Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་འཇམ་དཔལ་གྱི་སྤྱོད་ལམ་གྱི་ཆོ་ག།  ཨ་ཤོ་ཀ་ཤྲཱི།
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་འཇམ་དཔལ་གྱི་སྤྱོད་ལམ་གྱི་ཆོ་ག། ཨ་ཤོ་ཀ་ཤྲཱི།next

འཕགས་པ་འཇམ་དཔལ་གྱི་སྤྱོད་ལམ་གྱི་ཆོ་ག།
ཨ་ཤོ་ཀ་ཤྲཱི།


DTG066_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། །ཨཱཪྻ་མཉྫུ་ཤྲཱི་ཙ་ཪྻ་མརྒ་བི་དྷིཿ། བོད་སྐད་དུ། །འཕགས་པ་འཇམ་དཔལ་གྱི་སྤྱོད་ལམ་གྱི་ཆོ་ག །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་འོ། །ཟབ་པའི་དོན་ལྡན་བདེ་གཤེགས་ཆོས་ཉིད་སྐུ། །ཐུགས་རྗེ་རང་འབྱུང་ཡེ་ཤེས་སྐུ་ལྔའི་བདག །གཉིས་མེད་དོན་ལྡན་སྤྲོས་མེད་བདག་ཉིད་ཅན། །རྗེ་བཙུན་འཇམ་པའི་དཔལ་ལ་ཕྱག་འཚལ་ལོ། །སྒྱུ་འཕྲུལ་དྲ་བ་ལ་བརྟེན་ནས། །སྒྲུབ་པ་པོ་ལ་ཕན་གདགས་ཕྱིར། །གདམས་ངག་བསྒྲུབ་པའི་རིམ་པ་ཅིག །ལེགས་པར་བཏུས་ཏེ་བཤད་པར་བྱ། །ལམ་གྱི་ཡན་ལག་བརྒྱང་ཚུལ་རིག །ཡང་དག་སངས་རྒྱས་ལམ་རིག་གོ །རིགས་དང་ལྡན་པའི་རྣལ་འབྱོར་པས། །དབང་ཐོབ་དམ་ཚིག་ལྡན་པར་བྱ། །དེ་ཉིད་འདོད་པའི་གནས་བཙལ་ནས། །དེ་མདུན་མཎྜལ་ལེགས་པར་བྱ། །བླ་མ་དཀོན་མཆོག་ཡི་དམ་ལྷ། །ཆོ་ག་ཤེས་རབ་མེ་ཏོག་བཀྲམ། །བྷྲཱུཾ་ལས་གཞལ་ཡས་ཁང་བསྐྱེད་དོ། །གཤིན་རྗེ་གཤེད་དམ་རྡོ་རྗེ་གུར། །མེ་རི་ལ་སོགས་བསྲུང་བ་བྱ། །བར་ཆད་ཞི་བྱེད་གཏོར་མ་དང༌། །དང་པོར་ཁྲུས་བྱས་གོས་རྒྱན་གདགས། །སྟན་བདེ་བ་ལ་འདུག་བྱས་ཏེ། །ཚད་མེད་བཞི་ལ་སོགས་པ་བྱ། །ཨོཾ་ཨ་བྷཱ་བ་སྭ་བྷཱ་བ་བི་ཤུདྡྷ་བཛྲ་ཙཀྵུ་ཨ་ཨཱ་ཨཾ་ཨཿ། ཞེས་པས་སོ། །དྷཱིཿ་ལས་དང་པོ་བདག་ཉིད་བསྐྱེད། །དགུག་པ་ལ་སོགས་གསང་སྔགས་ནི། །ཛཿ་ཧཱུཾ་བཾ་ཧོཿ་ཞེས་ང་དང༌། བྱིན་བརླབས་དབང་བསྐུར་མི་བསྐྱོད་པའོ། །དེ་ནི་བསྐྱེད་པའི་རྣལ་འབྱོར་རོ། །ཁྲུས་ནི་དང་པོ་བུམ་པ་སྟོང༌། །སྟོང་པ་ཉིད་ལས་ཨ་དེ་བསྐྱེད། །ནང་དུ་བདུད་རྩིའི་འོད་ཀྱིས་དང༌། །ཡེ་ཤེས་བདུད་རྩི་དབབ་ཅིང་བསྟིམ། །དང་པོར་སྒོ་ལྔའི་རྣམ་ཤེས་བཀྲུ། །ཡེ་ཤེས་སེམས་


DTG066_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དབའ་བཅོམ་ལྡན་འདས། །དང་པོའི་སངས་རྒྱས་བཅོམ་ལྡན་འདས། །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །བག་ཆགས་དྲི་མ་དག་གྱུར་ཅིག །དེ་ནི་ཁྲུས་ཀྱི་ཆོ་གའོ། །བཟླས་པའི་རྣལ་འབྱོར་བ་སྟན་པ་ནི། །ས་བོན་ཡིག་འབྲུའི་རྣམ་པ་དང༌། །དྷཱིཿ་བཛྲ་ཏཱིཀྵྞ། དུཿ་ཁ་ཙྪེ་ད། པྲ་ཛྙཱ་ཛྙཱ་ན་མཱུ་རྟ་ཡེ། ཛྙཱ་ན་ཀཱ་ཡ་བཱ་གཱི་ཤྭ་ར། ཨ་ར་པ་ཙ་ན་དྷཱིཿ། ཡེ་ཤེས་སེམས་དཔའ་ཟླ་བའི་གདན་བཅས་ཐུགས་ཀར་རོ། །ཕྱག་མཚན་རལ་གྲིའི་ཡུ་བ་དྷཱིཿ་འི་ཡིག་འབྲུ་དང་བཅས་པའོ། །བཟླས་པའི་འོ། །གཏོར་མ་ཨ་ལས་རིན་ཆེན་འབྲུ་ལྔ་བཅུད། །ཨས་བསྐྱེད་ཡིད་བཞིན་ནོར་བུ་ཅན། །ཡེ་ཤེས་བདུད་རྩི་དཔག་བསམ་ལས། །མགྲོན་ནི་འཇམ་དཔལ་རང་བཞིན་ནོ། །ཟས་ནི་མི་དམིགས་སྟོང་པ་ལས། །པཾ་ལས་པདྨ་ཨ་ལས་ནོར་བུའོ། །ཡེ་ཤེས་བདུད་རྩི་དགུག་བསྟིམ་མོ། །དེ་ནས་རང་ཉིད་ལྷར་གསལ་བས། །ཐུགས་ཀའི་ལྷ་མཆོད་མ་ཉེས་པར་བསྒོམ། །དེ་ནས་ཐམས་ཀྱི་རྣལ་འབྱོར་རོ། །དང་པོར་བྱམས་དང་སྙིང་རྗེ་དང༌། །ལྡན་པས་ལུས་ངག་བྱིན་བརླབ་པོ། །དེ་ནས་སྤྱན་དྲང་ཕྱག་བསྟོད་བྱ། །མཆོད་ཅིང་སྡིག་བཤགས་རྗེས་ཡི་རང༌། །ཆོས་ཀྱི་འཁོར་ལོ་བསྐོར་བསྐུལ་དང༌། །མྱ་ངན་མི་འདའ་གསོལ་བ་གདབ། །སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་བྱའོ། །དེ་ནས་སྟོང་པའི་ཏིང་འཛིན་བསྒོམ། །དེ་ནས་ཨ་ལས་ཆོས་འབྱུང་ནི། །དཀར་པོ་གྲུ་གསུམ་འབར་ལྡན་པ། །དེ་ནས་པདྨ་ཟླ་སྟེང་དུ། དྷཱིཿ་ལས་དང་པོའི་སངས་རྒྱས་བསྐྱེད། །དགུག་དང་དབབ་སོགས་རྫོགས་པ་དང༌། །བསྟོད་པའི་ཚུལ་དུ་གདོན་པའོ། །ཉལ་དང་འགྲོ་བ་འདུག་པ་དང༌། །གཞན་ཡང་བསྐོར་བ་བྱ་བ་ནི། །མྱ་ངན་འདས་པར་བཞུགས་པ་དང༌། །དེ་ནས་ཐོན་པ་ལྟ་བུ་དང༌། །ཕ་རོལ་ཕྱིན་པ་དྲུག་བདེན་བཞི། །སཱཙྪ་འདེ་བས་དང་ཀློག་དང་བཤད། །ཁ་དོག་དྲི་དང་སྤྱོད་དུས་སུ། །འཇམ་དཔལ་སྐུ་དང་འབྲལ་མི་བྱ། །སྒྱུ་མ་ལྟ་བུས་གནས་པར་བྱའོ། །སྡུག་བསྔལ་ཅན་དག་མཐོང་གྱུར་ན། །བྱམས་སེམས་ལྡན་པས་དགེ་བ་བསྔོ། །རྣལ་འབྱོར་མི་གཙང་འདོར་བ་ཀུན། །བདུད་རྩིར་བྱིན་བརླབ་གཉིས་མེད་བསྟིམ། །འབྱུང་བོ་ཡི་


