁྲུལ་པར་རྗེས་སུ་དཔག་པར་བྱའོ། །དེ་མིག་དགུ་པའི་ས་རྣམས་ལ་དེར་གལ་ཏེ་བྱང་དུ་ཨ་ཡི་ག་ཐོག་མར་གྱུར་པ་དེའི་ཚེ་ངེས་པར་ཤར་གྱི་ཕྱོགས་སུ་རྐང་པས་ལྷག་པའི་ཁྲུ་གང་གི་འོག་ན་སྲོག་ཆགས་གཉིས་ཀྱི་ཟུག་རྡུའོ། །དེ་མ་ཕྱུང་ན་རིགས་རྒྱུད་དང་རང་གི་ཆུང་མ་འཆི་བ་དང་མེའི་འཇིགས་པའི་སྐྱོན་འབྱུང་ངོ༌། །ཀ་དང་པོར་བརྗོད་ན་བྱང་དུ་མེའི་ཟུག་རྔུ་སྟེ་རྒྱལ་རིགས་ཀྱི་རུས་པ་རྐང་པ་གཉིས་ཀྱིས་ལྷག་པའི་ཁྲུ་གང་གི་འོག་ན་ཡོད་དོ། །དེ་གལ་ཏེ་མ་ཕྱུང་ན་དེའི་ཚེ་ནད་སྣ་ཚོགས་དང༌། མེའི་འཇིགས་པ་དང་དོན་ཉམས་པ་རྒྱལ་པོས་གཟིར་བ་རབ་ཏུ་འབྱུང་བར་འགྱུར་རོ། །པ་དང་པོར་བརྗོད་ན་བྱང་དང་ལྷོའི་ཕྱོགས་སུ་རྐང་པས་དམན་པའི་ཁྲུ་གཉིས་ཀྱི་འོག་ན་རྗེའུ་རིགས་ཀྱི་རུས་པའི་དུམ་


DTG053_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བུའོ། །དེ་མ་ཕྱུང་ན་ཕྱི་དང་ནང་དུ་ཚ་གདུང་དང་དོན་ཉམས་པར་འགྱུར་རོ། །ཏ་དང་པོ་དང་ཕྱི་མར་བརྗོད་ན་སྲིན་པོའི་ཕྱོགས་ན་དམངས་རིགས་ཀྱི་རུས་པའི་དུམ་བུ་མཐོ་གཉིས་ཀྱི་འོག་ནའོ། །དེ་གལ་ཏེ་མ་ཕྱུང་ན་དའི་ཚེ་ནད་སྣ་ཚོགས་ཀྱིས་གཟིར་བ་དང་མེའི་འཇིགས་པ་དང་ཁྱིམ་གྱི་བདག་པོ་འཆིའོ། །ཙ་དང་པོར་བརྗོད་ན་ཆུའི་ཕྱོགས་སུ་བྲམ་ཟེའི་རུས་པའི་ཟུག་རྡུ་རྐང་པས་ལྷག་པའི་ཁྲུ་གཉིས་ཀྱི་འོག་ནའོ། །དེ་མ་ཕྱུང་ན་ཁྱིམ་མེས་འཇིག་པར་འགྱུར་རོ། །ས་དང་པོ་དང་ཕྱི་མར་ཡོད་ན་རླུང་གི་ཕྱོགས་སུ་སའི་བདག་པོའི་རྒྱུད་ཀྱི་རུས་པའི་ཟུག་རྡུ་འབྱུང་སྟེ་ཕྱེད་དང་བཅས་པའི་མཐོ་གཉིས་ཀྱི་འོག་ནས་སོ། །དེ་མ་ཕྱུང་ན་མཛའ་བ་ཡུན་ཐུང་བ་ཉིད་དང་མྱ་ངན་དུ་འགྱུར་རོ། །ཧ་དང་པོར་བརྗོད་ན་བྱང་གི་ཕྱོགས་སུ་རྐང་པ་གསུམ་གྱིས་ལྷག་པའི་ཁྲུ་གཉིས་ཀྱི་འོག་ན་རྗེའུ་རིགས་ཀྱི་སྐྱེ་བོའི་རུས་པའི་ཟུག་རྡུ་སྟེ་འདིས་ནི་སྐྱེས་པ་དང་བུད་མེད་རྣམས་ཚེ་ཐུང་བ་