cover

སྡེ་དགེའི་བསྟན་འགྱུར་པོད་དོན་བརྒྱད་པ།

རྒྱུད། ༷ཙུ༽

མཛད་པ་པོ། སངས་རྒྱས་གསང་བ། པདྨ་འབྱུང་གནས། ཞི་བ་འཚོ། ཡེ་ཤེས་གྲགས་པ། མཐོ་བཙུན་བཙོ་ཡགས། ཆོས་ཀྱི་དབང་པོ། ཡེ་ཤེས་རྡོ་རྗེ། སྐལ་པ་བཟང་པོའི་རྡོ་རྗེ།

Nitartha Publication

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཀྱིལ་འཁོར་གྱི་ཆོས་མདོར་བསྡུས་པ།
སངས་རྒྱས་གསང་བ།


DTG078_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། དྷརྨྨ་མཎྜལ་སཱུ་ཏྲ། བོད་སྐད་དུ། དཀྱིལ་འཁོར་གྱི་ཆོས་མདོར་བསྡུས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐུགས་ཀྱི་དཀྱིལ་འཁོར་ཆོས་ཉིད་སྤྲོས་པ་མེད། །གསུང་གི་དཀྱིལ་འཁོར་བསྟན་པ་བརྗོད་དུ་མེད། །སྐུ་ཡི་དཀྱིལ་འཁོར་སྣང་བ་རང་བཞིན་མེད། །དཀྱིལ་འཁོར་གཙོ་ལ་དཀྱིལ་འཁོར་ཚུལ་དུ་མོས། །རྒྱུད་ཀྱི་རྒྱལ་པོ་མ་ལུས་གཞུང་དོན་ལས། །ལྷ་དང་ཕོ་བྲང་ཇི་སྙེད་བསྟན་པ་ལས། །གནས་ཤིང་བཞེངས་ཚུལ་ཐུན་མོང་གྱུར་པ་རྣམས། །ལམ་གྱི་རྣལ་འབྱོར་དོན་དུ་ཅུང་ཟད་བཤད། །གཞུང་འདིར་ཚད་མས་ལུས་སྨོས་པ། །ངོ་བོ་དབྱེ་བ་ངེས་ཚིག་དང༌། །གནས་ཐབས་སྐྱོན་ཡོན་དཔེ་དག་དང༌། །དོན་རྟགས་བརྒྱད་ཀྱིས་དོན་རྣམས་བསྡུས། །ངོ་བོ་ཆོས་རྣམས་ཐམས་ཅད་དེ། །བདེན་པ་གཉིས་ཀྱི་མཚན་ཉིད་ཅན། །དོན་དམ་སྤྲོས་པ་མེད་པ་ལས། །ཀུན་རྫོབ་གཙོ་འཁོར་དེ་ཉིད་དོ། །དབྱེ་བ་རང་བཞིན་ཏིང་འཛིན་དང༌། །གཟུགས་བརྙན་དཀྱིལ་འཁོར་རྣམ་པ་གསུམ། །རང་བཞིན་དོན་དམ་


DTG078_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་གཉིས། །དོན་དམ་རྣམ་མིན་རྣམ་གྲངས་ཅན། །དང་པོ་རྣམ་གྲངས་མིན་པ་ནི། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པ་རྟོགས་གྱུར་པ། །རྒྱལ་བས་གསུངས་པའི་ཡེ་ཤེས་གང༌། །དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས། །དེ་ལྟར་རྒྱུད་རྒྱལ་ཀུན་ལས་བཤད། །རྣམ་གྲངས་ཅན་གྱི་དཀྱིལ་འཁོར་ནི། །ཕུང་ཁམས་སྐྱེ་མཆེད་རྟེན་འབྲེལ་རྣམས། །ལྷ་དང་ལྷ་མོའི་རང་བཞིན་དུ། །ངང་གིས་ཆོས་མཐུན་དེ་ལྟར་གནས། །རང་བཞིན་ཀུན་རྫོབ་དཀྱིལ་འཁོར་ནི། །འོག་མིན་བླ་མེད་གནས་མཆོག་ན། །འབྲས་བུ་རྒྱལ་བའི་དཀྱིལ་འཁོར་རྣམས། །དོན་དམ་མཚོན་ཕྱིར་རྟགས་སུ་སྣང༌། །ཏིང་འཛིན་དཀྱིལ་འཁོར་རྣམ་གསུམ་སྟེ། །རང་བཞིན་དེ་ལ་བསྒོམ་པ་དང༌། །གཟུགས་དེ་ལ་ནི་བསླབ་པ་དང༌། །རབ་ཀྱི་རྩལ་གྱིས་བསྐྱེད་པའོ། །གཟུགས་བརྙན་དཀྱིལ་འཁོར་གཉིས་ཡིན་ཏེ། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་ནོ། །དང་པོ་རྣམ་པ་དྲུག་ཡིན་ཏེ། །གསེར་དངུལ་ལུགས་དང་དུང་རྡོ་འབུར། །རྭ་ཤིང་བཞོགས་རས་བལ་རིས་དང༌། །ས་མྱག་ལྡེར་དང་རྡུལ་ཚོན་གཅལ། །ལྷག་པའི་གཟུགས་བརྙན་རྣམ་གསུམ་སྟེ། །ཕྱི་དང་ནང་དང་གསང་བའོ། །ཕྱི་ནི་ལུས་དང་


DTG078_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ལྔ། །ནང་ནི་འཁོར་ལོ་དངས་མ་ལྔ། །གསང་བ་རྡོ་རྗེ་པདྨ་སྦྱར། །དེ་དག་སྤྱི་ཡི་དབྱེ་བའོ།། །།ངེས་ཚིག་དཀྱིལ་འཁོར་ནི་གཙོ་བོ་སྟེ། །འཁོར་ནི་དེ་ཡི་སྤྲུལ་པ་ཡིན། །ཡང་ན་འདས་པའི་དཀྱིལ་ཡིན་ཏེ། །འཁོར་ཞེས་འཇིག་རྟེན་པ་ལ་བྱ། །གནས་ཐབས་དཀྱིལ་འཁོར་རྣམ་གསུམ་ལས། །རང་བཞིན་དོན་དམ་དཀྱིལ་འཁོར་ནི། །ཅི་ཡང་མ་ཡིན་ཇི་ལྟའི་ཚུལ། །དང་པོའི་གནས་ལུགས་ཉིད་དུ་གནས། །རང་བཞིན་ཀུན་རྫོབ་དཀྱིལ་འཁོར་ནི། །རྟེན་དང་བརྟེན་པ་རྣམ་པ་གཉིས། །རྟེན་ཡང་གཞི་དང་གཞལ་ཡས་ཁང༌། །གཞི་ནི་འབྱུང་བའི་དཀྱིལ་འཁོར་བསྟན། །གཞལ་ཡས་དངོས་དང་གདན་ཡིན་ཏེ། །གཞལ་ཡས་དངོས་ལ་རྣམ་པ་བརྒྱད། །དབྱིབས་དང་ཁ་དོག་རྩིག་པ་དང༌། །ཤིང་དང་ལོངས་སྤྱོད་ར་བ་འོབས། །རྒྱན་དང་མཐའ་ཡི་ཞིང་ཁམས་སོ། །དབྱིབས་ལ་རྣམ་པ་བཞི་ཡིན་ཏེ། །ཕྱི་དང་ནང་དང་སྒོ་དང་བཞི། །ཕྱི་དབྱིབས་མཆོད་རྟེན་མཁར་ཐབས་དང༌། །རྒྱལ་ཁབ་རི་བོའི་གུར་དུ་འདོད། །ནང་དབྱིབས་རིགས་དང་ཕྲིན་ལས་རྣམས། །སོ་སོའི་རྒྱུད་བཞིན་ཤེས་པར་བྱ། །སྒོ་ལ་འོག་དང་སྟེང་ཡིན་ཏེ། །འོག་ནི་སྒོ་དང་སྒོ་ཁང་ཅན། །སྟེང་ནི་སྐས་དང་གླང་རྒྱབ་སོགས། །ཇི་ལྟར་མཛེས་པའི་ཚུལ་དུ་བཞེངས། །གཞི་ཡི་དབྱིབས་ནི་ཚད་མེད་དེ། །རྒྱ་མ་ཆད་དེ་ཕྱ་ལེ་བའོ། །ཁ་དོག་རྣམ་པ་མང་ཡོད་ཀྱང༌། །རིགས་དང་ཡེ་ཤེས་ཕྲིན་ལས་དང༌། །སྤྱི་མཐུན་ལྷུན་པོའི་ཚུལ་ཉིད་དུ། །སྔགས་རྒྱུད་རྣམས་ནས་ཚུལ་བཞིན་འབྱུང༌། །རྩིག་པ་རྨང་དང་ལོགས་དང་རྩེ། །རྨང་ནི་ནང་དུ་རྐྱང་པ་དང༌། །ཕྱི་ནི་རིན་ཆེན་ལྔ་རུ་བརྩེགས། །ལོགས་ནི་རྨང་བཞིན་བཞེངས་པ་ལས། །ཕྱི་ནི་རྩེ་ལ་ཕ་གུས་བསྟོད། །སྒོ་ཕུགས་གོང་དུ་བསྟན་པ་བཞིན། །ཤིང་ལ་སྒོ་ཕུགས་རྣམ་པ་གཉིས། །ཕུགས་ན་ཀ་བ་བརྒྱད་པོ་ཡིས། །གདུང་ཆེན་བཞི་ཡི་རྩེ་ནས་བཏེག །གདུང་ཆེན་བཞི་ཡི་རེ་མིག་ཀྱང༌། །ཕྱམ་རྩ་ཉི་ཤུ་བརྒྱད་ཀྱིས་བཀབ། །དེ་བཞིན་གྲལ་ཐོག་ཅི་རིགས་པའོ། །སྒོ་ཁང་ཕྱི་ཟུར་བཞི་པོ་ལ། །ཀ་བ་བཞི་བཞིས་གདུང་སྣ་ནི། །བརྒྱད་བརྒྱད་བཏེག་པ་རྟ་བབས་རྨང༌། །ཀ་གདན་ཀ་ཞུ་ཅི་རིགས་པའོ། །ལོངས་སྤྱོད་འདོད་ཡོན་སྣམ་བུ་ལ། །གཟུགས་མཛེས་


DTG078_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་སྙན་དྲི་མཆོག་དང༌། །རི་ཞིམ་ཡིད་འོང་ཆོས་རྣམས་ཀྱི། །ལྷ་མོ་རྣམས་ཀྱིས་དགྱེས་པར་རོལ། །རབ་རྡོ་རྗེའི་མུ་ཁྱུད་དེ། །འོབས་ནི་མེ་འོབས་ཁོར་ཡུག་ཡིན། །རྒྱན་ནི་བླ་རྒྱན་འོག་རྒྱན་དང༌། །རྩེ་རྒྱན་དང་ནི་ལོགས་རྒྱན་དང༌། །སྒོ་རྒྱན་དང་ནི་རྣམ་པ་ལྔ། །དོན་རྟགས་སྐབས་སུ་ཤེས་པར་བྱ། །ཞིང་ཁམས་སྐུ་གསུམ་འདུལ་ཚད་ཀྱང༌། །སོ་སོའི་རྒྱུད་ལས་བསྟན་པར་ཟད། །གདན་གཉིས་སེང་གེ་གླང་སོགས་ཁྲི། །ཉི་ཟླ་པདྨ་རིན་ཆེན་གདན། །གཙོ་འཁོར་རྣམས་ལ་ཅི་རིགས་པར། །རྒྱུད་ལས་གསུངས་པ་བཞིན་དུ་བཤམ། །བརྟེན་པ་ལྷ་ཡི་དཀྱིལ་འཁོར་ལ། །སྐུ་དང་སྐུ་མདོག་མཚན་དཔེ་དང༌། །ཕྱག་རྒྱ་ཕྱག་མཚན་བཞུགས་སྟབས་ཚུལ། །རྒྱན་ཆས་འོད་ཀྱིས་བསྡུས་པའོ། །སྐུ་ནི་ཞལ་གཅིག་ཕྱག་གཉིས་དང༌། །ཞལ་གསུམ་ཕྱག་དྲུག་དེ་བཞིན་དུ། །ཕོ་དང་མོ་ཡི་དབང་པོ་ཅན། །དེ་ལ་སོགས་པའི་མཐའ་ཡས་མཆོག །སྐུ་མདོག་ཉི་མ་ཟླ་བ་དང༌། །གསེར་དང་པདྨ་རཱ་ག་དང༌། །ཨིནྡྲ་ནཱི་ལ་སོགས་པ། །འདྲེས་དང་མ་འདྲེས་ཁ་དོག་ཅན། །མཚན་ནི་སུམ་ཅུ་རྩ་གཉིས་ཏེ། །དུང་དང་མཛོད་སྤུ་སྤྱི་གཙུག་དང༌། །ཐུན་མོང་མཚན་ནི་ཉི་ཤུ་དགུ། །བསོད་ནམས་ཁྱད་འཕགས་མདོ་བཞིན་བཤད། །དཔེ་བྱད་བཟང་པོ་བརྒྱད་ཅུ་སྟེ། །སྐུ་གསུང་ཐུགས་དང་ཡོན་ཏན་དང༌། །ཕྲིན་ལས་ཁྱད་པར་གནས་སྐབས་ལས། །དཔེ་བྱད་བཟང་པོ་མདོ་བཞིན་བརྩེ། །ཕྱག་རྒྱ་ཕྱག་གི་འདུ་བྱེད་དེ། །བཅིངས་དང་དགྲོལ་དང་བསྒྱུར་བ་ལས། །དམ་ཚིག་ལས་སུ་ཕྱེ་བ་ཡང༌། །བྱང་ཆུབ་མཆོག་ལ་སོགས་པ་ཡིན། །ཕྱག་མཚན་ཕྱག་ན་བསྣམས་པ་སྟེ། །འཁོར་ལོ་རྡོ་རྗེ་རིན་པོ་ཆེ། །པདྨ་རལ་གྲི་ལ་སོགས་པ། །དོན་རྣམས་མཚོན་ཕྱིར་རྟགས་སུ་བསྣམས། །བཞུགས་སྟབས་རྫོགས་དང་སེམས་ཚུལ་དང༌། །བཞེངས་དང་སྟང་སྟབས་ལ་སོགས་པ། །གཙོ་བོ་ཉིད་ནི་ཀུན་དུ་ཞལ། །འཁོར་རྣམས་གཙོ་བོ་ཉིད་ལ་བལྟ།། ཡུམ་དང་བཅས་པའི་དཀྱིལ་འཁོར་ནི། །ཡུམ་རྣམས་གཡོན་ནས་ཡབ་ལ་བལྟ། །སྒོ་བ་ཡབ་ཡུམ་ལྡན་པ་རྣམས། །ཕོ་མོ་གཡས་གཡོན་ཟུར་གྱིས་གནས། །ཚུལ་ནི་རྣམ་པ་དགུ་ཡིན་ཏེ། །ལྷ་དང་ལྷ་མོའི་དཀྱིལ་འཁོར་རྣམས། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་


DTG078_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་སྡུག་གཟི་བྱིན་ནོ། །རྒྱན་ནི་རྣམ་པ་བདུན་ཡིན་ཏེ། །དབུ་རྒྱན་སྙན་ཆ་མགུར་ཆུ་དང༌། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །ཕྱག་དང་ཞབས་ཀྱི་གདུ་བུའོ། །ཆས་ནི་རྣམ་པ་ལྔ་ཡིན་ཏེ། །སྟོད་གཡོགས་དང་ནི་སྨད་དཀྲིས་དང༌། །ཟེ་ཁབ་དང་ནི་ཆོས་གོས་དང༌། །གཙང་གོས་རྣམ་པ་ལྔ་རུ་བཤད། །འོད་ནི་འགྱེད་དང་བསྡུ་བ་དང༌། །ངོ་བོ་གཟུགས་བརྙན་རྣམ་པ་དང༌། །ལས་རྣམས་ལྔ་ཡི་དབྱེ་བ་ཡིས། །སྣང་བ་གཏན་ལ་དབབ་པར་བྱ། །འགྱེད་པ་ཐུན་མོང་ཐུན་མོང་མིན། །བསྡུ་བ་བྱེ་བྲག་བཅུ་གཉིས་ཏེ། །ངོ་བོ་གསལ་བ་ཡོན་ཏན་ཅན། །གཟུགས་བརྙན་སྐུ་གསུང་ཐུགས་སུ་སྣང༌། །ལས་ནི་སྣོད་སྦྱང་བཅུད་སྨིན་བྱེད། །དེ་ལྟར་མདོ་སྡེ་དག་ལས་གསུངས། །རང་བཞིན་དཀྱིལ་འཁོར་ཇི་ལྟ་བུར། །ལྷག་མ་རྣམས་ཀྱང་དེ་བཞིན་གནས། །རྣལ་འབྱོར་ལམ་ལ་གནས་པ་ཡིས། །དེ་ལྟར་ཡིད་ལ་གོམས་པར་གྱིས། །རང་བཞིན་དཀྱིལ་འཁོར་མ་རྟོགས་ན། །ཆོས་ཉིད་ལྟ་བའི་དོན་དང་འགལ། །བདག་མེད་ལྟ་བ་མ་རྟོགས་ན། །བླ་མེད་བྱང་ཆུབ་ཐོབ་མི་འགྱུར། །ཏིང་འཛིན་དཀྱིལ་འཁོར་མ་བསྒོམས་ན། །རྟོག་པའི་དབང་བསྒྱུར་ཏིང་འཛིན་ལ། །མ་བསྒོམས་ལམ་ལ་བགྲོད་མེད་ཅིང༌། །ཡུན་གྱིས་འབྲས་བུ་འབྱུང་མི་འགྱུར། །གཟུགས་བརྙན་དཀྱིལ་འཁོར་མ་མཚོན་ན། །རྨོངས་པས་དོན་རོ་མི་ཚོར་ཏེ། །གཞན་དོན་མཐར་ནི་མི་ཕྱིན་པས། །བྱང་ཆུབ་སྤྱོད་པ་ཉིད་དང་འགལ། །སྐྱོན་བཟློག་པ་ནི་ཡོན་ཏན་ཏེ། །དཀྱིལ་འཁོར་གསུམ་ལ་གནས་བྱས་ནས། །བདག་གཞན་དོན་རྣམས་མ་ལུས་པ། །ཐབས་ལ་མཁས་པས་མྱུར་དུ་འགྲུབ། །ཐབས་མཁས་ཐུགས་རྗེའི་མཛད་སྤྱོད་ཀྱིས། །འདོད་ལ་ཞེན་པའི་གདུལ་བྱ་རྣམས། །མི་སྤང་ལམ་དུ་དྲང་བའི་ཕྱིར། །འཁོར་ལོས་སྒྱུར་རྒྱལ་ཆོས་བཞིན་མཛད། །ཞིང་ཁམས་དང་ནི་ཕོ་བྲང་དང༌། །བཙུན་མོ་སྲས་དང་འཁོར་རྣམས་དང༌། །ལོངས་སྤྱོད་རྒྱན་དང་དམ་ཁྲིམས་རྣམས། །འཁོར་ལོས་སྒྱུར་རྒྱལ་དག་དང་མཚུངས། །དོན་རྟགས་རྣམ་གྲངས་བསྟན་པ་ནི། །གཞི་ལམ་འབྲས་བུར་བཅས་པའི་ཆོས། །ཡོན་ཏན་རྣམ་གྲངས་ཇི་སྙེད་པ། །དཀྱིལ་འཁོར་གསུམ་ལ་ཡོངས་སུ་རྫོགས། །རྒྱས་པར་རྟེན་དང་བརྟེན་པ་གཉིས། །རྟེན་ལ་གཞི་ཡི་དོན་རྟགས་ནི། །


DTG078_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་རླུང་མེ་དང་ཆུ་དང་ས། །ཡུམ་ལྔའི་རྟགས་ཏེ་རི་རབ་དང༌། །རི་ཕྲན་གླིང་དང་གླིང་ཕྲན་རྣམས། །ཡབ་ཀྱི་རྟགས་ཏེ་ཕོ་བྲང་སྤྱི། །གཙུག་ཏོར་འཁོར་ལོས་སྒྱུར་བའི་ཚུལ། །གཞན་ཡང་དབྱིབས་ཀྱི་དོན་རྟགས་རྣམས། །མཆོད་རྟེན་བརྒྱད་སོགས་བསྟན་པ་ནི། །སྡུག་བསྔལ་བརྒྱད་སྒྲོལ་མཛད་པ་བརྒྱད། །མཁར་ཐབས་རྒྱལ་ཁབ་རི་བོ་རྣམས། །བདུད་དཔུང་འཇོམས་དང་འདོད་སྤྱོད་དང༌། །བསྲུང་བའི་དོན་དུ་ཤེས་པར་བྱ། །འཁོར་ལོ་རྡོ་རྗེ་རིན་ཆེན་དང༌། །པདྨ་རྒྱ་གྲམ་རིགས་ཀྱི་རྟགས། །ཟླུམ་པའི་པདྨ་ལེ་ཙེ་བཞི། །གྲུ་བཞི་འཁོར་ལོ་རིན་ཆེན་རྒྱས། །ཟླ་གམ་གྲུ་ཆད་གཞུ་དབྱིབས་དབང༌། །གྲུ་གསུམ་བྷ་ག་ཁྲོ་ཞལ་དྲག །སྒོ་ནི་ཡེ་ཤེས་བཞི་དག་དང༌། །བསྡུ་བ་ཚད་མེད་རྣམ་ཐར་བཞི། །ལམ་སྟེགས་བརྒྱད་ནི་འཕགས་ལམ་དང༌། །ཐེག་པ་བརྒྱད་དང་རྣམ་ཐར་བརྒྱད། །སྒོ་ཁང་སྒོ་སྲུང་ཁང་པ་སྟེ། །སྟེང་ནི་མ་རིག་མུན་པ་ལ། །ཡེ་ཤེས་དཀར་མཐོངས་དབྱེ་བའི་ཕྱིར། །བཅུ་གཅིག་རྡོ་རྗེའི་རེ་མིག་ཅན། །སྐས་དང་གླང་པོའི་རྒྱབ་འདྲ་དང༌། །གདུགས་ཅན་ལ་སོགས་སྟེང་དབྱིབས་ནི། །གདུལ་བྱ་ཡིད་འོང་བྱ་བའི་ཕྱིར། །ཇི་ལྟར་མཛེས་པར་བསྟན་པ་ཡིན། །ཆོས་དབྱིངས་མུ་མེད་བརྡལ་བའི་ཕྱིར། །གཞི་དབྱིབས་ཚད་མེད་བསྟན་པ་ཡིན། །ཁ་དོག་དོན་རྟགས་བསྟན་པ་ནི། །དཀར་དམར་སེར་ལྗང་མཐིང་ག་རྣམས། །སྐུ་གསུང་ཡོན་ཏན་ཕྲིན་ལས་དང༌། །ཐུགས་ཀྱི་རྟགས་ཏེ་གོ་རིམས་བཞིན། །མེ་ལོང་ཡེ་ཤེས་སོ་སོར་རྟོག །མཉམ་ཉིད་བྱ་བ་ནན་ཏན་དང༌། །ཆོས་ཀྱི་དབྱིངས་ཀྱང་གོ་རིམས་བརྟགས། །ཡང་ན་སྤྱི་མཐུན་ལྷུན་པོ་བཞིན། །ཡང་ན་ཞི་དབང་རྒྱས་པ་དང༌། །སྣ་ཚོགས་དྲག་པོ་གོང་མ་བཞིན། །རྩིག་པའི་དོན་རྟགས་བསྟན་པ་ནི། །རྐྱང་པ་རང་བྱུང་ཡེ་ཤེས་ཏེ། །ལྔ་རིམ་ཡེ་ཤེས་ལྔ་ཡི་རྟགས། །སུམ་རིམ་སྐུ་གསུང་ཐུགས་སུ་སྦྱར། །ཕ་གུ་ཡོན་ཏན་སྤགས་པ་སྟེ། །རྩེ་ལ་རྣམ་པ་མང་ཡོད་ཀྱང༌། །རེ་ཞིག་བྱང་ཆུབ་ཆེན་པོ་ལ། །དྲན་དང་ཡང་དག་རྫུ་འཕྲུལ་དབང༌། །བང་རིམ་བཞི་ཡི་དོན་དུ་བཞེད། །བུམ་རྟེན་སྟོབས་ཏེ་བུམ་པ་ནི། །བྱང་ཆུབ་ལམ་ཡིན་བྲེ་དག་ནི། །འཕགས་པའི་ལམ་དུ་ཤེས་པར་བྱ། །སྒོ་གཏན་རྟ་བབས་བཞི་པོ་ནི། །གསུམ་


DTG078_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཁམས་གསུམ་བཞི་པ་ནི། །འཕགས་ལམ་པདྨས་མཚན་མ་ཅན། །ཤིང་གི་དོན་རྟགས་བསྟན་པ་ནི། །ཕུགས་ཀྱི་ཤིང་གི་གནས་ཚུལ་ནི། །ཀ་གདན་བསྙེན་གནས་ཀླུ་ཆེན་བརྒྱད། །ཀ་བ་འཕགས་ལམ་ལྷ་ཆེན་བརྒྱད། །ཀ་ཞུ་རྣམ་ཐར་གཟའ་ཆེན་བརྒྱད། །གདུང་ནི་མི་འཇིགས་རྒྱལ་ཆེན་བཞི། །ཕྱམ་རྩ་སྟོང་ཉིད་ཕ་རོལ་ཕྱིན། །དེས་མཚོན་རྒྱུ་སྐར་ཉི་ཤུ་བརྒྱད། །ཕྱམ་ནི་གནོད་སྦྱིན་ཉེར་བརྒྱད་ཀྱིས། །སྟོབས་བཅུ་མ་འདྲེས་བཅོ་བརྒྱད་མཚོན། །གྲལ་ཐོག་ཡོན་ཏན་བསམ་མི་ཁྱབ། །སྒོ་ཁང་ཕྱི་ཟུར་བཞི་པོ་ན། །ཀ་གདན་ཀ་བ་ཀ་ཞུ་ནི། །དྲན་དང་སྤང་དང་རྫུ་འཕྲུལ་རྐང༌། །གོ་རིམས་བཞིན་དུ་སྦྱར་བར་གསུངས། །གདུང་བཞི་སྣོལ་མར་བཏང་བ་ནི། །བདེན་བཞི་བསམ་གཏན་བཞི་དང་ལྡན། །ལོངས་སྤྱོད་རྣམས་ཀྱི་དོན་རྟགས་ནི། །བསོད་ནམས་ཚོགས་ནི་རྫོགས་པའི་ཕྱིར། །གཟུགས་སྒྲ་དྲི་རོ་རེག་ཆོས་ཀྱི། །ལྷ་མོ་རྣམས་ཀྱིས་མཉེས་པར་བསམ། །ར་བ་འོབས་ཀྱི་དོན་རྟགས་ནི། །རྡོ་རྗེ་ར་བས་བདུད་དཔུང་བཟློག །མེ་ཡི་འོབས་ཀྱིས་ཉོན་མོངས་བསྲེག །ཆུ་དང་རླུང་ལ་སོགས་པ་ཡང༌། །ཅི་རིགས་ཉིད་དུ་སྦྱར་བར་བྱ། །གཞན་ཡང་རྒྱན་གྱི་དོན་རྟགས་ནི། །བླ་རྒྱན་ཆོས་ཉིད་བླ་རེ་ནི། །ཐབས་དང་ཤེས་རབ་ཉི་ཟླ་དང། །ཡེ་ཤེས་ཕྲ་མེན་སྐར་ཚོགས་གསལ། །འོག་གཞི་རྒྱན་གྱི་དོན་རྟགས་ནི། །གདན་གྱི་སྐབས་སུ་འཆད་པར་འགྱུར། །རྩེ་རྒྱན་རྣམ་གཅིག་མཆོད་རྟེན་ལ། །སྲོག་ཤིང་སྐུ་གསུང་ཐུགས་སུ་བསྟན། །འཁོར་ལོ་ཤེས་པའི་ཁྱད་པར་ནི། །ཆར་ཁེབས་ཐུགས་རྗེ་ཆེན་པོ་སྟེ། །འཕན་ནི་མཆོད་པའི་ལྷ་མོ་ལ། །དྲིལ་བུ་སྟོང་པ་ཉིད་ཀྱི་སྒྲ། །ཟླ་ཚེས་ཐབས་དང་ཤེས་རབ་ཡིན། །ཏོག་ནི་མི་ནུབ་རྒྱལ་མཚན་ནོ། །ལོགས་རྒྱན་ཕྱམ་མགོ་འཛི་པ་ཏྲི། །ཁ་ནས་རིན་ཆེན་ཕྲེང་བ་ནི། །དྲ་བ་དྲ་བ་ཕྱེད་གྱུར་པ། །དབྱིབས་དང་ཡེ་ཤེས་བརྡ་ཡིན་ནོ། །སྒོ་རྒྱན་རྣམ་པ་མང་ཡོད་ཀྱང༌། །རེ་ཞིག་དབང་གི་རྟགས་བཅུ་དང༌། །རྒྱན་དགུ་དང་ནི་རྫས་བརྒྱད་དང༌། །རིན་ཆེན་བདུན་དང་བརྡ་དྲུག་གོ །བཟློག་སྟེ་བརྡ་དྲུག་བཤད་པ་ལས། །སྟེང་གི་ཆོས་ཀྱི་འཁོར་ལོ་ནི། །གཙོ་བོའི་རྟགས་ཏེ་རི་དགས་ནི། །འཁོར་གྱི་བརྡར་ནི་ཤེས་པར་བྱ། །འོག་གི་དབུས་ཀྱི་


DTG078_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

གཅོང་ཆེན་ནི། །ངེས་དོན་སྒྲ་སྟེ་གཎྜཱི་ནི། །དྲང་དོན་སྒྲ་ཞེས་གསུངས་པའོ། །ཐབས་དང་ཤེས་རབ་མཚོན་པ་ནི། །རྡོ་རྗེ་དྲིལ་བུ་གཉིས་ཡིན་ནོ། །རིན་ཆེན་བདུན་ནི་འདི་ཡིན་ཏེ། །དབང་གི་འཁོར་ལོ་རིན་ཆེན་དང༌། །ལྷ་མོ་བཙུན་མོ་རིན་ཆེན་དང༌། །སྒོ་བ་དམག་དཔོན་ཚུལ་དགུ་དང༌། །མངོན་ཤེས་བློན་པོ་བྱ་བ་སྟེ། །སྟོབས་བཅུ་གླང་པོ་རིན་པོ་ཆེ། །རྫུ་འཕྲུལ་རི་དགས་རྟ་ཡི་ཚུལ། །ཡིད་བཞིན་ནོར་བུ་རིན་ཆེན་ནོ། །རྫས་བརྒྱད་བདུད་འཇོམས་རྒྱལ་མཚན་དང༌། །ཐུགས་རྗེའི་གདུགས་དང་དཔལ་བེའུའི་ཐུགས། །བདུད་རྩིའི་བུམ་པ་མི་སྙེམས་ཉ། །ཆོས་ཀྱི་དུང་དང་དགོས་འདོད་སྐོང༌། །ཆོས་ཀྱི་འཁོར་ལོ་དེ་ལྟར་རོ། །སྒོ་ཁང་ནང་གི་རྒྱན་དགུ་ནི། །སྨད་ན་ཉོན་མོངས་ཟིལ་གྱིས་གནོན། །གླང་དང་སེང་གེ་ངང་པ་དང༌། །སྟོབས་དང་མི་འཇིགས་ཚད་མེད་དེ། །སཱ་ལའི་ཤིང་གི་ཚལ་ཡིན་ནོ། །བར་ན་ལམ་རྣམས་སོ་སོར་འབྱེད། །རི་དང་མི་དང་སྲང་ཁྲམ་དང༌། །གཡོ་དང་འབྱེད་དང་བསྟབ་པ་སྟེ། །བློན་པོ་རིན་པོ་ཆེ་བཞིན་ནོ། །སྟེང་ན་སྡུག་བསྔལ་དང་དུ་ལེན། །ཀླུ་དང་ཆུ་སྲིན་ག་རུ་ཌ། །ཡེ་ཤེས་ཐུགས་རྗེའི་བྱིན་རླབས་ཏེ། །ཁྱུང་གིས་ཀླུ་རྒྱལ་བསླང་བ་བཞིན། །དབང་གི་རྟགས་བཅུ་འདི་ལྟ་སྟེ། །དབུ་རྒྱན་ཅོད་པན་ཕྲེང་བ་དང། །གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང༌། །གདུགས་དང་བུམ་པ་བཟའ་བཏུང་དང༌། །སྙིང་པོ་ལྔ་ཡིས་ཡེ་ཤེས་དང༌། །ཆོས་མོས་རྫུ་འཕྲུལ་སྨོན་ལམ་དང༌། །སྐྱེ་ལས་ཚེ་དང་ལོངས་སྤྱོད་དང༌། །སེམས་ལ་དབང་བ་གོ་རིམས་སོ། །གདན་གྱི་དོན་རྟགས་མི་འཇིགས་སྟོབས། །རྫུ་འཕྲུལ་དབང་དང་ལས་ཀྱི་ཁྲི། །ཐབས་དང་ཤེས་རབ་སྐྱོན་མེད་དང༌། །དགོས་འདོད་ཚུལ་དུ་མཚོན་པའོ། །བརྟེན་པ་ལྷ་ཡི་དོན་རྟགས་ནི། །ལྷ་དང་ལྷ་མོར་བསྟན་པ་ཡང༌། །གཞི་ནི་གཞུང་དང་འཛིན་པ་སྟེ། །ལམ་ནི་ཐབས་དང་ཤེས་རབ་ཡིན། །འབྲས་བུ་དབྱིངས་དང་ཡེ་ཤེས་སོ། །སྐུ་དང་སྐུ་མདོག་ཕྱག་རྒྱ་དང། །ཕྱག་མཚན་བཞུགས་སྟབས་ཚུལ་དང་ནི། །རྒྱན་ཆས་དོན་གྱི་རྣམ་གྲངས་ནི། །གྲུབ་པ་རྟགས་ཀྱི་ཕྱག་རྒྱ་དང༌། །མཚོན་པ་ཐབས་ཀྱི་ཕྱག་རྒྱ་དང༌། །མཛད་པ་ལས་ཀྱི་ཕྱག་རྒྱར་སྦྱར། །དེ་ཡང་རྒྱུད་རྒྱལ་མ་ལུས་ཀྱི། །དགོངས་པ་མདོར་ནི་བསྡུས་པ་ཡིན། །མཚན་དང་དཔེ་བྱད་འོད་དང་


DTG078_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། །བསོད་ནམས་རྫོགས་ཤིང་ཡོན་ཏན་མཚོན། །སེམས་ཅན་དོན་རྣམས་མཛད་པ་སྟེ། །རྒྱས་པར་མདོ་སྡེའི་དགོངས་པ་བཞིན། །དོན་རྟགས་རྟགས་ཀྱི་ཆོས་མཐུན་ནི། །གཞུང་འདིར་འདི་ལྟར་སྦྱོར་མོད་ཀྱི། །གཞན་དུ་ཆོས་མཐུན་མཐའ་ཡས་པ། །རྒྱུད་དང་རྟོག་པ་རྣམས་ལས་བྱུང། །དཀྱིལ་འཁོར་དབང་དང་དམ་ཚིག་གསུམ། །རྒྱུད་རྣམས་ཀུན་གྱི་སྲོག་ཤིང་པས། །རྣལ་འབྱོར་གསང་སྒོར་ཞུགས་རྣམས་ཀྱིས། །གཅེས་སྤྲས་ཡིད་ཀྱི་གཞུང་འདི་སྤྱད། །དཀྱིལ་འཁོར་དོན་བསྡུས་རྒྱུད་ཀྱི་མན་ངག་འདི། །ནོངས་སུ་ངེས་ཀྱིས་ལྷ་ལ་བཟོད་པར་གསོལ། །འདི་བརྩམས་དགེ་བས་སེམས་ཅན་མ་ལུས་ཀུན། །དཀྱིལ་འཁོར་གསུམ་གྱི་ཀློང་དུ་གནས་གྱུར་ཅིག །སློབ་དཔོན་སངས་རྒྱས་གསང་བས་མཛད་པ། དཀྱིལ་འཁོར་གྱི་ཆོས་མདོར་བསྡུས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སངས་རྒྱས་གསང་བས། དབས་མཉྫུ་ཤྲཱི་དང༌། བྲན་ཀ་མུ་ཏི་ཏ་གཉིས་ལ་བརྫངས་པ། བོད་ཡུལ་དུ་ལོ་ཙཱ་བ་ཀ་བ་དཔལ་བརྩེགས་ལ་སོགས་པས་བསྒྱུར་བའོ།།

གཞལ་ཡས་ཁང་གསལ་བར་བྱེད་པའི་མངོན་རྟོགས་མུན་སེལ་སྒྲོན་མ།
པདྨ་འབྱུང་གནས།


DTG078_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ཁང་གསལ་བར་བྱེད་པའི་མངོན་རྟོགས་མུན་སེལ་སྒྲོན་མ་བཞུགས།། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རང་བཞིན་ལྷུན་གྲུབ་འོག་མིན་གཞལ་ཡས་དང༌། །བྲིས་པ་རྡུལ་ཚོན་བསྐྱེད་པ་ཏིང་འཛིན་གྱིས། །བདེ་གཤེགས་བཞུགས་གནས་གཞལ་ཡས་གསལ་བྱེད་པ། །ཏིང་འཛིན་མུན་སེལ་སྒྲོན་མ་བསྟན་པར་བྱ། །དེ་ཡང་ལུས་དོན་ཚུལ་དུ་བསྟན་པ་ནི། །ཚད་དབྱིབས་རྒྱུ་དང་རྩེ་མོའི་གནས་ལུགས་དང༌། །ནང་དང་སྒོ་ཡི་གནས་ལུགས་བསྟན་པ་དང༌། །རྒྱན་གྱི་བྱེ་བྲག་རྣམས་ཀྱིས་མདོར་བསྟན་པའོ། །ཚད་ནི་འདི་ཞེས་ངེས་པར་བསྟན་དུ་མེད། །བློས་འཁྱུད་སྒོམ་བདེ་གང་དུ་གནས་པའོ། །དབྱིབས་ནི་ཕོ་བྲང་སྙིང་པོ་བུམ་པ་ཟླུམ། །གྲུ་ཆད་ལྷ་རྣམས་རྒྱས་ཕྱིར་གྲུ་བཞིའོ། །རྒྱུ་ནི་ཞི་ཁྲོ་གཉིས་ལས་དང་པོ་ནི། །ཡེ་ཤེས་རྒྱུ་ལས་རིན་པོ་ཆེ་རུ་སྣང༌། །པཉྩ་རེ་ཁཱ་རྡོ་རྗེ་ར་བ་དང༌། །ཐོག་དང་ཀ་གདུང་ལ་སོགས་དེ་ལྟར་རོ། །རྩེ་མོ་བུམ་པ་ཆོས་ཉིད་གཅིག་ཏུ་འཁྱིལ། །སྣ་ཚོགས་ཆོས་ཀྱི་འཁོར་ལོ་བྱ་འདབ་ལྡན། །ཏོག་ལྡན་རྨ་བྱའི་མདོངས་ལྟར་གནས་པའོ། །ནང་གི་གནས་


DTG078_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་འཁོར་ལོ་པདྨ་འམ། །ཀ་བཞི་གདུང་བརྒྱད་གྲུ་གསུམ་ཟླ་གམ་སོགས། །རང་གཞུང་གང་ཡིན་ལྟར་དེ་ཉིད་ཀྱང༌། །ལྟེ་བ་མཐོ་སྟེ་འཁོར་ལོ་པདྨ་སོགས། །རིམ་གྱིས་དམའ་སྟེ་གྲུ་ཆད་ལྷག་རྣམས་མཉམ། །རྡོ་རྗེ་ར་བ་རིན་ཆེན་རྐྱང་སྦག་གི །བར་དང་ཕྱི་རིམ་རྩིག་པ་དག་ཏུ་གནས། །ཕ་གུ་བད་དང་མདའ་ཡབ་བང་རིམ་ཚུལ། །སྟེང་ནས་བྱ་འདབ་སེང་མགོ་མུ་ཏིག་ལྡན། །རྩིག་གསེབ་རིན་ཆེན་ཀ་བ་དག་གིས་བཏེག །དེ་འོག་རྟ་བབས་ལྷ་མོ་ལ་སོགས་གནས། །ཕྱི་ནང་མཆོད་བྱེད་ཡང་ན་བར་ཁྱམས་ལའོ། །སྒོ་ལ་གཉིས་ཏེ་ཁྱུད་ཅན་ཁྱུད་མེད་དོ། །ཁྱུད་མེད་གློ་འབུར་ཚུལ་ཏེ་སྒོ་བ་གཅིག །ཁྱུད་ཅན་སྒོ་བ་གཉིས་ཏེ་ཕྱེད་སྒོའོ། །སྒོ་ཟུར་རྩིག་གསེབ་ཀ་ཐུང་བཅུ་དྲུག་གི །རྒྱན་གྱིས་རྟ་བབས་རིམ་པ་བརྒྱད་ལྡན་འདེགས། །དེ་གཉིས་རྣམ་ཐར་བརྒྱད་དང་ལྡན་ཕྱིར་རོ། །མཛེས་པའི་རྟ་བབས་ཐེམ་སྒས་གླང་ཆེན་ཚུལ། །མཆོད་རྟེན་མགོ་ལྔ་ལྟར་དུ་འདོད་ཟེར་བ། །འདི་ཡི་གཞུང་མིན་གཞན་དུ་རིག་པར་བྱ། །མུན་པ་ཝ་རན་རིན་ཆེན་ཆུན་འཕྱང་མཛེས། །བཅུ་གཅིག་རྡོ་རྗེ་དག་དང་ལྡན་པའོ། །རྒྱན་ལ་བདག་པོ་ཕྱི་ནང་སྟེང་འོག་ལོགས། །བདག་པོ་ཡབ་ཡུམ་ལ་སོགས་སྐབས་དང་སྦྱར། །བླ་རེ་བཞི་གདན་དྲ་བ་མུ་ཏིག་ཕྲེང༌། །གདན་ལ་སེང་གེ་གླང་ཆེན་རྟ་དང་ཁྱུང༌། །ནམ་མཁའ་ལྡིང་དང་ཉི་ཟླ་པདྨ་ཁྲི། །ཕྱི་ལ་རྩེ་མོའི་རྒྱན་དང་སྒོ་དྲུང་ངོ༌། །རྩེ་རྒྱན་གདུགས་དང་རྒྱལ་མཚན་རི་དགས་མཛེས། །སྒོ་དྲུང་རྒྱན་ནི་རྔམ་གློག་འོག་རིམ་ནས། །རྒྱལ་བ་གོང་མ་རྣམས་ཀྱིས་བཤད་ལྟར་རོ། །མཐའ་མ་མུ་ཁྱུད་རྡོ་རྗེ་མེ་རིས་བསྐོར། །ཞི་བའི་གཞལ་ཡས་དོན་ནི་དེ་ལྟར་གནས། །ཁྲོ་བོའི་གཞལ་ཡས་དོན་ནི་འདི་ལྟ་སྟེ། །ཚད་དབྱིབས་རྩེ་མོ་སྒོ་རྣམས་འདྲ་གཅིག་ལ། །རྒྱུ་དང་ནང་དང་རྒྱན་གྱི་བྱེ་བྲག་རྣམས། །གོང་ལྟར་མི་གནས་བྱེ་བྲག་བསྟན་པ་ནི། །རྒྱུ་ནི་དུར་ཁྲོད་འབར་བའི་རྩིག་པ་སྟེ། །ཐོད་པ་ཆེ་ཕྲ་གནམ་ལྕགས་འབར་བས་སྤྲས། །ནང་གཞི་ཀེང་རུས་རཀྟའི་ཟིལ་པ་ཆགས། །ཞིང་དང་ཚངས་པའི་ཀ་གདུང་རྣམས་དང་ལྡན། །ཆུ་སྲིན་སྤྲུལ་དང་ཉི་ཟླ་ཀ་ཞུའི་རྒྱན། །གཟའ་དང་རྒྱུ་སྐར་ཕྱམ་དང་གྲལ་


DTG078_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་མཛེས། །ཞིང་གི་སྤང་ལེབ་མ་ཏང་གནས་ཀྱིས་གཡོགས། །རྒྱན་ནི་སྟེང་ནས་ཞིང་ཆེན་འོག་གདན་ཀྱང༌། །ཉི་ཟླ་པདྨ་དྲེགས་པ་སེམས་ཅན་ནོ། །རྩེ་མོ་ཙིཏྟའི་ཏོག་ལ་ཞིང་གི་གདུགས། །ཕ་གུ་ཐོད་པ་སྣ་ཚོགས་བད་དུ་བྱས། །དྲ་བ་དྲ་ཕྱེད་ཐོད་སྤྲུལ་དྲིལ་བུ་དང༌། །མཆོད་པའི་ལྷ་མོ་ཕྱི་ནང་མེད་པར་དབུལ། །སྒོ་རྒྱན་རྟ་བབས་ཐོད་པ་འབར་བ་ལ། །དེ་སྟེང་ཆུ་སྲིན་ཆོས་ཀྱི་འཁོར་ལོར་ལྟ། །རྩེ་ལ་གདུགས་དང་རྒྱལ་མཚན་གྲུ་བཞིར་མཛེས། །མཐའ་མ་ལྕགས་རི་མེ་འོད་འབར་བའི་ནང༌། །དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་གཏམས་པ་ནི། །ཁྲོ་བོའི་དཀྱིལ་འཁོར་གཞལ་ཡས་བསྟན་པའོ། །དེ་ནི་བུམ་པ་གཅིག་ཏུ་འཁྱིལ་པའི་གཞུང༌། །མཆོད་རྟེན་མགོ་བོ་ལྟར་དུ་གནས་པ་ནི། །དབུས་ཀྱི་ཕོ་བྲང་མཆོད་རྟེན་བུམ་པའི་ཚུལ། །སྒོ་བཞི་རྟ་བབས་མཆོད་རྟེན་ཚུལ་དུ་གནས། །དེ་རྣམས་མཐོ་སྟེ་གྲུ་ཆད་ལྷ་རྣམས་དམའ། །བཅུ་གཅིག་རྡོ་རྗེ་སྒོ་ཡི་བྱམ་སྒོ་ལ། །གྲུ་ཆད་གདུང་མགོ་ཟླ་ཚེས་རྡོ་རྗེའོ། །རྟ་བབས་བཞིར་འདོད་གསང་སྔགས་ཕྱི་ཡི་གཞུང༌། །བདག་འདྲ་ཨུ་ཌྱན་པདྨ་རྒྱལ་པོ་ཡིས། །ཏིང་འཛིན་ཉམས་ལེན་དགོངས་པ་མཐར་ཕྱིན་ཀྱང༌། །ཕྱི་རབས་ལམ་པ་རྣམས་ཀྱི་དོན་ཆེད་དུ། །རྒྱུད་ལུང་ཀུན་དང་མི་འགལ་མུན་སེལ་བའི། །སྒྲོན་མ་ཨ་མྲྀ་ཏ་ཡི་དོན་དུ་བརྩམས། །དགེ་བས་སེམས་ཅན་ཀུན་གྱིས་འཕགས་ཐོབ་བསྔོ། །གཞལ་ཡས་ཁང་གསལ་བའི་མངོན་རྟོགས་མུན་སེལ་སྒྲོན་མ་ཞེས་བྱ་བ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་སོ།།

ཚུལ་གསུམ་གྱི་སྒྲོན་མ།


DTG078_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ན་ཡ་ཏྲ་ཡ་པྲ་འདི་པ། བོད་སྐད་དུ། ཚུལ་གསུམ་གྱི་སྒྲོན་མ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཤེས་རབ་ཐུགས་རྗེའི་སྣང་བ་ཡིས། །འགྲོ་བའི་མངོན་སུམ་སྤྱན་གྱུར་ཅིང༌། །ཡེ་ཤེས་འོད་ཀྱིས་མུན་སེལ་མཛད། །རྒྱལ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ལུང་དང་རིགས་པ་ཇི་བཞིན་དང༌། །བདག་གི་ཤེས་སྟོབས་ཅི་ཡོད་པས། །ཚུལ་གསུམ་གྱི་ནི་སྒྲོན་མ་འདི། །དེ་ཉིད་གྲུབ་ཕྱིར་བཤད་པར་བྱ། །གལ་ཏེ་འདི་ལ་སྐྱེ་བོ་འགའ། །སྐལ་བ་དམན་པས་མི་


DTG078_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ཀྱང༌། །བདག་ཉིད་ཀྱི་ནི་རང་གི་ཡིད། །སྦྱོང་བའི་ཐབས་སུ་འདི་གྱུར་མོད། །ཡང་དག་རིག་མེད་པར་འཇིག་རྟེན། །མྱ་ངན་འདས་པ་མི་འཐོབ་ཅེས། །སངས་རྒྱས་ཀྱིས་གསུངས་འདིར་ཚད་མ། །རྒན་པོ་རྣམས་ཀྱིས་གསལ་བར་བཤད། །འདི་ན་ཐེག་པ་ཆེན་པོའི་ཚུལ་ལ་གོ་ཆ་ཆེན་པོ་བགོས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ནས་བརྩམས་ཏེ། བཅོམ་ལྡན་འདས་སྟོབས་བཅུ་དང་ཐུགས་རྗེ་ཆེན་པོའི་བདུད་རྩིས་ཐུགས་བརླན་པས། མདོ་སྡེ་དང་རྒྱུད་ཀྱི་རྒྱལ་པོ་དེ་དང་དེ་རྣམས་སུ་ས་དང༌། ཏིང་ངེ་འཛིན་དང༌། གཟུངས་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། མངོན་པར་ཤེས་པ་དང༌། རྣམ་པར་ཐར་པའི་སྒོ་མཐའ་ཡས་པ་རྣམས་ཐུགས་རྗེ་ཆེན་པོའི་བདུད་རྩིའི་གསུང་ཉིད་ཀྱིས་སྟོན་པར་མཛད་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཁོ་ན་ཕུན་སུམ་ཚོགས་པ་མ་ལུས་པའི་རྒྱུ་ཡིན་པར་གསུངས་ལ། དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། དེ་བཞིན་གཤེགས་པ་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། ཆོས་ཀྱི་དབྱིངས་ལ་སོགས་པའི་རྣམ་གྲངས་ཀྱིས་སྟོན་པར་མཛད་པ་ཡིན་པས་དེ་ཉིད་ནི་ཐར་པ་འདོད་པ་རྣམས་ཀྱིས་མཆོག་ཏུ་བླང་བར་བྱ་བ་ཡིན་ནོ། །དྲིས་པ་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་གཞན་དག་ཀྱང་དེ་ཁོ་ན་ཉིད་ཡིན་པར་གསུངས་ལ། ཡེ་ཤེས་དེ་ཡང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཡིན་ནོ། །དེ་གོམས་པར་བྱེད་པའི་རིམ་པ་ཉིད་ཀྱིས་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་སྐྱེས་པ་དགྲ་བཅོམ་པ་བྱ་བ་བྱས་པ། བྱེད་པ་བྱས་པ་ཞེས་བྱ་བ་ལ་སོགས་པར་གསུངས་ན་ཇི་ལྟར་ན་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་གཅིག་པུ་བླང་བར་བྱ་བའི་དེ་ཁོ་ན་ཉིད་དུ་བཤད། འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་བརྗོད་པར་ནུས་པ་ཡང་མ་ཡིན་ཏེ། བདེ་བར་གཤེགས་པའི་བསྟན་པ་ལ་ནི་དེ་གཙོ་བོར་གྱུར་པ་ཉིད་ཡིན་ཞིང་ཐེག་པ་ཆེན་པོར་ཡང་དེ་ལྟར་ཁས་བླངས་པ་ཡིན་པའི་ཕྱིར་རོ། །ཡང་ན་འདི་དག་ནི་སངས་རྒྱས་ཀྱི་བཀའ་ཡིན་དུ་ཟིན་ཀྱང་ཚད་མ་དང་མི་ལྡན་པས་དེ་ཁོ་ན་ཉིད་མ་ཡིན་ནོ་ཞེ་ན། དེ་ལྟར་ན་ཐམས་ཅད་མཁྱེན་པ་ནི་མི་ཤེས་པ་ཡིན་ནོ་ཞེས་སངས་རྒྱས་སྤངས་པའི་ཕྱིར་ཉེས་པ་ཆེན་པོར་འགྱུར་ལ། དེ་ལྟ་ཡིན་ན་ནི་ཐེག་པ་ཆེན་པོ་ལའང་སུ་ཞིག་ཡིད་ཆེས་པར་


