Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་བརྒྱད་པ།


   
   
   
   
   
   
   
   
   
   
ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རོའི་སྦྱིན་སྲེག་གི་དཀྱིལ་འཁོར་གྱི་ཆོ་ག།  དྷརྨ་ཀཱིརྟི།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རོའི་སྦྱིན་སྲེག་གི་དཀྱིལ་འཁོར་གྱི་ཆོ་ག། དྷརྨ་ཀཱིརྟི།next

ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རོའི་སྦྱིན་སྲེག་གི་དཀྱིལ་འཁོར་གྱི་ཆོ་ག།
དྷརྨ་ཀཱིརྟི།


DTG068_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་དུ་རྒ་ཏི་པ་རི་ཤོ་དྷ་ན་མ་ར་ཧོ་མ་མཎྜ་ལོ་པ་ཡི་ཀ །བོད་སྐད་དུ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རོའི་སྦྱིན་སྲེག་གི་དཀྱིལ་འཁོར་གྱི་ཆོ་ག །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བདེར་གཤེགས་གཙོ་དང་སྲས་པོ་དང་པོ་དང༌། །རྒྱལ་སྲས་ལྷག་མ་དང་ནི་རིགས་ཀྱི་ཡུམ་རྣམས་དང༌། །ཕྱི་ནང་ལྷ་མོ་སྒོ་སྐྱོང་བཅས་པ་ལ། །དངོས་པོ་ཀུན་གྱི་དང་བས་ཕྱག་འཚལ་འདུད། །རྩ་བའི་རྒྱུད་ལས་བཏུས་ནས་སུ། །ངན་སོང་ཐམས་ཅད་སྦྱོང་མཛད་པའི། །ཤི་བའི་དོན་དུ་རོ་སྲེག་ཐབས། །སངས་རྒྱས་གསང་བའི་རིམ་པ་ལ། །བརྟེན་ཏེ་བདག་གིས་བཤད་པར་བྱ། །དང་པོར་བླ་མ་རིན་པོ་ཆེ་མཉེས་པར་བྱས་ནས། དེས་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་བ་དང་དམ་


DTG068_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཕོག་ནས། སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་པས་སྔར་རང་གི་སྒྲུབ་ཐབས་ཀྱི་རིམ་པས་བསྙེན་པ་བྱས་པ་དང༌། བཟླས་བརྗོད་བྱས་པས་མཚན་མ་མཐོང་བས། བདག་དང་གཞན་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་བྱ་བ་ལ་འཇུག་པར་བྱའོ། །དཀྱིལ་འཁོར་ཡོ་བྱད་ཐམས་ཅད་བསྡུས་ནས་སུ། ཚེས་གྲངས་བཟང་དང་རྒྱུ་སྐར་ལ་སོགས་བཟང་པོ་དང༌། དཀྱིལ་འཁོར་ས་གཞི་མཚན་མ་བལྟ་ཕྱིར་གྲོགས་དང་བཅས་པས་དེ་ཉིད་བརྟག་བྱ་སྟེ། །ལྷ་ཁང་ཚོང་དུས་ཡུལ་དེང་གྲོང་ཁྱེར་ཁྱམས་ཀྱི་ཤར་དང་བྱང་དུ་བརྩམ་པར་བྱ། །ཡང་ན་ས་བཟང་སྣུམ་དང་ཟུག་རྔུ་ལ་སོགས་ཉེས་མེད་ཤར་དང་བྱང་དུ་གཞོལ། མེ་ཏོག་ཆུར་ལྡན་རང་བཞིན་དག་པར་བྱའོ། །ཡང་ན་སྔགས་པ་ཡིད་གང་དུ་དགའ་བར་བྱའོ། །དེ་ནས་གཙོ་བོའི་ཏིང་ངེ་འཛིན་དུ་ཞུགས་ལ་ལྕིབས་ལམ་ལྷུང་བས་མཎྜལ་བྱའོ། །དཀོན་མཆོག་གསུམ་ལ་ཕྱི་ནང་མཆོད་པ་བྱ་ཞིང་འཇིག་རྟེན་སྐྱོང་བ་རྣམས་ལ་གཏོར་མ་སྦྱིན་དེ་ནས་ས་གཞི་གྲུ་བཞིར་བསམས་ལ་ས་བདག་བསམས་ཏེ་བརྐོ། སྟོན་ཟླ་གསུམ་ལ་བྱང་དུ་བལྟས་ཏེ་བརྐོ། །དགུན་ཟླ་གསུམ་ལ་ཤར་དུ་བལྟས་ལ་བརྐོ། །དཔྱིད་ཟླ་གསུམ་ལ་ལྷོ་རུ་བལྟས་ལ་བརྐོ།། དབྱར་ཟླ་གསུམ་ལ་ནུབ་ཏུ་བལྟས་ལ་བརྐོ་སྟེ་ལྟོ་བར་བསམས་ན། མགོ་དང་རྒྱབ་དང་འཕོང་བོར་བའོ། །སའི་རོ་ལྔ་ལ་སོགས་པ་བསལ་ཞིང་ཡང་ངོ༌། །དྲི་ཞིམ་པོ་དང་ས་བསྲེས་པའམ། དྲི་ཞིམ་པོ་དང་ཆུ་བསྲེས་པ་ལ་ཧཱུཾ་བཟླས་པས་བཀང་ལ་འཐས་པར་བཅགས་ལ། ལག་མཐིལ་ལྟར་མཉམ་པའི་སྟེང་དུ་གཞལ་ཡས་ཁང་རྒྱན་དང་བཅས་པ་བསམ། མེ་ཏོག་ཕྲེང་བ་ལ་སོགས་པའི་རྒྱན་མང་པོ་དགོང༌། གཙོ་བོའི་བཟླས་པ་བྱས་པའི་སྨན་དང་འབྲུ་དང་རིན་པོ་ཆེ་དབུས་སུ་གཞག་གོ །ཟུག་རྔུའི་ཉེས་པ་ཐམས་ཅད་ནི། །གལ་ཏེ་དབྱུང་བར་མི་ནུས་ན། །ལག་པ་བརྡབ་སྟེ་སྔགས་འདི་བཟླས། །དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར། །ཁང་ཆེན་བྲག་ཕུག་བ་ལང་ལྷས། །ལྷ་ཁང་ལ་སོགས་འབབ་ཆུ་འགྲམ་ལྔར་སྦྱང་མི་དགོས། རང་གཙོ་བོར་བསྒོམ་ཞིང་ཁྲོ་བོའི་སྔགས་ཀྱིས་བགེགས་བསྐྲད་ཆུ་དང་ཡུངས་ཀར་ཐལ་བ་ལ་བཟླས་


DTG068_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བའི་རྣམ་ལྔས་བྱུག་ཅིང་དྲིའི་ཆབ་ཀྱིས་གཏོར། ཁྲོ་བོའི་གསང་སྔགས་ལན་བདུན་བཟླས་པའི་སྨན་དང་རིན་ཆེན་དབུས་སུ་གཞུག །ས་དག་པར་བྱེད་པའི་ཆོ་གའོ།། །།དེ་ནས་རྣམ་དག་མོས་པ་ཡིས། །ནང་གི་ཁྲུས་ཀྱིས་དག་པར་བྱའོ། །དང་པོ་སྔགས་པ་བདག་གི་ངག །དག་པར་འདོད་པས་འདི་ལྟར་བསམ། །ལྕེ་ལ་པཾ་ལས་སྐྱེས་པ་ཡི། །པདྨ་འདབ་གཅིག་བསྐྱེད་བྱ་སྟེ། །དེ་སྟེང་ཡི་གེ་ཨ་ལས་ནི། །བསྐྱེད་པ་ཟླ་བའི་དཀྱིལ་འཁོར་དུ། །ཧཱུཾ་ལས་རྡོ་རྗེ་རྩེ་ལྔར་བསྐྱེད། །རྡོ་རྗེ་ལྕེ་སྟེང་ཐིམ་བྱས་ནས། །རྡོ་རྗེ་ལྕེ་ཞེས་བྱ་བ་སྟེ། །སྔགས་བཟླས་མཐུ་དང་ལྡན་པར་འགྱུར། །ལག་གཉིས་མཐིལ་དུ་ཟླ་གཉིས་བསམ། །དེ་ཡང་ཡི་གེ་ཨ་ལས་སོ། །ཧཱུཾ་ལས་རྡོ་རྗེ་རྩེ་ལྔར་བསྐྱེད། །ཤིན་ཏུ་དཀར་བ་ལག་པ་ལ། །ཐིམ་པས་རྡོ་རྗེ་ལག་པར་བཤད། །ཕྱག་རྒྱ་གང་ཡིན་བཅིང་བར་བྱ། །རྡོར་དྲིལ་གཡོན་བླངས་ལག་བཞག་སྟེ།། རྡོ་རྗེ་སྙིང་རྗེ་བྱང་ཆུབ་སེམས། །དྲིལ་བུ་སྟོང་པའི་བདག་ཏུ་བརྟག །དེ་ལྟར་བདག་གིས་བསྒོམ་བྱས་ལ། །སྤྱི་བོར་དཀྲོལ་ཏེ་དབང་བསྐུར་རོ། །དེ་ནས་ཕབ་ལ་ཕྱོགས་བཅུར་བསྒྲགས། །དེ་ནས་ལན་གསུམ་གྱེན་འཕྱར་དཀྲོལ། །དེ་གཉིས་གཅིག་གིས་གཅིག་འཁྱུད་དེ། །རྡོ་རྗེ་ལན་གསུམ་གསོར་བྱས་ཏེ། །ཐུགས་ཀར་བརྟན་པ་སྤྱན་དྲང་པ། །དྲིལ་བུའི་སྒྲས་ནི་དགྱེས་པ་བསྐྱེད། །དེ་ལྟར་བྱས་ན་ནུས་པ་བསྐྱེད། །གཟའ་སྐར་སོགས་དུས་བཟང་བྱ་སྟེ། །སློབ་དཔོན་རང་ལྷའི་རྣལ་འབྱོར་བྱས། །དཀྱིལ་འཁོར་དབུས་སུ་འདུག་ནས་སུ། །སྒྲུབ་པའི་རིམ་པས་བགེགས་བསྐྲད་དེ། །སྲུང་བའི་འཁོར་ལོ་རྫོགས་པར་བྱ། །སྙིང་ག་ནས་བྱུང་དཀྱིལ་འཁོར་སྤྲུལ། །འཁོར་ལོ་ལས་འཕྲོས་སྦྲུལ་པ་ཡིས། །ནམ་མཁའི་ཁམས་སུ་ཁྱབ་བསམས་ཏེ། །དེ་ལ་འདི་སྐད་གསོལ་བ་གདབ། །ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང༌། དེ་བཞིན་གཤེགས་པ་དང༌། །རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང༌། སྙིང་པོ་དང༌། ཕྱག་རྒྱ་དང༌། གསང་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་དང་བཅོམ་ལྡན་འདས་ཀུན་རིག་


DTG068_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་དུ་བཅས་པ་ཁྱེད་རྣམས་བདག་དང་སློབ་མར་བཅས་པ་ལ་བྱིན་གྱིས་བརླབ་ཅིང་བསྲུང་བའི་ཕྱིར་བཞུགས་སུ་གསོལ་ལོ་ཞེས་བསྐུལ་ཏེ། སྙིང་གའི་ཟླ་བའི་དཀྱིལ་འཁོར་རྡོ་རྗེའི་དབུས་སུ་བསྡུས་ནས་གཅིག་ཏུ་གྱུར་པར་བསམ། དེ་ནས་རང་ལུས་ལྷའི་ང་རྒྱལ་བྱས་ལ་ལངས་ཏེ་མིག་གཡོན་ཊ་ལས་ཟླ་བའི་དཀྱིལ་འཁོར་གཉིས་པ་མ་ལས་ཉི་མའི་དཀྱིལ་འཁོར་འབྲས་བུ་གཉིས་ལ་ཡི་གེ་ཧཱུཾ་འབར་བའི་ལྟ་བས་མེ་ལྟར་འབར་བས་རྡོ་རྗེའི་མིག་ཨ་ལས་སྣ་ཚོགས་རྡོ་རྗེ་རྐང་པའི་འོག་ཏུ་བསམ། རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ། རྒྱན་ཆ་དང་ལྡན་གཙོ་བོའི་ང་རྒྱལ་བསྐྱེད། རྡོ་རྗེ་འགྲོས་ཀྱིས་བསྐོར་བ་བྱ་ཞིང་དྲིལ་གསིལ་རྡོ་རྗེ་བསྐོར། །བགེགས་རྣམས་བསྐྲད་པའི་ཕྱིར་ནི་མགོ་མིག་བཏུད་ལ་འདི་སྐད་བརྗོད། སློབ་དཔོན་མིང་འདི་ཞེས་བྱ་བས་སློབ་མ་ཆེ་གེ་མོ་ཞིག་རྫོགས་པའི་བྱང་ཆུབ་རྫོགས་པར་བྱ་བའི་ཕྱིར་དང༌། མཐའ་ཡས་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་ས་ཕྱོགས་འདིར་དཀྱིལ་འཁོར་གྱི་རྒྱལ་པོ་རོ་བསྲེག་ཧོམ་གྱི་དཀྱིལ་འཁོར་ཞེས་བྱ་བ་འདྲི་ཡིས་ལྷ་དང༌། ལྷ་མ་ཡིན་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། ཡི་དགས་དང༌། ཤ་ཟ་དང༌། བརྗོད་བྱེད་དང༌། འབྱུང་པོ་དང༌། མཁའ་འགྲོ་མ་དང༌། རྣོན་པོ་དང༌། ནམ་མཁའི་ལྡིང་དང༌། མིའམ་ཅི་དང༌། །རིག་སྔགས་འཆང་བ་གྲུབ་པ་རྒན་པོ་དང༌། རྒན་མོ་དང༌། འཁོར་དང་གཡོག་ཏུ་བཅས་པ་གང་དག་འཁོད་པ་རྣམས་དེངས་ཤིག ། དེ་ལྟར་ཕྱག་ན་རྡོ་རྗེའི་བཀའ་ཐོས་ནས་མྱུར་དུ་དེངས་ཤིག །གང་དག་མི་འགྲོ་བར་སེམས་པ་དེ་དག་ནི་ཕྱག་ན་རྡོ་རྗེ་ཧཱུཾ་ཞེས་བྱ་བ་རབ་ཏུ་ཁྲོས་པའི་བཞིན་འབར་བ་ཅན་གྱིས་ཡེ་ཤེས་འབར་བ་རབ་ཏུ་རྡོ་རྗེ་ཆེན་པོར་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་རོ། །ཧཱུཾ་ཞེས་ལན་མང་དུ་བརྗོད། རང་ལས་སྤྲུལ་པའི་ཁྲོ་བོ་གྲངས་མེད་པ་ཤིན་ཏུ་འཇིགས་པ་ཕྱུང་སྟེ། བགེགས་ཚར་བཅད་ནས་ནམ་མཁའ་ཁྱབ་པར་འཁྱིལ་ཞིང་བཞུགས་སོ། །གཡས་བརྐྱང་ལ་སོགས་པའི་སྟང་སྟབས་སྐབས་འདིར་བྱའོ། །གོམ་པ་བརྒྱད་པ་ཡང་བྱའོ། །ཧཱུཾ་རྒྱུན་


DTG068_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཆད་པར་བྱའོ། །རྡོ་རྗེ་དྲིལ་བུ་བསྐོར་རོ། །སྟང་སྟབས་བྱའོ། །དེ་ནས་དབང་ལྡན་ནས་བརྩམས་ཏེ་སྐོར་ཕྱོགས་སུ་ཕུར་བ་རྣམས་ལ་བཟླས་ཤིང༌། གསེར་གྱིས་གཞི་ལ་ཐུག་པའི་བར་དུ་བཏབ་པར་བསམ། ཨོཾ་བཻ་རོ་ཙ་ན་ཧཱུཾ། སརྦ་བིགྷྣཱན་ཨུ་ཙ་ཡ་ཧཱུཾ་ཕཊ། དེ་ནས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་བཅས་ལ། ཧཱུཾ་བརྗོད་ཅིང་ང་རྒྱལ་བསྐྱེད་དེ་སྔགས་ཀྱང་བརྗོད། དེའི་རྣལ་འབྱོར་བྱ་སྟེ། ནམ་མཁའ་ལ་ནི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གང་བའི་ང་རྒྱལ་བསྐྱེད་ལ། གྲོགས་པོ་རྣམས་ཀྱིས་དཀྱིལ་འཁོར་བྲི་བའི་ཕྱིར་བདག་ཉིད་ལ་གསོལ་བ་བཏབ་པར་བསམ་མོ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་དུ་བཟང་པོའི་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་མཆོག་ནི་ཆོས་ལས་བྱུང༌། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཀུན་དུ་བཟང་པོ་ཐུགས་ཀྱི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །དེ་ནས་ལངས་ལ་ནམ་མཁའ་ཁྱབ་པའི་དེ་བཞིན་གཤེགས་པ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ད་ཡ་བནྡྷ་ནཾ་ཀ་རོ་མི། ཞེས་པས་ཞབས་ལ་ཕྱག་བྱའོ།། དེ་བཞིན་གཤེགས་པའི་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། ལངས་ལ་ང་རྒྱལ་བསྐྱེད་པ་འདི་བརྗོད་དོ། །བདག་ཉིད་རང་བཞིན་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་བདག་རང་ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །སྟོབས་ཆེན་རྡོ་རྗེ་ཅན་བདག་ཡིན། །རྣལ་འབྱོར་དབང་ཕྱུག་རྒྱལ་པོ་བདག །ཕྱག་ན་རྡོ་རྗེ་སྟོན་བདག་སྟེ། །བདག་པོ་རྡོ་རྗེ་ཆེན་པོ་བདག །བྱིན་གྱིས་བརླབས་པ་མི་འདོར་རོ། །དེ་ནས་རྡོ་རྗེ་དྲིལ་བུ་བླངས་ལ། ཨོཾ་བཛྲ་ཨུཏྟིཥྛ། ཞེས་པས་ཇི་ལྟར་སྤྲུལ་པའི་ལྷའི་དཀྱིལ་འཁོར་ནམ་མཁའ་ལ་བཞུགས་སུ་གསོལ། ཡང་སྟང་སྟབས་གཡས་


DTG068_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་ལ་སོགས་པ་བྱའོ། །ས་གཞི་རྡོ་རྗེར་གྱུར་པར་བསམ་མོ། །གཞལ་ཡས་ཁང་ནམ་མཁའ་ལ་དམིགས་ལ་རྡོ་རྗེའི་མིག་གིས་བགེགས་མེད་པར་མཐོང་ནས་སྒོ་དབྱེ་བའི་ཕྱག་རྒྱས་སྒོ་དབྱེ་སྟེ། སྔགས་པས་རྡོ་རྗེ་རྒྱུའི་གཟུགས་ལྟོ་བ་ཆེ་བ་དབུ་བཞི་པ་ཕྱག་བཞི་པ་རྡོ་རྗེ་དང་འཁོར་ལོ་དང་པདྨ་དང་རལ་གྲི་བསྣམས་པ་སྐུ་མདོག་སེར་པོ་བསྒོམས་ཏེ་དེ་ལ་འཁོར་ལོ་བཙུད་ལ་ལྕགས་ཀྱུའི་ཕྱག་རྒྱས་བཀུག་ལ། ཨོཾ་བཛྲ་མཎྜལ་ཧཱུཾ་བཛྲ། ཞེས་པས་རྡོ་རྗེ་རྒྱུ་ཉིད་བསྒྱུར་བས་ས་གཞི་གྲུབ་པར་འགྱུར་ཏེ་དེ་ནས་འདིས་བྱིན་གྱིས་བརླབ་པར་བྱས། ཨོཾ་མ་ཧཱ་བཛྲ་ཙ་ཀྲ་ཨུཏྟིཥྛི་བིདྡྷ་ཧཱུཾ། དེ་ནས་ཁུ་ཚུར་གཉིས་བཅིངས་ཏེ། །འཁོར་ལོ་བཞིན་དུ་བསྐོར་བར་བྱ། །འཁོར་ལོ་བྱིན་གྱིས་བརླབས་པའོ། །དེ་ནས་ཙནྡན་དམར་པོ་མེ་ཏོག་དམར་པོ་དར་དམར་པོའི་རྒྱན་དང་བཅས་པའི་ཕུར་པ་ལག་པ་གཡོན་པའི་ཁུ་ཚུར་གྱིས་བཟུང་ལ་གཡས་པས་ཐོ་བ་རྒྱན་དང་བཅས་པས་བརྡུང་ངོ༌། །དབང་ལྡན་ནས་བརྩམས་ཏེ། ཨོཾ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་ཧཱུཾ་ཕཊ། ཕུར་པ་གདབ་པའི་སྔགས་སོ། །ཨོཾ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཧཱུཾ་ཐོ་བའི་སྔགས་སོ། །དེ་ནས་རྩེ་གསུམ་པའི་ཕྱག་རྒྱས་བགེགས་བསྐྲད། ཨོཾ་ཨཱཿ་ཧཱུཾ། གསུམ་གྱིས་ཕྱི་རོལ་དུ་འཁོར་ལོ་དང་པདྨ་དང་རྡོ་རྗེ་ར་བ་དང་ས་གཞི་ཡང་རྡོ་རྗེར་བསམ། འབར་བའི་ཕྲེང་བ་འོད་དང་བཅས་པ་བསྒོམ་བགེགས་བསྐྲད་ཅིང་གཙོ་བོའི་སྔགས་དང་རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅད་པར་བསམ་མོ། །དེ་ནས་ཡི་གེ་ལཾ་ལས་བྱུང་བའི་སའི་ལྷ་མོ་སྐུ་མདོག་སེར་མོ་བུམ་པ་ལག་ན་ཐོགས་པ་རྒྱན་ཐམས་ཅད་དང་ལྡན་པ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་ལ་སོགས་པ་བྱས་ནས། མཆོད་པ་བྱ་ཞིང་ཚིགས་སུ་བཅད་པ་འདིས་སྟ་གོན་དུ་བྱའོ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས། །སྤྱོད་པའི་ཚུལ་དང་ཁྱད་པར་ནི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་འགྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱ་སྟེ་དཀྱིལ་འཁོར་བྲི། སའི་ལྷ་མོ་དགའ་བའི་མདངས་ཀྱིས་དེ་བཞིན་དུ་གྱིས་ཤིག་ཟེར་ནས་འོག་ཏུ་ཐིམ་མོ། །དེ་ནས་


