Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས།  པྲ་བྷཱ་ཀ་ར།
   
   
   
   
   
   
   
   
   
   


 
previousམཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས། པྲ་བྷཱ་ཀ་ར།next

མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས།
པྲ་བྷཱ་ཀ་ར།


DTG066_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ནཱ་མ་སཾ་གཱི་ཏི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །སྒྲུབ་པ་པོས་དང་པོར་རེ་ཞིག་སྔ་བར་ལངས་ལ་ཁ་ལ་སོགས་པ་གཙང་བར་བྱས་ནས་བསམ་གཏན་གྱི་ཁང་པར་རབ་ཏུ་ཞུགས་ནས་བདེ་བའི་སྟན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་ཉེ་བར་འདུག་སྟེ། རང་གི་སྙིང་གར་པདྨ་དང་ཟླ་བ་ལ་མུཿཡིག་དམར་སེར་བསྒོམ་པར་བྱའོ། །དེའི་འོད་ཀྱི་ཚོགས་ལྕགས་ཀྱུའི་རྣམ་པ་རྣམས་ཀྱིས་བཀུག་སྟེ། འཆད་པར་འགྱུར་བའི་བཅོམ་ལྡན་འདས་ཀྱི་སྐུ་མདོག་ཕྱག་མཚན་བཞུགས་ཚུལ་མདུན་དུ་བསྒོམས་ཏེ། དེའི་མདུན་དུ་མེ་ཏོག་དང་བདུག་སྤོས་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས། སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས་བྱམས་པ་ལ་སོགས་པ་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་དུ་མངོན་སུམ་དུ་བྱས་ནས། ཨོཾ་ཤཱུ་ནྱ་ཏཱ་དྙཱ་ན་བཛྲ་སྭ་བྷཱ་ཨཱཏྨ་ཀོ྅ཧཾ། ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབས་པར་བྱའོ། །དེ་ནས་ནམ་མཁར་ཧཱུཾ་གི་ཡི་གེས་རྡོ་རྗེ་རྩེ་ལྔ་པ་ས་བོན་དང་བཅས་པ་བསྒོམ་མོ། །དེའི་འོད་རྣམས་ཀྱིས་ཇི་ལྟར་རིགས་པར་རྡོ་རྗེའི་རབ་དང་རྡོ་རྗེའི་དྲ་བ་དང་རྡོ་རྗེའི་ས་གཞིས་བདུད་འཇོམས་པར་དམིགས་ཏེ།


DTG066_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་འོད་ཀྱང་རྡོ་རྗེའི་ས་གཞི་དང་རབ་ལས་ཕྱི་རོལ་ཕྱོགས་དང་ཕྱོགས་བྲལ་གྱི་གཟུགས་ཀྱིས་གནས་པར་བལྟའོ། །དེ་ནས་བར་མ་ཆད་པར་རྡོ་རྗེའི་ར་བའི་ནང་དུ་པདྨའི་སྟེང་དུ་ཨོཾ་གྱི་ཡི་གེས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་མུཿའི་ཡི་གེ་ཁ་དོག་དམར་སེར་ལ་མ་ལུས་བའི་སངས་རྒྱས་སྤྲོ་བ་དང་བསྡུ་བའི་རྣམ་པ་བསྒོམ་པར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་འཇམ་དཔལ་སྐུ་མདོག་དམར་སེར་པདྨ་དང་ཟླ་བའི་སྟེང་དུ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། །ཞལ་དང་པོ་དམར་བ། གཡས་སྔོ་བ། གཡོན་དཀར་བ། དེས་ན་ཞལ་གསུམ་པ། ཕྱག་བཞི་པོ་ཇི་ལྟར་རིགས་པར་ཤེས་རབ་རལ་གྲི་དང༌། པུ་སྟི་དང༌། མདའ་དང༌། གཞུ་འཛིན་པའོ། རིན་པོ་ཆེའི་ཅོད་པན་ཅན། མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱང་ཅུས་རྣམ་པར་མཛེས་པ། གཞོན་ནུ་གཞོན་ནུའི་རྒྱན་གྱིས་བརྒྱན་པར་བདག་ཉིད་བསྒོམ་པར་བྱའོ། །ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའི་རྡོ་རྗེ་སེམས་མ་སྐུ་མདོག་དཀར་མོ་གཡོན་ན་དྲིལ་བུ་དང་གཡས་ན་རྡོ་རྗེ་བཟུང་སྟེ་རང་གི་ཐུགས་ཀར་བསླང་ནས་སྦྱོར་བའོ། །སྔར་བཞིན་མཛོད་སྤུར་གནས་པའི་རིན་ཆེན་རྡོ་རྗེ་མ་སྐུ་མདོག་སེར་མོ་ཕྱག་གཉིས་ཀྱིས་དབུ་ལ་མེ་ཏོག་གི་ཕྲེང་བ་འཆིང་བ་ཅན་ནོ། །མགྲིན་པར་པདྨ་རྡོ་རྗེ་མ་སྐུ་མདོག་དམར་སེར་གཡོན་ན་སྙིང་པོ་དང་བཅས་པའི་པདྨ། གཡས་ཀྱིས་དེའི་འདབ་མ་ཁ་འབྱེད་པ་སྔར་བཞིན་གནས་པའོ། །སྤྱི་བོར་ལས་ཀྱི་རྡོ་རྗེ་མ་སྐུ་མདོག་ལྗང་གུ་ཕྱག་གཉིས་ཀྱིས་རང་གི་སྤྱི་བོར་རྡོ་རྗེ་རྩེ་གསུམ་འཛིན་པ་དེ་ལྟར་གནས་པ་བསྒོམ་པར་བྱའོ། །ཨོཾ་བཛྲ་ཨོཾ་ཀུ་ཤ་ཛཿ། ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་ཧོཿ། ཞེས་པའི་སྔགས་རྣམས་ཀྱིས་པདྨ་དང་ཟླ་བའི་སྟེང་དུ་ཇི་ལྟ་བའི་རིམ་པས་ཡེ་ཤེས་ཀྱི་དཀྱིལ་འཁྱོར་དགུག་པ་དང༌། གཞུག་པ་དང་བཅིང་བ་དང༌། དབང་དུ་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་སྡིགས་མཛུབ་དང་མཐེའུ་ཆུང་དག་ལུ་གུ་རྒྱུད་ལྟར་བྱས་པའི་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་གན་རྒྱལ་དུ་བྱའོ། །རང་གི་ཁ་ལ་གཞག་ལ་མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་རྣམས་ཀྱིས་ལེགས་པར་མཆོད་ལ་སྐད་ཅིག་ལ་