DTG078_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། འདི་ནི་ཚད་མ་དང་མི་ལྡན་པ་ཡང་མ་ཡིན་ཏེ། འདིར་ཚད་མ་རྣམ་འགྲེལ་ཉིད་དུ་སྨྲས་པས་འདིར་མ་བཤད་པ་ཡིན་ནོ། །གཞན་ཡང་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་ནི་ཐེག་པ་ཆེན་པོར་ཡང་བཅོམ་ལྡན་འདས་ཀྱིས་བསྟན་ན་དེ་དེ་ཁོ་ན་ཉིད་མ་ཡིན་ནོ་ཞེས་གང་ལས་ངེས་པར་བྱས། སངས་རྒྱས་ཀྱི་བཀའ་ཉིད་ལ་དད་པ་དང་ལྡན་པ་རྣམས་དེ་ཁོ་ན་ཉིད་དང་ཅིག་ཤོས་སུ་འབྲང་བའི་རིགས་པ་མ་ཡིན་ནོ། །གཉིས་སུ་མེད་པའི་ཡེ་ཤེས་ནི་དེ་ཁོ་ན་ཉིད་ཡིན་པར་འདུལ་བ་ལ་སོགས་པར་ཡང་ཅིའི་ཕྱིར་མ་བསྟན། བཅོམ་ལྡན་འདས་ནི་དེ་ཁོ་ན་ཉིད་མ་ཡིན་པ་དེ་ཁོ་ན་ཉིད་དུ་སྟོན་པར་མི་མཛད་ཅིང༌། དེ་ཁོ་ན་ཉིད་སྤེད་པར་ནི་མི་མཛད་དེ། སངས་རྒྱས་འབྱུང་བ་ནི་དེ་ཁོ་ན་ཉིད་སྟོན་པར་མཛད་པ་ལ་བརྩོན་པ་དང༌། སངས་རྒྱས་རྣམས་ལ་ནི་སློབ་དཔོན་གྱི་དཔེ་མཁྱུད་མི་མངའ་ཞིང་ཕྱིན་ཅི་མ་ལོག་པར་སྟོན་པ་ཡིན་པའི་ཕྱིར་དང༌། བདེན་པ་ལ་དམིགས་པ་ཉིད་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཡིན་པར་བཅོམ་ལྡན་འདས་ཀྱིས་ཡང་དག་པར་བསྔགས་པ་མཛད་དེ། འདི་ནི་བདེ་བར་འགྲོ་བའི་ལམ། །ལམ་འདི་རྣམ་པར་དག་པའི་ཕྱིར། །ཞུགས་པར་བྱེད་པ་རབ་སྤོང་ཞིང༌། །སྒོམ་བྱེད་བདུད་ཀྱི་འཆིང་བ་གཅོད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་པས་ལུང་ལས་སམ། དེ་ཁོ་ན་ཉིད་དུ་ན་སྡུག་བསྔལ་ལ་སོགས་པའི་བདེན་པ་ནི་བདེན་པ་མ་ཡིན་པ་མ་ཡིན་གྱི་འདི་ནི་བདག་ཏུ་འཛིན་པའི་བུད་ཤིང་གི་མེ་འབར་བ་འབའ་ཞིག་ཡིན་ནོ། །འདིར་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་ཡང་དེ་ཁོ་ན་ཉིད་ཡིན་ནོ་ཞེས་གསུངས་ལ་ཞེས་གང་སྨྲས་པ་དེ་ལ། དཔེར་ན་མི་གཙང་སེལ་བྱེད་ལྟར། །ཉོན་མོངས་སྤོང་ཕྱིར་བདེན་པ་དག །སྟོན་པར་མཛད་ཀྱི་དེ་ཉིད་ནི། །དོན་དམ་བདག་ཅན་ཡིན་པར་འདོད། །བདེན་པ་བསྒོམས་པ་ལས་ཉོན་མོངས་པ་སྤོང་བས་དེ་ཁོ་ན་ཉིད་དུ་མི་འགྱུར་ཏེ། མི་གཙང་བ་བསྒོམ་པ་ལ་སྩོགས་པ་ཡང་འདོད་ཆགས་ལ་སྩོགས་པ་རྣམ་པར་སྤོང་བའི་དོན་ཡིན་པའི་ཕྱིར། དེའི་དམིགས་པ་རུས་གོང་ལ་སོགས་པ་ཡང་དེ་ཁོ་ན་ཉིད་ཡིན་པར་ཐལ་བར་འགྱུར་ལ། ཡང་དེའི་ཚེ་ན་འཇིག་རྟེན་པའི་ལམ་ལ་དམིགས་པའམ། ནམ་མཁའ་ལ་སྩོགས་པ་ཅུང་ཟད་ཀྱང་


DTG078_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཁོ་ན་ཉིད་མ་ཡིན་པར་མི་འགྱུར་རོ། །དོན་དམ་པ་ནི་དེ་ཁོ་ན་ཉིད་ཡིན་གྱི་སྡུག་བསྔལ་ནི་དོན་དམ་པ་མ་ཡིན་ཏེ། དེ་ལས་དམན་པ་ཉིད་ཡིན་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་སྡུག་བསྔལ་དོན་དམ་པ་ཉིད་ཡིན་ཞེས་ཁོ་བོ་ཅག་སྨྲའོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་གྱི་བདེན་པ་ཞེས་གསུངས་པ་དང༌། དབྱིག་གཉེན་གྱི་ཞལ་སྔ་ནས་ཀྱིས་ཀྱང༌། གཉིས་ནི་འཕགས་པ་རྣམས་ཀྱི་བདེན་པའོ། །ཡང་གཉིས་ནི་འཕགས་པ་མ་ཡིན་པའི་བདེན་པའོ་ཞེས་བཤད་པ་ཡིན་ནོ་ཞེ་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། གང་གི་ཕྱིར། ཉན་ཐོས་རྣམས་ནི་འཇུག་པའི་ཕྱིར། །སྡུག་བསྔལ་སྩོགས་བདེན་ཉིད་གསུངས་པ། །མེད་དུ་ཟིན་ཀྱང་ཐུགས་རྗེ་ཡིས། །བདག་ཡོད་ཅེས་གསུངས་པ་ལྟ་བུ་ཡིན། ཞེས་བྱ་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་བརྩོན་འགྲུས་ཆུང་བས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཆེན་པོ་ལ་འཇུག་པར་མི་ནུས་པར་མཁྱེན་ནས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཐུགས་ཀྱིས་སྡུག་བསྔལ་ལ་སྩོགས་པ་བདེན་པ་མ་ཡིན་དུ་ཟིན་ཀྱང་བདེན་པར་གསུངས་ཏེ། ཇི་ལྟར་ན་འདི་དག་དད་པ་ཙམ་གྱིས་སྡུག་བསྔལ་ལ་སྩོགས་པར་བསྒོམས་པས་ཟག་པ་མེད་པའི་ཡེ་ཤེས་ཐོབ་ནས་རིམ་གྱིས་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བས་ཟད་པ་དང་མི་སྐྱེ་བ་ཤེས་པ་ཐོབ་པ་སྟེ། བྱ་བ་བྱས་པ། བྱེད་པ་བྱས་པ། ཟག་པ་མེད་པའི་ཡེ་ཤེས་ཀྱི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དང༌། སླར་ཡང་དེ་བཞིན་གཤེགས་པའི་འོད་ཟེར་རྣམས་ཀྱིས་ཡང་དག་པར་བསྐུལ་ནས། དགེ་བའི་རྩ་བ་ཡོངས་སུ་སྨིན་པས་དུས་རིང་པོ་མི་ཐོགས་པ་ཉིད་དུ་སྤྲུལ་པའི་ཚོགས་རྣམས་ཀྱིས་བསོད་ནམས་ཀྱི་ཚོགས་བསགས་ནས། གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས་ལ་འཇུག་པས་ཏིང་ངེ་འཛིན་མ་ལུས་པ་རྟོགས་པའི་ཡེ་ཤེས་ཀྱི་ཚོགས་ཀྱིས་བླ་ན་མེད་པ་རབ་ཀྱི་མཐར་ཐུག་པ་ལ་ཞུགས་པའི་གནས་འཐོབ་པར་འགྱུར་བ་ཡིན་ནོ། །ཡང་གལ་ཏེ་འདི་དག་སྒྲ་ཇི་བཞིན་པ་ཉིད་དུ་གཟུང་ན། དེའི་ཚེ་བདག་ཡོད་དོ་ཞེས་ཀྱང་གསུངས་པས་བདག་ཀྱང་དེ་ཁོ་ན་ཉིད་དུ་འགྱུར་རོ། །བཀའ་དེ་ཡང་ཕྱིན་ཅི་ལོག་པར་གསུངས་པའི་


DTG078_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་ཡོད་པ་མ་ཡིན་ཏེ། དགོས་པའི་ཕྱིར་དགོངས་ཏེ་གསུངས་པ་ནི་ཡོན་ཏན་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་འདི་ལྟར་རབ་ཏུ་འབར་བའི་ཁྱིམ་གྱི་ནང་ན་གནས་པའི་བྱིས་པ་རྣམས་གདོན་པའི་ཕྱིར། ཕ་ཡིས་ལག་པ་སྟོང་པ་བསྟན་པ་ལ་ཉེས་པ་ཅི་ཞིག་ཡོད། བྱ་བ་རྣམས་ནི་བསམ་པའི་དབང་ལས་དགེ་བ་དང༌། མི་དགེ་བར་འགྱུར་ཏེ་འདི་ནི་འོག་ནས་བཤད་པར་བྱའོ། །ཡང་ན་ཕྱིན་ཅི་མ་ལོག་པའི་གནས་འཐོབ་པའི་རྒྱུ་ཉིད་ཡིན་ན་སྡུག་བསྔལ་ལ་སོགས་པ་བདེན་པར་གསུངས་ཏེ། དཔེར་ན་སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཞེས་བྱ་བ་ལྟ་བུའོ། །དེ་བས་ན་དེ་ཁོ་ན་ཉིད་དུ་ན་སྡུག་བསྔལ་ལ་སྩོགས་པའི་བདེན་པ་ནི་བདེན་པ་མ་ཡིན་གྱི་ཞེས་བྱ་བ་དེའི་ལན་བཏབ་པ་ཡིན་ནོ། །འདི་ནི་ཁོ་བོ་ཅག་གིས་གང་གིས་ན་བདག་ཏུ་འཛིན་པའི་བུད་ཤིང་གིས་མེ་སྦར་བར་གྱུར་པའི་སོར་མོར་བསྐྱོད་པ་ཙམ་གྱིས་བཤད་པ་ཡང་མ་ཡིན་ཏེ། གཞན་དུ་ན་བཅོམ་ལྡན་འདས་ཉིད་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་གྱི་མདོ་ལས། བྱང་ཆུབ་པར་དུ་འདུག་པ་ན་བདེན་པ་གཅིག་ཀྱང་ཇི་ལྟ་བ་བཞིན་དུ་མ་མཐོང་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་པ་དང༌། འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ཀྱང༌། སྐྱེ་བ་མེད་པ་ནི་བདེན་གྱིས་ཆོས་གཞན་དག་ནི་བདེན་པ་མ་ཡིན་ནོ་ཞེས་གསུངས་པ་དང༌། གཞན་ཡང་དོན་འདི་ནི་མདོ་སྡེ་གཞན་དག་ལས་ཀྱང་མང་དུ་ན་ཅིའི་ཕྱིར་སངས་རྒྱས་ཀྱི་གསུང་དེའི་རྗེས་སུ་འཇུག་པའི་ཁོ་བོ་ཅག་ལ་ཁྱེད་རྣམས་སྨོད་པར་བྱེད། ཚད་མ་ནི་ཚད་མ་རྣམ་འགྲེལ་ཉིད་དུ་སྨྲས་པས་ཞེས་གང་སྨྲས་པ་དེ་ཡང་དེ་ཚད་མ་དང་འགལ་བ་ཡང་གཞི་གཉིས་སུ་མེད་པའི་ཚུལ་གྱིས་རྗེས་སུ་འབྲངས་ནས་དེ་ཉིད་དུ་བཤད་པ་མ་ཡིན་ནམ། དེ་ནི་མུ་སྟེགས་པས་ཁས་བླངས་པའི་རྒྱུས་ན་སྐད་ཅིག་མ་མ་ཡིན་པ་བཀག་པ་ཡིན་ལ། ཟབ་མོའི་ཚུལ་བསྟན་པས་ནི་སྐད་ཅིག་མ་ཡང་བཀག་པས་ཉེས་པ་ཅི་ཡང་མེད་དོ། །དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་སོགས་ལས་ཀྱང་དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པ་བསྟན་པས་བདེན་པ་དང་ཅིག་ཤོས་ཉིད་གསལ་བ་


DTG078_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ནར་རྟོགས་པར་མཛད་པ་དང༌། གདོད་མ་ནས་མ་སྐྱེས་པ་ནི་བཅོམ་ལྡན་འདས་ཀྱིས་མདོ་སྡེ་མཐའ་ཡས་པ་ལས་རབ་ཏུ་བསྟན་པ་ཡིན་ནོ། །དེ་ཡང་གླང་པོའི་མཆན་བཅིངས་ཀྱི་མདོ་ལས། གང་གིས་སྐྱེ་བ་འབྱུང་བ་ནི། །དངོས་པོ་གང་ཡང་རྙེད་མི་འགྱུར། །དངོས་པོ་མེད་པའི་ངོ་བོ་ལ། །བྱིས་པ་རྣམས་ནི་འབྱུང་བར་འདོད། །ཅེས་གསུངས་པ་དང༌། དེ་བཞིན་དུ་དཀོན་མཆོག་འབྱུང་གནས་ལས། གང་གི་དངོས་པོ་ཉིད་ནི་ཡོད་མིན་པ། །དངོས་པོ་གཞན་གྱི་རྐྱེད་དུ་ཇི་ལྟར་འགྱུར། །དངོས་མེད་གཞན་ནི་ཇི་ཞིག་བསྐྱེད་འགྱུར་ཞེས། །རྒྱུ་འདི་བདེ་བར་གཤེགས་པས་བསྟན་པ་ཡིན། །ཞེས་བཤད་པ་དང༌། འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཆེན་པོ་ལས་ཀྱང༌། སྔོན་གྱི་མཐའ་སྟེང་ཕྱི་མའི་མཐའ་སྟོང་ཞིང༌། །སྐྱེ་དང་འཇིག་དང་གནས་པའི་དངོས་པོ་སྟོང༌། །དངོས་པོ་ཉིད་མེད་དངོས་པོ་མེད་པའང་མེད། །ཆོས་རྣམས་ཐམས་ཅད་སྟོང་པའི་ངོ་བོ་ཉིད། །ཅེས་གསུངས་པ་དང༌། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་ཀྱང༌། དཔེར་ན་ཆུ་ཤིང་རློན་པའི་ཕུང་པོ་ལས། །སྙིང་པོ་འདོད་པའི་སྐྱེས་བུས་རྣམ་བཙལ་ན། །ཕྱི་དང་ནང་ན་དངོས་པོ་ཡོད་མ་ཡིན། །ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས། །ཞེས་གསུངས་པ་དང༌། ཆོས་ཡང་དག་པར་སྡུད་པ་ལས་ཀྱང༌། ཚུལ་བཞིན་འདྲི་བ་ནི་གང་ཚུལ་བཞིན་མ་ཡིན་པར་འདྲི་བ་ནི་གང་ཞེ་ན། སྨྲས་པ། མ་སྐྱེས་པ་ནི་ཚུལ་བཞིན་ཏེ་དེ་འདྲ་བ་ནི་ཚུལ་བཞིན་དུ་འདྲི་བའོ་ཞེས་གསུངས་པ་དང༌། ཡང་དེ་ཉིད་ལས་ཆོས་ཐམས་ཅད་ནི་རྩའི་སྒོ་སྟེ་འཆི་འཕོ་དང་སྐྱེ་བ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱི་སྒོ་སྟེ། ངོ་བོ་ཉིད་སྟོང་པ་ཉིད་ཉེ་བར་བཟུང་བས་སོ་ཞེས་གསུངས་པ་དང༌། ཡབ་དང་སྲས་མཇལ་བ་ལས་ཀྱང༌། །ཆོས་འདི་དག་ཐམས་ཅད་ནི་དུས་གསུམ་མཉམ་པ་ཉིད་ཀྱིས་མཉམ་སྟེ། འདས་པའི་དུས་ཀྱི་ཆོས་ཐམས་ཅད་ནི་ངོ་བོ་ཉིད་དང་བྲལ་བའོ། །མ་འོངས་པ་དང༌། ད་ལྟར་བྱུང་བའི་དུས་ཀྱི་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པའོ་ཞེས་གསུངས་པ་དང༌། ཡང་དེ་ཉིད་ལས་གསལ་བར་མཛད་པ་ནི། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། ཆོས་གང་དངོས་པོ་མེད་པ་དེ་ནི་འདས་པ་མ་


DTG078_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར་འདས་པའོ་ཞེས་རྣམ་པར་འཇོག་པར་མི་ནུས། མ་འོངས་པ་མ་ཡིན། ད་ལྟར་བྱུང་བར་འཇོག་པར་ནུས་པ་མ་ཡིན་ནོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་བཞིན་དུ་བདེན་པ་གཉིས་ལ་འཇུག་པ་ལས་ཀྱང༌། ཡང་འཇམ་དཔལ་ཡང་དག་པའི་སྦྱོར་བ་གང་ཞིག་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པ་དང༌། དེ་བཞིན་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། སྐྱེ་བ་མེད་པ་གང་དང་མཉམ་པ་མཚམས་མེད་པ་ལྔ་པོ་དེ་དང་མཉམ་མོ་ཞེས་བྱ་བ་ལ་སོགས་པ་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྒྱ་ཆེར་བཤད་ནས་སྨྲས་པ། ཡང་འཇམ་དཔལ་དོན་དམ་པའི་བར་གྱི་མཉམ་པ་ཉིད་གང་གིས་རྣམ་པར་བྱང་བ་མཉམ་པ་ཉིད་ཡིན་པ་ཆོས་ཐམས་ཅད་དེ་དང་མཉམ་པ་ཡིན་ནམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ཆོས་ཐམས་ཅད་ནི་མ་སྐྱེས་པའི་མཉམ་པ་ཉིད་དང༌། དོན་དམ་པར་ཆོས་ཐམས་ཅད་ནི་ཤིན་ཏུ་མ་བྱུང་བའི་མཉམ་པ་ཉིད་དང༌། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པའི་མཉམ་པ་ཉིད་ཡིན་ནོ་ཞེས་རྒྱ་ཆེར་གསུངས་པ་དང༌། སངས་རྒྱས་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་ལས་ཀྱང༌། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་སློ་ཅན་མཚར་མར་འཛིན་པ་རྣམས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་གསུང་པ་དང༌། བཅོམ་ལྡན་འདས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང༌། རབ་འབྱོར་གཟུགས་ནི་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ་ཞེས་བྱ་བ་ནས་རྣམ་པར་ཤེས་པའི་པར་དུ་ཉེ་བར་བཟུང་སྟེ་སྟོང་པའི་མཚན་ཉིད་ཅན་དུ་གསུངས་པ་དང༌། དཀོན་མཆོག་གི་ཟ་མ་ཏོག་ལས་ཀྱང༌། འཇམ་དཔལ་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་ཆོས་མ་ཡིན་པ་ཡིན་ནམ། སྨྲས་པ། བཙུན་པ་རབ་འབྱོར་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ཡང་དག་བར་བྱུང་བ་ནི་འགའ་ཡང་མེད་དེ། གང་འབྱུང་བ་དེ་ནི་ཆོས་རྣམས་ཀྱི་ཆོས་ཉིད་དོ་ཞེས་བརྗོད་པར་མི་བྱའོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་འདི་ལྟར་


DTG078_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་ནི་ཆོས་མ་ཡིན་པའོ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་འདི་དག་ཐམས་ཅད་ཡོངས་སུ་བརྟགས་པའི་ངོ་བོ་ཉིད་ལ་དགོངས་ནས་གསུངས་སོ་ཞེས་གང་བཤད་པ་དེ་ཡང་བདེན་པ་ཉིད་ཡིན་ནོ། །ཡོངས་སུ་བརྟགས་པའི་ངོ་བོ་ཉིད་དུ་བརྗོད་པ་ནི་ཚད་མ་དང་འགལ་བ་ཡིན་ཡང་བྱིས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་དུ་ཉེ་བར་བཟུང་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་སྐྱེ་བ་ལ་སོགས་པ་ཉིད་ཡོངས་སུ་བརྟགས་པ་ཡིན་པས་ཚང་མ་དང་འགལ་ཏེ་དེས་ན་མ་སྐྱེས་པ་དེ་ཉིད་དེ་ཁོ་ན་ཡིན་པར་གྲུབ་པ་ཡིན་ནོ། །འདི་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཡང་དག་པར་སྡུད་པ་ལས་གསལ་བ་ཁོ་ནར་གསུངས་པ་ཡིན་ཏེ། རིགས་ཀྱི་བུ་སྐྱེ་བ་དང་འགག་པ་ལ་མངོན་པར་ཞེན་པ་ལ་འཇིག་རྟེན་པ་རྣམས་ཞུགས་པ་ཡིན་ཏེ། དེ་ལ་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོས་འཇིག་རྟེན་གྱིས་སྐྲག་པའི་གནས་སྤང་བར་བྱ་བའི་ཕྱིར་སྐྱེ་བ་དང་འགག་པར་འགྱུར་རོ་ཞེས་ཐ་སྙད་དུ་གསུངས་པ་ཡིན་གྱི་འདི་ལ་ཆོས་འགའ་ཡང་སྐྱེ་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་སྐྱེ་བ་མེད་པ་དང༌། སྟོང་པ་ཉིད་ལ་སོགས་པའི་ཚིག་གིས་བསྟན་པ་གཉིས་སུ་མེད་པ་ཉིད་དེ་ཁོ་ན་ཉིད་ཡིན་ནོ་ཞེས་བྱ་བར་གནས་སོ། །གང་ཡང་འདུལ་བ་ལ་སྩོགས་པར་གཉིས་སུ་མེད་པ་འདི་ཅིའི་ཕྱིར་མ་བསྟན་ཞེས་སྨྲ་ན། དེར་ནི་བརྩོན་འགྲུས་ཆུང་བའི་ཕྱིར། །ཞེས་བཤད་པ་ཉིད་ཀྱི་ཕྱིར་ཏེ། དེ་ཡང་རང་གི་དོན་ཙམ་ལ་མངོན་པར་བརྩོན་ཞིང་བདེན་པ་བསྟན་པ་ཉིད་ཀྱི་དོན་བྱེད་ལ། ཆོས་ཐམས་ཅད་བདག་མེད་པའི་ཏིང་ངེ་འཛིན་ལ་ནི་གཡང་ས་དང་འདྲ་བར་ལྟ་བས་གཉིས་སུ་མེད་པ་མ་བསྟན་པ་ཡིན་ཏེ། སྟོན་པ་པོ་རྣམས་ནི་ཐམས་ཅད་ལ་ཐམས་ཅད་སྟོན་པར་མི་མཛད་དེ། ཉེ་བར་སྟོན་པ་དེ་ནི་དགོས་པའི་དབང་དུ་མཛད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཟབ་པ་དང་རྒྱ་ཆེ་བའི་བསམ་པ་ཅན་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་དགོས་པ་མ་ཡིན་པས་ན། འཕགས་པའི་བདེན་པ་བཞི་སྟོན་པར་མཛད་པ་ཡང་དགོས་པ་ཡིན་ནོ། །གལ་ཏེ་འདི་སྐད་ཅེས་སྡུག་བསྔལ་ལ་སྩོགས་པ་ཉིད་དེ་ཁོ་ན་ཉིད་ཡིན་ལ། དེ་མཐོང་བ་ཡང་བརྟུལ་ཞུགས་དང་སྦྱངས་བའི་ཡོན་ཏན་ལ་སྩོགས་པས་འཐོབ་པར་འགྱུར་བ་ཡིན་པས་སྟོབས་


DTG078_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པའི་འབད་པས་བསྒྲུབ་པར་བྱ་བ་ཡིན་ལ། གཉིས་སུ་མེད་པའི་ཡེ་ཤེས་འདི་ཡང་དེ་ཁོ་ན་ཉིད་མ་ཡིན་དུ་ཟིན་ཀྱང་དེ་ཁོ་ན་ཉིད་དུ་བསྟན་པ་ནི་དེ་ཁོ་ན་ཉིད་ལ་འཇུག་པའི་ཕྱིར་ཡིན་པས། སེམས་ཅན་ཐམས་ཅད་ཇི་ལྟར་འདོད་པར་བསྒོམ་པར་བྱའོ་ཞེས་ཅིའི་ཕྱིར་མི་འཆད་དེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཕྱོགས་སུ་ལྷུང་བས་ཅི་ཞིག་བྱ་ཞེས་ཟེར་ན་འདིར་བརྗོད་པར་བྱ་སྟེ། སྟོང་པ་ཉིད་ཀྱིས་ཐེག་ཆེན་དུ། །དེ་སྐད་གསུངས་པས་དེ་དེ་བཞིན། །ཤེས་ཀྱི་དེ་དང་མི་མཐུན་པ། །ཐུབ་གསུང་མེད་པར་ཇི་ལྟར་ནུས། །འདིར་ནི་རང་གི་རྟོག་པས་སྨྲས་པ་མ་ཡིན་ཏེ། གཞན་དུ་ན་སྟོན་པ་ཉིད་ཀྱིས་ལང་ཀར་གཤེགས་པའི་མདོ་ལས། ཏིང་འཛིན་དྲེགས་པས་མྱོས་ནས་ནི། །ཟག་པ་མེད་པའི་དབྱིངས་ན་འཁོད། །ཅེས་གསུངས་པ་དང༌། ཡང་དེ་ཉིད་ལས་བློ་གྲོས་ཆེན་པོ་འདི་ནི་ཉན་ཐོས་ཀྱི་ཐེག་པའི་མངོན་པར་རྟོགས་པའི་རིགས་ཀྱི་མྱ་ངན་ལས་འདས་པ་མ་ཡིན་པ་ལ་མྱ་ངན་ལས་འདས་པའི་བློ་ཅན་ཏེ། བློ་གྲོས་ཆེན་པོ་འདི་ལ་ལྟ་བ་ངན་པ་ལས་ལྡོག་པར་བྱ་བའི་ཕྱིར་རྣལ་འབྱོར་དུ་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ཉིད་ཀྱིས་ན་ལམ་གཞན་གྱིས་ཐར་བར་འགྱུར་བ་མེད་བས་བཅོམ་ལྡན་འདས་ཀྱིས་ཐེག་པ་གཅིག་ཉིད་དུ་གསུངས་པ་ཡིན་ནོ། །དེ་དང་དེར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཉན་ཐོས་དང་ལྷན་ཅིག་གནས་པ་དང༌། ཀུན་དུ་སྨྲ་བའི་བསླབ་པ་ལ་སོགས་པ་དགག་པ་བསྟན་པ་ཡིན་ལ། བདག་ཅག་རྣམས་ཀྱང་དེ་ལྟར་འཇུག་པ་ཡིན་ནོ། །འདི་ལྟར་གསུང་རབ་གང་ལས་ཀྱང་གཉིས་སུ་མེད་པའི་ཡེ་ཤེས་ཉིད་བདེན་པའི་ཡེ་ཤེས་ཐོབ་པའི་ཐབས་ཡིན་པར་མ་བསྟན་ན་ཇི་ལྟར་ན་ཕྱིན་ཅི་ལོག་ཏུ་འཇུག་པར་བྱ། སྔོན་གྱི་མཁས་པ་རྣམས་ཀྱིས་ཀྱང་གཅིག་དུ་མ་ཉིད་དུ་མི་འཐད་པས། དངོས་པོ་མེད་པ་ཡིན་པར་རིགས་པའི་སྟོབས་ཉིད་ཀྱིས་བསྟན་ལ། བཅོམ་ལྡན་འདས་ཀྱིས་ཀྱང་ལང་ཀར་གཤེགས་པ་ལས། ཇི་ལྟར་མེ་ལོང་དག་ལ་གཟུགས། །གཅིག་དང་དུ་མ་རྣམ་སྤངས་པར། །སྣང་ཡང་དེ་ན་ཡོད་མ་ཡིན། །དེ་བཞིན་དངོས་པོའི་དངོས་ཉིད་དོ། །ཞེས་གསུངས་པ་དང༌། ཡང༌། བློ་ཡིས་རྣམ་པར་བརྟགས་ན་ནི། །ངོ་བོ་ཉིད་ནི་དམིགས་སུ་མེད། །དེ་ཕྱིར་དེ་དག་བརྗོད་མེད་དང༌། །དངོས་


DTG078_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མེད་པར་བསྟན་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །ལུང་དང་རིགས་པས་གང་གྲུབ་པ། །དེ་སྤངས་ལུང་མེད་དེ་ཉིད་གཞན། །ཚད་མ་མེད་པར་མཁས་པ་དག །ཁས་འཆེས་པར་ནི་ཇི་ལྟར་བྱེད། །ཇི་ལྟར་གཉིས་སུ་མེད་པ་ཉིད་ལ་སྐྱེ་བ་མེད་པ་དང༌། དངོས་པོ་མེད་པ་སྟོང་པ་ཉིད་ལ་སོགས་པའི་ཚིག་གིས་བཤད་ཀྱི་གཅིག་དང་དུ་མ་ལ་སོགས་པས་དེ་མི་འཇལ་ལོ། །དེ་ལྟར་དོན་དམ་པ་ནི་སྒྲོན་མ་ཉིད་དུ་ངེས་པར་བཤད་པས་ན་དེ་ཉིད་ངེས་པར་གཟུང་བར་བྱའོ། །དེ་བས་ན་འདི་ལྟར་གཉིས་སུ་མེད་པ་ཉིད་གཅིག་པུ་དེ་ཁོ་ན་ཉིད་ཡིན་ནོ་ཞེས་བྱ་བར་གནས་སོ། །ཡང་བརྟུལ་ཞུགས་དང་སྦྱངས་པའི་ཡོན་ཏན་ལ་སོགས་པས་ཐོབ་པའི་བདེན་པའི་ཡེ་ཤེས་དང༌། གཉིས་སུ་མེད་པའི་ཡེ་ཤེས་ཀྱང་སེམས་ཅན་ཐམས་ཅད་ཀྱིས་ཇི་ལྟར་འདོད་པར་བསྒོམ་པར་བྱའོ་ཞེས་གང་སྨྲས་པ་དེ་ནི་ཐེག་པ་ཆེན་པོ་ལ་སྨོད་པའི་ཚིག་ཡིན་པས་མི་ཤེས་པ་འབའ་ཞིག་གསལ་བར་སྟོན་པ་ཡིན་གྱི། རང་གི་གཞུང་འཛུགས་པར་ནུས་པ་ནི་མ་ཡིན་ཏེ་གང་དུ་གདུང་བ་ཉེ་བར་བསྟན་པ་དེ་ཉིད་དུ་ཕྱིན་ཅི་མ་ལོག་པ་ཉིད་མ་ཡིན་ཏེ། ཕྱི་རོལ་པ་རྣམས་ལ་ཡང་མེ་ལྔ་བསྟེན་པ་ལ་སོགས་པའི་དཀའ་ཐུབ་ཆེས་ལྷག་པ་ཡོད་མོད་ཀྱིས་དེ་ལ་ནི་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ཀྱི་གཏམ་ཙམ་ཡང་མེད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེའི་རིགས་ཅན་རྣམས་ལ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པའི་ཐབས་སུ་དེ་ལ་བརྟུལ་ཞུགས་ལ་སོགས་པ་སྟོན་པར་མཛད་དེ། མཁས་པ་ཚུལ་ཁྲིམས་ལ་གནས་ཏེ། །སེམས་དང་ཤེས་རབ་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་འདོད་ཆགས་དང་བྲལ་བ་གོ་འཕང་མཆོག་ཐོབ་པའི་སྒོ་མ་ཡིན་ཏེ། ཐུགས་རྗེ་ཆེན་པོ་དང་ལྡན་པ་ཡིན་པའི་ཕྱིར་རོ། །འདི་ནི་དེ་རྣམས་ཀྱི་འགྲོ་བ་ལ་རང་བཞིན་གྱིས་བརྩེ་བ་ཡིན་ཏེ། གང་སྲོག་ཆགས་གཅིག་ཅིག་སྡུག་བསྔལ་བར་མཐོང་ན་ཡང་ཅི་ན་ཡང་མི་འདོར་བར་སེམས་པ་མ་ཡིན་པས། ཡུལ་གཅིག་ལ་ཆགས་པའང་འཁོར་བར་གནས་པའི་རྒྱུ་ཡིན་ལ། འགྲོ་བ་མ་ལུས་པ་ཡུལ་དུ་གྱུར་པ་དེ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་ཇི་ལྟར་འགྱུར། དེ་ཡང༌། གང་ཞིག་སྲོག་དང་བུ་དང་དེ་བཞིན་ས་དང་ཆུ་ང་མ་ནོར་། །


DTG078_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཕོངས་པ་རྣམས་ཀྱི་དོན་དུ་རྩྭ་བཞིན་ལེགས་པར་གཏོང་བྱེད་ཅིང༌། །ས་གསུམ་གདོན་པར་བྱ་ཕྱིར་གོ་བགོས་སེམས་ཅན་དམ་པ་ནི། །དེ་ལས་ལྷག་པའི་ཆགས་ལ་བརྟེན་པ་ས་སྟེང་གཞན་སུ་ཡོད། །ཅེས་བཤད་པ་ཡིན་ནོ། །དེ་བས་ན་སྲིད་པ་གསུམ་གྱི་དགོས་པའི་ཐབས་ལ་གཞོལ་བ་རྣམས་ནི་རང་གི་དོན་ཙམ་དོན་དུ་གཉེར་བ་མ་ཡིན་པས་ན། དེ་ལ་བཅོམ་ལྡན་འདས་ཀྱིས་འདོད་ཆགས་དང་བྲལ་བའི་ལམ་རྗེས་སུ་གནང་བ་མ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་ནི་བག་ཆགས་དང་བཅས་པའི་ཉེས་པ་མ་ལུས་པ་དང་བྲལ་ཞིང་རྣམ་པར་དག་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཕུན་སུམ་ཚོགས་པ་མཐའ་ཡས་པའི་གནས་དེ་བྱང་ཆུབ་སེམས་དཔའ་འདིས་ཇི་ལྟར་ཐོབ་པར་འགྱུར། འདོད་ཆགས་ལ་སོགས་པ་ནི་ཁ་ན་མ་ཐོ་བ་མེད་པའི་ཡོན་ཏན་གྱི་གནས་མ་ཡིན་པའི་ཕྱིར་རོ་ཞེ་ན། དེ་བརྗོད་པར་བྱ་སྟེ། ཇི་ལྟར་དེ་ཡི་ཁམས་གསུམ་པར། །ཆགས་པ་ལམ་ཤེས་ཉིད་ཡིན་ལྟར། །དེ་བཞིན་དེ་ཡང་བློ་ལྡན་གྱིས། །གོ་འཕང་མཆོག་ཐོབ་ཐབས་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཐ་མལ་པའི་བརྟུལ་ཞུགས་དང༌། སྦྱངས་པའི་ཡོན་ཏན་ལ་སོགས་པ་ཡིད་ལ་བྱེད་པའི་བསམ་པས་མི་འཇུག་གི་དེའི་ཡིད་ལ་མངོན་པར་འདོད་པའི་བརྟུལ་ཞུགས་ཀྱི་མཆོག་ནི་གཅིག་ཁོ་ན་ཡིན་ཏེ། འདི་ལྟ་སྟེ་སྙིང་རྗེ་ཆེན་པོའོ། །བརྟུལ་ཞུགས་ཆེན་པོ་དེ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་བྱ་བ་རྣམས་ལ་ངེས་པ་ཡོད་པ་མ་ཡིན་ཏེ། ཇི་ལྟ་ཇི་ལྟར་དེའི་གཞན་གྱི་དོན་གྱི་ཚོགས་ཕུན་སུམ་ཚོགས་པར་འགྱུར་བ་དེ་ལྟ་དེ་ལྟར་བྱ་བ་རྣམས་ལ་འཇུག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཀུན་དུ་ཆགས་པས་ངན་འགྲོད་འགྲོ་བའི་བུད་མེད་བཏང་སྙོམས་སུ་གཞག་སྟེ། སོ་སོར་ཐར་པའི་སྡོམ་པ་ལ་སོགས་པ་ལ་ལྟོས་པར་མི་བྱེད་ཀྱི་བླ་ན་མེད་པའི་གོ་འཕང་ཐོབ་པའི་སྤྱོད་པ་གང་ཡིན་པ་འདི་ཉིད་དེ་རྣམས་ཀྱི་ཚངས་པར་སྤྱོད་པ་ཡིན་ནོ། །དེ་བས་ན་དེ་རྣམས་ནི་ཕྱིན་ཅི་མ་ལོག་པའི་ལམ་སྟོན་ཅིང་སྨད་པའི་བྱ་བ་བ་ལང་ཁྱིའི་བརྟུལ་ཞུགས་ལ་སོགས་པ་ལ་ཡང་འཇུག་པ་ཡིན་ཞིང་ངན་འགྲོ་ཐམས་ཅད་དུ་ཡང་དང་བའི་རྒྱལ་པོ་མཚོ་ནང་དུ་འཇུག་པ་བཞིན་དུ་


DTG078_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་ཡིན་ནོ། །མང་དུབ་ཤད་པས་ཅི་ཞིག་བྱ་སྟེ། དེ་ཇི་ལྟ་ཇི་ལྟར་སེམས་ཅན་མ་ལུས་པ་ཡོངས་སུ་སྐྱོབ་པའི་ཐབས་སུ་གྱུར་པའི་སྙིང་རྗེ་ཆེན་པོའི་བརྟུལ་ཞུགས་ལ་སྤྱོད་ཅིང༌། གང་གིས་རིམ་གྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དྲི་མ་མེད་པ་མ་ལུས་པར་བྱས་ཏེ། འགྲོ་བ་མ་ལུས་པའི་དགོས་པ་ཅིག་ཅར་བྱེད་པར་ནུས་པའི་ཀུན་དུ་བཟང་པོ་ཉིད་ཀྱི་བདེ་བར་གཤེགས་པའི་གོ་འཕང་བླ་ན་མེད་པར་ཡང་གཞན་གྱིས་དགོས་པ་བྱེད་པ་ཉིད་ཀྱི་ཕྱིར་འགྲོ་བར་འགྱུར་གྱི་དེ་རྣམས་སངས་རྒྱས་སུ་གྱུར་ནས་ཀྱང་རང་གི་དགོས་པ་བྱ་བར་དགོངས་པ་སྔོན་དུ་འགྲོ་བས་འཇུག་པ་མ་ཡིན་ནོ། །འདིར་དཔེ་བསྟན་པ་ནི་ཇི་ལྟར་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་འདོད་ཆགས་ལ་རྒྱབ་ཀྱིས་ཕྱོགས་པར་མི་སྟོན་པ་དང༌། རྗེ་བཙུན་རིན་ཆེན་སྒྲོན་མ་ལས། བྱང་ཆུབ་སེམས་དཔའ་རྣམས་ནི་ཇི་ལྟར་ཡང་ངེས་པ་ལ་མི་འཇུག་སྟེ། འདི་ནི་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་ཤེས་པ་ཡིན་ཏེ། གང་འདོད་ཆགས་ལ་སོགས་པ་ལ་རྒྱབ་ཀྱིས་ཕྱོགས་པར་ཡང་འདོད་པར་མི་བྱེད་པར་བླ་ན་མེད་པའི་གོ་འཕང་བསྒྲུབ་བོ་ཞེས་གསུངས་པས། འདོད་ཆགས་ལ་སོགས་པ་ཉིད་མངོན་པར་བྱང་ཆུབ་པའི་དགོས་པའི་རྐྱེན་དུ་གྱུར་པ་ཡིན་ནོ། །ཉོན་མོངས་པ་སྤངས་པ་རྣམས་ཇི་ལྟར་ན་མངོན་པར་བྱང་ཆུབ་པར་འགྱུར་ཞེས་རྟོག་ན། ཉོན་མོངས་པ་དེ་གང་ཡིན། ཅི་ཞིག་སྤང་བར་བྱ་བ་དེ་མ་མཐོང་སྟེ། ཉོན་མོངས་པ་རྣམས་སམ། དེ་སྤང་བ་དེ་ཁོ་ན་ཉིད་མ་ཡིན་པ་མེད་དེ། ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པའི་ཕྱིར་རོ། །རིམ་པ་འདིས་ཅི་མ་ལུས་པའི་ཕུན་སུམ་ཚོགས་པའི་གནས་ཐོབ་པར་འགྱུར་རམ། མི་འགྱུར་བ་ཞེས་དཔྱད་པར་བྱ་སྟེ། གཞན་དུ་ན་གལ་ཏེ་འདོད་ཆགས་མ་སྤངས་པར་གྱུར་ཀྱང༌། ཀུན་དུ་བཟང་པོ་གང་ཡིན་པ་འདིར་འགྱུར་ན་དེ་སྤངས་པས་ཅི་ཞིག་བྱ། ཡང་འདིར་ཁྱེད་ལ་འདོད་ཆགས་སྤང་བ་བསྟན་དུ་ཟིན་ཀྱང་ཅིའི་ཕྱིར་རྟོགས་པར་མ་གྱུར། དེ་ཡང་འདིར་བདག་ཏུ་མངོན་པར་ཞེན་པ་སྔོན་དུ་འགྲོ་བས་རང་དང་གཞན་དུ་རྣམ་པར་ཕྱེ་བའི་ཡུལ་རྣམས་ལ་ཀུན་དུ་ཞེན་པ་ལ་སོགས་པ་ནི་འདོད་ཆགས་ལ་སོགས་པ་རྣམས་ཡིན་ལ། གང་


DTG078_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བདག་ཏུ་འཛིན་པ་རྩ་བ་ནས་བཏོན་པ་རྣམས་ལ་ནི་བདག་དང་གཞན་གྱི་རྣམ་པར་དབྱེ་བ་ཡོད་པ་མ་ཡིན་ཏེ། དེ་རྣམས་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མཉམ་པ་ཉིད་ཀྱིས་བསམ་པས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་དུ་འཇིག་རྟེན་ན་རྣམ་པར་གནས་ཏེ། འདོད་པར་བྱ་བ་དང་མི་མཐུན་པའི་ཡུལ་དུ་སྒྲོ་འདོགས་པ་མེད་པ་ཡིན་ན་ཅིའི་ཕྱིར་ཕྱིན་ཅི་ལོག་ལས་བྱུང་བའི་འདོད་ཆགས་ལ་སོགས་པ་འབྱུང་བར་འགྱུར། ཡང་སྨྲས་པ། གང་ཞིག་ཉེས་པ་མ་ལུས་སྐྱེད་བྱེད་འཇིག་ཚོགས་ལྟ་བའི་བུད་ཤིང་ངེས་སྲེག་ཅིང༌། །བདག་གཞན་རབ་དབྱེའི་ཡུལ་རྣམས་རྩ་ནས་འབྱིན་པ་དེ་ནི་ཉེས་པ་བསྐྱེད་མ་ཡིན། །ཉེས་མེད་ཟིན་ཀྱང་རིག་ལྟར་སྙིང་རྗེས་སྒྱུ་མའི་སྐྱེས་བུ་ལྟ་བུར་ལས་རྣམས་ལ། །བློ་བཟང་སྔོན་གྱི་སྨོན་ལམ་ཉིད་ཀྱིས་འཁོར་ལོ་འཁོར་བའི་ཤུགས་བཞིན་སྦྱོར་བར་འགྱུར། །གལ་ཏེ་དེ་ལྟ་ན་ནི་སྨོན་ལམ་དང་སྙིང་རྗེའི་ཤུགས་ཟད་ནས། ཕུན་སུམ་ཚོགས་པ་མཐའ་ཡས་པའི་ཀུན་དུ་བཟང་པོ་ཉིད་ཟད་པས། ཤིན་རུ་རྣམ་པར་དག་པ་མ་ཡིན་པར་འཁོར་ལོའི་དཔེ་ཉིད་ཀྱིས་འགྱུར་ཏེ། དཔེར་ན་རྫ་མཁན་གྱིས་འདུས་བྱས་པའི་འཕེན་པའི་ཤུགས་ཟད་པ་དང༌། འཁོར་ལོ་འཁོར་བ་སྡོད་པར་འགྱུར་ཏེ། འདི་ཡང་དེ་དང་འདྲ་བར་འགྱུར་རོ་ཞེ་ན། ཅི་དཔེའི་ཆོས་ཐམས་ཅད་ནི་དཔེ་བསྟན་པའི་རྗེས་སུ་འགྲོ་བ་མ་ཡིན་ཏེ། ཆོས་འགའ་ཞིག་གིས་དཔེ་དང་དཔེས་བསྟན་པ་མཉམ་གྱི་ཐམས་ཅད་ཀྱི་བདག་ཉིད་ཀྱིས་ནི་མ་ཡིན་ནོ། དེ་ཡང་སྡེར་མོ་དང་མཆེ་བ་ལ་སོགས་པ་སེང་གེའི་ཡན་ལག་མ་ལུས་པ་དང་ལྡན་པས་སྐྱེས་བུ་སེང་གེ་ཞེས་སྨྲ་བ་མ་ཡིན་གྱི་འོན་ཀྱང་དཔའ་བ་ལ་སོགས་པ་འགའ་ཞིག་ལས་དེ་སྐད་ཅེས་བཏགས་པ་ཡིན་ནོ། །འདིར་ཡང་ཇི་ལྟར་རྫ་མཁན་གྱི་འབད་པ་མེད་པར་ཡང་འཁོར་ལོ་འཁོར་བ་དེ་བཞིན་དུ་དམིགས་པ་མེད་པའི་གནས་སྐབས་སུ་ཡང་སྙིང་རྗེས་དམིགས་པ་དང་བཅས་པའི་བྱ་བའི་དོན་རྫོགས་པར་འགྱུར་བས་ན། དཔེ་དེ་ཙམ་གྱི་སྒོ་ནས་བསྟན་པ་ཡིན་ནོ། །དེ་ཡང༌། དེ་ཡི་བྱིན་རླབས་ཙམ་གྱིས་ནི། །སྐྱེས་བུ་ཡིད་བཞིན་ནོར་བུ་ལྟར། །རྩིག་སོགས་ལས་ཀྱང་ཆོས་སྟོན་པ། །ཅི་འདོད་པར་ནི་འབྱུང་བར་འགྱུར། །ཞེས་གང་བཤད་པའོ། །ཡང་ཀུན་དུ་བཟང་པོ་ཉིད་ཇི་ལྟར་ན་བརྟག་པ་ཡིན་པའི་ཕྱིར་རྒྱུའི་ཁྱད་


DTG078_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདིར་བརྗོད་དགོས་སོ་ཞེ་ན། དེ་བཤད་པར་བྱ་སྟེ། བེམས་པོ་བེམས་པོ་མིན་བརྟེན་པས། །འདུས་བྱས་ཁྱད་པར་ཉིད་ཡོད་དེ། །ཕྱིན་ལོག་ཕྱིན་ཅི་མ་ལོག་པའི། །ཡུལ་དུ་གྱུར་ཕྱིར་ཟད་པ་ཟད། །ལུས་ཀྱི་གར་ལ་སོགས་པར་མངོན་པར་འདུས་བྱས་པ་ནི་བསླབ་པ་རྒྱུན་ཆད་པས་ཡུན་རིང་པོར་རྗེས་སུ་འབྲེང་བར་མ་མཐོང་གི་ཡིད་ནི་དེའི་དོན་གོང་དུ་ཆུད་པའི་ཡུལ་ལ་དུས་ལྷག་པར་རྗེས་སུ་འབྲང་བ་ཡིན་ཏེ། དེ་བས་ན་བེམས་པོ་དང་བེམས་པོ་མ་ཡིན་པ་ལ་བརྟེན་པས་འདུས་བྱས་པ་ལ་ཁྱད་པར་ཡོད་དོ། །འདུས་བྱས་པ་ལ་ཁྱད་པར་མེད་པ་མ་ཡིན་མོད་ཀྱི། འོན་ཀྱང་བེམས་པོ་མ་ཡིན་པ་ལ་བརྟེན་པའི་འདུ་བྱེད་ཀྱང་ཤིན་ཏུ་གནས་པ་མ་ཡིན་ཏེ། ཤན་ཏུ་རྒྱུན་མི་འཆད་པར་ནི་སྤང་བར་བྱའོ་ཞེ་ན། ཕྱིན་ཅི་མ་ལོག་པའི་ཡུལ་ཡིན་པའི་ཕྱིར་དེ་སྤང་བར་བྱ་བ་མ་ཡིན་ཏེ། དེ་ཡང་ཅི་སྲིད་ཕྱིན་ཅི་མ་ལོག་པར་མ་རྟོགས་པ་དེ་སྲིད་ཀྱི་པར་དུ་སྦྲུལ་གྱི་བློ་སྐྱེའི་དེ་དང་བྲལ་ནས་ནི། ཐེག་པ་ཡང་དག་པའི་ཡུལ་མངོན་པར་འདུས་བྱས་པ་གནས་ཀྱི་སླར་ཡང་ཕྱིན་ཅི་ལོག་ལ་འཇུག་པར་ནི་མི་འགྱུར་རོ། །བརྗེད་པ་ཉིད་ལས་འགྱུར་རོ་ཞེ་ན། བརྗེད་པ་ཉིད་རེ་ཞིག་ཇི་ལྟ་བུ་ཡིན། གོམས་པའི་རྒྱུན་ཆད་པ་ཡིན་ནོ་ཞེ་ན། དེ་ནི་རིགས་པར་སྨྲས་པ་ཡིན་ཏེ། གོམས་པའི་རྒྱུན་ཆད་པ་ལས་བརྗེད་པ་ཡིན་ལ། བརྗེད་པ་ལས་ནི་ཕྱིན་ཅི་ལོག་ལ་འཇུག་པར་འགྱུར་རོ། །སེམས་དཔའ་ཆེན་པོ་གང་ཡིན་པའི་སྨོན་པའི་སེམས་ནས་དེ་ཁོ་ན་ཉིད་ལ་རབ་ཏུ་གནས་པས། སེམས་ཅན་མ་ལུས་པ་ལ་དམིགས་པའི་སྙིང་རྗེ་ཆེན་པོ་ལ་གོམས་པ་ནི་རྒྱུན་རྣམ་པར་ཆད་པ་མེད་པས། དེས་བརྗེད་པ་དང་ཕྱིན་ཅི་ལོག་པ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་མཆོག་ཏུ་གྱུར་པའི་དེ་ཁོ་ན་ཉིད་ཀྱི་རྗེས་སུ་འགྲོ་བའི་གཞན་གྱི་དོན་བྱེད་པའི་བག་ཆགས་རྒྱུན་མི་འཆད་པར་གྲུབ་པ་ཡིན་པས། དོན་ཐམས་ཅད་ཕུན་སུམ་ཚོགས་པ་ཐམས་ཅད་མཁྱེན་པ་ཉིད་དུ་རིག་པ་ཁོ་ན་ཡིན་ནོ། །ཤིན་ཏུ་སྤོས་པས་ཆོག་གོ །དེ་བས་ན་འདི་ནི་ངོ་མཚར་དུ་གྱུར་པ་ཡིན་ཏེ། སེམས་ཅན་རྣམས་ཀྱི་སྤྱོད་ལམ་ཤེས་པས་ཡོངས་སུ་དག་ནས་གང་སེམས་ཅན་མ་ལུས་པའི་འཁོར་བ་ལ་ཀུན་དུ་ཆགས་པའི་སེམས་ལས་ཀྱང་རྒལ་ཏེ།


