མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་སྒྲུབ་ཐབས།


DTG066_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ནཱ་མ་སཾ་གཱི་ཏི་སཱ་དྷ་ནཾ། བོད་སྐད་དུ། མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་སྒྲུབ་ཐབས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རེ་ཞིག་དང་པོར་སྒྲུབ་པ་པོ་སྔ་བར་ལངས་ཏེ། གདོང་ལ་སོགས་པ་དག་པར་བྱས་ཏེ། སྒོམ་པའི་ཁང་པར་ཞུགས་ཏེ། བདེ་བའི་སྟན་ལ་སྐྱིལ་མོ་ཀྲུང་གིས་འདུག་སྟེ། རང་གི་སྙིང་གར་ཟླ་བ་དང་པདྨ་ལ་མུཿཡིག་དམར་སེར་བསྒོམ་པར་བྱའོ། །དེ་ནས་དེའི་འོད་ཟེར་གྱི་ཕུང་པོ་ལྕགས་ཀྱུའི་རྣམ་པས་འཆད་པར་འགྱུར་བའི་བཅོམ་ལྡན་འདས་ཁ་དོག་དང་ཞལ་དང་ཕྱག་དང་གདན་དང་བཅས་པ་བཀུག་སྟེ། མདུན་དུ་བསམ་པར་བྱའོ། །དེ་ལ་ཡིད་ལ་བྱ་བའི་མེ་ཏོག་དང་བདུག་པ་ལ་སོགས་པས་ཡང་དག་པར་མཆོད་དེ། མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་ཐམས་ཅད་བྱ་སྟེ། བྱམས་པ་ལ་སོགས་པ་ཚངས་པའི་གནས་བཞི་བསྒོམ་པར་བྱས་ལ། ཆོས་ཐམས་ཅད་


DTG066_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་མངོན་དུ་བྱས་ཏེ་སྔགས་འདིས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ནས་ནམ་མཁའ་ལ་ཧཱུཾ་ཡིག་ལས་རྡོ་རྗེ་རྩེ་ལྔ་པ་ས་བོན་དང་བཅས་པ་བསྒོམ་པར་བྱའོ། །དེའི་སྟེང་དུ་ཨ་ཡིག་ལ་ཟླ་བའི་དཀྱིལ་འཁོར། དེའི་འོད་ཟེར་རྣམས་ཀྱིས་རྡོ་རྗེའི་ར་བ་དང༌། རྡོ་རྗེའི་གུར་དང༌། རྡོ་རྗེའི་རང་བཞིན་གྱིས་གཞི་གསེར་གྱིས་གཞི་ལ་ཐུག་པ་བསྒོམ་པར་བྱའོ། །རྡོ་རྗེ་ཡང་འོད་ཟེར་དུ་གྱུར་ནས་རྡོ་རྗེ་ར་བའི་ཕྱིར་ངོས་སུ་ཕྱོགས་བཅིངས་པ་ལ་སོགས་པའི་གཟུགས་སུ་གནས་པར་བལྟའོ། །དེའི་རྗེས་ལ་རྡོ་རྗེ་ར་བའི་ནང་དུ་ཧྲཱིཿཡིག་ལས་པདྨ་དེའི་སྟེང་དུ་ཨ་ཡིག་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་མུཿཡིག་དམར་སེར་སངས་རྒྱས་དཔག་ཏུ་མེད་པ་སྤྲོ་བ་དང་བསྡུ་བ་བྱེད་པར་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་འཇམ་དཔལ་དམར་སེར་པདྨ་དང་ཟླ་བའི་སྟེང་དུ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཤེས་རབ་ཀྱི་པུ་སྟི་དང་རལ་གྲི་དང་གཞུ་དང་མདའ་འཛིན་པ་རིན་པོ་ཆེའི་དབུ་རྒྱན་ཅན། མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱང་ཅུས་བརྒྱན་པ། གཞོན་པ་གཞོན་ནུའི་རྒྱན་གྱིས་བརྒྱན་པར་བདག་ཉིད་བསམ་མོ། །སྙིང་གར་པདྨ་དང་ཟླ་བའི་སྟེང་དུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་རྡོ་རྗེ་སེམས་མ་དཀར་མོ་གཡོན་པས་དྲིལ་བུ་དཀུར་བརྟེན་པ། གཡས་པས་སྙིང་གར་བསྟོད་པའི་ཚུལ་གྱིས་རྡོ་རྗེ་འཛིན་པའོ། །དཔྲལ་བར་དེ་བཞིན་དུ་ཡང་དག་པར་གནས་པའི་རིན་ཆེན་རྡོ་རྗེ་སེམས་མ་སེར་མོ་ཕྱག་གཉིས་ཀྱིས་སྤྱི་བྲོ་མེ་ཏོག་གི་ཕྲེང་བ་འཆིང་བའོ། །མགྲིན་པར་པདྨའི་རྡོ་རྗེ་མ་དམར་སེར་གཡོན་འགྱིང་བ་གི་ཚུལ་གྱིས་པདྨའི་རྩ་བ་འཛིན་པ། གཡས་ཀྱིས་དེའི་འདབ་མ་འབྱེད་པ་སྔར་བཞིན་དུ་གནས་པར་བལྟ་བར་བྱའོ། །སྤྱི་བོར་ལས་ཀྱི་རྡོ་རྗེ་མ་ལྗང་གུ་རྡོ་རྗེ་རྩེ་གསུམ་ལག་པ་གཉིས་ཀྱིས་སྤྱི་བོར་འཛིན་པ། དེ་བཞིན་དུ་ཡང་དག་པར་བསྒོམ་པར་བྱའོ། །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ། ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བྫྲ་ཨཱ་བེ་ཤ་ཧོཿ། ཞེས་བྱ་བ་འདི་རྣམས་ཀྱི་སྔགས་ཀྱིས་པདྨ་དང་ཟླ་བའི་སྟེང་དུ་གོ་རིམས་བཞིན་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་ཏེ། རྡོ་རྗེ་ཁུ་ཚུར་


DTG066_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཅངས་ཏེ་མཛུབ་མོ་དང་མཐེའུ་ཆུང་གཉིས་ལྕགས་སྒྲོག་ཏུ་བྱས་ཏེ། རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་སྤྲད་པ་གན་རྒྱལ་དུ་བྱས་པས་རང་གི་སྙིང་གར་བཞག་པས་ཡོན་ཆབ་དང༌། །ཞལ་བསིལ་དང༌། མེ་ཏོག་དང་སྤོས་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། དེ་མ་ཐག་ཏུ་རང་གི་ལུས་ལ་གཞུག་པར་བྱའོ། །དེའི་རྗེས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་སྔོན་དུ་སོང་བས་བདག་ཉིད་ཀྱི་སྤྱི་བོར་མི་བསྐྱོད་པ་བསམས་ལ། ཨོཾ་སརྦྦ་དྷརྨྨ་ཨ་བྷཱ་བ་སྭ་བྷཱ་བ་བི་ཤུདྡྷ་བྫྲ་ཨ་ཨཱ་ཨཾ་ཨཿ། པྲ་ཀྲྀ་ཏི་བ་རི་ཤུདྡྷ་སརྦ་དྷརྨྨཱ་ཡ་དུ་ཏ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ་མཉྫུ་ཤྲཱི་པ་རི་ཤུདྡྷི་ཏཱ་མུ་པཱ་དཱ་ཡེ་ཏི་ཨ་ཨཱཿ། སརྦ་ཏ་ཐཱ་ག་ཏཱ་ཧྲི་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿ་བྷ་ག་བཱ་ན་ཛྙཱ་ན་མཱུ་རྟི་བཱ་གཱི་ཤྭ་ར་མ་ཧཱ་ཝ་ཙ་སརྦ་དྷརྨྨཱ་ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ་དྷརྨྨ་དྷཱ་ཏུ་ཛྙཱ་ན་ག་རྦྷ་ཨཱཿ། ཞེས་པའི་སྣགས་འདིས་དང་པོ་དང་ཐ་མ་དང་དབུས་སུ་བྱིན་གྱིས་བརླབ་པ་སྔོན་དུ་སོང་བས། རྗེ་བཙུན་ཡང་དག་པར་བརྗོད་པ་རྟག་ཏུ་ཐུན་མཚམས་སུ་ལན་གསུམ་མམ་དུ་མ་ཡང་རུང༌། རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་ཏེ་མཉམ་པར་གཞག་པས་བཀླག་པར་བྱའོ། །འདི་ཇི་སྲིད་དུ་བཀླགས་པ་དེ་སྲིད་དུ་གྲུབ་པའི་མཚན་མ་རྣམས་མཐོང་ངོ༌། །དེ་ལྟ་བས་ན་སྒྲུབ་ཐབས་ཉམས་སུ་བླང་བར་བྱའོ། །མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས་རྫོགས་སོ།། །།དར་མ་གྲགས་ཀྱིས་རང་འགྱུར་བྱས། །དེ་ཡིས་བསོད་ནམས་གང་ཐོབ་དེས། །ཆོས་དབྱིངས་ངག་གི་དབང་ཕྱུག་གིས། །འགྲོ་བ་བྱིན་གྱིས་བརླབ་པར་ཤོག །།