Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་དྲུག་པ།


   
   
   
   
   
   
   
   
   
   
འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས། 
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས། next

འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས།


DTG066_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྻ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་ནོ་པི་ཀ །བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །དང་པོའི་སངས་རྒྱས་རྒྱུ་མེད་པ། །གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། །གསང་སྔགས་རྒྱལ་པོ་དྲུག་ལྡན་འདུད། །དང་པོར་སྔགས་པས་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པར་བྱས་ཏེ། ཡིད་དགའ་བའི་གནས་སུ་འདུག་ལ། ཐོ་རངས་ཀར་ཁའི་སྒོ་དག་པར་བྱས་ལ། སྙིང་གར་ཟླ་བའི་སྟེང་དུ། ཡི་གེ་མུཾ་རྣམ་པར་བསམས་ལ། འོད་ཟེར་གྱིས་བླ་མ་དང་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་དྲངས་ལ། ཕྱག་བཙལ་བ་དང༌། མཆོད་པ་དང༌། རྗེས་སུ་ཡི་རང་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཞིང༌། མྱ་ངན་ལས་མི་འདའ་བར་གསོལ་ཏེ། དགེ་བའི་རྩ་བ་བསྔོ་བར་བྱའོ། །དེ་ནས་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་བསྒོམ་པར་བྱའོ། །དེའི་རྗེས་ལ་སྟོང་པ་ཉིད་བསྒོམས་ཏེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྔགས་འདིའི་དོན་ལ་དམིགས་པས། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བསྒོམ་མོ། །དེ་ནས་ཡི་གེ་ཧྲཱིཿ་ལས་པདྨའི་གདན་དམར་པོ་བསམ་ཞིང༌། དེའི་སྟེང་དུ་ཨ་ལས་ཟླ་བའི་གདན་རྣམ་པར་བསམས་ཏེ། དབུས་སུ་ཡི་གེ་མུཾ་དམར་སྐྱ་འོད་ཟེར་གྱི་ཚོགས་འཕྲོ་ཞིང་འདུ་བ་བསམ་པར་བྱའོ། །དེ་ཉིད་ཐིག་ལེར་གྱུར་པ་ལས། །ཡེ་ཤེས་སེམས་དཔའ་སྐུ་མདོག་


DTG066_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་སྤྲིན་དཀར་དག་པ་ལྟ་བུ་རྡོ་རྗེ་སྐྱིལ་ཀྲུང་ཅན། ཕྱག་བཞི་དང་ལྡན་པ་གཡས་གཡོན་གཉིས་ན་མཛེས་པའི་རལ་གྲིས་འདེ་བས་ཤིང་ཤེས་རབ་ཀྱི་པུ་སྟི་འཛིན་པའོ། །དེའི་འོག་མ་གཉིས་ན་མདའ་དང་གཞུ་བསྣམས་པའོ། །གཞོན་ནུའི་རྒྱན་ཅན་ནོ། །དེ་ལྟར་རྣམ་པར་བསྒོམས་ཏེ། ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ལ། ང་རྒྱལ་བསྐྱེད་པར་བྱའོ། །དེའི་རྗེས་ལ་སྙིང་གའི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། ཡི་གེ་ལས་བྱུང་བའི་པདྨ་དང་ཟླ་བའི་སྟེང་དུ་བཞུགས་ཏེ། མཆོད་པའི་ཚོགས་ཀྱིས་རྣམ་པར་མཆོད་ལ། རང་དང་གཉིས་སུ་མེད་པར་བསྲེ་བར་བྱའོ། །སྙིང་ག་དང་མགྲིན་པ་དང་དཔྲལ་བ་དང་སྤྱི་བོ་རྣམས་སུ། རྡོ་རྗེ་དང་པདྨ་དང་རིན་པོ་ཆེ་དང་སྣ་ཚོགས་རྡོ་རྗེས་རྒྱས་བཏབ་སྟེ། ཐུགས་ཀའི་འོད་ཟེར་གྱིས་ནམ་མཁའ་ཁྱབ་པས། དེ་བཞིན་གཤེགས་པ་བསྐུལ་བས་ལྷ་མོའི་ཚོགས་ཀྱིས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་ཏེ། སངས་རྒྱས་ལྔའི་ཅོད་པན་དང་དར་དཔྱངས་དང་བཅས་པས་དབང་བསྐུར་རོ། །དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་དུ། ཧྲཱིཿ་ཡོངས་སུ་གྱུར་པ་ལས་དང་པོའི་སངས་རྒྱས་སྐུ་མདོག་དཀར་པོ་ཞལ་ལྔ་ཕྱག་བརྒྱང་པ། ཞབས་གཉིས་སྐྱིལ་མོ་ཀྲུང་དུ་བཞུགས་པ། བྱིས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རིན་པོ་ཆེ་སྣ་ཚོགས་པའི་ན་བཟའ་ཅན། གཡས་བཞིན་མཛེས་པའི་རལ་གྲི། གཡོན་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་དེའི་ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་རྣམ་པར་བསྣམས་ཏེ། ལྕེ་དྲུག་བ་ཁ་དོག་དྲུག་དང་ལྡན་པ། མུ་ཁྱུད་བཞི་ཡིས་བསྐོར་བ། ལྟེ་བར་ཡི་གེ་ཨ་དཀར་པོ་བསམས་ཏེ། དེ་ལས་འོད་འཕྲོས་པས། ཕྱོགས་བཅུའི་སེམས་ཅན་གྱི་ཁམས་ཐམས་ཅད་ཁྱབ་པར་བྱས་ཏེ། སླར་འདུས་ཏེ་དེ་ཉིད་ལ་ཐིམ་པས། རྩ་བའི་སྔགས་དགོད་པར་བྱའོ། །ཨོཾ་སརྦ་དྷརྨཱ་ཨ་བྷཱ་བ་སྭ་བྷཱ་བ་བི་ཤུདྡྷ་བཛྲ་ཨ་ཨཱ་ཨཾ་ཨཿ། དེའི་ཕྱི་རོལ་མུ་ཁྱུད་ལ་དབྱངས་ཀྱི་ཡི་གེ་བཅུ་གཉིས་དགོད་དོ། །དེའི་ཕྱི་རོལ་འཁོར་ལོ་རྩིབས་དྲུག་པ་སྟེ། དང་པོའི་རྩིབས་ལ་ཨོཾ་བཛྲ་ཏཱིཀྵྞ་ཡ་ཏེ་ནཱ་མ། གཉིས་པ་ལ་ཨོཾ་དུཿ་ཁ་ཙྪེ་ད་ཡ་ཏེ་ནཱ་མ། གསུམ་པ་ལ་ཨོཾ་པྲཛྙའ་ཛྙཱ་ན་མཱུརྟ་ཡེ་ཡ་ཏེ་ནཱ་མ། བཞི་པ་