DTG078_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་རྒྱ་མཚོ་ལས་འགྲོ་བ་སྒྲོལ་བར་བྱེད་པ་ནི་ཐབས་ལ་མཁས་པ་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །དྲིས་པ། ཆངས་པའི་ལྟ་བ་ལ་ཡང་གཉིས་སུ་མེད་པ་འདི་འཆད་ལ། ཚངས་པའི་དེ་ཁོ་ན་ཉིད་དང༌། ཡང་དག་པར་རིག་པའི་དེ་ཁོ་ན་ཉིད་ཅེས་བྱ་བར་མིང་ཙམ་གྱིས་ཁྱད་པར་དུ་ཕྱེ་བ་ནི་རིགས་པ་ཡིན་ཏེ། གཉིས་སུ་མེད་པར་ཁས་འཆེས་པར་མཉམ་པའི་ཕྱིར་རོ། །དེ་བས་ན་མུ་སྟེགས་པའི་ལྟ་བ་ཉིད་དང་འདིའི་དོན་རྟོགས་པ་གཅིག་པ་ཉིད་ཡིན་པའི་ཕྱིར་ཐེག་པ་ཆེན་པོའི་གཞུང་རྒྱས་པ་ནི་དོན་མེད་པ་མ་ཡིན་ནོ། །དེ་ནི་ཁྱེད་ལྟ་བུའི་བདག་ཉིད་དགྲ་བཅོམ་པ་རྣམས་ལ་ཁྱད་པར་མེད་པས་དོན་མེད་པ་ནི་བདེན་མོད་ཀྱི་ཉན་ཐོས་ཀྱི་ཐེག་པའམ། མུ་སྟེགས་ཀྱི་ཚུལ་ལས་ཐེག་པ་ཆེན་པོའི་ཁྱད་པར་གང་ཡིན་པ་དེ་བརྗོད་པར་བྱའོ། །སྨོན་ལམ་དང་ནི་འཇུག་པ་དང༌། །དེ་བཞིན་ཟབ་དང་རྒྱ་ཆེ་ཉིད། །མི་ལྡོག་འབྲས་བུ་ཐོབ་པས་ཀྱང༌། །ཐེག་པ་ཆེན་པོ་ཁྱད་པར་འཕགས། །སྨོན་ལམ་ལ་སོགས་པ་འདི་དག་ཀྱང་གོང་ནས་གོང་དུ་རྒྱུར་གྱུར་པས་བླ་ན་མེད་པའི་བདེ་བར་གཤེགས་པའི་གོ་འཕང་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི། ཐེག་པ་ཆེན་པོའི་དོན་ཡིན་ལ། དོན་འདི་ནི་གཞན་གང་དུ་ཡང་མ་ཐོས་ན་ཅིའི་ཕྱིར་ཐེག་པ་ཆེན་པོའི་གཞུང་རྒྱས་པ་ལ་དོན་མེད་པ་ཡིན། དེ་ལ་དང་པོ་དེའི་རིགས་དང་ལྡན་པ་རྣམས་ནི། སྨོན་ལམ་བླ་ན་མེད་པ་དེ་ལྟ་བུ་གང་ཡིན་པ་དེ་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པ་ལྟར་ལྷ་དང་ལྷ་མ་ཡིན་རྣམས་ཀྱིས་མཆོད་པ་དང༌། དང་པོ་སེམས་བསྐྱེད་པ་ཉིད་ན་བདག་ཉིད་ཆེན་པོ་དེ་རྣམས་མཐའ་ཡས་པ་ལ་བར་ཆད་མེད་པར་འཇུག་ཅིང༌། བདེ་བར་གཤེགས་པ་མ་ལུས་པའི་ཡོན་ཏན་གྱི་ས་བོན་དུ་གྱུར་པ་དེ་ལྟ་བུའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་བཞིན་དུ་ལྷའི་རྒྱལ་པོ་ལ་སོགས་པ་ཐམས་ཅད་ཀྱིས་མཆོད་པ་དང༌། བདེ་བར་གཤེགས་པ་རྣམས་ཀྱིས་ཀྱང་སྤྱན་རས་ཀྱིས་འཚོ་བ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱང་མངོན་པར་དགའ་བར་འགྱུར་བ་ཡིན་ཏེ། རྒྱ་ཆེར་བཤད་པ་ཅི་ཞིག་བྱ་སྟེ། བླ་ན་མེད་པ་ཐོབ་པའི་ཐབས་ལ་རབ་ཏུ་གནས་པ་ཉིད་ཀྱིས་སངས་རྒྱས་འབྱུང་བ་དང་འདྲ་བར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་འགྲོ་བ་རྣམས་དབུགས་འཕྱིན་པའི་རྒྱུ་ཡིན་ཏེ། དེ་ཇི་ལྟར་


DTG078_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གྱི་སྨོན་ལམ་ལས། འཁོར་བའི་ཐ་མ་མེད་པ་ཡི། །སྔོན་གྱི་ཐ་མ་ཇི་སྲིད་པ། །དེ་སྲིད་སེམས་ཅན་ཕན་དོན་དུ། །སྤྱོད་པ་དཔག་ཡས་སྤྱད་པར་བགྱི། །ཞེས་བྱ་བ་ལྟ་བུ་དང༌། རྗེ་བཙུན་རིན་ཆེན་སྒྲོན་མ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་གནས་སྐབས་སུ་འདི་དག་གསལ་བར་བསྟན་པ་དང༌། བཟང་པོ་སྤྱོད་པ་ལ་སོགས་པར་ཡང་བཤད་པ་ཡིན་ཏེ། འདི་དག་ནི་རེ་ཞིག་ཐག་པ་ཆེན་པོ་ལ་ཞུགས་པའི་བདག་ཉིད་ཆེན་པོ་རྣམས་ཀྱི་སྨོན་ལམ་གྱི་ཁྱད་པར་ཡིན་ནོ། །བདག་གི་ལུས་དང་ལོངས་སྤྱོད་དང༌། །དགེ་བ་དུས་གསུམ་སྐྱེས་པ་རྣམས། །སེམས་ཅན་ཀུན་ལ་བཏང་བ་དང༌། །དེ་བསྲུང་དག་པ་སྤེལ་བའོ། །ཞེས་བཤད་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇུག་པ་ཡང་འདི་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་བདག་ཉིད་ཀྱི་དངོས་པོ་རྣམས་སྦྱིན་པ་དང༌། བྱིན་ནས་ཀྱང་བསྲུང་བ་གང་ཡིན་པའོ། །ཇི་ལྟར་ན་བྱིན་པ་བསྲུང་བར་བྱ་ཞེ་ན། དེ་བརྗོད་པར་བྱ་སྟེ། སེམས་ཅན་མ་ལུས་པས་ཡོངས་སུ་ལོངས་སྤྱད་པའི་དོན་ཉིད་དུ་བདག་ཉིད་ཀྱི་དངོས་པོ་ཐམས་ཅད་བྱིན་ལ་དེ་ཡང་གང་གི་ཚེ་ཇི་ཞིག་ལྟར་བཏང་བས་སེམས་ཅན་ཐམས་ཅད་ཀྱིས་ཉེ་བར་ལོངས་སྤྱོད་པར་མི་འགྱུར་བས་བྲན་ལྟར་བདག་པོས་ཉེ་བར་ལོངས་སྤྱོད་པའི་དོན་དུ་བདག་ཉིད་ཀྱི་དངོས་པོ་རྣམས་སྲུང་པར་བྱེད་པ་ལ་ཉེས་པ་མེད་དོ། །དེ་ཡང༌། སེམས་ཅན་རྣམས་ཀྱི་ལོངས་སྤྱོད་ཕྱིར། །ལུས་ལ་སོགས་པ་སྦྱིན་པར་བྱ། །མ་བསྲུངས་ལོངས་སྤྱོད་ག་ལས་འོངས། །གང་མི་སྤྱོད་པ་ཅི་ཞིག་སྦྱིན། །དེ་བས་སེམས་ཅན་ལོངས་སྤྱོད་ཕྱིར། །ལུས་ལ་སོགས་པ་བསྲུང་བར་བྱ། །ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ་བསྲུང་བ་ཡང་བདག་པོ་ཉིད་ཀྱི་དོན་དུ་དག་པར་བྱ་སྟེ། ཚུལ་ཁྲིམས་ལ་སོགས་པ་རྣམ་པར་དག་པའི་བདག་ཉིད་ཀྱིས་དངོས་པོས་བདག་པོ་སེམས་ཅན་མ་ལུས་པའི་དོན་རྫོགས་པར་འགྱུར་བས་སྦྱང་བར་རིགས་པ་ཡིན་ནོ། །དག་པ་ཡང་བདག་པོའི་དོན་ཉིད་དུ་འཕེལ་བར་བྱའོ། །བྲན་ཡང་འཁོར་ལོས་སྒྱུར་བ་ལ་སོགས་པར་སྐྱེས་པར་གྱུར་པས། བདག་པོ་སེམས་ཅན་རྣམས་ཀྱིས་འདི་དང་ཕ་རོལ་གྱི་དོན་དེ་འགྲུབ་པ་ཡིན་པར་རིགས་པ་ཉིད་ཡིན་ནོ། །དེ་བཞིན་དུ་ལོངས་སྤྱོད་དང་དུས་


DTG078_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་གཏོགས་པའི་དགེ་བའི་རྩ་བ་རྣམས་ཀྱང་བཏང་བ་དང༌། བསྲུང་བ་དང༌། དག་པ་དང༌། འཕེལ་བ་རྣམས་ཤེས་པར་བྱ་སྟེ། དོན་འདི་ནི་བསླབ་བ་ཀུན་ལས་བཏུས་པར་གསལ་བར་བྱས་པས་འདིར་རྒྱ་ཆེར་མ་སྤྲོས་སོ། །འཇུག་པ་ཡང་ཐབས་ལ་མཁས་པ་འདི་དང་རྗེས་སུ་འབྲེལ་བ་ཡིན་ནོ། །སེམས་ཅན་ལ་དམིགས་སྙིང་རྗེ་གང༌། །འཇུག་ཚེ་ཆོས་ཉིད་ལ་གནས་པ། །དེ་ནི་དམིགས་མེད་ཉིད་ཐོབ་པས། །ཟབ་ཅིང་རྒྱ་ཆེ་ཉིད་དུ་འགྲོ་།བྱང་ཆུབ་སེམས་དཔའ་ཚངས་པའི་གནས་བཞི་ཡོངས་སུ་རྫོགས་པས་སྡུག་བསྔལ་གསུམ་གྱིས་ཟིན་པའི་སེམས་ཅན་གྱི་ཁམས་ལ་དམིགས་པ་ན་སེམས་ཅན་མ་ལུས་པ་ལ་དམིགས་པའི་སྙིང་རྗེ་ཆེན་པོ་སྟོབས་ཅན་འབྱུང་བར་འགྱུར་ལ། སྙིང་རྗེ་ཆེན་པོ་དེས་སེམས་ཅན་རྣམས་ལ་དམིགས་ནས་སྦྱིན་པ་ལ་སོགས་པ་ལ་འཇུག་པ་ནི་ཇི་སྲིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་ནི། སྦྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པར་མི་འགྱུར་རོ། །དེའི་གནས་སྐབས་སུ་ནི་སྦྱིན་བ་ཆེན་པོ་ལ་སོགས་པ་ཡོངས་སུ་དག་པའི་སྒོ་ནས་དེ་ཡང་མི་དམིགས་པའི་སྦྱོར་བས་ཡོངས་སུ་དག་པར་འགྱུར་བས་དེ་ནི་དེའི་ཆོས་ལ་དམིགས་པར་གྱུར་པའི་སྙིང་རྗེ་སྐྱེས་པར་གྱུར་པ་ཡིན་ནོ། །དེ་ལྟར་བསྐལ་པ་གྲངས་མེད་པ་གསུམ་དུ་ཆོས་ལ་དམིགས་པའི་སྙིང་རྗེ་གོམས་པར་བྱས་པ་ཡོངས་སུ་རྫོགས་པ་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་སྐྱེ་བར་འགྱུར་ཏེ། འདི་ནི་དེའི་ཟབ་པ་དང་རྒྱ་ཆེ་བ་ཡིན་པས་ཟབ་པ་དང་རྒྱ་ཆེ་བའི་ཁྱད་པར་རོ། །མཐའ་ཡས་པ་དང་འབར་བ་ཡི། །སྨོན་ལམ་སོགས་ཀྱིས་དེ་ཉིད་དུ། །རོ་གཅིག་ཆོས་དབྱིངས་ཉིད་ཐོབ་ནས། །སླར་ཡང་ལྡོག་པར་ཇི་ལྟར་འགྱུར། །མཐའ་ཡས་པའི་སེམས་ཅན་གྱི་ཁམས་གདོན་པའི་བསམ་པས་མཐའ་ཡས་པའི་སྨོན་ལམ་དང༌། བརྩོན་འགྲུས་འབར་བས་ཞུགས་པ་ནི། ཇི་ལྟར་གཞོན་ནུ་དོན་ཐམས་ཅད་གྲུབ་པས་རྒྱ་མཚོ་བསྐམ་པའི་ཕྱིར་ཞུགས་པ་དང་འདྲ་སྟེ། དེ་ནི་ཐམས་ཅད་ཟབ་ཅིང་རྒྱ་ཆེ་བའི་རྗེས་སུ་འགྲོ་བ་ཉིད་དུ་སྤྱོད་ལ། དེ་དག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བྱིན་གྱིས་བརླབས་པའི་མཐའ་ཡས་བའི་བརྩོན་འགྲུས་འབར་བ་དང༌། སྨོན་པ་དང་འཇུག་པ་ལ་སོགས་པས་རྣམ་པར་མི་རྟོག་པའི་ཆོས་ཀྱི་དབྱིངས་ཉིད་རྟོགས་ལ། ཕུན་


DTG078_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པ་མཐའ་ཡས་པ་ཐོབ་པ་དང་སྟོབས་མཐའ་ཡས་པ་དང་ལྡན་པའི་ཕྱིན་ཅི་མ་ལོག་པའི་རྒྱུའི་སྟོབས་ཀྱིས་ན་ལྡོག་པར་འོས་པ་མ་ཡིན་པས་ན་མི་རྟོག་པའི་རྒྱུའི་ཁྱད་པར་ཡིན་ནོ། །ཀུན་དགའ་མི་ཟད་སྣང་བ་དང༌། །སྣ་ཚོགས་རང་བཞིན་མི་རྟོག་པ། །སྙིང་རྗེ་ཆེན་པོའི་རོ་ཡིས་ཁྱབ། །ཆོས་དབྱིངས་བདག་ཉིད་ཅན་འབྲས་བུ། །གང་དེ་མཆོག་ཏུ་དགའ་བའི་ངོ་བོ་ཉིད་ཀྱི་སྣང་བ་ཅན། མི་ཟད་པ་སྣ་ཚོགས་པའི་བདག་ཉིད་ཅན་རྣམ་པར་མི་རྟོག་པའི་ཆོས་ཀྱི་དབྱིངས་ཀྱི་རང་གི་ངོ་བོ་ཉིད་དེ་ནི་སྨོན་ལམ་ལ་སོགས་པ་མ་ལུས་པའི་འབྲས་བུ་ཡིན་ནོ། །དེ་ལ་སྙིང་རྗེ་ཆེན་པོའི་ཤུགས་ཀྱི་དབང་གིས་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་འཇུག་ལ། གཞན་གྱི་བྱ་བ་མ་ལུས་པ་རྗེས་སུ་བསྒྲུབ་པའི་བདག་ཉིད་ཅན་མཐའ་ཡས་པའི་བྱང་ཆུབ་ཀྱི་རྩིས་ཁྱབ་པ་མི་ཟད་པའི་གསེར་གྱི་གཏེར་ལྟ་བུའོ། །གནས་འདི་ནི་ཐམས་ཅད་མཁྱེན་པ་ཐམས་ཅད་ཀྱི་བདག་ཉིད་ཅན་ཐམས་ཅད་ལ་ཕན་པར་མཛད་པའི་རྣམ་པར་མི་རྟོག་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ནི་ཇི་སྐད་དུ་བཤད་པའི་རྒྱུག་ཞན་ལས་འབྱུང་བར་ནི་མི་རིགས་ཀྱི་ཕྱིན་ཅི་མ་ལོག་པའི་ཐབས་ཀྱི་ཞིང་དམ་བ་ལ་གནས་པ་ནི། གཞན་གྱི་དགོས་པའི་དོན་དུ་སྨོན་ལམ་གྱི་ས་བོན་དང་རྗེས་སུ་མཐུན་པའི་འདུས་བྱས་པས་མི་ལྡོག་པའི་ཆོས་ཅན་འགྲོ་བ་ལ་ཕན་པར་བྱེད་པའི་གནས་བདེ་བར་གཤེགས་པའི་གོ་འཕང་དུ་འགྱུར་བ་ནི་རིགས་པ་ཉིད་ཡིན་ཏེ། འབྲས་བུ་ནི་རྒྱུ་དང་མཐུན་པ་ཡིན་པའི་ཕྱིར་རོ། །དེ་བས་ན་བླ་ན་མེད་པའི་གོ་འཕང་འཐོབ་པའི་རྒྱུ་སྨོན་ལམ་ལ་སོགས་པ་ནི་ཐེག་པ་ཆེན་པོ་ཉིད་དུ་སྟོན་ན་ཅིའི་ཕྱིར་ཐེག་པ་ཆེན་པོའི་གཞུང་རྒྱས་པ་དོན་མེད་པ་ཡིན། གང་ཡང༌། འདུ་ཤེས་མེད་པའི་སྦྱོར་བ་དང༌། །ས་བོན་མེད་པའི་ཏིང་ངེ་འཛིན། །ཞེས་བྱ་བ་ལ་སོགས་པའི་མིང་གིས་མུ་སྟེགས་པ་རྣམས་སྟོན་ལ། དེ་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཉིད་ལ་དེ་ལྟར་བཤད་དེ། དེ་ཉིད་ནི་སེམས་ཀྱི་འཇུག་པའི་འདུ་ཤེས་མ་ལུས་པ་ལས་ལྡོག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་བསམ་གཏན་བཞི་པའི་ས་ཅན་ཡིན་ལ། བསམ་གཏན་བཞི་པ་ཉིད་ལས་འབྲས་བུ་ཆེ་པའི་ཕྱོགས་གཅིག་ན་འདུ་ཤེས་མེད་པའི་སེམས་ཅན་དུ་སྐྱེ་ལ་འདུ་ཤེས་མེད་པ་ནི་དེའི་འབྲས་བུ་ཡིན་ནོ། །དེ་ཉིད་ཀྱང་ཤིན་ཏུ་རྨོངས་ཤིང་


DTG078_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་བཤེས་གཉེན་མ་བསྟེན་པས་མྱ་ངན་ལས་འདས་པའི་འདུ་ཤེས་ཀྱིས་སྙོམས་པར་འཇུག་ལ། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་མངོན་དུ་ཕྱོགས་པར་གྱུར་པ་གང་ཡིན་པ་དེས་ནི་སླར་ཡང་དམྱལ་བ་དང༌། ཡི་དགས་དང༌། དུད་འགྲོ་སྐྱེ་བར་འགྱུར་བ་གང་ཡིན་པ་འདི་ལ་ནི། ས་བོན་མེད་པའི་ཏིང་ངེ་འཛིན། །ཅེས་བྱ་བའི་མིང་དུ་བཏགས་པར་རིགས་པ་ཉིད་ཡིན་ཏེ། ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་རྒྱུ་དང་བྲལ་བའི་ཕྱིར་རོ། །འདིར་བྱིས་པའི་རྩེད་མོའི་ཚུལ་གྱི་འབྲས་བུ་བརྟགས་པ་ནི་དེས་ཆོག་གོ །དེ་ཡང་རིག་བྱེད་ཀྱི་མཐར་སྨྲ་བ་དང༌། ཞི་བ་དང༌། གྲངས་ཅན་དང༌། གཅེར་བུ་པ་ལ་སོགས་པའི་གཞུང་དམན་པ། བརྫུན་པའི་བློ་ཅན་དོན་དམ་པ་མ་རྟོགས་པ་བདག་ཏུ་ལྟ་བ་ལ་མངོན་པར་ཞེན་བས་སེམས་ལ་རིལ་པོར་འཛིན་པ་བརྟན་པར་བྱེད་པ། འདུལ་བའི་དུས་ལ་མ་བབ་ན། ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་ཀྱང་བཏང་སྙོམས་སུ་བཞག་པ། འཁོར་བའི་མདུད་པ་སླར་ཡང་དམ་པོ་ཉིད་དུ་བྱེད་པ་རྣམས་ལ་ནི་སྙིང་རྗེས་བརྒྱན་པ་རྣམས་ཀྱིས་རྒུད་པ་ལ་འཇུག་པ་རྣམས་ལ་སྙིང་བརྩེ་བར་བྱ་བ་ཡིན་གྱི་ཞེ་སྡང་བར་འོས་པ་ནི་མ་ཡིན་ནོ། །གང་ཡང་བདེ་བར་གཤེགས་པའི་ཚུལ་ཅན་ཕྱིན་ཅི་མ་ལོག་པའི་བློས་འཁོར་བ་དང་མྱ་ངན་ལས་འདས་པའི་ཕྱོགས་རྟོགས་པ་ལ་མཁས་པ་དེ་ལ་ནི་ངན་པར་བཤད་པའི་གྲུབ་པའི་མཐའི་རྗེས་སུ་འགྲོ་བའི་བློ་ཅན་གྱིས་བསྐྱོད་པར་ནུས་པ་མ་ཡིན་ནོ། །དེ་ལྟར་ན་ཚངས་པ་ལ་སོགས་པའི་ལྟ་བ་ལས་ཐེག་པ་ཆེན་པོའི་དོན་གྱི་ཁྱད་པར་ཤིན་ཏུ་མང་བ་ཡང་གདུལ་བྱའི་བསམ་པ་མང་བ་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར་ཉོན་མོངས་པས་བཅིངས་པ་ཐམས་ཅད་ནི། བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེའི་གནས་ཡིན་ཏེ། དེ་ཡང་སེམས་ཀྱི་སྤྱོད་པ་མཐའ་ཡས་པའི་ཕྱིར། ཐབས་ཀྱི་ཚུལ་མཐའ་ཡས་པས་འདུལ་བ་ཡིན་པས་སངས་རྒྱས་ཀྱི་ཆོས་བསྟན་པ་ཡང་མཐའ་ཡས་ཤིང་སྣ་ཚོགས་པ་ཁོ་ནར་རིགས་པ་ཉིད་ཡིན་ནོ། །དེ་བས་ན་ཐར་པའི་ལམ་ལ་གུས་པས་སྤྲོ་བར་གྱུར་པ་ཡིན་ཞིང༌། དབང་པོའི་ཁྱད་པར་གྱིས་མྱུར་བ་དང་རིང་བ་དང༌། ཤིན་ཏུ་རིང་བ་ཉིད་དུ་རྣམ་པར་གྲོལ་བའི་སྐལ་བ་ཅན་ཡིན་པས། སངས་རྒྱས་པ་ཉིད་


DTG078_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་བསྟན་པའི་དོན་ཕན་ཚུན་རྣམ་པར་དཔྱོད་པ་ནི་མཛེས་ཀྱིས་ཤིན་ཏུ་དམན་པའི་བློ་ཅན་ལྟ་བ་ངན་པའི་མེས་རྒྱུད་ཚིག་པ་བདེ་བའི་ལམ་ལས་ཤིན་ཏུ་རིང་ཞིང་ཡོངས་སུ་ཉམས་པ་དང༌། དམུས་ལོང་འོ་མའི་ཡོན་ཏན་དཀར་པོ་ལ་སོགས་པ་ཡོངས་སུ་རྟོག་པར་བྱེད་པ་དང་འདྲ་བ་གཞན་དག་དང་ཐེག་པ་ཆེན་པོ་ཡོངས་སུ་བརྟགས་པས་ཅི་ཞིག་བྱ། འདིར་བརྒལ་བ་གལ་ཏེ་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུའི་རྒྱུའི་ཚོགས་ནི་སྨོན་ལམ་ལ་སོགས་པ་ཡིན་པར་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་སྟོན་ལ། དེ་ལྟར་ན་སྨོན་ལམ་ལ་སོགས་པ་ནི་མི་འཕོ་བའི་གནས་ཐོབ་པའི་རྒྱུར་གྱུར་པ་ཉིད་ཡིན་པས་གསང་སྔགས་ཀྱི་ཐེག་པ་ཆེན་པོ་བསྟན་པས་ཅི་ཞིག་བྱ། རྣམ་པ་ཐམས་ཅད་མཁྱེན་པ་དེ་ཡང་བྱམས་པ་དང་སྙིང་རྗེ་ལ་སོགས་པ་མ་ལུས་པ་གོམས་པར་བྱས་པའི་རབ་ཀྱི་མཐར་ཐུག་པ་ཉིད་དང༌། དེས་ཀུན་ནས་སློང་བའི་སྦྱིན་པ་དང༌། ཚུལ་ཁྲིམས་ལ་སོགས་པ་ལས་འབྱུང་བ་ཡིན་ནོ། །གསང་སྔགས་ཀྱི་ཚུལ་ལས་ནི་ཕལ་ཆེར་དེ་དང་འགལ་བའི་བྱ་བ་རྣམས་ཀུན་དུ་སྟོན་ཏེ། དབང་དུ་བྱ་བ་དང༌། མངོན་སྤྱོད་ལ་སོགས་པའི་ལས་རྣམས་ནི་འདོད་ཆགས་ལ་སོགས་པའི་རྒྱུ་ལས་བྱུང་བའི་ཕྱིར་བྱམས་པས་ཀུན་ནས་སློང་བ་མ་ཡིན་ལ། འདོད་ཆགས་ལ་སོགས་པ་ལ་རབ་ཏུ་འཇུག་པའི་ལས་རྣམས་ལས་ནི་ངན་འགྲོར་འགྲོ་བར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ལས། འདོད་ཆགས་ཀྱིས་ནི་གདུངས་པ་རྣམས། །ངང་པ་ཕུག་རོན་ལ་སོགས་དང༌། །བོང་བུ་འདོད་ཆགས་ཅན་རྣམས་ཀྱིས། །སྐྱེ་གནས་སྔོན་སོགས་སྐྱེ་གནས་སྐྱེ། །ཞེས་བཤད་པ་ཡིན་ནོ། །གང་ཡང་འདིར་བཟའ་བ་དང༌། བཟའ་བ་མ་ཡིན་པ་ལ་སོགས་པའི་བྱ་བ་སྟོན་པ་དེ་ནི་རྣམ་པར་མཁས་པ་དང་བྲལ་བའི་འཁོར་བ་པ་རྣམས་ཀྱིས་ཀྱང་བསྔགས་པ་མ་ཡིན་ན་ཇི་ལྟར་འགྲོ་བ་མ་ལུས་པ་ལ་བུ་གཅིག་པ་ལྟར་སེམས་པའི་སྙིང་རྗེ་ཆེན་པོ་དང་ལྡན་པ་རྣམས་དེ་ལ་འཇུག་པར་འགྱུར། འཇུག་ཏུ་ཟིན་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར་བས་སངས་རྒྱས་ཀྱི་བཀའ་མ་ཡིན་པ་སྒྲིན་པོས་སྦྱར་བ་ལྟ་བུར་ཤེས་སོ་ཞེ་ན།


DTG078_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་ཚིག་མ་ཡིན་པ་ནི་བདེན་མོད་ཀྱི། འོན་ཀྱང་དེ་ལྟ་བུ་ཞེས་པས་གསལ་ལ། ཉིད་ཅེས་བྱ་བ་འདིར་གཞུག་པར་བྱ་སྟེ། འདི་ནི་མ་རྟོགས་པའི་ཚིག་ཡིན་པ་ཉིད་ཀྱིས་ན་བདག་ཅག་རྣམས་ཀྱིས་བརྒལ་བ་ཡིན་ནོ་ཞེས་བརྗོད་པར་བྱའོ། །དེ་ཡང་རྟོགས་པར་འགྱུར་བ་རྣམས་ནི་སྔགས་ཀྱི་ཐེག་པ་ཆེན་པོའི་སྙིང་པོའི་དོན་མ་ཤེས་ནས་འདི་ལྟར་དེ་སྤོང་བར་རྒོལ་བས་བདག་ཉིད་ཕུང་ཁྲོལ་ཆེན་པོ་ཉིད་ལ་སྦྱོར་བར་མི་བྱེད་དོ། །གསང་སྔགས་ཀྱི་ཐེག་པ་ཆེན་པོ་ནི་བདག་ཉིད་ཆེ་བ་ཉིད་དེའི་རིགས་ཅན་གྱིས་བློ་ཕྱིན་ཅི་མ་ལོག་པའི་སེམས་དང་ལྡན་པ་ལ། བཅོམ་ལྡན་འདས་ཀྱིས་ཁྱད་པར་གྱི་རྒྱུ་ཉིད་དུ་སྟོན་པར་མཛད་དེ། དེ་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་དང་དོན་གཅིག་པ་ལས་དེའི་ཁྱད་པར་གང་དག་ཡོད་པ་དེ་བརྗོད་པར་བྱའོ། །དོན་གཅིག་ཉིད་ནའང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་ཕྱིར་དང༌། །དབང་པོ་རྣོན་པོའི་དབང་བྱས་བས། །སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། །འདི་ལྟར་གཉིས་སུ་མེད་པའི་རྣམ་པ་ཐམས་ཅད་མཁྱེན་པར་བཤད་པའི་འབྲས་བུ་ནི་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་གཉིས་ལ་ཁྱད་པར་མེད་པ་ཡིན་མོད་ཀྱི་འོན་ཀྱང་རབ་ཏུ་དབྱེ་བ་རྣམ་པ་བཞི་པོ་དེ་དག་གིས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ལས་སྔགས་ཀྱི་ཐེག་པ་ཆེན་པོ་ཁྱད་པར་དུ་འཕགས་པ་ཉིད་ཡིན་ནོ། །དེ་ལ་རྨོངས་པ་ནི་འདི་ཡིན་ཏེ། གང་གི་ཕྱིར། མཁས་པ་སྙིང་རྗེ་ཆེར་ལྡན་པ། །དཔྱད་དེ་ཐབས་ཀྱི་མཆོག་ལེན་ཅིང༌། །ཐ་མལ་པ་ཡི་ཐབས་སྨད་ནས། །མི་འཕོ་བ་ཡི་གནས་ཐོབ་པོ། །ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཤིན་ཏུ་མ་རྨོངས་པ་ལ་འཇུག་པ་ཡིན་ཏེ། དེ་ཡང་གང་འདི་ལྟར་སྦྱིན་པ་ལ་སོགས་པ་ལ་འཇུག་པ་ནི། དེ་ཉིད་ལ་སྦྱིན་པར་བྱ་བ་དང༌། སྦྱིན་པ་པོ་དང༌། ལེན་པ་པོའི་འབྲས་བུ་རྣམ་པར་དག་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་འགྱུར་རོ། །དེ་ཉིད་ཀྱིས་ན་འདི་ནི་ཤིན་ཏུ་མ་རྨོངས་སུ་ཟིན་ཀྱང་དེའི་རིགས་སུ་ལྷུང་བས་ཕྱིའི་སྦྱིན་པ་ལ་སོགས་པ་ལ་རབ་ཏུ་འཇུག་ཅིང༌། ཤིན་ཏུ་དབང་པོ་རྣོ་བ་མ་ཡིན་པས་ཡུན་རིང་པོས་བྱང་ཆུབ་མངོན་པར་རྟོགས་པར་འགྱུར་རོ། །གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་


DTG078_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ནི་རྨོངས་པ་འདི་ཡོད་པ་མ་ཡིན་ཏེ། དེ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འདོད་པ་ན་དབང་པོ་རྣོན་པོ་ཉིད་ཡིན་པའི་ཕྱིར་དང་པོ་ཁོ་ནར་འདི་ལྟར་རྣམ་པར་དཔྱོད་པ་ལ་འཇུག་སྟེ། ཇི་ལྟར་ན་སྦྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པར་འགྱུར། མགོ་བོ་དང༌། རྐང་པ་དང༌། ལག་པ་ལ་སོགས་པ་བཏང་བས་སོ་ཞེ་ན། འདི་ནི་རིགས་པ་མ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་པ་ཡིན་ལ། ཕ་རོལ་ཏུ་ཕྱིན་པ་ཡང་ཐམས་ཅད་ཀྱི་མངོན་པར་འདོད་པ་ཅིག་ཅར་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ལ། དེ་ཡང་ཏིང་ངེ་འཛིན་གྱི་འབྲས་བུ་ཉིད་ཡིན་གྱི། ཕྱི་རོལ་གྱི་མགོ་བོས་ནི་སེམས་ཅན་མཐའ་ཡས་པ་ཡོངས་སུ་གསོ་བར་ནུས་པ་མ་ཡིན་ནོ། །དེ་བས་ན་མགོ་བོ་དང་ལག་པ་དང་རྐང་པ་ལ་སོགས་པ་སྦྱིན་པ་ཐ་མལ་པའི་ཐབས་ཉིད་ཡིན་པར་ངེས་པར་བཟུང་ནས་ཐབས་ཀྱི་མཆོག་ཚོལ་བར་བྱེད་དོ། །དེ་ཡང་ཐབས་དང་ཤེས་རབ་ཀྱི་ཏིང་ངེ་འཛིན་ལས་གཞན་མ་ཡིན་ནོ། །དེ་བས་ན་གསང་སྔགས་ཀྱི་སྒོར་སྤྱོད་པ་འདི་ནི་དབང་པོ་རྣོན་པོ་ཡིན་ཞིང༌། ཕྱིན་ཅི་མ་ལོག་པའི་ཐབས་ལ་མཁས་པས་སེམས་ཅན་གྱི་ཁམས་མཐའ་ཡས་པ་སྒྱུ་མ་ལྟ་བུའི་རང་བཞིན་ཡིན་ཡང་སྡུག་བསྔལ་གསུམ་གྱིས་གདུངས་པ་ལ་བལྟས་ནས། མ་རིག་པ་དེ་ཉིད་ཀྱིས་དེ་ཁོ་ན་ཉིད་གཡོགས་པའི་གར་གྱི་རྣམ་པར་དགོད་པ་སྣ་ཚོགས་པར་གནས་པ་དག་གིས་ཕྱིར་མི་བཟོད་པ་སྐྱེས་ནས་དེ་ཁོ་ན་ཉིད་རྣམ་པར་འབྱེད་ཅིང༌། མ་རིག་པའི་རབ་རིབ་རྣམ་པར་བསལ་བར་བྱ་བའི་ཕྱིར། མ་རིག་པས་སྤྲུལ་པའི་འགྲོ་བའི་དབྱེ་བ་མཐའ་ཡས་པ་མངོན་པར་གདོན་པའི་བསམ་པས་སྙིང་རྗེ་ཆེན་པོ་མངོན་སུམ་དུ་བྱེད་ཅིང༌། ཡུལ་མཐའ་ཡས་པ་ཉིད་ཀྱིས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཏིང་ངེ་འཛིན་རབ་ཏུ་རྟོགས་པ་ཡིན་ནོ། །དེ་ལྟར་ཕྱོགས་ཆད་པ་མེད་པ་དང་རྒྱུན་མི་འཆད་པར་གོམས་པའི་སྟོབས་ཀྱིས་རིམ་གྱིས་སྒྲིབ་པ་ཐམས་ཅད་ཡོངས་སུ་ཟད་དེ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཐོབ་ནས། ཡིད་བཞིན་གྱི་ནོར་བུའི་རྒྱལ་པོའི་བདག་ཉིད་ཅན་སྨོན་ལམ་གྱི་རབ་ཏུ་སྦྱོར་བ་ཇི་ལྟ་བས་སེམས་ཅན་གྱི་ཁམས་མཐའ་ཡས་པ་རྣམས་སྤྲུལ་པའི་ཚོགས་རབ་འབྱམ་གྱིས་མངོན་པར་འདོད་པའི་དོན་ལ་སྦྱོར་


DTG078_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་རོ། །གནས་སྐབས་དེར་ནི་སྙིང་རྗེ་ཆེན་པོས་ཐམས་ཅད་ལ་ཐམས་ཅད་དུས་ལས་མ་འདས་པར་སྐལ་པ་བཟང་པོ་ཉིད་དུ་སྟེར་བར་འགྱུར་བས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཐ་མལ་པའི་ལུས་སྦྱིན་པ་ལ་སོགས་པ་ལ་ནི་མཚན་ཉིད་དེ་ཡོད་པ་མ་ཡིན་པས་ཕ་རོལ་ཏུ་ཕྱིན་པར་མི་གཞག་གོ །དེ་ཉིད་ནི་སེམས་ཅན་གྱི་དོན་བྱ་བའི་ཡང་དག་པའི་ཚུལ་ཁྲིམས་ལ་སོགས་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་པས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །སྤྲུལ་པའི་ཚོགས་ཀྱིས་ཀྱང་སྲོག་ཆགས་ཐམས་ཅད་ལ་ཡང༌། དག་པར་ཕན་འདོགས་ཤིང་གཞན་གྱི་གནོད་པ་བྱས་པ་བཟོད་པར་གྱུར་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་ཀྱང་དེའི་ཚེ་གང་གིས་དོན་ཐམས་ཅད་གྲུབ་ཅིང་དགོས་པ་ཐམས་ཅད་དང་ཡིད་ལ་འདོད་པ་རྣམས་ཅིག་ཅར་འཐོབ་པར་གྱུར་པ་དེ་ནི་དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་པ་ཡིན་ནོ། །བསམ་གཏན་ཡང་དེའི་ཚེ་བསམ་གཏན་ཐམས་ཅད་ཀྱི་གནས་ཀྱི་ཏིང་ངེ་འཛིན་ཐོབ་པས་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་འདི་ཡོངས་སུ་རྫོགས་པ་འདི་དག་ཕ་རོལ་ཏུ་ཕྱིན་པར་རྣམ་པར་གཞག་པ་ཡིན་ཏེ། དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །གང་ཡང་དེ་ལས་གཞན་པ་ཐབས་དང༌། སྟོབས་དང༌། སྨོན་ལམ་དང༌། ཡེ་ཤེས་ལ་སོགས་པའི་ཡོན་ཏན་དེ་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡོངས་སུ་རྫོགས་པར་གྱུར་པ་ཡིན་ཏེ། འདི་ནི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་པ་ལས་གསང་སྔགས་ཀྱི་སྒོ་ལ་སྤྱད་པ་སྤྱོད་པ་རྣམས་མ་རྨོངས་པ་ཡིན་ནོ། །སེམས་ཅན་ཀུན་དོན་ལེགས་བསྒྲུབ་ཕྱིར། །བློ་ཆེན་ལ་ནི་ཐབས་ཐམས་ཅད། །དབྱེ་བ་རྣམ་བཞིར་ཚུལ་གྱི་མཆོག །འགྲོ་བའི་སྟོན་པས་གསུངས་པ་ཡིན། །ཚུལ་གཞན་ཐམས་ཅད་དུ་ནི་བཅོམ་ལྡན་འདས་ཀྱིས་དགའ་ཐུབ་དང༌། སྡོམ་པ་དང༌། བརྟུལ་ཞུགས་ལ་སོགས་པ་མཐོ་རིས་དང་ཐར་པ་ཐོབ་པའི་ཐབས་ཉིད་ཡིན་པར་གསུངས་ལ། སེམས་ཅན་ཐམས་ཅད་དཀའ་ཐུབ་དང་སྡོམ་པ་ལ་སོགས་པ་སྤྱོད་པར་ནུས་པ་མ་ཡིན་ཏེ། ལ་ལ་ནི་ཤིན་ཏུ་ཞི་བའི་ལས་ལ་སྤྱོད་པ་ཡོད་པས་དེའི་


DTG078_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་མཛད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་དེས་ནི་སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པར་ནུས་པ་མ་ཡིན་ནོ། །ཡང་གསང་སྔགས་ཀྱི་ཐེག་པ་ཆེན་པོ་ནི་སེམས་ཅན་ཐམས་ཅད་དགེ་བའི་ལམ་ལ་སྦྱོར་བའི་ཕྱིར་གསུངས་ཏེ། དེ་བས་ན་ཐབས་སྣ་ཚོགས་པ་ཡིན་ནོ། །དེ་ལ་ཐབས་ཀྱི་དབྱེ་བ་ནི་འདི་ཡིན་ཏེ། འདི་ན་ཐོག་མ་ཁོ་ནར་གསང་བའི་ཚུལ་གྱི་རྣལ་འབྱོར་པས་རང་གི་རང་བཞིན་ཉིད་རང་ཉིད་ཀྱིས་སམ་དེའི་བླ་མས་ངེས་པར་གཟུང་བར་བྱའོ། །ངེས་པར་གཟུང་བ་ཡང་རྗེས་སུ་ཕན་གདགས་པ་འཛིན་པར་འདོད་པས་བླ་མས་ཕྱིན་ཅི་མ་ལོག་པར་བསྟན་པའི་ངེས་པ་གཟུང་ལ། རྨི་ལམ་དུ་སོ་སོར་མཐོང་བའི་སྒོ་ནས་བྱ་བའམ་མེ་ཏོག་བབས་པ་དང༌། དབབ་པའམ། ཕྱག་རྒྱ་བཅིང་བ་ལ་སོགས་པ་ལས་སམ། སྤྱོད་པ་ལས་ཉེ་བར་མཚོན་ནས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་གང་ལ་ལྷག་པར་ཀུན་དུ་སྤྱོད་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་རང་གི་རིགས་ཀྱི་བདག་པོ་ཡང་དག་པར་ངེས་པར་བྱས་ནས་འདོད་ཆགས་ལ་སྤྱོད་པའི་སྔགས་པས་སྨོན་ལམ་དང་རྗེས་སུ་མཐུན་པར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ནས་བདག་ཉིད་ཀྱི་ཡིད་དང་རྗེས་སུ་མཐུན་པར་འདོད་ཆགས་རྡོ་རྗེའི་ངོ་བོ་ཉིད་དེ་བཞིན་གཤེགས་པ་འོད་དཔག་མེད་དུ་བསམས་ཏེ། རྒྱུད་ལས་བཤད་པའི་མིག་ཡོར་ཙམ་གྱི་བདག་ཉིད་ཅན་གྱི་མཆོད་པའི་ཡོ་བྱད་རྣམས་ཀྱིས་ཡང་དག་པར་མཆོད་ལ། རང་གི་སྔགས་དང་ཕྱག་རྒྱ་རྗེས་སུ་དྲན་ཏེ། མཐའ་ཡས་པ་ཀུན་དུ་དགའ་བའི་བདག་ཉིད་ཅན་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ལ། དེ་ཡང་སྙིང་རྗེ་ཆེན་པོས་ཁྱབ་པའི་དགའ་བའི་བདག་ཉིད་ཅན་རྟོག་པ་ཐམས་ཅད་ཉེ་བར་སྤངས་པ་ཡིན་ནོ། །དེ་བཞིན་དུ་ཞེ་སྡང་ལ་སྤྱོད་པ་དང༌། གཏི་མུག་ལ་སྤྱོད་པའི་སྔགས་པས་སྨོན་ལམ་དང་རྗེས་སུ་མཐུན་པའི་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ལ། བདག་ཉིད་ཀྱི་ཡིད་དང་རྗེས་སུ་མཐུན་པའི་ཞེ་སྡང་རྡོ་རྗེའི་ངོ་བོ་ཉིད་དེ་བཞིན་གཤེགས་པ་མི་བསྐྱོད་པའམ། གཏི་མུག་རྡོ་རྗེའི་ངོ་བོ་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དུ་བསྒོམས་ལས་རྒྱུད་ལས་བཤད་པའི་མིག་ཡོར་


DTG078_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱི་བདག་ཉིད་ཅན་གྱི་མཆོད་པའི་ཡོ་བྱད་རྣམས་ཀྱིས་མཆོད་དོ། །རང་གི་སྔགས་དང་ཕྱག་རྒྱ་ཡང་རྗེས་སུ་དྲན་ལ། མཐའ་ཡས་པའི་ཞེ་སྡང་གི་བདག་ཉིད་ཅན་ནམ་མཐའ་ཡས་པའི་གཏི་མུག་གི་ཚུལ་གྱིས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ལ་ཞེས་བྱ་བ་ལ་སོགས་པར་སྦྱར་བར་བྱའོ། །ཐེ་ཚོམ་དང་ང་རྒྱལ་དག་ནི་ལ་ལར་ཐ་མི་དད་པར་བཤད་དེ། དེ་དག་ནི་གཏི་མུག་དང་ཞེ་སྡང་གི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །གང་དུ་ཐ་དད་པར་བཤད་པ་དེར་དོན་ཡོད་པར་གྲུབ་པ་དང༌། རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཉིད་ཡིན་པར་སྔ་མ་བཞིན་དུ་བཤད་པར་བྱའོ། །དེ་བཞིན་དུ་རྒྱུད་ཀྱི་དགོངས་པའི་དབྱེ་བས་ཁྲོ་བ་དང་ཆགས་པའི་ངོ་བོ་ཉིད་ཀྱང་ཕྲག་དོག་དང་སེར་སྣའི་བདག་ཉིད་ཅན་དུ་སྦྱར་རོ། །དེ་བཞིན་དུ་གཏི་མུག་དགའ་མ་ལ་སོགས་པའི་རིག་པའི་ལྷ་མོ་རྣམས་ནི་མི་དགའ་བའི་གཉེན་པོར་གྱུར་པའི་འདུན་པའི་ཁྱད་པར་གྱི་བདག་ཉིད་ཅན་གྱི་སེམས་ལས་བྱུང་བའི་ངོ་བོ་ཉིད་དོ། །གཤིན་རྗེ་གཤེད་ལ་སོགས་པ་ཕྱོགས་བཅུའི་བགེགས་སེལ་བར་བྱེད་པའི་ཁྲོ་བོའི་རྒྱལ་པོ་རྣམས་ཀྱང་ངོ་ཚ་མེད་པ་དང༌། ཁྲེལ་མེད་པ་དང༌། ཕྲག་དོག་དང༌། སེར་སྣ་དང༌། ཁེངས་པ་དང༌། འགྱོད་པ་དང༌། གཉིད་དང་རྨུགས་པ་སྟེ། ཀུན་ནས་ལྡང་བ་བརྒྱད་དང་ཁྲོ་བ་དང༌། འཆབ་པ་སྟེ་དེ་ལྟར་ཀུན་ནས་ལྡང་བ་བཅུར་བཤད་པའི་སེམས་ལས་བྱུང་བའི་ངོ་བོ་ཉིད་དང་ཅི་རིགས་པར་སྦྱར་བར་བྱའོ། །དེ་བཞིན་དུ་སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་གཟུགས་ལ་སོགས་པའི་ཡུལ་དྲུག་ལ་འཇུག་པའི་རྣམ་པར་ཤེས་པ་དྲུག་གི་བདག་ཉིད་ཅན་གྱིས་ཡང་དག་པར་རིག་པའི་བདག་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། དེ་ལྟར་ན་ཐུགས་ཀྱི་དཀྱིལ་འཁོར་གྱི་ཆ་འདི་ནི་རྣམ་པར་རྟོག་པ་རིག་པ་གསལ་བའི་བློ་ཆེན་པོ་དང་ལྡན་པ་རྣམས་ལ་བཅོམ་ལྡན་འདས་ཀྱིས་བསྟན་པ་ཡིན་ནོ། །གང་རྒྱུད་ཀྱི་ཁྱད་པར་གཞན་དག་ལས་བྱང་ཆུབ་སེམས་དཔའ་དང་ལྷ་མོ་དང༌། ཁྲོ་བོ་དང༌། བདག་པོ་རྣམས་ལྷག་པར་བཤད་པ་དེ་རྣམས་ཀྱང་མཚན་ཉིད་དང་ལས་ལ་སོགས་པ་ངེས་པར་བཟུང་ནས་སེམས་དང་སེམས་ལས་བྱུང་བའི་བདག་ཉིད་ཀྱིས་གཞན་དག་ཡིན་པར་ཤེས་པར་བྱའོ། །གང་ཡང་ཤིན་ཏུ་ཕྲ་བའི་སེམས་དང་སེམས་ལས་བྱུང་བ་ལ་སེམས་འཇོག་པར་མི་


DTG078_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་དང༌། ཤིན་ཏུ་རགས་པ་ཞལ་དང་ཕྱག་ལ་སོགས་པ་དཔག་ཏུ་མེད་པའི་གཟུགས་ཀྱི་སྐུ་ལ་ཡང་དེ་ཁོ་ན་ཉིད་ངེས་པར་བྱ་བ་བརྟན་པར་བྱེད་མི་ནུས་ལ། སྒྲ་བརྗོད་པར་ཡང་འདོད་ཆགས་རྡོ་རྗེ་ལ་སོགས་པའི་ངོ་བོ་ཉིད་ལ་འཇུག་པར་མི་ནུས་པ་དེའི་ཕྱིར་ནི། བདེ་བར་གཤེགས་པས་གསུང་གི་དཀྱིལ་འཁོར་སྟོན་པར་མཛད་པ་ཡིན་ནོ། །དེ་ལ་མན་ངག་ནི་འདི་ཡིན་ནོ། །ཨོཾ་ཨཱཿ་ཧཱུཾ་ཞེས་བྱ་བ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང༌། འོད་དཔག་ཏུ་མེད་པ་དང༌། མི་བསྐྱོད་པའི་སྙིང་པོའི་སྔགས་ཡིན་ལ། ཛི་ན་ཛི་ཀ་ཅེས་བྱ་བ་ལ་སོགས་པ་ནི་བསྐྱེད་པའི་སྙིང་པོ་ཡིན་པའི་ཕྱིར་སྙིང་པོའི་སྔགས་ཉིད་མ་ཡིན་ནོ། །འདི་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་སྙམ་ན། འདི་ནི་ཤིན་ཏུ་ཕྲ་བར་རྟོགས་པ་ཡིན་ཏེ། སྔགས་ལ་སོགས་པ་འདི་དག་ནི་བཟང་ཞིང་རང་བཞིན་གྱིས་གྲུབ་པ་ཐམས་ཅད་མཁྱེན་པས་གསུངས་པ་ཡིན་པར་ཐམས་ཅད་མཁྱེན་པ་ཉིད་ཀྱིས་འདི་དག་གི་ཁྱད་པར་མཁྱེན་པ་ཡིན་ལ། ཁོ་བོ་ཅག་ནི་བླ་མའི་མན་ངག་སེམས་ལ་བརྟན་པར་བྱ་བའི་ཕྱིར་རྣམ་པར་དཔྱོད་ཅིང་རགས་པ་ཅུང་ཟད་ཅིག་ལ་ཉེ་བར་རྟོག་པ་ཡིན་ནོ། །བླ་མ་རྣམས་ཀྱིས་བཤད་པ་རགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྐུར་བསྐྱེད་པའི་རིམ་པས་བདག་ཉིད་སྐྱེད་པར་བྱེད་པ་རྣམས་ཀྱིས་ནི། ཛི་ན་ཛི་ཀ་ཅེས་བྱ་བ་ལ་སོགས་པའི་ས་བོན་ལས་བསྐྱེད་པའི་བྱ་བ་ཡིན་ལ། སྙིང་པོའི་སྔགས་ཡི་གེ་ཨོཾ་ལ་སོགས་པ་ནི་བཟླ་བར་བྱའོ། །དེ་ལ་འདི་ལྟར་ཉེ་བར་མཚོན་པར་བྱ་སྟེ། ལྷ་རྣམས་ཀྱི་དང་པོའི་ཡུལ་དང་ལྡན་པ་ནི་ས་བོན་གྱི་སྔགས་ཡིན་ལ། དེ་ཁོ་ན་ཉིད་སྟོན་པར་བྱེད་པ་བཟླས་པར་བྱ་བ་ནི་སྙིང་པོའི་སྔགས་ཏེ། སྤྲུལ་པ་ཞེས་བྱ་བ་ལ་དོན་མེད་པར་བསྟན་པའི་ཕྱིར་དང༌། ཁོ་ན་ཉིད་ལ་འཇུག་པའི་ཕྱིར་ཡིན་ནོ། །ལ་ལར་ནི་སྙིང་པོའི་སྔགས་ཉིད་ས་བོན་ཡིན་ཞིང་རང་བཞིན་སྟོན་པ་ཡིན་པར་བཤད་དོ། །ཡང་གང་དུ་ཡི་གེ་གཞན་དང་གཞན་པའི་ས་བོན་གྱི་སྔགས་དང་སྙིང་པོའི་སྐབས་སུ། བཅོམ་ལྡན་འདས་ཀྱིས་གདུལ་བྱ་ཁ་ཅིག་གི་བསམ་པའི་དབང་དུ་མཛད་ནས་གསུངས་པ་དེར་ནི། དེའི་རིགས་དང་མཐུན་པར་དེ་ཁོ་ན་ཉིད་ལ་འཇུག་པའི་ཐབས་ཡིན་པར་རྗེས་སུ་དཔག་པར་བྱའོ། །ཇི་ལྟར་སྐུའི་དཀྱིལ་འཁོར་


DTG078_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་ལ་སྔོན་པོ་དང་སེར་པོ་ལ་སོགས་པའི་ཚིག་གི་དོན་ལས་རྗེས་སུ་མཚོན་ནས་དེའི་སྐུ་ལ་ཡང་དེའི་རིགས་དང་ཆ་མཐུན་པ་ཡིན་པའི་ཕྱིར་རོ། །མི་བསྐྱོད་པ་ལ་སོགས་པའི་སྐུར་བསྒོམ་པ་སྟོན་པ་ནི་དེ་ཁོ་ན་ཉིད་ལ་འཇུག་པའི་ཐབས་ཉིད་ཡིན་པ་དེ་བཞིན་དུ་གསུང་གི་དཀྱིལ་འཁོར་བསྒོམ་པ་ཧི་ལ་སོགས་པའི་ཡི་གེ་ལས་ཉེ་བར་མཚོན་ནས་འདོད་ཆགས་ལ་སོགས་པ་སྟོན་པར་བྱེད་པ་ཉིད་མ་ཡིན་ཡང་དེའི་རིགས་དང་མཐུན་པ་ཡིན་པའི་ཕྱིར་དེ་སྟོན་པར་བྱེད་པ་ཉིད་ནི་དེ་ཁོ་ན་ཉིད་ལ་འཇུག་པའི་ཐབས་དེ་ཉིད་ཡིན་པར་བལྟ་བར་བྱའོ། །དེ་ཡང་ཇི་ལྟར་ཡི་གེ་ཨ་ལ་སོགས་པ་ནི་ཚིམ་པར་བྱེད་པ་ཉིད་དུ་གསལ་བར་གོ་བར་བྱེད་པ་དེ་ལྟར་ཡི་གེ་ཧཾ་ལ་སོགས་པ་ནི་མ་ཡིན་ཏེ། དེའི་རིགས་དང་མཐུན་པ་ཉིད་ཀྱིས་ཐམས་ཅད་མཁྱེན་པའི་དངོས་གྲུབ་ཉིད་གྲུབ་པར་ཤེས་པར་བྱའོ། །དེ་བས་ན་སྔགས་ཇི་སྙེད་པ་དེ་ཐམས་ཅད་ནི་དེ་བཞིན་གཤེགས་པ་ལྔའི་སྔགས་ལས་བྱུང་བ་ཡིན་པ་ཉིད་ཀྱིས་ན། རང་རང་གི་དེ་ཁོ་ན་ཉིད་ལ་ཞུགས་ནས་རང་གི་བདག་པོའི་སྦྱོར་བ་ཉིད་ཀྱིས་རང་རང་གི་ལས་བྱེད་པ་ཡིན་ནོ། །དེ་ཡང་གང་གི་ཕྱིར་སྔགས་གང་ཅི་ཡང་རུང་བའམ་ཡི་གེ་ཉུང་བ་དེས་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་བསལ་བར་བྱས་ནས་རང་གི་དེ་ཁོ་ན་ཉིད་ལ་ཐིམ་སྟེ། རང་གི་ལས་བྱེད་པར་ཉེ་བར་དམིགས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ངག་གི་ཐ་སྙད་དུ་བྱ་བ་ཇི་སྙེད་པ་དེ་ཐམས་ཅད་སྔགས་ཀྱི་བདག་ཉིད་ཅན་ཡིན་ནོ་ཞེས་རྒྱུད་རྣམས་ལ་གསུངས་ཏེ། ངག་ཐམས་ཅད་ནི་འདོད་ཆགས་ལ་སོགས་པ་ལ་གཞོལ་བ་ཉིད་ཀྱིས་རྗེས་སུ་མྱོང་བ་ཉིད་ཡིན་པའི་ཕྱིར་རོ། །གང་ཡང་རབ་ཏུ་ཞི་བ་དང་རྗེས་སུ་མཐུན་པའི་ཚིག་དེ་ཡང་ཁ་ན་མ་ཐོ་བ་དང་བཅས་པའི་ཡུལ་ཡིན་པར་ཀུན་དུ་བཤད་པ་ཡིན་པའི་ཕྱིར། གཏི་མུག་གི་བདག་ཉིད་ཡིན་པར་བལྟ་བར་བྱའོ། །དེ་ཉིད་ཀྱིས་ན་ཡི་གེ་ཨ་ལ་སོགས་པ་ནས་ཧའི་བར་གྱི་ཡི་གེ་ཐམས་ཅད་ནི་སྔགས་ཀྱི་ངོ་བོ་ཉིད་ཡིན་པར་གསུངས་ཏེ། ངག་ཐམས་ཅད་ལ་དེ་དག་ཉིད་ཀྱིས་ཁྱབ་པ་ཡིན་པའི་ཕྱིར་རོ། །རྣམ་པར་དབྱེ་བའི་ཆ་བརྟགས་པ་ལ་ནི་སྔ་མ་བཞིན་དུ་དེ་དང་རིགས་མཐུན་པ་ཉིད་དུ་བཤད་པར་བྱ་སྟེ། ཐམས་ཅད་མཁྱེན་པ་བྱེད་པ་ཉིད་ཀྱིས་ན་དེ་དག་ལས་བགྲོད་པ་གཞན་མེད་


DTG078_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །དེ་ལ་རྣམ་པར་དབྱེ་བ་ནི་འདི་ཡིན་ཏེ། ཨ་ཨཱ་ཞེས་བྱ་བ་ནི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་དང་གོས་དཀར་མོའིའོ། །ཨི་ཨཱི་ཞེས་བྱ་བ་ནི་བཅོམ་ལྡན་འདས་དོན་ཡོད་པར་གྲུབ་པ་དང་སྒྲོལ་མའིའོ། །ཨུ་ཨཱུ་ཞེས་བྱ་བ་ནི་མི་བསྐྱོད་རྡོ་རྗེ་དང་ཀུན་དུ་བཟང་པོའི་བདག་ཉིད་ཅན་མཱ་མ་ཀཱི་ཆེན་མོའི་འོ། །རྀ་རཱྀ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་དང་མཱ་མ་ཀཱི་ཡོངས་སུ་གྱུར་པ་ནོར་གྱི་རྒྱུན་ལྟ་བུའིའོ། །ལྀ་ལཱྀ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་སྤྱན་གྱིའོ། །འདིར་ཐུང་དུ་ནི་དེ་བཞིན་གཤེགས་པའི་སྔགས་ཡིན་ལ། རིང་པོ་ནི་རིག་པའི་ལྷ་མོ་རྣམས་ཀྱི་སྔགས་ཡིན་པར་བལྟ་བར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་རྣམ་པ་ལྔར་བརྟགས་པས་ཆར་ཕྱེ་ནས་སྐུ་གསུམ་དུ་བརྟག་པ་ཉིད་ནི་ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱཿ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་མི་བསྐྱོད་པ་དང༌། རྣམ་པར་སྣང་མཛད་དང༌། འོད་དཔག་ཏུ་མེད་པ་རང་གི་ཕྱག་རྒྱ་དང་བཅས་པ་རྣམས་ཀྱི་སྔགས་ཡིན་པར་ཤེས་པར་བྱའོ། །དེ་བཞིན་དུ་ཀ་ཙ་ཊ་ཏ་པ་ལ་སོགས་པའི་སྡེ་ཚན་ནི་རེ་རེ་ཞིང་ལྷ་མོ་བཞི་དང་བཅས་པ་ལྔ་པོའི་སྔགས་ཡིན་ནོ། །འདིར་ང་ཉ་ཎ་ན་མ་ནི་རིམ་བཞིན་དུ་འོད་དཔག་ཏུ་མེད་པ་དང༌། དོན་ཡོད་པར་གྲུབ་པ་དང༌། རིན་ཆེན་འབྱུང་ལྡན་དང༌། མི་བསྐྱོད་པ་དང༌། རྣམ་པར་སྣང་མཛད་ཀྱི་ཡིན་ནོ། །ཀ་ཙ་ཊ་ཏ་པ་ལ་སོགས་པ་རེ་རེ་ཞིང་སྤྱན་ལ་སོགས་པ་ཡིན་ནོ། །ཡ་ལ་སོགས་པ་བརྒྱད་ནི་ཁྲོ་བོ་བརྒྱད་ཀྱི་སྟེ། གནས་དང་རིགས་ལ་སོགས་པ་ཉེ་བར་བརྟགས་ནས་སྦྱར་བར་བྱའོ། །ཨ་ལ་སོགས་པའི་ཡི་གེ་རྣམས་ནི་སྔགས་ཡིན་ཞེས་བཅོམ་ལྡན་འདས་ཀྱིས་སྤྱིའི་ཚིག་ཏུ་གསུངས་མོད་ཀྱི། འོན་ཀྱང་རྣམ་པར་དབྱེ་བའི་འདི་ནི་ཆར་དབྱེ་བའི་རྒྱུ་གཞན་མེད་པའི་ཕྱིར་རོ། །ཁོ་བོས་མིང་དང་རིགས་དང་གནས་ལ་སོགས་པ་ཉེ་བར་བརྟགས་ནས་བྲིས་པ་ཡིན་པས་འདིར་ལོག་པར་གྱུར་པའི་སོམ་ཉེའི་ཉེས་པའི་རྟོག་པ་བསྐྱེད་པར་མི་བྱ་སྟེ། དེ་ཡང་འདི་ལྟར་ཐམས་ཅད་ཀྱང་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ལ་གཞོལ་བ་ཉིད་དུ་དོན་ཐ་མི་དད་པ་ཡིན་པའི་ཕྱིར་རོ། །དོན་དམ་བ་ཚད་མར་གྱུར་པ་ཉིད་ལ་ཐམས་ཅད་དོན་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་


DTG078_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ཡིན་ནོ། །དེ་བས་ན་ཇི་ལྟར་མངོན་པར་ཞེན་པ་ཐམས་ཅད་ཀྱི་བདག་ཉིད་ཅན་ཐམས་ཅད་ནི་དེ་ཁོ་ན་ཉིད་སྟོན་པ་ཡིན་པས་ན་རང་དགར་སྦྱར་བ་ལས་ཀྱང་རྣམ་པར་དབྱེ་བ་ལ་ཉེས་པ་མེད་དོ། །དེ་བས་ན་སྔགས་འདི་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་དེ་ཁོ་ན་ཉིད་ལས་མངོན་པར་ཞེན་པས་བཟླ་ཞིང༌། དེ་ཁོ་ན་ཉིད་ལ་སེམས་རབ་ཏུ་གཞག་པས་སྡིག་པ་རྣམས་རབ་ཏུ་ཟད་པར་བྱེད་པ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པ་དང༌། སྙོམས་པར་འཇུག་པ་ལ་སེམས་མངོན་པར་ཞེན་པའི་ལས་བྱེད་པ་ནས། དྲི་མ་མེད་ཅིང་མི་ཟད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་བདུད་རྩིས་ཚིམ་པར་བྱས་ནས་དགོས་པ་མཐའ་ཡས་པའི་དགའ་བའི་བདག་ཉིད་ཅན་ཆོས་ཀྱི་དབྱིངས་ཀྱང་ཐོབ་པའི་བར་དུ་བྱེད་དེ། ཆོས་ཀྱི་དབྱིངས་རབ་ཏུ་འབྱེད་པའི་རྒྱུ་མཐུན་པ་ཉིད་ཀྱིས་འདོད་པའི་དོན་ཐམས་ཅད་སྒྲུབ་པ་ཡིན་ནོ། །དེ་བས་ན་འདི་ལྟར་གསང་བ་གཙོར་གྱུར་པའི་དོན་གསལ་པར་བྱེད་པའི་དམ་པ་ཡིན་པས་ན། སྔགས་ཞེས་བྱ་བར་མིང་དུ་བཏགས་པ་ཡིན་ཏེ། དེ་ལྟར་ན་གསུང་གི་དཀྱིལ་འཁོར་དུ་རྣམ་པར་བརྟག་པ་འདི་ནི་ངག་གི་སྤྲོས་པ་ལ་མངོན་པར་ཞེན་པའི་གསང་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པ་རྣམས་ལ་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །གང་རགས་པའི་ཡུལ་ལ་མངོན་པར་ཞེན་པ་རྣམས་ཀྱིས་ཐོག་མ་ཁོ་ནར་ཕྲ་བ་སྒོམ་པ་མ་སྦྱོར་བར་མི་ནུས་པས་དེ་ལ་ཡང་ཐུགས་རྗེས་ནོན་པའི་ཐུགས་དང་ལྡན་པའི་སྟོན་པས་བདུད་རྩིའི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་སྐུའི་དཀྱིལ་འཁོར་གསུངས་པ་ཡིན་པས་དེ་བརྗོད་པར་བྱ་སྟེ། ཡོངས་སུ་བརྟགས་པ་དང་བྱིན་གྱིས་བརླབ་པ་དང༌། ཡོངས་སུ་རྫོགས་པ་སྒོམ་པ་ལ་རྒྱུད་ལས་ལེགས་པར་གསུངས་པའི་རིམ་པ་ཐམས་ཅད་བཤད་པར་བྱ་བ་ལ། འདིར་ནི་དེའི་ཚིག་གི་དོན་ཙམ་ཞིག་བརྗོད་པར་བྱ་སྟེ། རྣམ་མཁའི་དབྱིངས་ཀྱི་དབུས་ན་གནས་པའི་ཡི་གེ་བྷྲཱུཾ་ནི་རིན་པོ་ཆེའི་ཁང་པ་བརྩེགས་པའི་ནང་ན་ལས་ཀྱི་རྡོ་རྗེ་རྣམ་པར་སྤྲུལ་པའི་ཉི་མ་དང༌། ཟླ་བ་དང༌། པདྨ་དང༌། རིན་པོ་ཆེ་དང༌། སྣ་ཚོགས་རྡོ་རྗེ་ལ་སོགས་པའི་གདན་ལ་གནས་པ། བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པའི་ས་བོན་ལས་བྱུང་བ། སྐུ་མདོག་སྣ་ཚོགས་པ། ཞལ་གསུམ་དང༌། ཕྱག་དྲུག་ག་དྲིལ་བུ་དང་


DTG078_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་དང༌། རལ་གྲི་དང༌། འཁོར་ལོ་དང༌། པདྨ་དང༌། རྡོ་རྗེ་ལ་སོགས་པའི་མཚོན་ཆ་རྣམས་ལས་སྤྲོ་བ་དང༌། བསྡུ་བ་བྱེད་པ། རང་གི་སྙིང་པོའི་སྔགས་ཟློས་པ། སྣ་ཚོགས་པའི་ན་བཟའ་དང༌། ཕྲེང་བ་དང་རྒྱན་གྱིས་བརྒྱན་པ། ལས་སྣ་ཚོགས་བྱེད་ཅིང་སེམས་ཅན་མཐའ་ཡས་པའི་དགོས་པ་བྱེད་པ་བྱས་པས་སྣ་ཚོགས་ཤིང་མཐའ་ཡས་པའི་མཆོད་པའི་ཡོ་བྱད་ཀྱིས་ཐུགས་མཉེས་པར་བྱེད་པ། རིག་པའི་ཚོགས་དང་བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོ་ལ་སོགས་པའི་རིགས་ཀྱི་བདག་པོར་གྱུར་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་དཀྱིལ་འཁོར་གྱི་བདག་པོའི་ང་རྒྱལ་དུ་རང་ཉིད་བསྒོམ་ཞིང་བདག་པོའི་སྙིང་པོ་བཟླ་བར་བྱའོ། །དེ་ཉིད་དཔེ་མེད་པའི་རིག་པའི་ཚོགས་མ་ལུས་པའི་བདག་པོས་ཡོངས་སུ་བསྐོར་བ་ཡིད་ཀྱི་རང་བཞིན་དུ་ཡིད་དུ་འོང་བའི་ཡུལ་མ་ལུས་པར་ཁྱབ་ཅིང་དགའ་བ་དང༌། མ་ཡེངས་པར་བླ་མའི་མན་ངག་གི་རིམ་པས་ཟློས་ཤིང་སྣ་ཚོགས་པར་སྣང་བ་དང་བྲལ་བར་ཡི་གེ་ཐམས་ཅད་ལ་སེམས་ཐིམ་པར་གྱུར་ཀྱང༌། སྔགས་དེ་རྣམས་ཞེ་སྡང་དང་རྡོ་རྗེ་ལ་སོགས་པ་གསལ་བར་བྱེད་པས་དེ་ཉིད་དུ་ཐིམ་པར་བྱས་ཤིང༌། ཞེ་སྡང་ལ་སོགས་པའི་སེམས་དེ་ཡང་རིམ་གྱིས་རྟོག་པའི་དྲི་མ་མ་ལུས་པ་དང་བྲལ་བས་ཆོས་གྱི་དབྱིངས་ལ་འཇུག་པར་འགྱུར་བ་ཡིན་ནོ། །དེ་ལྟར་རྡོ་རྗེ་གསུམ་ཀྱི་དཀྱིལ་འཁོར་བསྒོམས་པས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པའི་མཚན་ཉིད་ཁོ་ན་འབྲས་བུ་ཡིན་པས་འབྲས་བུ་ཁྱད་པར་མེད་པ་ཡིན་ལ། མངོན་སུམ་དང་གཅིག་ནས་གཅིག་ཏུ་བརྒྱུད་པའི་རིམ་པ་ནི་ཁྱད་པར་ཡིན་ནོ། །དེ་ལྟར་ན་དཀྱིལ་འཁོར་གསུམ་བསྒོམས་པས་འདོད་ཆགས་ལ་སོགས་པ་ཉིད་ཐབས་ཀྱི་སྒོ་ཡིན་པར་བསྟན་པ་ནི་རིགས་པ་ཡིན་ནོ། །དེ་ཡང་གང་གི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་དག་པར་དེ་བཞིན་གཤེགས་པས་བསྟན་པ་ཡིན་པས་ན་འདིར་འདོད་ཆགས་ལ་སོགས་པ་སྤང་བར་བྱ་བའམ། འདོད་ཆགས་དང་བྲལ་བ་ལ་སོགས་པ་བླང་བར་བྱ་བ་མེད་དེ། ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་འབའ་ཞིག་རྟོགས་པར་བྱས་པ་ལས་ཡང་དག་པ་མཐོང་བར་འགྱུར་ལ། ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ཀྱིས་ནི་གྲོལ་བར་འགྱུར་བ་ཡིན་ནོ། །


DTG078_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དོན་འདི་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཀྱང༌། འདི་ལ་བསལ་བ་གང་ཡང་མེད། །གཞག་པར་བྱ་བ་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་བྱ་བས་གསལ་བར་མཛད་པ་ཡིན་ནོ། །འདིར་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཕྱིན་ཅི་མ་ལོག་པའི་ཐུགས་དང་ལྡན་པ་རྣམས་ནི་འཇུག་པ་གང་ཡང་རུང་བ་དེ་ཐམས་ཅད་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་ཉིད་ཡིན་པས་ན། གང་ལས་ཀྱང་ཟློག་པར་མི་བྱེད་དོ། །དེ་བས་ན་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང༌། བག་ལ་ཉལ་བ་མཁྱེན་པས་སྔགས་ཀྱི་བསྟན་བཅོས་རྣམ་པ་བཞི་གསུངས་ཏེ། གང་ཡང་རེ་ཞིག་སྐྱེ་བ་གཞན་དུ་གོམས་པའི་བག་ཆགས་ཀྱིས་སྐྱེ་བ་མེད་པའི་ནགས་ཚལ་གྱི་གནས་དང༌། ཁྲུས་དང༌། དཀྱིལ་འཁོར་བྲི་བ་དང༌། མཆོད་པ་དང༌། སྤྱིན་སྲེག་དང༌། དཀའ་ཐུབ་དང༌། བཟླས་བརྗོད་ལ་སོགས་པའི་བྱ་བ་མེད་པར་ཡིད་མཉམ་པར་འཇོག་བ་མི་འཐོབ་པས་དེའི་ཕྱིར་ནི་བྱ་བའི་རྒྱུད་སྟོན་པར་མཛད་པ་ཡིན་ནོ། །གང་ཡང་དེ་ཁོ་ན་ཉིད་ལ་མངོན་པར་ཞེན་པའི་སེམས་དང་ལྡན་པ་དག་ཀྱང་དད་པའི་སྟོབས་ཀྱིས་བདེ་བར་གཤེགས་པས་གསུངས་པའི་བྱ་བ་རྣམས་ཀྱིས་ཀྱང་ཡེ་ཤེས་ཐོབ་པར་འགྱུར་བས་བྱ་བ་ལ་ལྟོས་པ་དང་བཅས་པ་ཡིན་ལ། དེ་རྣམས་ལ་ནི་བྱ་བ་ཡན་ལག་ཤིན་ཏུ་མང་པོ་མ་ཡིན་པ་རྩ་བའི་རྒྱུད་གསུངས་པ་ཡིན་ནོ། །གཞན་དག་ནི་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་སྒོམ་པར་གཅིག་ཏུ་མོས་པ་བྱ་བ་མང་པོའི་ཚོགས་རྣམས་ལ་གཡེང་བར་འདུ་ཤེས་པ་མེད་པ་དེའི་དོན་དུ་ནི་རྣལ་འབྱོར་གཙོ་བོར་མཛད་དེ། བྱ་བའི་ཡན་ལག་ཅུང་ཟད་ཅིག་ཞར་ལ་སྟོན་པར་མཛད་པའི་སྤྱོད་པའི་རྒྱུད་གསུངས་པ་ཡིན་ནོ། །ཡང་གང་ཞིག་དེའི་རིགས་སུ་གཏོགས་པ་དང༌། སྐྱེ་བ་གཞན་དུ་གོམས་པའི་སྟོབས་ཀྱིས་བྱ་བ་ཐམས་ཅད་དངོས་པོ་ཐམས་ཅད་ལ་གཉིས་ཀྱི་འདུ་ཤེས་འཇུག་པར་མི་བྱེད་པའི་བདག་ཉིད་ཆེན་པོ་ད་རྣམས་ལ་བྱ་བའི་ངེས་བ་མ་གསུངས་ཏེ། ཐམས་ཅད་བྱེད་པ་དང་ཐམས་ཅད་སྤྱོད་པ་ལ་ཡང་དགག་པ་མེད་བའི་རྒྱུད་ཐམས་ཅད་ཀྱི་གོང་མར་གྱུར་པ། རྣལ་འབྱོར་པ་ཆེན་པོའི་རྒྱུད་བཅོམ་ལྡན་འདས་ཀྱིས་


DTG078_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ཡིན་ནོ། །དེ་ལྟར་ན་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་བྱ་བའི་ཕྱིར་རྣམ་པ་བཞི་པོས་སྣ་ཚོགས་པའི་ཐབས་དང་ལྡན་པའི་སྔགས་ཀྱི་བསྟན་བཅོས་གསུངས་པ་ཡིན་ནོ། །གང་ཞིག་གང་དུ་ཇི་ལྟར་འདོད། །དེ་ཉིད་དེ་ལ་ངེས་སྦྱོར་ཞིང༌། །འདོད་པའི་དོན་ནི་ཐོབ་མཛད་པའི། །དམ་པའི་དོན་ནི་ཐུབ་པས་གསུངས། །འདི་ནི་གསང་སྔགས་ཀྱི་ཐེག་པ་ཆེན་པོའི་ལྷག་པའི་ཁྱད་པར་ཡིན་ཏེ། སེམས་ཅན་གང་ཡུལ་གང་དུའམ་དུས་གང་དུ་ཇི་ལྟར་མངོན་པར་འདོད་པར་འགྱུར་བ་དེ་དེ་ཉིད་ལ་ངེས་པར་སྦྱོར་ཞིང་ཐབས་བདེ་བ་ཉིད་ཀྱིས་བྱང་ཆུབ་ཐོབ་བར་མཛད་པ་ཡིན་ནོ། །དེ་བས་ན། སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་བཅིངས་གྱུར་པ། །ཐབས་དང་བཅས་པ་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་རྗེས་སུ་མཐུན་པའི་ཐབས་སྟོན་པར་མཛད་པས་ན། གསང་སྔགས་ཀྱི་ཐེག་པ་ཆེན་པོར་ནི། བཅོམ་ལྡན་འདས་དཀའ་བ་སྤྱོད་པ་སྟོན་པར་མི་མཛད་པ་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པར་ནི་ཅི་ནས་ཀྱང་དཀའ་བ་མེད་པའི་མིང་དང་ལྡན་པ་ཉིད་བྱང་ཆུབ་པ་ཡིན་པ་དེ་ལྟར་ནི་ཐམས་ཅད་དུ་སྟོན་བར་མཛད་པ་ཉིད་ཡིན་ནོ། །དེར་ནི་མིང་ཙམ་ཞིག་བཀག་པ་ཡིན་ནོ་ཞེ་ན། མིང་བཀག་པ་ཉིད་ཀྱིས་དཀའ་བ་ཉིད་བཀག་པར་གྱུར་པ་མ་ཡིན་ནམ། གང་ཞིག་བྱེད་པ་ཉིད་ན་དཀའ་བའི་མིང་འཇུག་པ་དེ་ཉིད་ནི་དཀའ་བ་ཡིན་གྱི་བྱ་བ་ཙམ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་གཉིས་སུ་མེད་བའི་ཏིང་ངེ་འཛིན་གོམས་པར་གྱུར་པས་མགོ་བོ་དང༌། རྐང་པ་དང་ལག་པ་ལ་སོགས་པ་སྦྱིན་པ་གཞན་གྱི་དོན་གྱི་འདུ་ཤེས་ཀྱི་དགའ་བ་ཐོབ་པས་བདེ་བའི་མིང་ཉིད་ལ་འཇུག་པས་དེའི་ཚེ་ཇི་ལྟར་དཀའ་བ་ཡིན། གཞན་དག་ལ་དཀའ་བ་ཉིད་དུ་གྲགས་པ་ཡིན་ཞེ་ན། གལ་ཏེ་དེ་ལྟ་ན་ནི་གསང་སྔགས་ཀྱི་སྒོ་ལ་སྤྱད་པ་སྤྱོད་པ་བདེ་བའི་ཡོ་བྱད་ཐམས་ཅད་དང་ལྡན་པའི་སྙིང་རྗེ་ཆེན་པོ་རོ་གཅིག་པའི་མཆོག་ཏུ་དགའ་བའི་སྙོམས་པར་འཇུག་པ་མི་འདོད་པ་རྣམས་སྤྲུལ་པའི་ཚོགས་ཀྱིས་འགྲོ་བ་རྣམས་ཀྱི་མངོན་པར་འདོད་པའི་དོན་རྣམས་ཅིག་ཅར་བྱེད་པ་ནི་གཞན་དག་ལ་ལྷག་


DTG078_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

པར་དཀའ་བ་ཉིད་དུ་གྲགས་པས་འདི་དག་མཉམ་པ་ཉིད་ཡིན་ནོ། །དེ་བས་ན་དཀའ་བ་ནི་འདིར་རྣམ་པ་ཐམས་ཅད་དུ་གཞན་གྱི་དོན་གང་ཅུང་ཟད་ལ་སྦྱར་བར་བཤད་པ་མ་ཡིན་ལ། དེ་ཡང་དཀའ་པའི་མིང་ཅན་དུ་རིགས་པ་མ་ཡིན་ནོ། །དེ་བས་ན་མིང་བཀག་པས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་ཉིད་ཀྱི་ཕུན་སུམ་ཚོགས་པ་ཡིན་པར་བསྟན་པ་ཡིན་ནོ། །དེ་ལ་དཀའ་པར་བྱེད་པའམ་སླ་བར་བྱེད་པ་ནི་རིགས་སུ་གཏོགས་པ་ཅི་འདོད་པར་སྤྱོད་པ་ཉིད་དོ། །དེ་བས་ན་བདེ་བ་ཉིད་ཀྱིས་བདེ་བ་ཐོབ་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་གསང་སྔགས་ཀྱི་ཐེག་པ་ཆེན་པོར་ནི་དཀའ་བ་མི་སྤྱོད་པ་སྟོན་པར་མཛད་པ་ཡིན་ནོ། །དེ་ཡང་འདི་ལྟར་གང་འདོད་ཆགས་ལ་སོགས་པའི་ཉེས་པའི་ཚོགས་རྣམས་ལ་ཀུན་དུ་སྤྱོད་པ་མེད་པ་རང་བཞིན་ཉིད་ཀྱིས་རགས་པའི་རྣམ་པར་རྟོག་པ་མངོན་པར་མི་ཤེས་པ། སྙིང་རྗེ་ཆེན་པོ་དང་ལྡན་པ་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཚོལ་བ་ལ་བརྩོན་པ་དབང་པོ་རབ་ཀྱི་ཡང་རབ་ཏུ་གྱུར་པའི་བདག་ཉིད་ཆེན་པོ་དེའི་ཕྱིར་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་བྱ་བའི་སྤྲོས་པའི་ཉེས་པ་མ་ལུས་པ་སྤངས་པ་སྙིང་རྗེ་ཆེན་པོའི་རོ་གཅིག་པ། ཆོས་ཐམས་ཅད་བདག་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་མིང་གཞན་ཐབས་དང་ཤེས་རབ་ཅེས་བྱ་བའི་ཕྱག་རྒྱ་ཆེན་པོ་གསང་བ་ཐམས་ཅད་ཀྱི་དམ་པ་ཉེ་བར་བསྟན་པར་མཛད་པ་ཡིན་ནོ། །གང་ཡང་ཐ་མལ་པའི་ཡུལ་ལ་ཉེ་བར་ལོངས་སྤྱོད་པ་ལ་རྒྱབ་ཀྱིས་ཕྱོགས་ཀྱང་འདོད་ཆགས་ལ་སོགས་པའི་བག་ཆགས་ཀྱི་རྣམ་པར་རྟོག་པ་མ་སྤངས་པ་རྣམ་པར་རྟོག་པའི་ཡེ་ཤེས་སྣ་ཚོགས་པར་སྤྲུལ་པ་དབང་པོ་མཆོག་གི་བར་མར་གྱུར་པ། དོན་དམ་པའི་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོར་འཇུག་པར་ནུས་པ་མ་ཡིན་པ་དེའི་ཕྱིར། ཕྲེང་བ་དང༌། གོས་དང༌། རྒྱན་ལ་སོགས་པ་ཤེས་རབ་ལ་དགོས་པའི་ཚོགས་སུ་གྱུར་པའི་ཐབས་ཤེས་རབ་ཀྱི་བདག་ཉིད་ཅན་དེ་བཞིན་གཤེགས་པའི་རིག་པའི་ཚོགས་སྤྲུལ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཕྱག་རྒྱ་ཆེན་པོ་རྟོགས་པའི་ཐབས་སུ་གྱུར་པ། ཡེ་ཤེས་ཀྱི་ཕྱག་རྒྱ་གསུངས་པ་ཡིན་ནོ། །གཞན་ཡང་དབང་པོ་མཆོག་གི་ཐ་མ་གཉིས་སུ་མེད་པའི་ཡེ་ཤེས་ལ་དགའ་བ་ཡིན་དུ་ཟིན་ཀྱང་འདོད་པའི་འདོད་ཆགས་མ་


DTG078_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་ཤིང་དེའི་ཡུལ་དང་ཉེ་བར་གྱུར་པ་ལས་རྣམ་པར་གཡེང་བར་འགྱུར་གྱི་ཏིང་ངེ་འཛིན་དུ་མི་འགྱུར་པས་དེ་ལ་ནི་དམ་ཚིག་གི་ཕྱག་རྒྱ་རྗེས་སུ་གནང་སྟེ། དེ་ཡང་རྒྱུད་ལས་ཇི་སྐད་བཤད་པའི་གཟུགས་དང་ལང་ཚོལ་སོགས་པའི་ཡོན་ཏན་དང་ལྡན་པ་ལོ་བཅུ་གཉིས་པ་ལ་སོགས་པའི་ཚད་དང་ལྡན་པ། རང་གི་བདག་པོའི་རིགས་ལས་བྱུང་བ། སྔགས་དང་རྒྱུད་ཤིན་ཏུ་ལེགས་པར་བསླབས་པ་དམ་ཚིག་ཕུན་སུམ་ཚོགས་པ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པ་སྟེ། དེ་ལ་ཡང་ལྷའི་དགོས་བ་བྱས་པའི་སྔགས་ཀྱི་ལུས་དང་ཤེས་རབ་ཀྱི་བདག་ཉིད་ཅན་དང༌། བདག་ཉིད་ཀྱང་སྙིང་རྗེ་ཆེན་པོ་ཡོངས་སུ་གྱུར་པའི་ཐམས་ཅད་མཁྱེན་པའི་གཟུགས་སུ་བསམ་པའི་ཏིང་ངེ་འཛིན་ལ་གནས་པ་ནི་ཀུན་ནས་ཉོན་མོངས་པ་མ་ཡིན་གྱི་ཐབས་ཉིད་ཡིན་ནོ། །གང་ཞིག་འདོད་ཆགས་ལྷག་པར་ཆེ་ཞིང་དེ་ལྟ་བུའི་རྣམ་པ་ཡོངས་སུ་རྫོགས་པར་མི་ནུས་པའི་དབུལ་བ་ཉིད་དམ། རང་ཉིད་དེ་ལ་ལྟོས་པ་མེད་ཅིང་དེ་ཁོ་ན་ཉིད་ཀྱི་བློ་ཆེ་བ་མ་ཡིན་པ་ལ་གནས་པ་ཉིད་ཀྱིས་ཡོངས་སུ་འཛིན་པ་དེ་ལྟ་བུ་ལ་མི་འཇུག་པར་གཞན་གྱི་སེམས་མཉམ་པར་འཇོག་པར་མི་ནུས་པ་དེའི་ཕྱིར་ནི་ལས་ཀྱི་ཕྱག་རྒྱ་གསུངས་པ་ཡིན་ལ། དེར་ཡང་རྗེས་སུ་མཐུན་པའི་ལས་སུ་བྱེད་པ་ཉིད་ཀྱིས་ཉམས་སུ་ལེན་པ་ཡིན་ནོ། །དེ་ལྟར་སེམས་ཅན་གང་གང་ལ་མདོན་པར་འདོད་པ་དེ་དེ་ཉིད་ལ་ངེས་པར་སྦྱོར་བར་མཛད་པས། གཙོ་བོས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་གནས་ཐོབ་པར་མཛད་པའི་ཕྱིར། སྔགས་ཀྱི་ཐེག་པ་ཉིད་དཀའ་བ་མེད་ཅིང་བྱང་ཆུབ་ཀྱི་རྒྱུའི་གཙོ་བོ་ཡིན་ནོ། །དེ་བས་ན། དཀའ་ཐུབ་སྔོམ་པ་མི་བཟད་པ། །བསྟེན་པས་འགྲུབ་པར་མི་འགྱུར་གྱི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རྣམས་ཀྱིས་ནི། རང་སེམས་མཉམ་ཉིད་གཡེངས་འགྱུར་ལ། །གཡེངས་པས་འགྲུབ་པར་མི་འགྱུར་རོ། །ཞེས་བྱ་བ་ཡང་རིགས་པ་ཉིད་ཡིན་ནོ། །འདིར་བདེན་པའི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་བ་ནི་དེ་ཁོ་ན་ཉིད་ཀྱི་ཐབས་མ་ཤེས་པའི་ཕྱིར། དབང་པོ་རྟུལ་པོ་ཡིན་པར་ཤེས་པར་བྱའོ། །ཕ་རོལ་ཏུ་ཕྱིན་པའི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ནི་ཐབས་ཉིད་ལ་འཁྲུལ་པ་ཡིན་པའི་


DTG078_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དབང་པོ་འབྲིང་པོ་ཡིན་ནོ། །གསང་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པ་རྣམས་ནི་གང་དུ་ཡང་རྣམ་པར་རྨོངས་པ་མེད་པས་ན་དབང་པོ་རྣོན་པོ་ཡིན་ནོ། །དེ་བས་ན་དབང་པོ་རྣམས་ནི་གང་གཞན་དག་བྱེད་ན་ངན་འགྲོར་འགྲོ་བར་འགྱུར་བ་དེ་ཉིད་ཀྱི་ཕྱིན་ཅི་མ་ལོག་བའི་ཐབས་ལ་མཁས་པས་ཀུན་དུ་སྤྱོད་པའི་སྔགས་ཀྱི་བརྟུལ་ཞུགས་ཅན་ནི་རྣམ་པར་དག་པའི་གནས་ཐོབ་པར་འགྱུར་རོ། །རྟུལ་པོའི་རྟུལ་པོ་ལ་སོགས་པའི་དབྱེ་བ་ནི་རང་ཉིད་ཀྱིས་ཤེས་པར་འགྱུར་བས་ན་མ་སྤྲོས་སོ། །དེ་བས་ན་དེ་ཁོ་ན་ཉིད་དང་ཐབས་མཁས་པ་དག་ལ་མ་རྨོངས་པ་ལ་སོགས་པའི་རྒྱུ་རྣམས་ཀྱིས་སྔགས་ཀྱི་ཐེག་པ་ཉིད་ཚུལ་ཐམས་ཅད་ཀྱི་མཆོག་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཀུན་དུ་བཟང་པོའི་ཐུགས་རྗེ་ཆེན་པོ་སེམས་ཅན་གྱི་ཁམས་ཡོངས་སུ་སྐྱོབ་པའི་མཛད་པ་འགྲུབ་པ་ནི་སོ་སོར་ངེས་པའི་སེམས་ཅན་ལ་ཕན་འདོགས་པའི་ལམ་གྱིས་འགྲུབ་པ་མ་ཡིན་པས་ན་སྔགས་ཀྱི་བསྟན་བཅོས་ནི་བསྟན་བཅོས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་གྲུབ་པ་ཡིན་ནོ། །གང་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ནི་བྱམས་པ་ལ་སོགས་པ་ཉིད་ཀྱིས་མ་ལུས་པ་ལ་དམིགས་པ་ལས་འབྱུང་བར་འགྱུར་གྱི་ཞེ་སྡང་ལ་སོགས་པ་ལས་ནི་མ་ཡིན་ཏེ། བྱམས་པ་ལ་སོགས་པས་ཀུན་ནས་བསླང་བའི་སྦྱིན་པ་ལ་སོགས་པ་ནི་ཞེ་སྡང་ལ་སོགས་པས་ཀུན་ནས་བསླང་བའི་མངོན་སྤྱོད་ལ་སོགས་པ་ལས་ནི་མ་ཡིན་ཏེ། དེ་དང་འགལ་བའི་ཕྱིར་རོ་ཞེ་ན། འདིར་བརྗོད་པར་བྱ་སྟེ། འགལ་བ་ཞེས་བྱ་བ་འདི་ཅི་ཞིག་ཡིན། །གལ་ཏེ་ཕན་ཚུན་ཡོངས་སུ་སྤངས་པར་གནས་པའི་མཚན་ཉིད་ཡིན་ན་ནི། བྱམས་པ་དང་སྙིང་རྗེ་དེ་ཡང་ཕན་ཚུན་ཡོད་དོ་ཞེས་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །ལྷན་ཅིག་མི་གནས་པའི་མཚན་ཉིད་ཡིན་ནོ་ཞེ་ན། དེ་ནི་ཇི་ལྟར་ན་བྱམས་པ་དང་སྙིང་རྗེ་ལ་སོགས་པ་ཡོད་པ་དེ་ལྟར་ཞེ་སྡང་ལ་སོགས་པས་ཀྱང་མི་འགྱུར་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡོངས་སུ་གཟུང་བ་བྱས་ནས་སེམས་ཅན་མ་ལུས་པ་གདོན་པའི་བསམ་པ་དང༌། དང་པོར་མ་ལུས་པ་ལ་དམིགས་པའི་བྱམས་པ་ལ་སོགས་པ་ཉིད་ཀྱིས་བྱེད་དེ། དེ་ཡང་དེའི་སེམས་


DTG078_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་སྡུག་བསྔལ་གསུམ་གྱིས་ཁྱབ་པ་ལ་སྙིང་རྗེ་བས་ངེས་པར་བདག་གིས་འདི་དག་བདེ་བའི་རབ་མཆོག་ཏུ་གྱུར་པའི་བདེ་བར་གཤེགས་པའི་གོ་འཕང་ལ་གཞག་པར་བྱའོ་ཞེས་བྱ་བ་ནི་བྱམས་པའོ། །བླ་ན་མེད་པའི་ཆོས་ཀྱི་སྐུས་ངེས་པར་བདེ་བར་གཤེགས་པ་ཉིད་དུ་འདིས་འགྱུར་རོ་ཞེས་བྱ་བ་ནི་དགའ་བའོ། །འདི་དག་ནི་བསོད་ནམས་མ་ཡིན་པ་བྱེད་པ་ཡིན་ཡང་བདག་གིས་བྱང་ཆུབ་ཀྱི་སེམས་ཀྱི་ཡུལ་དུ་བྱས་ལ། ངེས་པར་བླ་ན་མེད་པའི་དགེ་བའི་སྐལ་བ་ཅན་དུ་བྱའོ་ཞེས་འགའ་ཞིག་ལ་བཏང་སྙོམས་པ་ཡིན་ནོ། །དེ་ལྟར་ན་དམིགས་པ་ཐ་དང་པའི་བྱམས་པ་ལ་སོགས་པ་སྙིང་རྗེ་ཆེན་པོའི་སེམས་ཀྱི་ཁོངས་སུ་གཏོགས་པ་ལ་འགལ་བ་མེད་དོ། །དེ་བཞིན་དུ་དམིགས་པ་ཐ་མི་དད་པ་རྣམས་ཀྱི་ཡང་བྱང་ཆུབ་ཀྱི་སེམས་ཀྱི་རྗེས་སུ་འགྲོ་བས་བདེ་བ་དང་སྡུག་བསྔལ་བ་དང༌། བསོད་ནམས་དང་བསོད་ནམས་མ་ཡིན་པའི་ཡུལ་རྣམས་ལ་བྱམས་པ་ལ་སོགས་པ་ཡང་འགལ་པ་མེད་དོ། །ཇི་ལྟར་སྙིང་རྗེ་ཆེན་པོའི་ཡུལ་དུ་བྱས་པ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་ཡང་རྣམ་པར་དབྱེ་བས་བདེ་བའི་སེམས་ཅན་ལ་སོགས་པའི་ཡུལ་ལ་བྱམས་པ་ལ་སོགས་པ་འཇུག་པ་ན་སྙིང་རྗེ་ཆེན་པོ་དེ་ཉིད་བསྟན་པར་བྱེད་ལ། དེ་བཞིན་དུ་ཞེ་སྡང་ལ་སོགས་པའི་ཏིང་ངེ་འཛིན་ལ་ཡང་སེམས་ཅན་གདུག་པའི་ཡུལ་རྣམས་ལ་སྙིང་རྗེ་ཆེན་པོ་འགྲུབ་པའི་རྒྱུ་ཉིད་དུ་འགྱུར་རོ། །དེ་ཡང༌། ཞེ་སྡང་ཆོས་ལ་གནས་གནས་ཏེ། །སེམས་ཅན་ཐམས་ཅད་རྣམ་པར་སྤྱོད། །ཅེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་དང༌། དེ་བཞིད་དུ་གང་གདུག་ཅིང་གདུལ་དཀའ་བའི་སྤྱོད་པ་ཅན་དེ་རྣམས་ཁྲོ་བོའི་ཏིང་ངེ་འཛིན་ཉིད་ཀྱིས་དབང་དུ་བྱས་ནས་ལམ་ལ་སྤྱོར་བར་ནུས་པ་ནི་རིགས་པ་ཉིད་ཡིན་ནོ། །དེ་བས་ན་ཁྲོ་བོ་ཡང་དེ་རྣམས་ཀྱི་སྙིང་རྗེ་ཆེན་པོའི་གཞིར་གྱུར་ཅིང་འགྲོ་བ་ལ་ཕན་པ་བྱེད་པའི་རྒྱུ་ཁོ་ན་ཡིན་ནོ། །དེ་ཡང༌། ཉི་མའི་ཟེར་གྱིས་གདུངས་པའི་མཚོ་ཆེན་དང༌། །མཉམ་པའི་གཟུགས་སུ་སྙིང་རྗེ་ཆེན་པོས་ཁྲོ། །ནང་ན་ཁ་བ་ལྟར་བསིལ་ཕྱི་རོལ་དུ། །རྩུབ་པ་ཉིད་ཀྱིས་འགྲོ་བ་སྐྱོད་པར་བྱེད། །ཅེས་བཤད་པ་ཡིན་ནོ། །དེ་བས་ན་ཞེ་སྡང་ལ་སོགས་


DTG078_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཏིང་ངེ་འཛིན་རྣམས་ཀྱང་བྱམས་པ་ལ་སོགས་པའི་ཏིང་ངེ་འཛིན་ལྟར་འགྲོ་བ་ལ་ཕན་འདོགས་པའི་དམིགས་པ་ཉིད་ཡིན་པར་བྱེ་བྲག་མེད་པ་ཁོ་ན་ཡིན་ནོ། །དེ་བཞིན་དུ་ཞེ་སྡང་ཆེན་པོ་ལ་སོགས་པ་དང་རབ་ཏུ་ལྡན་བའི་མངོན་སྤྱོད་ལ་སོགས་པའི་ལམ་རྣམས་ཀྱང་སྙིང་རྗེ་ཆེན་པོ་དང་ལྡན་པའི་སྔགས་པ་རྣམས་ཀྱིས་གཞན་གྱི་དོན་བྱེད་པ་མཐོང་བའི་ཆོས་ཉིད་ལ་གཞན་གྱི་དགོས་པ་བྱའི་གཞན་དུ་མ་ཡིན་ནོ་ཞེས་བྱ་བ་ནི་ངེས་པ་ཡོད་པ་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་གཞན་གྱི་དགོས་པ་མེད་པར་མངོན་པར་འདོད་པ་ཡིན་པའི་ཕྱིར་རོ། །གང་ཡང་ཆོས་བསྟན་པ་ལ་སོགས་པས་སྡིག་པ་ལས་ལྡོག་པར་མི་ནུས་ལ། མ་བཟློག་ན་ནི་ཉེས་པར་སྤྱོད་པ་མི་བཟད་པ་བྱས་པའི་ཕྱིར་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ལས་གདོན་པར་མི་ནུས་སོ། །དེའི་ཕྱིར་ནི་སྔགས་པས་གཤིན་རྗེ་གཤེད་ལ་སོགས་པའི་ཏིང་ངེ་འཛིན་དང༌། སྔགས་དང་རྒྱུད་ཀྱི་སྦྱོར་བས་བསང་བ་ཡང་རྗེས་སུ་གནང་བ་ཡིན་ནོ། །དེ་ལྟ་བུས་འཆི་བ་ནི་གཉིས་སུ་མེད་པའི་ཏིང་ངེ་འཛིན་ལ་སོ་སོར་བརྟེན་པས་བདེ་འགྲོར་སྐྱེ་ཟིང་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་ལ་རྗེས་སུ་ཞུགས་པས་དེའི་དགོས་པ་ཆེན་པོ་ཉིད་དུ་འགྱུར་བ་ཉིད་ཡིན་ནོ། །དེ་བས་ན་སློབ་དཔོན་སྨད་པ་ལ་སོགས་པས་བྱང་ཆུབ་ཀྱི་སེམས་བརྟན་པ་ཉིད་དུ་རྒྱུད་རྣམས་ལས་གསུངས་པ་ཡིན་ཏེ། དེ་རྣམས་ཉིད་ནི་ཤིན་ཏུ་ཉེས་པར་སྤྱོད་པ་བྱེད་པ་ཉིད་ཀྱིས་ལྷག་པར་སྙིང་བརྩེ་བར་བྱ་བ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་དབང་དུ་གྱུར་པ་ཡང་དེས་བསྒོ་བ་ལ་ཡིད་རྟོན་ཅིང་དད་པ་བསྐྱེད་པ་ལ་སོགས་པས་བྱང་ཆུབ་ཀྱི་སེམས་བརྟན་པ་ཉིད་དུ་འགྱུར་བས་ན་ཕན་འདོགས་པ་ཡིན་ནོ། །གང་ཡང་དེ་བཞིན་གཤེགས་པ་ལ་གནོད་པ་བྱེད་པ་ལ་སོགས་པ་ལ་བསམ་གཏན་སྔོན་དུ་འགྲོ་བས་བསད་པར་ཉེ་བར་བསྟན་པ་དང༌། དེ་བཞིན་དུ་ཆགས་པ་ཙམ་གྱིས་དབང་དུ་བྱ་བར་བསྟན་པ་ནི་ཀུན་ནས་ཉོན་མོངས་པ་གཞན་གྱི་དབང་དུ་གྱུར་པ་ཡིན་ན་ཡང་ཡེ་ཤེས་འདིས་གཉིས་སུ་མེད་པའི་ཡེ་ཤེས་སྙིང་ལ་འཇོག་ལ། དེ་ནས་སྙིང་རྗེ་ཆེན་པོས་བདག་ཏུ་བྱ་བའི་གཉིས་སུ་མེད་པའི་ཏིང་ངེ་འཛིན་ལ་རབ་ཏུ་འཇུག་པས་སྤྱིན་པ་ལ་སོགས་པའི་ལས་ཐམས་