DTG066_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

དགས་ཀུན་ལ་སྤྱིན། །ཚིམ་པར་བྱས་ལ་གཤེགས་སུ་གསོལ། །དཔེ་མེད་གཅིག་ཅིག་མཐོང་བ་ལ། །བདེ་དང་སྡུག་བསྔལ་དུ་མར་སྣང༌། །སེམས་ཀྱི་རྣམ་འགྱུར་བརྟན་པ་ཡིན། །ཞེས་སྤྱོད་ལམ་གྱི་རིམ་པའོ། །བསྒོམ་པའི་རིམ་པ་བ་སྟན་པ་ནི། །མཚན་མ་དང་བཅས་མཚན་མེད་པའོ། །མཚན་མ་སྐུ་དང་ཡིག་འབྲུ་དང༌། །ཕྱག་མཚན་ལ་ནི་དམིགས་པའོ། །མཚན་མ་མེད་པ་བ་སྟན་པ་ནི། །ཤེས་རབ་རལ་གྲི་མདའ་གཞུ་སྟེ། །ཞེས་པ་ནི། ཤེས་རབ་འཁོར་ལོ་ཐམས་ཅད་ཤེས་རབ་གཉིས་མེད་ལ་དམིགས་པའོ། །ཡང་ན། སངས་རྒྱས་ཀུན་གྱི་རང་བཞིན་འཆང༌། །ཞེས་པས་ཚོགས་བསགས་པའོ། །རྣམ་པར་གནོན་ཞེས་པ་ནི་བསོད་ནམས་ཀྱིས་བསོད་ནམས་མ་ཡིན་གནོན། །ཡེ་ཤེས་ཏེ་ནམ་མཁའ་དང་འདྲ་བས་མཁའ་ལྟར་མཐའ་མེད་དོ། །གསུམ་རིག་སྟེ་སྐུའི་བསྐྱེད་པའོ། །འབྲས་བུ་མངོན་པར་ཤེས་པ་ལྔ་ཕྲ་མན་བཅུ་དྲུག་གོ །གནས་པ་རྩ། གཡོ་བ་རླུང༌། །བགྲོད་པ་བྱང་ཆུབ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །ཞེས་པ་དང༌། རྫུ་འཕྲུལ་ཆེན་པོ་ཤེས་པའོ། །དེ་ཡང་མཐའ་ཡས་དག་པར་སྟོན་པ་སྟེ། ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །དེ་ལས་དེ་ཉིད་དེ་ཆོས་སྐུའོ། །གཞན་རིག་པ་སྟེ། ལོངས་སྐུ་དང་སྤྲུལ་སྐུའོ། །དཔེ་བྱད་ཅེས་པ་དང༌། །གཙོ་བོ་ཞེས་པ་གཉིས་ཀྱི་དོན་ཏོ། །དེ་ནི་བསྒོམ་པའི་རྣལ་འབྱོར་རོ། །བླ་མའི་གདམས་ངག་རྒྱུད་འགྲེལ་ལ་བརྟེན་ནས། །དྲི་མ་མེད་པའི་དགེ་བ་གང་བརྩམས་པ། །དེས་ནི་དགེ་བ་གང་ཐོབ་དེས། །འགྲོ་ཀུན་འཇམ་དབྱངས་ཐོབ་པར་ཤོག །རྒྱ་གར་གྱི་མཁན་པོ་ཨ་ཤོ་ཀ་ཤྲཱི་མཛད་པ་རྫོགས་སོ།། །།ཤཱཀྱའི་དགེ་སློང་ཆོས་ཀྱི་བཟང་པོས་དྲོ་མོ་དྷ་ར་དང་ཉེ་བའི་རྩ་ར་ཞུས་ཏེ་བསྒྱུར་བའོ།།


previousའཕགས་པ་འཇམ་དཔལ་གྱི་སྤྱོད་ལམ་གྱི་ཆོ་ག། ཨ་ཤོ་ཀ་ཤྲཱི།next