ཉིད་དུ་འགྱུར་རོ། །བ་ཡིག་དང་པོ་དང་ཕྱི་མར་ཡོད་ན་དབང་ལྡན་དུ་མཐོ་གསུམ་ན་དམངས་རིགས་ཀྱི་རུས་པའོ། །ཡང་ན་བྱི་ལའི་རུས་པ་དང་ལྕགས་དང་སོལ་བ་ཡོད་དོ། །དེ་མ་ཕྱུང་བར་བཞག་ན་རྒྱུད་ཀྱི་ནོར་ཉམས་པར་འགྱུར་རོ། །ཛ་དང་པོ་དང་ཕྱི་མར་བརྗོད་ན་དེའི་དབུས་ན་བྲམ་ཟེའི་རུས་པའི་ཟུར་རྡུ་སྟེ་དེ་མ་ཕྱུང་ན་རྒྱལ་པོའི་ཆད་པས་གཟིར་བ་དང་ནོར་ཟད་པའི་སྐྱོན་འབྱུང་བར་འགྱུར་རོ། །དེའི་ཕྱིར་ཐམས་ཅད་དུ་ཉེས་པ་དུ་མ་འབྱུང་བའི་ཕྱིར་ཟུག་རྡུ་རྣམས་དབྱུང་བར་བྱའོ། །དེ་ནས་གཞོན་ནུ་མ་མཆོད་དེ་མདུན་དུ་ཡུངས་ཀར་དཀར་པོ་དང་ནིམ་པའི་ལོ་མ་ལ་སོགས་པ་གཡས་པའི་ཁུ་ཚུར་གྱིས་གཡས་སུ་བསྐོར་ཞིང་གཡོན་པའི་ཁུ་ཚུར་གྱིས་གཡོན་དུ་བསྐོར་ནས་མེ་ལ་ལན་གསུམ་དུ་དོར་བར་བྱའོ། །སྔགས་ནི་འདི་ཡིན་ཏེ། ཨོཾ་སརྦ་པཱ་པ་ད་ཧ་ན་བཛྲ་སརྦ་པཱ་བཾ་ད་ཧ་སྭཱ་ཧཱ། དེ་ནས་ཨརྐའི་རས་བལ་གྱིས་མར་མེའི་སྡོང་བུ་བྱས་ཏེ། ཏིལ་ནག་པོའི་སྣུམ་གྱིས་མར་མེ་སྤར་ཏེ་ཟུག་རྡུ་བརྟག་པར་བྱའོ། །དེ་ལ་ཕྱོགས་གང་དུ་མར་མེའི་རྩེ་མོ་རྒྱུག་པ་དེར་ངེས་པར་ཟུག་རྡུ་ཡོད་དོ་ཞེས་རྟོགས་པར་བྱའོ། །གང་དུ་མར་མེ་རྡུལ་གྱིས་བསྐོར་བ་དེར་ཟུག་རྡུར་འགྱུར་རོ། །དེ་ནས་གཏོར་མ་དང་མཆོད་


DTG053_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པ་བྱས་ནས་མེ་ཏོག་དང་བཅས་པའི་འབྲས་ཡོས་ས་ལ་གཏོར་བར་བྱའོ།། །།ཤིང་གི་ལས་ཞེས་གསུངས་པ་དེ་བརྗོད་པར་བྱའོ། །ནགས་ཀྱི་འཁྲུལ་འཁོར་དེ་འདྲེན་པ། །མཁས་པས་ཡང་དག་བླངས་ནས་ནི། །ཤིང་གི་མགོ་བོར་ལེགས་བཞག་སྟེ། །བདུད་རྩིའི་མེ་ལ་སྦྱིན་སྲེག་བྱ། །དེ་ལ་ཚེས་དང་གཟའ་དང་རྒྱུ་སྐར་བཟད་པོ་ལ་མཆོད་རྟེན་བཞེངས་པ་དང་གཙུག་ལག་ཁང་ལ་སོགས་པའི་མཆོད་སྡོད་དང༌། སྒོ་དང༌། ཀ་བ་ལ་སོགས་པ་ཤིང་གི་རྩེ་མོའི་མཐར་ཐུག་པ་རྣམས་ཀྱི་ཆུ་དང་ཞེང་དག་ཕྱ་མཁན་དང་ཐིག་སྐུད་འཛིན་པ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་བརྟགས་ཏེ། ཤིང་བཟོ་བའི་འཁོར་རྣམས་ཚོགས་པ་དང་མཆོད་སྦྱིན་བྱེད་པའི་སློབ་དཔོན་དག་དང་ལྷན་ཅིག་ནགས་སུ་འཁྲུལ་འཁོར་གྱིས་འགྲོ་བར་བྱའོ། །ནགས་ཚལ་དང་ཉེ་བར་སླེབས་པའི་དུས་སུ་བདག་ཉིད་ལས་ཐམས་ཅད་པའི་གཟུགས་སུ་བརྟགས་ཤིང་བསམས་ཏེ། རྐང་པ་གཡས་མདུན་དུ་བྱས་ནས་ཤར་དང་བྱང་གི་ཕྱོགས་སུ་གདོང་ཕྱོགས་པའི་སློབ་དཔོན་ནགས་ཚལ་གྱི་ཕྱོགས་སུ་རབ་ཏུ་ཞུགས་ཏེ། ལོ་ཉིས་བརྒྱ་མ་ལོན་པའི་ཤིང་རྣམས་ནི་ཉེ་བར་མི་བླང་ངོ༌། །དེ་ལ་ཤིང་རྣམས་ནི་དྭི་ཀེ་ཤ་ར་དང༌། མཱ་ལཱུ་ར་དང༌། ཏིཏྟ་སཱ་ར་དང༌། ལྷའི་ཤིང་དང༌། སིང་ལྡིང་དང༌། གམྦཱ་རི་དང༌། སྦྲང་རྩི་ཅན་དང༌། མྱ་ངན་མེད་དང༌། བ་ཀུ་ལ་དང༌། རྣམ་པར་རྒྱལ་བྱེད་དང༌། སའི་ཙནྡན་དང༌། ཙམྦ་ཀ་དང༌། ཙནྡན་དང༌། ཀིདྴུ་ཀ་དང༌། པ་ལཱ་ཤ་དང༌། པིཙྪི་ལ་དང༌། ཙ་ལ་ད་ལ་དང༌། ཤ་ར་སཱ་ལ་དང༌། ཏཱ་ལ་དང༌། གྲནྠི་ལ་དང༌། ཨ་རྫུ་ན་དང༌། ཛམྦུ་དང༌། བྷཎྜི་ལ་དང༌། རོ་ཧི་ཎཱི་ལ་སོགས་པ་ཤིང་བཟང་པོ་དུ་མ་གང་དང་གང་དུ་སྐྱེས་པའི་ཤིང་དེ་དག་ལེགས་པར་བརྟགས་ཏེ་མཚན་མོའི་དུས་སུ་ལས་ཐམས་ཅད་པའི་རྣལ་འབྱོར་དང་ལྡན་པའི་སློབ་དཔོན་སྤྲོ་བ་དང་ལྡན་པས་ཤིང་བཟོ་བ་གྲོགས་དང་བཅས་པ་ལེགས་པར་བསྲུང་བ་བྱས་ཏེ། ཉེར་སྤྱོད་ལྔས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཕྱོགས་ཀྱི་བདག་པོ་དང༌། ནགས་ཀྱི་ཤིང་


DTG053_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལྷ་ལ་སོགས་པ་རྣམས་ཡང་དག་པར་མཆོད་དེ། ཕྱོགས་ཀྱི་གཏོར་མ་ཡང་བྱིན་ནས་ཤིང་བཟོ་བ་གྲོགས་དང་བཅས་པ་བཟའ་བ་དང༌། བཅའ་བ་དང༌། ཟས་དང༌། སྐོམ་དང༌། ཏཱ་ཟཱུ་ལ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མགུ་པར་བྱས་ནས། འདོད་པའི་ལྷ་ལ་བཅོམ་ལྡན་ཆེ་གེ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་གསོལ་བ་བཏབ་པས་ཐུགས་མཉེས་ཏེ། ཤིང་བཟོ་བ་གྲོགས་དང་བཅས་པ་དང་ལྷན་ཅིག་འདོད་པའི་ལྷའི་རྣལ་འབྱོར་དང་ཞི་བའི་ཡིད་ཀྱིས་ཉལ་བར་བྱའོ། །དེ་ལ་རྨི་ལམ་བཟང་པོ་ངེས་པར་མཐོང་ན་ལེགས་པར་གྲུབ་པར་འགྱུར་རོ། །རྨི་ལམ་ངན་པ་ཐམས་ཅད་ཞི་བའི་སྔགས་བཟླ་བར་བྱའོ། །དེ་ནས་སྔ་བར་མཆོད་པ་ཐམས་ཅད་དང་ཡང་དག་པར་ལྡན་པའི་སློབ་དཔོན་རྣམ་པར་སྣང་མཛད་ཆེན་པོའི་རྣལ་འབྱོར་དང་ལྡན་པས་དེར་གནས་པའི་ཤིང་གི་ལྷ་མོའི་གཟུགས་ཀྱི་ཤིང་གི་རྒྱལ་པོ་ཡང་དག་པར་མཆོད་པར་བྱའོ། །དེ་ལ་ཤིང་གི་ལྷ་མོ་དེ་རྣམས་དང་ཞིང་སྐྱོང་དེ་རྣམས་ཀྱང་འདི་ཡིན་ཏེ། ལྷའི་ཤིང་དང༌། དྭི་ཀེ་ཤ་ར་དང༌། ཙམྤ་ཀ་དང༌། མྱ་ངན་མེད་པའི་ཤིང་རྣམས་ལ་ཤིང་གི་ལྷ་མོ་གསང་བ་མའོ། །ཞིང་སྐྱོང་སྟོབས་པོ་ཆེའོ། །ནེ་མཱི་དང༌། ཤཱ་ལ་དང༌། ཤ་ར་ལའི་ཤིང་རྣམས་ཀྱི་ནི་འཇིག་རྟེན་གྱི་མའོ། །ཞིང་སྐྱོང་རི་བོ་ཆེན་པོའོ། །ཨ་རུ་རའི་ཤིང་དང༌། བ་ཊ་དང༌། ར་ཤིང་རྣམས་ཀྱི་ནི་རྣ་བ་ཉེད་མའོ། །ཞིང་སྐྱོང་ཤིན་ཏུ་སྟོབས་སོ། །ཙུ་ཏའི་ཤིང་ལ་ནི་ཨ་མྦི་ཀཱའོ། །ཞིང་སྐྱོང་སྟོབས་ཅན་ནོ། །ཏ་ལའི་ཤིང་ལ་བདེ་བྱེད་མའོ། །ཞིང་སྐྱོང་སྐྲ་གྱེན་བརྫེས་སོ། །ཀནད་པའི་ཤིང་ལ་བཞིན་བཟང་མའོ། །ཞིང་སྐྱོང་དྲིལ་བུ་ཆེན་པོའོ། །ཀ་རཉྫ་ལ་ནི་ཀ་རཉྫ་ར་གནས་མའོ། །ཞིང་སྐྱོང་གཏུམ་པའི་དྲིལ་བུའོ། །སྦྲང་རྩིའི་ཤིང་ལ་དབང་བསྐུར་མའོ། །ཞིང་སྐྱོང་སྐྱེས་པའི་དབང་ཕྱུག་གོ །གསེར་ཤིང་ལ་གཏུམ་མོའོ། །ཞིང་སྐྱོང་སུ་ཛ་ནེ་ཏཱའོ། །ཤྲི་གོ་རའི་ཤིང་ལ་དཔལ་ཆེན་མོའོ། །ཞིང་སྐྱོང་མེའི་ཁའོ། །དེ་ནས་ལས་དང་རྗེས་སུ་མཐུན་པར་ཤིང་གི་ལྷ་མོ་རྣམས་དང་ཞིང་སྐྱོང་རྣམས་ཀྱི་ཡང་རྣམ་པ་བསྒོམས་ནས་རང་