DTG078_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྙིང་རྗེས་ཡོངས་སུ་སྨིན་པར་བྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་ཉེས་པ་མེད་དོ། །དེ་བས་ན་ཞེ་སྡང་ལ་སོགས་པར་ཡོངས་སུ་གཞོལ་བས་ཀྱང་སེམས་ཅན་རྣམས་ལ་རྣམ་པ་འདིས་གཞན་གྱི་དོན་གྱི་ཡེ་ཤེས་ཀྱི་བདུད་རྩིས་ཚིམ་པར་བྱེད་པ་ཡིན་ན་ཞེས་བྱ་བར་དགོངས་སོ། །མངོན་པར་འདོད་པའི་དོན་ཡང་དག་པར་གྲུབ་པ་རྣམས་ནི་འདོད་ཆགས་ལ་སོགས་པ་ཙམ་གྱིས་ཀྱང་རབ་ཏུ་འཇུག་པ་ནི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ཉིད་ཡིན་ནོ། །དེ་ཡང་གང་གི་ཕྱིར་ཆོས་ཀྱི་དབྱིངས་དབྱེར་མེད་པ་ཡིན་ལ་སྣ་ཚོགས་པ་ཡང་དེ་ཙམ་དུ་ཟད་དོ། །དེ་ནི་ཇི་ལྟར་ཕྱིན་ཅི་མ་ལོག་པར་མཐོང་བའི་སྙོམས་པར་འཇུག་པའི་སེམས་ལ་རྣམ་པར་བརྟགས་པ་དེ་དེ་བཞིན་དུ་ལྡང་བའི་སེམས་ལ་ཡང་སོ་སོར་སྣང་བ་ཡིན་པས་བྱང་ཆུབ་ཀྱི་སེམས་ཀྱི་ཡིད་བཞིན་གྱི་ནོར་བུ་ལྟར་དེ་དག་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བ་ཡིན་ནོ། །དེ་བས་ན་རིན་ཆེན་འབྱུང་ལྡན་ལ་སོགས་པའི་དམ་ཚིག་ཉམས་སུ་བླང་བ་ལ་ཡང་ཉེས་པ་མེད་དེ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ལ་རབ་ཏུ་གཞོལ་བའི་ཡིད་ནི་ཉམས་སུ་ལེན་པ་ཐམས་ཅད་ཕྱིན་ཅི་མ་ལོག་པར་རྟོགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ངེས་པར་བྱ་བ་ཉིད་དུ་བསྟན་པ་ནི་དེ་ཁོ་ན་ཉིད་ལ་མངོན་པར་ཞུགས་པའི་སེམས་དང་ལྡན་པའི་རྣལ་འབྱོར་པ་རྣམས་ལ་དེ་ཉིད་རྣམ་པར་རྟོག་པའི་ཐབས་ཡིན་པའི་ཕྱིར་རོ། །དེ་ཡང་གང་འཇིག་རྟེན་པའི་ཆོས་ཀྱི་རྗེས་སུ་འཇུག་པ་རྣམས་ནི་ཆགས་པ་མེད་པའི་གནས་རྙེད་པར་སླ་བ་མ་ཡིན་པས་འཇིག་རྟེན་པའི་ཆོས་རྣམས་ལ་རྣམ་པར་གཡེང་བའི་འདུ་ཤེས་ཅན་རྣམས་ནི་དག་པ་དང༌། མ་དག་པ་ལ་སོགས་པ་ལ་མངོན་པར་ཞེན་པ་ཡིན་ལ། དེ་ཡང་ལོག་པ་ལ་མངོན་པར་ཞེན་པ་ཉིད་ལ་ངེས་པར་འཛིན་པ་གསང་བ་ལ་སོགས་པར་རྟོག་པ་ཁྱད་པར་གསོད་པའི་བདག་ཉིད་ཆེན་པོ་དེའི་ཕྱིར་འགྲོ་བ་མ་ལུས་པའི་བསམ་པ་མཁྱེན་པའི་ཐམས་ཅད་མཁྱེན་པས་འཇིག་རྟེན་པའི་ཆོས་ཐམས་ཅད་དང་མི་མཐུན་པར་གྱུར་པ་ཉིད་ཀྱིས་འཇིག་རྟེན་ལས་འདས་པའི་གོ་འཕང་ཐོབ་པར་མཛད་ཅིང༌། །ཟས་དང༌། སྤྱོད་ལམ་གྱི་བྱ་བ་རྣམས་ངེས་པ་མེད་པ་ཉིད་དུ་བསྟན་པ་ཡིན་པར་ངེས་པར་བྱས་པ་ཡིན་ནོ། །དེ་བཞིན་དུ་


DTG078_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་དྲུང་དང་དུར་ཁྲོད་དང༌། བླག་བ་མེད་པ་ལ་སོགས་པའི་གནས་རྣམས་ཀྱང་སྦྱངས་པའི་ཡོན་ཏན་ལ་དགའ་ཞིང་ཆོག་ཤེས་པ་ལ་འཇོག་པ་ལ་གཏོགས་པ་གཞན་ནི་མ་མཐོང་ངོ༌། །མངོན་པར་འདོད་པའི་དེ་ཁོ་ན་ཉིད་ལ་གོམས་པ་ཉིད་ནི་མྱ་ངན་ལས་འདས་པར་ཡིད་གཞོལ་བར་འགྲུབ་བར་མི་འགྱུར་བའི་ཕྱིར་སྦྱངས་པའི་ཡོན་ཏན་ཉེ་བར་སྟོན་པ་ནི་འབྲས་བུ་དང་ལྡན་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་དེ་ཁོ་ན་ཉིད་ཀྱི་བདུད་རྩི་མྱོང་བ་དང་ལྡན་པ་རྣམས་ནི་འཇིག་རྟེན་པའི་ཆོས་གང་གི་ཡང་རྗེས་སུ་མི་འཇུག་པས་རིན་ཆེན་འབྱུང་ལྡན་ལ་སོགས་པའི་ཟས་བསྟན་ཅིང༌། ཟས་བཟའ་བ་ལ་སོགས་པ་དགག་པ་ཡང་རིགས་པ་ཉིད་ཡིན་ནོ། །གང་ཡང་ཉིན་རེའམ་ནི་ཟླ་རེ་ཞིང༌། །ཞེས་བྱ་བ་ལ་སོགས་པས་ངེས་པར་བྱ་བ་ཉིད་དུ་བརྟེན་པ་ནི་དེའི་རིགས་སུ་གཏོགས་པ་ཉིད་དེ་གོམས་པར་བྱ་བའི་ཕྱིར་ཡིན་ཏེ། དེ་ཉིད་ནི་དེ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྟོགས་པའི་ལམ་ཡིན་ནོ། །དེ་བས་ན་དེ་ལྟ་བུའི་རིགས་དང་ལྡན་པ་གཞན་གང་ཅི་ཡང་རུང་པར་བཤད་པ་དེ་རྣམས་ཐམས་ཅད་ཀྱང་དེའི་རིགས་སུ་གཏོགས་པ་ཉིད་ཀྱི་རྣལ་འབྱོར་པ་ནི་གཉིས་སུ་མེད་པ་ཉམས་སུ་ལེན་པ་ལས་གཞན་པས་གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས་ལ་འཇོག་པར་མི་ནུས་པ་ཉིད་ཡིན་པར་ཤེས་པར་བྱའོ། །དེས་ན་ཇི་ལྟར་ལུང་ལས་འདོད་ཆགས་དང་བྲལ་བའི་སེམས་ལས་རྣམ་པར་རྟོག་པ་དང༌། མི་གཙང་བ་དང་ཟས་དང་སྐོམ་ལ་མི་མཐུན་པའི་འདུ་ཤེས་ཉེ་བར་བསྒོམ་པ་སྟོན་པ་ནི་རྣལ་འབྱོར་པ་རྣམས་ཀྱི་རང་བཞིན་གྱི་དབྱེ་བ་ལས་གྱུར་པ་ཡིན་ཏེ། ཇི་ལྟར་བྱ་བའི་རྒྱུད་ལ་སོགས་པ་ལས་བསྟན་པ་ནི་རྣལ་འབྱོར་པའི་རང་བཞིན་གྱི་དབྱེ་བ་ཉིད་ལས་ཡིན་གྱི། དེར་ཡང་བསྒྲུབ་པར་བྱ་བའི་དབྱེ་བ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་དམ་ཚིག་ཉེ་བར་བསྟན་པ་ཡང་སེམས་ཅན་མ་ལུས་པའི་བསམ་པ་མཁྱེན་ནས་རང་བཞིན་གྱི་དབྱེ་བ་ཉིད་ལས་བསྟན་པར་ཤེས་པར་བྱའོ། །དེ་ཡང་ཞེ་སྡང་ལ་སྤྱོད་པའི་རྣལ་འབྱོར་པ་རྣམས་ལ་ནི་ཞེ་སྡང་རྡོ་རྗེ་བསྒྲུབ་པ་རྗེས་སུ་གནང་ལ། བསྒྲུབ་པ་དེ་ཞེ་སྡང་འཕེལ་བ་ཉིད་རྐྱེན་དུ་བྱས་པ་ཡིན་ནོ། །དེ་བཞིན་དུ་འདོད་ཆགས་ལ་སོགས་པ་སྒྲུབ་པ་ལ་ཡང་སྦྱར་བར་བྱ་སྟེ། སྤྲོས་པ་འདི་དག་


DTG078_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་ལ་ཉེ་བར་ཆུད་པའི་རྣལ་འབྱོར་པ་རྣམས་རང་བཞིན་སྣ་ཚོགས་པ་དང་ལྡན་པ་དག་དེ་ཁོ་ན་ཉིད་གྱི་ལམ་ལ་འཇུག་པར་བྱ་བའི་དོན་ཉིད་ཡིན་པར་རྟོགས་པར་བྱའོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་ཚུལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ལ་སེམས་ཅན་ཐམས་ཅད་གཟུད་པར་བྱ་བའི་དོན་དུ་མི་མཐུན་པའི་ཐབས་རྣམ་པ་སྣ་ཚོགས་པའི་སྒོ་ནས་ཀྱང་རྣམ་པར་གྲོལ་བའི་སྒོ་བསྟན་པ་ཉིད་ཀྱིས་ཚེ་འདི་ཉིད་དུ་འཚང་རྒྱ་བ་ཞེས་པ་ལ་སོགས་པ་གང་གསུངས་པ་སྟེ། དེ་དག་ལ་སོགས་པ་མངོན་སུམ་དུ་རྟོགས་པའི་ཐབས་རྣམ་པ་སྣ་ཚོགས་པ་སྟོན་པར་མཛད་པའི་ཕྱིར་མོས་པ་དང༌། མངོན་པར་བརྩོན་པའི་ཁྱད་པར་གྱིས་བསྒྲུབ་པར་བྱ་བ་ཉིད་དུ་བསྟན་པར་བྱ་བ་ཡིན་ལ། གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ནི་དབང་པོ་རྣོན་པོ་ཉིད་ཡིན་པའི་ཕྱིར་མོས་པ་དང༌། མངོན་པར་བརྩོན་པ་མེད་པ་མ་ཡིན་ནོ། །དེ་ལྟར་ན་བདེ་བར་གཤེགས་པས་ཚུལ་གསུམ་བསྟན་པ་ཐམས་ཅད་འགལ་བ་མེད་པ་ཉིད་དུ་རིགས་པ་ཉིད་ཡིན་ནོ། །དེ་བས་ན་གཉིས་སུ་མེད་པའི་ཡེ་ཤེས་གཅིག་པུ་ཉིད་དེ་ཁོ་ན་ཉིད་ཡིན་ལ་སེམས་ཅན་གྱི་རང་བཞིན་གྱི་དབྱེ་བ་ལས་ནི་སྤྲོས་པའི་དབྱེ་བ་ཉིད་དུ་རྗེས་སུ་གཟུང་བ་ཡིན་ནོ། །གུས་པས་དྲི་མེད་བླ་མ་ཡུན་རིང་བསྟེན་བྱས་པས། །ཚུལ་གསུམ་ངེས་པའི་ཚིག་རྣམས་གསལ་བར་རྟོགས་ནས་སུ། །བློ་ཞན་རྣམས་ཀྱིས་མ་ངེས་གྱུར་ལ་བདག་གིས་ནི། །ལུང་དོན་རྒྱ་མཚོ་མི་འགལ་འདི་ནི་བཤད་པ་ཡིན། །བདེན་པའི་དེ་ཉིད་ཚུལ་དོན་གང༌། །ཕ་རོལ་ཕྱིན་ཚུལ་དོན་གང་ཡིན། །གསང་སྔགས་ཆེན་པོའི་ཚུལ་དོན་ཡང༌། །བསྡུས་ནས་འདིར་ནི་བཤད་པ་ཡིན། །གང་ཞིག་ཚུལ་གསུམ་རྒྱ་མཚོར་འཇུག་པ་ལ། །བླ་མའི་གཞུང་གི་རྗེས་མཐུན་བདག་གི་ལམ། །རྟོགས་པས་འགྲོ་བ་ཕུན་སུམ་ཚོགས་གྱུར་ནས། །རིན་ཆེན་ལྟ་བུར་གཉིས་མེད་བློ་རྒྱས་ཤོག །ཚུལ་གསུམ་གྱི་སྒྲོན་མ་སློབ་དཔོན་ཆེན་པོ་མཐོ་བཙུན་ཏྲི་པི་ཊ་ཀ་མ་ལའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པདྨཱ་ཀར་ཝརྨ་དང༌།


DTG078_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།

དེ་ཁོ་ན་ཉིད་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ།
ཞི་བ་འཚོ།


DTG078_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཏཏྟཱ་སིདྡྷི་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། དེ་ཁོ་ན་ཉིད་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བདེ་ཆེན་བདེ་བ་འབྱུང་བའི་གནས། །རྡོ་རྗེ་ཐེག་ལ་ཕྱག་འཚལ་ཏེ། །ཀུན་དུ་རྨོངས་ལས་བཟློག་པའི་ཕྱིར། །དེ་ཉིད་གྲུབ་པ་བཤད་པར་བྱ། །འདི་ན་གང་ལ་ལ་རྡོ་རྗེའི་ཐེག་པ་ཆེན་པོ་ལ་དགེ་བའི་རྩ་བའི་བག་ཆགས་ཀྱི་རྒྱུད་མ་བསྩགས་པ། དངོས་པོར་སྒྲོ་བཏགས་པ་ལ་གོམས་པ། རང་གི་རྣམ་པར་རྟོག་པའི་རླུང་གིས་བློ་ཕྲོགས་པ། །རྩོད་པའི་དུས་ཀྱི་རྙོག་པའི་འདམ་གྱི་ཚོགས་མ་ལུས་པའི་དྲི་མས་ཡིད་དྲི་མ་ཅན་དུ་གྱུར་པ། འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་ཐབས་ཡང་དག་པར་མི་ཤེས་པ། རང་བཟོའི་རྣམ་པར་རྟོག་པ་མང་པོས་བློ་གྲོས་བསླད་པ། ཉམ་ང་བའི་མདུད་པའི་གནས་ཀྱི་རི་སུལ་དུ་ལྷུང་བ། རྟོགས་པར་དཀའ་བའི་གདོན་གྱིས་ཟིན་པའི་དབང་གིས་སེམས་དཀྲུགས་པ། སློབ་དཔོན་རྣམས་ཉེ་བར་མ་བརྟེན་པ། དོན་དམ་པ་བསྒོམ་པའི་མན་ངག་དང་བྲལ་བ་རྣམས་ནི་དཔལ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ལམ་གཞན་དག་གིས་བསྐལ་པ་དུ་མ་གྲངས་མེད་པས་རྟོགས་པར་བྱ་བ། རྡོ་རྗེ་ཐེག་པའི་ཐབས་དང་ལྡན་པ་རྣམས་ཀྱིས་ཚེ་འདི་ཉིད་ལ་དཀའ་བ་མེད་པར་བསྒྲུབ་པར་བྱ་བ། རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཐོག་མ་དང་ཐ་མ་མེད་པ། གནས་མེད་པ་སེམས་ཅན་མ་ལུས་པའི་རྒྱུད་ལ་རང་རིག་པའི་ངོ་བོ་ཉིད་བསོད་ནམས་ཆེན་པོའི་རྒྱུ་མངོན་པར་རྟོགས་པའི་མཚན་ཉིད་ཅན་དེའི་ཐབས་སུ་གྱུར་པ། རྡོ་རྗེ་ཐེག་པ་ཆེན་པོ་མ་ལུས་པའི་དམ་པའི་དམ་པར་གྱུར་པའི་ལུང་གི་མཚན་ཉིད་ཅན་རྟོགས་པར་མི་འགྱུར་བ་དེ་རྣམས་ཀྱི་མི་ཤེས་པའི་རབ་རིབ་ཀྱི་ལིང་ཏོག་རྣམ་པར་བསལ་བར་བྱ་བའི་ཕྱིར་ལུང་དང་རིགས་པ་དག་གིས་ཅུང་ཟད་བརྗོད་པར་བྱའོ། །དེ་ལ་གཟུགས་ལ་སྩོགས་པ་ཡུལ་རྣམས་ནི་ཐབས་དང་ཤེས་རབ་ཀྱིས་རྣམ་པར་ཟིན་པར་ཡོངས་སུ་ལོངས་སྤྱོད་པའི་ངོ་བོར་གྱུར་པ་ནི་འབྲས་བུ་ཁྱད་བར་ཅན་ཐོབ་བར་འགྱུར་བ་ཡིན་ནོ་ཞེས་རྟོག་པ་དང་ལྡན་པ་རྣམས་ཀྱིས་


DTG078_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་ཁོ་ནར་ཁས་བླང་བར་བྱ་སྟེ། གང་གིས་ན་ཁྱད་པར་ཅན་གྱི་ཚོགས་པ་རྣམས་ནི་ཁྱད་པར་གྱི་འབྲས་བུ་ཉིད་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་སྨྲ་བ་པོ་ཐམས་ཅད་ལ་གྲགས་པ་ཡིན་ནོ། །དེ་ཡང་དཔེར་ན་ས་ལ་སྩོགས་པ་ལས་སྐྱེས་པའི་སྐྱུ་རུ་རའི་འབྲས་བུའི་རོ་བསྐ་བར་སྣང་ལ། ཡང་འོ་མར་སྤངས་པ་ལ་སྩོགས་པའི་ལྷག་མའི་རྒྱུ་རྣམས་དང་ཕྲད་བ་ན་དེ་ཉིད་མངར་བ་ཉིད་དུ་ཤེས་པར་འགྱུར་རོ། །དེ་བས་ན་ཇི་ལྟར་རྒྱུའི་རྣམ་པ་གཞན་གྱིས་མངོན་པར་འདུས་བྱས་པའི་འབྲས་བུ་ནི་འབྲས་བུ་ཁྱད་པར་ཅན་འབྱུང་བར་བྱེད་པ་ཉིད་དུ་མངོན་སུམ་ཉིད་ན་སྣང་བ་ཡིན་ནོ། །དེ་བཞིན་དུ་གཟུགས་ལ་སྩོགས་པའི་ཡུལ་རྣམས་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོར་བསྐྱེད་ལ། སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་པ་ལ་ནི་ཤིན་ཏུ་ཁྱད་པར་ཅན་གྱི་འབྲས་བུ་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་དམ་པ་རྣམས་ཀྱིས་ཁོང་དུ་ཆུད་པར་བྱའོ། །དེ་ཡང་གང་གི་ཕྱིར་ཚོགས་པ་ལས་བྱུང་བ་ཡིན་གྱི་ཚིག་རྐྱང་པ་ལས་བྱུང་བ་ནི་འགའ་ཡང་མེད་དེ། དེ་བས་ན་ཁྱད་པར་ཅན་གྱི་རྒྱུ་གཞན་དག་ལས་འབྲས་བུ་ཁྱད་པར་ཅན་ཉིད་འབྱུང་བར་འགྱུར་ཏེ། ཐམས་ཅད་མཁྱེན་པའི་རྒྱུ་དང་རྐྱེན་གྱི་ནུས་པ་ནི་བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར་རོ། །དེ་ལ་འདིར་སྦྱོར་བ་ནི་གང་ཁྱད་པར་ཅན་གྱི་རྒྱུས་མངོན་པར་བསྒྲུབས་པ་དེ་ནི་འབྲས་བུ་ཁྱད་པར་ཅན་ཉིད་འབྱིན་པར་བྱེད་དེ། དཔེར་ན་འོ་མར་སྤངས་པའི་སྐྱུ་རུ་ར་ལ་སྩོགས་པ་ནི་འབྲས་བུ་མངར་བར་འགྱུར་ཏེ། གཟུགས་ལ་སྩོགས་པ་ཡང་རྒྱུ་ཁྱད་པར་ཅན་གྱིས་མངོན་པར་བསྒྲུབས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ཏེ། དེ་ལ་འདིར་ཁྱད་པར་ཅན་གྱི་རྒྱུ་གཞན་གྱིས་མངོན་པར་བསྒྲུབས་པ་ཙམ་དང༌། རྗེས་སུ་འབྲེལ་པའི་རང་བཞིན་གྱིས་འབྲས་བུར་མངོན་པར་འདོད་པའི་དངོས་པོ་ཁྱབ་པར་བྱེད་པའི་རང་བཞིན་མངོན་པར་འདུས་བྱས་པ་ནི་ཁྱབ་པར་བྱ་བ་ཡིན་ནོ། །དེ་ལྟ་བས་ན་གང་དང་གང་ཁྱད་པར་ཅན་གྱི་རྒྱུ་གཞན་གྱིས་མངོན་པར་འདུས་བྱས་པའི་རང་བཞིན་ཡིན་པ་དེ་དང་དེ་ནི་རྒྱུ་མ་ཚང་བ་མེད་པ་དང༌། གེགས་བྱེད་པ་མེད་པ་ཡིན་ན། ཁྱད་པར་ཅན་གྱི་རྒྱུ་གཞན་གྱིས་མངོན་པར་འདུས་བྱས་པ་ལས་ཁྱད་པར་ཅན་གྱི་འབྲས་བུ་འབྱུང་སྟེ།


DTG078_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཙམ་དང་རྗེས་སུ་འབྲེལ་བ་ཡིན་པའི་ཕྱིར་རོ། །དེ་བས་ན་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་གྲུབ་ན་ཁྱབ་པར་བྱེད་པ་བསྒྲུབ་པར་བྱ་བ་ལ་ཁྱབ་པར་བྱ་བ་ནི་གཏན་ཚིགས་ཡིན་ནོ། །དཔེར་ན་ཁྱབ་བར་བྱེད་པ་ཤིང་ལ་སྩོགས་པ་བསྒྲུབ་བར་བྱ་བ་ལ་ཁྱབ་པར་བྱ་བ་ཤིང་ལ་སྩོགས་པ་ནི་གཏན་ཚིགས་ཡིན་ཏེ། ཁྱབ་པར་བྱེད་པ་ཁྱབ་པར་བྱ་བའི་དངོས་པོ་ཡིན་པའི་ཕྱིར་རོ། །འདིར་ཡང་ཁྱབ་པར་བྱ་བ་དང༌། ཁྱབ་པར་བྱེད་པའི་དངོས་པོ་ལས་རྒྱུ་གཞན་ནི་མེད་དེ། དེ་ལྟ་བུར་འདིར་ཡང་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར། ཟླ་གསང་ཐིག་ལེ་ལ་སོགས་པ། །རྣལ་འབྱོར་རྒྱུད་ནི་མ་ལུས་ལས། །ཤེས་རབ་ཐབས་ལྡན་སེམས་ཀྱིས་ནི། །མི་བྱ་བ་ནི་ཅི་ཡང་མེད། །རྟག་ཏུ་དོགས་པ་མེད་གྱུར་པས། །འདོད་པ་ལྔ་ནི་སྤྱད་པར་བྱ། །ཞེས་བྱ་བ་དང༌། སྨན་གྱི་ཕྱེ་མའི་སྦྱོར་བ་ཡིས། །སྦྲུལ་ཉིད་འཆིང་བར་འགྱུར་བ་བཞིན། །འདོད་ལྡན་རྟག་ཏུ་ཆགས་བྱེད་ལ། །གླུ་དང་རོལ་མོ་ལ་དགའ་ཞིང༌། །འདོད་པའི་བདེ་བས་ངོམས་མེད་པ། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །གང་ཞིག་བྱང་ཆུབ་སེམས་བརྟན་ཞིང༌། །བློ་གྲོས་ཆགས་པ་མེད་གྱུར་པས། །ཐེ་ཚོམ་དག་ནི་མི་བྱ་སྟེ། །དེ་ཡིས་འདིར་ངེས་འགྲུབ་པར་འགྱུར། །ཞེས་བྱ་བ་དང༌། ལེགས་བརྟགས་ཤིན་ཏུ་དཔྱད་ནས་ནི། །མཁས་པ་རྣམས་ནི་འཇུག་བྱ་ཡི། །གཞན་དུ་མེར་ནི་འཇུག་པ་ཡིས། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །དེ་ཉིད་དེ་བཞིན་གྱིས་ཤེས་ན། །གང་ཞིག་ལྷ་མོ་ལ་བརྟན་པ། །དེ་འགྲུབ་འགྱུར་གྱི་གཞན་དུ་ནི།། དམྱལ་བ་ཆེན་པོར་ལྟུང་བར་འགྱུར། །ཞེས་གསུངས་པ་ཡིན་ནོ། །ཇི་ལྟར་གཟུགས་ལ་སྩོགས་པའི་ཡུལ་རྣམས་ཉོན་མོངས་པ་བསྐྱེད་པའི་རྒྱུར་གྱུར་པ་ཉིད་ཀྱིས་ན་ངན་འགྲོའི་རྒྱུ་ཡིན་ནོ་ཞེས་བརྗོད་པར་ནུས་པ་ཡང་མ་ཡིན་ཏེ། ཉོན་མོངས་པ་རྣམས་ནི་བདག་དང་བདག་གིར་འཛིན་པ་ལ་མངོན་པར་ཞེན་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་རྒྱུ་མ་ཡིན་ཏ། གང་གིས་ན། བདག་ཡོད་ལ་ནི་གཞན་དུ་འདུ་ཤེས་ཤིང༌། །བདག་གཞན་ཆ་ལས་ཡོངས་སུ་འཛིན་དང་སྡང༌། །འདི་གཉིས་དང་ནི་ཀུན་དུ་འབྲེལ་པ་ལས། །ཉེས་པ་ཐམས་ཅད་འབྱུང་བར་


DTG078_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་ཡིན། །དེ་བས་ན་གང་ལ་བདག་ཏུ་ལྟ་བ་ཡོད་པ་དེ་ལ་ཉོན་མོངས་པ་འདི་དག་འབྱུང་བར་འགྱུར་རོ། །གང་ཡང་བདག་མེད་པ་ལ་ཤིན་ཏུ་གོམས་པར་བྱས་པས་བདག་མེད་པའི་རོ་ཡང་དག་པར་སྒྲུབ་པ་དེ་ལ་ནི་འདི་དག་དེ་ལྟར་མི་འགྱུར་རོ། །ཡང་གལ་ཏེ་ཡུལ་རྣམས་རྣམ་པ་ཐམས་ཅད་དུ་འདོད་ཆགས་ཀྱི་རྒྱུ་ཉིད་ཡིན་ན་དེའི་ཚེ་མི་གཙང་བ་ལ་སྩོགས་པའི་རྣམ་པ་ཕྱིན་ཅི་ལོག་ཡིན་ན་ཡང་གོམས་པའི་སྟོབས་ཀྱིས་ཤེས་པ་སྐྱེད་པ་ཇི་ལྟར་བྱེད། དེས་ན་ཇི་ལྟར་སྒྲོ་བཏགས་པ་ཉིད་ལས་རྣམ་པར་ཤེས་པ་འདི་དག་ངེས་པར་བསྐྱེད་པར་འགྱུར་བ་ཡིན་ནོ། །དེ་ལྟར་ན་ཁྱད་པར་ཅན་གྱི་སྒྲོ་བཏགས་པ་དང༌། ཁྱད་པར་ཅན་གྱི་ཡོངས་སུ་གྱུར་པ་ལས་ཁྱད་པར་ཅན་གྱི་འབྲས་བུ་སྐྱེད་པར་བྱེད་པའི་རྒྱུའི་ངོ་བོ་ཉིད་ཡིན་པར་འགྱུར་བར་ཅིའི་ཕྱིར་མི་འདོད། ཇི་ལྟར། བུད་མེད་གཅིག་གི་ལུས་ལ་ནི། །རབ་ཏུ་བྱུང་དང་འདོད་ལྡན་ཁྱི། །རོ་དང་འདོད་ལྡན་བཟའ་བ་སྟེ། །དེ་ལྟར་རྣམ་པ་གསུམ་དུ་རྟོག །འདི་དག་ཀྱང་ཁྱད་པར་གྱི་སྒྲོ་བཏགས་པ་དང༌། དེ་བཞིན་དུ་ཡོངས་སུ་གྱུར་པ་ལས་འཁོར་བར་འཆིང་བའི་རྒྱུར་གྱུར་པ་ནི་མ་ཡིན་ཏེ། སྦྱིན་བར་བྱ་བ་དང༌། སྦྱིན་པ་པོ་དང༌། ལེན་པ་པོ་མི་དམིགས་པ་ཉིད་ཀྱིས་འཁོར་གསུམ་ཡོངས་སུ་དག་པ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་འཁོར་གསུམ་ཡོངས་སུ་དག་པས་སྔགས་དང་ཕྱག་རྒྱའི་རྣམ་པར་འགྱུར་ཏེ། དེ་ལྟ་བས་ན་སྔགས་ལ་སྩོགས་པས་མངོན་པར་སྦྱངས་པའི་ཁྱད་པར་གྱིས་གཟུགས་ལ་སྩོགས་པའི་ཡུལ་རྣམས་བླ་ན་མེད་པའི་འབྲས་བུ་ཉིད་སྐྱེད་པར་བྱེད་དོ། །ཇི་ལྟར་དུག་ལ་སོགས་པ་སྔགས་ལ་སྩོགས་པས་མངོན་པར་སྦྱང་བ་ལ་ཉེ་བར་སྦྱར་བ་ན་བཅུད་ཀྱིས་ལེན་པ་ལ་སྩོགས་པའི་འབྲས་བུ་གཞན་དག་འབྱིན་པར་བྱེད་ལ། དེ་བྱིས་པ་གཞན་རྣམས་ལ་ནི་ངེས་པར་འཆི་བ་ཉིད་དུ་བྱེད་དོ། །དེ་བཞིན་དུ་ཡུལ་རྣམས་ཀྱང་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་པ་ནི་ཤིན་ཏུ་ཁྱད་པར་ཅན་གྱི་འབྲས་བུ་ཉིད་མངོན་དུ་བྱེད་པ་ཡིན་ནོ་ཞེས་ངེས་པར་ཁོང་དུ་ཆུད་པར་བྱའོ། །དེ་ཡང་དཔལ་མཆོག་དང་པོ་ལས། །འདོད་ཆགས་ཞེ་སྡང་གཏི་མུག་སྟེ། །གསུམ་པོ་འདི་ཉིད་དུག་ཉིད་འགྱུར། །མི་མཉམ་པ་ཡིས་བསྟེན་ན་ནི། །འདི་དག་དུག་ནི་ཉིད་དུ་འགྱུར། །བདུད་རྩི་ཉིད་ཕྱིར་


DTG078_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བསྟེན་ན་ནི། །བདུད་རྩི་ཉིད་དུ་འགྱུར་བ་ཡིན། །ཞེས་གསུངས་པ་དང༌། དཀོན་མཆོག་བརྩེགས་པའི་མདོ་ལས་ཀྱང༌། འོད་སྲུངས་འདི་ལྟ་སྟེ་དཔེར་ན། གྲོང་ཁྱེར་ཆེན་པོའི་ལུད་གང་ཡིན་པ་དེ་ནི་བུ་རམ་ཤིང་གི་ཞིང་དག་དང༌། རྒུན་འབྲུམ་གྱི་ཞིང་དག་ལ་ཕན་པར་འགྱུར་བ་ཡིན་ནོ་ཞེས་གསུངས་པ་དང༌། འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཉོན་མོངས་པའི་ལུད་གང་ཡིན་པ་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་ལ་ཕན་པར་གྱུར་པ་ཡིན་ནོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན། སྔགས་དང་སྨན་གྱིས་ཡོངས་སུ་ཟིན་པའི་དུག་གིས་ནི་འཆི་བར་བྱེད་མི་ནུས་སོ། །འོད་སྲུངས་དེ་བཞིན་དུ་ཤེས་རབ་དང་ཐབས་མཁས་པས་ཡོངས་སུ་ཟིན་བའི་བྱང་ཆུབ་སེམས་དཔའི་ཉོན་མོངས་པའི་དུག་གིས་ཀྱང་ལོག་པར་ལྟུང་བར་བྱེད་མི་ནུས་སོ་ཞེས་གསུངས་པ་དང༌། ཡང་སློབ་དཔོན་ནཱ་གཱ་རྫུ་ནའི་ཞལ་སྔ་ནས་ཀྱིས་ཀྱང༌། མགོན་པོ་ཁྱོད་ཀྱི་ཉོན་མོངས་པ། །བག་ཆགས་རྩ་བའི་མཐར་ཐུག་སྤངས། །ཉོན་མོངས་རང་བཞིན་ཉིད་ལས་ནི། །ཁྱོད་ཀྱིས་བདུད་རྩི་ཉེ་བར་བསྒྲུབས། །ཞེས་བཤད་པ་དང༌། ཡང་ཉེ་བ་འཁོར་གྱིས་ཞུས་པའི་མདོ་ལས་ཀྱང༌། འདོད་ཆགས་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ཆེན་པོ་ཉིད་ཀྱིས་འཇུག་སྟེ། སེམས་ཅན་ལ་རྗེས་སུ་ཆགས་པར་བྱེད་པའི་ཕྱིར་རོ་ཞེས་གསུངས་པས། ཚོགས་པའི་དབྱེ་བ་ལས་འབྲས་བུའི་དབྱེ་བར་སྣང་བ་དང༌། ཆོས་བདག་མེད་པར་རྟོགས་པས་དེ་ལ་མངོན་པར་ཞེན་པ་ཅི་ནས་ཀྱང་འབྱུང་བར་མི་འགྱུར་གྱི། བླ་ན་མེད་པའི་བདེ་བ་ཆེན་པོའི་འབྲས་བུ་ཐོབ་པར་བྱ་བ་ལ་བསྒྲུབ་པ་གཞན་མེད་པས། དེའི་ཕྱིར་ཟས་དང་སྤྱོད་ལམ་ལ་སྩོགས་པའི་བདེ་བ་ཉིད་ཀྱི་འབྲས་བུ་དེ་མངོན་སུམ་དུ་བྱ་སྟེ། གང་གི་ཕྱིར་འབྱོར་པ་དེ་ཅི་འདྲ་བ་ལས་དེ་འདྲ་བར་འགྱུར་གྱི། །གཞན་ལས་འབྱུང་བ་ལས་དེ་ལྟ་བུར་ཇི་ལྟར་འགྱུར། །དེ་ཉིད་ཀྱི་ཕྱིར་མཉམ་སྦྱོར་ལས། །བདག་ཉིད་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་ཐམས་ཅད་ཉིད་ཡིན་ནོ། །དེ་བས་བདག་གིས་ལྷར་སྦྱོར་བས། །བདག་ཉིད་རབ་ཏུ་བསྒྲུབ་པར་བྱ། །གཟུགས་བརྙན་ལུགས་མ་ལ་སྩོགས་ལ། །རྣལ་འབྱོར་འབྱུང་བར་མི་འགྱུར་གྱིས། །བྱང་ཆུབ་སེམས་ལ་རབ་བརྩོན་ན། །དེ་ལས་


DTG078_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ལྷར་འགྱུར་རོ། །བདག་ཉིད་ཡོངས་སུ་སྤངས་ནས་ནི། །དཀའ་ཐུབ་ཀྱིས་ཀྱང་མ་གདུངས་ཤིག །ཅི་བདེ་བར་ནི་བདེ་བར་བཟུང༌། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །འདི་ལ་ཁྲུས་དང་སྡོམ་མི་དགོས། །དཀའ་ཐུབ་དཀའ་བར་སྤྱོད་མི་དགོས། །དཀའ་ཐུབ་སྡོམ་པ་མེད་པ་དང༌། །བདེ་བ་དང་ནི་དགའ་བས་འགྲུབ། །ཅེས་གསུངས་པ་དང༌། ཅི་ལྟར་བཅོམ་ལྡན་འདས་ཀྱིས་གཟུགས་ལ་སྩོགས་པ་དང༌། དེ་ལས་བྱུང་བའི་བདེ་བ་ཡོངས་སུ་གྱུར་པ་ནི། འབྲས་བུ་བླ་ན་མེད་པའི་རྒྱུ་ཡིན་པར་གསུངས་པ་དེ་ལྟར་རེག་པ་ལས་བྱུང་བའི་བདེ་བ་ཡོངས་སུ་གྱུར་པ་འདི་ཡང་དེ་དང་འདྲའོ། །འོན་ཏེ་ལུང་དང་འགལ་བའི་ཕྱིར་མི་འགྱུར་རོ་ཞེ་ན། ལུང་གི་རེག་པའི་ཁྱད་པར་ཡང་དག་པར་བསྟེན་པ་ལས་འབྲས་བུ་དེ་ཐོབ་པར་འགྱུར་བ་ཡིན་པའི་ཕྱིར་རོ། །དེ་ཅིར་ཡང་འགལ་བ་ཅི་ཞིག་ཡོད། །དེ་ལས་བཀག་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། དགག་པའི་ཡུལ་ནི་ངེས་པ་ཅན་ཡིན་པའི་ཕྱིར་ཏེ། གང་ཞིག་འདི་ཐབས་དང་ཤེས་རབ་དང་བྲལ་ཞིང་བདག་གིར་འཛིན་པ་ལ་མངོན་པར་ཞེན་པས་ཡོངས་སུ་གྱུར་པ་མི་ཤེས་པར་རེག་པའི་ཁྱད་པར་ཀུན་དུ་བསྟེན་པ་མི་རིག་པས་ཡོངས་སུ་གཟུང་བའི་རང་བཞིན་ཅན་དེ་རྣམས་ཀྱི་ཡུལ་བསྟེན་པ་དེ་ནི་ངན་འགྲོའི་རྒྱུར་འགྱུར་རོ། །དེ་ཡང་བཅོམ་ལྡན་འདས་ཀྱིས། །གང་ཞིག་དགེ་སློང་དངོས་གནས་དང༌། །མི་གང་རྟོག་ལ་དགའ་བ་དང༌། །གང་ཡང་རྒན་པོའི་དངོས་གནས་པ། །དེ་ལ་དེ་ཉིད་མི་བསྟེན་ཏོ། །ཞེས་གསུངས་པས། བཅོམ་ལྡན་འདས་ཀྱིས་དེ་དག་ལས་དགོངས་ནས་དགག་པ་གསུངས་པ་ཡིན་ནོ། །དཔལ་གསང་བ་འདུས་པ་ལས་ཀྱང༌། །དགེ་བ་བཅུ་ཡི་ལས་ཀྱི་ལམ། །ཡེ་ཤེས་སྤངས་པ་རྣམས་འདོད་དོ། །ཞེས་གསུངས་པ་དང༌། དེ་བཞིན་དུ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས་ཀྱང༌། ཐབས་དང་མི་ལྡན་ཡེ་ཤེས་དང༌། །བསླབ་པ་དག་ཀྱང་བཤད་པ་ནི། །དཔའ་བོ་ཆེན་པོས་ཉན་ཐོས་རྣམས། །དེ་ལ་གཟུང་བའི་ཕྱིར་བཤད་དོ། །ཞེས་གསུངས་པས། །ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་རང་བཞིན་ཁྱད་པར་ཅན་གྱི་འབྲས་


DTG078_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཡོངས་སུ་ཚོལ་བ་རྣམས་ཀྱི་ཡོངས་སུ་གྱུར་པའི་འབྲས་བུ་ནི་ཁྱད་པར་ཉམས་སུ་མྱོང་བ་ཡིན་པས་དོན་དམ་པའི་ཆོས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་དེ་རྣམས་ཀྱིས་ཉེས་པ་ཆུང་དུའི་ཡང་སྐལ་བ་ཅན་དུ་འགྱུར་བ་མ་ཡིན་ནོ། །འོན་ཀྱང་བསམ་པའི་ཁྱད་པར་དང་ལྡན་པ་དེ་ལས་བླ་ན་མེད་པའི་འབྲས་བུ་འཐོབ་པར་འགྱུར་ཏེ། སེམས་རྙོག་པ་མེད་པའི་ཕྱིར་རོ། །དེ་བས་ན་བསམ་པའི་ཁྱད་པར་གྱིས་བྱ་བ་ལས་བསོད་ནམས་དང་བསོད་ནམས་མ་ཡིན་པ་འདི་ཉིད་དབྱེ་བ་ངེས་པར་བྱས་པ་ཡིན་གྱི་དངོས་པོ་ཇི་ལྟ་བ་བཞིན་གནས་པའི་ཚུལ་གྱིས་ནི་མ་ཡིན་ཏེ། འཕགས་པའི་ལྷས་ཀྱང༌། བྱང་ཆུབ་སེམས་དཔའ་ཀུན་རྟོག་ལས། །དགེ་བའམ་ཡང་ན་མི་དགེ་བ། །ཐམས་ཅད་དགེ་བ་ཉིད་འགྱུར་ཏེ། །གང་ཕྱིར་དེ་ཡི་དབང་གྱུར་ཡིན། །ཞེས་བཤད་པ་ཡིན་ནོ། །དེ་བས་ན་ཀུན་དུ་རྟོག་པས་བྱས་པའི་བསོད་ནམས་དང་བསོད་ནམས་མ་ཡིན་པ་རྣམས་ལ་ཁྱད་པར་དུ་བྱས་པའི་ཀུན་དུ་རྟོག་པའི་ཁྱད་པར་ལས་དེ་གཟུགས་ལ་སོགས་པ་རྣམས་ལ་བསམ་པའི་ཁྱད་པར་དེ་ལས་འབྲས་བུ་ཁྱད་པར་ཅན་ཉིད་ངེས་པར་འཐོབ་པར་འགྱུར་བས་གཞན་དག་མི་འདོད་དུ་ཟིན་ཀྱང་ཁས་བླང་བར་བྱའོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་ཆོས་རྣམས་སྒྱུ་མ་དང་འདྲ་བ་ལ་སོགས་པར་མོས་པ་དང་ལྡན་པས་ལོངས་སྤྱོད་ཐམས་ཅད་ནི་རུང་བ་ཡིན་ནོ་ཞེས་གསུངས་པ་དང༌། ཡང་དགེ་སློང་དད་པ་མེད་པ་ནི་དད་པས་བྱིན་པ་ཡོངས་སུ་ལོངས་སྤྱོད་པའི་འོས་མ་ཡིན་ནོ་ཞེས་གསུངས་པ་དང༌། ཡང་མཉམ་སྦྱོར་གྱི་རྒྱུད་ལས། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཁམས་གསུམ་དག་ནི་མ་ལུས་པ། །ཐམས་ཅད་སྒྱུ་མ་ལྟ་བུ་སྟེ། །ཇི་ལྟར་སྒྱུ་མ་ཐམས་ཅད་དུ། །མཐོང་བ་དང་ནི་རེག་པར་འགྱུར། །དམིགས་སུ་ཡོད་པ་མ་ཡིན་ཏེ། །དེ་བཞིན་འགྲོ་བ་ཀུན་གྱི་ཚུལ། །ཕྱག་རྒྱ་འདི་ཡིས་རྣལ་འབྱོར་པས། །ས་གསུམ་པོ་ནི་སྦྱང་བར་བྱ། །ཞེས་གསུངས་པ་དང༌། །ལྷ་ཐམས་ཅད་འདུས་པའི་རྒྱུད་ལས་ཀྱང༌། །ཐམས་ཅད་རྫོགས་པའི་སྦྱོར་བ་ཡིས། །གང་གིས་བླུན་པོ་འཆིང་འགྱུར་བ། །དེ་ཡིས་འདི་ན་མཁས་པ་ཆེ། །སེམས་ནི་རྫོགས་པའི་རྣལ་འབྱོར་པ། །གཞན་དུ་


DTG078_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེ་ལྟར་འགྲུབ་པོ། །ཞེས་གསུངས་པ་དང༌། །ཡང༌། འཇིག་རྟེན་འདས་སྤྱོད་གསང་བ་ནི། །རྣམ་པར་མི་རྟོག་ཉིད་དུ་སྤྱད། །གཞན་དུ་བག་མེད་པར་གྱུར་ན། །དེར་ནི་རྣམ་རྟོག་འཕྲོ་བར་འགྱུར། །རྣམ་པ་ཀུན་གྱིས་ཐམས་ཅད་དུ། །རྣམ་པར་མི་རྟོག་ངོ་བོར་ནི། །སེམས་གཞག་ན་ནི་དོགས་མེད་པ། །དེ་ཚེ་འགྲུབ་པར་ཐེ་ཚོམ་མེད། །གནས་སྐབས་ཀུན་དུ་ཐམས་ཅད་དུ། །དོགས་པ་མེད་པའི་སེམས་ཀྱིས་ནི། །སྤྱོད་པ་ཀུན་ལ་འཇུག་ན་ཡང༌། །འཆིང་བ་ཉིད་དུ་མི་འགྱུར་རོ། །རྣམ་པར་མི་རྟོག་སེམས་ཀྱིས་ནི། །སྤྱོད་པ་མ་ལུས་ཀུན་སྤྱད་ཅིང༌། །དབང་པོ་ཀུན་ལ་ལོངས་སྤྱོད་པས། །སེམས་དཔར་གནས་ན་འཆིང་མི་འགྱུར། །ཞེས་གསུངས་པ་དང༌། ཡང༌། གཟུགས་འདི་ཐམས་ཅད་སྟོང་པ་སྟེ། །མིག་ཀྱང་སྟོང་པའི་རྣམ་པ་ཡིས། །མཐོང་བཞིན་རྣམ་པར་མི་རྟོག་པའི། །དམ་པ་དོགས་པ་མེད་པར་འགྱུར། །ཡང་དེ་ཉིད་ལས། ཐམས་ཅད་ནམ་མཁའི་རང་བཞིན་ཏེ། །སེམས་ཀྱང་ནམ་མཁའི་རང་བཞིན་དུ། །བརྟེན་ན་རྣམ་རྟོག་མེད་ཉིད་དང༌། །དོགས་པ་མེད་པ་ཉིད་རབ་སྐྱེ། །ཞེས་གསུངས་པ་དང༌། ཡང་རྣལ་འབྱོར་པ་རྣམས་ཀྱི་བརྟུལ་ཞུགས་ཇི་ལྟ་བུ་ཡིན་ཞེ་ན། དོགས་པ་མེད་པའི་སེམས་ཀྱིས་ནི། །ལས་རྣམས་ཀུན་ལ་ཐབས་བཅས་པར། །གང་ཚེ་ཐེ་ཚོམ་མེད་སྤྱོད་པ། །བརྟུལ་ཞུགས་རྣམས་གྱི་མཆོག་གི་མཆོག །དཀའ་ཐུབ་ཅི་ཞིག་ཡིན་ཞེ་ན། །ལས་རྣམས་ཐམས་ཅད་རྣམ་ཀུན་དུ། །རྣམ་པར་མི་རྟོག་སེམས་ཀྱིས་ནི། །དོགས་པ་མེད་པར་ཀུན་སྤྱོད་པ། །དཀའ་ཐུབ་ཀུན་གྱི་མཆོག་གི་མཆོག །རྣམ་རྟོག་མེད་པའི་སེམས་ཀྱིས་ནི། །ཡུལ་རྣམས་བསྟེན་པར་གྱུར་པ་ན། །སྨོད་པར་གྱུར་པས་མི་གནོད་པ། །དཀའ་ཐུབ་དེ་ནི་འདའ་བར་དཀའ། །གང་ཞིག་ལས་རྣམས་ཐམས་ཅད་ནི། །ཤེས་རབ་ཀྱིས་ནི་ངེས་སྦྱོར་ཞིང༌། །དེ་ཡང་སྟོང་པའི་གནས་སུ་སྦྱར། །བདག་ཉིད་ཆེན་པོའི་དཀའ་ཐུབ་འདི།། ཤེས་རབ་འཕོ་བའི་ངོ་བོས་ནི། །རྣམ་པར་རྟོག་པ་མེད་སེམས་ཀྱིས། །དོགས་པ་མེད་པར་ཀུན་སྤྱད་སྤྱོད། །བདག་ཉིད་ཚེ་དེའི་དཀའ་ཐུབ་ཡིན། །གལ་ཏེ་ཐབས་དང་ཤེས་རབ་ལས། །སེམས་ནི་གཞན་དུ་མི་འཇུག་པ། །ངེས་པར་དེ་ནི་བྱང་ཆུབ་ཆེ། །རབ་ཏུ་སྦྱིན་བྱེད་ཡིན་པར་བསྟེན། །རྣལ་


DTG078_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་བ་ནི་མངོན་བརྩོན་པས། །རྣམ་པར་མི་རྟོག་རྗེས་འགྲོ་བ། །དེ་ཡི་འབྱོར་པ་ཐམས་ཅད་ནི། །ལོངས་སྤྱོད་དོན་དུ་སྤྲུལ་པ་ཡིན། །ཤེས་རབ་མེ་ལོང་ལས་འཕྲོ་ན། །འདུ་བྱེད་དེ་ཡི་རྣམ་པ་ཡིན། །དེའི་དྲན་ཤེས་རབ་ཀྱིས་བསྐྱེད་པ། །རྣམ་རྟོག་མེད་པའི་བདག་ཉིད་སེམས། །མེ་ལོང་གི་ནི་གཟུགས་བརྙན་དང༌། །རྨི་ལམ་སྒྱུ་མ་ཆུ་བུར་དང༌། །མིག་འཕྲུལ་དང་ནི་འདྲ་བ་རུ། །གང་གིས་མཐོང་སྟེ་གཙོ་བོར་བཤད། །འདུས་བྱས་རྣམས་ཀྱི་འགྱུར་བ་ནི། །གློག་དང་དྲི་ཟའི་གྲོང་ཁྱེར་གྱི། །རྣམ་པ་ཅི་འདྲར་མཐོང་གྱུར་པ། །སྐྱེ་དགུ་དེ་ཡི་དབང་གྱུར་བཤད། །ཅེས་གསུངས་པ་ཡིན་ནོ། །དེས་ན་གང་དུ་མངོན་པར་ཞེན་པར་འགྱུར་བའི་གནས་ནི་གང་ཡང་ཡོད་པ་མ་ཡིན་ནོ། །གང་གི་ཚེ་དེ་ལྟ་བུའི་སྒྱུ་མ་ལྟ་བུའི་དངོས་པོ་ཁྱད་པར་ཅན་གྱི་ལོངས་སྤྱོད་ལས་ཡང་དག་པར་བྱུང་བའི་བདེ་བ་ཡོངས་སུ་གྱུར་པ་ལས་འབྲས་བུ་ཁྱད་པར་ཅན་ཅུང་ཞིག་ཙམ་ཐོབ་པ་དེའི་ཚེ་ཅིའི་ཕྱིར་མི་འདོད། །འདི་དག་ནི་ངོ་བོ་ཉིད་ཀྱིས་བརྟེན་པ་མ་ཡིན་གྱི་འོན་ཀྱང་སྣང་བ་ཙམ་གྱི་མཚན་ཉིད་ཡིན་ནོ། །གལ་ཏེ་འདི་དག་ཁྱད་པར་ཅན་གྱི་སྒོམ་པ་གོམས་པའི་སྟོབས་ཀྱིས་བདེ་བ་དང༌། ཡིད་བདེ་བ་ལ་སོགས་པའི་ཁྱད་པར་ཅན་གྱི་འབྲས་བུ་བསྐྱེད་པ་ན་བླ་ན་མེད་པ་ཐོབ་པའི་རྒྱུའི་ངོ་བོར་དེའི་ཚེ་འགྱུར་བ་ལ་འགལ་བ་ཡང་མེད་དོ། །དེ་ཡང་དཔལ་མཆོག་དང་པོ་ལས། །བདག་ཉིད་སངས་རྒྱས་ཐམས་ཅད་དེ། །དཔའ་བོ་ཐམས་ཅད་ཉིད་ཀྱང་ཡིན། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདེ་བས་བདག་ཉིད་བསྒྲུབ་པར་བྱ། །དཀའ་ཐུབ་སྡོམ་པ་མི་བཟད་པས། །ལུས་ཅན་ལུས་ནི་སྐམས་འགྱུར་ལ། །སྡུག་བསྔལ་གྱིས་ནི་སེམས་གཡེངས་ཤིང༌། །གཡེངས་པས་དངོས་གྲུབ་གཞན་དུ་འགྱུར། །ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །བདེ་བ་ཐམས་ཅད་བརྟན་པར་འགྱུར། །སྡུག་བསྔལ་གྱིས་ནི་གཡོ་འགྱུར་བའམ། །འགོག་པ་ཐོབ་པར་འགྱུར་བ་ཡིན། །ཞེས་གསུངས་པ་དང༌། ཡང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྡོ་རྗེའི་རྒྱུད་ལས། བདེ་བས་དངོས་གྲུབ་ཐོབ་འགྱུར་གྱི། །ལུས་ཀྱི་གདུང་བས་འགྲུབ་མི་འགྱུར། །གང་ཕྱིར་ཏིང་འཛིན་ལས་བྱུང་བའི། །བདེ་བ་ཀུན་ལ་འཚང་རྒྱ་ཉིད། །ཟས་གཅོད་