DTG066_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཨོཾ་ཇྙཱ་ན་ཀཱ་ཡ་ཡ་ཏེ་ནཱ་མ། ལྔ་པ་ལ་ཨོཾ་ཝཱ་གཱི་ཤྭ་ར་ཡ་ཏེ་ནཱ་མ། དྲུག་པ་ལ་ཨོཾ་ཨ་ར་པ་ཙ་ནཱ་ཡ་ཏེ་ནཱ་མ། ཕྱིའི་མུ་ཁྱུད་དང་པོ་ལ་ཡེ་ཤེས་སེམས་དཔའི་ཕྲེང་སྔགས། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཞེས་བྱ་བ་ནས། ཛྙཱ་ན་གརྦྷ་ཨཱཿ་ཞེས་བྱ་བའི་བར་དུ་དགོད་དོ། །ཕྱིའི་མུ་ཁྱུད་ཐ་མ་ལ་ཡི་གེ་ཀ་ནས་ཧའི་མཐར་གསལ་བྱེད་ཀྱི་ཡི་གེ་དགོད་དོ། །དེ་ལྟར་སྙིང་གར་བསམ་ཞིང༌། དེ་ལས་འཁོར་ལོ་དེའི་དབུས་སུ་ཨ་ལས་བསྐྱེད་པ། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞལ་དྲུག་པ་སྟོན་ཀའི་ཟླ་བ་ལྟར་དཀར་ཞིང༌། ཨིནྡྲ་ནཱི་ལའི་གཙུག་ཕུང་ཅན། ཉི་མ་འཆར་ཀའི་འོད་འདྲ་བས་བསྐོར་ཞིང༌། ཞི་བའི་ངང་ཚུལ་དང་ལྡན་པ། ཕྱག་གཉིས་ཀྱིས་ཨུཏྤལ་དམར་པོ་དང་སྔོན་པོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་གྱིས་མཛེས་པ་གཡས་དང་གཡོན་ན་རིམ་པ་བཞིན་བསྣམས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་སྐྱིལ་མོ་ཀྲུང་གིས་བཞུགས་པར་བསམ་མོ། །དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་ཡི་གེ་ཨ་བཀོད་དེ། དེ་ལས་འོད་ཟེར་འཕྲོས་ཤིང༌། འཁོར་ལོའི་སྔགས་ཀྱི་ཁ་དོག་ཇི་ལྟ་བ་བཞིན་འོད་ཟེར་འཕྲོས་ཏེ། རང་དང་འཇིག་རྟེན་གྱི་ཁམས་ཀུན་ཁྱབ་པར་བྱས་ནས། སངས་རྒྱས་ཀྱི་ཞིང་ཐམས་ཅད་གསལ་བར་འགྱུར་ཞིང༌། སེམས་ཅན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཏེ། འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་སླར་བསྡུས་ནས། བདག་ཉིད་ལ་ལན་གསུམ་བསྐོར་ཏེ། སྙིང་གའི་སྔགས་དང་ཟླ་བ་དང་བཅས་པ་གཅིག་ཏུ་འདྲེས་པར་གྱུར་ནས། ཤེས་རབ་དང་ཡེ་ཤེས་ཀྱི་མེ་འབར་བའི་ཚུལ་གྱིས། བདག་མེད་པ་བརྟན་པོར་བསྒོམ་མོ། །དེ་ལྟ་བུའི་ཚུལ་གྱིས་སྔགས་ཀྱི་བཟླས་པ་རྫོགས་པར་འགྱུར་རོ། །གཞན་ཡང་སྔགས་བཟླས་པ་དང༌། མཚན་ཡང་དག་པར་བརྗོད་བ་བཀླག་པ་ཡང་རིམ་པ་དེས་ཡང་དང་ཡང་དུ་བྱའོ། །ཐུན་མཚམས་སུ་ནི་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་ཞིང་ཇི་ལྟར་བསྐྱེད་པའི་རིམ་པ་བདག་ཉིད་ལ་བསྡུ་བར་བྱའོ། །བདག་ཉིད་ཀྱང་མི་དམིགས་པ་ལ་ལྷའི་རྣལ་འབྱོར་དུ་ལངས་ཏེ། སྤྱོད་ལམ་ཐམས་ཅད་ཀྱང་བདེན་པ་གཉིས་ཀྱི་ཚུལ་གྱིས་དཀྱིལ་འཁོར་དང་


