Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མི་འཁྲུགས་པའི་སྒྲུབ་ཐབས།  ཛཻ་ཏཱ་རི།
   
   
   
   


 
previousམི་འཁྲུགས་པའི་སྒྲུབ་ཐབས། ཛཻ་ཏཱ་རི།next

མི་འཁྲུགས་པའི་སྒྲུབ་ཐབས།
ཛཻ་ཏཱ་རི།


DTG068_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

༈ མི་འཁྲུགས་པའི་སྒྲུབ་ཐབས་བཞུགས།། མི་འཁྲུགས་པ་ལ་ཕྱག་འཚལ་ཏེ། །དེ་ཡི་སྒྲུབ་ཐབས་བྲི་བར་བྱ། །རྒྱུད་ལས་རིགས་ཀྱི་བུ་ཞེས་པ། །སྒྲུབ་པ་པོ་ཡི་མཚན་ཉིད་དེ། །དལ་འབྱོར་ཐེག་ཆེན་རིགས་ཅན་ནོ། །སྙིང་རྗེ་ཤེས་རབ་ལོན་ཏན་ལྡན། །བྱམས་དང་སྙིང་རྗེ་ལྡན་པ་དང༌། །དད་ཅིང་བླ་མ་ལ་གུས་དང༌། །སྐྱབས་སུ་སོང་ཞིང་སེམས་བསྐྱེད་པ། །དམ་ཚིག་སྡོམ་ལྡན་དབང་ཐོབ་པས། །ལས་ཀྱི་ཆོ་ག་ཤེས་ནས་ནི། །དགོན་པའི་གནས་སམ་གྲོང་གི་མཐར། །ལས་བྱས་བདེ་བའི་སྟན་ལ་འདུག །ཁྲུས་བྱས་གཙང་མའི་གོས་ཅན་གྱིས། །བདུན་པོ་རྣམ་པར་དག་པ་དང༌། །ཚད་མེད་བཞི་སོགས་ལྡན་པར་བསྒོམ། །ཆོས་རྣམས་ཐམས་ཅད་བདག་མེད་པར། །སེམས་ཀྱིས་བསྒོམ་པར་བྱས་ནས་ནི། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །རང་གི་ས་བོན་དབུས་བསམས་ནས། །དམ་ཚིག་དག་དང་ཕྱག་རྒྱ་དང༌། །བསམ་ཞིང་དེ་བཞིན་ཉིད་དུ་བྱ། །རྣལ་འབྱོར་པས་ནི་བསྒྱུར་བར་བྱ། །ལྷ་ཡི་རྣལ་འབྱོར་ཚུལ་དུ་བསྒྱུར། །དེ་ནས་རང་གི་ས་བོན་དང༌། །ཕྱག་རྒྱ་ཕྱག་རྒྱས་དེ་བྱིན་བརླབ། །ལྷ་ཡི་གོ་རིམས་ཇི་བཞིན་དུ། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་རོ། །རང་ཉིད་རང་གི་ལྷར་བསྒོམས་ནས། །མི་འཁྲུགས་མདུན་ནམ་སྤྱི་བོར་བསམ། །བདག་ཉིད་མི་འཁྲུགས་པར་བསྒོམས་ནས། །དེ་ཉིད་གསུམ་སོགས་རང་དང་གཞན། །བུམ་པ་མཆོད་རྟེན་ལ་སོགས་ནང༌། །རྒྱ་མཚོ་པདྨ་ཟླ་བ་ལ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས་འདིས། །བདག་གི་མཆོད་པ་བཞེས་ནས་ཀྱང༌། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཨོཾ་བིགྷྣཱནྟ་


DTG068_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲྀཏ་ཧཱུཾ་ཕཊ། །ཐལ་སྦྱར་སོར་མོ་གཉིས་ཕྱིར་བསྐྱེད། །ཏ་ཐཱ་ག་ཏོདྦྷ་བཱ་ཡ་སྭཱ་ཧཱ། །ཛཿ་ཧཱུཾ་བཾ་ཧོཿ་ས་དེ་ཉིད་གདན་ལ་བཞུགས་པ་ལ། །མཆོད་དང་བསྟོད་དང་བཟླས་པ་བྱ། །སྒྲ་དང་སེམས་དང་གཞི་ལ་གཞོལ། །ལན་ལག་བཞི་དང་དམིགས་པ་གསུམ། །གཞན་དོན་བསྙེན་པ་བྱེད་པ་ནི། །གྲངས་དང་དུས་དང་མཚན་མའོ། །དངོས་གྲུབ་བསྒྲུབ་བྱའི་བཟླས་པ་ནི། །དག་དང་ཤིབ་བུ་རྡོ་རྗེ་བཟླས། །ཡིད་ཀྱི་བཟླས་བརྗོད་བཅས་པ་བཞི། །མེ་དང་སྒྲ་དང་སྒྲ་མཐའ་གསུམ། །བརྗོད་པ་མེད་པའི་བསམ་གཏན་ཏེ། །ཐུན་གསུམ་དག་ཏུ་བཟླས་པ་དང༌། །བསྟོད་ནས་མཆོད་པར་གཏོར་མ་གཏང༌། །ཡེ་ཤེས་གཤེགས་དང་དམ་ཚིག་བསྡུ། །མི་གནས་བསོད་ནམས་སྟེར་བར་བྱེད། །སྒྲ་མཐར་ཐར་བ་སྟེར་བར་བྱེད། །བཅོམ་ལྡན་འདས་མི་འཁྲུགས་པ་བྱོན་ནས་ཞེས་པས་རང་ལྷར་བསྒོམས་པའི་རྣལ་འབྱོར་པས་སྤྱན་དྲང་བ་དང༌། །མཆོད་པ་དང་བསྟོད་པ་དང༌། བཟླས་པ་དང༌། བསྒོམ་པ་བྱས་པས་དངོས་གྲུབ་སྩོལ་བར་གྱུར་པའོ། །ཆོས་ཉིད་མཉམ་པ་ཉིད་ལས་མ་གཡོས་ཀྱང༌། །ཐུགས་རྗེས་གཏན་དུ་མྱ་ངན་མི་འདའ་ཞིང༌། །ཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པ། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་བསྟོད། །བཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གིས་སྦར། །བརྩོམ་འགྲས་ཆེན་པོའི་མེ་ལྕེས་སྡིག་པ་སྲེག །ཉི་མ་མེ་ཤེལ་ཞུགས་ལ་མེ་འབྱུང་ལྟར། །མི་ཡི་ལུས་ལ་དངོས་གྲུབ་སྩོལ་བར་མཛད། །འདི་ཉིད་བཞིན་ནོར་བུ་རིན་ཆེན་ལྟར། །སྤྱི་བོའི་གཙུག་ཏུ་ཀུན་གྱིས་བཀུར་བར་འོས། །ངན་སོང་རྣམ་སེལ་ཐར་ལམ་འདིས་འགྲུབ་བོ། །རང་གཞན་མདུན་དུ་བསྒོམས་ཀྱང་དངོས་གྲུབ་སྟེར། །མགོན་པོ་མི་འཁྲུགས་བ་སྒྲུབ་པའི་ཐབས་སློབ་དཔོན་ཛཻ་ཏཱ་རིས་མཛད་པ་རྫོགས་སོ།། །།བླ་མ་མཉན་གྱིས་རང་འགྱུར་དུ་མཛད་པའོ།།


previousམི་འཁྲུགས་པའི་སྒྲུབ་ཐབས། ཛཻ་ཏཱ་རི།next