DTG078_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་དྲག་པོ་དང༌། །དེ་བཞིན་དཀའ་ཐུབ་གཞན་སོགས་ཀྱིས། །ལུས་གདུངས་པ་ཡིས་རྣམ་པར་གཡེང༌། །གཡེངས་པས་དངོས་གྲུབ་གཞན་དུ་འགྱུར། །སེམས་ཅན་དམན་པས་མི་འགྲུབ་སྟེ། །དེ་བས་དཀའ་སྤྱད་མིན་པར་བཤད། །ཅེས་གསུངས་པ་དང༌། ཡང༌། དཔལ་གསང་བ་འདུས་པ་ལས། དཀའ་ཐུབ་སྡོམ་པ་མི་བཟད་པ། །བརྟེན་ཀྱང་འགྲུབ་པར་མི་འགྱུར་གྱི། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །བརྟེན་ན་མྱུར་དུ་འགྲུབ་པར་འགྱུར། །སློང་མོ་ཟ་ཞིང་མི་བཟླ་སྟེ། །སློང་ལ་དགའ་བར་མི་བྱའོ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང༌། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ལུས་དང་ངག་དང་སེམས་རྣམས་ནི། །བདེ་བར་གནས་ན་བྱང་ཆུབ་ཐོབ། །གཞན་དུ་དུས་མིན་འཆི་བ་དང༌། །དམྱལ་བར་ངེས་པར་སྲེག་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་བས་ན་གང་ནོར་བུ་ཆེན་པོ་ཤེལ་དང་འདྲ་བར་རང་བཞིན་གྱིས་འོད་གསལ་བ་ཡིན་ལ། གཟུགས་ལ་སོགས་པས་མངོན་པར་འདུས་བྱས་པའི་ཁྱད་པར་ལས་བདེ་བ་དང༌། ཡིད་བདེ་བའི་མཚན་ཉིད་ཅན་གང་ཡིན་པ་དེ་དེར་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་གོམས་པའི་ཁྱད་པར་གྱི་སྟོབས་ཀྱིས་རབ་ཀྱི་མཐར་ཐུག་པའི་ངོ་བོ་ཉིད་ཐོབ་པར་འགྱུར་བ་ཡིན་ནོ། །དེ་ཡང་འདི་ལྟར་ཤེས་རབ་དང་བཟོ་དང་སྒྱུ་རྩལ་ལ་སོགས་པ་དང་འདྲ་བར་གཟུགས་ལ་སོགས་པའི་ཡུལ་ཉམས་སུ་མྱོང་བ་ལས་ཡང་དག་པར་བྱུང་བའི་འདུས་བྱས་པའི་ཁྱད་པར་ལས་རྣལ་འབྱོར་པའི་ཤེས་པས་རྒྱུན་དུ་བསྒོམ་པ་གོམས་པའི་སྟོབས་ཀྱིས་མཆོག་ཏུ་རྟག་པའི་ངོ་བོ་ཉིད་འཐོབ་པར་འགྱུར་བ་ཡིན་ཏེ། བསྒོམ་པའི་རབ་ཀྱི་མཐར་ཐུག་པར་སོན་པ་ཡིན་པའི་ཕྱིར་རང་གི་གྲུབ་པའི་མཐའ་ལས་བདེ་བར་གཤེགས་པ་ལ་སོགས་པ་འདྲ་ལ། འཇིག་རྟེན་ན་ཡང་འདོད་པ་དང༌། མྱ་ངན་དང༌། འཇིགས་པ་དང༌། སྨྱོས་པ་ལ་སོགས་པ་དང༌། འདྲ་བར་རེག་པ་ལས་བྱུང་བའི་བདེ་བ་དང༌། ཡིད་བདེ་བ་ལ་སོགས་པ་ཡང་གོམས་པས་ཡིན་ནོ། །དེ་བས་ན་དེ་རྣམས་ཀྱང་མཆོག་ཏུ་ཁྱད་པར་དུ་གྱུར་པ་དང་ལྡན་པ་ཡིན་པས་རང་བཞིན་འགལ་བའི་དམིགས་པ་ཡིན་ཏེ། འདིར་ཡང་སྡུག་བསྔལ་ལ་སོགས་པ་དང་མི་མཐུན་པ་དང་བདེ་བ་དང་ཡིད་


DTG078_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ལ་སོགས་པའི་མཚན་ཉིད་ཅན་ནི་འབྲས་བུ་ཡིན་ལ། དེ་ཡང་གང་གི་ཚེ་གོམས་པའི་སྟོབས་མངོན་སུམ་དུ་གྱུར་པ་ཐོབ་པ་དམིགས་པར་གྱུར་པ་དེའི་ཚེ་དེ་དང་མི་མཐུན་པའི་སྡུག་བསྔལ་དང་ཡིད་མི་བདེ་བ་ལ་སོགས་པ་ལྡོག་པར་འགྱུར་ཞིང༌། རང་གི་ཡོན་ཏན་གྱི་ཚོགས་རྣམས་ཀྱང་སྡུད་པར་འགྱུར་རོ། །དེ་བས་ན་དེར་གོམས་པར་གྱུར་པས་གནས་པ་དང༌། དེ་དང་མི་མཐུན་པའི་སྡུག་བསྔལ་ལ་སོགས་པའི་གོ་སྐབས་དབྱེ་བ་འགོག་པར་བྱེད་དོ། །འདི་ལྟ་སྟེ་དཔེར་ན། གྲང་བ་ལ་སོགས་པ་དང་མི་མཐུན་པ་དྲོ་བ་ལ་སོགས་པ་དང་ཕྲད་པར་གྱུར་པ་ན་གྲང་བ་ལ་སོགས་པ་མེད་པ་སྐྱེད་པར་བྱེད་དོ། །གང་གིས་གཞི་གཅིག་ལ་ཕན་ཚུན་མི་མཐུན་པ་གཉིས་ཡོད་པར་དམིགས་པར་མི་འགྱུར་རོ། །དེ་བཞིན་དུ་བདེ་བ་དང་སྡུག་བསྔལ་འདི་གཉིས་ཀྱང་རྒྱུད་གཅིག་གི་བདག་ཉིད་དུ་ཇི་ལྟར་ཡང་འབྱུང་མི་སྲིད་དེ། དེ་ནི་དེ་དང་མི་མཐུན་པ་ཡིན་པའི་ཕྱིར་རོ། །དེ་བས་ན་བདེ་བ་དང་ཡིད་བདེ་བ་ལ་སོགས་པ་གོམས་པར་བྱེད་པ་ཉིད་ནི་སྡུག་བསྔལ་ལ་སོགས་པ་ཇི་ལྟར་ཡང་འབྱུང་བར་འགྱུར་བའི་གནས་རྙེད་པར་མི་འགྱུར་རོ་ཞེས་བྱ་བ་ནི་རིགས་པར་སྨྲས་པ་ཡིན་ནོ། །རང་བཞིན་འགལ་བ་དམིགས་པ་དེའི་ངོ་བོ་ཡང་མེད་པ་གོ་བར་བྱེད་པ་ཡིན་པས་རབ་ཀྱི་མཐར་ཐུག་པར་འགྲོ་བའི་ཡང་རྒྱུ་ནི་གོམས་པར་བྱེད་པའི་ཁྱད་པར་ཡིན་ཏེ། ཤེས་རབ་དང་བཟོ་དང༌། སྒྱུ་རྩལ་ལ་སོགས་པ་དང་འདྲ་ལ། དེའི་ཁྱད་པར་ལས་འགལ་བ་དམིགས་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །འདི་ལྟར་ཡང་བསྒོམ་བཞིན་པ་ལས་གལ་ཏེ་ཁྱད་པར་ཐོབ་པར་གྱུར་པ་ན་ཡང་སླར་ལྡོག་པར་འདོད་ན། དེའི་ཚེ་ཟད་པར་ས་ལ་སོགས་པར་ཡང་བསྒོམ་པའི་རབ་ཀྱི་མཐར་ཐུག་པ་ལ་འཇུག་པ་རྣམས་དེ་བཞིན་དུ་ལྡོག་པར་འགྱུར་བ་ཞིག་ན་དེ་ལྟར་མི་འདོད་དེ། གང་གི་ཕྱིར་གང་ཞིག་རབ་ཀྱི་མཐར་ཕྱིན་པ་ལ་འཇུག་པས་རང་གི་བདག་ཉིད་ཀྱི་ངོ་བོ་ཉིད་ཐོབ་པར་གྱུར་པ་རྣམས་ནི་དེ་དག་ལྡོག་པར་མི་འགྱུར་ཏེ། དཔེར་ན་ཟད་པར་ས་ལ་སོགས་པ་དང་འདྲའོ། །བདག་ཉིད་ཀྱི་ངོ་བོ་ཉིད་ཐོབ་པར་གྱུར་པ་ནི་ཁྱད་པར་གྱི་བདེ་བ་དང་ཡིད་བདེ་བ་ལ་སོགས་པ་བརྟེན་པ་དེ་ལས་དེ་ཡང་ལྡོག་པར་མི་འགྱུར་ཏེ། ལྡོག་པའི་རྒྱུ་མེད་པའི་ཕྱིར་ཏེ། གང་ཡང་ཉེས་པ་


DTG078_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལྡོག་པའི་སྐལ་བ་ཅན་ཡིན་པ་དེ་ལ་དེ་ལྟར་འདི་ཡོད་པ་མ་ཡིན་ནོ། །དེའི་རྗེས་ཐོགས་ལ་སྡུག་བསྔལ་འབྱུང་བར་འགྱུར་པ་ཡང་མ་ཡིན་ཏེ། རབ་ཀྱི་མཐར་ཐུག་པར་ཕྱིན་པར་གྱུར་པ་ལ་དེ་མི་སྲིད་དོ། །གཞན་དུ་ན་ཐར་པའི་རྗེས་ལ་ཡང་འཁོར་བར་འགྱུར་རོ་ཞེས་བྱ་བར་ནི་འདོད་པའམ་རིགས་པ་མ་ཡིན་ཏེ། གང་གིས་ན་ཐར་པ་ཐོབ་པ་རྣམས་འཁོར་བར་སྐྱེ་བར་འགྱུར་བ་ནི་མི་འདོད་པ་ཁོ་ན་ཡིན་ནོ། །དེ་ཡང་དེའི་ཚེ་མ་རིག་པའི་བག་ཆགས་ལས་རྣམ་པར་ལྡོག་པའི་ཕྱིར་དང་རྒྱུ་མེད་པའི་ཕྱིར་རོ། །གང་གཞན་གྱི་དོན་དུ་ཡང་དག་པར་སྐྱེ་བ་ནི་འཁོར་བ་བ་མ་ཡིན་ཏེ། སྔོན་གྱི་སྨོན་ལམ་ལ་སོགས་པའི་ཤུགས་ཀྱི་སྟོབས་ཉིད་ཀྱིས་དེར་འཇུག་པ་ཡིན་པའི་ཕྱིར་རོ། །བག་ཆགས་ཀྱི་སྟོབས་ཀྱིས་ནི་མ་ཡིན་ནོ། །དེ་བས་ན་ཇི་ལྟར་ཐར་པའི་རྗེས་ཐོགས་ལ་འཁོར་བར་འགྱུར་བ་མ་ཡིན་པ་དེ་བཞིན་དུ་བདེ་བ་རབ་ཀྱི་མཐར་ཐུག་པའི་རྗེས་ཐོགས་ལ་སྡུག་བསྔལ་གྱི་སེམས་ཀྱང་སྐྱེ་བར་མི་འགྱུར་ཏེ། དེ་ནི་ནོར་བུ་ཚོན་ཤེལ་དང་འདྲ་བར་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་པའི་ཕྱིར་རོ། །གང་དང་གང་ལ་བརྟེན་པ་དེ་དང་དེར་གོམས་པའི་སྟོབས་ཀྱིས་ཤིན་ཏུ་ཁྱད་པར་དུ་འཕགས་པའི་ངོ་བོ་ཉིད་གསལ་བར་བྱེད་དེ། སླར་ཡང་མི་ལྡོག་པའི་ཆོས་ཀྱི་མཚན་ཉིད་ཡིན་ནོ། །དེ་བས་ན། །དངོས་པོ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་དགའ་འགྱུར་བ། །དེ་དང་དེ་ཡི་རང་བཞིན་འགྱུར། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །ཞེས་བཤད་པ་ཡིན་ནོ། །དེས་ན་འདི་དག་ཐམས་ཅད་ནི་ཁྱད་པར་ཅན་ཡོངས་སུ་གྱུར་པའི་ཕྱིར་ཡོངས་སུ་འགྱུར་བཞིན་པ་ལས་ཁྱད་པར་ཅན་གྱི་འབྲས་བུ་ཐོབ་པར་བྱེད་པ་ཡིན་ནོ། །དེ་བས་ན་ཡོངས་སུ་གྱུར་པ་ན་ལོག་པ་སྐྱེད་པར་མི་འགྱུར་ཞིང༌། སྔོན་གྱི་ལས་ཀྱི་འཕེན་པའི་ཤུགས་ལས་དེ་ལྟར་མི་འགྱུར་བ་ནི་ཅི་ཡང་མེད་དེ། གཞན་དུ་ཁྱད་པར་ཅན་གྱི་ཡོངས་སུ་གྱུར་པ་དོན་མེད་པར་འགྱུར་ཞིང་ཐམས་ཅད་དུ་ཡིད་བརྟན་དུ་མི་རུང་བར་འགྱུར་རོ། །དེ་ཡང་རྒྱལ་བའི་ཡུམ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་དང་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ལྷའི་དྲི་འབུལ་ཞིང་དེ་འདི་སྙམ་དུ་བདག་


DTG078_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གི་དགེ་བ་འདིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དུ་སེམས་ཅན་ཐམས་ཅད་ལྷའི་རེག་པའི་ཁྱད་པར་མངོན་དུ་གྱུར་ཅིག་ཅེས་བསྔོ་ལ། གཞན་ཡང་རབ་འབྱོར་འདོད་པ་ཙམ་གྱིས་འདོད་པའི་ཡོན་ཏན་ལྔ་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང༌། སེམས་ཅན་ཐམས་ཅད་ལ་སྟོབས་ཤིང༌། དེ་ལྟར་ཡང་དག་པར་ཤེས་པས་འདི་ལྟར་བདག་གི་དགེ་བའི་རྩ་བ་འདིས་སངས་རྒྱས་ཀྱི་ཞིང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང༌། སེམས་ཅན་ཐམས་ཅད་ཀྱང་འདོད་པ་ཙམ་གྱིས་ཡིད་བཞིན་དུ་འདོད་པའི་ཡོན་ཏན་ལྔ་འབྱུང་བར་གྱུར་ཅིག་ཅེས་བསྔོ་ལ། གཞན་ཡང་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་ཉན་ཐོས་ཀྱི་དགེ་འདུན་དང་སེམས་ཅན་ཐམས་ཅད་དང་བཅས་པ་ལ་འདོད་པའི་ཡོན་ཏན་ལྔ་སྟོབས་པར་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ན་བག་ཆགས་ཀྱི་སྟོབས་ལས་འགྱུར་ཏེ། དེ་ལྟར་མཐོང་བའི་འབྲས་བུ་ལ་ཡང་ཇི་ལྟར་འཇིག་རྟེན་ན་མ་དུ་ལུང་ག་ལ་སོགས་པའི་འབྲས་བུ་རྒྱ་སྐྱེགས་ལ་སོགས་པས་བསྒོས་ན་དེ་དང་འདྲ་བར་སྣང་ངོ༌། །དེ་བས་ན་སེམས་ཀྱང་ཕྱིའི་རེག་པ་ལ་སོགས་པ་ལ་བརྟེན་པ་ན་བདེ་བ་ལ་སོགས་པ་སྦྱང་བའི་ཁྱད་པར་སོ་སོར་རྟོགས་པ་བསྐྱེད་པའི་གྱིས་ཡང་དེ་ཉིད་མངོན་དུ་ཕྱོགས་པར་འགྱུར་ཏེ། སེམས་དེ་ལ་རྗེས་སུ་ཆགས་པའི་ཕྱིར་རོ། །དེར་ཞེན་པ་ནི་དེ་ཉིད་ལ་བརྟན་པར་འགྱུར་རོ། །དེ་ཡང་ཇི་ལྟར་ད་དུ་ར་དང༌། རས་བལ་གྱི་ས་བོན་དང༌། སེའུ་འབྲས་ལ་སོགས་པ་རྒྱུ་གཞན་གྱིས་བསྒོས་པའི་ཁྱད་པར་ལས་དེར་བསྒོས་པའི་དབང་གིས་དེ་དང་འདྲ་བའི་འབྲས་བུ་འབྱུང་ངོ༌། །དེ་བཞིན་དུ་སེམས་ཀྱང་རེག་པ་ལ་སོགས་པ་ལས་ངེས་པར་འབྱུང་བའི་བདེ་བ་དང༌། ཡིད་བདེ་བ་ལ་སོགས་པའི་ཁྱད་པར་དེ་ལས་འབྲས་བུ་གོང་ནས་གོང་མར་གྱུར་པའི་ཁྱད་པར་ཅན་འཐོབ་པར་འགྱུར་ཏེ། དེའི་མི་མཐུན་པའི་ཕྱོགས་ལ་མངོན་པར་མ་ཞེན་པའི་ཕྱིར་མི་མཐུན་པའི་ཕྱོགས་འབྱུང་བར་མི་


DTG078_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ་དེ་དང་འགལ་བའི་ཕྱིར་དང༌། བདེ་བ་ཡིན་པའི་ཕྱིར་རོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་དཔལ་མཆོག་དང་པོ་ལ་སྩོགས་པ་ལས་སྡུག་བསྔལ་དང༌། ཡིད་མི་བདེ་བ་ལ་སྩོགས་པ་ཐམས་ཅད་ཀྱི་གོ་སྐབས་དབྱེ་བར་མི་བྱའོ་ཞེས་གསུངས་པ་དང༌། ཡང་ལྷ་ཐམས་ཅད་ཡང་དག་པར་འདུས་པའི་རྒྱུད་ལས། ལྷ་དང་ལྷ་མིན་འབྱུང་པོ་རྣམས། །སོ་སོར་རྟོག་པ་ཡོད་མིན་གྱི། །དེ་ཡི་ཡན་ལག་བསྟན་པ་ཡིས། །དགའ་བ་ཉེ་བར་སྤྱོད་བར་འགྱུར། །མར་མེ་འདྲ་བར་མྱ་ངན་འདས། །དེ་ནི་ཤིན་ཏུ་འགྲོ་བ་ཡིན། །མྱ་ངན་འདས་མེ་མི་བཟད་པས། །ཐལ་བའང་ལུས་པ་མེད་པར་འགྱུར། །དེ་ལ་ལུས་ནི་ཡོད་མིན་ཞིང༌། །དབང་དོན་མ་ཡིན་ཁམས་རྣམས་མིན། །སེམས་མེད་སེམས་ལས་བྱུང་བའང་མེད། །ང་རྒྱལ་བློ་ནི་ཡོད་མིན་ཞིང༌། །སེམས་ཅན་མེད་ཅིང་ཤེས་རབ་མེད། །སེམས་ནི་ཅི་ཡང་ཡོད་མ་ཡིན། །གཉིད་སྟུག་ལོག་གནས་ལྟ་བུར་ནི། །རྣམ་རྟོག་མེད་ཅིང་བདག་མེད་པ། །འདུ་ཤེས་མེད་ཅིང་སྤྱོད་པ་མེད། །གཟུགས་མེད་ཡོན་ཏན་གང་ཡང་མེད། །དེ་ནི་མྱ་ངན་འདས་པར་བསྟན། །ཐར་འདོད་ཆ་དང་བྲལ་བ་ཡིན། །འཁོར་བ་ཡིན་ནི་ངོ་བོ་ཉིད། །རང་བཞིན་དངོས་མེད་ཤེས་བྱས་ལ། །གལ་ཏེ་མྱ་ངན་འདས་མི་འདོད། །དེ་ཚེ་སད་པར་ཤེས་པར་བྱ། །རང་བཞིན་མེད་པའི་ངོ་བོ་ཉིད། །ཡང་དག་ངོ་བོའི་རང་བཞིན་ཤེས། །མྱ་ངན་འདས་ལ་གང་བསྒྲུབ་པ། །བརྩོན་འགྲུས་མི་ལྡན་དངོས་གྲུབ་མེད། །དམན་པའི་སེམས་སུ་གྱུར་པ་ལས། །བྱས་པ་ཆུད་རབ་གསོན་གཞན་མེད། །གང་དག་བྱང་ཆུབ་མཆོག་བསྒྲུབ་པས། །མ་གྲུབ་པར་ནི་ཞུམ་འགྱུར་བ། །བདག་ཉིད་འཕྲོག་པའི་རྐུན་པོ་ནི། །དེ་ཡིས་སྡུག་པ་ཅི་མ་བྱས། །སངས་རྒྱས་བདག་ཉིད་ཅན་གྱི་ལུས། །བདེ་བས་གྲུབ་པ་རྒྱས་མི་བྱེད། །དེ་ལ་བརྩོན་པ་ཡོད་མིན་ཞིང༌། །སྙིང་སྟོབས་ལ་ཡང་གནས་པ་མིན། །བྱང་ཆུབ་མཆོག་ནི་རབ་བསྒྲུབས་པ། །མི་འགྲུབ་མྱ་ངན་འདས་པར་འགྲོ། །རབ་དམན་དེ་ལས་གཞན་མེད་དེ། །སྐྱེ་བོ་ངན་པའང་གཞན་ཡོད་མིན། །གང་ཞིག་བྱང་ཆུབ་མཆོག་ཐོབ་ནས། །རང་གི་ལུས་ནི་སྤོང་བྱེད་པ། །བརྩོན་པ་དེ་ནི་བརྩོན་འགྲུས་ཀྱི། །རབ་ཏུ་སད་པར་གནས་པ་ཡིན། །དེ་བས་དབང་པོ་ཐམས་


DTG078_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ། །ཉེ་ལོངས་སྤྱོད་པས་འཆིང་མ་ཡིན། །ཞེས་གསུངས་པ་དང༌། ཡང་ཡིད་གཉིས་ཡང་དག་པར་འཇོམས་པ་ཞེས་བྱ་བའི་རྒྱུད་ལས། སྐྱེས་བུ་དེ་ཉིད་བརྟུལ་ཞུགས་མེད། །དེ་ལས་འབྲས་བུ་ཆེར་ལྡན་པ། །འགའ་ལ་སེམས་ནི་མོས་གྱུར་ཀྱང༌། །བག་ཆགས་ཇི་ལྟར་འདོར་བར་འགྱུར། །རྣལ་འབྱོར་རྒྱུད་ཀྱི་བརྟུལ་ཞུགས་ལ། །གནས་པའི་སེམས་ནི་མ་སྦྱངས་པ། །ལྟ་བ་ཐ་དད་ཡིན་པའི་ཕྱིར། །རབ་ཏུ་སད་ཀྱང་བརླག་པར་འགྱུར། །གང་ཞིག་རབ་ཏུ་སད་གྱུར་མི། །མར་མེ་ལྟ་བུར་མྱ་ངན་འདའ། །ཤིན་ཏུ་བྱས་ཆུད་གསོན་གཞན་མེད། །དངོས་གྲུབ་ལ་ནི་དེར་མི་སྤྱོད། །རང་གི་ལུས་ལས་བྱུང་བ་ཡི། །མངོན་སུམ་འདོད་པ་དང་བྲལ་ཞིང༌། །མྱ་ངན་འདས་པ་ལ་ཞུགས་པ། །སྙིང་སྟོབས་ཞན་པ་གཞན་ཡོད་མིན། །འདི་ན་རབ་ཏུ་སད་རྒྱུ་ལས། །མི་གང་མྱ་ངན་འདས་འགྲོ་བ། །བདེ་བ་མཐའ་ཡས་རབ་སྤངས་ནས། །དེ་ཚེ་འབྲས་བུ་ཅི་ཞིག་འགྲུབ། །ཅེས་གསུངས་པ་དང༌། དངུལ་ཆུ་མེ་དང་ཕྲད་པ་ལས། དངོས་པོ་ཅི་འདྲར་སོང་གྱུར་དང༌། །ཚིག་པར་མངོན་པའང་མེད་གྱུར་ཅིང༌། །དུ་བར་སོང་བའང་ཡོད་མ་ཡིན། །ལྕི་བའི་གཞོམ་པའི་སྦྱོར་བ་ཡིས། །གང་ཚེ་སླར་ཡང་སྡུད་པ་ལྟར། །དེ་བཞིན་ཡེ་ཤེས་ཕྱག་རྒྱ་ཆེ། །འདྲ་བ་རུ་ནི་ཤེས་པར་བྱ། །ཞེས་བཤད་པ་ཡིན་ནོ། །སྦྱོར་བ་ཡང་རབ་ཀྱི་མཐར་ཐུག་པ་གང་དང་གང་ཐོབ་པ་དེ་ལས་ལྡོག་པར་མི་འགྱུར་ཏེ། དཔེར་ན་ཐར་པ་ལ་སྩོགས་པ་དང་འདྲའོ། །རབ་ཀྱི་མཐར་ཐུག་པའི་རྒྱུའི་ངོ་བོ་ནི་བདེ་བ་དང༌། ཡིད་བདེ་བ་ལ་སྩོགས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གཞན་ཡང་གང་ཞིག་བསྒོམས་པར་གྱུར་པའི་བསྒོམས་པ་དེ་གོམས་པའི་སྟོབས་ཀྱིས་རབ་ཀྱི་མཐར་ཐུག་པ་ལ་གནས་པ་འཐོབ་པར་འགྱུར་བ་ཡིན་ཏེ། དཔེར་ན་ཤེས་རབ་དང༌། བཟོ་དང༌། སྒྱུ་རྩལ་ལ་སོགས་པ་དང་འདྲའོ། །བསྒོམ་པར་བྱ་བ་ཡང་ཤེས་རབ་དང་ཐབས་ཀྱིས་ཡོངས་སུ་ཟིན་པའི་རེག་པའི་ཁྱད་པར་ལས་བྱུང་བའི་བདེ་བ་དང་ཡིད་བདེ་བ་ཡིན་ནོ། །དེ་བས་ན་དེ་དག་ཀྱང་རབ་ཀྱི་མཐར་ཐུག་པར་འགྲོ་བར་འགྱུར་བ་ཡིན་པ་ནི་རང་བཞིན་གྱི་གཏན་ཚིགས་ཉིད་ཡིན་ནོ། །དེ་ལ་འདིར་ཡང་རབ་ཀྱི་མཐར་ཐུག་པ་ཙམ་དང་རྗེས་སུ་འབྲེལ་


DTG078_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

པ་གོམས་པར་བྱས་པ་ལས་གོམས་པའི་ཁྱད་པར་དེའི་སྟོབས་ཀྱིས་སླར་མི་ལྡོག་པའི་ཆོས་ཉིད་ཁོ་ན་ཐོབ་པར་འགྱུར་བ་ཡིན་ཏེ། དེ་གཞན་གང་གིས་ཀྱང་ལྡོག་པར་མི་འགྱུར་བ་ནི་རང་བཞིན་ཉིད་ཐོབ་པར་ཡིན་ནོ། །དཔེར་ན་ཤིང་ལ་སོགས་པ་ལ་མེས་བསྲེགས་པའི་ཁྱད་པར་དེ་ལས་ལྡོག་པར་མི་འགྱུར་ཏེ། བསྲེགས་པ་ལ་སྩོགས་པའི་མཚན་ཉིད་དེ་སླར་མི་འབྱུང་བའི་ཆོས་ཅན་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། དཔེར་ན་ཤིང་དང་གསེར་ལྟ་བུར། །བསྲེགས་པས་སླར་ཡང་མི་འགྱུར་ཞིང༌། །འགྱུར་བ་གང་ཡང་མི་བྱེད་ལ། །ཁ་ཅིག་ལྡོག་པ་དག་ཀྱང་ཡོད། །ཅེས་བཤད་པ་ཡིན་ཏེ། གསེར་ལ་སྩོགས་པ་ལ་མེས་བྱས་པའི་ཁྱད་པར་དེའི་རྒྱུན་ལས་ལྡོག་ཅིང་དེ་དང་མི་མཐུན་པའི་རྒྱུ་དེའི་རང་བཞིན་གྱི་དངོས་པོར་སྐྱེད་པར་བྱེད་དེ། མེ་དང་ཆུ་ལ་སྩོགས་པ་དང་འདྲའོ། །གསེར་འདི་ཡང་སྲ་བ་ལ་སྩོགས་པའི་རང་བཞིན་གཞིའི་ཁྱད་པར་དུ་འབྱུང་སྟེ། རང་བཞིན་གྱིས་བསྒོམས་པས་ཁྱད་པར་གཞན་སྐྱེ་བར་འགྱུར་རོ། །དེ་ལ་འདིར་སེམས་ཡུལ་ལ་སྤྱོད་པ་ལས་བྱུང་བའི་བདག་ཉིད་ཀྱི་ཁྱད་པར་དེ་གོང་ནས་གོང་དུ་འགྲོ་བའི་རྒྱུ་ལ་བརྟེན་པས་རབ་ཀྱི་མཐའ་ཐོབ་པར་གྱུར་པ་ལས་ལྡོག་པར་མི་འགྱུར་ཏེ། བློ་དེའི་ཕྱོགས་སུ་ལྷུང་བའི་ཕྱིར་རོ། །བློ་གང་གིས་དེ་ཞེན་པར་གྱུར་པའི་ཡོན་ཏན་དེ་ཐོབ་པ་ན་རྒྱུ་དེ་ཉིད་ཉེ་བར་བླངས་པས་དེ་དང་མི་མཐུན་པའི་སྒོར་ནམ་ཡང་ལྡོག་པར་མི་འགྱུར་རོ། །དེ་ལ་གང་དང་གང་གིས་རབ་ཀྱི་མཐར་ཐུག་པར་བྱིན་པ་དེ་དང་དེའི་བདག་ཉིད་དུ་འགྱུར་བ་ཡིན་ཏེ། དཔེར་ན་བྲམ་ཟེ་ཡང་གོམས་པའི་དབང་གིས་གཙང་སྦྲ་ལ་སྩོགས་པ་མེད་པར་འགྱུར་ཏེ། འདི་ལྟར་བྲམ་ཟེ་བརྟུལ་ཞུགས་ཆེན་པོ་འཛིན་པ་འགའ་ཞིག་བརྩེ་བ་མེད་པའི་བསམ་པ་ལ་གོམས་པར་བྱས་ན་དེའི་རང་བཞིན་དུ་འགྱུར་རོ། །གང་ཡང་རང་རིག་པའི་བདེ་བ་དང་ཡིད་བདེ་བ་ལ་སྩོགས་པ་ཐམས་ཅད་ཀྱི་རྒྱུད་ལ་གནས་པ་རང་རིག་པའི་མངོན་སུམ་དུ་གྲུབ་པ་དེ་ཡང་དེ་ཉིད་བསྒོམ་པ་གོམས་པའི་སྟོབས་ཀྱིས་རྒྱུན་མི་འཆད་པར་འཇུག་པས་གནས་ཏེ། རྒྱུན་འཆད་པའི་རྒྱུན་མེད་པའི་ཕྱིར་སྡུག་བསྔལ་ལ་སྩོགས་པའི་རྒྱུན་འཆད་པར་བྱེད་པའི་རྒྱུ་ཡོད་པ་མ་


DTG078_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །རྟོག་པ་དང་ལྡན་པ་ཁ་ཅིག་ནི་སྡུག་བསྔལ་ལ་སྩོགས་པ་ལ་མི་ཕན་པའི་རང་བཞིན་ཅན་དུ་ཤེས་ནས་འདོར་བར་འགྱུར་བ་ཡིན་ལ། ཡང་དེ་སྐྱེད་པའི་རྒྱུ་ཚོལ་བར་མི་བྱེད་དེ། གཞན་དུ་ན་དེ་རྟོག་པ་དང་ལྡན་པ་མ་ཡིན་ཏེ། དེ་ལས་གཞན་པ་ནི་སྨྱོན་པ་དང་འདྲའོ། །དེ་ནས་རེ་ཞིག་མཐར་ཐུག་པར་ཕྱིན་པ་ལྟ་ཞོག་གི །འོན་ཀྱང་ཅུང་ཟད་ཙམ་བསྟེན་པ་ཡང་བློས་དེ་ལ་ཕན་པ་དང་རྗེས་སུ་འབྲེལ་པ་ཉིད་ཀྱིས་དེ་དང་མི་མཐུན་པའི་རྒྱུའི་འདོད་པ་ནི་ཅི་ནས་ཀྱང་སྐྱེད་པར་མི་བྱེད་དེ། སུ་ཡང་ཤེས་བཞིན་དུ་སྤྲུལ་དང་ཚེར་མ་ལ་སྩོགས་པ་ལེན་པར་མི་བྱེད་དོ། །དེས་ན་དེའི་འབྲས་བུ་ཐོབ་པ་ཉིད་དངོས་པོ་ལ་བསླབས་པའི་ཁྱད་པར་གྱི་སྟོབས་ཀྱིས་གོམས་པར་འགྱུར་བ་ཐོབ་པ་ན་དེ་ཉིད་ལ་བློས་སྤང་བར་བྱ་བའི་ཚུལ་དུ་ཐོག་མ་ཁོ་ནར་ཟློག་པར་བྱེད་དེ། དེས་ནི་དེའི་རྒྱུན་གཅོད་པ་དེ་ནི་དེ་ཡིན་པས་རང་བཞིན་གྱི་གཏན་ཚིགས་ཀྱིས་དེའི་རང་བཞིན་སྒྲུབ་པར་བྱེད་པ་ཡིན་ནོ། །གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། བསྒོམ་པའི་ཁྱད་པར་གྱིས་ཁྱད་པར་ཐོབ་པའི་ཕྱིར་དང༌། དེས་ཤེས་རབ་ལ་སྩོགས་པ་གོམས་པའི་ཕྱིར། གཏན་ཚིགས་མ་གྲུབ་པ་ཡོད་པ་མ་ཡིན་ནོ། །མ་ངེས་པའང་མ་ཡིན་ཏེ། གང་གིས་བདེ་བ་དང་ཡིད་བདེ་བ་ལ་སོགས་པ་ལ་གོམས་པར་བྱེད་པ་ན་མི་མཐུན་པའི་སྡུག་བསྔལ་ལ་སོགས་པ་ལ་འཇུག་པ་མ་ཡིན་ནོ། །འགལ་བ་ཡང་མ་ཡིན་ཏེ། གང་གི་ཕྱིར་བསྒྲུབ་པར་བྱ་བ་དང་མི་མཐུན་པའི་སྡུག་བསྔལ་འགྲུབ་པ་མ་ཡིན་ནོ། །དཔེའི་ཆོས་ཀྱང་སྨྲ་བ་པོ་ཐམས་ཅད་ལ་གྲགས་པ་ཡིན་ཏེ། གང་འདི་ཤེས་རབ་ལ་སྩོགས་པ་སྐྱེས་བུ་སོ་སོ་ལ་བསླབས་པའི་དབྱེ་བས་ཁྱད་པར་ཐ་དད་པ་བསྒྲུབ་པར་གྱུར་པ་སྣང་བ་ཡིན་ནོ། །གང་ཡང་འདོད་ཆགས་ཀྱི་གཉེན་པོར་མི་གཙང་བ་དང༌། ཞེ་སྡང་གི་གཉེན་པོར་བྱམས་པ་དང༌། གཏི་མུག་གི་གཉེན་པོར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ནོ་ཞེས་གསུངས་པས་དེ་ལ་ཆགས་པ་ནི་ཆགས་པ་དང་བྲལ་བས་རྣམ་པར་ལྡོག་སྟེ། དེ་དང་མི་མཐུན་པར་གྱུར་པ་ཡིན་པའི་ཕྱིར་རོ་ཞེ་ན། གལ་ཏེ་དེ་ལྟར་ཆགས་པ་ལ་གོམས་པར་བྱས་པས་ཀྱང་ཆགས་པ་དང་བྲལ་བར་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་རྩ་བའི་རྒྱུད་ལས། འདོད་ཆགས་སངས་རྒྱས་ཐམས་ཅད་ཀྱི། །ཆགས་


DTG078_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་རྙོག་མེད་ཡིན། །འདོད་ཆགས་དང་ནི་ཆགས་བྲལ་བཅོམ། །དེ་ནི་བདེ་བ་ཐམས་ཅད་བསྐྱེད། །ཅེས་གསུངས་པ་ཡིན་ནོ། །འདོད་ཆགས་ལ་སྩོགས་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཉིད་ནི་མ་ཡིན་ཏེ། གཞན་དུ་ན་རྒྱུན་དུ་ཞུགས་པའི་ལམ་ཐོབ་པར་མི་འགྱུར་ཏེ། དེ་ནི་འདོད་ཆགས་ལ་སྩོགས་པ་མ་སྤངས་པས་འཇུག་པ་ཡིན་པའི་ཕྱིར་རོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་ཀྱི་ལེའུ་ལས། བྱང་ཆུབ་སེམས་དཔའ་དགེ་བ་བཅུ་ལས་ཀྱང་ཉམས་པར་བྱ་སྟེ། ཇི་ལྟར་འདོད་པ་དོན་དུ་གཉེར་བའི་བུད་མེད་ལ་བྱང་ཆུབ་སེམས་དཔའི་ཕྱིར། སྲོག་འདོར་བར་བྱེད་ན་དེ་ལ་འདོད་པ་བསྟེན་པ་ལ་སྩོགས་པས་སྲོག་གཟུང་བར་བྱའོ། །དེ་བཞིན་དུ་སྡིག་པ་ཆེན་པོ་བྱེད་པ་མཐོང་ན་སྲོག་དང་བྲལ་བར་བྱེད་པ་ཡང་དེ་ངན་འགྲོར་འགྲོ་བར་མི་བྱེད་ཀྱི་བསོད་ནམས་མང་པོ་སྐྱེ་བར་འགྱུར་རོ་ཞེས་གསུངས་སོ། །དེ་བས་ན་འདོད་ཆགས་ལ་སྩོགས་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ན་དེའི་ཆེ་ངན་འགྲོའི་རྒྱུར་ཇི་ལྟར་མི་འགྱུར། བསོད་ནམས་ཤིན་ཏུ་མང་པོ་སྐྱེ་བར་ཡང་ཇི་ལྟར་གསུངས། དེ་ནས་དེ་རྣམས་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ནི་མ་ཡིན་མོད་ཀྱི་འོན་ཀྱང་གང་ཟག་གི་རྒྱུད་ཀྱི་ཁྱད་པར་ལས་ཡོན་ཏན་གྱི་ཁྱད་པར་སྐྱེད་པར་བྱེད་པར་འགྱུར་ཏེ། དཔེར་ན་ཀེ་ཏ་ཀའི་མེ་ཏོག་སྤོས་ཀྱི་གླང་པོ་ཆེས་ཟོས་ན་ཞུ་བ་ན་གླ་རྩི་ལྟ་བུ་ཉིད་དུ་འགྱུར་ལ། གླང་པོ་ཆེ་གཞན་གྱིས་ཟོས་ན་ཞུ་བ་ན་མི་གཙང་བའི་རང་བཞིན་དུ་འགྱུར་རོ། །དེས་ན་དེ་མེ་ཏོག་ཀེ་ཏ་ཀའི་ཉེས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་འདོད་ཆགས་ལ་སྩོགས་པ་ཡང་བསམ་པའི་ཁྱད་པར་གྱི་དབང་གིས་རྒྱུད་རྣམ་པར་དག་པ་ལ་གནས་པ་རྣམས་ལ་ནི་ཁྱད་པར་ཅན་གྱི་འབྲས་བུ་ཉིད་སྐྱེད་པར་བྱེད་དོ། །དཔེར་ན་འོ་མ་སྤྲུལ་ལ་སྩོགས་པས་འཐུངས་ན་ཞུ་བའི་ཚེ་དུག་ལ་སྩོགས་པའི་རང་བཞིན་དུ་འགྱུར་ལ། སྐྱེས་བུ་གཞན་གྱིས་འཐུངས་ན་ནི་བདུད་རྩིའི་རང་བཞིན་དུ་འགྱུར་རོ། །དེ་བཞིན་དུ་འདོད་ཆགས་ལ་སྩོགས་པ་ཡང་བསམ་པའི་ཁྱད་པར་ལ་བརྟེན་པས་ཁྱད་པར་ཅན་གྱི་འབྲས་བུ་ཉིད་སྐྱེས་པར་བྱེད་དེ། རང་བཞིན་གྱི་ཁ་ན་མ་ཐོ་བ་ཉིད་མ་ཡིན་བའི་ཕྱིར་རོ། །


DTG078_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཚིགས་ཀྱི་སྦྱོར་བ་ནི་ཁྱད་པར་ཅན་རྒྱུད་གང་དང་གང་ལ་བརྟེན་པ་དེ་དང་དེ་ནི་ཁྱད་པར་ཅན་གྱི་འབྲས་བུ་ཉིད་སྐྱེད་དེ་དཔེར་ན་ཀེ་ཏ་ཀ་ལ་སོགས་པ་བཞིན་ནོ། །ཁྱད་པར་འཕགས་པའི་རྒྱུད་ལ་གནས་པའི་འདོད་ཆགས་ལ་སྩོགས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །འདིར་ཡང་ཁྱད་པར་ཅན་གྱི་རྒྱུད་ཀྱི་ཉེ་བར་ལོངས་སྤྱོད་པ་ཡོངས་སུ་གྱུར་པ་ཙམ་དང་རྗེས་སུ་འབྲེལ་པ་ནི་ཁྱད་པར་ཅན་གྱི་འབྲས་བུ་ཐོབ་པ་ཙམ་ཉིད་སྐྱེད་པར་བྱེད་པ་ཡིན་ཏེ། རྒྱུའི་ཚོགས་པ་ཐ་མ་བཞིན་ནོ། །གང་ཞིག་གང་གི་རང་བཞིན་པ་དེ་ཙམ་ལ་རྗེས་སུ་འབྲེལ་པ་ནི་དེས་དེ་བྱེད་པ་ཡིན་ཏེ། གེགས་པ་བྱེད་པ་མེད་པའི་ཕྱིར་རོ། །གེགས་བྱེད་པ་ཡོད་ན་ནི་ཡིད་བརྟན་དུ་མི་རུང་ངོ༌། །དེ་ལ་འདིར་ཁྱད་པར་ཅན་གྱི་ཡོངས་སུ་གྱུར་པ་ནི་གཞན་ལ་ལྟོས་པ་ཡོད་པ་མ་ཡིན་པས་དེ་ཙམ་དུ་རྗེས་སུ་འབྲེལ་བ་ཡོད་པ་ཡིན་ལ། དེ་ཡང་སྡོད་པ་མེད་པ་གེགས་ཡོད་པ་མ་ཡིན་ཏེ། སྡོད་པ་མེད་པའི་ཐ་མ་ནི། །སྡོད་པ་མེད་པ་གཞན་ལ་ལྟོས་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་དེ་ཙམ་དང་རྗེས་སུ་འབྲེལ་པའི་ངེས་པས་རང་བཞིན་གྱི་གཏན་ཚིགས་སུ་བཤད་པ་ཡིན་ནོ། །ཇི་ལྟར་བཅུད་ཀྱིས་ལེན་པར་བྱེད་པ་ཡང་བཅུད་ཀྱིས་ལེན་གྱི་སྨན་པ་བཅུད་ཀྱི་མཐུ་གོམས་པར་གྱུར་པ་ན་ཁྱད་པར་དུ་འཕགས་པ་ཉིད་ཀྱི་གཟུགས་གཞན་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་ཟངས་མ་ལ་སྩོགས་པ་དངུལ་ཆུ་ལ་སྩོགས་པའི་བཅུད་ཀྱི་ཤུགས་བརྟན་པར་བྱས་པའི་མཐུས་དོན་གྱི་རྣམ་པ་གཞན་སྐྱེད་པར་བྱེད་པ་ནི་ཉེས་པ་མེད་ཅིང་སླར་མི་ལྡོག་པའི་ཆོས་ཅན་ཡིན་ཏེ། དེ་བཞིན་དུ་འདིར་ཡང་ཤེས་པར་བྱའོ། །གཞན་དུ་ན་ཟངས་མ་ལ་སྩོགས་པ་དངུལ་ཆུ་ལ་སྩོགས་པས་བསྒྱུར་བ་ཉིད་དུ་མི་འགྱུར་རོ། །དེ་ལྟར་ནུས་པ་དེ་མཐོང་བས་ཡོད་པ་ཉིད་དུ་གསལ་བ་ཁོ་ནར་རྟོགས་ཏེ། གཞན་དུ་ན་གང་དུ་ཡང་ནུས་པ་ཡོད་པར་མི་འགྱུར་རོ། །དེ་ཡང། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུར། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་ཟུང༌།། བསོད་ནམས་ཀྱིས་ནི་ལུས་བདེ་ལ། །མཁས་པ་ཡིས་ནི་སེམས་བདེ་ན། །གཞན་


DTG078_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དོན་འཁོར་བར་གནས་ཀྱང་ནི། །སྙིང་རྗེ་ཅན་དག་ཇི་ལྟར་སྐྱོ། །ཞེས་བཤད་པ་ཡིན་ནོ། །གཞན་ཡང་ཇི་ལྟར་བཅུད་ཀྱིས་ལེན་གྲུབ་པའི་སྐྱེས་བུ་ལ་ལ་ཞིག་སྨན་ཁྱད་པར་ཅན་གྱི་སྦྱོར་བས་དེའི་ཡོན་ཏན་གྱི་ཆེ་བའི་བདག་ཉིད་ཐོབ་ཅིང༌། དེ་ལ་མངོན་པར་ཤེས་བ་ལྔ་ཡང་འབྱུང་བར་འགྱུར་ཞིང༌། འདི་ལྟར་འཁོར་བ་ཇི་སྲིད་པར་གནས་པའི་ཡོན་ཏན་དག་ཀྱང་བྱེད་དོ། །དེ་བཞིན་དུ་ཁྱད་པར་ཅན་གྱི་ཡུལ་ལ་ཡོངས་སུ་ལོངས་སྤྱོད་པ་ལས་ཡང་དག་པར་བྱུང་བའི་བཅུད་ཀྱིས་ལེན་ནི་འཁོར་བ་ཇི་སྲིད་པར་སྨོན་ལམ་གྱི་བྱ་བ་བྱས་ཤིང་གཞན་གྱི་དོན་ལ་བརྩོན་པའི་ཡོན་ཏན་གྱི་ཚོགས་ཡང་དག་པར་བསྒྲུབས་པ་བྱང་ཆུབ་སེམས་ཀྱི་བཅུད་ཀྱིས་ལེན་གྱིས་བསྒྱུར་བ་ཡོད་པར་ཅིའི་ཕྱིར་མི་འདོད། གཞན་ཡང༌། འགྲོ་བ་དྲུག་དང་ཉོན་མོངས་བསལ་བས་བྱང་ཆུབ་མཆོག་ཐོབ་མ་མཆིས་ལ། །ཉོན་མོངས་འཕྱོས་པས་རང་ལ་སྨན་པར་བགྱིད་པའང་འཐོབ་པར་འགྱུར་མ་ལགས། །དེ་སླད་ཁྱོད་ཀྱིས་བྱང་ཆུབ་བརྙེས་སླད་བརྩོན་འགྲུས་བརྟན་པ་མཛད་པ་ལ། །ཉོན་མོངས་ངེས་པར་མ་བསྲེགས་རན་གྱི་དུམ་བུ་བཞིན་དུ་སྤང་བར་མཛད། །ཁྱེད་ཀྱི་ཉོན་མོངས་དྲན་དང་མཁྱེན་པས་གཟུང་བས་ཡོན་ཏན་སྣ་ཚོགས་འགྲུབ། །ཉོན་མོངས་པ་དག་སྤང་བར་གྱུར་པ་བྱང་ཆུབ་རྒྱུར་ཡང་ཉེ་བར་འགྱུར་ལགས་ཏེ། །འདི་ལྟར་དེ་ཡིས་ཁྱོད་བློ་ཤུལ་གོལ་ཡུལ་ཅན་དུ་ཡང་མ་བགྱིས་ལ། །འགྲོ་བ་རྣམས་སུ་སྐྱེ་བ་བརྒྱུད་པའང་ཡོན་ཏན་རྣམས་ཀྱི་ཞིང་དུ་མཛད། །གཞན་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྒོམ་པ་རབ་ཀྱི་མཐར་ཐུག་པར་གནས་པ་དེ་ཇི་ལྟར་རྣམ་པར་རྟོག་པ་དང་བཅས་པ་ཉིད་ལས་ཡིན་ནམ་འོན་ཏེ་རྣམ་པར་མི་རྟོག་པ་ཉིད་ལས་ཡིན། དེ་ལས་གལ་ཏེ་རེ་ཞིག་རྣམ་པར་མི་རྟོག་པ་ཉིད་ལས་ཡིན་པར་འདོད་ན་དེའི་ཚེ་བསྒོམ་པའི་རྣམ་པར་རྟོག་པའི་ནུས་པ་ལས་ངེས་པར་སྐྱེས་པ་ཅི་ལྟར་ན་རྣམ་པར་མི་རྟོག་པ་ཉིད་ཡིན། རྣམ་པར་རྟོག་པ་དང་བཅས་པ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བ་ཇི་ལྟར་ཡང་སྲིད་པ་མ་ཡིན་ནོ། །འོན་ཏེ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་བག་ཆགས་རྣམས་ལྡོག་པ་ལས་རྣམ་པར་མི་རྟོག་པ་ཉིད་ཡིན་ན་དེ་ནི་མི་རིགས་ཏེ། གང་གི་ཕྱིར་ཉོན་མོངས་པ་དང་