DTG068_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་བསྡམས་པ་དང་སྔགས་འདིས་གཟུང་བར་བྱའོ། །ཨོཾ་བཛྲ་བྷ་བ་ཧཱུཾ། ཞེས་བརྗོད་དོ། །ཨོཾ་བཛྲ་དྷི་དེ་ཨུ་ཏ་ཏིཥྛ། ཞེས་པས་བྱིན་གྱིས་བརླབ་པའི་ཆོ་གའོ། །དེ་ནས་དྲི་བཟང་པོ་ལ་སོགས་པས་བྱུགས་ལ། མེ་ཏོག་སྣ་ཚོགས་པ་ཆལ་བར་དགྲམ་མོ། །དཀྱིལ་འཁོར་དུ་ལྷ་རྣམས་ཇི་ལྟར་གནས་པའི་མིང་བརྗོད་དེ་མཎྜལ་རེ་རེ་བྱའོ། །ར་བ་དང་དྲ་བ་ལ་སོགས་པས་མཚམས་བཅད་ནས། རྣམ་པར་སྣང་མཛད་འཁོར་དང་བཅས་པ་སྤྱན་དྲངས་ལ་ཞབས་བསིལ་དང་ཞལ་བསིལ་དང་ཡོན་ཆབ་དང་མཆོད་པ་བརྒྱད་དང་གཞན་གྱིས་ཀྱང་མཆོད་བསྟོད་པ་བྱ་སྟེ་ནམ་མཁའོ། །བདག་རང་དཀྱིལ་འཁོར་གྱི་དབུས་སུ་འདུག་ནས། སྒྲུབ་ཐབས་ནས་འབྱུང་བ་བཞིན་དུ་བགེགས་བསལ་ནས་སེམས་དཔའི་སྐྱིལ་མོ་ཀྲུང་དུ་འདུག་ལ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བྱས་ལ་ང་རྒྱལ་བསྐྱེད་དེ་སེམས་དག་པར་བྱ་ཞིང་འདི་བརྗོད་ལ། དེར་དུ་བདག་ཚེ་འབྲས་བུ་ཡོད། །བདག་ནི་བསོད་ནམས་འབྲས་བུར་བཅས། །ལྷ་དང་དམ་ཚིག་གིས་མཉམ་པར། །འགྱུར་བར་བདག་ནི་ཐེ་ཚོམ་མེད། །བྱང་ཆུབ་སེམས་དང་སེམས་གཅིག་པས། །མི་ལྡོག་པར་ནི་བདག་འགྱུར་ཏེ། །དེ་བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པའི་མཆོག་ཡིན་ནོ། །དེ་ནས་ལུས་ཐམས་ཅད་ཀྱིས་ཕྱག་བྱས་ལ་སངས་རྒྱས་ཐམས་ཅད་ལ་གསོལ་བ་གདབ་པར་བྱའོ། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་ཐམས་ཅད་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །ཚེ་འདས་འདི་ཡི་དོན་དུ་ནི། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་བྲི། །དེང་འདིར་སངས་རྒྱས་ཀུན་གཤེགས་ཏེ། །དངོས་གྲུབ་དེ་ནི་སྩལ་དུ་གསོལ། །ཞས་ལན་གསུམ་བརྗོད་པས་སྔ་མ་བཞིན་བསམས་ཏེ། དཀྱིལ་འཁོར་གྱི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཨོཾ་ལ་སོགས་པ་རང་རང་གི་ཡི་གེ་བཀོད་ལ། ལྷ་འཁོར་དང་བཅས་པ་སོ་སོའི་གནས་སུ་བཞུགས་པར་བསམ་མོ། །དེའི་འོག་ཏུ་ནམ་མཁའི་ཡེ་ཤེས་སེམས་དཔའ་འཁོར་དང་


DTG068_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ཏེ། དམ་ཚིག་སེམས་དཔའ་དང་གཅིག་ཏུ་བྱའོ། །དེ་ནས་ཞབས་བསིལ་ཞལ་བསིལ་མཆོད་ཡོན་ལྷ་སོ་སོ་འཁོར་དང་བཅས་པ་བཞུགས་སུ་གསོལ་ཏེ་དབུལ་སོ་སོའི་སྔགས་ལ། ཨོཾ་བཻ་རོ་ཙ་ན་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། མཆོད་ཡོན་གྱི་སྔགས་སོ། །དེ་ལ་སོགས་པའི་མཆོད་པ་ལྔ་ཕུལ་ལ་བསྟོད་པ་དང་ཕྱག་བྱའོ། །དེ་ནས་གསེར་རམ་དངུལ་ལམ་ཟངས་ལས་རྣམ་པར་རྒྱལ་བའི་བུམ་པ་བྱའོ། །མ་འབྱོར་ན་ཁམ་པ་ལས་བྱའོ། །དེ་ཉིད་དངོས་པོ་མེད་པར་བསམས་ལ། ཡི་གེ་ཁཾ་ལས་བྱུང་བ་ནག་པོ་ར་རི་མེད་པ་མགྲིན་པ་རིང་བ། ལྟོ་བ་ཆེ་བ་མཆུ་འཕྱང་བ་བསྒོམས་ལ། དེའི་ནང་དུ་ཧྲཱིཿ་ལས་པདྨ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་མ་ལས་ཉི་མའི་དཀྱིལ་འཁོར་སྔ་མ་བཞིན་དུ་ལྷའི་འཁོར་ལོ་བསམས་ལ་དེ་རྣམ་པར་དག་པར་གྱུར་པ་ལས་བདུད་རྩིའི་ཆུས་གང་བར་བསམས་ཏེ། དེ་ནས་དྲི་ཆུ་བླུགས་ལ་མར་དང་འོ་མ་ལ་སོགས་པ་སྩལ། སྨན་ལྔ་དང་འབྲུ་ལྔ་དང་རིན་པོ་ཆེ་སྩལ། དེ་ཡང་ལུང་ལས། བྱ་ཀྲི་སིཾ་ཧ་ཀརྣི་ཀ །ཧ་ས་ཧ་ས་དེ་བ་སྟེ། །སྨན་སྣ་ལྔ་ཞེས་བྱ་བ་སྟེ། །ལས་རྣམས་ཀུན་ལ་འདི་དག་གཟུང༌། །འབྲས་ཀྱི་སོ་བ་མོན་སྲན་གྲེའུ། །ནས་དང་གྲོ་དང་ཏིལ་དང་ལྔ། །ལས་ཀུན་ལ་ནི་འདི་དག་ཤིས། །ཤེལ་དང་དངུལ་དུང་བྱི་རུ་མུ་ཏིག་སྟེ། །རིན་ཆེན་ལྔ་ཞེས་བྱ་བ་ཡིན། །སྨན་ལྔ་བྱང་ཆུབ་སེམས་ཀྱི་རྟགས། །འབྲུ་ལྔ་ཐུགས་ཀྱི་རང་བཞིན་ཏེ། །རིན་ཆེན་བདེ་གཤེགས་སྐུ་མདོག་རྟགས། །ཞེས་པའོ། །བུམ་པ་ལ་འཁོར་ལོའི་བདག་པོ་ལྔའི་མཚན་མ་ལ་སོགས་པ་ལྔ་དང་ལྡན་པར་བྱ་ཞིང༌། དཀར་པོ་དམར་པོ་སེར་པོ་ལྗང་གུ་སྔོན་པོའི་ཁ་དོག་དང་ལྡན་པའི་རས་ཀྱིས་མགུལ་པ་བཅིང་བར་བྱའོ། །མ་འབྱོར་ན་རས་སར་པ་ཞིག་གིས་སྤྱིར་བཅིང་བར་བྱའོ། །ཤིང་འོ་མ་ཅན་འབྲས་བུ་ཅན་གྱིས་ཁ་རྒྱན་བྱའོ། །གཙོ་བོའི་ཕྱག་རྒྱ་བསྟན། ཡང་ན་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བསྟན། གཙོ་བོའི་སྔགས་བརྒྱ་རྩ་བརྒྱད་དམ་སྟོང་རྩ་བརྒྱད་བཟླས་སོ། །ཡང་ན་ཨོཾ་བཛྲ་ཨུ་ད་ཀ་ཋ་ཧཱུཾ། ཞེས་བཟླས་ལ་


DTG068_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་གོ །མེ་ཏོག་དཀར་པོ་ཆལ་པར་བཀྲམ་པ་རས་བཏིང་པའི་སྟེང་དུ་གཞག་གོ །དེ་ནས་མཆོད་ཡོན་ཆུ་དང་བཅས་པ་ལ་སོགས་པ་བཤམས་ལ། མཆོད་པ་ཆེན་པོའི་ཞག་བར་དུ་ཉིན་རེ་ལ་ལན་གསུམ་དུ་ཏིང་ངེ་འཛིན་དང་མཆོད་པ་དང་བཟླས་པ་བྱའོ། །བཟླས་པ་ནི་བསྐྱེད་པ་ལའོ། །དེ་ནས་ཞུ་བར་བྱའོ། །དེ་ནས་མཆོད་པའི་དུས་སུ་དཀྱིལ་འཁོར་བསྐོར་ལ། དང་པོར་དབུས་སུ་དེ་ནས་སོ་སོའི་གནས་སུ་གཞག་གོ །བུམ་པའི་གྲངས་ལྷ་གྲངས་ཇི་ཙམ་ཡོད་པ་དེ་ཙམ་མོ། །མ་འབྱོར་ན་བཅུ་དྲུག་ལས་ཉུང་བར་མི་བྱའོ། །དེ་ནས་ལས་ཐམས་ཅད་པའི་བུམ་པ་ལ་བགེགས་བསྐྲད་པའི་བསྔགས་བཟླས་ཏེ་སྣ་ཚོགས་རྡོ་རྗེས་མཚན་པ་ལ་མཆོད་པ་བྱས་ཏེ། ཕྱི་རོལ་དུ་བྱང་ཤར་མཚམས་སུ་གཞག་པར་བྱའོ། །འདི་སྐད་དུ་གསོལ་བ་གདབ་པར་བྱ་སྟེ། ཁྱེད་ཀྱིས་དཀྱིལ་འཁོར་མ་རྫོགས་བར་དུ་བགེགས་མི་སྲུན་པ་རྣམས་སུ་སྲུང་དུ་གསོལ་ལོ། །བུམ་པ་སྟ་གོན་གྱི་ཆོ་གའོ།། །།དེ་ནས་ཕྱི་རོལ་དུ་སོང་ལ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དུ་གནས་ལ། ཕྱོགས་སྐྱོང་གི་གཏོར་མ་བཏང་ངོ༌། །གྲུབ་ན་ཞི་བའི་སྦྱིན་སྲེག་བྱའོ། །དེ་ནས་སླར་དཀྱིལ་འཁོར་གྱི་སར་ཞུགས་ནས་སྔ་མའི་ཏིང་ངེ་འཛིན་ལ་གནས་ནས་ལྕེ་བྱིན་གྱིས་བརླབ་སྟེ། ཨོཾ་པདྨ་ས་ར་སྭ་ཏི་ཨ་པ་ར་ཧ་ཡ་ཤོ་དྷཱ་ཡ་ཧཱུཾ་ར་དྷི། དེས་ལྕེ་བྱིན་གྱིས་བརླབས་ནས་ལག་ཏུ་བདུག་སྤོས་ཐོགས་ལ་ཕུས་མོ་ས་ལ་བཙུགས་ནས་འདི་སྐད་གསོལ་བ་གདབ་པོ། །རྣམ་པར་སྣང་མཛད་བཅོམ་ལྡན་འདས། རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བདག་ལ་བརྩེ་བར་གྱུར་ནས་སུ། །ཚེ་འདས་འདི་ལ་བརྩེ་བ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ངས་ནི་དཀྱིལ་འཁོར་བྲི་བར་འཚལ། བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་གནང་བར་མཛད་པར་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང༌། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང༌། །གསང་བའི་ལྷ་གཞན་གང་ལྷགས་དང༌། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང༌། །གང་ཡང་འབྱུང་པོ་མཐུ་ཆེན་དང༌། །གང་དུ་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་མིང་འདི་ལ་དགོངས་སུ་གསོལ། །


DTG068_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མིང་འདི་ཞེས་བགྱི་བ་ཡིས། །སང་ནི་དཀྱིལ་འཁོར་བཟང་པོའི་མིང༌། །འདི་ཞེས་བགྱི་བ་ཅི་ནུས་ཀྱིས། །ཆོ་ག་བཞིན་དུ་འདྲི་ལགས་ན། །བདག་དང་སློབ་མར་བཅས་པ་ལ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། བྱིན་གྱིས་རློབ་པར་མཛད་དུ་གསོལ། །ཡེ་ཤེས་འབར་བའི་བསྲེག་ཁང་འདིར། །ཚེ་འདས་སྡིག་པ་སྦྱང་བའི་ཕྱིར། །འབྲས་བུ་རྫོགས་པའི་སངས་རྒྱས་རྣམས། །དམ་ཚིག་རྫོགས་པར་མཛད་འཚལ་གྱི། །སྟ་གོན་ལ་ནི་གནས་པར་མཛོད། །སེམས་དཔའ་ཆེན་པོ་ཕལ་རྣམས་ཀྱང༌། །གཙོ་བོའི་དམ་ཚིག་རྗེས་དགོངས་ཏེ། །ཡེ་ཤེས་འབར་བའི་བསྲེག་ཁང་འདིར། །ཚུལ་བཞིན་དུ་ནི་སྤྱན་འདྲེན་གྱིས། །སྟ་གོན་ལ་ནི་གནས་པར་མཛོད། །སྡེར་བཅས་ལྷ་ཀླུ་མཐུ་ཆེན་རྣམས། །སྔོན་གྱི་རྒྱལ་བའི་བཀའ་བཞིན་དུ། །ཕྱོགས་དང་མཚམས་སུ་སྤྱན་འདྲེན་གྱིས། །སྟ་གོན་ལ་ནི་གནས་པར་མཛོད། །རྒྱུ་དྲུག་འཁོར་པའི་སེམས་ཅན་རྣམས། །ཡེ་ཤེས་འབར་བའི་བསྲེག་ཁང་འདིར། །སྦྱིན་པ་རྒྱ་ཆེན་གཏོང་ལགས་ཀྱིས། །སྟ་གོན་ལ་ནི་གནས་པར་མཛོད། །སྔགས་མཁན་དམ་ཚིག་རྫོགས་པ་དང༌། །རྫས་དང་ཆོ་ག་མ་ཉམས་པར། །ཚུལ་བཞིན་དུ་ནི་གསལ་ལགས་ཀྱིས། །སྟ་གོན་ལ་ནི་གནས་པར་མཛོད། །ཅེས་པ་ལན་གསུམ་གུས་པ་དང་བཅས་པར་བརྗོད། དེ་ནས་སེམས་དག་པ་ནས་བསྟོད་པ་དང་ཕྱག་བྱ་སྟེ་ཕྱི་རོལ་དུ་བྱུང་ནས་སློབ་མ་སྟ་གོན་ལ་གནས་པར་བྱ་སྟེ། དང་པོར་ལུས་བཀྲུ་བ་དག་པ་དང༌། །གཙང་མ་བགོས་ལ་སྙིམ་པ་མེ་ཏོག་གིས་བཀང་ནས་སློབ་དཔོན་ལ་ཕྱག་བྱས་ལ་གསོལ་བ་གདབ་པར་བྱའོ། །དགའ་ཆེན་ཁྱོད་ནི་བདག་སྟོན་པས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་བགྱིད། །དེ་སྐད་ལན་གསུམ་བརྗོད་དོ། །དེ་ནས་སློབ་དཔོན་གྱིས་སློབ་མ་མཚན་ཉིད་དང་ལྡན་པ་ལ་འདི་སྐད་


DTG068_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དོ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱི། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱེད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་པ། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་དག །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་བླ་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དབུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །རྟོག་པ་མང་པོ་ལེགས་པར་བསྡུས་ནས་སུ། །ཤིན་ཏུ་བསམ་པ་བཟང་པོས་མཉན་པར་གྱིས། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་བཅུག་སྟེ། །བདག་གིས་སྡིག་པ་བགྱིས་པ་དང༌། །བགྱིད་དུ་སྩལ་དང་ཡི་རང་བ། །སངས་རྒྱས་སྤྱན་སྔར་མཆིས་ནས་ནི། །དེ་དག་ཐམས་ཅད་བཤགས་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི། །སྒོམ་དང་བཟླས་བརྗོད་བསོད་ནམས་ཚོགས། །དེ་ལ་བདག་ནི་ཡི་རང་ངོ༌། །སེམས་བསྐྱེད་མངོན་པར་སངས་རྒྱས་དང༌། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །བྱང་ཆུབ་སེམས་དཔའ་ཚོགས་སྤྱོད་ལ། །དེ་ལ་བདག་ནི་སྐྱབས་སུ་མཆི། །སངས་རྒྱས་རང་བྱུང་ཇི་ལྟ་བར། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པ་ལྟར། །དེ་རིང་ཉིད་དུ་སེམས་བསྐྱེད་དོ། །མགོན་པོ་བདག་ལ་དགོངས་སུ་གསོལ། །མ་ལུས་བཞུགས་པའི་སངས་རྒྱས་རྣམས། །དུས་འདི་ནས་ནི་སངས་རྒྱས་བར། །བླ་མེད་བདག་ལ་གཟིགས་སུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེ་ཉིད་བདག་ལ་དགོངས་སུ་གསོལ། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང༌། །དགེ་


DTG068_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །ཡང་དག་ཉིད་དུ་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །ནམ་དུ་ཡང་ནི་མི་གཏོང་ངོ༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་གཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ཡི། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་བ་མ་ལུས་བཟུང༌། །མ་གྲོལ་བ་ནི་དགྲོལ་བར་བགྱི། །མ་བསྒལ་བ་ནི་བསྒྲལ་བར་བགྱི། །དབུགས་མ་ཕྱིན་རྣམས་དབུགས་ཕྱུང་བགྱི། །སེམས་ཅན་མྱ་ངན་འདས་ལ་དགོད། །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་མི་རིང་སངས་རྒྱས་མྱུར་བསྒྲུབས་ནས། །སེམས་ཅན་འཁོར་བའི་རྒྱ་མཚོར་བྱིང་པ་རྣམས། །བླ་མེད་བྱང་ཆུབ་ཉིད་དུ་བསྒྲལ་བར་བགྱི། །དེ་ནས་གསོན་པོ་ལ་བྱེད་ན་སོ་ཤིང་སྦྱིན་པའམ། མཆོད་པ་བྱ་བ་དང༌། སོ་ཤིང་བོར་ལ་པྲ་བརྟག་པ་དང༌། དྲི་ཆུས་ཁ་ལག་བཀྲུ་ཞིང་འཐོར་འཐུང་བྱ་བ་དང༌། སློབ་མ་སེམས་དགའ་བའི་ཕྱིར་ཆོས་བསྟན་པར་བྱའོ། །དེ་ནས་རྩ་བའི་སྔགས་བཟླས་པའི་ཀུ་ཤ་སྟན་དང་སྔས་བྱེད་དུ་གཞུག །དེ་ནས་ཡི་གེ་བརྒྱ་པས་བརྟན་བར་བྱས་པའི་སྲུང་སྐུད་དབུང་བ་གཡོན་པར་གདགས། དེ་ནས་བཞིན་བཟང་ལོངས་ཤིག །སང་གི་ཉིན་མོ་ཁྱེད་རྣམས་ཀྱིས། །ཐར་པ་ཆེན་པོའི་རང་བཞིན་གྱི། །གྲོང་ཁྱེར་ཆེན་པོ་མཐོང་འགྱུར་གྱི། །ཡང་མཆོད་པ་ལྔ་བྱས་ཏེ་གཏོར་མ་གཏང་ཡང་ན་ནི་དཀྱིལ་འཁོར་ལ་ཕྱི་ནང་གི་མཆོད་པ་རྒྱས་པར་བྱའོ། །གནས་དེ་ཉིད་དུ་ཀུ་ཤའི་སྟན་ལ་སེང་གེའི་ཉལ་


DTG068_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

སྟབས་སུ་རྨི་ལམ་བལྟ་བའི་ཕྱིར་མི་སྨྲ་བར་བསམ་གཏན་གྱིས་ཉལ་བར་བྱའོ། །ནང་བར་གབ་སྦས་མེད་པར་རྨི་ལམ་བསྟན་པར་བྱའོ། །བཟང་ན་རྗེས་སུ་ཡེ་རང་བར་བྱའོ། །དངོས་གྲུབ་འོས་པ་བསྟན་པར་བྱའོ། །ངན་ན་བའི་རྣམ་ལྔ་ལ་ཁྲོ་བོའི་སྔགས་བཟླས་ལ་འཐུང་དུ་གཞུག་སྲུང་བ་བྱའོ། །གྲུབ་ན་དྲག་པོའི་སྦྱིན་སྲེག་བྱའོ། །དེ་ནས་སློབ་དཔོན་ལྷའི་རྣལ་འབྱོར་དང་ལྡན་པས་སྔ་མ་བཞིན་དུ་ཕུར་བུ་དང་ར་བ་དང་དྲ་བ་དང༌། ཕྱོགས་བཅིང་བར་བྱའོ། །དེ་ནས་ཡི་གེ་སུཾ་ལས་རི་རབ་བསྐྱེད། དེའི་སྟེང་དུ་བདག་ཉིད་རྣམ་པར་སྣང་མཛད་ཆེན་པོ་བསྒོམས་ཏེ། དེ་ནས་སྤྲུལ་པ་བྱུང་བས་སྲད་བུ་འཛིན་པར་བསམས་ལ། དེ་ཡང་ལུང་ལས། ངེས་པར་དཀྱིལ་འཁོར་བྱ་བ་ནི། སུ་ཞིག་གིས་ནི་བྱ་བར་ནུས། །ལྷ་ཡི་རྣལ་འབྱོར་རང་གནས་ན། །དཀྱིལ་འཁོར་འགྲུབ་པར་འགྱུར་ཞིང་ཞེས་འབྱུང་ངོ༌། །དེ་ནས་དཀྱིལ་འཁོར་ཐིག་གདབ་པར་བྱའོ། །ལས་ཐམས་ཅད་པའི་བུམ་པས་བསང་གཏོར་བྱའོ། །གླུ་ལ་སོགས་པ་མཆོད་པ་རྒྱས་པར་བྱའོ། །ནམ་མཁའི་དཀྱིལ་འཁོར་དུ་བྱའོ། །དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ། སྲད་བུ་སོ་སོར་ཕྱོགས་བཞིར་སློབ་མ་བཞིས་འཐེན་ལ། དཀར་པོ་སྔོན་པོ་སེར་པོ་དམར་པོ་ལྗང་གུ་རྣམས་ལ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿ་ཁཾ། ཞེས་པའི་ཡི་གེ་བསམས་པས། རྣམ་པར་སྣང་མཛད་ལ་སོགས་པར་གྱུར་པར་བསྒོམ། མིག་གཡས་གཡོན་གཉིས་ལ་ཉི་མ་དང་ཟླ་བ་བསམས་ཏེ། ཨོཾ་དཱིཔྟ་དྲྀཥྛ་ཨཾ་ཀུ་ཤ་ཛ། །ཞེས་པ་བཟླས་པས། ལྕགས་ཀྱུ་འདྲ་བའི་འོད་ཟེར་གྱི་སྤྲིན་བྱུང་ནས་རྣམ་པར་སྣང་མཛད་ལ་སོགས་པ་བསྐུལ་ཏེ་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ནས་གནས་པ་ལ། འདི་སྐད་ཅེས་གསོལ་བ་གདབ་པར་བྱའོ། །ལྷ་ཚོགས་མ་ལུས་པ་ལ་གསོལ་བ་བཏབ་ལ། ཞབས་ལ་ཀྱེ་མ་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་ཐིག་གདབ་པའི་རྡོ་རྗེ་སྲད་བུ་སྩལ་དུ་གསོལ། དེ་ནས་ཡེ་ཤེས་སྤྱན་གྱིས་གཟིགས་ནས། རྣམ་པར་སྣང་མཛད་ལ་སོགས་པའི་ཐུགས་ཀ་ནས་བྱུང་སྟེ། ལྕགས་ཀྱུ་འདྲ་བའི་ཚུལ་གྱིས་རང་གི་ལག་ཏུ་འོང་བར་བསམ་མོ། །རྣམ་པར་སྣང་མཛད་


DTG068_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་དམིགས་ལ། ཨོཾ་ཛི་ན་ཛི་ཀ་སྭཱ་ཧཱ། ཞེས་བརྗོད་ལ་བསྒྲིལ་བར་བྱའོ། །དེ་ནས་ཙནྡན་བཟང་པོ་ལ་སོགས་པས་ལེགས་པར་བསྐུས་པའི་གསེར་གྱི་སྣོད་ལ་སོགས་པར་ལེགས་པར་བཞག་ལ། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ་རྡོ་རྗེ་མིག་བྱས་ལ། རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ་འདི་སྐད་གསོལ་བ་གདབ་པོ། །སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་ན་བཞུགས་པའི་བཅོམ་ལྡན་འདས་ཐུབ་པའི་དབང་པོ་སེམས་ཅན་རྣམས་ཀྱི་དོན་མཛད་ཅིང༌། སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་མཛད་པ། ཞལ་ཟླ་བ་འདྲ་བས་བསིལ་བར་མཛད་པ་རྣམས་དགོངས་སུ་གསོལ་ལོ། །དེང་སེམས་ཅན་གྱི་དོན་ལ་བབ་ཀྱིས་བདག་ལ་མཐུ་གཏོང་བ་དང་བྱིན་གྱིས་བརླབ་ཏུ་གསོལ་ལོ། །དགོངས་ཤིག་རྒྱལ་བ་ཐུབ་དབང་ཇི་སྙེད་ཅིག །དཔག་མེད་ཞིང་ན་བཞུགས་པ་ཐམས་ཅད་ཀྱིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་བརླབས་པ་དང༌། དི་རིང་བདག་ལ་བཏང་པའི་དུས་ལ་བབ། དེ་ནས་ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ། ཞེས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །ཡང་ན་ཨོཾ་ཨཱཿ་ཧཱུཾ། ཞེས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དཀྱིལ་འཁོར་དྲི་བཟང་པོས་བྱུགས་པའི་ཕྱི་རོལ་འཁོར་བར་མེ་ཏོག་བཀྲམ་ནས། དེ་ནས་ནམ་མཁའ་ལ་བཞུགས་པའི་དཀྱིལ་འཁོར་ལ་རྫས་ཅི་འབྱོར་པའི་མཆོད་པ་དང༌། སྒེག་མོ་ལ་སོགས་པ་ཕྱི་ནང་གི་མཆོད་པ་དང༌། གླུ་དང་རོལ་མོ་ལ་སོགས་པ་ཅི་ནུས་པས་མཆོད་ནས་ཐིག་གདབ་པར་བྱའོ། །དེ་ལ་རིམ་པ་ནི་འདི་ལྟ་སྟེ། བདག་ཉིད་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དུ་བྱས་ཏེ་ཛི་ན་ཛི་ཀ །ཅེས་བྱ་བ་ཅི་ནུས་སུ་བརྗོད་ནས། རྣམ་པར་སྣང་མཛད་དུ་གྱུར་པའི་སྙིང་ག་ནས་གྲོགས་པོ་སྤྲུལ་ནས། བྱིན་གྱིས་བརླབས་པ། དབང་བསྐུར་པ་བྱས་ཏེ་མདུན་དུ་བལྟ་བར་བྱས་ནས་ཕན་ཚུན་རྡོ་རྗེ་གཉིས་བཅིངས་ལ། ཚོན་སྣ་ལྔའི་སྐུད་པ་དང་པོ་དཀྱིལ་འཁོར་ཉིས་འགྱུར་གྱི་ཚད། སྦོམས་སུ་སྒོའི་ཉི་ཤུའི་ཚད་རྡོ་རྗེ་ཁུ་ཚུར་གཡོན་པས་བླངས་ལ་བཟུང་ལ། ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་དམིགས་ལ། ཛཿཛཿཛཿ་ལན་གསུམ་བརྗོད་ལ། ལག་པ་གཡས་པས་བླངས་ཏེ་གྲོགས་པོའི་


DTG068_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཏུ་གཏད་དོ། །གྲོགས་པོ་རྐང་པ་མདུན་དུ་བསྣུར་ནས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས། ཛཿ་ཛཿ་ཛཿ་གསུམ་བརྗོད་ནས་བླངས་ཏེ། སློབ་དཔོན་ནུབ་ཏུ་འདུག་ནས་ཤར་དུ་བལྟ་བ་དང༌། དེ་བཞིན་དུ་ལྷོར་འདུག་ལ་བྱང་དུ་ཁ་བལྟས་ལ་གནམ་ཐིག་གདབ་པར་བྱའོ། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ། ཞེས་གཉིས་ཀས་བརྗོད་པར་བྱའོ། །དེ་ནས་ཐིག་གཉིས་པ་སྔ་མ་ཇི་ལྟ་བ་བཞིན་དུ་གདབ་པར་བྱའོ། །སློབ་དཔོན་དང་སློབ་མ་གཉིས་ཀ་གཡས་སུ་བསྐོར་བ་བྱའོ། །དེ་ནས་མེའི་ཕྱོགས་སུ་འདུག་ལ་བྱང་དུ་བལྟས་ལ་ཤར་གྱི་ཐིག་གདབ་བོ། །རླུང་གི་ཕྱོགས་སུ་འདུག་ལ་ལྷོར་བལྟས་ཏེ་ནུབ་ངོས་གདབ་བོ། །དེ་ཉིད་ལས་ཤར་དུ་བལྟས་ཏེ་བྱང་ངོས་གདབ་བོ། །ཡང་མེའི་ཕྱོགས་སུ་འདུག་ལ་ནུབ་ཏུ་བལྟས་ཏེ་ལྷོ་ངོས་གདབ་བོ། །དེ་བཞིན་དུ་འདུག་ལ་རླུང་ཕྱོགས་སུ་བྲེ་བར་བྱའོ། །ཡང་བདེན་བྲལ་དུ་འདུག་ལ་དབང་ལྡན་དུ་བྲེ་བར་བྱའོ། །ཆ་བཞིར་བསྒོས་ནས་གཉིས་ལ་བརྒྱད། །ནང་གི་དཀྱིལ་འཁོར་བྱ་བར་གསུངས། །ལྷག་མ་བཞི་ལ་བརྒྱད་བྱས་པ། །ཕྱི་ཡི་དཀྱིལ་འཁོར་ས་ཡིན་ནོ། །བརྒྱད་དྲུག་པོ་ལ་བཞི་བཞིར་བསྒོ། །དེ་ལྟར་ཐིག་ནི་བཏབ་ནས་ནི། །ཕྱོགས་སུ་བལྟས་ཏེ་ལྷག་ཆད་བསྐད་། །ཐིག་སྐུད་ཆད་ན་བླ་མ་འཆི། །རིང་ཐུང་ཁྱེར་ནན་བར་འགྱུར། །ཕྱོགས་འཁྲུལ་སློབ་མ་མྱོས་པར་འགྱུར། །དེ་བས་ཐམས་ཅད་ནན་ཏན་དུ། །ཐིག་སྐུད་ལ་ནི་འབད་པར་བྱའོ། །དེ་ནས་ནང་དུ་ཞུགས་ནས་ནང་གི་རིམ་པ་དབྱེ་བར་བྱ་སྟེ་དེ་ཡང་རྒྱུད་ལས། ཧོམ་ཁུང་ཐམ་བར་མ་མཆོག །ཁྲུ་གང་ཁྲུ་དོ་ཁྲུ་བཞི་པ། །ཟླུམ་བོ་ཉིད་དུ་བྱས་ནས་སུ། །དེ་ཡི་ཤ་དང་རུས་པ་དང༌། །སྐྲ་དང་སེན་མོ་ལ་སོགས་པ། །སྦྱིན་སྲེག་བྱས་ན་ངན་པའི་ལས། །ཀུན་ལས་རྣམ་པར་ཐར་བར་འགྱུར། །ཞེས་པ་ནི་ཞི་བའི་དབང་དུ་བྱས་པའོ།། །།སྤྱིའི་དབང་དུ་བྱས་ཏེ་གསུངས་པ། ཆུང་དུ་བར་མ་བརྒྱད་ཅུ་གཉིས། །མཆོག་ལ་བཅུ་དྲུག་ཉི་ཤུ་བཞིར། །ཞི་ལ་སོགས་པའི་སྟེགས་བུའོ། །དེ་ལ་ཐ་བ་ཁུང་བརྐོ་བ་ཡང་རྒྱུད་ལས། དེ་ཡི་དབུས་སུ་བརྐོ་བ་ནི། །ལེགས་པར་བརྟགས་ཏེ་ཕྱེད་ཀྱི་ཚད། །མུ་ཁྱུད་སོར་བཞི་སོར་བརྒྱད་


DTG068_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དམ། །བཅུ་དྲུག་དག་ཏུ་བྱ་བ་ཡིན། །འབྱུང་བ་ལྟར་བརྟག་དེ་ནི་སྤྱིར་རོ། །རོའི་ཧོམ་གྱི་དབང་དུ་བྱས་ནས་རྩ་བའི་རྒྱུད་ལས། ཁྲུ་བཞི་པ་ཡི་ཚད་དུ་ནི། །ཆོ་ག་བཞིན་དུ་ཁུང་བརྐོས་ཏེ། །རྡོ་རྗེ་མཐའ་མ་བསྐོར་བ་ཡི། །ཞེས་གསུངས་ཏེ་འདིའི་དགོངས་པ་འདི་ཡིན་ཏེ། སྟེགས་བུ་ཁྲུ་རབ་འབྲིང་ཐ་མས་དབྱེ་སྟེ་ཁྲུ་བཅུ་གཉིས་པ་ལ་མེ་ཐབ་ཁོ་ར་ཁོར་ཡུག་ཏུ་ཁྲུ་ཟླུམ་པོ་ཟབས་སུ་ཁྲུ་དོ་པ་ཅིག་བྱས་ཏེ། མུ་རན་འཕང་དང་ཞེང་དུ་སོར་བཞི་པས་བསྐོར། ལྕི་བས་སྐྱང་ནུལ་ལེགས་པར་བྱས། ས་དཀར་པོས་བསྐུ་ཞིང་དྲིས་བྱུག་དེ་ཡང་དང་པོ་ཁྲུ་དོ་པ། ཚངས་ཐིག་གཡས་གཡོན་ནས་ཁྲུ་རེ་རེ་ལ་བསྐོར། དེ་ནས་སོར་བཞི་ལ་བསྐོར། དེ་ནས་སོར་བཅུ་བཞི་ལ་བསྐོར། དེ་ནས་སྣམ་བུ་ལས་ནང་དུ་ཆ་ཆུང་དུ་བསྐོར། དེ་ནས་སྣམ་བུ་གཉིས་སུ་བྱ། དེ་ནས་སྒོ་རྒྱན་དང་བཅས་པ་ཕྱི་རོལ་ནས་བླངས་ལ། ཆ་ཆེན་བཞི་ཆ་དང་བཅས་པ་ལས་བསྐོར། དེ་ནས་ཕུར་པ་གདོན། དེ་ནས་ཡེ་ཤེས་ཀྱི་ཐིག་སྐུད་ཀྱང་སྔ་མ་བཞིན་དུ་མཆོད་ལ་གཤེགས་སུ་གསོལ་བར་བྱའོ། །དེ་ནས་ཤིང་བརྩིག་པ་ཡང་མཆོད་རྟེན་དང་འདྲ་བར་བརྩིག་སྟེ། ས་དཀར་པོ་ལས་བྱས་པའི་ཕ་གུ་དྲི་ཞིམ་པོས་བསྒོས་པ། ཆུར་མཐོ་དོ་བ་ཞེང་དུ་སོར་བཅུ་བཞི་པས་རིམ་པ་བརྒྱད་སྐར་ཁུང་བརྒྱད་པ་བརྩིག །རང་གི་སྔགས་བཏབ་པའི་བ་ལྕིས་ཞལ་ཞལ་བྱ། ས་དཀར་པོས་བྱུག །ཀ་བ་བཞིས་མཛེས་པར་བཏེག །དེའི་སྟེང་དུ་བསྲེག་ཤིང་ཁྲུ་དྲུག་པ་ལྷའི་གྲངས་དང་མཐུན་པ་ལ་རྩ་བའི་སྔགས་དང༌། རང་གི་སྔགས་བཟླས་པའམ་བྲིས་ལ་རྩིག་པ་རིམ་པ་གསུམ་དང་ལུས་ཁང་བཞིར་བྱའོ། །ཤིང་དྲི་བཟང་པོ་ལས་བྱའོ། །དྲིས་བྱུག་གོ །རོའི་དུམ་པ་ཕྲག་ནོན་དུ་བརྩིག་གོ །དེ་ཡང་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས། །རོ་སྲེག་དཀྱིལ་འཁོར་ཁྲུ་བཅུ་གཉིས། །ཐབ་ཁུང་ཁྲུ་དོ་ཁྲུ་དེ་ཐབས། །ཟླུམ་པོ་སོར་བཞི་སོར་བཞིས་བསྐོར། །འཕང་དང་ཞེང་ཡང་དེ་དང་འདྲ། །དེ་ཡི་ཕྱི་རོལ་སོར་བཅུ་བཞི། །ས་དཀར་དྲིས་བསྒོས་ཕག་པས་བརྩིག །འཁོར་ལོ་རྡོ་རྗེ་རང་གྲུ་བཞི། །བར་ཁྱམས་གཉིས་ལ་སྒོ་ནང་བཅས། །རྟ་བབས་ཐེམ་སྐས་མཛེས་པས་བརྒྱན།


DTG068_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བཏང་ཤིང་ནི་རིམ་པ་གསུམ། །བརྩིགས་ཏེ་མཆོད་རྟེན་ཚུལ་དུ་བརྩིག །བཤད་པའི་རྒྱུད་ལས་བྱུང་ངོ༌། །གང་དག་སྣམ་བུ་ལྔར་འདོད་པ་ཡང་དང་པོ་སྒོ་སྣམ། གཉིས་པ་བྱང་ཆུབ་སེམས་དཔའ་དང༌། །ཉན་ཐོས་རང་རྒྱལ་གསུམ་པ་ལ། །ཁྲོ་བོ་བརྒྱད་ནི་བཞི་པ་ལ། །ཕྱི་ཡི་རྡོ་རྗེ་རིགས་རྣམས་ཀྱི། །ཕྱག་རྒྱ་རྣམས་ནི་ཕྱི་རོལ་བྲི། །གཟའ་དང་སྐར་མའི་མཚན་མ་དང༌། །དེ་ལྟར་འཇིག་རྟེན་སྐྱོང་བ་རྣམས། །སྣམ་བུ་ལྔ་པ་བདག་པོ་བཞི་པོ་བཀོད། །ཅེས་ཟེར་བ་ཡང་མ་བཀག་སྟེ། བཤད་པའི་རྒྱུད་ན་མི་འདུག་གོ །དེ་ནས་ཤིང་ལ་ངན་སོང་སྦྱོང་བའི་སྔགས་ཀྱིས་བཏབ་སྟེ་བརྩིག །རོ་ལ་ངན་སོང་སྦྱོང་བའི་སྔགས་ཀྱིས་མང་དུ་བཏབ་སྟེ། བྱེ་མའམ་ཡུངས་ཀར་ལ་བཟླས་ཤིང་གཏོར་ནས་བུམ་པའི་ཆུས་ཚུལ་བཞིན་དུ་བཀྲུས་ཏེ། ག་པུར་དང༌། གུར་གུམ་ལ་སོགས་པའི་དྲི་རྣམས་ལ་ངན་སོང་སྦྱོང་བའི་སྔགས་ཀྱིས་བཏབ་སྟེ་རོ་ལ་བྱུག །གུར་གུམ་གྱིས་སྔགས་བཅོ་བརྒྱད་རིམ་གྱིས་བྲིས་ནས་གདགས་ཏེ། ཨོཾ་སརྦ་བིད་ཨཱ་ཝ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུཾ། གཙུག་ཕུད་ལའོ། །ཨོཾ་སརྦ་བིད་ཧཱུཾ། ཨོཾ་སརྦ་བིད་ཕཊ། ཨོཾ་སརྦ་བིད་ཨཱ། ཨོཾ་སརྦ་བིཏ་ཏྲ་ཊ། ཨོཾ་སརྦ་བིད་ཨོཾ། །ཨོཾ་སརྦ་བཏི་སྭ། ཨོཾ་སརྦ་བིད་ཧཱུཾ། ཨོཾ་སརྦ་བིད་ཏྲ་ཐ། ཨོཾ་ཤ་།ཨོཾ་བྷ། དཔྲལ་བ་མཛོད་སྤུ་རྣ་བ་གཉིས། །དཔུང་གཉིས་སྣ་དང་རྐེད་པ་དང༌། །པུས་གཉིས་པོ་ལ་གཉིས་ལོང་བུ་གཉིས། །མིག་གཉིས་གསང་བའི་དབང་པོར་གདགས། །ཡང་ན་དེ་བཞིན་དུ་ཡིད་ཀྱིས་སྔགས་རྣམས་དགོད་དོ། །དེ་དག་གི་འོད་ཟེར་གྱིས་སྒྲིབ་པ་སྦྱང་བར་བསམ་མོ། །ངན་སོང་སྦྱོང་པའི་ཕྱག་རྒྱ་བཅིངས་ལ་སརྦ་བིད་ཀྱི་སྔགས་བཟླས་ཏེ། སྙིང་ག་དང་ལྐོག་མ་དང་སྤྱི་བོར་གཏུགས་པས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྤྱང་བར་བསམ་མོ། །དེ་ནས་རོ་ལ་ངན་སོང་སྦྱོང་བའི་སྔགས་བཏང་པའི་གོས་ཀྱིས་གཡོགས་ནས་རྒྱན་རྣམས་ཀྱིས་བཀླུབས་ཏེ། མེ་ཏོག་གི་ཕྲེང་བ་གདགས་ཤིང༌། སྔགས་ཀྱིས་བཏབ་པའི་བདུག་པས་བདུགས་ལ་ཐབ་ཀྱི་དབུས་སུ་སྟན་དང་བཅས་པར་བཞག་སྟེ། ཁ་ནུབ་ཏུ་བསྟན་ཏེ་བདག་ཉིད་ཁ་ཤར་ཕྱོགས་སུ་བལྟས་ཏེ་ལས་བྱའོ། །དེ་ཡང་རྒྱུད་ལས་རང་