DTG066_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག་པར་བྱའོ། །དེའི་རྗེས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་ཏེ། སྔར་བཞིན་མི་བསྐྱོད་པ་སྤྱི་བོར་བདག་ཉིད་ཀྱིས་བསྒོམ་པར་བྱའོ། །ཨོཾ་སརྦྦ་དྷརྨཱ་བྷཱ་ཝ་སྭ་བྷཱ་བ་བི་ཤུདྡྷ་བཛྲ་ཨ་ཨཱ་ཨཾ་ཨཿ། པྲ་ཀྲྀ་ཏི་པ་རི་ཤུདྡྷ་ས་རྦྦ་དྷརྨྨ་ཡ་དུ་ཏ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ་མཉྫུ་ཤྲཱི་པ་རི་ཤུདྡྷ་ཏཱ་མུ་པ་དཱ་ཡེ་ཏི་ཨ་ཨཱཿ། སརྦྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿབྷ་ག་བཱ་ན་ཛྙཱ་ན་མཱུ་རྟི་བཱ་གཱི་ཤྭ་ར་མ་ཧཱ་ཝ་ཙ་སརྦྦ་དྷརྨྨ་ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ་དྷཱརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ། ཞེས་བྱ་བའི་སྔགས་ཀྱིས་དང་པོ་དང་བར་དང་ཐ་མར་བྱིན་གྱིས་བརླབས་ལ་སྔར་ལྟར་རྗེ་བཙུན་མཚན་ཡང་དག་པར་བརྗོད་པ་ཉིན་རེ་བཞིན་ཐུན་གསུམ་དུ་ལན་གསུམ་མམ་ལན་གཅིག་མངོན་པར་དགའ་བའི་མཐར་ཐུགས་པ་ཕན་ཡོན་དང་བཅས་པ་བཀླག་པར་བྱའོ། །དེ་ལྟར་ཇི་སྲིད་བཀླགས་པ་དེ་སྲིད་དུ་གྲུབ་པའི་རྟགས་མཐོང་ངོ༌། །དེ་མ་ཐག་ཏུ་ཇི་ལྟ་བའི་སྔགས་ཀྱིས་གྲུབ་པའི་ཚུལ་རྗེས་སུ་གནས་སོ། །མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས་མཁས་པ་ཆེན་པོ་པྲ་བྷཱ་ཀ་རས་མཛད་པ་རྫོགས་སོ།། །།ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་དགེ་སློང་གཞོན་ནུ་རིན་ཆེན་གྱི་དོན་དུ་དཔལ་ཐར་པ་གླིང་གི་གཙུག་ལག་ཁང་དུ་ལེགས་པར་བསྒྱུར་བའོ།། །།


previousམཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས། པྲ་བྷཱ་ཀ་ར།next