རྡོ་རྗེ་རྣམ་པར་འཇོམས་པའི་ལས་བཞི་སྒྲུབ་པའི་སྦྱིན་སྲེག་གི་ཆོ་ག།
ཛྙཱ་ན་ཤྲཱི།


DTG073_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ཀརྨྨ་ཙ་ཏུ་སཱ་དྷ་ན་ཧོ་མ་བི་དྷིཿ། བོད་སྐད་དུ། །རྡོ་རྗེ་རྣམ་པར་འཇོམས་པའི་ལས་བཞི་སྒྲུབ་པའི་སྦྱིན་སྲེག་གི་ཆོ་ག །རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཞེ་སྡང་ཆེན་པོ་ཁྲོ་བོའི་སྐུས། །འགྲོ་བའི་ཞེ་སྡང་གདུག་པ་འཇོམས། །རྡོ་རྗེ་ཅན་ལ་ཕྱག་འཚལ་ཏེ། །སྦྱིན་སྲེག་ལས་ཀྱི་རིམ་པ་བཤད། །བསྙེན་པས་ལྷ་རྣམས་ཉེ་བར་བྱེད། །སྦྱིན་སྲེག་འདོད་པའི་འབྲས་བུ་སྟེར། །དེ་བས་གང་བསྒྲུབ་འབྲས་ཡོད་པར། །འདོད་པའི་སྦྱིན་སྲེག་ལས་ལ་འབད། །ཞི་བས་ནད་དང་གདོན་བགེགས་ཞི། །རྒྱས་པས་ཚེ་སྟོབས་ལོངས་སྤྱོད་སྤེལ། །དབང་གིས་བདག་གཞན་དབང་དུ་བྱེད། །དྲག་པོས་གདུག་པ་ཚར་གཅོད་པའོ། །བགེགས་མེད་དངོས་གྲུབ་འབྱུང་བ་ཡི། །གནས་སུ་ཞི་སོགས་བརྩམས་པ་དང༌། །གང་ན་མ་རུངས་བགེགས་གནས་པ། །དེར་ནི་དྲག་པོ་བྱ་བ་ཉིད། །


DTG073_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་བའི་ས་ལས་ཁྲུ་གང་ཚད། །ཟླུམ་པོ་ཐུར་དུ་ཁྲུ་ཕྱེད་པ། །ཞི་བའི་ལས་ལ་ཡང་དག་བསྔགས། །ས་སེར་ས་ལས་གྲུ་བཞིའི་དབྱིབས། །ཁྲུ་དོ་ཟབས་སུ་དེ་ཡི་ཕྱེད། །རྒྱས་པའི་ཐབ་ཏུ་ཤེས་པར་བྱ། །དབང་ལ་དམར་པོའི་ས་ལས་ནི། །ཟླ་གམ་ཁྲུ་གང་ཁྲུ་ཕྱེད་ཟབས། །གནག་པའི་ས་ལ་སོར་ཉི་ཤུ། །ཐབས་སུ་དེ་ཕྱེད་མངོན་སྤྱོད་ལའོ། །བུད་ཤིང་དྲི་ཞིམ་མེ་ཏོག་མཛེས། །འབྲས་བུ་བཟང་འབྱུང་འོ་མར་ལྡན། །མདོག་དཀར་སེར་དང་དམར་བ་ནི། །རིམ་བཞིན་ཞི་རྒྱས་དབང་ལའོ། །ཤིང་གང་དེ་ལས་བཟློག་པ་སྟེ། །ཁ་དོག་གནག་འཁྱོག་དྲི་ང་བ། །རེག་ན་ཟུག་རྔུ་བསྐྱེད་པ་ནི། །དྲག་ཤུལ་སྤྱོད་ལ་རབ་བསྔགས་པའོ། །ལས་དང་རྗེས་མཐུན་བུད་ཤིང་རྣམས། །རང་ཐབ་དབྱིབས་དང་མཐུན་པར་བརྩིག །གང་ལ་བུད་ཤིང་བྱ་བའི་ཤིང༌། །དེ་ཉིད་ལ་ནི་ཡམ་ཤིང་སྟེ། །རྩེ་མོའི་ཆ་ལས་བྱུང་བ་སྟེ། །སོར་ནི་བཅུ་གཉིས་མཁས་པས་བརྟག །སྔགས་འཆང་ལས་དང་རྗེས་མཐུན་པའི། །གོས་དང་རྒྱན་ལྡན་ཅོད་པན་ལྡན། །ལས་མཐུན་མཆོད་པར་ལྡན་པ་དང༌། །རྫས་དང་ཡོ་བྱད་བཀོད་པར་ལྡན། །བྲམ་ཟེ་ཁྱིམ་བདག་སྨད་འཚོང་དང༌། །དུར་ཁྲོད་ཡང་ན་རྔོན་པའི་ཁྱིམ། །གང་སྒྲུབ་ལས་དང་མཐུན་པ་ཡི། །མེ་ནི་མཁས་པས་བླང་བར་བྱ། །ཨོཾ་ཨགྣེ་ཛྭ་ལ་ཛྭ་ལ་ཧཱུཾ། གསང་སྔགས་འདི་ཡིས་མེ་སྤར་ཏེ། །ལས་མཐུན་རིགས་ཀྱིས་བོན་གྱིས། །མར་གྱི་དགང་བླུགས་གསུམ་བྱིན་ལ། །དགེ་དང་མི་དགེའི་མཚན་མ་བརྟག །དབྱིབས་དང་ཁ་དོག་དྲི་དང་སྒྲ། །མི་ཤིས་མཚན་མ་མཐོང་བ་ན། །ཨོཾ་ཨཱཿཔི་གྷྣཱཾ་ཏ་ཀྲྀ་ཏ་ཧཱུཾ། སྔགས་འདིས་སྲེག་བླུགས་བདུན་བྱིན་པས། །བགེགས་ནི་རྣམ་པར་ཟློག་པར་བྱེད། །བགེགས་མེད་ཤེས་ནས་མ་ཉམས་པའི། །ཀུ་ཤ་ཁ་ཁྱེར་ཀུན་དུ་དགྲམ། །མེ་དབུས་པཾ་ལས་པདྨ་དང༌། །ཨ་ལས་ཉི་མར་རཾ་ཡིག་ལས། །མེ་ལྷ་ལས་མཐུན་ཁ་དོག་ཅན། །ཞལ་གཅིག་ཕྱག་བཞི་བགྲང་ཕྲེང་དང༌། །མི་འཇིགས་དབྱིག་གུ་སྤྱི་བླུགས་འཛིན། །ར་ཡི་སྟན་ལ་གནས་པ་བསྐྱེད། །རང་ཉིད་ཡི་གེའི་འོད་ཟེར་གྱིས། །ཡེ་ཤེས་མེ་ནི་ཉེར་བཀུག་སྟེ། །མདུན་གནས་མཆོད་དང་བསྟོད་མཉེས་པ། །དམ་ཚིག་མེ་དང་གཉིས་མེད་བྱ། །སླར་ཡང་མཆོད་དེ་བསྟོད་པ་ཡིས། །མཉེས་བྱ་དེ་ནས་སྦྱིན་སྲེག་ནི། །འབར་བའི་མེ་ལས་ཡམ་སྲེག་ཤིད། །ཐོག་མར་མ་ཡི་སྔགས་ཀྱིས་སྦྱིན། །མར་སྦྱིན་པ་ཡང་དེ་ཉིད་དོ། །དེ་འོག་ཏིལ་


DTG073_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ཀུན། །རང་རང་སྔགས་དང་འབྲེལ་བས་སོ། །ཨོཾ་ཨགྣེ་དེ་བ་ཏ་ཡེ་སྭཱཧཱ། །ཨོཾ་སརྦྦ་པཱ་པཾ་ད་ཧ་ན་སརྦྦ་པཱ་པཾ་སྭཱཧཱ། ཨོཾ་བཛྲ་པུཥྚ་ཡེ་སྭཱཧཱ། ཨོཾ་བཛྲ་གྟསྨ་རཱི་ཡ་སྭཱཧཱ། ཨོཾ་མ་ཧཱ་བིཪྻཱ་ཡ་སྭཱཧཱ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། རིམ་བཞིན་མེ་དང་ཏིལ་དང་འབྲས། །གྲོ་དང་ནས་དང་སྲན་མ་སྟེ། །ཐུན་མོང་ཐུན་མོང་མ་ཡིན་པའི། །དབྱེ་སྐྱོན་མན་ངག་རིམ་པས་བསྲེག །རྫས་རྣམས་ཇི་ལྟར་འབྱོར་ཕུལ་བས། །སླར་ཡང་མཆོད་དེ་བསྟོད་པར་བྱ། །མེ་ཡི་ལྷ་ནི་གཟི་བརྗིད་ཆེ། །འདོད་དོན་ཐམས་ཅད་སྟེར་བ་པོ། །བདག་དང་གཞན་དོན་མཛད་པ་ཡི། །དྲང་སྲོང་ཆེ་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་མགོན་མཛད་ཚངས་པའི་སྲས། །མེ་ལྷའི་རྒྱལ་པོ་དག་བྱེད་མཆོག །བགེགས་རྣམས་མ་ལུས་སྲེག་མཛད་པ། །འཇིགས་བྱེད་ཆེ་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་འོད་ཀྱིས་ཉོན་མོངས་བསྲེག །མངོན་ཤེས་རྫུ་འཕྲུལ་མཐུ་དང་ལྡན། །ཉེས་པའི་སྐྱོན་རྣམས་ཚངས་པར་མཛད། །ཐུགས་རྗེ་ཆེ་ལ་ཕྱག་འཚལ་བསྟོད། །བདེན་པའི་ཚིག་གིས་མི་སླུ་བ། །འཇིག་རྟེན་སྐྱོང་རྣམས་ཀུན་གྱི་གཙོ། །ཚངས་པར་གྱུར་པའི་ངག་ལྡན་པ། །རྣམ་འདྲེན་ཁྱོད་ལ་ཕྱག་འཚལ་བསྟོད། །དེ་ནས་ཞི་ལ་ཏིལ་དང་མར། །དཱུར་བ་མེ་ཏོག་དཀར་པོ་བསྲེག །རྒྱས་ལ་འབྲུ་གཞན་མེ་ཏོག་སེར། །མངར་བའི་རྫས་ལ་རྣམ་པར་སྤགས། །དབང་ལ་འབྲུ་དང་མེ་ཏོག་དམར། །ལན་ཚྭར་བཅས་པ་བསྲེག་པར་བྱ། །དྲག་པོ་ཡུངས་ནག་སྐེ་ཚེ་དང༌། །མེ་ཏོག་ནག་པོ་ཁྲག་བཅས་བསྲེག །ཞི་ལ་ཤཱནྟིཾ་ཨོཾ་སྭཱཧཱ། །རྒྱས་ལ་པུཥྚིཾ་ཏྲཾ་སྭཱཧཱ། །དབང་ལ་ཧྲཱིཿ་བཅས་པ་ཤཾ་ལྡན། །དྲག་པོ་ཧཱུཾ་ཕཊ་མཱ་ར་ཡ། །སྔར་བསྟན་མེ་ཡི་སྔགས་ཉིད་ལ། །རྣམ་པར་སྦྱར་བ་ཇི་སྲིད་དུ། །མངོན་པར་འདོད་པ་དེ་བསྲེགས་པས། །ལས་དེ་ཉེ་བར་འགྲུབ་པར་བྱེད། །དེ་ནས་མེ་ལྷ་འབར་བའི་མེར། །བལྟས་ཏེ་དེ་དབུས་རང་གི་ལྷ། །མངོན་པར་བརྗོད་པའི་རིམ་པ་ཡིས། །བསྐྱེད་པ་ཡེ་ཤེས་གཉིས་མེད་པ། །སྔོན་དུ་མཆོད་དང་བསྟོད་པ་ཡིས། །མཉེས་བྱ་རང་ལྷག་ལྷ་སྔགས་ཀྱིས། །ཡམ་ཤིང་མར་དབུལ་རྫས་གཞན་རྣམས། །སྔར་བསྟན་སྔགས་ཀྱིས་ཇི་ལྟ་བའོ། །དེ་འོག་མཆོད་དང་བསྟོད་བྱས་ཏེ། །ཁྱད་པར་ལས་ཀྱི་སྦྱིན་སྲེག་ཀྱང༌། །སྔར་བཞིན་རང་ལྷའི་སྔགས་ཀྱིས་བྱ། །དེ་ཡང་མཆོད་དང་བསྟོད་པ་དང༌། །འདོད་དོན་ལས་ཀྱི་གསོལ་བཏབ་སྟེ། །གཤེགས་


DTG073_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ཉེ་བར་བསྡུ་བའོ། །དེ་ནས་སླར་ཡང་མེ་དབུས་སུ། །ལྷ་གཟུགས་མངོན་པར་བལྟས་པ་ལ། །གང་དུ་བརྗོད་པ་ཇི་ལྟར་བར། །མཆོད་དང་སྲེག་དབུལ་རྫོགས་པའི་མཐར། །གང་འདོད་ལས་ཀྱི་བསྒྲུབ་གསོལ་ཏེ། །གཤེགས་དང་མི་དམིགས་བལྟ་བར་བྱ། །གང་ཞིག་དེ་བརྟེན་ཐེ་ཚོམ་བྲལ།། རང་ལྷག་ལྷ་ལ་ལེགས་བསྙེན་པས། །ཚུལ་འདི་ལ་ནི་མངོན་གཞོལ་པ། །འདོད་བྲལ་ཡིད་བཞིན་ནོར་བུར་མཚུངས། །སྒྲུབ་ལ་ཕན་པ་མཆོག་སྟེར་བའི། །ཆོ་ག་ལེགས་བཀོད་བསོད་ནམས་དེས། །མ་ལུས་འགྲོ་བའི་དོན་འབྱུང་བའི། །བླ་མེད་གོ་འཕང་ཐོབ་པར་ཤོག །དཔའ་རྡོ་རྗེ་རྣམ་པར་འཇོམས་པའི་ལས་བཞི་སྒྲུབ་པའི་སྦྱིན་སྲེག་གི་ཆོ་ག །པཎྜི་ཏ་ཆེན་པོ་ཛྙཱ་ན་ཤྲཱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཛྙཱ་ན་ཤྲཱི་དང༌། ལོ་ཙཱ་བ་རབ་ཞིས་བསྒྱུར་བའོ།།