DTG066_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་དང༌། སྤྱིན་སྲེག་དང༌། མཆོད་པ་དང༌། མདོ་གདོན་པ་ལ་སོགས་པ་མཆོད་རྟེན་གྱི་ལས་དང༌། སྤྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། ལུས་ངག་གི་སྤྱོད་པ་ཐམས་ཅད་ལྷའི་རྣལ་འབྱོར་དང་ལྡན་པས་སྒྱུ་མའི་ཚུལ་གྱིས་སྤྱར་བར་བྱའོ། །ཟས་ལ་སོགས་པ་ནི་རང་བཞིན་གྱིས་རྣམ་པར་དག་པའི་བདུད་རྩི་ཆེན་པོར་སྔགས་ཀྱིས་བཏབ་ལ་ཚིམ་པར་བྱའོ། །ཕྱིའི་ཁྲུས་དོན་དུ་གཉེར་བའི་ཚེ་ཡང་དབང་བསྐུར་བའི་ཆོ་ག་རང་བཞིན་རྣམ་པར་དག་པས་བཀྲུའོ། །ཉལ་བའི་ཚེ་ཆོས་ཀྱི་དབྱིངས་ལ་སྙོམས་པར་ཞུགས་པས་ཉལ་ལོ། །ལྡང་ན་གཟུགས་ཀྱི་སྐུའི་རིམ་པས་སོ། །ཚུལ་འདི་ལྟ་བུར་གང་ཞིག་སྒོམ་པར་བྱེད་པ་དེ་ནི་འདུལ་བའི་དབང་གིས་དེ་ཉིད་རིང་པོར་མི་ཐོགས་པར་ནམ་མཁའི་དཀྱིལ་ན་བཞུགས་པ་མཐོང་ངོ༌། །ཡེ་ཤེས་སེམས་དཔའ་སྤྲུལ་པའི་སྐུ་ཡི་སྒྲུབ་ཐབས་འདི། །རྒྱུད་དང་སྒེག་པའི་རྡོ་རྗེ་བྱང་ཆུབ་མཆོག་ལྡན་དང༌། །འཇམ་དཔལ་གྲགས་པ་བླ་མའི་མན་ངག་རིམ་པ་འདི། །གསང་བའི་མཚན་ལྡན་རྡོ་རྗེ་ལས་གྲུབ་ཀྱིས། །དམ་པ་ཉེར་བ་སྟེན་དན་ཧྲི་བཛྲ་ལས། །བྱང་ཆུབ་སྒྱུ་འཕྲུལ་སྦྱོར་བའི་མན་ངག་འདི། །རྙེད་ནས་འདི་ལ་གུས་ཕྱིར་བདག་གིས་བྲིས། །འདི་ཡིས་འགྲོ་ཀུན་ཡེ་ཤེས་སེམས་དཔར་ཤོག །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས་རྫོགས་སོ།།


previousའཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས། next