རིགས་བྱེད་མ་ཕྱག་བརྒྱད་མའི་སྒྲུབ་ཐབས།
ཨིནྡྲབྷཱུཏི།


DTG077_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། །ཨཥྚ་བྷུ་ཛ་ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། རིགས་བྱེད་མ་ཕྱག་བརྒྱད་མའི་སྒྲུབ་ཐབས། རིགས་བྱེད་མ་ལ་ཕྱག་འཚལ་ལོ། །སྔོན་དུ་སྟོང་པ་ཉིད་ཀྱི་མཐར་ཐུག་པ་བསྒོམས་ནས་རཾ་ཡི་གཡོངས་སུ་གྱུར་པ་ལས་ཉི་མ་ལ་ཧྲཱིཿཡིག་སྤྲོ་བ་དང་བསྡུ་པའི་སྐུར་བསྒོམས་ནས། དེ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་ཕྱག་བརྒྱད་མ། སྐུ་མདོག་དམར་མོ་པདྨ་དམར་པོ་འདབ་མ་བརྒྱད་པ་དང༌། ཉི་མ་ལ་རྡོ་རྗེ་སྐྱིལ་


DTG077_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲུང་གིས་བཞུགས་པ་གཞལ་ཡས་ཁང་གི་དབུས་སུ་གནས་ཤིང་ཕྱག་དང་པོ་གཉིས་ཀྱིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་མཛད་པའོ། །གཡས་ཀྱིས་ཕྱག་ལྷག་མ་རྣམས་ཀྱིས་ལྕགས་ཀྱུ་དང་རྣ་པའི་རྩར་མདའ་འགེངས་པ་དང༌། མཆོག་སྦྱིན་གྱི་ཕྱག་རྒྱ་བསྣམས་པའོ།། གཡོན་གྱི་ཕྱག་ལྷག་མ་རྣམས་ཀྱིས་ཞགས་པ་དང༌། གཞུ་དང༌། ཨུཏྤལ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བསྒོམ་པར་བྱའོ། །ཤར་གྱི་འདབ་མར་རབ་ཏུ་དང་བའི་སྒྲོལ་མའོ། །ལྷོའི་འདབ་མར་རྫོགས་པའི་སྒྲོལ་མའོ། །ནུབ་ཀྱི་འདབ་མར་རྒྱལ་བའི་སྒྲོལ་མའོ།། བྱང་གི་འདབ་མར་རྣ་བའི་སྒྲོལ་མའོ། །དབང་ལྡན་གྱི་འདབ་མ་ལ་ཙུནདའོ། །མེའི་འདབ་མ་ལ་གཞན་གྱིས་མི་ཐུབ་མའོ། །བདེན་བྲལ་གྱི་འདབ་མ་ལ་མར་མེའི་སྒྲོལ་མའོ། །རླུང་གི་འདབ་མ་ལ་གཽ་རཱིའི་སྒྲོལ་མ་རྣམས་བསྒོམ་པར་བྱའོ། །དེ་རྣམས་ཐམས་ཅད་ཀྱང་སྐུ་མདོག་སེར་མོ་དེ་བཞིན་གཤེགས་པ་ལྔའི་དབུ་རྒྱན་ཅན་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའོ། །ཕྱག་གཡས་པ་དག་གིས་མཆོག་སྦྱིན་གྱི་ཕྱག་རྒྱ་དང༌། མདའ་སྙན་གྱི་རྩར་འགེངས་པའོ། །ཕྱག་གཡོན་པ་དག་གི་ས་ཨུཏྤལ་དང༌། གཞུ་བསྣམས་པའོ། །ཤར་གྱི་སྒོར་རྡོ་རྗེ་རོ་ལངས་མ་འཇིགས་ཤིང་ལྟོ་བའི་ཕྱང་བ་སྐུ་མདོག་དམར་མོ་མི་བསྐྱོད་པས་དབུ་བརྒྱན་པ། ཕྱག་གཡས་པ་དག་གིས་སྡིགས་མཛུབ་དང༌། ལྕགས་ཀྱུ་བ་བསྣམས་པ། །ཕྱག་གཡོན་པ་དག་གིས་དྲིལ་བུ་དང་ཞགས་པ་བསྣམས་པའོ། །ལྷོའི་སྒོར་གཞན་གྱིས་མི་ཐུབ་མ་སྐུ་མདོག་སེར་མོ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པ། ཕྱག་གཡས་པ་དག་གིས་དབྱུག་པ་དང༌། ལྕགས་ཀྱུ་བསྣམས་པ། ཕྱག་གཡོན་པ་དག་གིས་དྲིལ་བུ་དང་ཞགས་པ་བསྣམས་པའོ། །ནུབ་ཀྱི་སྒོར་རལ་པ་གཅིག་མ་མདོག་ནག་མོ་སྐྲ་གྱེན་དུ་བརྫེས་ཤིང་ལྟོ་བ་འཕྱང་བ། །མཆེ་བ་གཙིགས་ཤིང་མཆུ་བསྡམས་པ། འདོ་དཔག་ཏུ་མེད་པས་དབུ་བརྒྱན་པ། ཕྱག་གཡས་པ་དག་གིས་རྡོ་རྗེ་དང་ལྕགས་ཀྱུ་བསྣམས་པ། ཕྱག་གཡོན་པ་དག་གིས་དྲིལ་བུ་དང་ཞགས་པ་བསྣམས་པའོ། །བྱང་སྒོར་རྡོ་རྗེ་གནྡྷ་རཱི་སྐུ་མདོག་གསེར་ལྗང་གུ་ལྟ་བུ་དོན་ཡོད་གྲུབ་པས་དབུ་བརྒྱན་པ་ཞལ་