DTG078_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བའི་ཉོན་མོངས་པའི་བག་ཆགས་ལྡོག་པ་ན་གང་ཞིག་རྣམ་པར་མི་རྟོག་པར་གྱུར་པ་གཞན་ཅི་ཞིག་ཡོད་དེ། དེ་ལས་ལོག་པའི་གཞན་ལ་ཚད་མ་མེད་པའི་ཕྱིར་རོ། །དེ་ལ་ཡང་ཚད་མས་གྲུབ་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ཡོད་པར་མངོན་སུམ་ཡང་ཡོད་པ་མ་ཡིན་ཏེ། དེ་ནི་དབང་པོ་དང༌། སྣང་པ་དང༌། ཡིད་ལ་བྱེད་པ་དང༌། ཡུལ་གྱི་ནུས་པ་ལས་ངེས་པར་སྐྱེས་པ་ཡིན་པའི་ཕྱིར་རོ། །གཟུང་བ་དང༌། འཛིན་པ་དང༌། འཛིན་པའི་རྣམ་པ་དང་བྲལ་བའི་ཤེས་པ་སྟོན་པར་བྱེད་པ་ཉིད་ཀྱང་ཡོད་པ་མ་ཡིན་ཏེ། དེ་ནི་དེ་ལས་གོ་བཟློག་པ་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པས་ཀྱང་མ་ཡིན་ཏེ། དེ་ཡང་རྟགས་དང་རྟགས་ཅན་གྱི་འབྲེལ་པ་འཛིན་པ་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །གཟུང་བ་དང་འཛིན་པ་གཉི་ག་ལས་གྲོལ་བའི་རྣམ་པར་ཤེས་པ་དེ་མེད་ན་མི་འབྱུང་བ་འབྲས་བུ་ཞེས་བྱ་བའམ། རང་བཞིན་ཞེས་བྱ་བའི་རྟགས་ནི་ཉེ་བར་དམིགས་པར་མི་འགྱུར་རོ། །མི་དམིགས་པའི་གཏན་ཚིགས་ཀྱང་དེ་རྟོགས་པར་བྱེད་པར་གྱུར་པ་མ་ཡིན་ཏེ། དེ་དགག་པ་ཡུལ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་རེ་ཞིག་འབྲས་བུའི་གཏན་ཚིགས་གྲུབ་པ་མ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ཉིད་དུ་མི་འཐད་པའི་ཕྱིར་ཏེ། གང་གི་ཕྱིར་རྒྱུ་ཉམས་པ་ལས་འབྲས་བུ་སྐྱེས་པ་ཡང་མ་ཡིན་ཏེ། དེ་ནི་མེད་པ་ཉིད་ཀྱིས་ན་སྐྱེད་པ་པོ་མ་ཡིན་པའི་ཕྱིར་རོ། །མ་ཉམས་པ་ལས་ཀྱང་མ་ཡིན་ཏེ། སྐྱེ་བའི་བྱ་བ་ལ་མངོན་དུ་ཕྱོགས་པའི་དུས་ལ་སྡོད་པ་ན་སྐད་ཅིག་མས་འཇིགས་པ་མེད་པར་ཐལ་བར་འགྱུར་རོ། །བྱ་བ་མེད་ན་ནི་ནམ་མཁའི་མེ་ཏོག་དང་འདྲ་བར་སྐྱེད་པར་བྱེད་པ་ག་ལ་ཡིན། དེ་ཉིད་ཀྱི་ཕྱིར། ས་བོན་ཉམས་པར་གྱུར་པ་ལས། །མྱུ་གུ་འབྱུང་བར་འགྱུར་མ་ཡིན། །སྐྱེ་བ་སྒྱུ་མ་སྐྱེ་འདྲ་བར། །འདི་དག་ཐམས་ཅད་ཁྱེད་ཀྱིས་གསུངས། །སྐྱེ་དང་འབྱུང་དང་འཇིག་ཚོགས་དང༌། །སེམས་ཅན་སྲོག་སྩོགས་སྟོན་མཛད་པ། །མགོན་པོ་ཁྱོད་ཀྱིས་དེ་དྲང་དོན། །གསུངས་པ་དེ་ནི་ཀུན་རྫོབ་ཡིན། །ཞེས་བཤད་པ་ཡིན་ནོ། །དེས་ན་དོན་གྱིས་བསྐྱེད་པར་བྱ་བ་དང༌། སྐྱེད་པ་པོ་མི་འཐད་པས་འདིས་ན་རྒྱུ་དང་འབྲས་བུར་ཡོད་པ་མ་ཡིན་ནོ། །རང་བཞིན་གྱི་གཏན་ཚིགས་ཀྱང་རང་བཞིན་གྱིས་ལྐོག་ཏུ་གྱུར་པ་ཉིད་ཡིན་པའི་ཕྱིར་ཅི་ལྟར་ཡང་


DTG078_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་མ་ཡིན་ཞིང་དེ་ཙམ་གྱི་རྗེས་སུ་འབྲེལ་པར་མ་གྲུབ་པ་ཡིན་པའི་ཕྱིར་རོ། །མི་དམིགས་པ་ཡང་དག་པར་བསྒྲུབ་པ་ཉིད་ཡིན་པའི་ཕྱིར་འདིར་སྐབས་མ་ཡིན་ནོ། །གཏན་ཚིགས་སམ་ཚད་མ་གཞན་དག་ཀྱང་འདོད་པ་ཡིན་ན་ཡེ་ཤེས་རྣམ་པར་མི་རྟོག་པ་ཡིན་པར་ངེས་སོ་ཞེས་བརྗོད་པ་ག་ལ་ཡོད། དེ་ཡང༌། དངོས་རྣམས་རང་ལས་མི་སྐྱེ་ཞིང༌། །གཞན་དང་གཉིས་ཀ་ལས་ཀྱང་མིན། །ཡོད་མིན་མེད་མིན་ཡོང་མེད་མིན། །གང་ཞིག་གང་ལས་དེ་ལྟར་འབྱུང༌། །ཞེས་བཤད་པ་ཡིན་ནོ། །དེས་ན་དོན་དམ་པར་རྣམ་པར་ཤེས་པ་དེ་མི་འཐད་པ་ཡིན་ན་རྣམ་པར་མི་རྟོག་པ་ཅན་དུ་ཇི་ལྟར་འགྱུར། ནམ་མཁའི་པདྨ་ལ་སོགས་པ་ནི་རྣམ་པར་རྟོག་པ་དང་བཅས་པ་དང༌། རྣམ་པར་རྟོག་པ་མེད་པ་ཉིད་དུ་འདོད་པ་མ་ཡིན་ཞིང༌། དེ་ལ་ཡང་དཔྱོད་པ་འདི་འཇུག་པ་མ་ཡིན་ཏེ། སྐྱེས་བུའི་དོན་ལ་དགོས་པ་མེད་པ་ཉིད་ཡིན་པས། ནམ་མཁའི་པདྨ་དང་འདྲ་ལ་དེ་ཁས་བླངས་ན་ཡང་དགོས་པ་ཅི་ཡང་ཡོད་པ་མ་ཡིན་ནོ། །དེ་ངོ་བོ་ཉིད་མེད་པས་དེ་ནི་ཅི་ཡང་བསྒྲུབ་པར་རིགས་པ་མ་ཡིན་ལ། བསྒྲུབ་པར་བྱ་བ་མི་བྱེད་པ་ཡང་དེར་བསྒྲུབ་པ་ཡིན་པར་མ་བཤད་དོ། །དེ་བས་ན་ཡེ་ཤེས་འདི་དག་ཐམས་ཅད་ནི་རྟེན་ཅིང་འབྲེལ་པ་ལས་བྱུང་བ། གཟུང་བ་དང་འཛིན་པའི་རྣམ་པའི་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བས་འཇུག་པ་ན། རྣམ་པར་རྟོག་པ་དང་བཅས་པ་ཡིན་པར་ཤེས་སོ། །གང་གིས་ན་ཁམས་གསུམ་པ་རྣམས་ནི་གཟུང་བ་དང་འཛིན་པའི་རྣམ་པར་ཤེས་པའི་རྐྱེན་གྱིས་བརྟགས་པའོ་ཞེས་བཤད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ལང་ཀར་གཤེགས་པའི་མདོ་ལས། འཕགས་པས་འཁྲུལ་པ་མི་གཟིགས་ཏེ། །ཡང་དག་པ་ཡང་སྐབས་དེར་མིན། །འཁྲུལ་པ་ཉིད་འགྱུར་ཡང་དག་པར། །གང་ཕྱིར་སྐབས་དེར་ཡང་དག་ན། །ནོར་པ་ཡང་དག་ཉིད་དུ་འགྱུར། །ནོར་པ་ཐམས་ཅད་སྤངས་ནས་ཀྱང༌། །གལ་ཏེ་མཚན་མ་སྐྱེར་ཟིན་ན། །དེ་ཉིད་དེ་ཡི་ནོར་པ་སྟེ། །རབ་རིབ་ཡོངས་སུ་མ་དག་བཞིན། །ཞེས་གསུངས་པ་ཡིན་ནོ། །དེ་ལ་ཕྱིན་ཅི་ལོག་ཏུ་དངོས་པོར་སྒྲོ་བཏགས་པ་འབའ་ཞིག་ལྡོག་པ་ན་ཁྱད་པར་ཅན་གྱི་དངོས་པོའི་དོན་བསྒོམ་པའི་རབ་ཀྱི་མཐར་ཐུག་པར་འགྲོ་བས་འབྲས་བུ་ཁྱད་


DTG078_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཅན་ཉིད་འབྱུང་བར་འགྱུར་བ་ཡིན་ཏེ། བར་དང་བཅས་པ་དང་བར་གྱི་ངོ་བོ་མེད་པར་རང་བཞིན་གཅིག་པ་བདེ་བ་ལ་སོགས་པ་བསྒོམ་པ་ལ་གོམས་པའི་ཁྱད་པར་ཉིད་བརྟེན་པ་ཡིན་པའི་ཕྱིར་དེའི་རྣམ་པ་ཡང་དག་པར་རིག་པ་དང་འདྲ་ལ། དེ་དང་རིགས་མཐུན་པའི་རྒྱུན་དུ་འཇུག་པ་གཟུང་བ་དང་འཛིན་པའི་རྣམ་པ་ཡང་དག་པར་རིག་པའི་དབྱེ་བ་དང་ལྡན་པ་རང་གི་ངོ་བོ་རྒྱུན་མི་འཆད་པའི་ཆོས་ཅན་རང་གི་སེམས་ལ་དབང་ཐོབ་པ་ནི་རྣམ་པར་རྟོག་པ་དང་བཅས་པ་ཡིན་ན་ཡང་ཇི་ལྟར་གནས་པའི་དངོས་པོའི་དོན་མ་ལུས་པ་ཡོངས་སུ་གཅོད་པའི་ཤེས་རབ་དང་ཐབས་ཀྱིས་ཡོངས་སུ་ཟིན་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཡང་ལང་ཀར་གཤེགས་པའི་མདོ་ལས། ཐེག་ཆེན་པ་ཡི་ཐེག་པ་ངའི། །ཡི་གེ་མེད་ཅིང་སྒྲ་ཡང་མེད། །བསམ་གཏན་མ་ཡིན་རྣམ་ཐར་མིན། །སྣང་མེད་སྤྱོད་ཡུལ་མ་ཡིན་ནོ། །འོན་ཀྱང་ཐེག་ཆེན་ཐེག་པ་སྟེ། །ཏིང་ངེ་འཛིན་ལ་དབང་བྱེད་པ། །ཡིད་ཀྱི་ལུས་ཀྱི་བདག་ཉིད་མཆོག །དབང་གི་མེ་ཏོག་རྣམས་ཀྱིས་བརྒྱན། །ཞེས་གསུངས་པ་ཡིན་ནོ། །དེ་བས་ན་རྒྱུའི་ཁྱད་པར་ལས་འབྲས་བུའི་ཁྱད་པར་རྟོགས་པར་བཤད་དོ། །འོན་ཀྱང་མིང་དང་རིགས་ལ་སོགས་པས་བརྟགས་པའི་དོན་གྱིས་རྗེས་སུ་འགྲོ་བ་དང་ལྡོག་པ་དང་མཐུན་པའི་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་མི་གསལ་བ་དང་མངོན་པར་ལྡན་པ་ཡིན་ཏེ། སློབ་དཔོན་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས་ཀྱིས་ཀྱང་འཇིག་རྟེན་པའི་ཚད་མ་བརྟག་པར་གང་དེ་གཟུང་བ་དང་འཛིན་པའི་དབྱེ་བས་ཀུན་དུ་བསྐྱེད་པ་གསལ་བར་སྣང་སྟེ། འདི་ལྟར་མིང་དང་རིགས་ལ་སོགས་པར་བརྟགས་པ་དང་བྲལ་བ་ཉིད་ཀྱི་ཤེས་པ་ནི་གསལ་བར་སྣང་བར་གྱུར་པ་ཡིན་ནོ། །གཟུང་བ་དང་འཛིན་པའི་རྟོག་པའི་དབྱེ་བས་ཕྱེ་བ་ཡིན་ལ། དེ་བས་ན་མིང་དང་རིགས་ལ་སོགས་པར་བརྟགས་པ་ལ་བརྟེན་ཏེ། སློབ་དཔོན་གྱིས་མི་གསལ་བ་ཉིད་དུ་བསྟན་ཏེ། གཟུང་བ་དང་འཛིན་པ་ཡང་དག་པར་རིག་པའི་དབྱེ་བ་ལ་བརྟེན་པ་ནི་མ་ཡིན་ནོ། །དེ་བས་ན་ཡུལ་གྱི་རྣམ་པ་ཉམས་སུ་མྱོང་བ་ལས་བྱུང་བའི་ཁྱད་པར་ནི་དེ་དག་རིགས་མཐུན་པ་ལ་མངོན་པར་ཞེན་པ་མེད་དེ། དེ་གོམས་པར་གྱུར་པ་གསལ་བར་སྣང་བ་ཉིད་ལ་གནོད་པར་


DTG078_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་མེད་ཅིང༌། སྒྲུབ་པར་བྱེད་པ་ནི་ཡང་ཡོད་དེ་གོམས་པར་གྱུར་པ་སྙོམས་པར་འཇུག་པའི་མཚན་ཉིད་ཡིན་ཏེ། འདོད་པ་དང༌། མྱ་ངན་དང༌། འཇིགས་པ་དང༌། སྨྱོ་བ་ལ་སོགས་པ་བཞིན་ནོ་ཞེས་སྔར་བཤད་པ་ཡིན་ནོ། །འོན་ཏེ་གཟུང་བ་དང་འཛིན་པ་ཡང་དག་པར་རིག་པའི་རྣམ་པ་ཉིད་དུ་སྣང་བཞིན་པའི་ཡེ་ཤེས་མཐར་ཐུག་པར་གྱུར་པ་ན་ཐམས་ཅད་ཐུགས་སུ་ཆུད་པ་ཉིད་དུ་འདོད་ན། དེ་ལྟར་ནི་མ་ཡིན་ཏེ་རྟོག་པའི་དྲ་བས་བསྒྲུབས་པ་ཡིན་པའི་ཕྱིར་རོ། །འོ་ན་རྣམ་པ་མ་ལུས་པས་སྟོང་པ་ཡང་དག་པར་རིག་པ་ཙམ་སྟེ། ཇི་ལྟར་ན་ཤེས་བྱ་མ་ལུས་པ་ཡོངས་སུ་གཅོད་པ་ཉིད་ཡིན། སྣང་བ་མེད་པའི་ཡེ་ཤེས་ལ་ཇི་ལྟར་ཡོངས་སུ་གཅོད་པ་ཉིད་ཡོད། འདི་ནི་རིགས་པ་དང་འགལ་བ་ཡིན་ཏེ། ཆ་ཤས་མེད་པའི་རང་བཞིན་གཅིག་ལ་རྟོགས་པར་བྱ་བ་དང༌། རྟོགས་པ་པོ་དང༌། རྟོགས་པའི་དབྱེ་བས་ངོ་བོ་ཉིད་གསུམ་དུ་མི་འཐད་པའི་ཕྱིར་རོ། །འོན་ཏེ་རབ་ཀྱི་མཐར་ཐུག་པར་བྱིན་པ་ན་དེའི་རང་བཞིན་ནི་འདི་ཉིད་ཡིན་པས་ཐམས་ཅད་ཐུགས་སུ་ཆུད་པ་ཡིན་ན་རང་བཞིན་དེ་ནི་བདག་ཅག་གི་ཕྱོགས་དང་འདྲ་སྟེ། དེ་ལྟར་གཟུང་བ་དང༌། འཛིན་པའི་རྣམ་པ་ཡང་དག་པར་རྟོགས་པའི་དབྱེ་བ་ཡོད་པས་ཡང་རབ་ཀྱི་མཐར་ཐུག་པར་འགྲོ་བ་ན་དེ་འདི་ལྟར་ཁྱད་པར་གྱི་ངོ་བོ་ཉིད་དུ་སྐྱེལ། གང་དངོས་པོའི་རིགས་མ་ལུས་པ་ཇི་ལྟར་གནས་པ་ཉིད་དུ་ཐུགས་སུ་ཆུད་པ་ཡིན་ན། དེའི་ནུས་མཐུ་འདི་བྱ་རོག་རྣམས་ཀྱིས་ཟོས་པ་ནི་མ་ཡིན་ནོ། །གཞན་ཡང་རྟོག་པའི་ཚོགས་མ་ལུས་པས་སྟོང་པ་དེ་ཡོད་དོ་ཞེས་གནས་གདབ་པར་གྱིས་ཤིག །རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་སེམས་ཅན་ཐམས་ཅད་ཀྱི་མཐར་རྒྱུད་ལ་ཡོད་པ་མངོན་སུམ་ལ་སོགས་པའི་ཚད་མས་རབ་ཏུ་གྲུབ་པ་བསྒོམ་པའི་སྟོབས་གོམས་པ་ཡང་དག་པར་ཐོབ་པ་ན་ཐམས་ཅད་རྟོགས་པར་འགྱུར་བ་ཉིད་ཡིན་ནོ། །དེ་ཡང་འདི་ལྟར་གང་དང་གང་བསྒོམས་པ་དེ་དང་དེ་ཉིད་བསྒོམ་པའི་རབ་ཀྱི་མཐར་ཐུག་པར་གྱུར་པ་ན་དེ་གོམས་པ་ཀློང་དུ་གྱུར་པ་ཡིན་ཏེ། འདི་ལྟར་གཙང་སྤྲ་ཅན་དག་བརྟུལ་ཞུགས་ཆེན་པོ་ལ་སོགས་བ་གཙང་སྨེ་མེད་པར་འགྱུར་བ་བཞིན་དུ་བསྒོམ་བཞིན་པ་ན་ཁམས་གསུམ་དེའི་ལོངས་སྤྱོད་དུ་འགྱུར་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །འདི་ཉིད་ཀྱིས་ན་མཉམ་


DTG078_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་གྱི་རྒྱུད་ལས། རྣལ་འབྱོར་ཐམས་ཅད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའི་དེ་བཞིན་གཤེགས། །དེ་ཡི་ཉེ་བར་ལོངས་སྤྱོད་གང༌། །ཁམས་གསུམ་པ་ནི་ཐམས་ཅད་དོ། །ཞེས་གསུངས་པ་དང༌། ཡང་ལྷ་ཐམས་ཅད་འདུས་པའི་རྒྱུད་ལས། འབྱུང་བ་བཞི་གང་ཡིན་པ་དང༌། །འགྲོ་བར་གཏོགས་པ་གང་ཡང་རུང༌། །རྣལ་འབྱོར་པ་ནི་སེམས་དག་པའི། །ཐམས་ཅད་ལོངས་སྤྱོད་ཡིན་པར་བཤད། །ཕྱག་རྒྱ་ཆེན་པོར་མཉམ་བཞག་ལ། །དེ་ཉིད་ཆེན་པོ་ཟློས་བྱེད་ཅིང༌། །ཚིག་རེར་ཐམས་ཅད་བདག་ཡིན་པར། །དེ་ཉིད་སྦྱོར་བས་བསྒོམ་པར་བྱ། །ཞེས་གསུངས་ཏེ། དེ་ལྟར་དེ་དག་ལ་སོགས་པ་བསྒོམ་པའི་རབ་ཀྱི་མཐར་ཐུག་པར་འགྲོ་བ་ཙམ་དང༌། འབྲེལ་པ་གོམས་པར་གྱུར་པའི་རང་བཞིན་དེ་གང་དང་གང་དུ་འབྱུང་བ་དེ་དང་དེར་གོམས་པར་གྱུར་པ་ཐོབ་པ་ནི་རྣམ་པ་ཐམས་ཅད་བསྒོམས་པ་ན་དེར་ཁམས་གསུམ་པའི་ཁོངས་སུ་གཏོགས་པའི་དངོས་པོ་རྣམས་བདེ་བ་དང་ཡིད་བདེ་བ་ལ་སོགས་པ་བསྒྲུབ་པ་ཉིད་དུ་གནས་སོ། །དེ་ཉིད་ཀྱི་ཕྱིར་མཉམ་སྦྱོར་གྱི་རྒྱུད་ལས། དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་ངོ་བོར་བྱ། །མཉམ་པར་མ་བཞག་སྦྱོར་བ་ཡིས། །ཐམས་ཅད་སངས་རྒྱས་མཉམ་སྦྱོར་ཞིང༌། །ཞེས་གསུངས་པ་དང༌། ཡང་རྟོག་པ་ཐམས་ཅད་བསྡུས་པའི་རྒྱུད་ལས། སངས་རྒྱས་ཐམས་ཅད་མདོར་བསྡུ་ན། །འདོད་པའི་ཡོན་ཏན་ལྔ་རུ་བཤད། །ཅེས་གསུངས་པ་དང༌། ཡང་དཔལ་གསང་བ་འདུས་པའི་རྒྱུད་ལས། གཟུགས་སྒྲ་ལ་སོགས་དངོས་པོ་རྣམས། །ལྷ་ཉིད་དུ་ནི་རབ་ཏུ་བརྟག །ཅེས་གསུངས་པ་ཡིན་ནོ། །དེ་བས་ན་དེ་རྣམས་ཀྱང་དེར་བསྒོམ་པ་རབ་ཀྱི་མཐར་ཐུག་པས་དེ་གོམས་པར་འགྱུར་གྱི་དེ་རྣམས་སྤྱོད་ཡུལ་མ་ཡིན་པར་འགྱུར་བ་ནི་མ་ཡིན་ནོ། །དེ་བས་ན་རྣམ་པར་རྟོག་པ་དང་བཅས་པའི་ཡེ་ཤེས་ཀྱང་བསྒོམ་པའི་སྟོབས་ལས་ངེས་པར་སྐྱེས་པ། ཁྱད་པར་གྱི་རང་བཞིན་ལ་བརྟེན་པ། ཡོན་ཏན་མ་ལུས་པ་ཡི་གནས། །དངོས་གྲུབ་འབྲས་བུ་ཐམས་ཅད་སྩོལ། །དེ་ཡང་སྣ་ཚོགས་ཐམས་ཅད་བྱེད། །འཁོར་བ་ཇི་སྲིད་བཞུགས་པའི་རྒྱུ། །སེམས་ཅན་ཀུན་གྱི་དོན་མཛད་ཡིན། །འབད་པས་ང་རྒྱལ་སྤངས་ནས་ནི། །དེ་ནི་འབད་དེ་ཤེས་པར་བྱ། །འདི་ཤེས་གྱུར་ན་ཤེས་བྱ་


DTG078_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །དེ་ཉིད་ཐམས་ཅད་རྟོགས་པར་འགྱུར། །དེ་ཁོ་ན་ཉིད་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཞི་བ་འཚོའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། སླད་ཀྱི་པཎྜི་ཏ་ཀུ་མཱ་ར་ཀ་ལ་ཤ་དང༌། འབྲོ་དགེ་སློང་ཤཱཀྱ་འོད་ཀྱིས་ཚད་མའི་སྐབས་བཅོས་ཤིང་གཏན་ལ་ཕབ་པ།།

དེ་ཁོ་ན་ཉིད་ལ་འཇུག་པ་ཞེས་བྱ་བ་བདེ་བར་གཤེགས་པའི་བཀའ་མ་ལུས་པ་མདོར་བསྡུས་ཏེ་བཤད་པའི་རབ་ཏུ་བྱེད་པ།
ཡེ་ཤེས་གྲགས་པ།


DTG078_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཏཏྟྭ་ཨ་བ་ཏ་རཱ་ཁྱ་ས་ཀ་ལ་སུ་ག་ཏ་བཱ་ཙ་སཾ་ཀྵིཔྟ་བྱཱ་ཁྱ་པྲ་ཀ་ར་ཎ། བོད་སྐད་དུ། དེ་ཁོ་ན་ཉིད་ལ་འཇུག་པ་ཞེས་བྱ་བ་བདེ་བར་གཤེགས་པའི་བཀའ་མ་ལུས་པ་མདོར་བསྡུས་ཏེ་བཤད་པའི་རབ་ཏུ་བྱེད་པ། རྣམ་རྟོག་དྲ་བ་དང་བྲལ་མཁའ་ལྟར་རང་བཞིན་རོ་གཅིག་ཅིང༌། །འགྲོ་བ་ཀུན་ལ་ཕན་མཛད་མ་ལུས་དྲི་མེད་སྐུར་ལྡན་པ། །ཉིད་གཞན་དོན་རྣམས་ཡོངས་དག་རྒྱ་ཆེ་མི་གཡོའི་བདེ་བའི་གཏེར། །རྒྱལ་བ་མཆོག་ལ་བཏུད་དེ་རྒྱལ་བ་གྲུབ་པའི་ཆོ་ག་བཤད། །ཕན་ལ་མཁས་པ་རྣམས་ཀྱིས་ངེས་པར་བཤད་པའི་སྒྲུབ་པའི་ཐབས། །འབད་དེ་བྱས་པ་ཆེན་པོ་གལ་ཏེ་ཡོད་མོད་ཀྱི། །འོན་ཀྱང་དེ་ཉིད་འཇུག་པའི་ཆོ་གས་ཀྱང་ནི་འདི་ཉིད་ནི། །མཁས་པ་རྣམས་ཀྱི་དེ་ཉིད་རྟོགས་པར་བྱ་ཕྱིར་ཕན་པར་བྱས། །ལུང་ཆེན་པོ་དང་ཐེག་ཆེན་དང༌། །དབུ་མ་ལས་ཀྱང་བདག་གིས་ནི། །ཇི་བཞིན་ལུང་དང་མན་ངག་བཞིན། །སྒོམ་པ་བཏུས་ཏེ་བཤད་པ་ཡིན། །འདི་ན་འགྲོ་བ་མ་ལུས་པ་བདག་ཉིད་ཀྱི་སྒྲིབ་པ་རྣམ་པ་གཉིས་སྤངས་པའི་སྐལ་བ་ཅན་དུ་བྱ་བ་ལ་མངོན་པར་འདུ་བྱེད་པ་ལ་འཇུག་པས་ནི་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་སྤང་བར་བྱ་བའི་ཕྱིར་རྟོག་པ་སྔོན་དུ་གཏོང་བ་ལ་འབད་པར་བྱའོ་ཞེས་བྱ་བ་ནི་མན་ངག་ཡིན་ནོ། །དེ་སྐད་དུ། ས་སྟེངས་སྐལ་མེད་ཡོད་མིན་པས། །ཐམས་ཅད་སངས་རྒྱས་འགྱུར་བ་ཡིན། །དེ་བས་རྫོགས་པའི་བྱང་ཆུབ་ནི། །སྒྲུབ་ལ་སྒྱིད་བྱ་མི་བྱའོ། །ཞེས་གསུངས་པ་ཡིན་ནོ།། དེ་ལ། གསང་སྔགས་ཕ་རོལ་ཕྱིན་བདེན་པའི། །དེ་ཉིད་རྣལ་འབྱོར་མངོན་བརྩོན་རྣམས། །རང་གི་མོས་པའི་ཁྱད་པར་གྱིས། །དེ་ཉིད་རྣལ་འབྱོར་རྣམ་གསུམ་མིན། །དེ་ལྟར་སྐལ་བ་དང་ལྡན་


DTG078_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གདུལ་བྱའི་སྐྱེ་བོ་རྣམས་ནི་མདོར་བསྡུས་ནས། རང་གི་ལམ་ལ་ཇི་ལྟ་བ་བཞིན་དུ་ལྷག་པར་མོས་པའི་དབྱེ་བས་བྱེ་བྲག་རྣམ་པ་གསུམ་དུ་འགྱུར་ཏེ། གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་དང༌། ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པ་རྣམས་དང༌། འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བའི་ལམ་ལ་ལྷག་པར་མོས་པའོ། །དེ་ལ་དང་པོ་ནི་བསྒོམ་པའི་སྟོབས་རྫོགས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་ལུས་པ་ཉིད་ཀྱིས་བསྒོམ་པ་ལ་གཅིག་ཏུ་གཞོལ་བའི་ཕྱིར་དུས་ངེས་པ་མེད་པར་ཀུན་དུ་བཟང་པོ་ཉིད་རྫོགས་པར་བྱེད་པ་ཡིན་ནོ། །གཉིས་པ་ནི་སྤྲོས་པ་མེད་པར་སྦྱིན་པ་ལ་སོགས་པའི་བྱ་བ་མངོན་པར་རྫོགས་པས་ཕ་རོལ་ཏུ་ཕྱིན་པ་མ་ལུས་པའི་ཚོགས་ཉིད་ཀྱིས་བྱ་བའི་རང་བཞིན་གྱི་ཐབས་ལ་བསླབ་པའི་མཐར་ཐུག་པའི་ཕྱིར་བསྐལ་བ་གྲངས་མེད་པ་གསུམ་གྱིས་སངས་རྒྱས་ཉིད་རྫོགས་པར་བྱེད་པ་ཡིན་ནོ། །དེ་ལས་གཞན་པ་ནི་ངོ་བོ་ཉིད་མེད་པའི་རང་བཞིན་བསྒོམ་པ་དང་བྲལ་བས་རྟག་པ་ལ་སོགས་པའི་ཕྱིན་ཅི་ལོག་རྣམས་ཀྱི་གཉེན་པོ་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་བསྒོམ་པས་འདོད་ཆགས་དང་བྲལ་བ་མངོན་དུ་བྱས་ནས་དུས་ཕྱིས་ཞིག་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་ནས་བསྐལ་པ་གྲངས་མེད་པ་བཞིས་སངས་རྒྱས་ཉིད་རྫོགས་པར་བྱེད་པ་ཡིན་ནོ། །གསུམ་པ་དེ་རྣམས་ཀྱང་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་ཉིད་ཀྱིས་སོ་སོ་ཞིང་རྣམ་པ་གསུམ་གསུམ་དུ་འགྱུར་ཏེ། གསང་སྔགས་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། བདེན་པའི་རྣལ་འབྱོར་པ་རྣམས་དགུར་ཡང་འགྱུར་བ་ཡིན་ནོ། །དེ་རྣམས་ཀྱང་རེ་རེ་ཞིང་དབང་པོ་རབ་དང༌། འབྲིང་དང༌། ཐ་མ་ཉིད་ཀྱིས་གསུམ་གསུམ་དུ་འགྱུར་རོ།། དེ་ལ་དབང་པོ་རབ་ནི་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱི། དབང་པོ་རབ་ནི་སྙིང་རྗེ་ཆེན་པོ་དང་ལྡན་ཞིང༌། ཉོན་མོངས་པ་ཆུང་བ་ཉིད་དང༌། ཕྱག་རྒྱ་ཆེན་པོ་དང་གཉིས་སུ་མེད་པར་སྦྱོར་བ་སྒོམ་པ་ལ་གཅིག་ཏུ་མོས་པ་ཡིན་པའི་ཕྱིར་རོ། །དབང་པོ་འབྲིང་ནི་དངོས་པོ་མེད་པར་ལྷག་པར་མོས་སུ་ཟིན་ཀྱང་ཉོན་མོངས་པའི་དབང་དུ་གྱུར་པས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱ་དང་གཉིས་སུ་མེད་པའི་སྦྱོར་བ་


DTG078_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པ་ལ་གཅིག་ཏུ་མོས་པ་ཡིན་ནོ། །དབང་པོ་ཐ་མ་ཡང་སྟོང་པ་ཉིད་ལ་མོས་སུ་ཟིན་ཀྱང་སེམས་ཀྱི་རྒྱུད་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དྲག་པོའི་དབང་དུ་གྱུར་པས་ཅི་རིགས་པའི་དམ་ཚིག་དང་ལས་ཀྱི་ཕྱག་རྒྱའི་སྙོམས་པར་འཇུག་པའི་རྣལ་འབྱོར་དང་ལྡན་པར་ཐམས་ཅད་སྒོམ་པ་ཡིན་ཏེ། ཡེ་ཤེས་དང༌། དམ་ཚིག་དང༌། ལས་ཀྱི་ཕྱག་རྒྱ་དང་གཉིས་སུ་མེད་པར་སྒོམ་པ་འདི་དག་ཀྱང་ཕྱག་རྒྱ་ཆེན་པོ་དང་གཉིས་སུ་མེད་པའི་སྦྱོར་བ་ལ་འཇུག་པའི་ཕྱིར་ཡིན་ནོ་ཞེས་ཁོ་བོ་སྨྲ་སྟེ། འདི་དག་ཐམས་ཅད་ཀྱང་སོ་སོའི་སྐྱེ་བོ་ཉིད་ཀྱི་གནས་སྐབས་ན་ཕྱིར་མི་ལྡོག་པ་ཡིན་ནོ་ཞེས་བྱ་བ་ནི་མན་ངག་གོ །ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པའི་དབང་པོ་རབ་ནི་ཞིག་གནས་དང་ལྷག་མཐོང་སྒོམ་པས་སོ་སོའི་སྐྱེ་བོའི་གནས་སྐབས་ཉིད་ན་ཕྱག་རྒྱ་ཆེན་པོ་ལས་བྱུང་བ་དང་ལྡན་པ་ཡང་དག་པར་རྟོགས་པས་ཕྱིར་མི་ལྡོག་པའི་རྟགས་ཉིད་དང༌། སྙིང་རྗེ་ཆེན་པོ་དང་ལྡན་པས་ཚོགས་གཉིས་རྫོགས་པའི་ཕྱིར་ཤིན་ཏུ་མངོན་པར་བརྩོན་པར་འདོད་པ་མ་ཡིན་ནོ། །དབང་པོ་ཐ་མ་ཡང་ཕྱག་རྒྱ་ཆེན་པོ་དང་ངེས་པར་ལྡན་པ་མ་ཡིན་པས་ཇི་སྲིད་དུ་རིང་སུ་སོང་བའི་ས་མ་ཐོབ་པ་དེས་ན་འདི་ནི་དེའི་རྒྱུ་སྙིང་རྗེ་ཆེན་པོ་མེད་པས་རང་གི་ལམ་ལ་ཤིན་ཏུ་དམན་པའི་བརྩོན་པ་འདོད་པ་ཡིན་ནོ། །འདི་རྣམས་ཀྱང་དང་པོ་ཞི་གནས་དང་ལྷག་མཐོང་སྒོམ་པ་ནི་ཕྱག་རྒྱ་ཆེན་པོའི་གཉིས་སུ་མེད་པའི་སྦྱོར་བ་སྒོམ་པ་ལ་འཇུག་པའི་ཕྱིར་ཡིན་ནོ་ཞེས་བཤད་དོ། །འདོད་ཆགས་དང་བྲལ་བ་ལ་ལྷག་པར་མོས་པའི་དབང་པོ་རབ་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་སྒོམ་པ་ལ་མངོན་པར་བརྩོན་དུ་ཟིན་ཀྱང་གཞན་གྱི་དོན་ལ་གཅིག་ཏུ་སྲེད་པ་ཡིན་ནོ། །དབང་པོ་བར་མ་ཡང་བདེན་པ་སྒོམ་པ་ལ་བརྩོན་པ་ཉིད་ཀྱིས་ཅུང་ཟད་གཞན་གྱི་དོན་ལ་སྲེད་པ་ཡིན་ནོ། །དེ་བས་ན་འདི་གཉིས་ནི་རང་སངས་རྒྱས་སུ་འགྱུར་རོ། །དབང་པོ་ཐ་མ་ནི་བདེན་པ་སྒོམ་པ་ལ་མངོན་པར་བརྩོན་པ་ཉིད་ཀྱིས་བདག་ཉིད་དུལ་བ་དང༌། ཞི་བ་ལ་སོགས་པར་གཅིག་ཏུ་འདོད་པས་ཉན་ཐོས་སུ་འགྱུར་པ་ཡིན་ནོ། །འདོད་ཆགས་དང་བྲལ་བའི་ལམ་མངོན་པར་བརྩོན་པ་རྣམས་ཀྱང་ཕྱག་རྒྱ་ཆེན་པོའི་གཉིས་སུ་མེད་པར་སངས་རྒྱས་སུ་འགྱུར་པ་མ་ཡིན་ནོ་ཞེས་བཤད་དོ།།


DTG078_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་དབྱེ་བ་དགུ་པོ་རྣམ་པར་ངེས་པ་ནི། །སྐྱོབ་པས་གདུལ་བྱའི་འགྲོ་བའི་བསམ་ལས་ཕྱེ། །དེ་བས་དབུ་མའི་རྗེས་སུ་འབྲངས་ནས་ནི། །མན་དག་སྟོན་བྱེད་སྤྱོད་བཤད་པ་ཡིན། །སློབ་དཔོན་ཡེ་ཤེས་གྲགས་པ་རྣམ་པར་སྦྱར་བ་དེ་ཁོ་ན་ཉིད་ལ་འཇུག་པ་ལས་དབྱེ་བའི་རྣམ་པར་ངེས་པ་སྟ་ལེའུ་དང་པོའོ།། །།སློབ་མ་བརྟག་དང་སྤྱོད་པ་ལས། །འབད་དེ་ཤེས་པར་བྱས་ནས་ནི། །ཅི་རིགས་པར་ནི་ངེས་སྦྱོར་བ། །སློབ་དཔོན་ཡིན་པར་ཐུབ་པས་གསུངས། །གདུལ་བྱ་དེ་རྣམས་ཀྱང་རྟགས་དང༌། ཀུན་དུ་སྤྱོད་པ་འགའ་ཞིག་གིས་ཇི་སྐད་དུ་བཤད་པའི་ཁྱད་པར་ངེས་པར་ཤེས་པར་བྱས་ལ། སློབ་དཔོན་གྱིས་ཇི་ལྟར་འོག་ནས་བཤད་པའི་རང་གི་བསྒོམ་པའི་རིམ་པ་ལ་ངེས་པར་སྦྱར་བར་བྱ་སྟེ། ཇི་སྐད་དུ། བླ་མས་སློབ་མའི་བསམ་ཤེས་ན། །རྗེས་སུ་བསྟན་པ་ནུས་པ་གང༌། །དེ་ཡིས་སློབ་མ་བསྡུ་བྱ་ཡིས། །རྨོངས་པ་སློབ་མ་བསྡུ་འོས་མིན། །ཞེས་བཤད་པ་དང༌། དེ་བཞིན་དུ། གང་དང་གང་ལ་དང་པོར་ཕན། །དེ་དང་དེ་ཡི་ཀུན་སྤྱོད་ཀྱིས། །སྣོད་ཉམས་གྱུར་ལ་ནམ་ཡང་ནི། །དམ་ཆོས་བསྟན་བར་མི་བྱའོ། །ཞེས་བྱ་བ་དང༌། གཞན་ཡང༌། དེ་ཉིད་ཚོལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །དོན་རྣམས་རྟོགས་ཤིང་ཆགས་མེད་ནས། །དེ་ཡི་འོག་ཏུ་དབེན་པའོ། །ཞེས་བཤད་བས་ཐོག་མ་ཁོ་ནར་ཐམས་ཅད་སྟོང་པ་ལ་ངེས་པར་སྦྱོར་བར་མི་བྱ་སྟེ། ཤེས་རབ་ཉམ་ཆུང་བ་ཉིད་ཀྱིས་དེ་སྤོང་བའི་རྒྱུས་དམྱལ་བ་ལ་སོགས་པར་ཡང་འགྲོ་བར་འགྱུར་བས་དེ་ལྟར་མི་འགྱུར་བའི་ཕྱིར་རོ། །དེ་ཡང༌། སྟོང་ཉིད་བསོད་ནམས་འདོད་པ་ཡིས། །ཐམས་ཅད་དུ་ནི་བརྗོད་མི་བྱ། །གནས་མིན་པར་ནི་སྦྱར་བ་ཡིས། །བདུད་རྩི་དུག་ནི་ཉིད་དུ་འགྱུར། །གཞན་ཡང༌། སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཆུང་ལྡན་ཕུང་བར་འགྱུར། །ཇི་ལྟར་སྤྲུལ་ལ་གཟུང་ཉེས་དང༌། །རིག་སྔགས་ཉེས་པར་བསྒྲུབས་པ་བཞིན། །གཞན་ཡང་འདི་དག་མ་ཤེས་པར། །བླུན་པོ་མཁས་པར་རློམ་བྱེད་པ།། སྤོང་བྱེད་བདག་ལ་ཞེན་པས་ན། །མནར་མེད་ཐུར་དུ་ཁ་བལྟའོ། །དེ་ལྟ་བས་ན་སློབ་དཔོན་གྱིས་དང་པོར་ཡུམ་སྙིང་རྗེ་ཆེན་པོ་བསྐྱེད་ལ། སེམས་ཅན་ཐམས་ཅད་ཀྱི་སློབ་མར་ཁས་


DTG078_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བླང་སྟེ། ཁེངས་པ་གདུལ་དཀའ་བ་ཡང་གདུལ་བར་བྱའོ། །དེ་སྐད་དུ། འགའ་ཡི་སློབ་མར་བྱ་བ་དང༌། །འགའ་ཡི་སློབ་དཔོན་བྱ་བ་ཡིས། །མཁས་པས་སེམས་ཅན་འདུལ་བྱེད་པ། །སྣ་ཚོགས་ཐབས་ཀྱིས་ཐབས་མཁས་ཡིན། །བསྒྲུབ་པར་དཀའ་བ་རྣམས་ལ་འབད་པ་ཁོ་ནས་རྗེས་སུ་བརྩེ་བར་བྱ་སྟེ། ཇི་སྐད་དུ། ན་བའི་བུ་ལ་ཁྱད་པར་དུ། །མ་ནི་གདུང་བ་སྐྱེ་བ་ལྟར། །དེ་བཞིན་བྱང་ཆུབ་སེམས་དཔའ་རྣམས། །དམ་པ་མིན་ལ་ཁྱད་པར་བརྩེ། །ཞེས་བཤད་པ་ཡིན་ནོ། །སློབ་མ་རྣམས་རང་དགར་དེ་ཁོ་ན་ཉིད་ལ་འཇུག་པ་ནི་ནམ་ཡང་འདོད་པ་མ་ཡིན་ཏེ། འདིར་བཤད་པ། རྫོགས་སངས་ཀུན་གྱིས་རྟག་པར་ནི། །སློབ་མ་རང་བཟོ་བཞེད་མིན་ཏེ། །ལོང་བ་རང་དགར་རི་བོ་ལ། །འཛེག་པ་བདེ་བར་འགྱུར་མ་ཡིན། །ལུང་ནི་ཡོངས་སུ་བརྟགས་པ་ལ། །རང་དགའ་དགག་པ་མ་ཡིན་ཏེ། །ཡོངས་བརྟགས་ཉིད་ཀྱིས་ཐམས་ཅད་དུ། །གང་ཕྱིར་མཁས་པ་རབ་ཏུ་འཇུག །རབ་ཏུ་འཇུག་པས་དེ་ཉིད་ནི། །བླ་མར་རྣམ་པར་ཤེས་འགྱུར་ཞིང༌། །བསྒོམ་ལ་ངེས་པར་སྦྱོར་འགྱུར་ཞེས། །དེ་ལྟར་རྒྱལ་བས་གསུངས་པ་ཡིན། །དེ་ལ་རེ་ཞིག་ཕྱིའི་རྟགས་ཀྱི་སྐལ་བ་དང་ལྡན་པར་གཟུང་བར་བྱ་སྟེ། ཇི་སྐད་དུ། སོ་སོའི་སྐྱེ་བོར་གྱུར་ཀྱང་སྟོང་ཉིད་ལ། །སྐད་ཅིག་སྐད་ཅིག་ནང་དུ་དགའ་བ་ཐོབ། །རབ་དང་ལས་བྱུང་མི་གཡོ་མཆི་མ་བྱུང༌། །ལུས་ཀྱི་བ་སྤུ་ལྡང་བའང་འབྱུང་བར་འགྱུར། །གང་ཡིན་དེ་ལ་བྱང་ཆུབ་ས་བོན་ཡོད། །དེ་ཉིད་བསྟན་པའི་སྣོད་དུ་གྱུར་པ་དེ། །དེ་ལ་དོན་དམ་བདེན་པ་བསྟན་པར་བྱ། །དེ་ཡི་རིགས་ཀྱིས་དེ་ལ་ཡོན་ཏན་འབྱུང༌། །སྟོང་པ་ཉིད་ཀྱི་ས་བོན་གྱི་མཚན་མ་དེའི་ཡོན་ཏན་ཡང་དེ་ཉིད་དུ་བཤད་དེ། གང་སྟོང་པ་ཉིད་ལ་མངོན་པར་བརྩོན་པ་ནི་སྟོང་པ་ཉིད་ལ་མངོན་པར་བརྩོན་པར་ཤེས་པར་བྱ་ཞིང༌། གང་དེ་ལ་མངོན་པར་བརྩོན་པའི་དོན་ཉམས་སུ་བླང་བར་བྱ་སྟེ། འདི་ལྟ་སྟེ་ཚུལ་ཁྲིམས་ཡང་དག་པར་བླངས་པ་ལ་རྟག་ཏུ་འཇུག་པ་དང༌། སྦྱིན་པ་གཏོང་ཞིང་སྙིང་རྗེ་བསྟན་པ་དང༌། བཟོད་པར་བྱེད་ཅིང་དགེ་བའི་རྩ་བ་དེ་ཡང་བྱང་ཆུབ་ཀྱི་ཕྱིར་སྨོན་པར་བྱེད་ལ། དེ་ལ་ཡང་འགྲོ་བ་རྣམས་དགྲོལ་བར་བྱ་བའི་བསྔོ་བ་དང༌། བྱང་ཆུབ་


DTG078_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་རྣམས་ལ་གུས་པ་དང༌། ཟབ་ཅིང་རྒྱ་ཆེ་བའི་ཚུལ་ལ་མཁས་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་བླ་མའི་ལམ་ལ་ལེགས་པར་གནས། །འགྲོ་བ་ཀུན་ལ་ཕན་བསམས་ཡང་དག་བསྐྱེད། །དེ་ནི་འགྲོ་བ་ཀུན་གྱི་སྟོན་འགྱུར་ཞིང༌། །སྲིད་གསུམ་བླ་མ་གཅིག་བུ་ལྟ་བུར་གྲགས། །སློབ་དཔོན་ཡེ་ཤེས་གྲགས་པས་རྣམ་པར་སྦྱར་བ་དེ་ཁོ་ན་ཉིད་ལ་འཇུག་པ་ལས་སློབ་དཔོན་གྱི་ཚུལ་ཞེས་བྱ་བའི་རྣམ་པར་ངེས་པ་སྟེ་ལེའུ་གཉིས་པའོ།། །།ད་ནི་སྒོམ་པ་བསྟན་པར་བྱ་སྟེ། དེ་ཡང༌། རང་གི་ཚིག་དང་ཚད་མ་དང༌། །ལུང་དང་གང་ཞིག་མི་འགལ་བ། །དེ་དོན་བསྒོམ་པ་ལ་སྤྱོད་པའི། །བླ་མས་བསྟེན་པ་བསྒོམ་པ་ཡིན། །བསྒོམ་པ་ཞེས་བྱ་བ་ནི་རང་གི་ཚིག་དང་ཚད་མ་དང་མི་འགལ་བ། གསུང་རབ་དང་རབ་ཏུ་འབྲེལ་བ། བླ་མ་རྣམས་ཀྱིས་རབ་ཏུ་བསྟན་པའི་དངོས་པོ་ཉམས་སུ་བླང་བ་ཡིན་ནོ། །དེ་ཡང་ཐུན་མོང་དེ་ལས་ཅིག་ཤོས་སོ། །དེ་ལ་ཕྱག་རྒྱ་ཆེན་པོའི་མཉམ་པར་སྦྱོར་བ་བསྒོམ་པ་ནི་རྣལ་འབྱོར་པ་རྣམས་ཀྱི་ཐུན་མོང་སྟེ། གང་གི་ཕྱིར་དེ་ལས་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བ་ཡིན་ནོ། །བསྒོམ་པ་ཞེས་བྱ་བ་ནི་འབྲས་བུ་མངོན་པར་རྫོགས་པའི་ཕྱིར་ཡིན་ལ། འབྲས་བུ་ཡང་གཞན་གྱི་དོན་བྱེད་པའི་མཚན་ཉིད་དུ་བསྒོམ་པ་དགུ་ཆར་ལ་འཇུག་པའི་སྤྱི་ཡིན་ལ། དེ་ཡང་སེམས་ཅན་གྱི་ཚོགས་མ་ལུས་པའི་སྒྲིབ་བ་གཉིས་སྤངས་ནས་ཀུན་དུ་བཟང་པོ་ཉིད་རྫོགས་པར་བྱའོ། །དེ་ཡང་གདུལ་བྱའི་སྐྱེ་བོའི་བསམ་པའི་ཁྱད་པར་གྱིས་རྣལ་འབྱོར་དང༌། སྤྱོད་པ་དང༌། བྱེ་བྲག་ལས་ཕྱག་རྒྱ་དང༌། དཀྱིལ་འཁོར་དང་སྔགས་ལ་སོགས་པའི་སྤྲོས་པ་རབ་ཏུ་བསྟན་པར་ནུས་ཤིང༌། སངས་རྒྱས་ཉིད་དང་མཚན་གཞན་ཡང་ཀུན་དུ་བཟང་པོ་ཉིད་ཅེས་བྱ་བ་མེད་པར་ལེགས་པར་རྫོགས་པར་མི་འགྱུར་རོ། །དེ་ཡང་དོན་གྱི་འབྲས་བུ་སྟེ། དེ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསྡུ་བ་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཀྱི་གནས་སྐབས་མེད་པར་ནི་མ་ཡིན་ནོ། །དེ་ཡང་ངེས་པར་འབྱེད་བའི་ཆའི་མཚན་ཉིད་ཅན་སྦྱོར་བའི་གནས་སྐབས་ཀྱི་མཚན་ཉིད་ཀྱིས་སོ། །དེ་ནི་འདི་ལྟར་མདོར་བསྡུ་ན་འབྲས་བུ་རྣམ་པ་གཉིས་ཏེ། གཙོ་བོ་ནི་གཞན་གྱི་དོན་བྱེད་པའི་མཚན་ཉིད་ཅན་ནོ། །དེ་ལས་གཞན་པ་


