Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཚན་ཡང་དག་པར་བརྗོད་པ་ཀློག་པའི་མན་ངག།  ཤཱཀྱཤྲཱིབྷདྲ།
   
   
   
   
   
   
   
   


 
previousམཚན་ཡང་དག་པར་བརྗོད་པ་ཀློག་པའི་མན་ངག། ཤཱཀྱཤྲཱིབྷདྲ།next

མཚན་ཡང་དག་པར་བརྗོད་པ་ཀློག་པའི་མན་ངག།
ཤཱཀྱཤྲཱིབྷདྲ།


DTG066_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ནཱ་མ་སཾ་གཱི་ཏི་བཱ་ཙ་ནོ་པ་དེ་ཤཾ། བོད་སྐད་དུ། མཚན་ཡང་དག་པར་བརྗོད་པ་ཀློག་པའི་མན་ངག །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དུས་གང་ཡང་རུང་བར་ཁྲུས་དག་པར་བྱས་ལ། བསམ་གཏན་གྱི་ཁང་པར་བ་སྟན་བདེ་བ་ལ་འདུག་སྟེ། རང་གི་སྙིང་གར་པད་ཟླའི་སྟེང་དུ་ཡི་གེ་མུཿདྨར་སེར་བསྒོམ་མོ། །དེ་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་འཕྲོས་པས་འོག་ནས་འཆད་པའི་སྐུ་མདོག་ཕྱག་མཚན་དང་ལྡན་པའི་འཕགས་པ་འཇམ་དཔལ་སྤྱན་དྲངས་ལ། ཡན་ལག་བདུན་པ་རྒྱས་པར་བྱ། །ཚད་མེད་པ་


DTG066_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བསྒོམ། འདི་དག་སྙིང་རྗེའི་ས་བོན་ནོ། །ཤེས་རབ་ཀྱིས་བོན་བྱིན་གྱིས་བརླབ་པའི་སྔགས་སྭ་བྷཱ་བ་བརྗོད་ལ། ནམ་མཁའ་ལྟ་བུའི་སྟོང་པ་ཉིད་ལ་ཡུན་རིང་དུ་གནས་པར་བྱ། །སྟོང་པའི་ངང་ལས་ཡི་གེ་ཧཱུཾ་མཐིང་ནག་བསམ་ཞིང་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པའི་ལྟེ་བ་ལ་ཟླ་བའི་སྟེང་དུ་ཧཱུཾ་གནས་པར་བསམ། དེ་འོད་དུ་ཞུ་བ་ལས་ལོགས་རྣམས་ལ་རྡོ་རྗེའི་ར་བ། སྟེང་དུ་དྲ་བ། འོག་ཏུ་གསར་གྱིས་གཞི་ལ་ཐུག་པའི་རྡོ་རྗེའི་རང་བཞིན་དུ་ཡོད་པ། རྡོ་རྗེའི་འོད་ཀྱིས་ར་བའི་ཕྱི་རོལ་གྱི་ཕྱོགས་མཚམས་བཅིང་ངོ༌། །འདི་ནི་སྲུང་བའི་འཁོར་ལོ་སྟེ་ཕྱི་རོལ་གྱི་འོད་ཀྱིས་བགེགས་སྲེག་པར་བྱེད་ལ་ནང་གི་རྡོ་རྗེས་འབིགས་པ་ལ་སོགས་པས། ར་བའི་ནང་དུ་བགེགས་ཀྱིས་མི་ཐར་བར་བསམ། དེ་ནས་རྡོ་རྗེའི་ནང་དུ་ཧྲཱིཿ་དཀར་པོ་ཡོངས་སུ་གྱུར་པ་ལས་པདྨ་དེའི་སྟེང་དུ་ཨ་ཡོངས་སུ་གྱུར་པ་ལས་ཟླ་བ་དེའི་སྟེང་དུ་ཡི་གེ་མུཿ་དམར་སེར་ཅིག་བསམ། དེ་ལས་འོད་ཟེར་རྒྱལ་བ་རིགས་ལྔའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་པས་སྣོད་བཅུད་ཐམས་ཅད་ལ་རེག་པས་དེ་དག་ཀྱང་འཇམ་དབྱངས་སུ་གྱུར་ནས་ཚུར་འདུས་པས་མུཿལ་ཐིམ་པར་བསམ། དེ་ཡོངས་སུ་གྱུར་པ་ལས་འཇམ་དབྱངས་སྐུ་མདོག་དམར་སེར་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། ཕྱག་བཞི་པ་ཞལ་གསུམ་པའི་ཞལ་གཡས་ནག་པོ་གཡོན་དཀར་པོ་དབུས་དམར་པོ་སྤྱན་གཉིས་གཉིས་ཡོད་པ། ཕྱག་གཡས་ཀྱི་དང་པོ་ན་རལ་གྲི། གཉིས་པ་ན་མདའ་བསྣམས་པ། གཡོན་གྱི་དང་པོ་ན་པུ་སྟི། གཉིས་པ་ན་གཞུ་བསྣམས་པ། དབུ་ལ་རིན་པོ་ཆེའི་ཐོར་ཚུགས་ཡོད་པ། མཚན་སུམ་ཅུ་རྩ་གཉིས་མངའ་བ། དཔེ་བྱད་བཟང་པོ་བརྒྱང་ཅུས་སྤྲས་པ། རིན་པོ་ཆེའི་རྒྱན་དུ་མས་མཛེས་པ། ཤིན་ཏུ་གཞོན་ཤེ་དང་བཅས་པའི་སྐུ་ཀྱི་ཕུང་པོ་རབ་ཏུ་འབར་བར་བསྒོམ་མོ། །དེའི་ཐུགས་ཀར་པད་ཟླའི་སྟེང་དུ་རྡོ་རྗེ་སེམས་མ་དཀར་མོ་ཕྱག་གཡོན་པ་དྲིལ་བུ་དཀུར་བརྟེན་པ་གཡས་ཀྱིས་རྡོ་རྗེ་ཐུགས་ཀར་བསྣམས་པ། མཛོད་སྤུ་ལ་རིན་ཆེན་རྡོ་རྗེ་མ་སྐུ་མདོག་སེར་མོ་ཕྱག་གཉིས་ཀྱིས་དབུ་ལ་མེ་ཏོག་གི་ཕྲེང་བ་འདོགས་པ། མགྲིན་པར་པདྨ་རྡོ་རྗེ་མ་སྐུ་མདོག་དམར་སེར་ཕྱག་གཡོན་གྱིས་


