ནམ་མཁའ་ལྡིང་གི་རྒྱལ་པོ་རྡོ་རྗེ་སྒྲུབ་པའི་ཐབས།
བཱིཪྻ་ཙནྡྲ།


DTG073_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། །བཛྲ་བཏིརཱ་ཛ་ཏུཎྜཱེ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། ནམ་མཁའི་ལྡིང་གི་རྒྱལ་པོ་རྡོ་རྗེ་སྒྲུབ་པའི་ཐབས་ཞེས་བྱ་བ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །རེ་ཞིག་དང་པོར་དབེན་པའི་གནས་སུ། །རིག་པ་འཛིན་པ་དེས་ཁྲུས་བགྱིས་ཏེ་གཙང་མར་བགྱིས་ལ། གོས་གསར་བ་བགོས། །དམ་ཚིག་དང་སྡོམ་པ་ལ་གནས་ཤིང༌། གཙང་སྤྲ་སྤྱོད་པ་དང་བཅས་པས་མཎྜལ་བའི་རྣམ་ལྔས་བྱུགས་ལ་སྤོས་ཀྱི་དཀྱིལ་འཁོར་བགྱིས་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གཟུགས་སམ། མཆོད་རྟེན་སྐུ་གདུང་དང་བཅས་པ་དཀྱིལ་འཁོར་དེའི་དབུས་སུ་བཞག་སྟེ། སྤོས་ཆབ་ཀྱིས་བཀྲུ་བར་བྱའོ། །མེ་ཏོག་དང་བདུག་པ་ལ་སོགས་ཏེ། མཆོད་རྫས་རྣམས་བཤམས་ལ་སྟན་བདེ་བ་ལ་འདུག་སྟེ། དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ་དེའི་རང་བཞིན་ཨ་ལས་ཟླ་བའི་སྟེང་དུ་ཧཱུཾ་ཡོངས་སུ་བསམ་པར་བྱའོ། །དེའི་འོད་ཟེར་གྱིས་བླ་མ་དང་ལྷག་པའི་ལྷ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་བཀུག་སྟེ། ཕྱག་བཙལ་བ་དང༌། མཆོད་ཅིང་བཤགས་པ་དང༌། རྗེས་སུ་ཡི་རང་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང༌། དེ་དག་དགེ་བའི་རྩ་བ་བསྔོས་ཏེ་གཤེགས་སུ་གསོ། །ཚངས་བའི་གནས་བཞི་བསྒོམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་སྐུ་མཚན་དང་དཔེ་བྱང་ལྡན་པར་བསྐྱེད་ལ། སྙིང་རྗེ་ཡི་རང་དང༌། བཏང་སྙོམས་ཆེན་པོའི་ངག་གིས་སྔགས་འདི་བརྗོད་པར་བྱའོ། །ན་མོ་བྷ་ག་བ་ཏེ། ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། དདྱ་ཐཱ། བྷུ་ཛ་ས་མ་ཡེ། བྷུ་ཛེ་ཏ་ཐཱ་བྷུ་ཛེ། པྲ་བར་བྷུ་ཛེ། ས་མནྟ་ཨ་ཀ་བྷུ་ཛ། ཏུ་རུ་ཏུ་རུ་སྭཱཧཱ། ས་མ་ཡ་པཱ་ལཱ་ཡ་སྭཱཧཱ། ཀླུ་མི་བགྲུངས་པ་དམ་ཚིག་མི་འཚལ་བ་རྣམས་སླར་བཟློག་ཅིང་བསྐྲད་པའི་ཕྱིར་ལན་བདུན་བརྗོད་དོ། །སྭཱ་བྷཱ་བ་བི་ཤུདྡྷཱཿསརྦ་དྷརྨྨཿསྭ་བྷཱ་བ་བི་ཤུདྡྷོཉཧ་ཞེས་བརྗོད་པས་དེ་ཉིད་ཀྱི་ངང་ལས་བཛྲ་བ་ཏི་ག་རུ་ཌ་ཞེས་རྣམ་པ་དང་བཅས་ཏེ་ཧཱུཾ་ངོ་བོར་གནས་པ་ལས་དེ་ཉིད་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་འབར་བ་ཧཱུཾ་གིས་མཚན་པ།