DTG068_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྔགས་ཀྱིས་བཏབ་པའི་ཤིང༌། ཁུང་བུའི་ནང་དུ་གཞུག་པར་བྱ། །རོ་ལ་སྔགས་ཀྱིས་བཏབ་ནས་ཀྱང༌། །ཆུ་མཆོག་དག་གིས་བཀྲུས་ནས་ནི། །བཟླས་པའི་དྲི་ཡིས་བྱུག་པར་བྱ། །གོས་དང་རྒྱན་གྱིས་བཀླུབས་ནས་ཀྱང༌། །སྔགས་ཀྱིས་བཏབ་པའི་བདུག་པས་བདུག །མེ་ཏོག་ཕྲེང་ལ་སོགས་པས་མཆོད། །སྙིང་ག་ལྐོག་མ་ཁ་ཕྱོགས་སུ། །སརྦ་བིད་ཀྱི་བྱིན་གྱིས་བརླབ། །དེ་ལྟར་གཞན་དུ་ཡེ་ཤེས་སྔགས། །མཆོག་ཏུ་ཡི་གེ་རྣམས་གཞག་གོ །དེ་ནས་ངན་སོང་སྦྱོང་པའི་ཕྱིར། །སྟན་དང་བཅས་པ་དེ་དབུས་སུ།། གཞག་པ་ཉིད་དུ་བྱ་བ་ཡིན། །ཞེས་འབྱུང་ངོ༌། །དེ་ནས་མཆོད་པ་ཡང་སྔ་མ་ཡེ་ཤེས་ཀྱི་སྐུད་པ་ཡིག་འབྲུ་ཇི་ལྟར་བཀོད་པ་དེ་བཞིན་དུ་འདིར་ས་ཚོན་ལ་ཡང་བསམ་པར་བྱ་སྟེ། ས་ཚོན་ལ་བྱེ་བྲག་ཏུ་ཆོ་གའི་རིམ་པ་བསྟན་པ་འདིའོ། །ཨོཾ་བཛྲ་ཙི་ཏྲས་མ་ཡ་ཧཱུཾ། སྔགས་འདི་ལན་བདུན་བཟླས་ཏེ། དེ་ནས་ས་ཚོན་ལ་འབར་པའི་ལྟ་བས་བལྟའོ། །མཐར་ཡི་གེ་ཧྲཱིཿ་དང་པདྨའི་ཕྱག་རྒྱས་སྦྱོར་བར་བྱའོ། །དེ་ནས་ཚོན་རྩི་བཟང་པོར་བྱ་བའི་ཕྱིར་བདེན་པའི་བྱིན་རླབས་བྱ་སྟེ། བདེན་པ་གང་གིས་སངས་རྒྱས་རྣམས་སེམས་ཅན་ལ་ཆགས་བས་ཆགས་པར་མཛད་པའི་བདེན་བ་ངེས་ཚོན་རྣམས་འབར་བར་གྱུར་ཅིག་ཅེས་བྱའོ། །དེ་ནས་གཙོ་བོའི་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ། དེའི་འོག་ཏུ་རྡོ་རྗེ་དྲིལ་བུ་བླངས་ཏེ་དཀྲོལ་ཞིང་བཀྲ་ཤིས་པའི་དབྱངས་བརྗོད། དེ་ནས་མྱ་ངན་ལས་འདས་པའི་བསམ་པ་བཏང༌། །འགྲོ་བའི་དོན་ལ་དམིགས་ལ། ཨོཾ་བཛྲ་ཙི་ཏྲ། ཞེས་བྱ་བའི་སྔགས་བརྗོད་ཅིང༌། རྡོ་རྗེ་ཁུ་ཚུར་གཡོན་བས་ཚོན་བླངས་ལ། དབང་ལྡན་གྱི་ཕྱོགས་སུ་བཀོད་དེ་ཚོན་དགྱེ་བར་བྱའོ། །དེ་ནས་ཕྱིས་ཅི་བདེ་བར་བྱའོ། །ཚོན་དགྱེ་པ་ཡང༌། མཉམ་ལ་མ་འདྲེས་མ་ཡོ་བར། །བར་མ་ཆད་དང་གཡོན་མི་བསྐོར། །སྦོམས་སུ་སྒོ་ཡི་ཉི་ཤུའི་ཚད། །རེ་ཁཱ་རྣམས་ཀྱང་དེ་ཙམ་བྱ། །སྦོམས་ན་ནད་རྣམས་འབྱུང་བར་འགྱུར། །ཕྲས་ན་ཡང་ནི་ནོར་ཟད་འགྱུར། །ཡོ་བར་གྱུར་ན་མཛའ་བཤེས་བྲལ། །བར་དུ་ཆད་ན་མཁན་སློབ་འཆི། །དེ་བས་ཚོན་རྩི་ནན་ཏན་བྱ། །ར་བའི་རིམ་པ་


DTG068_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྒྱུད་ལས། དཀར་དམར་སེར་ལྗང་རིམ་པ་སྟེ། །ཀུན་གྱི་ཕྱི་རོལ་ནག་པོར་གཏང༌། །བཤད་པའི་རྒྱུད་ལས་འབྱུང་ངོ༌། །ལྷ་དང་དཀྱིལ་འཁོར་གྱི་ཁ་དོག་ཀྱང་རྡོ་རྗེ་རྩེ་མོའི་རྒྱུད་ལས། །ཤར་སྔོ་ལྷོ་སེར་ནུབ་ཏུ་དམར། །བྱང་ལྗང་དབུས་ནི་ཤེལ་ལྟར་དཀར། །ཞེས་བྱ་བ་བཞིན་དུ་བྱ། ཡང་ན་རྩ་བའི་རྒྱུད་ལས་ཁ་དོག་དང་རྒྱན་ནི་ངེས་པ་མེད་དེ་སྔགས་པ་ཇི་ལྟར་འདོད་པ་ལྟར་བྱའོ། །ཇི་ལྟར་འདྲི་ཡང་རུང་བས། རྡོ་རྗེ་དྲིལ་བུ་རྟག་འཆང་ཞིང༌། །ཤིན་ཏུ་མཉམ་གཞག་ལེགས་པར་བྲི། །གསང་སྔགས་དེ་ཉིད་ཡོངས་བཟླས་ཤིང༌། །ཚོན་གྱིས་ཐིག་ནི་ཡོངས་སུ་དག། གསུངས་སོ། །དཀྱིལ་འཁོར་གྱི་སྒོ་གཉིས་པའམ་གསུམ་པ་བྱེད་ན། སྔགས་བཛྲ་བེ་ག་ཧཱུཾ། ཞེས་པའམ། ཨོཾ་བཛྲ་ཞེས་པ་བཟླས་ཤིང་དཀྱིལ་འཁོར་ནམ་མཁའ་ལ་བསམས་ལ་འཇུག་ཅིང་དབྱུང་བར་བྱའོ། །དེ་ལྟར་བྲིས་ཟིན་ནས་བགེགས་ཞི་བར་བྱ་བའི་ཕྱིར། །ཁྲོ་བོའི་སྦྱོར་བ་བྱས་ལ་བགེགས་བསྲུང་བ་བྱའོ། །ཕྱག་རྒྱ་དགོད་པ་ཡང་རྒྱུད་ལས། འཁོར་ལོ་དབུས་སུ་བྲི་བར་བྱ། །རིགས་ལྔ་ཡི་ནི་ཕྱག་རྒྱ་རྣམས། །ཇི་བཞིན་སེམས་དཔའ་རྣམས་དང་ནི། །འཇིག་རྟེན་གཙོ་ལ་སོགས་བ་བྲི། །ཞེས་གསུངས་སོ། །དེ་ལ་མེ་ཐབ་ཀྱི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་བྱ། དེའི་དབུས་སུ་རྡོ་རྗེ་རྩེ་ལྔ་པ་བྲི་བ་ནི་ཕྲིན་ལས་གཞན་གྱི་དབང་དུ་བྱས་པ་ཡིན། ཤར་དུ་རྡོ་རྗེ་ལྷོར་རིན་པོ་ཆེ་ནུབ་ཏུ་པདྨ་བྱང་དུ་སྣ་ཚོགས་རྡོ་རྗེ་ཚུལ་བཞིན་དུ་དགོད། མུར་ན་རྡོ་རྗེ་རྩེ་ལྔ་བའམ་རྩེ་གསུམ་བས་བསྐོར། ལོགས་ལ་མེ་འོད་བྲི། ནང་དུ་ལིང་ཙེ་དགུ་མུ་རན་དང་བཅས་པ་བྲི། ཕྱིའི་རྩིག་པའི་ཕྱི་རོལ་ཀྱི་འཁོར་ལོ་རྩིབས་བཅུ་དྲུག་འབུར་རམ་ཐིག་གིས་ཕྱེ་བ་ལ། ཤར་གྱི་འཁོར་ལོའི་རྩིབས་བཞི་པ་ལ། རྡོ་རྗེ་ལྕགས་ཁྱུ་མདའ་གཞུ་རྣམས་དགོད། ལྷོའི་འཁོར་ལོའི་རྩིབས་བཞི་ལ་ནོར་བུ་རིན་པོ་ཆེ་ཉི་མ་རྒྱལ་མཚན་སོའི་ཕྲེང་བ་རྣམས་དགོད། ནུབ་ཀྱི་འཁོར་ལོའི་རྩིབས་བཞི་ལ་རྡོ་རྗེ་པདྨ་རལ་གྲི་འཁོར་ལོ་དུང་ངམ་ལྕེ་རྣམས་དགོད། བྱང་གི་འཁོར་ལོའི་རྩིབས་བཞི་ལ་རྡོ་རྗེ་ཁ་བཞི་པ་དང་གོ་ཆ་མཆེ་བ་ཁུ་ཚུར་བཅངས་པ་རྣམས་དགོད། དེའི་ཕྱི་རིམ་གྱི་གྲུ་ཆད་ཤར་ལྷོར་སྨིན་མ་འདེགས་པའི་ཚུལ་


DTG068_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་རྡོ་རྗེ་དང་པོག་ཕོར་དགོད། ལྷོ་ནུབ་ཏུ་ཕྲེང་བ་དང་མེ་ཏོག་དགོད། ནུབ་བྱང་དུ་པི་ཝང་དང་མར་མེ་དགོད། བྱང་ཤར་དུ་གར་བྱེད་པའི་ལག་པ་དང་ཡང་ན་རྡོ་རྗེ་དང་དུང་ཕོར་དགོད། དེའི་ཕྱི་རིམ་གྱི་སྣམ་བུ་ལ། རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་རྡོ་རྗེ་ཁ་བཞི་པ་བཞི་བཞིའམ་གཏམས་པར་ཤར་ནས་བརྩམ་ལ་དགོད། དེའི་ཕྱི་རིམ་གྱི་སྣམ་བུ་ལ་ཤར་དུ་རྡོ་རྗེ་གདེངས་བ་དང་ཟླ་བ་ཤར་ལྷོར་མེ་ཐབ། ལྷོར་དབྱུག་པ། ལྷོ་ནུབ་རལ་གྲི་།ནུབ་ཏུ་ཞགས་པ་དང་བུམ་པ་དང་ཉི་མ་ནུབ་བྱང་དུ་བ་དན། བྱང་དུ་བེ་ཅོན་བྱང་ཤར་དུ་མདུང་རྩེ་གསུམ་པ་རྣམས་དགོད། བཀྲ་ཤིས་ཀྱི་ལྷ་མོ་བར་བར་དུ་སྤེལ་ལ་དགོད་དོ། །ཡང་ན་མ་བཀོད་ཀྱང་མི་འགལ་སྒོ་བཞིར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་རྣམས་དགོད། གཞན་ཡང་སེང་གེ་གླང་ཆེན་ལྡ་ལྡི་དོ་ཤལ་དྲིལ་བུ་ཕྲེང་པ་རྣམས་ཅི་རིགས་དགོད་དོ། །རྒྱན་ཡང་རྒྱུད་ལས། བྱ་དང་བུམ་པ་གང་བ་དང༌། །གཏོར་མ་སྣོད་རྣམས་བཀང་བ་དང༌། །བརྒྱ་སྙེད་ཙམ་དུ་གཞག་བྱའམ། །ཡང་ན་བཅུ་དྲུག་སྙེད་དུ་གཞག །བཟའ་བ་དང་ནི་བཅའ་བའི་བཤོས། །མེ་ཏོག་ཕྲེང་སོགས་དེ་བཞིན་ཏེ། །བླ་རེ་རྒྱལ་མཚན་དང་ལ་སོགས། །གདུགས་མཆོག་རྣམས་ཀྱིས་ལེགས་བར་བརྒྱན། །ཞེས་འབྱུང་དེ་ཡང་དཀྱིལ་འཁོར་དུ། བུམ་པ་བྱ་ཆུས་བཀང་བ་རྣམས་སྨན་དང་འབྲུ་དང་རིན་པོ་ཆེ་དང་མགུལ་ཆིངས་དང༌། ལྡུམ་བུས་བརྒྱན་པ་གཞུང་དང་མཐུན་པར་བྱས་ལ་བཅུ་ཡན་ཆོད་དགོད་པ་དང༌། གཏོར་མའི་བུམ་པ་ལྷ་བཤོས་སྣོད་གཙང་མ་བཀང་པ་བརྒྱད་དམ་བཅུ་དྲུག་སྙེད་ཀྱི་བཟའ་པ་དང་བཅའ་བ་དང་མེ་ཏོག་བདུག་པ་མར་མེ་བྱུག་པ་བརྒྱའམ། སྟོང་ངམ། དེ་ལས་ལྷག་མའི་མཆོད་པ་ལ་སོགས་པ་མེ་ཏོག་གི་ཕྲེང་པ་དང༌། རྒྱལ་མཚན་དང་བླ་རེ་དང་གདུགས་དང་བ་དན་དང་འཕན་ལ་སོགས་པས་བརྒྱན་པ་དང༌། དཀྱིལ་འཁོར་མཐའ་མ་མེ་ཏོག་སིལ་མ་བཀྲམ་ཞིང་ཀུ་ཤས་བསྐོར། མཆོད་ཡོན་གྱི་བུམ་པའམ་གཏོར་མ་བཅས་པ་ཆ་གཉིས་བཤམས། བགེགས་བསྐྲད་པའི་ཕྲིན་ལས་བཅོལ་བས་བྱང་ཤར་དུ་གཞག །སྦྱིན་སྲེག་གི་རྫས་ཀྱང་ནུབ་ཏུ་གཞག །ལྷ་དགོད་ཙམ་ན་སོ་སོའི་སྙིང་པོ་བཟླས།


DTG068_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་ལ་སོགས་པ་སོ་སོའི་གནས་སུ་དགོད། རྣམ་པར་རྒྱལ་བའི་བུམ་པ་ཤར་སྒོར་གཞག །ཕྱོགས་བཞིར་རིང་བའམ་ཡུན་ཐུང་བ་མ་ཡིན་པར་ཁྲི་ལ་ཀློག་མཁན་བཞག་ལ་སངས་རྒྱས་བཞིན་དུ་མཆོད། མདོ་བཞི་གདོན་ནོ། །ཚོན་ལྷག་མ་བསྡུས་ལ་བཤགས་པ་བྱས་ལ་གཏང༌། དེ་ནས་ཤར་ཕྱོགས་སུ་སློབ་དཔོན་གྱིས་རྡོ་རྗེ་དྲིལ་བུ་དེ་ཉིད་དྲན་པར་བྱས་ལ། དཀྲོལ་བསོར་ལྕེ་དང་ལག་པ་བྱིན་གྱིས་བརླབ། བདག་མེད་པར་བསྒོམ། དེ་ནས་ཁྲོ་བོར་བསྒོམས་ཏེ་དབང་བསྐུར་གོ་བགོ །རྐང་པ་དང་མིག་བྱིན་གྱིས་བརླབས་ཏེ་རྐང་པའི་འོག་ཏུ་ཧཱུཾ་ལས་རྡོ་རྗེ་རྒྱ་གྲམ་དུ་བསམ། མིག་གཡོན་པར་མ་ལས་ཉི་མའི་དཀྱིལ་འཁོར་གཡས་པར་ཊ་ལས་ཟླ་བའི་དཀྱིལ་འཁོར་དབུས་སུ་ཧཱུཾ་མཐིང་ག་བསམ། དེ་ནས་ང་རྒྱལ་བསྐྱེད་ལ་བསྟོད། དེ་ནས་བསྐྲད་པ་དང་རྒྱན་ཆ་བྱིན་གྱིས་བརླབས་ལ་གདོན་ལ་བདེན་པས་བསྒོ། །དེ་ནས་བྱང་ཤར་ནས་བརྩམས་ནས་རྩེ་གསུམ་འགྲོས་དང་རྒྱ་གྲམ་འགྲོས། གཡས་བརྐྱང་དང་གཡོན་བརྐྱང་ལ་སོགས་པ་བྱའོ། །ཁྲོ་བོའི་ལྟ་བ་ལ་སོགས་པ་བྱ། རྡོ་རྗེ་འགྲོས་ཀྱིས་འགྱིང་ཚུལ་གར་སྟབས་དང༌། འཇོ་ཚུལ་དང་འདེགས་པ་དང༌། རྒྱ་གྲམ་དང་སྟེག་པ་དང༌། འཕེན་ཚུལ་དང༌། དབང་བསྐུར་བ་དང་གོ་བགོ་བ་དང༌། ལས་ཀྱི་ཕྱག་རྒྱ་ལ་སོགས་པ་མ་ལུས་པར་བྱའོ། །ཧཱུཾ་རྒྱུན་མ་ཆད་པར་གདོན་ནོ། །ཕྱོགས་ཕྱོགས་སུ་བསྟོད་པ་བདེན་པ་བསྒྲགས་པར་བྱའོ། །ར་བ་དང་དྲ་བ་བསམ། རྒྱན་དང་བཅས་པ་ལྷོ་ཤར་དུ་གཞག །དེ་ནས་སེམས་དཔའ་འམ་མཉམ་པའི་སྐྱིལ་ཀྲུང་དུ་འདུག་ལ། ཡང་བདག་མེད་པར་མོས་པར་བྱ། ཁ་ལག་བྱིན་གྱིས་བརླབ། ཧཱུཾ་ལས་ཁྲོ་བོར་བསྒོམ། དབང་བསྐུར་བ་བླང་གོ་གོན། དེ་ནས་རྡོ་རྗེ་འཇིགས་བྱེད་ནས་རྡོ་རྗེ་རི་བོའི་བར་དང་ར་པ་དང་དྲ་པ་དང་བླ་རེ་དང་ས་གཞིའི་བར་དུ་བྱའོ། །དེ་ནས་འཁོར་ལོ་སྤྲུལ་ནས་དེའི་སྤྱན་སྔར་ཕྱག་བྱས་པ་དང། མཆོད་པ་ཉི་ཤུས་མཆོད་པ་དང༌། བཤགས་པ་དང༌། རྗེས་སུ་ཡི་རང་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང༌། ལུས་ཕུལ་ལ་དགེ་བ་བསྔོ་བར་བྱའོ། །དེའི་སྤྱན་སྔར་སྡོམ་པ་བླང་ངོ༌། །དེ་ཡན་ཆད་དུ་