DTG066_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཁ་ཟུམ་པའི་ཡུ་བ་ནས་བཟུང་ཞིང་གཡས་ཀྱིས་རྒྱས་པར་མཛད་པ། སྐྲ་མཚམས་སུ་ལས་ཀྱི་རྡོ་རྗེ་མ་སྐུ་མདོག་ལྗང་གུ་ཕྱག་གཉིས་ཀྱིས་རྡོ་རྗེ་དཔྲལ་བར་བརྟེན་པར་བསྒོམ་མོ། །དེ་ནས་ཐུགས་ཀ་ནས་འོད་ཟེར་འཕྲོས་ནས་ངག་ཏུ་ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ། ཞེས་བརྗོད་ལ་ཡེ་ཤེས་སེམས་དཔའ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ཏེ་མཆོད་པས་མཉེས་པར་བྱས་ལ་ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ། ཞེས་བརྗོད་པས་དགུག །ཨོཾ་བཛྲ་ཨཱ་ཤ་ཧཱུཾ། ཞེས་པས་གཞུག །ཨོཾ་བཛྲ་སྥོ་ཊ་བཾ། ཞེས་པས་ཐ་མི་དད་པར་བསམ། ཨོཾ་བཛྲ་ཨཱ་བེ་ཤ་ཧོཿ། ཞེས་པས་དགྱེས་པར་བསམ་མོ། །ཡང་འོད་ཟེར་འཕྲོས་ཏེ་རྒྱལ་བ་རིགས་ལྔའི་སངས་རྒྱས་དཔག་ཏུ་མེད་པ་སྤྱན་དྲངས་ལ་སངས་རྒྱས་རྣམས་ཀྱི་ཕྱག་ཏུ་རིན་པོ་ཆེའི་བུམ་པ་བསྣམས་ཏེ་སྤྱི་བོ་ནས་བདུད་རྩིས་དབང་བསྐུར་བས་ནང་དུ་ཟག་མེད་ཀྱི་བདེ་བ་ཆེན་པོ་སྐྱེས། ཕྱིར་ཆུ་ལྷག་མ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་སྐུ་མདོག་ནག་པོ་རིགས་ཀྱི་དབུ་བརྒྱན་ནོ། །དེ་ནས་རྡོ་རྗེ་ཁུ་ཚུར་དང་རྡོ་རྗེའི་ཕྱག་གྱ་བྱ། འཁོར་ལོའི་ཕྱག་རྒྱས་སྙིང་ག་དང་མགྲིན་པ་དང་དཔྲལ་བར་རེག་གོ །དེ་དག་ཚར་ནས་གཞུང་ཀློག་པ་ལ་འཇུག་པར་བྱ་སྟེ། ཕན་ཡོན་དང་བཅས་ཏེ་འདོན་ན་ལེགས། མེད་ཀྱང་རུང་སྟེ། ཐོག་མར་ཞབས་ཀྱི་སྔགས་ཚར་གཅིག་འདོན། དཀྱིལ་འཁོར་གསུམ་པའི་རྗེས་ལ་སྔགས་ཚར་གཅིག །མཇུག་ཏུ་ཚར་གཅིག་སྟེ། མཚན་བརྗོད་ཚར་རེ་ལ་སྔགས་ལན་གསུམ་གསུམ་འདོན། མཚན་བརྗོད་ཀློག་པའི་མན་གནག་ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲས་མཛད་པ་རྫོགས་སོ།།


previousམཚན་ཡང་དག་པར་བརྗོད་པ་ཀློག་པའི་མན་ངག། ཤཱཀྱཤྲཱིབྷདྲ།next