DTG073_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་གྱི་ཕྲེང་བ་རྣམ་པར་འཁྲུགས་པར་གྱུར། དེ་དག་ཡོངས་སུ་གྱུར་པ་ལས་ར་ཛི་སྲི་ཛ་ཧཱུཾ་ཞེས་པས་ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་གྱི་འདབ་མ་ཅན། རྡོ་རྗེའི་མཆུ་ཅན་བདག་ཉིད་ཆེན་པོའི་ལུས་འབར་བ་རྡོ་རྗེའི་རང་བཞིན། ཁྲོ་བོ་འཇིགས་སུ་རུང་བ་རྩལ་ཅན། རིན་པོ་ཆེ་ཐ་དད་བ་སྣ་ཚོགས་དང༌། མུ་ཏིག་དང༌། མན་ཤེལ་དང༌། གསེར་གྱིས་སྤྲས་པའི་རྒྱན་མགོ་ལ་ཐོགས་པ། གསེར་གྱིས་བཀླུབས་པ། དྲེགས་པའི་གཟུགས་འགྱིང་བས་བལྟ་བ། ཀླུ་ཆེན་པོ་བརྒྱད་གདན་དུ་བཅས་པ། ཀླུ་མགོ་དགུ་པ་རྒྱན་དུ་བྱས་པ། ཀླུ་མགོ་གསུམ་པ་གཡས་ན་ཐོགས་པ། ནོར་བུ་རིན་པོ་ཆེའི་དབྱིག་པ་གཡོན་ན་ཐོགས་པ། ལུས་ཐམས་ཅད་རྡོ་རྗེ་འབར་བ་གསེར་གྱི་རང་བཞིན་གཤོག་པའི་འདབ་མ་བརྐྱང་པས་ཀླུ་རིགས་དབང་དུ་སྡུད་པ། གཡོག་འཁོར་ནམ་མཁའ་ལྡིང་གི་ཚོགས་ཀྱིས་བསྐོར་བ་ཅིག་ཏུ་བསམ་པར་བྱའོ། །དེ་ནས་ནམ་མཁའ་ལྡིང་གི་རྒྱལ་པོའི་ཕྱག་རྒྱ་བཅས་ཏེ། ཨོཾ་སུ་པྲ་ཏིཥྛ་བཛྲ་དུན་ཏི་མི་ལི་མི་ལི་སྭཱ་ཧཱ། དེ་ནས་བརྟན་པར་བྱས་ཏེ་ལུས་བསྲུང་བར་བྱའོ། དེ་དང་འདྲ་བའི་ནམ་མཁའ་ལྡིང་གི་རྒྱལ་པོ་འཁོར་དང་བཅས་པ་སྤྱན་དྲངས་ལ། ཡང་དག་པར་མཆོད་ཅིང་བསྟོད་ལ་དེ་ཉིད་ཀྱི་རྟེན་ལ་བསྟིམ་པར་བྱའོ། །དེ་ནས་ཇི་ལྟར་སྐྱོ་བར་མ་གྱུར་གྱི་བར་དུ་སྤྲོ་བ་དང༌། བསྡུ་བའི་རིམ་པ་བྱའོ། །དེ་ཉིད་གསལ་བར་མ་གྱུར་ན་སྐྱོན་སྤངས་པའི་བཟླས་པ་བྱའོ། །ཨོཾ་བཛྲ་བ་ཏི་ག་རུཌ་བེ་གེ་ཏ་ཧཱུཾ་ཧཱུཾ་ཛ་ཛ་རཱ་སྲི་ཛ་ཧཱུཾ་ཕཊ་ཅེས་ཉིན་གཅིག་བཞིན་སྔགས་སྟོང་ངམ་ཁྲི་བརྗོད་དོ། །ནམ་ལུས་ཀྱིས་མི་ཐུབ་པར་སྐྱོ་བར་འགྱུར་བའི་ཚེ་ཁ་ཟས་དཀར་པོ་བཟའ་བར་བྱ་སྟེ། ཡང་ཁྲུས་བྱས་ལ་བསྒྲུབ་པར་བྱའོ། །གུ་གུལ་གྱི་དུད་པས་བདུག་གོ །མེ་ཏོག་དང༌། བདུག་པ་དང༌། ཡོན་ཆ་བ་དང༌། མར་མེ་དང༌། བཤོས་གཙང་ལ་སོགས་ཏེ། གཏོར་མའི་རྫས་ཅི་འབྱོར་པས་མཆོད་ཅིང༌། ཡང་དག་པར་བསྟོད་ནས་ཉན་ལ། དགེ་བ་དང་མི་དགེ་བ་སྟོན་པར་འགྱུར་ཞིང་ལས་ཐམས་ཅད་འགྲུབ་པར་འགྱུར་ལ། མཆོག་དང་ཐུན་མོང་ཐམས་ཅད་སྦྱིན་པར་འགྱུར་རོ། །ཅི་བསྒོ་བ་དེས་བྱེད་པར་འགྱུར་རོ། །གྲུབ་ནས་ཀྱང་རྟག་ཏུ་མཆོད་པར་བྱའོ། །ནམ་མཁའ་ལྡིང་གི་རྒྱལ་པོ་སྔོན་དུ་བསྙེན་པའི་ཆོ་ག་སློབ་དཔོན་བཱིཪྻ་ཙནྡྲས་མཛད་པ་རྫོགས་སོ། །