DTG068_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་དང་པོའི་བྱ་བ་རྫོགས་སོ།། །།འདི་ནས་མར་ནི་སློབ་དཔོན་གང་དག་ཏིང་ངེ་འཛིན་གསུམ་དུ་འདོད་དེ་དེ་ཡང་མི་འགལ་བས། དང་པོ་གཟུགས་བརྙན་གྱི་སྦྱོར་བས་ཐལ་མོ་སྦྱར་ལ། ཨོཾ་སྭ་བྷཱ་ཝ་བྷི་ཤུདྡྷཿ་སརྦ་དྷརྨཱཿ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། དེའི་དོན་མོས་བར་བྱའོ། །དེ་ནས་དཀྱིལ་འཁོར་རྒྱ་ཡོངས་སུ་མ་ཆད་པ། རི་རབ་གཟི་མདངས་དང་ལྡན་པའི་དབུས་སུ་རྡོ་རྗེ་རིན་པོ་ཆེའི་དཀྱིལ་འཁོར་འཁོར་ལོ་ལྟ་བུ་ཆ་བརྒྱད་དུ་ལེགས་པར་ཕྱེ་བ། དེའི་མཐའ་བ་ཆེན་པོ་བརྒྱད་ཀྱིས་བརྟེན་པ་རིན་པོ་ཆེ་སྣ་ཚོགས་འོད་འབར་བའི་ཁང་པ་མཐོན་པོར་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཆེན་པོ་ངོ་མཚར་བ་རྣམ་པ་སྣ་ཚོགས་པའི་གཞིར་གྱུར་པ་ཅིག་བསམས་ལ། ཇི་ལྟར་བསམས་པའི་འཁོར་ལོའི་ནང་དུ། སེང་གེ་དང་གླང་པོ་ཆེ་དང་རྟ་དང་རྨ་བྱ་དང་ཤང་ཤང་དང་ཟླ་བ་དང་པདྨ་ནི་གཙོ་བོ་རྣམས་ཀྱིའོ། །ཡང་ན་སེང་གེ་འབའ་ཞིག་ཏུ་བཤད་པའི་རྒྱུད་ལས་འབྱུང་བ་ལྟར་བྱའོ། །འཁོར་ལོ་སོ་སོའི་གནས་སུ་ཟླ་པ་དང་པདྨའོ། །དེ་རུ་ལྷ་མོ་མཆོད་པ་བྱ་བ་ནི་རྡུལ་ཚོན་དུ་ཇི་ལྟར་བཀོད་པ་དེ་དེ་ལྟར་བསམ་མོ། །དེ་བཞིན་གཤེགས་པ་ལ་སོགས་པ་ལྷའི་དཀྱིལ་འཁོར་འདི་དག་གི །ཁ་དོག་རྣམ་པར་དབྱེ་བ་བརྟག་པ་ནི་འདི་ལྟ་སྟེ་རྩ་བའི་རྒྱུད་ཀྱི་དབང་དུ་བྱས་པ་ནི་སློབ་དཔོན་དང་སློབ་མའི་གདོང་གཡོགས་དང་སྟོད་གཡོགས་དང་སྨད་དཀྲིས་ཀྱི་ཁ་དོག་ལས་ཤེས་པར་བྱ་སྟེ། དེ་ཡང་རྩ་པའི་རྒྱུད་འཕགས་པ་དེ་ཁོ་ན་ཉིང་བསྡུས་པ་ལས་རིགས་བཞི་ཆར་གྱི་ཁ་དོག་གསུངས་པ། དམར་པོ་དེ་བཞིན་གཤེགས་པའི་རིགས། །སྟོན་པོ་རྡོ་རྗེའི་རིགས་སུ་བཤད། །དཀར་པོ་པདྨའི་ལས་བྱུང་ཡིན། །ཁ་དོག་ཐམས་ཅད་རིན་ཆེན་འབྱུང༌། །ཞེས་གསུངས་སོ། །དེའི་རྗེས་སུ་བསྙགས་ན་རིགས་ཀྱི་བདག་པོ་ཡང་ཁ་དོག་དེ་དང་འདྲ་པ་ཉིད་དུ་རིག་པར་བྱའོ། །ཡང་ན་ཁ་དོག་རྒྱན་སྔགས་པ་ཇི་ལྟར་འདོད་པ་བཞིན་དུ་འདིར་བསམ་པར་བྱའོ། །ཇི་སྲིད་དུ་ཁ་དོག་རྒྱན་རྣམས་ཇི་ལྟར་འདོད་པ་བཞིན་དུ་བྲིའོ་ཞེས་རྩ་བའི་རྒྱུད་ལས་གསུངས་པའི་ཕྱིར་རོ། །འདིར་ནི་རྡོ་རྗེ་རྩེ་མོའི་དབང་དུ་བྱས་ཏེ་དེ་ལས་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཁ་དོག་རྣམ་པར་ཕྱེ་སྟེ་ཇི་སྐད་དུ། སྔོན་པོ་སེར་པོ་དེ་


DTG068_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དམར། །སྔོ་བསངས་དེ་དག་རིགས་སུ་བཤད། །དེ་བཞིན་རྒྱལ་བའི་རིགས་བཟང་པོ། །ཁ་དོག་དཀར་པོར་རབ་ཏུ་གྲགས། །ཞེས་གསུངས་སོ། །ཡང་གཞུང་ཆེན་པོ་ལས་རྒྱལ་བ་འབའ་ཞིག་གི་ཁ་དོག་རྣམ་པར་དབྱེ་བ་བཤད་བ་ལྟར་བྱའོ། །དེ་ཡང་ཇི་སྐད་དུ། རྟག་པའི་འཁོར་ལོ་སེར་པོ་སྟེ། །མི་འཁྲུགས་འཁོར་ལོ་དཀར་པོ་ཡིན། །རིན་ཆེན་དབང་གི་རབ་ཏུ་སྔོ། །ཚེ་དཔག་མེད་པ་དམར་པོར་བྱ། །ཁ་དོག་སྣ་ཚོགས་རྒྱ་ཆེན་མཆོག །ཅེས་གསུངས་སོ། །དེ་བས་ན་དེ་ལྟར་འདུལ་བའི་སྐྱེ་བོའི་དབང་གིས་དེ་དག་གིས་ཁ་དོག་དང་དབྱིབས་དུ་མར་སྣང་བར་འགྱུར་བས། དེ་དག་གི་ཁ་དོག་ཁྱད་པར་ནི་སོ་སོར་ངེས་པ་མེད་པར་རིག་པར་བྱའོ། །སྣམ་བུ་བདག་པོ་དང་འཁོར་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ཉིད་ཡོན་ཏན་ཐམས་ཅད་ལྡན་པར་བསམ་པ་ནི་རྡུལ་ཚོན་གྱི་དབང་དུ་བྱས་པའི་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་རྫོགས་སོ།། །།ལྷ་སོ་སོའི་ལས་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་བྱང་ཆུབ་སེམས་བསྐྱེད་པ་ལ་སོགས་པའི་ལས་ལ་སྦྱར་བར་བྱའོ། །ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་རྫོགས་སོ།། །།དེ་ལྟར་བསམ་པར་བྱས་ནས་སྤྱན་དྲང་པར་བྱ་སྟེ་དེ་ལ་རིམ་པ་འདིའོ། །དང་པོར་རེ་ཞིག་ལྷའི་རྣལ་འབྱོར་ཇི་ལྟར་བྱས་པ་སྔོན་དུ་བྱས་ཏེ་རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ཏེ། རྡོ་རྗེ་བསྡུ་བའི་སྙིང་པོ་རྡོ་རྗེ་ཚིག་གིས་བརྗོད་ཅིང༌། རྡོ་རྗེ་ཁུ་ཚུར་གཉིས་བསྣོལ་ཏེ་དཔུང་མགོར་བཞག་ལ་མཛུབ་མོ་གཉིས་ལྕགས་ཁྱུ་ལྟར་བྱས་ལ་རང་གི་གུང་མོ་དང་མཐེ་བོང་གཉིས་ཀྱིས་སེ་གོལ་བརྡབ་ཅིང༌། ཇི་ལྟར་བསམས་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་སེམས་དཔའ་ཆེན་པོ་རྣམས་བསྡུ་བར་བྱའོ། །དེ་ལ་འདི་ནི་རྡོ་རྗེ་བསྡུ་བའི་སྙིང་པོའོ། །ཨོཾ་བཛྲ་ས་མ་ཡ་ཛཿཧཱུཾ་བཾ་ཧོཿ་།ཞེས་བརྗོད་དོ། །དེ་ནས་སོ་སོའི་བྱ་བའི་རྣམ་པར་གྲོལ་བ་ལ་མཉམ་པར་བཞག་པས་ཇི་ལྟར་བསམས་པ་རྣམས་ཇི་ལྟར་བསམས་པའི་མཆོད་པའི་གནས་ཀྱི་ཁོར་ཁོར་ཡུག་ཏུ་བཞུགས་པར་བསམ་མོ། །དེ་ནས་ཇི་ལྟར་བསམས་པའི་གནས་ཀྱི་ཤར་སྒོར་བལྟས་ཏེ་རྡོ་རྗེ་ལྕགས་ཀྱུ་སྒོ་སྲུང་གི་ལས་ཀྱི་ཕྱག་རྒྱ་བཅིངས་


DTG068_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དེར་ཡང་ལྕགས་ཀྱུ་བསམས་ལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ། ཞེས་བྱ་བའི་རྡོ་རྗེ་ལྕགས་ཀྱུའི་སྙིང་པོ་བརྗོད་ཅིང་དགུག་པའི་ཚུལ་གྱིས་བདེ་བར་གཤེགས་པ་ལ་སོགས་པ་རང་རང་གི་སྒོར་མངོན་པར་ཕྱོགས་པར་བལྟའོ། །དེ་ནས་ཕྱག་རྒྱ་དེ་རང་གི་གནས་སུ་བཀྲོལ་ཏེ་ལྕགས་ཀྱུ་དེ་སྒོ་ཉིད་ལ་གཏད་དོ། །ལྷོ་ཕྱོགས་ཀྱི་སྒོར་བལྟས་ལ། རྡོ་རྗེ་ཞགས་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། དེར་ཞགས་པ་བསམས་ལ་འགུགས་པའི་ཚུལ་གྱིས་བདེ་བར་གཤེགས་པ་ལ་སོགས་པ་སེམས་དཔའ་ཆེན་པོ་ཐམས་ཅད་རང་རང་གི་སྒོར་ཞུགས་པར་བརྟགས་ཏེ། དེའི་སྙིང་པོ་ཨོཾ་བཛྲ་པཱ་ཤ་ཧཱུཾ། ཞེས་པའོ། །ཕྱག་རྒྱ་ཡང་རང་གི་གནས་ཉིད་དུ་དགྲོལ་ལོ། །དེའི་འོག་ཏུ་ནུབ་ཕྱོགས་ཀྱི་སྒོར་བལྟས་ལ། རྡོ་རྗེ་ལྕགས་སྒྲོག་ཕོ་ཉའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། དེར་ལྕགས་སྒྲོག་བསམས་ལ། ཨོཾ་བཛྲ་སྥོ་ཊ་བཾ། ཞེས་བྱ་བ་ཡང་བརྗོད་ཅིང་དེ་དག་ཇི་སྲིད་འདོད་པར་བཞུགས་པར་བྱ་བའི་ཕྱིར། སྟོན་པའི་བཀའ་མཚན་ཉིད་རྡོ་རྗེ་ལྕགས་སྒྲོག་གི་སྒྲོག་ཏུ་གཞུག །དེ་ཡང་རང་གནས་སུ་བཀྲོལ་བར་བྱའོ། །བྱང་ཕྱོགས་ཀྱི་སྒོར་བལྟས་ཏེ་རྡོ་རྗེ་དབབ་པ་བྲན་གྱི་ཕྱག་རྒྱ་བཅིངས་ནས་དེར་ཡང་ཤེས་རབ་ཀྱི་མཚན་མ་རྡོ་རྗེ་དྲིལ་བུ་བསམས་ཏེ། ཨོཾ་བཛྲ་ཨཱ་བེ་ཤ་ཧོཿ། ཞེས་བརྗོད་ལ། དྲིལ་བུ་བསྐྱོད་པའི་ཚུལ་གྱིས་དེ་རྣམས་མཉེས་པར་བྱས་ཏེ་ཕྱག་རྒྱ་རང་གི་གནས་སུ་དགྲོལ་ལོ། །རང་གི་ཁས་བླངས་པའི་ཚིག་ཀྱང་བརྗོད་དོ། །དེ་ཡང་རྒྱུད་ལས། སྒོ་རྣམས་ཀྱང་ནི་ཐམས་ཅད་དུ། །ལྕགས་ཀྱུ་ལ་སོགས་ལས་བྱས་ནས། །ཞེས་གསུངས་སོ། །དེ་སྔོན་དུ་སྒོ་དབྱེ་བ་ཡང་ལ་འདོད་དོ། །བདག་ཉིད་ཆེན་པོ་གང་གང་གིས། །ཕྱག་རྒྱས་གང་དང་གང་བཅིངས་པ། །བཟླས་པའི་སྙིང་པོའི་དོན་དུ་ནི། །དེར་ནི་བདག་ཉིད་བསྒོམ་པར་བྱའོ། །དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་ལས་རྒྱལ་བ་ལ་ས་མ་ཡ་སྟྭཾ། ཞེས་བརྗོད་དོ། །དེ་ནི་ཕྱག་རྒྱ་བཅིང་པའི་སྙིང་པོ་ཡིན་པས་ཕྱག་རྒྱ་བཅའ་བའི་རིགས་ཀུན་ལ་ཡང་མི་འགལ་ལོ། །དེ་ནས་ལས་ཀྱི་ཕྱག་རྒྱ་ལྷ་ཐམས་ཅད་ཀྱི་བཀས་གཞུག་པའི་ས་ནས་སོ་སོའི་གནས་སུ་གཞུག་པ་བསྟིམ་པ་སྟེ་གཉིས་


DTG068_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མེད་པར་བྱའོ། །དེ་ཡང་སྔགས་ཀྱི་རྒྱུད་ལས། ལས་ཆེན་མཆོག་གི་ཕྱག་རྒྱ་ཡིས། །དམ་ཚིག་རྣམས་ནི་གཞག་བར་བགྱི། །ཞེས་གསུངས་སོ། །དེའི་དོན་ནི་ལྷ་སོ་སོའི་ལས་ཀྱི་ཕྱག་རྒྱ་བཅས་ཏེ་སོ་སོའི་སྙིང་པོ་བརྗོད་ལ་གནས་སུ་བསྟིམ་མོ། །སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ལ་སྦྱར་བར་བྱའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱས་གཉིས་སུ་མེད་པ་དེ་ལ་ཡུན་རིང་དུ་བསམ་གཏན་བྱའོ། །སྔགས་ཀྱི་རྒྱུད་ལས། །དམ་ཚིག་མཆོག་གི་ཕྱག་རྒྱ་རྣམས། །སེམས་མ་རྡོ་རྗེ་ལ་སོགས་པས། །དེ་ལྟར་སེམས་དཔའ་ཆེན་པོ་བསྒྲུབ། །ཅེས་གསུངས་སོ། །དེའི་དོན་སྙིང་གར་སེམས་མ་རྡོ་རྗེ་བསམས་ལ་ལྷ་སོ་སོའི་དམ་ཚིག་གི་ཕྱག་རྒྱ་བཅས་ལ་སོ་སོའི་སྔགས་ཀྱི་མཇུག་ལ་ས་མ་ཡ་སྟྭཾ། ས་མ་ཡ་ཧོ་ཨཱ་ཧཱུཾ། ཞེས་བརྗོད་ལ་རྡོ་རྗེའི་ལྟ་བས་ཡུན་རིང་དུ་བསམ་གཏན་བྱའོ། །སྔགས་ཤིན་ཏུ་གསལ་བ་དེ་ལ་ལྷ་སོ་སོའི་ལྕེ་ལ་རྡོ་རྗེ་རྩེ་ལྔ་པའི་དབུས་སུ་ཆོས་ཀྱི་ཕྱག་རྒྱ་བཅས་ལ། སོ་སོའི་ཆོས་ཀྱི་ཕྱག་རྒྱ་བརྗོད་དོ། །ཕྱག་རྒྱ་ཆེན་པོ་གོང་དུ་བསམ་པའོ། །དེ་ལྟར་ཕྱག་རྒྱ་བཞི་དང་ལྡན་པར་བྱས་ནས་བདེ་བར་གཤེགས་པས་བདག་བྱིན་གྱིས་བརླབ་པའོ། །ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་ཨ་ན་ཡ་ཧཱུཾ། ངན་སོང་འདྲེན་པའི་སྔགས་སོ། །ཨོཾ་སརྦ་བིཏ་སརྦ་པཱ་པཾ་བི་ཤོ་དྷ་ནེ་ཧཱུཾ་ཕཊ། སྡིག་པ་ཐམས་ཅད་དག་པར་བྱེད་པའི་སྔགས་སོ། །ཨོཾ་སརྦ་བིཏ་ཏྲ་ཊ་ཧཱུཾ་ཕཊ། ངན་སོང་ཐམས་ཅད་དག་པར་བྱེད་པའོ། །ཨོཾ་བཛྲ་སཏྭ་ཧཱུཾ། ཨོཾ་བཛྲ་རཱ་ཛ་ཛ། ཨོཾ་བཛྲ་རཱ་ག་ཧོ། །ཨོཾ་བཛྲ་སཱ་དྷུ་དྷུ། ཨོཾ་བཛྲ་རཏྣ་ཨོཾ། །ཨོཾ་བཛྲ་ཏེ་ཛ་ཨ། ཨོཾ་བཛྲ་ཀེ་རུ་ཏཾ། ཨོཾ་བཛྲ་ཧ་ས་ཧ། ཨོཾ་བཛྲ་དྷརྨ་ཧྲི། ཨོཾ་བཛྲ་ཏཱིཀྵྞ་དཾ། ཨོཾ་བཛྲ་ཧེ་ཏུ་མཾ། ཨོཾ་བཛྲ་བྷ་ཥ་རཾ། ཨོཾ་བཛྲ་ཀརྨ་ཏྲཾ། ཨོཾ་བཛྲ་རཀྵ་ཧཾ། ཨོཾ་བཛྲ་ཡཀྵ་ཧཱུཾ། ཨོཾ་བཛྲ་སིནྡྷ་བཾ། ཨོཾ་བཛྲ་ལཱ་སྱེ་ཧཱུཾ། ཨོཾ་བཛྲ་མཱ་ལེ་ཏྲཾ། ཨོཾ་གཱི་ཏི་ཧྲི། ཨོཾ་བཛྲ་ནི་རྟི་ཨ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་པུཥྤེ་ཏྲཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲི། ཨོཾ་བཛྲ་གནྡྷེ་ཨ། ཨོཾ་བཛྲ་ཨ་དཀུ་ཤ་ཛཿ། ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་ཨ། ཨོཾ་བཛྲ་སརྦ་སཾ་སྐཱ་ར་པ་རི་ཤོ་དྷ་ཡ་མ་ཧཱ་ཡ་ན་པ་རི་བཱ་རེ་སྭཱ་ཧཱ། དེ་ནི་སྔགས་རྣམས་སོ། །བྱམས་པ་


DTG068_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ནས་ཀུན་དུ་བཟང་པོ་མཐར་ཐུག་པ་ནི་རིག་པ་དེས་བྱའོ། །ཡང་ན་བཤད་པའོ་རྒྱུད་ལས་འབྱུང་བ་སོ་སོའི་སྔགས་ཀྱིས་བྱའོ། །བཤད་པའི་རྒྱུད་ལས་འབྱུང་བའི་ཚིག་འདི་དག་བརྗོད་དོ། །མཉམ་ཉིད་ཆོས་སྐུ་ཆེན་པོ་ལ། །སེམས་ཅན་དོན་ཕྱིར་ལོངས་སྤྱོད་རྫོགས།། ཐུགས་རྗེས་སྤྲུལ་སྐུར་གཤེགས་ནས་ཀྱང༌། །སེམས་ཅན་དགོངས་པ་བསྒྲུབ་པའི་ཕྱིར། །སོ་སོའི་གནས་སུ་ཕྱག་རྒྱས་གཞུག །ཕྱག་རྒྱ་དང་ནི་སྙིང་པོ་བརྗོད། །དེ་ནས་ཡང༌། སེམས་ཅན་དོན་ཕྱིར་གཙོ་བོའི་གཟུགས། །རྒྱལ་བ་སྲས་དང་བཅས་པ་རྣམས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ཏེ། །དགོས་པ་བསྒྲུབ་ཕྱིར་བརྟན་པར་བཞུགས། །ཞེས་བརྗོད་ལ། ཕྱག་རྒྱ་བཅའ་ལ་སྙིང་པོ་བརྗོད། །སེམས་ཅན་དང་ཕྱིར་སྐུ་སྤྲུལ་པ། །རྒྱལ་སྲས་འཁོར་དང་བཅས་པ་རྣམས། །རྒྱལ་བ་གྲངས་དང་གསུངས་པའོ། །གསུངས་པའི་དོན་རྣམས་བཤད་དུ་གསོལ། །ཞེས་བརྗོད་དོ། །བྱམས་པ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ནི། སྐུ་དང་ལས་དང་དམ་ཚིག་གི་ཕྱག་རྒྱ་དང་ལྡན་པ་ནི་ཕྱག་རྒྱའོ། །ལས་ཀྱི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱ་མེད་པའོ། །དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང༌། རྡོ་རྗེ་རྩེ་ཉི་ཤུ་པའོ། །ཡང་ན་དེ་བཞིན་གཤེགས་པའི་ཁུ་ཚུར་གཡས་པའི་མཐེབ་མཛུབ་ཀྱིས་ཕྱེ་བའོ། །ཆོས་ཀྱི་ཕྱག་རྒྱ་ནི་གོང་གི་རིག་པའོ། །བརྗོད་པ་ཆོས་ཀྱི་ཕྱག་རྒྱ་དང༌། །བསམ་པ་ཆོས་ཀྱི་ཕྱག་རྒྱའོ། །བསམ་པ་དང་བཅས་པ་ལས་ཀྱི་ཕྱག་རྒྱའོ། །བསམ་པ་དང་བཅིང་བ་དང་གཟུང་བའི་དམ་ཚིག་གི་ཕྱག་རྒྱའོ། །ཀུན་ལ་སྦྱོར་ན་དངོས་གྲུབ་ཏུ་འགྱུར་རོ། །ཕྱག་རྒྱ་བཞི་དང་བྲལ་བ་ནི། །ལྡན་ན་དགོས་པ་ཐམས་ཅད་འགྲུབ། །རྣལ་འབྱོར་པ་ལ་དངོས་གྲུབ་མེད། །རྡོ་རྗེ་སེམས་དཔའ་ཉིད་ཀྱིས་གསུངས། །དེ་བས་ན་འཇིག་རྟེན་པ་ལ་ཡང་སྐུ་དང་གསུང་དང་ཐུགས་དང་ལས་དང་རིམ་པས་སྦྱར་རོ། །ཀུན་ཀྱང་ཕྱག་རྒྱ་བཞིས་རྒྱས་གདབ་པར་བྱའོ། །སྐུ་ཕྱག་རྒྱ་ཆེན་པོ་དེ་ནས་མཆོད་བ་བྱ་སྟེ། དེ་ཡང་དེ་དག་གི་མདུན་དུ་སྡོམ་པ་བླངས་ཏེ་དེ་ཡང༌། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་པ་ནས། སེམས་ཅན་མྱ་ངན་ལས་འདས་དགོད། །ཅེས་བྱ་བའི་བར་དུ་བརྗོད། དེ་ནས་རང་གི་ལྷའི་ཏིང་ངེ་


DTG068_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དང་ལྡན་པས་མཆོད་པ་བྱིན་གྱིས་བརླབས་ཏེ། གཙོ་བོའི་སྔགས་དང་སརྦ་ཀ་རི་གང་ཡང་རུང་བ་གདགས་པར་བྱའོ། །དེ་ནས་ལྷ་སོ་སོའི་ལས་མུ་དྲ་ཕྱག་རྒྱ་དང་ལྡན་པས་སོ་སོའི་སྔགས་བཟླས་སོ། །དེ་ནས་རྡོ་རྗེ་སེམས་དཔའི་སྔགས་མང་དུ་བཟླས་ཏེ་བསང་དག་པར་བྱའོ། །དེ་ནས་མཆོད་པ་ཡང་དྲི་ཆུས་ཞབས་བསིལ་དབུལ། འོ་མ་དང་མངར་བསྲེས་པས་ཞལ་བསིལ། ཆུ་གཙང་མ་འབའ་ཞིག་གིས་འཐོར་འཐུང་བྱ། དེ་ནས་མེ་ཏོག་དཀར་པོ་གཡས་པའི་མཐེ་བོང་དང་མཛུབ་མོས་བླངས་ལ་གཞན་བརྐྱང་ལ་དབུལ། ཨོཾ་ནི་རི་ཏི་ཁཾ་སྭཱ་ཧཱ། ཞེས་པ་གོང་མའི་སྔགས་སོ། །ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུཾ། གསུམ་གྱི་སྔགས་སོ། །དེ་ནས་མཆོད་ཡོན་གྱི་སྣོད་ནས། ཨོཾ་བཻ་རོ་ཙ་ན་ཨརྒྷཾ་པྲ་ཏཱིཙྪ་ཧོ། །ཞེས་པས་དབུལ་ལོ། །དེ་ནས་སྤོས་ལ་སོགས་པ་བཞི་ཞེས་བསྐྱེད་དེ། རྒྱལ་བ་སྲས་དང་བཅས་པ་ལ་སོ་སོའམ་སྦྱིར་དབུལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་དྷཱ་པེ་པཱུ་ཛ་མི་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་པ་དང་སྤོས་ཀྱིས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཤྤེ་པཱུ་ཛ་མི་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བྱ་བ་དང་མེ་ཏོག་གིས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བྱ་བ་དང་མར་མེས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བྱ་བ་དང་དྲིས་སོ། །བདག་གི་སློབ་དཔོན་རྩ་བའི་རྒྱུད་ལྟར་བྱ་བར་གསུངས་སོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ། ཅེས་བྱ་བ་དང་བཤོས་ཀྱིས་སོ། །དེ་ནས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དོ། །ཡང་ན་ལྷ་ཐམས་ཅད་ལ་བསྟོད་པ་སོ་སོས་བསྟོད་དོ། །ནུས་ན་མཆོད་པ་བཅུ་དྲུག་པོས་མཆོད། དེ་ནས་ཕྱག་བཞི་བྱ་སྟེ། འདི་ལྟར་ཤར་ཕྱོགས་ནས་རྡོ་རྗེ་ཐལ་མོ་བརྐྱང་ལ་ལུས་ཐམས་ཅད་ཕབ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པ་སྠ་ན་ཡ་ཨཱཏྨ་ནཾ་ནི་ཪྻཱི་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ས་ཏྭ་ཨ་དྷི་ཏིཥྛི་སྭ་མཱཾ། ཞེས་བྱ་བ་འདིས་ཕྱག་བྱའོ། །དེ་ནས་ལྷོ་ཕྱོགས་ནས་ཇི་སྐད་བཤད་པའི་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ཏེ་དཔྲལ་བསལ་རེག་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཡ་ཨཱཏྨ་ཎཾ་ནི་ཪྻཱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨེ་བྷི་ཥིཉྩ་མཱཾ་


DTG068_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པས་ཕྱག་བྱའོ། །དེ་ནས་ནུབ་ཕྱོགས་ནས་ཇི་སྐད་བཤད་པའི་རྡོ་རྗེ་ཐལ་མོ་སྤྱི་བོར་བཞག་སྟེ་ཁ་ས་ལ་རེག་པ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ན་ཡ་ཨཱཏྨ་ནཱཾ་ནིཪྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་བྲ་བརྟ་ཡཱ་མི། ཞེས་ཕྱག་བྱའོ། །དེ་ནས་བྱང་ཕྱོགས་ནས་དེ་བཞིན་དུ་གནས་པ་ལས་རྡོ་རྗེ་ཐལ་མོ་སྤྱི་བོ་ནས་ཕབ་སྟེ་སྙིང་གར་སྦྱར་ལ་སྤྱི་བོ་ས་ལ་རེག་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ་ཨཱཏྨ་ནཱཾ་ནི་ཪྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཾ། ཞེས་བྱ་བ་འདིས་ཕྱག་བྱའོ། །དེ་ནས་གསང་བའི་མཆོད་པ་བྱ་སྟེ། དེ་ཡང་སྒེག་མོའི་ལས་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་ལཱ་སྱ་སཏྭ་སུ་སཾ་གྲ་ཧ། ཞེས་བརྗོད་པས། ལྷ་མོ་གཟུགས་མཛེས་མས་མཆོད་པར་བྱའོ། །ཡང་བྱང་ཆུབ་སེམས་ཀྱི་ཕན་ཡོན་དྲན་པས་བ་སྤུ་ལྡང་བ་ལ་སོགས་པས་མཆོད། ཡང་མཱ་ལེའི་ལས་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་མཱ་ལེ་བཛྲ་རཏྣ་མ་མུཏྟ་རཾ། ཞེས་པས་ལྷ་མོ་ཕྲེང་བ་དབུ་དང་སྐུ་ལ་བཅིང་བར་བྱའོ། །ཡང་དེ་བཞིན་གཤེགས་པའི་ཡོན་ཏན་མེ་ཏོག་གི་ཕྲེང་བ་བདག་དང་སེམས་ཅན་ཐམས་ཅད་ལ་འབྱུང་བར་གྱུར་ཅིག །གཱི་ཏི་མའི་ལས་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་གཱི་ཏི་བཛྲ་དྷརྨ་ཀ་རོད་བྷ་བ། ཞེས་པས་ལྷ་མོ་ཉིད་ཀྱིས་པི་ཝང་བརྡུངས་པས་མཆོད་པར་བསམ་མོ། །ཡང་དེ་བཞིན་གཤེགས་པས་བཤད་པའི་ཆོས་བདག་དང་སེམས་ཅན་ཐམས་ཅད་ལ་འབྱུང་བར་གྱུར་ཅིག །ནི་རྟིའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་ནི་རྟི་བཛྲ་ཀརྨ་ཀ་རོད་བྷ་བ། ལྷ་མོ་ཉིད་ཀྱིས་གར་བསྒྱུར་བས་མཆོད་པར་བསམ་མོ། །ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཐམས་ཅད་བདག་དང་སེམས་ཅན་ལ་འབྱུང་བར་གྱུར་ཅིག་ཅེས་པས། མཆོད་པ་ཀུན་ཀྱང་རྡོ་རྗེ་སེམས་དཔའི་ང་རྒྱལ་བྱའོ། །རྡོ་རྗེ་སེམས་དཔའ་བསྡུས་པས་ན། རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུ་བླངས་པས། །རྡོ་རྗེ་ལས་ནི་བྱེད་པར་འགྱུར། །ཞེས་གསུངས་སོ། །ནུས་ན་སྒྲུབ་པའི་མཆོད་པ་བྱའོ། །ལས་ཀྱི་ཕྱག་རྒྱ་དང་ལྡན་པར་བྱའོ། །རྩ་བའི་རྒྱུད་དུ་ཤེས་པར་བྱའོ། །དེ་ནས་རས་ཟུང་བརྒྱ་ལ་སོགས་པ་དང་བླ་རེ་རྣམ་པ་སྣ་ཚོགས་དང་


DTG068_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

བ་དན་དང་གདུགས་དང་རྒྱལ་མཚན་དང་མེ་ཏོག་གི་ཤིང་དང་དྲི་དང་བདུག་སྤོས་དང་ལྷ་བཤོས་དང་བཟའ་བ་དང་བཅའ་བ་དང་བཏུང་བ་དང་རོལ་མོའི་ཆ་བྱད་གར་མཁན་དང༌། དར་དབྱངས་དང་ཕྲེང་བ་དང་སེམས་ཅན་གླང་པོ་ཆེ་ལ་སོགས་པ་བརྒྱའམ་སྟོང་ངམ་ཁྲི་དབུལ་བར་བྱའོ། །དེ་ཐམས་ཅད་ལ་ཡི་གེ་ཨཾ་མཾ། རྡོ་རྗེ་སེམས་དཔའི་སྔགས་སམ་མེ་ཏོག་ལ་སོགས་པ་རང་རང་སྔགས་ཀྱིས་དབུལ་ལོ། །དངོས་གྲུབ་ཐམས་ཅད་གྲུབ་པར་བྱ་བའི་ཕྱིར། རྒྱལ་བ་སྲས་དང་བཅས་པས་སེམས་ཅན་ཐམས་ཅད་ཀྱི་དོན་མཛོད་ཅིག་ཅེས་གསོལ་བ་གདབ་བོ། །དེ་ནས་ཕྱི་རོལ་དུ་གཏོར་མ་སྦྱིན་པར་བྱ་སྟེ་དེ་ཡང་རྒྱུད་ལས། འབྲས་ཡོས་བཅས་ཤིང་ཏིལ་དང་བཅས། །འབྲས་ཆན་མེ་ཏོག་ཆུ་དང་བཅས། །སྲན་ཆན་བཙོས་ཤིང་མངར་དང་བཅས། །སྣུམ་ཁུར་ལ་སོགས་བཟའ་བ་རྣམས། །དེ་ཡང་གཏོར་མ་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ། ཅེས་པ་བཟླས་ལ་ཤར་ཕྱོགས་ནས་བརྩམས་ནས་གསུམ་གསུམ་དུ་བཏང༌། དྲི་དང་སྤོས་དང་བདུག་པ་མཆོད་པ་ཐོག་མ་དང་ཐ་མ་མེད་པར་སྦྱར་བར་བྱའོ། །དེ་ཡང་དང་པོར་སྤྱན་དྲང༌། དེ་ནས་དམ་ཚིག་གི་ཕྱག་རྒྱ་བསྟན་ལ་མཆོད་ཡོན་དབུལ། དེ་ནས་དྲི་ལ་སོགས་པས་ལེགས་པར་མཆོད། དེ་ནས་གཏོར་མ་དབུལ་ལོ། །དེ་ནས་གཤེགས་སུ་གསོལ་བར་བྱའོ། །ཕྱག་རྒྱ་དང་སྔགས་བཤད་པའི་རྒྱུད་དུ་ཤེས་པར་བྱའོ། །ཡང་ན་དཔུང་བཟངས་ཀྱིས་ཞུས་པ་ལས་འབྱུང་བའི་ཚིགས་སུ་བཅད་པ། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ཞེས་བྱ་བ་ལ་སོགས་པས་གཏོར་མ་སྦྱིན་ནོ། །དེ་ནས་རང་གི་ལྷ་བཞིན་དུ་ང་རྒྱལ་བྱའོ་ཡི་གེ་བརྒྱ་པ་གདོན་ནོ། །དེ་ནི་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབ་བོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ལ། བདག་མིང་འདི་ཞེས་བགྱི་བ་ཡི། །རྡོ་རྗེ་སློབ་དཔོན་བཀའ་ཐུབ་ཆེས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བགྱིའོ། །དེ་ནས་སློབ་མ་དགེ་བསྙེན་ནམ་དགེ་སློང་ངམ། ཐེག་པ་འོག་མ་ལ་སྡོམ་པ་བླངས་ལ་དབང་བསྐུར་བའམ། རོ་ཉིད་དེ་ལྟ་བུས་འདི་སྐད་བརྗོད་དོ། །དགའ་ཆེན་ཁྱོད་ནི་


DTG068_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བདག་སྟོན་པས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །དམ་ཚིག་དེ་ནི་བདག་ལ་སྩོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །དེ་ནས་སློབ་མ་ལ་རྡོ་རྗེ་སྲུང་བ་དང་བཟླས་པའི་སྟོད་གཡོགས་དང༌། རྡོ་རྗེ་གནོད་སྦྱིན་ལ་སོགས་པའི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བཟླས་པའི་གདོང་གཡོགས་བཅིངས་ལ་ཕྱག་བཞི་བྱེད་དུ་གཞུག་གོ །དེ་ནས་སློབ་དཔོན་གྱིས་ཆོས་བཤད་གོ་བགོ་བ་སྡོམ་བཤགས་རྗེས་སུ་ཡི་རང་སྐྱབས་བྱེད་གསོལ་བ་ཡང་བྱས་ལ་ཡང་འདི་སྐད་བརྗོད་པར་བྱའོ། །གཙོ་བོ་བདག་ལ་སྡོམ་པ་སྩོལ། །ཐུབ་པའི་ཉི་མ་མ་ལུས་པ། །སངས་རྒྱས་རྣམས་ཀྱང་བདག་ལ་དགོངས། །བདག་མིང་འདི་ཞེས་བགྱི་བ་ཡིས། །སློབ་དཔོན་དཔང་དུ་གནས་པ་ལ། །སངས་རྒྱས་རོལ་མོ་ལས་ཕྱུང་བའི། །མི་ལྡོག་པ་ཡི་འཁོར་ལོ་འབྱོར། །ཐར་པའི་རང་བཞིན་གྲོང་ཁྱེར་ཆེ། །གསང་བ་ཆེན་པོར་འཇུག་པར་བགྱི། །གསང་བ་ཐམས་ཅད་བསྡུས་པར་ནི། །སློབ་དཔོན་ཆེན་པོ་བདག་འཇུག་མཛོད། །མི་ལྡོག་པ་ཡི་དབང་བསྐུར་བ། །སྐལ་བ་ཆེན་པོ་བདག་ལ་སྩོལ། །མཚན་རྣམས་ཀུན་གྱིས་རྒྱས་བཏབ་ཅིང༌། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་ཀུན་གྱི་ཡིད་འོང་བ། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དབང་བསྐུར་ཆེན་པོ་རྨད་བྱུང་བ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་འགྱུར། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དེ་ནས་སློབ་དཔོན་གྱིས་རིགས་ཐམས་ཅད་ལ་གསོལ་བ་གདབ་པར་བྱ་སྟེ། ཆེ་གེ་མོ་ཞེས་འདི་ཉིད་ནི། །བྱང་ཆུབ་སེམས་ནི་ཡོངས་འཛིན་པ། །དམ་ཚིག་མཆོག་ཏུ་གསང་བ་པ། །འཁོར་ལོ་འདིར་ཡང་འཇུག་པར་འཚལ། །དེ་ནས་ཡང་སློབ་དཔོན་གྱིས་འདི་སྐད་བརྗོད་པར་བྱ་སྟེ། གསང་བ་ཆེན་པོ་རིགས་དག་པའི། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །དེས་ཀྱང་འཚལ་ཞེས་བརྗོད་པར་བྱ། །ཡང་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་


DTG068_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་འདའ་བར་དཀའ་བའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག །བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་བྱའོ།། བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམས་བཞི་རབ་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་ཁྱོད་ནི་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །གཞན་ཡང་བཅུ་བཞི་འདི་དག་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྦང་ཞིང་ངོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བར་ཤེས་པར་བྱ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླ་བར་བྱ། །གང་ཚེ་ཉམས་ན་རྣལ་འབྱོར་པ། །ཁ་ན་མཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ༌། །འདོད་པ་ལོག་པར་མི་སྤྱོད་དོ། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་གདུལ་ཕྱིར་མ་གཏོགས་པར། །བྱ་བ་མ་ཡིན་ཐམས་ཅད་སྤང། །དམ་པ་ཉེ་བར་བསྟེན་བྱ་ཞིང༌། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང༌། །ངག་གི་རྣམ་པ་བཞི་རྣམས་དང༌། །ཡིད་ཀྱི་རྣམ་པ་གསུམ་རྣམས་ནི། །ཅི་ནུས་པར་ནི་རྗེས་སུ་སྦྱང༌། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་ཡོངས་མི་སྤང༌། །རྟག་ཏུ་མྱ་ངན་འདའ་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང༌། །ཕྱག་རྒྱ་མཚོན་ཆ་བཞོན་པ་དང༌། །མཚན་མ་འགོང་བར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་


DTG068_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རྟག་ཏུ་བསྲུང་བར་བྱ། །དེས་ཀྱང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སློབ་དཔོན་འདིར་ནི་གནས་པ་ལ། །གཙོ་བོས་ཇི་སྐད་བཀའ་སྩལ་པ། །དེ་ལྟར་བདག་ནི་བགྱིད་པར་འཚལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་བྱ་བ་ནས། སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་པའི་བར་དུ་བརྗོད། གང་སྡོམ་པ་འཛིན་པར་མི་བྱེད་པ་དེ་ལ་ནི། དེང་ཁྱོད་ཅེས་པ་ལ་སོགས་པར་བརྗོད་པར་མི་བྱའོ། །དབང་མི་བསྐུར་གནང་བ་མི་སྦྱིན་འཇུག་པ་ཙམ་བྱའོ། །དེ་ནས་ཨོཾ་སརྦ་ཡོ་གཙིཏྟ་ཨུཏྤཱ་ད་ཡཱ་མི། ཞེས་པ་འདིས་རྡོ་རྗེ་སྙིང་གར་བཞག་ལ། བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་ནས་སུ། །དེ་ཡི་སྙིང་གར་སྙིང་པོས་ནི། །རྡོ་རྗེ་རབ་ཏུ་གཞག་པར་བྱ། །སུ་ར་ཏ་ས་མ་ཡ་སྟྭཾ་ཧོ་བཛྲ་སིདྡྷ་ཡ་ཐཱ་སུ་ཁཾ། དེ་ནས་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ་དྲི་དང་མེ་ཏོག་ལ་སོགས་པས་མཆོད་དོ། །མེ་ཏོག་གི་ཕྲེང་བ་གདགས་གདོང་དྲིས་བྱུགས་ལ་ཡོན་གྱི་མཆོག་བླང་ངོ༌། །དེ་ནས་ཕྱི་ན་གནས་པའི་བུམ་པའི་ཆུས་དབང་བསྐུར་ལ་ས་མ་ཡ་སྟྭཾ། ཞེས་བྱ་བ་འདིས་རྡོ་རྗེ་སེམས་མའི་ཕྱག་རྒྱ་འཆིང་དུ་བཅུག་ལ། གུང་མོ་གཉིས་མེ་ཏོག་གི་ཕྲེང་བ་ཐོགས་ལ་ས་མ་ཡ་ཧཱུཾ། ཞེས་པས་གཞུག་པར་བྱ་ཞིང་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་རང་གི་སྒོ་ནས་བཛྲ་ཨངྐུ་ཤ་ཛཿ། བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་ཨཱ་བེ་ཤ་ཨཿ། ཞེས་བྱ་བས་དགུག་པ་དང༌། གཞུག་བ་དང༌། བཅིང་བ་དང༌། དབང་དུ་བྱའོ། །དེ་ནས་ཤར་སྒོར་དེ་བཞིན་དུ་བཅུག་ལ་འདི་སྐད་བརྗོད་པར་བྱའོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་གྲུབ་པ་ཡང་ཐོབ་ལ་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱས་ལ་ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་ལ་སྨྲ་བར་མ་བྱེད་ཅིག་ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་རྡོ་རྗེ་སློབ་དཔོན་བདག་ཉིད་ཀྱིས་རྡོ་རྗེ་སེམས་མའི་ཕྱག་རྒྱ་ཁ་ཐུར་དུ་བསྟན་པ་དང་གྱེན་དུ་བསྟན་པ་བཅིངས་ལ། རྡོ་རྗེ་སློབ་མའི་སྤྱི་བོར་བཞག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ནི་ཁྱོད་ཀྱི་རྡོ་རྗེའི་