DTG053_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྔགས་ཀྱིས་མཆོད་པར་བྱའོ། །དེ་ལ། ཨོཾ་ན་མཿ་སྭཱ་ཧཱ། ཞིང་སྐྱོང་གིའོ། །ཨོཾ་ཨེཾ་གུ་ཧྱ་ཀཱ་ཡིན་མཿ་སྭཱ་ཧཱ། དེ་བཞིན་དུ་ཨོཾ་མཾ་མ་ཧཱ་མེ་ར་ཝེ་ན་མཿ་སྭཱ་ཧཱ། ཨོཾ་ལཱཾ་ལོ་ཀ་མཱ་ཏྲི་ཀཱ་ཡཻ་ན་མཿ་སྭཱ་ཧཱ། ཨོཾ་ཨཿ་ཨ་ཏི་པ་ལཱ་ཡ་ན་མཿ་སྭཱ་ཧཱ། ཨོཾ་ཀཱཾ་ཀརྞྞ་མོ་ཊི་ཀཱ་ཡཻ་ན་མཿ་སྭཱ་ཧཱ། ཨོཾ་བཿ་བ་ལཱ་ཡ་ན་མཿ་སྭཱ་ཧཱ། ཨོཾ་ཨཾ་ཨཾ་བི་ཀཱ་ཡཻ་ན་མཿ་སྭཱ་ཧཱ། ཨོཾ་ཨཱུཾ་ཨཱུཾ་རྡྷ་ཀེ་ཤཱ་ཡ་ན་མཿ་སྭཱ་ཧཱ། ཨོཾ་ཤཾ་ཤཾ་ཀ་རི་ཀཱ་ཡཻ་ན་མཿ་སྭཱ་ཧཱ། ཨོཾ་གྷཾ་མ་ཧཱ་གྷ་ཎྚཱ་ཡ་ན་མཿ་སྭཱ་ཧཱ། ཨོཾ་སུཾ་སུ་མུ་ཁཱ་ཡཻ་ན་མཿ་སྭཱ་ཧཱ། ཨོཾ་ཙཾ་ཙཎྜ་གྷཎྜཱ་ཡ་ན་མཿ་སྭཱ་ཧཱ། ཨོཾ་ཀཾ་ཀ་རཾ་ཛ་བཱ་སི་ཉཻ་ན་མཿ་སྭཱ་ཧཱ། ཨོཾ་པུཾ་པུཾ་སེ་ཤྭ་རཱ་ཡ་ན་མཿ་སྭཱ་ཧཱ། ཨོཾ་ཤཾ་ཤཻ་ཀཱ་ཡཻ་ན་མཿ་སྭཱ་ཧཱ། ཨོཾ་སུཾ་སུ་ཛ་ནེ་ཏེ་ན་མཿ་སྭཱ་ཧཱ། ཨོཾ་ཙཾ་ཙཎྜཱ་ལྱཻ་ན་མཿ་སྭཱ་ཧཱ། ཨོཾ་བཾ་བཧྣི་མུ་ཁཱ་ཡ་ན་མཿ་སྭཱ་ཧཱ། ཨོཾ་ལཱཾ་མ་ཧཱ་ལ་ཀྵྨྱཻ་ན་མཿ་སྭཱ་ཧཱ། གཙུག་ལག་ཁང་གི་རྒྱུ་ཡི་ཕྱིར། །བདག་ནི་ལྗོན་ཤིང་གཅད་པར་འདོད། །ད་ནི་ཁྱེད་རྣམས་ཤིང་གཞན་ལ། །གནས་ཏེ་བདག་ལ་བཟོད་པར་མཛོད། །ཅེས་བྱ་བའི་ཚིགས་བཅད་ལན་གསུམ་དུ་བརྗོད་དེ། །ཤིང་ལ་གནས་པའི་ལྷ་ལ་གསོལ་ཏེ། དེ་ནས་མེ་ཏོག་ལ་སོགས་པས་ལེགས་པར་མཆོད་དེ། ཤིང་གཞན་ལ་གནས་པར་བསམ་པར་བྱའོ། །དེ་ནས་བསྲུང་བའི་ཆེད་དུ་རྨ་བྱ་ཆེན་མོ་བཀླག་པར་བྱའོ། །དེ་ནས་ལས་ཐམས་ཅད་པའི་གཟུགས་ཅན་གྱི་ཤིང་བཟོ་བ་གསེར་དང་རས་དང་ཏཱ་མྦཱུ་ལ་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་མགུ་བར་བྱས་ཏེ། དགྲ་སྟ་སྦྲང་རྩིས་བྱུགས་ཏེ་དགེ་བའི་སེམས་ཀྱིས་ཤིང་བཟོ་བ་ལག་པ་གཡས་པ་གྱེན་དུ་ཕྱོགས་པ་དང༌། ཁ་བྱང་ཤར་དུ་བལྟས་ཏེ་ཉི་མ་ལ་བལྟས་ནས་ཤིང་བཅད་པར་བྱའོ། །དེར་ཡང་དགེ་བ་དང་མི་དགེ་བའི་མཚན་མ་བལྟ་བར་བྱ་སྟེ་མི་དགེ་བའི་མཚན་མ་བྱུང་ན་སྤང་བར་བྱ་ཞིང༌། དགེ་བའི་མཚན་མ་བྱུང་ན་གཟུང་བར་བྱའོ། །གལ་ཏེ་ཤིང་བྱང་ཕྱོགས་སུ་ལྷུང་བར་གྱུར་ན་དེའི་ཚེ་མཆོད་སྦྱིན་བྱེད་པ་ལ་ནོར་དང་ལས་ཀྱི་དངོས་གྲུབ་ཏུ་འགྱུར་རོ། །དབང་ལྡན་གྱི་ཕྱོགས་སུ་ལྷུང་ན་རིག་པ་དང་ཡེ་ཤེས་ཀུན་དུ་འགྲོ་བར་འགྱུར་རོ། །གལ་ཏེ་དབང་པོའི་ཕྱོགས་སུ་ཤིང་ལྷུང་ན་དེའི་ཚེ་


DTG053_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དང་འབྱོར་པ་དང་རྒྱས་པར་འགྱུར་རོ། །གལ་ཏེ་ཤིང་གཞན་རྣམ་པར་ཉིད་པའི་བར་དུ་ལྷུང་བར་གྱུར་པ་དེའི་ཚེ་དགེ་བ་དང་བདེ་བ་ཉིད་དུ་འགྱུར་རོ། །གལ་ཏེ་ཤིང་གཞན་མ་བཅོམ་པར་ལྷུང་ན་མཆོད་སྦྱིན་བྱེད་པ་ལ་འཇིགས་པ་ཆེན་པོར་འགྱུར་རོ། །མེ་དང་བདེན་བྲལ་དང་གཤིན་རྗེ་དང་ཆུ་དང་རླུང་གི་ཕྱོགས་རྣམས་སུ་ལྷུང་ན་གྲངས་བཞིན་དུ་མེའི་འཇིགས་པ་དང་ནད་དང་འཆི་བ་དང་ཆུ་དང་རླུང་གི་འཇིགས་པ་འབྱུང་བར་འགྱུར་རོ། །བསྐྱོད་པ་ན་སྒྲ་མི་གསལ་བ་རིང་དུ་གྲག་ཅིང་ལྷུང་ན་མཆོད་སྦྱིན་བྱེད་པ་པོ་ལ་སྡུག་བསྔལ་གྱི་མཚན་མར་འགྱུར་རོ། །གཅོད་པའི་དུས་སུ་གལ་ཏེ་རྔ་མོ་དང་རྟ་དང་ཅེས་སྤྱང་དང་བོང་བུ་དང་སྦྲུལ་དང་ཕག་དང་བྱ་རོག་ལ་སོགས་པ་གདུག་པའི་འདབ་ཆགས་མཐོང་བར་གྱུར་ན་དེའི་ཚེ་དེས་པར་གསད་པ་དང་བཅིང་བ་དང་བགེགས་དུ་མ་འབྱུང་བར་འགྱུར་རོ། །གལ་ཏེ་ཤིང་ལས་ཁྲག་འཛག་ན་དེའི་ཚེ་མཆོད་སྦྱིན་བྱེད་པ་འཆི་བར་འགྱུར་རོ། །ཞོ་དང་མར་དང་སྦྲང་རྩི་དང་འོ་མ་འཛག་ན་གསད་པ་དང་བཅིང་བ་ལ་སོགས་པའི་འཇིགས་པ་འབྱུང་བར་འགྱུར་རོ། །འོན་ཀྱང་ཤིང་རྣམས་ལ་རང་བཞིན་པའི་མངར་བ་དང་ཚབ་དང་ཁ་བ་དང་བསྐ་བའི་བཅུད་འབྱུང་བ་དེ་ལ་ནི་ཉེས་པ་མེད་དོ། །སྦལ་པ་ལེ་བརྒན་གྱི་མདོག་ཅན་བྱུང་ན་དེས་ནི་ནད་འབྱུང་བ་རྗེས་སུ་དཔག་པར་བྱའོ། །དེ་བཞིན་དུ་ཤིང་གི་ཁོང་ནས་བྱ་བ་མདོག་སེར་སྐྱ་བྱུང་ན་དེས་ཆོམ་རྐུན་གྱི་འཇིགས་པ་དང་སྭཱ་ཤའི་ནད་འབྱུང་བར་རྗེས་སུ་དཔག་པར་བྱའོ། །ཤིང་གི་བར་ནས་རྩངས་པ་མདོག་སེར་པོ་བྱུང་ན་དེས་ནི་ནོར་ཉམས་པར་རྗེས་སུ་དཔག་པར་བྱའོ། །དེའི་ཁོང་ནས་ཁྱིམ་གྱི་རྩངས་པ་ཕུག་རོན་གྱི་མདོག་ཅན་བྱུང་ན་དེས་མཆོད་སྦྱིན་བྱེད་པ་དབུལ་པོར་འགྱུར་བར་རྗེས་སུ་དཔག་པར་བྱའོ། །ཁ་དོག་དམར་པོའི་ན་ཀཱུ་ཀ་ལཱ་ཤ་བྱུང་ན་དེས་ནི་ནད་འབྱུང་བར་རྗེས་སུ་དཔག་པར་བྱའོ། །ཁོང་ནས་སྦྲུལ་སྔོ་བསངས་བྱུང་ན་དེས་ཀྱང་ནོར་ཟད་པ་ཉིད་དོ། །ཁ་ཏྲཱུའི་མདོག་ཅན་གྱི་ཆུ་བྱུང་ན་དེས་ནི་ཆུའི་འཇིགས་པ་ཉིད་རྗེས་སུ་དཔག་པར་བྱའོ། །གདུགས་དང༌། རྒྱལ་མཚན་དང༌། གཡུང་དྲུང་དང༌།


DTG053_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་བེའུ་དང༌། བུམ་པ་དང༌། རྔ་ཡབ་དང༌། འཁོར་ལོ་དང༌། པདྨ་དང༌། དགའ་བ་འཁྱིལ་པ་དང༌། སྡོང་རིས་དང་ཀུ་ཤ་རྣམས་ནི་མཚན་མ་བཟང་པོ་སྟེ་དེ་ལྟ་བུ་ལ་སོགས་པ་དགེ་བ་དང་མི་དགེ་བའི་མཚན་མ་རྣམས་ཡོངས་སུ་ཤེས་པར་བྱས་ནས་ཤིང་གཅད་པར་བྱའོ། །དེ་ནས་ཤིང་དེ་དག་ཡང་དག་པར་རྣམ་པར་ཕྱེ་ནས་རྩ་བ་དང་སྐེད་པ་དང་རྩེ་མོའི་མཚམས་རྣམས་ཕྱེ་སྟེ་ཆ་གཅིག་གིས་ལྷག་པའི་ཆ་བཅུའི་ཚད་དུ་བྱ་སྟེ། ཤིང་རྣམས་ཇི་ལྟ་བར་ནགས་ཀྱི་འཁྲུལ་འཁོར་ཡང་དེ་བཞིན་ཏེ་མཆོད་རྟེན་དང་བིམ་བ་ལ་སོགས་པའི་ཕྱིར་དུ་ནགས་ཀྱི་འཁྲུལ་འཁོར་དེ་རྣམས་ཀྱིས་དྲང་བར་བྱའོ།། །།རྡོ་བ་ཡང་ཤིས་པ་རྣམས་གཟུང་བར་བྱ་ཞིང་མི་ཤིས་པ་རྣམས་སྤང་བར་བྱའོ། །དེ་ལ་རིའི་ལྗོངས་དང་ངམ་གྲོག་དང་ཆུ་འགྲམ་ལ་སོགས་པར་གནས་པའི་རྡོ་བ་མཁྲེགས་པ་དང་སྲ་བ་དང་དྲི་ཞིམ་པ་དང་ཤིན་ཏུ་རེག་ན་མཉེན་པ་དང་དྲི་ང་བ་མེད་ཅིང་འཇམ་པ་དང་སྣུམ་པས་ནི་ཚེ་དང་ལྡན་ནོ། །འདི་ལ་ཤིས་པ་གཉིས་ཏེ་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དག་དང༌། རྡོ་བ་ནག་པོ་ལ་གལ་ཏེ་རི་མོ་དཀར་པོ་ཕྲ་མོ་དང་ཐིག་ལེ་དང་ལྡན་པ་དེའི་ཚེ་བློན་དང་ལྡན་པ་དང༌། བཟའ་མིའི་རྒྱུད་དང་རིགས་དང