DTG077_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་ཤིང་ལྟོ་བ་འཕྱང་བའོ། །ཕྱག་གཡས་པ་དག་གིས་ཁ་ཏྭཱཾ་ག་དང༌། ལྕགས་ཀྱུ་བསྣམས་པ། ཕྱག་གཡོན་ག་དག་གིས་དྲལ་བུ་དང་ཞགས་པ་བསྣམས་པ་བསམ་པར་བྱའོ། །བཞི་པོ་འདི་རྣམས་ཞགས་གཡོན་བརྐྱང་གིས་གནས་པའོ། །དེ་ལ་འདིར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་པའི་ཕྱག་རྒྱ་ནི་ལག་པ་གཉིས་རྒྱབ་སྦྱར་ནས་མིང་གཉིས་མདུད་པ་བྱས་པ་སྟེ། །མཐེའུ་ཆུང་དང་གུང་མོ་མཐེ་བ་ཆེན་གྱིས་བསྡམས་ནས་མཛུབ་མོ་ལྕགས་ཀྱུའི་རྣམ་པས་འགྱིང་ཞིང་དཔྲལ་བའི་ཕྱོགས་སུ་གཟུང་བར་བྱའོ། །བསྒོམས་པས་ངལ་ན་སྔགས་བཟླས་པར་བྱའོ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཁྲི་བཟླས་པས་སྐྱེ་བོ་ཐམས་ཅད་དབང་དུ་འགྱུར་རོ། །ས་ཡས་བློན་པོའོ། །འབུམ་གྱིས་རྒྱལ་པོའོ། །ཨུཏྤལ་ལ་མར་དང་སྦྲང་བསྲེས་ཤིང་ཨ་ཤྭདྠའི་ཡམ་ཤིང་གིས་སྦྱིན་སྲེག་བྱས་པས་འདོད་པའི་གནས་ཐོབ་པར་འགྱུར་རོ། །དཔལ་གྱི་འབྲས་བུའི་ཤིང་གིས་མེ་རབ་ཏུ་སྦར་ཏེ། མར་དང་སྦྲང་ལ་བསྒྲེས་ཤིང་དཔལ་གྱི་འབྲས་བུའི་སྦྱིན་སྲེག་འབུམ་བྱས་པས་རྒྱལ་པོ་དང་བློན་པོ་རྣམས་དབང་དུ་འགྱུར་རོ། །ཨུཏྤལ་ལའི་སྦྱིན་སྲེག་སྟོང་བྱས་ཏེ་མར་གྱི་མར་མེ་སྟོང་ཕྲག་གཅིག་ལྷ་མོའི་མདུན་དུ་དབུལ་བར་བྱས་ན་རྒྱལ་པོ་ཐམས་ཅད་དབང་དུ་འདུ་བར་འགྱུར་རོ། །ཀུ་རུ་ཀུལླེ་ཕྱག་བརྒྱད་པའི་སྒྲུབ་ཐབས་རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་ཞབས་ཀྱིས་མཛད་པ་རྫོགས་སོ།།