DTG068_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཡིན་གྱིས་གལ་ཏེ་འགའ་ཞིག་ལ་སྨྲས་ན་ཀླད་པ་འགས་པར་འགྱུར་རོ། །དེ་ནས་ཕྱག་རྒྱ་དེ་ཉིད་དང་མནའི་སྙིང་པོ་འདི་ལན་ཅིག་བཟླས་ཏེ་སློབ་མ་དེར་འཐུང་དུ་བཅུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་མཛད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་བཀས་ནས་གཤེགས། །བཛྲོ་ད་ད་ཀ་ཋ་ཞེས་བྱའོ། །དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་བྱ་དགོས་སོ། །ཁྱོད་ང་ལ་བརྙས་པར་མ་བྱེད་ཅིག །མི་བདེ་བ་མ་སྤངས་པར་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། དེ་ནས་ཡི་གེ་ཨ་ཞེས་བྱ་བས་བདག་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོར་བསམ་པར་བྱའོ། །དེའི་རྗེས་ལ་རང་གི་སྙིང་གར་ཡི་གེ་ཨ་ལས་རྡོ་རྗེ་འོད་ཟེར་གྱི་ཕྲེང་བ་དང་ལྡན་པ་བསམ་པར་བྱའོ། །ཡི་གེ་ཧཱུཾ་གིས་སློབ་མ་རྡོ་རྗེ་སེམས་དཔའ་རྡུལ་དང་བྲལ་ཞིང་ཤིན་ཏུ་དང་བར་བསམས་ལ། ཧཱུཾ་ཏྲཾ་ཧྲི་ཀཾ། ལས་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་སྣ་ཚོགས་རྡོ་རྗེ་སྙིང་ག་དང་དཔྲལ་བ་དང་ལྕེ་དང་སྤྱི་བོར་བསམ་མོ། །དེ་ནས་སྒོ་དབྱེ་བའི་ཕྱག་རྒྱས་རང་དང་སློབ་མའི་སྙིང་ག་དབྱེ་བར་བྱའོ། །དེ་ནས་རང་གི་སྙིང་གར་གནས་པའི་རྡོ་རྗེ་ཨ་ཞེས་བྱ་བས་ཕྱུང་ལ། སློབ་མའི་སྙིང་གའི་རྡོ་རྗེའི་དབུས་སུ་བཅུག་སྟེ་ལུས་ཐམས་ཅད་གང་བར་བསམས་ལ། འདི་སྐད་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་སྨྲར་གཞུག་གོ །དེ་ནས་སློབ་དཔོན་གྱིས་མྱུར་དུ་རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ལ་དེའི་སྙིང་གར་བཞག་སྟེ་འདི་སྐད་བརྗོད་དུ་གཞུག་གོ །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །དེ་རིང་ཉིད་དུ་འབབ་པར་ཤོག །བཛྲ་ཨཱ་བེ་ཤ་ཨཿ། ཞེས་པ་ལན་བཅུ་ནས་བརྒྱའི་བར་དུ་བཟླས་ན་འབབ་པར་འགྱུར་རོ། །གལ་ཏེ་མ་བབ་ན་ཡང་ཁྲོ་བོའི་ཁུ་ཚུར་བཅིངས་ལ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་དྲལ་བར་བྱ་ཞིང༌། བཛྲ་སཏྭ་ཨ་ཨ། ཞེས་བྱ་བ་འདི་བརྗོད་ལ། རྡོ་རྗེ་སེམས་དཔའ་འོད་ཟེར་དམར་པོ་འབབ་པས་ཀུན་དུ་ཁྱབ་པར་ཀུན་དུ་གང་བར་


DTG068_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་ལ། ལན་བརྒྱའི་བར་དུ་བཟླ་བར་བྱའོ། །མ་བབ་ན་མི་བསྐུར་མི་གནང་ལ། གསོན་པོ་ལ་ནི་སྦྱིན་སྲེག་བྱ་བ་དང༌། གར་དང་ཉེ་བའི་གར་དང་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དང༌། ཀྱེ་རྡོ་རྗེ་རིན་ཆེན་ཞེས་བྱའོ། །ཀྱེ་རྡོ་རྗེ་ལས་རྡོ་རྗེ་ཆོས་ལན་དང་ཉེ་བའི་ལན་ནོ། །ཕྱག་རྒྱ་འཆིང་དུ་གཞུག་གོ །དེ་ཡང་དང་པོར་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ་འཆིང་དུ་གཞུག་གོ །ཡང་ནི་ཪྻ་བཛྲ། ཞེས་པས་གར་བསྒྱུར་རོ། །དེ་ནས་གར་དང་ཉེ་བའི་གར་ལ་སོགས་པ་སློབ་དཔོན་གྱིས་རྡོ་རྗེ་ཁུ་ཚུར་ནས་རྡོ་རྗེ་ཆོས་ཀྱི་བར་དུ་བྱ། སློབ་མས་རྡོ་རྗེ་སེམས་དཔའ་ནས་རྡོ་རྗེ་བཞད་པའི་བར་དུ་བྱའོ། །དེ་ལྟ་བུས་རྒྱལ་བ་སྲས་དང་བཅས་པ་མཛད་པར་འགྱུར་རོ། །དེ་ནས་འབབ་པའི་ལྕེ་ལ་རྡོ་རྗེ་བསམས་ལ་ཧཱུཾ་ཏིཥྛ་བཛྲ། ཞེས་བརྗོད་པས་ཐམས་ཅད་སྨྲ་བར་འགྱུར་རོ། །དེ་ནས་པྲ་ཏཱིཙྪ་བཛྲ་ཧོ། །ཞེས་པས་ཕྲེང་བ་དཀྱིལ་འཁོར་དུ་དོར་བར་བྱའོ། །བབས་པའི་ལྷ་དེ་འདི་ལ་གྲུབ་པར་འགྱུར་རོ། །དེ་ནས་ཨོཾ་པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལ། ཞེས་པ་དེས་ཕྲེང་བ་དེ་མགོ་ལ་བཅིང་བར་བྱའོ། །དེ་ནས་གདོང་གཡོགས་བསལ་ཏེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་དབྱེ་བར་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད་རབ་འབྱེད་ལ། །རྡོ་རྗེའི་མིག་ནི་བླ་མེད་པའོ། །ཧེ་བཛྲ་པཱ་ཤྱ། ཞེས་བྱ་བ་འདིས་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ་རྣམ་པར་སྣང་མཛད་ལ་ཐུག་གི་བར་དུ་དཀྱིལ་འཁོར་བསྟན་པར་བྱའོ། །ཏིཥྛ་བཛྲ། ཞེས་དབབ་པའི་ཕྱག་རྒྱས་སློབ་མའི་སྙིང་གར་དགྲོལ་ལོ། །དེ་ནས་ཤར་ཕྱོགས་ཀྱི་སྒོ་ལ་མངོན་པར་ཕྱོགས་པར་ཟླ་བའི་དཀྱིལ་འཁོར་བྲིས་ལ། རང་གི་ཕྱག་རྒྱས་སློབ་མ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་སུ་བསམས་ལ་རང་གི་ཕྱག་རྒྱ་ཆེན་པོས་ཟླ་བའི་དཀྱིལ་འཁོར་ལ་བཞག་སྟེ། མཆོད་ཡོན་བསྟབས་ཏེ་དྲི་དང་མེ་ཏོག་ལ་སོགས་པས་མཆོད་དེ་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དང་དུང་དང་རོལ་མོ་ལ་སོགས་པའི་སྒྲ་རྣམས་ཀྱིས་མཆོད་དོ། །དེ་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ལ་སོགས་པས་མངོན་པར་དགའ་བར་བྱ་ཞིང་དང་པོར་རེ་ཞིག་ཆུའི་དབང་བསྐུར་རོ། །དེ་ནས་ཕྲེང་བ་ལ་སོགས་པ་


DTG068_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དང༌། རྡོ་རྗེ་དྲིལ་བུ་དང་རིན་པོ་ཆེ་བདུན་དང་རྒྱུད་ལས་འབྱུང་བ་ལྟར་རིམ་པས་བསྐུར་རོ། །དེ་ཡང་རྗེ་བཙུན་གྱི་རིམ་པ་ཉིད་དུ་ཤེས་པར་བྱའོ། །བདག་གིས་དེ་ལྟར་ལྟོས་པས་མ་བྲིས་སོ། །དབང་བསྐུར་བའི་རྗེས་ལ་སྤོས་ལ་སོགས་པས་མཆོད། སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་མཆོད་ལ་དབང་གཞན་བསྐུར་བར་བྱའོ། །དེ་ནས་སློབ་དཔོན་གྱིས་ཀྱང་ཡི་གེ་བརྒྱ་པ་བཏོན་ལ་ཏིང་ངེ་འཛིན་དེ་བཞིན་དུ་གསལ་ལ། ཤིང་ལ་སྔགས་ཀྱི་རྒྱལ་པོ་མང་དུ་བཟླས་ལ་རོ་རིག་པའི་མེ་ཏོག་ཏུ་བསམས་ལ་དོར་བའམ་ཡང་ན་སྔ་མ་བཞིན་དུ་གདན་དང་བཅས་པ་རྒྱན་ཀྱང་རང་གི་ལྷ་བཞིན་དུ་བསམས་ལ་མཆོད་པའམ་ཡང་ན་གང་དུ་ཡང་མི་བསམ་པར་བྱའོ། །དེ་ནས་ནུབ་ཕྱོགས་སུ་ཀུ་ཤའི་གདན་ལ་གནས་ཏེ་ཁ་ཤར་དུ་བལྟས་ཏེ་སྦྱིན་སྲེག་བྱའོ། །རྫས་མར་ཁུ་དང་མངར་གསུམ་དང་ཡམ་ཤིང་ལོ་མ་ཅན་དང་དྲི་ཞིམ་པ་ལས་བྱས་པ་སོར་བརྒྱད་དམ། སོར་བཞི་ཉི་ཤུ་རྩ་བཞིའི་བར་དང༌། འབྲས་ཐུག་དང༌། མངར་བ་དང༌། འོ་མར་སྦྱར་བ་དང༌། འབྲས་ཆན་དང༌། འབྲས་ཡོས་དང༌། ས་ཏུ་པ་དང༌། འབྲུ་སྣ་ལྔ་དང༌། ཏིལ་དཀར་པོ་དང༌། སྤོས་དང་མེ་ཏོག་དང༌། མར་མེ་དང་དྲི་དང་བཤོས་ཀུན་གཡས་སུ་གཞག་གོ །ཞབས་བསིལ་དང་མཆོད་ཡོན་གཡོན་དུ་གཞག་གོ །བུད་ཤིང་སྐམ་པོ་གུར་ཀུམ་གྱིས་བསྒོས་པ་ཡང་གཞག་གོ །ཡུངས་ཀར་ཡང་བསག་གོ །དེ་ཡང་རྒྱུད་ལས། ག་པུར་གུར་ཀུམ་ལ་སོགས་པ། །མར་དང་འོ་མ་ཏིལ་བསྒོས་ལ། །ཏིལ་དང་ཡུངས་ཀར་འབྲས་རྣམས་དང༌། །དྲི་ཡི་ཆུས་ནི་ལེགས་བཀང་སྟེ། །འབྲས་ཆན་སྤོས་དང་ས་ཏུ་བ། །སྦྲང་རྩི་ཤ་ཀར་མངར་ལྡན་པ། །ཞེས་འབྱུང་སྟེ་དེ་ནས་དགང་གཟར་དང་བླུགས་གཟར་དང་ཕུར་བུ་དང་ཐོ་བ་དང་གཏོར་མ་རྣམས་བཤད་པའི་རྒྱུད་བཞིན་དུ་བྱའོ། །དེར་མདོར་བསྟན་པ། དགང་བླུགས་ཐོ་བ་ཕུར་པ་རྣམས། །ཞི་བ་ཤིན་ཏུ་རྩེ་མོ་དཀར། །དབྱིབས་ཟླུམ་དྲི་ཡིས་བསྒོས་པར་བྱ། །དྲི་ཞིམ་གཞོན་དང་ས་དཀར་ལས། །སྐྱེས་པ་རབ་ཏུ་བསྔགས་པ་ཡིན། །ཞེས་གསུངས་སོ། །རང་རྣལ་འབྱོར་པ་དང་ལྡན་པས་ཡོ་བྱད་ལ་ལས་ཐམས་ཅད་པ་དང་ངན་སོང་སྦྱོང་བའི་སྔགས་ཀྱིས་བཏབ་བོ། །དེ་ཡང་རྒྱུད་ལས། བརྒྱ་ཕྲག་


DTG068_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མར་ཡོངས་བཟླས་པ། །ཡམ་ཤིང་ལ་ཡང་དེ་བཞིན་ཏེ། །ཞེས་གསུངས་སོ། །དེ་ནས་ཀུ་ཤ་ལ་བཀྲ་ཤིས་ཀྱི་སྐྱིལ་མོ་ཀྲུང་དུ་འདུག་ལ། རྡོ་རྗེ་ཆོས་ཀྱི་བཟླས་བརྗོད་བྱས་པའི་ཆུས་ཐབ་ཀྱི་ཉེ་འཁོར་དང༌། ཡོ་བྱད་ཐམས་ཅད་བསངས་ནས་རང་གི་ལྷའི་རྣལ་འབྱོར་གསལ་བར་བྱ་སྟེ་རྒྱུན་ཆགས་པའི་མེའམ། དཀའ་ཐུབ་དགའ་བའི་ཁྱིམ་ནས་བླང་པའི་མེའམ། རྡོ་རྗེ་ཆོས་ཀྱི་བཟླས་བརྗོད་བྱས་པའི་ཆུས་མེ་བསངས་ཏེ། བུད་ཤིང་ལ་མེ་སྦར་ལ་ལས་སྣ་ཚོགས་ཀྱི་སྙིང་པོ་བརྗོད་ཅིང༌། རླུང་གཡབ་ཀྱིས་མེ་སྦར་རོ། །དེ་ནས་རང་གི་ཏིང་ངེ་འཛིན་གསལ་བའི་སྙིང་གར་ཧཱུཾ་བསམས་པ་ལས་ཧཱུཾ་ངམ་རཾ་ལས་མེ་ལྷ་བསྐྱེད་དེ་རྡོ་རྗེ་མེའི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་བཅིང་བ་བསྡམས་པར་བྱས་པའོ། །དམ་ཚིག་གི་སྔགས་ཧཱུཾ་ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་བྷསྨི་ཀུ་རུ་སརྦ་དུཥྚཱ་ན་ཧཱུཾ་ཕཊ་ཕཊ་ཧཱུཾ། ཞེས་བརྗོད་པས་རྡོ་རྗེ་མེ་ལྷའི་གཟུགས་སུ་གྱུར་ཏེ་མིང་པ་རིང་བ་ལ་གཟི་མདངས་ཆེན་པོ་གཡས་བགྲང་ཕྲེང༌། གཡོན་རིལ་བ་སྤྱི་བླུགས་ཐོགས་པ་ཐོར་ཚུགས་སེར་པོར་ཅན་ལུས་པོ་མདོག་དཀར་ཞིང་ཟླུམ་པོ། །མེ་ལྕེ་སྟོང་གི་དཀྲིགས་ཤིང་འོད་འབར་བར་བསམས་ནས། ལྕགས་ཀྱུ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་དང་ལྡན་པས་སྔགས་བརྗོད་དོ། །ཨོཾ་བཛྲ་ཨགྣེ་ཨངྐུ་ཤ་ཛཿ། པཱ་ཤ་ཧཱུཾ། སྥོ་ཊ་བཾ། གྷཎྚེ་ཧོཿ། དགུག་པ་དང་གཞུག་ཅིང་དབང་དུ་བྱའོ། །དེ་ནས་མཆོད་ཡོན་ལ་སོགས་པ་སྔགས་ཀྱིས་བྱིན་ལ་ཞི་བའི་མཐུན་པའི་དགང་གཟར་གྱིས་མར་གྱི་དགང་བླུགས་གསུམ་སྦྱིན་ནོ། །དེ་ནས་མངར་གསུམ་དང་བསྲེག་ཤིང་ཐོར་ཏོ་མར་ལ་བསྡེབས་པ་གསུམ་བསྲེག་པ་དང༌། ཡོ་བྱད་རིམ་པས་དབུལ། གུང་མོ་སྲིན་ལག་གསུམ་གྱིས་བསྐོར་ཞིང་དབུལ་ལོ། །དེ་ནས་བསྟོད་པ་བྱའོ། །དེ་ཡང་བཤད་པའི་རྒྱུད་ལས་འབྱུང་བས་བསྟོད་དོ། །དྲང་སྲོང་ཆེན་པོ་ཁྱེད་འབར་བ་ཉིད་དུ་བཞུགས་ཏེ་བདག་ཉིད་ཇི་ལྟར་འདོད་ཀྱིས་སྦྱིན་སྲེག་བྱེད་ཀྱི་བར་དུ་གནས་པར་གྱིས་ཤིག །ཅེས་སྨྲས་ནས་མེ་ལྷའི་གཟུགས་དེ་ཉིད་མེའི་རང་བཞིན་འབར་བ་ཉིད་དུ་གྱུར་པར་བསམ་མོ། །དེ་ཡང་རྒྱུད་ལས། དེ་ནས་བྱིན་ཟ་དགེ་བ་རཾ་སྦར་ནས། །མེ་ལྕེ་སྟོང་གིས་དཀྲིགས་ཤིང་འབར་བའི་ལུས།།


DTG068_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་དཀར་ཀུནད་བཞིན་ལ་ཞི་བའི་ལུས། །མཐའ་ཡས་པ་ཡི་གཟུགས་ཀྱིས་མེ་བཀུག་ལ། །ཨརྒ་ཕུལ་བར་བརྟགས་ནས་དེ་བཞིན་དུ། །བློ་མཆོག་ལྡན་པའི་མདུན་དུ་གཟུགས་མཆོག་གཞག །ཅེས་གསུངས་སོ། །རྡོ་རྗེ་སེམས་དཔའ་བཟླས་པའི་ཡོ་བྱད་གཡས་གཡོན་དུ་གཞག་དགང་གཟར་བླུགས་གཟར་དང་ཕུར་པ་ཐོ་བ་དང་གཏོར་མ་མདུན་དུ་གཞག །དེ་ནས་ཁྲོ་བོ་ཧཱུཾ་ལས་བསྐྱེད་པ་དང་རང་བཞིན་དང་གཉིས་སུ་མེད་པར་བྱས་ལ་མཆོད་པའི་རིམ་པའོ། །ཡང་ཕྲིན་ལས་བཅོལ་བསྟོད་པ་བྱའོ། །དེ་ནས་དཀོན་མཆོག་གསུམ་སྤྱན་དྲང་མཆོད་པའི་རིམ་པ་ཡང་བྱ་བསྟོད་ནས་ཕྲིན་ལས་བཅོལ་གཤེགས་སུ་གསོལ། དེ་ནས་ལྷ་སོ་སོ་ལ་མཆོད་པའི་རིམ་པའོ། །དེ་ཡང་བཤད་པའི་རྒྱུད་ལས་ཇི་སྐད་དུ། དང་པོར་མེ་ལྷ་ཉིད་ལ་གསུམ། །དེ་ནས་ཁྲོ་བོ་ཁམས་གསུམ་ལ། །དེ་འོག་དཀོན་མཆོག་གསུམ་ལ་དབུལ། །དེ་ནས་ལྷ་རྣམས་རེ་རེ་ལ། །ཞེས་གསུངས་པས་དེ་དང་མཐུན་པར་དབུལ། ཡང་ན་མེ་ལྷ་དང་ལྷ་སོ་སོ་ལའོ། །དེ་ནས་ཁམས་གསུམ་རྣམ་པར་རྒྱལ་ལའོ། །དེ་ནས་མེ་དག་པར་བྱས་ལ་དེའི་ནང་དུ་དེ་རྣམས་སྤྱན་དྲང་བར་བྱ་བ་དང་གདན་དབུལ་བ་དང་ཞབས་བསིལ་ལ་སོགས་པ་དབུལ་བ་དང་སྲེག་རྫས་རིམ་པར་དབུལ་བ་དང༌། ལས་ཞི་བར་བྱ་བའི་ལས་དང་བསྟོད་པ་དང་གཤེགས་སུ་གསོལ་བ་དང་ཕྲིན་ལས་བཅོལ་བ་མ་ལུས་པར་བྱའོ། །དཀྱིལ་འཁོར་ཆེན་པོ་ནས་སྤྱན་དྲང་བ་དང་གཤེགས་སུ་གསོལ་བ་དེར་བྱའོ། །ཡང་ན་རང་ལྷའི་རྣལ་འབྱོར་གསལ་བར་བྱས་ལ་ལས་སྣ་ཚོགས་པའི་སྙིང་པོ་བརྗོད་པས་མེ་འབར་བ་དེ་ཉིད་ཀྱི་ནང་དུ་གཞལ་ཡས་ཁང་རྒྱན་དང་གདན་དུ་བཅས་པ་བསྐྱེད་ལ། དེའི་ནང་དུ་རྡོ་རྗེ་བསྡུ་བ་དང་སྒོར་ཕྱོགས་པ་དང་ནང་དུ་དགུག་པ་དང་གཞུག་པ་དང་བཅིང་བ་དང་དགྱེས་པར་བྱ་བ་བྱས་ལ། དེ་དག་སྐུ་མདོག་དང་ཕྱག་མཚན་དང་བཞུགས་པའི་ཚུལ་ལ་སོགས་པ་སོ་སོའི་ལྟ་བས་ཡུན་རིང་དུ་བལྟ་ཞིང་བསམ་མོ། །དེ་ནས་སོ་སོའི་དམ་ཚིག་གི་ཕྱག་རྒྱ་བཅའ་སོ་སོའི་སྔགས་མཇུག་ལ་ས་མ་ཡ་སྟྭཾ། ཞེས་བརྗོད་པས་འཕགས་པ་རྣམས་མཉེས་ཤིང་དམ་ཚིག་བསྐང་བར་བསམ་མོ། །དེ་དག་ལ་ཡང་མཆོད་པའི་རིམ་