་རྒྱལ་སྲིད་དང་ནོར་དང་འབངས་རྣམས་ལ་ཤིས་སོ། །སྟེང་དང་བྱང་དང་དབང་ལྡན་དང་ཤར་གྱི་ཕྱོགས་སུ་གདོང་ཕྱོགས་པས་ནི་གྲངས་བཞིན་དུ་མཁའ་སྤྱོད་ཀྱི་དངོས་གྲུབ་དང་སྐྱེ་བོ་དང་ནོར་དང་རིགས་རྒྱུད་འཕེལ་ལོ། །ཐར་པ་དང་མངོན་པར་འདོད་པའི་དངོས་གྲུབ་སྦྱིན་པའི་རྡོ་བ་རྣམས་གཟུང་བར་བྱའོ། །ཤིན་ཏུ་འཇམ་པའི་གཟོང་གིས་བསྣུན་པ་ན་བྱེ་མ་དང་བཅས་པ་དང༌། །རྩུབ་པ་དང་བྲལ་བ་དང་གོག་སྒྲ་ཅན་གྱི་རྡོ་བ་རྒན་པོ་འདི་དག་ཡོངས་སུ་སྤང་ངོ༌། །དེ་ལྟར་ཤིས་པ་དང་མི་ཤེས་པའི་རྡོ་བ་རྣམས་ཤེས་པར་བྱས་ནས་ཤིས་པའི་རྡོ་བ་རྣམས་པ་ཡི་རྣམ་ལྔས་བྱུགས་ཏེ་དྲི་བཟང་པོའི་ཆུས་ཁྲུས་བྱས་ནས་དྲི་ལ་སོགས་པ་རྣམས་ཀྱིས་རྒྱས་པའི་སེམས་ཀྱིས་མངོན་པར་མཆོད་དེ་ཤིང་གི་སྐབས་སུ་བཤད་པའི་ལས་རྣམས་ཐམས་ཅད་འདིར་ཡང་བྱའོ། །དེ་ནས་གྲོང་ཁྱེར་དུ་འཇུག་པའི་


DTG053_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་ཤིང་རྣམས་དང༌། རྡོ་བ་རྣམས་རྒྱལ་པོའི་སྐྱེས་བུ་རྣམས་ཀྱིས་རྒྱས་པའི་སེམས་ཀྱིས་དྲང་བར་བྱ་ཞིང་སྔ་མ་བཞིན་དུ་མར་མེ་དང་སིལ་སྙན་སྣ་ཚོགས་ཀྱི་སྒྲ་དང་ཅ་ཅོ་དང་བཅས་ཏེ་ཤིན་ཏུ་གུས་པ་དང་བཅས་པས་ཞུགས་ཏེ། རྒྱ་ཆེ་ཞིང་མཉམ་པའི་སར་བཀོད་དེ་པདྨའི་དབུས་སུ་གཞག་པར་བྱའོ། །གཙུག་ལག་ཁང་སོགས་བཞེངས་པ་ལ་ཉེ་བར་མཁོ་བའི་ས་བརྟག་པ་དང་ཤིང་དང་རྡོ་བའི་ཆོ་ག་འདི་སྔགས་ཀྱི་གཞུང་ལུགས་ཆེ་བ་ཞིག་གིས་དུམ་བུར་མངོན་ནོ། །འདིའི་རྒྱ་དཔེ་གཉལ་གྱི་ཕྱོགས་ནས་རྙེད་དེ་ལྷ་དང་བཅས་པའི་སྐྱེ་དགུ་མཐའ་དག་གི་གཙུག་གི་ནོར་བུས་ཞབས་རྟེན་གྱི་པདྨ་ལ་ཕྱག་བྱས་པའི་འདྲེན་པ་དམ་པ་ཆོས་ཀྱི་རྗེ་རིན་པོ་ཆེ་ཞྭ་དམར་ཅོད་པན་འཛིན་པ་བཞི་པའི་ཞལ་སྔ་ནས་བསྒྱུར་ཅིག་ཅེས་གསུང་པ་བཞིན་དུ་ཞ་ལུ་ལོ་ཙཱ་བས་དཔལ་སྣེའུ་གདོང་རྩེར་བསྒྱུར་བའོ།། །།


previousས་དང་ཤིང་དང་རྡོའི་ཆོ་ག། next