DTG068_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་པོ་ཞབས་བསིལ་དེ་ནས་ཞལ་བསིལ་ཏེ། འཐོར་འཐུང་གིས་བསང་མཆོད་ཡོན་དབུལ། དེ་ནས་མཆོད་པ་བརྒྱད་དང་ཉི་ཤུ་ཡང་མི་འགལ་ཏེ་ནུས་ན་དབུལ། དེ་ནས་སྲེག་རྫས་རྣམས་ལ་ལྷ་སོ་སོའི་སྙིང་ཕོ་དང་ངན་སོང་སྦྱོང་བའི་སྔགས་བཟླས་ཏེ་འོད་ཟེར་དཀར་པོར་གྱུར་པར་བསམས་ཏེ་བདག་ལྷ་གནས་རྫས་ལ་དེ་ལྟར་བསམ་མོ། །རྫས་རེ་རེ་ལ་ཡང་ཨོཾ་བུདྡྷ་བཻ་རོ་ཙ་ན་སྭཱ་ཧཱ། ཨོཾ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ཡ་སྭ། ཨོཾ་རཏྣ་སམྦྷ་བ་ཏྲཾ། ཨོཾ་ཤཱཀྱ་མུ་ན་ཡེ་ཨོཾ་སརྦ་ཏྲ་ཐ། ཞེས་པའི་མིང་སྔགས་དང༌། སང་དོན་སྔགས་ཀྱི་མཐར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་བཏགས་ལ་དབུལ་ལོ། །དེ་ཡང་དང་པོར་མར་མངར་གསུམ་དེ་ནས་ཡང་ཤིང་ལོ་མ་སོར་བཞི་པ་རྩ་བ་སོར་གསུམ་པ་ཟླུམ་པོ་ག་བུར་གུར་གུམ་གྱིས་བསྒོས་པ་དང༌། ཤིང་ཞོ་ཅན་དང་དྲི་ཞིམ་པ་ལས་བྱས་པ་སོར་བཞི་པའམ་བརྒྱད་པའམ་ཉི་ཤུ་རྩ་ལྔ་མན་ཆད་སྦོམ་ཕྲ་སྔགས་པའི་ཆང་པ་གང་ངམ་ཡང་ན་སོར་བརྒྱད་པ་ལ་སོ་རལ་གྲི་འདྲ་བ་སོར་གསུམ་ཟླུམ་པོ་དབུལ་བ་རྩེ་མོ་མར་ལ་བསྔོས་ལ་གོང་མའི་རིམ་པ་བཞིན་དབུལ་ལོ། །དེ་ནས་བཟླས་པའི་མཐར་མིང་འདི་ཞེས་བྱ་བའི་ལས་དང་ཉོན་མོངས་པའི་སྒྲིབ་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་དོ། །ལྷའི་དཀྱིལ་འཁོར་གྱི་ལྷ་རེ་རེ་ལ་བརྒྱ་རྩ་བརྒྱད་དང་ཉི་ཤུ་རྩ་གཅིག་དང་གསུམ་ལས་ཉུང་བར་མི་དབུལ་ལོ། །དེ་ནས་བཤད་པའི་རྒྱུད་ལས་འབྱུང་བའི་ཚོགས་དང་ཞེས་པ་གླུ་དང་ཕུར་བུས་གདབ་པ་དང་ཐོ་བའི་ལས་དང་གཏོར་མ་དང་སྲིད་བ་ཞི་བར་བྱེད་པའི་སྔགས་ཀྱང་ནུས་ན་བྱའོ། །མ་ནུས་ན་བསྟོད་པ་དང་ཕྲིན་ལས་བཅོལ་གཤེགས་སུ་གསོལ་བར་བྱའོ། །དེ་ཡང༌། །གླུ་དང་ཕུར་བུས་གདབ་པ་དང༌། ཐོ་བ་ཞི་བའི་གཏོར་མ་དང༌། །སྲིད་པ་ཞི་བྱེད་སྔགས་རྣམས་ནི། །མེད་ན་ལ་སོགས་མི་འགྱུར་རོ། །ཞེས་གསུངས་སོ། །ཡང་བར་དུ་མིང་འདི་ཞེས་བྱ་བའི་ཉོན་མོངས་པ་དང་སྒྲིབ་པ་ཐམས་ཅད་ཨོཾ་སརྦ་པཱ་བཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་ཏིལ་བསྲེག་གོ །དེ་ནས་རྫོགས་པ་དང་ཡང་མེ་ཐབ་བསངས་ལ་ལྷག་ཆད་ཀྱི་དོན་དུ་གཙོ་བོ་ལ་སོགས་པའི་ལྷ་ཐམས་ཅད་ལ་བརྒྱ་རྩ་བརྒྱད་དབུལ་ལོ། །ཡང་ངན་སོང་སྦྱོང་བའི་ལྷ་ལ་སྲེག་རྫས་ཉི་ཤུ་རྩ་


DTG068_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཕུལ་ནས་ཚུལ་བཞིན་དུ་གཤེགས་སུ་གསོལ་དེ་ནས་མེ་ལྷ་མེ་ཐབ་ཏུ་སྣང་བར་བྱས་ལ་མཆོད་ཡོན་ལ་སོགས་པ་ལན་གསུམ་དུ་དབུལ་ལོ། །དེ་ཡང་རྒྱུད་ལས་ཇི་སྐད་གསུངས་པའི་ཡོན་ཏན་འདོད་པའི་དེ་བཞིན་གཤེགས་པ་ལ་སོགས་པ་དེ་ལྟར་སྤྱན་དྲངས་ལ། ཨརྒྷ་ལ་སོགས་དེ་བཞིན་དུ། བདར་གཤེགས་གསུངས་པའི་མཆོད་པ་གང་ཡིན་བྱ། །དེ་ནས་བསྲེག་བྱ་གང་སྟེ་རིམ་གྱིས་ནི། །བརྒྱ་ལ་སོགས་ཏེ་བརྒྱ་རྩ་བརྒྱད་དུ་བརྟག །དེ་ནས་སྦྱོང་བའི་སྔགས་ཀྱིས་རྒྱལ་པོའམ། །བསྲེག་བྱ་ཉི་ཤུ་རྩ་གཅིག་རབ་ཏུ་བརྟག །དེ་ནས་སྤྱན་དྲང་ཡོ་བྱད་ལན་གསུམ་དང༌། །ཨརྒ་ལ་སོགས་པདྨ་དཀར་ཞལ་མཆོད། །ཅེས་གསུངས་སོ། །བསྒྲུབ་པར་བྱ་བ་ཡང་རྒྱུད་ལས། །ཕྱག་ན་རྡོ་རྗེ་པདྨ་ཞགས་པ་བསྣམས། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུགས། །ཞབས་ཀྱིས་པདྨར་སྡིག་མནན་ཅིང༌། །རྒྱན་རྣམས་ཀུན་ནི་རབ་རྫོགས་པ། །རྫོགས་སངས་རྒྱས་ཀྱི་དབུ་རྒྱན་མཐོ། །བསམས་སམ་ཡང་ན་བྲིས་ཀྱང་རུང༌། །དེ་ཡི་སྙིང་པོ་དེ་བཞིན་དུ། །བརྒྱ་ཕྲག་སྟོང་ངམ་ཡང་ན་ནི། །བྱེ་བའི་ཚད་དུ་སྦྱིན་སྲེག་བྱ། །དེ་ལྟར་སྒྲུབ་པ་རྗེ་བཙུན་གྱིས་འཆད་པར་བལྟའོ། །དེ་ལྟར་མི་སྒྲུབ་པ་རྣམས་ཀྱིས་དཀྱིལ་འཁོར་བསྡུ་པ་མཛད་དེ། དེའི་རིམ་པ་འདིའོ། །སྔར་བསྐྱེད་པ་རྣམས་གསལ་བར་བྱས་ལ། དེ་ལ་མཆོད་པ་རྣམ་པ་བརྒྱད་ཀྱིས་མཆོད་ལ་དེ་ནས་ཇི་ལྟར་བསམས་ཤིང་སྤྱན་དྲངས་པའི་ལྷ་རང་གི་ལྷ་ལ་སོགས་པའི་དཀྱིལ་འཁོར་དྲན་པའི་སྤྱོད་ཡུལ་དུ་བྱས་ཏེ། ལེགས་པར་བྱིན་གྱིས་བརླབ་པའི་ཕྱིར། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ་ཡི་གེ་བརྒྱ་པས་གསོལ་བ་གདབ་བོ། །དེ་ནས་ཕྱག་རྒྱ་དགྲོལ་བར་བརྩམས་ཏེ་ཆོས་ཀྱི་ཕྱག་རྒྱ་རྡོ་རྗེ་ལྕེ་ལས་སོ། །ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར། སེམས་དཔའ་ཆེན་པོ་དམ་ཚིག་གི་ཕྱག་རྒྱ་ལས་སོ། །ཐམས་ཅད་ནི་རྡོ་རྗེ་བཅིང་བ་ལས་སོ། །ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་ལས་སོ། །ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་ཟླ་བའི་དཀྱིལ་འཁོར་ལ་གནས་པས་སོ། །རྡོ་རྗེ་ཕྱག་རྒྱ་ཡང་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་སྙིང་པོ་ཡི་གེ་སྒྲ་ལས་སོ། །དེ་ཡང་ཟླ་བ་ལས་སོ། །དེ་ཡང་


DTG068_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་པར་མོས་པ་ལས་སོ། །དེ་ཡང་རྡོ་རྗེ་དབབ་པའི་ཕྱག་རྒྱ་ལས་སོ། །དེ་ཡང་རྡོ་རྗེ་བཅིངས་པ་དྲལ་བའི་ཕྱག་རྒྱ་ལས་སོ། །རྡོ་རྗེ་དྲལ་བའི་ཕྱག་རྒྱ་ཡང་རྡོ་རྗེ་བཅིང་བ་ལས་སོ། །དེ་ཡང་རྡོ་རྗེ་ཐལ་མོ་ལས་སོ། །རྡོ་རྗེ་ཐལ་མོ་རྣམ་པར་སྨིན་པའི་ལུས་སུ་མོས་པ་བྱས་ཏེ། བདག་དང་མི་གཉིས་པར་གྱུར་པའི་དམ་ཚིག་སེམས་དཔར་མོས་པ་བཏབ་སྟེ་དེའི་སྙིང་པོ་བཛྲ་མུཿ། ཞེས་བརྗོད་ཅིང་དགྲོལ་ལོ། །དེ་ནས་ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ། ཞེས་བརྗོད་ཅིང་སྙིང་གར་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་སྔར་བཤད་པ་བཅིངས་ལ་དཔྲལ་བར་གཏུགས་ཏེ། རྡོ་རྗེ་ཁུ་ཚུར་མཛུབ་མོའི་རྩེ་མོས་མགོ་ལ་བཅིང་བའི་ཚུལ་དུ་བྱའོ། །དེའི་འོག་ཏུ་སརྦ་མུ་ཏྲ་མཻ་ཏྲི་ཀུ་རུ་བ་ར་ཀ་བ་ཙོ་ན་བཾ། ཞེས་བྱ་བའི་སྙིང་པོ་བརྗོད་ཅིང་སྔ་མ་བཞིན་དུ་གོ་ཆ་བཅིང་བར་བྱའོ། །གོ་ཆའི་མཐའ་གཉིས་རྣ་བ་གཉིས་ཀྱི་སྟེང་དུ་ཕྱུང་སྟེ་དར་སྣ་འཕྱང་བའི་ཚུལ་དུ་ལག་པ་གཉིས་བརྐྱང་ལ་གདབ་བོ། །བརྡབ་པའི་ཐལ་མོ་ཡང་ལག་པའི་ཐལ་མོ་ཁོང་དུ་སྦྱར་བ་ལས་སྨད་ཕྱེ་བ་མགོ་མི་འབྱེད་པར་ཐལ་མོ་མཉམ་པར་བརྡབ་པའི་ཚུལ་དུ་བྱའོ། །ཨོཾ་བཛྲ་ཏུ་ཥྱ་ཧོ་བརྗོད་དོ། །དེ་ལྟར་ཕྱག་རྒྱ་རྣམས་དགྲོལ་བ་དང་བཅིང་བ་དང་མཉེས་པར་བྱས་ན་རྡོ་རྗེ་ལྟ་བུར་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་པ་ལ་སོགས་པ་འཁོར་རྣམས་ཇི་ལྟར་སྤྱན་དྲངས་ཤིང་མདུན་དུ་བསམས་པ་རྣམས་ཀྱང་རྗེས་སུ་དྲན་པར་བྱས་ཏེ། ཡང་གསང་བའི་མཆོད་པ་བཞི་དང༌། བདུག་པ་ལ་སོགས་པ་བརྒྱད་ཀྱིས་མཆོད་ནས། ཡང་མཆོད་པ་བྱས་ཏེ་ཕྱག་བྱས་ནས། དགེ་བའི་རྩ་བ་བསྔོ་བར་བྱའོ། །དེ་ནས་རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ནས་ཁ་གྱེན་དུ་བསྟན་ཏེ་དགྲོལ་བའི་སྙིང་པོ་འདི་བརྗོད་དོ། །ཨོཾ་ཏྲི་ཏོ་བ་སརྦ་ས་ཏྭ་ཨརྠ་སིདྡྷི་ར་ཏ་ཏྭ་ཡ་ཐཱ་ནུ་ག་ཏ་གཙྪ་དྷ་མ་བུདྡྷ་བི་ཥ་ཡཾ་པུ་ན་རཾ་ག་མ་ཡ་མུཿ། ཞེས་པ་དེ་ལྟ་བུས་གཤེགས་སུ་གསོལ་བར་འགྱུར་རོ། །ཇི་ལྟར་བསྐྱེད་པའི་ཏིང་ངེ་འཛིན་གྱིས་སྤྲུལ་པའི་དཀྱིལ་འཁོར་ཡིད་ཀྱི་སྦྱོར་བས་རང་གི་ལུས་ལ་བཅུག་ལ་བསྲུང་བ་བྱ་ཞིང་ང་རྒྱལ་བྱའོ། །དེ་ལྟར་བསྲེགས་ནས་ཐལ་བར་གྱུར་པ་དང༌། རྡོ་རྗེ་བསྡུ་བའི་སྔགས་སམ་ཧཱ་ར་ཎ་ཞེས་བརྗོད་ཅིང་རུས་པ་དང་ཐལ་བ་རྣམས་བསྡུས་ནས་སྣོད་


DTG068_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་མར་བཅུག་སྟེ་མཆོད་རྟེན་གདབ་པའི་ས་ཕྱོགས་སུ་གཞག་གོ །དེ་ནས་ག་བུར་ལ་སོགས་པ་དྲིའི་ཆུ་དང་བའི་འོ་མ་དང༌། ཞོ་དང་མར་དང༌། ལྕི་བ་དང༌། གཅིན་དང་རུས་པ་བསྲེས་ཏེ། ངན་སོང་སྦྱོང་བའི་སྔགས་བཞི་ལས་གང་ཡང་རུང་བའི་འབུམ་བཟླས་ལ། དཀྱིལ་འཁོར་གྱི་ལྷ་གང་ཡང་རུང་བའི་གཟུགས་སུ་གདབ་པའམ་ཡང་ན་མཆོད་རྟེན་དུ་བྱས་ཏེ་མཆོད་རྟེན་གཅིག་ནས་བརྒྱའི་བར་དུ་གཞུང་གཞན་དང་མཐུན་པར་གདབ་བོ། །དེ་ཡང་རྒྱུད་ལས། དེ་ནས་ཐལ་བར་གྱུར་པ་དང༌། །རྡོ་རྗེ་བསྡུ་བའི་སྔགས་ཀྱིས་སུ། །ཆོ་ག་བཞིན་དུ་བསྡུ་བར་བྱ། །ཐལ་བ་དེ་ཡང་དུལ་བའི་རྡུལ། །སྔགས་ཀྱིས་བཏབ་པའི་དྲི་ཆུ་དང༌། །བ་སྐྱེས་འོ་མ་ལ་སོགས་ལྔས། །སྦྱོང་བའི་སྔགས་ཀྱིས་བློ་ལྡན་གྱིས། །འབུམ་དུ་བཟླས་པ་རྫོགས་ནས་ནི། །ག་བུར་དྲི་ཡིས་བསྒོས་པ་ཡིས། །འཇིམ་པ་དང་ནི་བསྲེས་ནས་ཀྱང༌། །གཟུགས་སུ་བྱས་པའམ་ཡང་ན་ནི། །མཆོད་རྟེན་གྱི་ནི་ལྟར་བྱས་ལ། །གཅིག་གམ་གཉིས་སམ་གསུམ་མམ་ལྔ། །ཡང་ན་བརྒྱ་རྩ་བརྒྱད་དུ་བྱ། །ཞེས་པ་ལ་སོགས་པ་གསུངས་ཏེ་དེ་ཡང་ཤི་བའི་དོན་དུ་ངན་སོང་ལས་ཐར་བར་བྱ་བའི་ཐབས་རྒྱུད་ལས་བསྟན་པར་ཤེས་པར་བྱའོ། །གོང་མ་ལྟར་བྱས་པའི་ཡོན་ཏན་ཡང་རྒྱུད་ལས། དེ་ལྟ་ན་ནི་སྡིག་ཅན་ཡང༌། །ངན་སོང་ལས་ནི་ཐར་བར་འགྱུར། །དགེ་བའི་ཆོས་ནི་བསྡུ་བ་དང༌། །བྱང་ཆུབ་ས་བོན་བསྐྱེད་པ་དང༌། །སངས་རྒྱས་འབྲས་བུ་རྒྱུ་དང་ལྡན། །སྦྱིན་པའི་ཕ་རོལ་ཕྱིན་པར་ལྡན། །ཚུལ་ཁྲིམས་རྒྱུད་དང་རབ་ལྡན་པ། །བཟོད་པ་བརྩོན་འགྲུས་ཕྱིན་བཞག་དང༌། །ཤེས་རབ་རྣམས་ཀྱི་རྒྱུར་སྒོམ་པའོ། །འཇིག་རྟེན་བསོད་ནམས་ལྟ་ཅི་སྨོས། །མྱུར་དུ་ངན་སོང་ཐེ་ཚོམ་ནི། །བཅོམ་པར་འགྱུར་ཏེ་ཐེ་ཚོམ་མེད། །ཅེས་པ་ལ་སོགས་པ་གསུངས་སོ། །དེ་ནས་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ། ཅེས་ཟློས་ཤིང་དཀྱིལ་འཁོར་ཕྱིས་ལ། དམན་མ་ལ་སོགས་པ་ཆུར་དོར་བར་བྱའོ། །དེ་ནས་ཕུར་པ་ཡང་གདོན། །དེ་ནས་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ན་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། བརྒྱ་རྩ་བརྒྱད་བཟླས་པའི་འོ་མས་ཕུར་བུ་དང་གཟུགས་བརྙན་ཐམས་ཅད་བཀྲུ་བར་བྱ་ཞིང་ཁང་བུ་


DTG068_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་བྱའོ། །དཀྱིལ་འཁོར་ཆོ་ག་བྱས་པ་ལས། །བདག་གིས་དགེ་བ་གང་བསགས་དེའི། །བདེ་བ་གཉིས་མེད་དམ་པ་དེ། །འཇིག་རྟེན་ཀུན་གྱིས་རྟོགས་པར་ཤོག །འཕགས་པ་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས་བཏུས་པའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་དྷརྨ་ཀཱིརྟིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨཱ་ཙཱཪྻ་དྷརྨ་པཱ་ལ་དང་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་གཏན་ལ་ཕབ་པའོ།།


previousངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རོའི་སྦྱིན་སྲེག་གི་དཀྱིལ་འཁོར་གྱི་ཆོ་ག། དྷརྨ་ཀཱིརྟི།next