DTG078_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ནི་དེའི་དོན་དུ་བྱ་བ་སྟེ་ཐ་མལ་པའོ། །འདིར་བཤད་པ། སངས་རྒྱས་གཞན་དོན་ཕུན་ཚོགས་པའི། །འབྲས་བུ་གཙོ་བོ་ཡིན་པར་འདོད། །སངས་རྒྱས་ལ་སོགས་དེ་ལས་གཞན། དེ་ཡི་དོན་གྱི་འབྲས་བུར་བཤད། །ཅེས་བྱ་བ་ཡིན་ནོ། །དེ་ལྟ་བས་ན་འབྲས་བུ་འདི་དག་ཐམས་ཅད་ཀྱང་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་སྦྱོར་བ་བསྒོམ་པ་དེ་ཉིད་ཀྱིས་རྫོགས་པར་འགྱུར་ཏེ། ཇི་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ཉན་ཐོས་ཀྱིས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱའོ་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་རྣལ་འབྱོར་དུ་བྱའོ་ཞེས་བྱ་བ་དང༌། དེ་བཞིན་དུ་རང་སངས་རྒྱས་ཀྱི་ས་ལ་ཡང་ཞེས་བྱ་བ་ནས། སངས་རྒྱས་ཀྱིས་ཡང་ཞེས་བྱ་བ་ལ་སོགས་པའི་བར་དུ་རྒྱ་ཆེར་གསུངས་པ་ཡིན་ལ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་མཚན་གཞན་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱང་ཆོས་ཀྱི་སྐུའི་བདག་ཉིད་ཅན་ཏེ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀྱང་དེ་ཉིད་དོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ནི་གཉིས་སུ་མེད་པ་སྟེ། དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བསྒྲུབ་པར་བྱ་བའོ། །ཕྱག་རྒྱ་ཆེན་པོའི་གཉིས་སུ་མེད་པའི་སྦྱོར་བ་ཡང་དེ་ཉིད་དེ། ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་བསོད་ནམས་ཐམས་ཅད་ཀྱི་རང་བཞིན་གྱི་རྣལ་འབྱོར་རོ། །དེ་ནས་དེ་ལ་གོམས་པ་ཉིད་འབྲས་བུ་མ་ལུས་པ་ཡོངས་སུ་རྫོགས་པ་ཡིན་ཏེ། དེ་ལྟར་ན་འདི་ནི་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་སྦྱོར་བ་བསྒོམ་པ་ཉིད་འབྲས་བུ་མ་ལུས་པ་ཐོབ་པར་བྱེད་པ་རྣལ་འབྱོར་པ་ཐམས་ཅད་ཀྱི་ཐུན་མོང་ཡིན་ནོ། །དེ་བས་ན་བཅོམ་ལྡན་འདས་ཐེག་པ་གཅིག་སྟོན་པར་མཛད་པར་ཡང་སངས་རྒྱས་བགྲོ་བའི་མདོ་ལས་དེས་པར་སྟོན་པ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཆོས་ཀྱི་དབྱིངས་ལས་མ་གཏོགས་པར་ཐེག་པ་གཞན་འདི་ན་ཡོད་པ་མ་ཡིན་ནོ། །དེ་ཡང༌། ཆོས་དབྱིངས་དབྱེ་བ་


DTG078_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཆིས་པས། །གཙོ་བོ་ཐེག་དབྱེ་ཡོད་མིན་གྱི། །ཁྱེད་ཀྱིས་ཐེག་པ་གསུམ་གསུངས་པ། །སེམས་ཅན་རྣམས་ནི་འཇུག་ཕྱིར་རོ། །ཞེས་འབྱུང་བ་ཡིན་ནོ། །དེ་ལྟར་ཅིའི་ཕྱིར་གསང་སྔགས་དང༌། ཕ་རོལ་ཏུ་ཕྱིན་པ་དང་བདེན་པ་ལ་སོགས་པའི་དབྱེ་བས། བཅོམ་ལྡན་འདས་བསྒོམ་པ་སྟོན་པར་མཛད་ཅེ་ན། གདུལ་བྱའི་སྐྱེ་བོ་རྣམས་ཀྱི་མོས་པའི་ཁྱད་པར་གྱིས་འདི་དག་མིང་ཙམ་གྱི་ཁྱད་པར་དུ་ཕྱེ་བ་ནི་དེ་དག་འཇུག་པའི་ཕྱིར་ཡིན་ནོ་ཞེས་བཤད་དེ། དེས་མིང་དེ་ཐོས་པ་ཉིད་ཀྱིས་དེ་རྣམས་དེ་ཁོ་ན་ཉིད་ཀྱི་རྗེས་སུ་འབྲང་བར་འགྱུར་ཏེ། དེས་ན་མིང་དེ་དང་དེས་མདོ་སྡེ། བསྟན་བཅོས་ལ་སོགས་པ་དེ་དང་དེར་སེམས་ཅན་དེ་དང་དེའི་སེམས་ཀྱི་འཇུག་པའི་རྗེས་སུ་འཇུག་པར་མཛད་པས། དེ་ཁོ་ན་ཉིད་དུ་དེ་ཉིད་ཁྱད་པར་མེད་ཀྱང་ཁྱད་པར་ཡོད་པ་ལྟ་བུར་མཛད་དེ། སངས་རྒྱས་བཅོམ་ལྡན་འདས་སྟོན་པར་མཛད་པ་ཡིན་ནོ། །ཁྱད་པར་དུ་ཕྱེ་བའི་མིང་དུ་བསྟན་ན་ཇི་ལྟར་ཁྱད་པར་མེད་པར་ཤེས་པར་བྱ་ཞེ་ན། སྒྲ་རྣམས་ཀྱི་མིང་དུ་བརྗོད་པ་ལ་ནི་དངོས་པོ་ཡོད་པ་མ་ཡིན་ཏེ། སྒྲོ་བཏགས་པ་ལས་བཟློག་པར་བྱ་བ་ཁོ་ན་ཙམ་ཉིད་དེ་རྣམས་ཀྱི་བྱ་བ་ཡིན་ནོ། །དེ་ལ་དབང་པོ་རྟུལ་པོ་རྣམས་ལ་ནི་དེ་ཁོ་ན་ཉིད་དེ་ཉིད་ལ་སྒྲོ་བཏགས་པ་ཅུང་ཟད་ལས་བཟློག་པའི་ཕྱིར་མི་རྟག་པ་ལ་སོགས་པའི་སྒྲས་བཤད་པ་ཡིན་ནོ། །དབང་པོ་བར་མ་རྣམས་ལ་ཡང་གཟུགས་ལ་སོགས་པའི་སྒྲོ་བཏགས་བ་མ་ལུས་པ་ལས་བཟློག་པའི་ཕྱིར་རམ། དངོས་པོ་ཐམས་ཅད་དུ་སྒྲོ་བཏགས་པ་བཟློག་པར་བྱ་བའི་ཕྱིར་རིག་པ་ཙམ་མམ། མིག་ཡོར་ཙམ་ཞེས་བསྟན་པ་ཡིན་ནོ། །དབང་པོ་མཆོག་རྣམས་ལ་ནི་སྒྲོ་བཏགས་པ་མ་ལུས་པ་ལས་བཟློག་པའི་ཕྱིར་སྟོང་པ་ཉིད་དང་སྤྲོས་པ་མེད་པ་ལ་སོགས་པའི་སྒྲས་བསྟན་པ་མ་ཡིན་ནོ། །དེ་ཡང་ཇི་སྐད་དུ། རྨོངས་པ་རྣམས་ལ་སྔོན་པོ་སོགས། །ངེས་པར་ཡོད་ཅེས་གསུངས་པ་ནི།། དངོས་པོར་འཛིན་ལ་ཞེན་པ་ཡིས། །ཟབ་མོའི་ཚུལ་གྱིས་འཇིགས་པ་ལའོ། །འདི་དག་རྣམ་པར་རིག་ཙམ་དུ། །འགྲོ་བ་སྣ་ཚོགས་ཡད་དག་བཤད། །གཟུང་དང་འཛིན་པའི་སྦྱོར་བ་དང༌། །བྲལ་བ་དབུ་མའི་བློ་ཅན་ལའོ། །དྲི་ཟའི་གྲོང་ཁྱེར་ལྟ་བུར་ནི། །བདེན་པ་གཉིས་ཀྱིས་


DTG078_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་མཚན། །རྟོག་པའི་ཆུ་བོ་ཚད་མེད་སྣང༌། །བསྒོམ་པས་དག་པའི་བློ་ཅན་ལ། །ཞེས་བཤད་པ་ཡིན་ནོ། །དེ་བས་ན་ལས་དང་པོ་པ་རྣམས་དང་པོར་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་བསྒོམ་པ་དང༌། སྡུག་བསྔལ་ལ་སོགས་པའི་བདེན་པ་བསྒོམ་པ་དང༌། མིང་གཞན་ཡང་ཕྱག་རྒྱ་ཆེན་པོར་ཡོངས་སུ་གྱུར་པ་རྣམས་ནི་སྟོང་པ་ཉིད་ལ་འཇུག་པའི་ཕྱིར་ཡིན་ནོ་ཞེས་མཁས་པ་རྣམས་ཀྱིས་ངེས་པར་གཟུང་བར་བྱའོ། །དེ་སྐད་དུ། སྟོང་ཉིད་ལྟ་བས་གྲོལ་བར་འགྱུར། །བསྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་བཤད་དོ། །གསུང་རབ་རྣམས་ལ་སྟོང་པ་ཉིད་བསྒོམ་པ་ཉིད་ནི་ངེས་པའི་དོན་ཡིན་ལ། དེ་ལས་གཞན་པ་རྣམས་ནི་སྟོང་པ་ཉིད་ལ་འཇུག་པའི་དོན་ཡིན་པའི་ཕྱིར་དྲངས་བའི་དོན་ཡིན་ཏེ། དེ་བས་ན་ངེས་པར་བྱ་དགོས་སོ། །དེའི་ཕྱིར་བཅོམ་ལྡན་འདས་སྤྲོས་པ་མེད་པའི་བསྒོམ་པ་སྟོན་པར་མཛད་པ་ནི། སྤྲོས་པ་མེད་པ་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་སྦྱོར་བ་བསྒོམ་པ་ལ་འཇུག་པར་བྱ་བའི་དོན་ཡིན་ནོ། །དྲོད་དུ་གཏོགས་པ་ལ་སོགས་པའི་ཡོན་ཏན་གྱི་ཚོགས་དེ་ལ་རག་ལུས་པ་རྣམས་ནི་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་སྦྱོར་བ་སྒོམ་པ་དེ་ཉིད་ལ་གཉིས་ཏེ། འདི་དག་ནི་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་སྦྱོར་བ་དེ་ཉིད་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པ་ཐམས་ཅད་ཀྱི་མཚན་ཉིད་ཅན་གྱི་འབྲས་བུ་མ་ལུས་པ་མངོན་པར་རྫོགས་པ་ཡིན་ནོ། །དེ་ལྟར་གཉིས་པོ་རྒྱལ་སྲས་སྲས་ཀུན་གྱི། །སྙིང་རྗེ་གཉིས་མེད་རག་ལུས་ཁྱད་པར་རྒྱུ། །དེ་ནས་གཞན་ཡང་རབ་ཕྱེ་ཡང་དག་བཤད། །དེ་ལ་ཇི་བཞིན་འཇུག་པ་ཡིན་པར་བཤད། །སློབ་དཔོན་ཡེ་ཤེས་གྲགས་པས་རྣམ་པར་སྦྱར་བའི་དེ་ཁོ་ན་ཉིད་ལ་འཇུག་པ་ལས་ཐུན་མོང་བསྟན་པ་ཞེས་བྱ་བ་སྟེ་ལེའུ་གསུམ་པའོ།། །།དེ་ལ་རེ་ཞིག་ལེའུ་དང་པོར་དབང་པོ་རབ་ཀྱི་དབང་དུ་བྱས་པའི་རྒྱས་པར་བཤད་པ་ལ་དབང་པོ་རབ་ཀྱི་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་དང་གཉིས་སུ་མེད་པར་སྦྱོར་བའི་སྒོམ་པ་ལ་གཅིག་ཏུ་མོས་པ་བསྟན་ན་དེ་ཕྱག་རྒྱ་ཆེན་པོའི་གཉིས་སུ་མེད་པའི་སྦྱོར་བ་གང་ཡིན་ཞེ་ན། དེ་བཤད་པར་བྱ་སྟེ། ཐབས་དང་ཤེས་རབ་མཉམ་སྦྱོར་བའི། །བསྒོམ་ཉིད་


DTG078_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་མཆོག་གི་ནི། །ཕྱག་རྒྱ་ཆེན་པོའི་མཉམ་སྦྱོར་བ། །བསྒོམ་པར་རྒྱལ་བ་རྣམས་ཀྱིས་གསུངས། །ཐབས་དང་ཤེས་རབ་ཀྱི་རང་བཞིན་ཉིད་བསྒོམ་པ་ཉིད་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་སྦྱོར་བ་བསྒོམ་པ་ཡིན་ནོ། །དེ་ལྟར་ན་ཤེས་རབ་ནི་གང་ཐབས་ནི་གང་ཞིག་ཡིན། དེ་དག་ལྷན་ཅིག་གམ་ཐ་དད་པར་ཇི་ལྟར་བསྒོམ་པར་བྱ་ཞེ་ན། འདིར་བཤད་པར་བྱ་སྟེ། གང་ཞིག་སྤྲོས་པ་ཐམས་ཅད་ཀྱི། །གནས་དང་ཚིག་ཏུ་མ་གྱུར་པའི། །འཇུག་དེ་ཐུགས་ཀྱི་རྡོ་རྗེ་ཡིས། །ཤེས་རབ་ཅེས་ནི་ཡོངས་སུ་གྲགས། །དེས་ན་ཆོས་ཐམས་ཅད་སྤྲོས་པ་མེད་པ་ཉིད་དུ་རྟོགས་པ་ནི་ཤེས་རབ་བོ། །སྤྲོས་པ་མེད་པ་ཞེས་བྱ་བ་འདི་གང་ཞིག་ཡིན་ཞེ་ན། སྟོང་པ་ཉིད་དོ། །དེ་ལྟ་ན་ནི་སྟོང་པ་ཉིད་ཅེས་བྱ་བ་སྤྲོས་པ་ཡིན་ན་ཇི་ལྟར་སྤྲོས་པ་མེད་པ་ཉིད་ཡིན་ནམ་མ་ཡིན་ཏེ། སྟོང་པ་ཉིད་ཀྱིས་སྒྲ་ནི་ཅུང་ཟད་ཀྱང་མི་སྟོན་ཏོ། །དེ་ཡང་གང་གི་ཕྱིར་ནམ་ཡང་ཅི་ཡང་ཅུང་ཟད་ཀྱང་མ་ཡིན་ནོ་ཞེས་བྱ་བའི་སྒྲས་ནི་དངོས་པོ་ཅུང་ཟད་ཀྱང་མི་སྟོན་ཏེ། སྒྲ་རྣམས་ཀུན་གྱིས་བྱ་བ་ནི། །སྒྲོ་བཏགས་པ་ནི་བཟློག་པ་ཡིན། །སྒྲ་ཡི་དོན་ནི་མ་ཡིན་གྱི། །གཞན་དུ་ན་སྒྲོ་བཏགས་པ་ལས་བཟློག་པ་ཙམ་ཡིན་པར་གཞན་དག་ལས་སྟོན་ཏོ། །དེ་བས་ན་སྟོང་པ་ཉིད་ཀྱི་ཚིག་སྨྲས་པ་སྒྲོ་བཏགས་པ་མ་ལུས་པ་བཟློག་པ་བསྟན་པས་གདུལ་བྱའི་སྐྱེ་བོའི་རྒྱུད་ལ་དེ་ཁོ་ན་ཉིད་ཀྱི་རང་གི་ངོ་བོ་མངོན་པར་གསལ་བར་བྱེད་པ་ཡིན་གྱི་སྒྲའི་དོན་ནི་བྱ་བའི་དོན་མ་ཡིན་གྱི། གང་གིས་དེ་ཉིད་སྤྲོས་པར་འགྱུར་བའི་སྟོང་པ་ཉིད་ཁོ་ནར་འཇོག་པ་མ་ཡིན་ནོ། །དེ་ཉིད་ཀྱིས་ན་གང་སྟོང་པ་ཉིད་ཀྱི་དོན་མི་ཤེས་པ་ལ་དེ་ཁོ་ན་ཉིད་ཀྱི་དོན་སྟོང་པ་ཉིད་དུ་སྤྲོས་པར་བྱེད་པ་ནི་དེ་རྣམས་སྤྲོས་པ་མེད་པར་ཚིག་གིས་གསལ་བར་བྱེད་པ་དེ་ཁོ་ན་ཉིད་སྟོན་པ་ཡིན་ནོ། །སྟོང་པ་ཉིད་སྤྲོས་པ་ཡིན་དུ་ཟིན་ཀྱང་སྤྲོས་པ་མེད་པར་འགྱུར་ཞེས་ཤེས་པར་བྱས་ནས་གསལ་བར་རྟོགས་པར་ཇི་ལྟར་འགྱུར། སྤྲོས་པ་མེད་པ་ཉིད་སྤྲོས་པ་ཡིན་ནོ་ཞེས་བརྗོད་པར་མི་བྱ་སྟེ། གང་གི་སྤྲོས་པ་མེད་པ་ཞེས་བྱ་བའི་སྤྲོས་པ་ཡོད་པ་མ་ཡིན་ན་དེ་ཇི་ལྟར་སྤྲོས་པ་ཡིན། དེ་དངོས་པོ་མེད་པ་ཉིད་ཀྱང་དེ་ཁོ་ན་ཉིད་དུ་རིགས་པ་མ་ཡིན་ནོ། །དེ་ལྟར་ན་སྒྲོ་བཏགས་པ་མ་ལུས་པ་ལས་བཟློག་པ་ནི་དེ་ཁོ་ན་ཉིད་ཡིན་ནོ་ཞེ་ན་དེ་མ་ཡིན། །གང་གི་


DTG078_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བཟློག་པ་ནི་དངོས་པོ་མེད་པ་ཡིན་ན་དངོས་པོ་མེད་པ་དེ་ཁོ་ན་ཉིད་ཇི་ལྟར་ཡོད་དེ། འགལ་བའི་མཐའ་ཅན་ཡིན་པའི་ཕྱིར་རོ། །དེ་ཡང༌། དངོས་མེད་མྱ་ངན་འདས་མིན་ན། །དེ་ཡི་དངོས་པོ་ག་ལ་ཞིག །དངོས་དང་དངོས་མེད་ཡོངས་རྟོགས་པ། །ཟད་པས་མྱ་ངན་འདས་བར་བཤད། །ཅེས་བྱ་བ་དང༌། དེ་བཞིན་དུ། རང་གི་དངོས་དང་གཞན་དངོས་དང༌། །དངོས་དང་དངོས་མེད་ཉིད་དག་ནི། །དེ་དག་སངས་རྒྱས་བསྟན་པ་ལ། །གང་ཞིག་མཐོང་དང་མི་མཐོང་དེ། །སངས་རྒྱས་བསྟན་ལ་དེ་ཉིད་མིན། །ཡང་དག་མཐོང་བ་མ་ཡིན་ནོ། །ཞེས་བཤད་པ་ཡིན་ནོ། །དེ་བས་ན་མཐའ་གཉིས་བསལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་དེ་ཁོ་ན་ཉིད་ནི་དངོས་པོ་མེད་པའི་ཚུལ་དུ་ཡང་རིགས་པ་མ་ཡིན་ནོ། །དྲིས་པ་ཉེས་པ་འདི་ནི་ཁྱེད་ཉིད་ཀྱི་ཡིན་ཏེ། གང་གི་ཕྱིར་སྟོང་པ་ཉིད་ལ་སོགས་པའི་སྒྲས་བསྟན་པ་ནི་དེ་ཁོ་ན་ཉིད་ཡིན་པར་ཁྱེད་ཉིད་ཀྱིས་བཤད་ལ། སྟོང་པ་ཉིད་ལ་སོགས་པའི་སྒྲས་ཀྱང་སྒྲོ་བཏགས་པ་མ་ལུས་པ་བཟློག་པ་ཡིན་ནོ་ཞེ་ན། སྟོང་པ་ཉིད་ལ་སོགས་པའི་སྒྲས་དེ་ཁོ་ན་ཉིད་བསྟན་དུ་བྲིན་ཀྱང་གཙོ་བོ་ཉིད་མ་ཡིན་ཏེ། གང་གི་ཕྱིར། སྒྲོ་བཏགས་ཀུན་ནི་རྣམ་སྤངས་པ། །རང་ཉིད་དེ་ཉིད་སྟོན་པ་ན། །སྟོང་པ་ཉིད་སོགས་མིང་གིས་ནི། །དེར་ནི་སྒྲོ་བཏགས་བཟློག་པ་ཡིན། །སྒྲོ་བཏགས་པ་མ་ལུས་པ་བཟློག་པས་རང་ཉིད་དེ་ཁོ་ན་ཉིད་དུ་སྟོན་པས་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་ཚུལ་གྱིས་དེ་ཁོ་ན་ཉིད་མ་ཡིན་པ་མཐོང་བ་ལ་མངོན་པར་ཞེན་པར་མི་འགྱུར་རོ། །དེས་ན་སྟོང་པ་ཉིད་ལ་སོགས་པའི་སྒྲས་དེ་ལ་མངོན་པར་ཞེན་པ་བསལ་བ་བྱས་ནས་དེ་ཁོ་ན་ཉིད་ཀྱི་རང་གི་ངོ་བོ་མངོན་པར་སྟོན་ཏེ། དེ་བས་ན་ཉེ་བར་གདགས་བས་དེའི་མིང་དུ་བརྗོད་དོ། །སྟོང་པ་ཉིད་ལ་སོགས་པའི་སྒྲ་ལས་སྒྲོ་བཏགས་པ་མ་ལུས་པ་དང་བྲལ་བའི་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་ངོ་བོའི་མཐར་ཐུག་པ་ཡིན་ནོ། །དེ་ལ་འདི་རྣམ་པར་དཔྱད་པར་བྱ་སྟེ། སྟོང་པ་ཉིད་དུ་སྨྲ་བ་རྣམས་ཀྱིས་ཁྱད་པར་བྱ་བ་འདི་གང་ཞིག་ཡིན། གང་གི་ཕྱིར་ཕྱི་རོལ་པ་དང་རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་རྣམས་ཀྱི་ཡང་དེའི་ངོ་བོར་སྟོན་པ་ཡིན་ཏེ། ཐ་སྙད་དུ་འདོགས་པའི་སྐྱེ་བོའི་ངེས་པས་དེའི་མིག་ཉིད་ཀྱིས་ཉེ་བར་འཇོག་པ་མ་ཡིན་ནམ་ཞེ་ན། འདིར་


DTG078_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པར་བྱ་སྟེ། ཁྱད་པར་དུ་བྱ་བ་ནི་འདི་ཡིན་ཏེ། གང་དེ་རྣམས་ཕྱི་དང་རྣམ་པར་ཤེས་པའི་ངོ་བོར་རང་གི་ངོ་བོ་མེད་བཞིན་དུ་ཡོད་པར་རྟོགས་པ་ཡིན་ལ། སྟོང་པ་ཉིད་དུ་སྨྲ་བ་རྣམས་ཀྱི་ནི་སྟོང་པ་ཉིད་ལ་སོགས་པའི་ཚུལ་ཡང་ངོ་བོ་ཉིད་དུ་ཡོད་པ་མ་ཡིན་ནོ། །དེ་བས་ན་དེ་རྣམས་ཀྱི་ནི་རང་གི་ངོ་བོ་ཉིད་ཡོད་པར་སྨྲ་བ་ཉིད་ཡིན་ལ། སྟོང་པ་ཉིད་དུ་སྨྲ་བ་རྣམས་ཀྱི་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྟོན་པ་ཡིན་པས་ཤིན་ཏུ་ཁྱད་པར་ཆེ་བ་ཡིན་ནོ། །དྲིས་པ་རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་ཡང་དངོས་པོ་མེད་པར་སྨྲ་བ་ཉིད་ཡིན་ཏེ། དེ་ཡང༌། འདི་དག་རྣམ་པར་རིག་ཙམ་ཞེས། །དེ་སྙམ་དུ་ནི་དམིགས་ནས་སུ། །ཅི་ཡང་རུང་སྟེ་མདུན་འཇོག་ན། །དེ་ནི་ཙམ་ལ་མི་གནས་སོ། །ནམ་ཞིག་ཤེས་པས་དམིགས་པ་རྣམས། །མི་དམིགས་དེ་ཡི་ཚེ་ན་ནི། །རྣམ་པར་རིག་བ་ཙམ་ལ་གནས། །གཟུང་བ་མེད་པས་དེ་འཛིན་མེད། །ཅེས་བཤད་པ་ཡིན་ནོ་ཞེ་ན། བདེན་མོད་ཀྱི་འདི་ནི་བརྟགས་པ་བཀག་པ་ཡིན་གྱི་དེ་རྣམས་ཡོངས་སུ་གྲུབ་པ་ནི་རྣམ་པར་ཤེས་པ་ལ་སོགས་པའི་སྤྲོས་པ་དང་བྲལ་བའི་རང་གི་ངོ་བོར་ཡང་ཡོད་དོ་ཞེས་ཁས་འཆེ་བ་ཡིན་ནོ། །ཅི་དེ་ལྟ་བུའི་རྣམ་པ་ཡང་མེད་དམ་ཞེ་ན། དེ་ཡང་ཡོད་པ་མ་ཡིན་ནོ། །དྲིས་པ། དེ་ཡང་མེད་པར་བཀག་ན་ནི་མྱ་ངན་ལས་འདས་པ་མེད་པར་བཀག་པར་འགྱུར་བས་ཤིན་ཏུ་ཆད་པར་སྨྲ་བ་ཅན་ཉིད་དུ་འགྱུར་རོ། །དེ་ཡང༌། བསམ་དུ་མེད་ཅིང་དམིགས་མེད་འདི། །དེ་ནི་འཇིག་རྟེན་འདས་ཡེ་ཤེས། །གནས་ངན་ལེན་གཉིས་སྔགས་པ་ལས། །གནས་ནི་ཡོངས་སུ་གྱུར་པ་ཡིན། །དེ་ཉིད་ཟག་པ་མེད་པའི་དབྱིངས། །བསམ་མི་ཁྱབ་དགེ་མི་ཟད་པ། །བདེ་བ་རྣམ་པར་རོལ་སྐུ་འདི། །ཐུབ་ཆེན་ཆོས་སུ་བཤད་པ་ཡིན། །ཁོ་བོ་ཅག་མྱ་ངན་ལས་འདས་པའི་ངོ་བོ་ཉིད་མེད་དོ་ཞེས་ནི་སྨྲ་བ་མི་བྱེད་ཀྱི་གཞན་དུ་ན་དེ་ཡོད་མོད་ཀྱི། མེད་དོ་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པར་སྒྲོ་འདོགས་པར་བྱེད་པ་འགེགས་པ་ཡིན་ནོ། །དེ་ཡང་བསྟན་བཅོས་ལས། བློ་ཆུང་གང་ཞིག་ཡོད་བ་དང༌། །མེད་པ་ཉིད་དུ་མཐོང་གྱུར་པ། །དེས་ནི་སྤྲོས་པ་ཉེར་བཞི་བའི། །བསྒོམ་པ་མཐོང་བར་མི་འགྱུར་རོ། །ཞེས་བཤད་པ་དང༌། དེ་བཞིན་དུ། གལ་ཏེ་མྱ་ངན་འདས་དངོས་ཡིན། །


DTG078_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་འདས་པ་འདུས་བྱས་འགྱུར། །དངོས་པོ་གང་དང་གང་ན་ཡང༌། །འདུས་མ་བྱས་པ་ཡོད་མ་ཡིན། །དྲིས་པ། ཡོད་པ་དང་མེད་པ་ཉིད་བཀག་པས་དོན་གྱི་དབང་གིས་མེད་པ་ཉིད་དུ་བསྟན་པར་འགྱུར་ཏེ། གཉི་ག་བཀག་པས་གཞན་དག་ཡོད་པ་མ་ཡིན་ནོ། །ཅི་གཉིས་པོ་བཀག་པས་གཉིས་སུ་མེད་པའི་རང་བཞིན་ཅན་གྱི་དེ་ཁོ་ན་ཉིད་ཀྱང་མེད་དམ། དེ་ཁོ་ན་ཉིད་གཉིས་སུ་མེད་པའི་ངོ་བོར་ག་ལ་ཡོད་དེ་མེད་དོ། །དེ་ལྟར་ན་ནི་མེད་པ་དེ་ཡང་མེད་དོ། །དྲིས་པ། ཡོད་པ་བཀག་ན་མེད་པ་ཅིའི་ཕྱིར་མེད། དེ་ཁོ་ན་ཉིད་ནི་འགེགས་པ་མ་ཡིན་ནོ། །དེ་ལྟ་ན་ནི་དགག་པ་མེད་པས་ཡོད་པར་གྲུབ་པོ་ཞེ་ན། དེ་ཡང་ཡོད་པ་མ་ཡིན་ནོ། །དྲིས་པ། འདི་ནི་ཕན་ཚུན་འགལ་བ་ཡིན་ན་དེ་ཁོ་ན་ཉིད་ཇི་ལྟར་མ་བཀག །དེ་ཡང་འདིར་སྨྲས་པ། གལ་ཏེ་དེ་ཉིད་ལས་མི་ལྡོག །འཇུག་པ་ཡོད་པ་འདོད་དམ་ཅི། །དེ་ཡང་འགེགས་པར་མི་བྱེད་ན། །ལྡོག་པ་ཅི་ཕྱིར་འགེགས་པར་བྱེད། །འོན་ཏེ་དེ་ཁོ་ན་ཉིད་ནི་བརྗོད་དུ་མེད་པའི་རང་བཞིན་ཅན་ཡིན་ནོ་ཞེ་ན། དེས་ན་འདི་ཐལ་ཆེས་པར་འགྱུར་རོ། །དེ་ནི་མ་ཡིན་ཏེ། ཡོད་བཞིན་དུ་ལས་ཇི་ལྟར་ཡང༌། །བརྗོད་མེད་ཡོད་པ་མ་ཡིན་ནོ། །དེས་ན་ནུས་པ་དང་བྲལ་ཏེ། །དེ་ཕྱིར་དངོས་པོ་མེད་པའང་ཡིན། །གཞན་ཡང༌། གང་དུ་བཀག་པ་ཉིད་མེད་པ། །དེ་ཉིད་དགག་པ་མེད་པར་འཆད། །དེ་བས་མེད་པར་དེ་བརྗོད་ཀྱིས། །ངོ་མཚར་རུང་བའི་ལྟ་འདི་སྤངས། །དེ་བས་ན་གཅིག་ཏུ་བཀག་པས་ངེས་པར་མཐའ་དག་གཞན་དག་ཀྱང་བཀག་པ་ཡིན་ནོ། །ཅི་སྒྲོ་བཏགས་པ་ལས་ལྡོག་བཙམ་ཉིད་དེ་དེ་ཁོ་ན་ཉིད་ཡིན་པར་ཐལ་བར་མི་འགྱུར་རམ་འདིར་བརྗོད་པར་བྱ་སྟེ། ཁྱེད་ནི་ཕྱིར་རྒོལ་བ་ཙམ་ཤེས་ཀྱི་ཡུལ་ཡང་དག་པར་ཤེས་པ་ནི་མ་ཡིན་ཏེ། དེ་ཡང་གང་གི་ཕྱིར། འདི་ནི་མཐའ་གཉིས་ཡོད་པར་སྨྲ་བ་ལ། །ཡོད་པ་ཐམས་ཅད་ངེས་པར་འཇིག་འགྱུར་གྱི། །མཐའ་གཉིས་སྨྲ་བཟློག་པར་བྱེད་པ་ལ། །དེ་ལ་བརྟེན་པ་མ་ལུས་ཟད་པར་འགྱུར། །མཐའ་གཉིས་སུ་སྨྲ་བ་ཁས་ལེན་པ་རྣམས་ཀྱིས་ནི་དེ་ལས་མཐའ་གཅིག་བཀག་ན་ངེས་པར་མཐའ་གཉིས་པར་ལྟུང་བར་ཐལ་བར་འགྱུར་གྱི། མཐའ་གཉིས་སུ་སྨྲ་བ་སེལ་བ་རྣམས་ནི། སྒྲོ་བཏགས་པ་མ་ལུས་པ་དང་བྲལ་བ་ཉིད་དུ་ཁས་བླངས་པ་


DTG078_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཉེས་པ་གང་ཡང་རུང་བ་འདི་དག་ག་ལ་ཡོད། དེ་ཡང༌། བྱང་ཆུབ་ལ་གནས་དམ་བཅས་དང༌། །སྤྱོད་དང་སེམས་ནི་ཡོད་མིན་ཏེ། །དོན་གྱིས་གང་ཞིག་མེད་གྱུར་པ། །དེ་ལ་མེད་ཅེས་ཇི་སྐད་བཤད། །ཡོད་པ་སུན་འབྱིན་གྱུར་འདི་ལ། །དོན་གྱིས་མེད་པར་གྲངས་གྱུར་ན། །མེད་ཉིད་སུན་འབྱིན་པ་ཉིད་ཀྱིས། །ཡོད་པ་ཉིད་དུ་ཅིས་མི་འདྲེན། །ཞེས་བྱ་བ་དང༌། དེ་བཞིན་དུ། ཡོད་དང་མེད་དང་ཡོད་མེད་མིན། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་ཀླན་ཀ་རིང་པོས་ཀྱང༌། །སྨྲ་བར་ནུས་པ་མ་ཡིན་ནོ། །ཞེས་བཤད་པ་ཡིན་ནོ། །དེ་བས་ན་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཁོ་ན་ཆོས་ཐམས་ཅད་སྤྲོས་པ་མེད་པ་ཉིད་ཡིན་གྱི་སྟོང་པ་ཉིད་སྤྲོས་པ་མ་ཡིན་ལ། སྤྲོས་པ་མེད་པ་ཁོང་དུ་ཆུད་པ་ནི་ཤེས་རབ་ཡིན་ནོ་ཞེས་བྱ་བར་གནས་སོ། །ཐབས་གང་ཞིག་ཡིན་ཞེས་བྱ་བ་འདིར་བརྗོད་པར་བྱ་སྟེ། ཐབས་ནི་བྱང་ཆུབ་སེམས་དཔའ་ཡི། །འགྲོ་ལ་སྙིང་རྗེ་ཆེན་པོ་སྟེ། །དེ་ཡང་དམིགས་པའི་དབྱེ་བ་ཡིས། །རྣམ་པ་གསུམ་དུ་འགྱུར་བ་ཡིན། །ཞེས་བྱ་བའོ། །དེ་ལ་ཐབས་ནི་བཅོམ་ལྡན་འདས་ཡུམ་སྙིང་རྗེ་ཆེན་པོ་ཡིན་ལ། དམིགས་པའི་དབྱེ་བས་རྣམ་པ་གསུམ་དུ་འགྱུར་ཏེ། དེ་ལ་སེམས་ཅན་ལ་དམིགས་པ་ནི་གང་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་དང༌། འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་ཉིན་རེ་ཞིང་ཡོངས་སུ་གདུངས་པའི་སེམས་ཅན་ལ་དམིགས་ཏེ་སྐྱེ་བའོ། །ཆོས་ལ་དམིགས་པ་ནི་གང་སྐད་ཅིག་མ་རེ་རེ་ཞིང་མི་རྟག་པའི་ཕོངས་པ་ཉིད་དུ་ཀུན་དུ་ལྟུང་བའི་ཆོས་ཐམས་ཅད་ལ་དམིགས་ནས་སྐྱེ་བའོ། །དམིགས་པ་མེད་པ་ནི་ཆོས་ཐམས་ཅད་དངོས་པོ་མེད་པ་དམིགས་པ་མེད་པར་བསྒོམ་པ་ལས་བྱུང་བའོ། །ཇི་ལྟར་ན་དེ་དག་བསྒོམ་པ་དང་ལྷན་ཅིག་གམ་ཐ་དད་ཅེ་ན། དེ་བརྗོད་པར་བྱ་སྟེ། ཤེས་རབ་ཐབས་བདག་ཅན་དེ་ཉིད། །དབྱེར་མེད་བཞིན་དུ་གཅིག་ཉིད་དེ། །དེ་བཞིན་དེ་ཡི་བསྒོམ་པ་ནི། །གོམས་པ་ཐ་དད་གྱུར་པ་ཡིན། །དམིགས་པ་མེད་པའི་སྙིང་རྗེ་བསྒོམ་པའི་གནས་སྐབས་སུ་ནི་ཐབས་དང་ཤེས་རབ་དེའི་བདག་ཉིད་ཡིན་གྱི་སྙིང་རྗེ་ཅིག་ཤོས་བསྒོམ་པའི་གནས་སུ་མ་ཡིན་ཏེ། དེ་དངོས་པོའི་ངོ་བོ་ཉིད་ལ་དམིགས་པ་ཉིད་ཀྱིས་སྤྲོས་པ་མེད་པས་ཤེས་རབ་ཀྱི་རང་བཞིན་དང་གཅིག་པ་ཡིན་པར་མི་འཐད་དོ། །དེ་བས་ན་བདག་ཉིད་


DTG078_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྒོམས་པས་ལྷན་ཅིག་བསྒོམས་པ་ཉིང་ཐབས་དང་ཤེས་རབ་ཀྱི་ཐ་སྙད་ཀྱིས་དབྱེ་བར་ཡང་རྣམ་པར་གཞག་པར་བྱས་པ་དེ་ལྟར་སྔར་བསྟན་པ་དང་ཕྱིས་སྟོན་པར་འགྱུར་རོ། །ཡང་དམིགས་པ་མེད་པའི་སྙིང་རྗེ་སྒོམ་པའི་གནས་སྐབས་སུ་ཐ་བས་དང་ཤེས་རབ་དེའི་བདག་ཉིད་ཅན་དུ་བསྒོམ་པར་ཇི་ལྟར་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། དངོས་ཀུན་རང་བཞིན་བདག་ཉིད་དུ། །རྣལ་འབྱོར་སྙིང་རྗེ་ཅན་གྱུར་པ། །བསྒོམ་པའི་རིམ་པ་ཕྱི་ནས་ནི། །ཕྱག་རྒྱ་ཆེ་བདག་ཉིད་ཅན་འགྱུར། །རྣལ་འབྱོར་པ་བསྒོམ་པའི་རིམ་པ་ཉིད་ལས་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཅན་དུ་གྱུར་ནས་སྙིང་རྗེ་ཆེན་པོའི་རང་བཞིན་ཅན་དུ་འགྱུར་རོ། །དེའི་འོག་ཏུ་ནི་ཕྱག་རྒྱ་ཆེན་པོའི་བདག་ཉིད་ཅན་དུ་འགྱུར་རོ་ཞེས་བྱ་བའི་མདོར་བསྡུས་པ་ཡིན་ནོ། །དེ་ལ་ཐབས་དང་ཤེས་རབ་དེའི་བདག་ཉིད་དུ་བསྒོམ་པའི་མན་ངག་ནི་འདི་ཡིན་ཏེ། དང་པོར་རེ་ཞིག་རྣལ་འབྱོར་པས་རང་གི་ལྷག་པའི་ལྷའི་རྣལ་འབྱོར་དུ་སྐད་ཅིག་མ་ཉིད་ཀྱིས་བསྐྱེད་ལ་རིམ་པ་འདིས་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་བདག་ཉིད་བསྒོམ་པར་བྱའོ། །དེ་ལ་བདག་ཉིད་གཏི་མུག་གི་ངོ་བོ་ཉིད་རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཡིན་པས་ན་འགྲོ་བ་ཐམས་ཅད་ལ་ཁྱབ་པའི་གཟུགས་ཀྱི་ཕུང་པོའི་རང་བཞིན་ཅན་ནོ། །བདག་ནི་ང་རྒྱལ་དང༌། འདོད་ཆགས་དང༌། ཕྲག་དོག་དང༌། ཞེ་སྡང་གི་ངོ་བོ་ཉིད་རིན་ཆེན་འབྱུང་ལྡན་དང༌། འོད་དཔག་མེད་དང༌། དོན་ཡོད་པར་གྲུབ་པ་དང༌། མི་བསྐྱོད་པའི་བདག་ཉིད་ཅན་ཡིན་པས་འགྲོ་བ་ཐམས་ཅད་ལ་ཁྱབ་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་ཕུང་པོའི་བདག་ཉིད་ཅན་ནོ། །དེ་ལྟར་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་ནས་སེམས་ཅན་ལ་དམིགས་པ་དང༌། ཆོས་ལ་དམིགས་པའི་སྙིང་རྗེ་ཆེན་པོ་མངོན་སུམ་དུ་བྱས་ལ། དངོས་པོ་དང་དངོས་བོ་མེད་པ་དང་རང་གི་དངོས་པོ་དང་གཞན་གྱི་དངོས་པོ་ལ་སོགས་པའི་ཡིད་ལ་བྱེད་པ་སྤངས་ཏེ་ཐམས་ཅད་ལས་སེམས་ཡང་དག་པར་བསྡུས་ལ་ཅུང་ཟད་ཀྱང་མི་བསམ་པར་བྱའོ། །དེ་ལྟར་ན་ཅི་ལ་ཡང་མི་སེམས་པའི་རྣལ་འབྱོར་པ་སྔོན་ཆད་ཡུན་རིང་དུ་བླ་མ་སྟེན་པར་བྱེད་པ་ལས་གང་བླ་མའི་དྲིན་གྱིས། བཅོམ་ལྡན་འདས་ཡུམ་ཤེས་


DTG078_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བར་འགྱུར་ཏེ། ཚད་མས་གཞལ་བ་དང༌། གཞལ་བར་བྱ་བའི་འབྲས་བུའི་རྣམ་པར་དབྱེ་བ་ལས་ཡང་དག་པར་ལྡོག་བས་རང་སྣང་བའི་ངོ་བོ་ཉིད་དང༌། སྤྲོས་པ་མེད་པ་ཉིད་ཀྱིས་སྤྲོས་པའི་བདག་ཉིད་ཅན་གྱི་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཅན་དང་བྲལ་བས་མཆོག་ཏུ་དགའ་བའི་བདག་ཉིད་ཅན་མེ་ལོང་ལྟ་བུའི་སྦྱོར་བས་ཡང་དག་པར་རྟོགས་ལ། དེའི་མཐུས་ཀྱེ་མའོ་གཏི་མུག་གི་མཐུ་གང་གིས་སེམས་ཅན་འདི་རྣམས་མྱ་ངན་ལས་འདས་པའི་བདག་ཉིད་ཅན་ཡིན་དུ་ཟིན་ཀྱང་བདག་ཉིད་ཀྱིས་མི་ཤེས་ན། ཇི་ལྟར་ན་འདི་བདག་གིས་ཁོང་དུ་ཆུད་པར་བྱ་ཞས་རྣམ་པར་བསམས་ནས་དེའི་བདག་ཉིད་ཅན་དུ་སེམས་ཅན་ཐམས་ཅད་བསམས་ན་དམིགས་སུ་མེད་པའི་སྙིང་རྗེ་གང་ཡིན་པ་དེས་སྐྱེ་བར་འགྱུར་ལ། དེའི་བདག་ཉིད་ཅན་གྱི་རང་ཉིད་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་བསམ་པར་བྱའོ། །དེ་ནས་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཅན་གྱི་རྣལ་འབྱོར་པ་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་བསྒོམ་པ་སྟོབས་སུ་གྱུར་ནས་དེའི་འོག་ཏུ་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་དུ་རང་ཉིད་བཅོམ་ལྡན་འདས་ཡུམ་ཤེས་རབ་ཀྱི་མིང་གཞན་ཡང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་དེའི་བདག་ཉིད་ཀྱི་ཐ་མི་དད་པའི་ངོ་བོ་ཉིད་དུ་ཆུ་དང་འོ་མ་ལྟར་གཅིག་ཏུ་འདྲེས་པར་གྱུར་པ་བལྟ་བར་བྱའོ། །གང་གི་ཚེ། དེ་ལྟར་གྱུར་བ་དེ་ཡི་ཚེ། །དེ་ཡི་བདག་ཉིད་ཅན་བསྒོམ་པ། །དེ་ཉིད་ཡོངས་སུ་གསལ་བར་འགྱུར། །དེས་ན་རྣལ་འབྱོར་འདི་རྒྱས་པས། །བསོད་ནམས་ཀུན་གྱི་རང་བཞིན་གསུངས། །ཞེས་པ་སྟེ། རྣལ་འབྱོར་འདི་གནས་སྐབས་དེར་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཉིད་གཉིས་སུ་མེད་པའི་རང་བཞིན་ཅན་ཡིན་པས་ན་བསོད་ནམས་ཐམས་ཅད་ཀྱི་རང་བཞིན་ཅན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང༌། གསུང་དང༌། ཐུགས་རྡོ་རྗེའི་བདག་པོ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ངོ་བོ་ཉིད་ཡིན་ལ། དེ་ཡང་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རང་བཞིན་ཅན་ཉིད་ཡིན་པའི་ཕྱིར་རོ། །གོང་མ་དེ་དག་ནི་སྒྲོ་བཏགས་པའི་ངོ་བོ་ཉིད་ཙམ་དུ་ཟད་པས་ན་དེ་ཁོ་ན་ཉིད་ནི་མ་ཡིན་ནོ་ཞེས་རྟོག་ན། དེ་ནི་མ་ཡིན་ཏེ། གད་གི་ཕྱིར་སྒྲོ་བཏགས་པ་འདི་ནི་ཕྱི་རོལ་ཏེ། རང་གི་ངོ་བོ་


DTG078_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མཚན་ཉིད། །དེ་བས་རྣལ་འབྱོར་ཤེས་དེའི་བདག །རང་ཉིད་ཀུན་གྱི་རང་བཞིན་གཙོ། །ཞེས་པ་སྟེ། ཕྱི་རོལ་གྱི་ཤེས་པ་སྒྲོ་བཏགས་པ་ཡིན་གྱི་རང་གི་ངོ་བོ་ཉིད་མ་ཡིན་ནོ། །ཡང་ཅི་སྐད་དུ། སྒྲ་དོན་འཛིན་བྱེད་གང་གང་དུ། །ཤེས་དེ་དེར་ནི་བཏགས་པ་ཡིན། །རང་གི་ངོ་བོ་སྒྲ་དོན་མིན། །དེར་ནི་མ་ལུས་མངོན་སུམ་ཡིན། །དེ་བས་ན་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཉིད་གཉིས་སུ་མེད་པའི་རྣལ་འབྱོར་པ་ནི་རང་རིག་པའི་མངོན་སུམ་གྱི་ཚད་མ་ཡིན་པར་གྲགས་པས་སྒྲོ་བཏགས་པ་ཙམ་མ་ཡིན་ནོ། །གཞན་ཡང༌། སྤྲོས་པ་མེད་ཅིང་སྣང་བ་མེད། །ཐབས་ཤེས་གཉིས་མེད་བདག་ཅན་གཙོ། །རྣལ་འབྱོར་པ་དེ་སྤྲོས་བདག་གམ། །སྒྲོ་བཏགས་པ་ནི་ཇི་ལྟར་འགྱུར། །གལ་ཏེ་གནས་སྐབས་དེ་གནས་ཡོངས་སུ་གྱུར་པའི་རྣལ་འབྱོར་པ། སྤྲོས་པ་མེད་པའི་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་རང་རིག་པར་གྲགས་པར་གྱུར་པ་དེ་ལ་སྤྲོས་པའི་རང་བཞིན་གྱི་སྒྲོ་བཏགས་པ་གང་ཅི་ཡང་རུང་བ་དེ་དག་ཅི་ལྟར་ཡོད་དེ། དེ་ཡང༌། ཤེས་རབ་ཐབས་དངོས་ཞི་བ་འདི། །དེ་ཉིད་མཆོག་ཏུ་བཤད་པ་སྟེ། །འདི་ཉིད་གཉིས་མེད་ཡེ་ཤེས་ཏེ། །བྱང་ཆུབ་སེམས་མཆོག་འདི་ཡིན་ནོ། །ཀུན་རྟོག་ཐམས་ཅད་རྣམ་སྤངས་པས། །གནས་ནི་ཡོངས་སུ་གྱུར་པ་ཡིན། །འདི་ནི་འཇིག་རྟེན་འདས་ཡེ་ཤེས། །ཐུབ་པ་ཆེན་པོའི་ཆོས་སྐུ་ཡིན། །རྡོ་རྗེ་རྡོ་རྗེ་སེམས་དཔའ་འདི། །སངས་རྒྱས་བྱང་ཆུབ་བླ་མེད་ཡིན། །རྣལ་འབྱོར་ཀུན་དང་ལྷག་རྣལ་འབྱོར། །རྣལ་འབྱོར་འདི་ནི་བླ་ན་མེད། །ཤིན་ཏུ་གཙོ་འགྱུར་རྣལ་འབྱོར་འདི། །དེ་ཉིད་བསྡུས་པར་ངེས་མཛད་ལ། །དམ་ཚིག་ཆེན་པོའི་རྒྱུད་དང་ནི། །དཔལ་ལྡན་རྡོ་རྗེ་རྩེ་མོ་དང༌། །ཐེག་ཆེན་མངོན་པར་རྟོགས་པ་དང༌། །དཔལ་ལྡན་རྫོགས་སངས་འདུས་མཛད་དང༌། །དཔལ་མཆོག་དང་པོའི་རྒྱུད་དད་ནི། །དཔལ་ལྡན་རྡོ་རྗེ་བདེ་ཆེན་དང༌། །དཔལ་ལྡན་འདུས་པའི་རྒྱུད་དུ་ནི། །རྣལ་འབྱོར་འདི་ནི་བླ་མེད་པར། །དངོས་གྲུབ་ཐམས་ཅད་སྒྲུབ་མཛད་པའི། །ཐུགས་ཀྱི་རྡོ་རྗེར་གསུངས་པ་ཡིན། །གང་འདིར་རྒྱལ་བའི་སྲས་པོ་རྣམས། །ཕྱིན་ཅི་ལོག་ལས་འདས་གྱུར་པ། །དེ་ནི་རིང་པོ་མི་ཐོགས་པར། །འཇིག་རྟེན་གསུམ་ལས་སངས་རྒྱས་འགྱུར། །ཅེས་གསུངས་པ་


DTG078_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

དང། རྣལ་འབྱོར་པ་ནི་སྒྲོ་བཏགས་དང༌། །སྐུར་མཐའ་གང་དང་གང་དག་གི །དབྱེ་བ་དེ་དང་དེར་བརྟེན་པ། །དེ་ཉིད་ཚུལ་དུ་ལྡོག་པ་ཡིན། །དེ་དང་དེ་ཚུལ་ལ་གནས་པ། །ཀུན་མཁྱེན་ཡེ་ཤེས་དངོས་རང་ཉིད། །རྫོགས་པའི་བྱང་ཆུབ་སེམས་དཔའི་བདག །ཕ་རོལ་ཕྱིན་ཀུན་རང་བཞིན་ཅན། །དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་དེ་སྒྲོ་བཏགས་པ་མ་ལུས་པ་ལས་ལྡོག་པས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རང་བཞིན་ཅན་གྱི་དཀྱིལ་འཁོར་བའི་ལྷ་རྣམས་ཀྱི་བདག་ཉིད་ཅན་དང༌། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་རང་བཞིན་དུ་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་འདོད་ཆགས་ལ་སོགས་པའི་དྲི་མ་མ་ལུས་པ་དང་བྲལ་བ་ཉིད་དེ་ཉིད་དེ་ལས་གཞན་པའི་ཁྱད་པར་ཅན་གྱི་རྒྱུར་གྱུར་པ་ཉིད་ཀྱིས་ན་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དང༌། དབྱེ་བ་མ་ལུས་པ་དང་བྲལ་བའི་རང་བཞིན་ཉིད་ཀྱིས་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དང༌། ཕྱིན་ཅི་ལོག་མ་ལུས་པ་དང་བྲལ་བའི་རང་བཞིན་ཉིད་ཀྱིས་ན་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དང༌། འགྲོ་བ་མ་ལུས་པའི་ཕྲན་པ་བསྐྱེད་པའི་རྒྱུར་གྱུར་བས་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དང༌། གཟུང་བ་དང༌། འཛིན་པ་རྣམ་པ་གཉིས་དང་བྲལ་བས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་ནོ། །དེ་བས་ན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་བདག་ཉིད་ཅན་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་ཡང་དེ་ཉིད་ཡིན་པས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་ནོ། །དེ་ཉིད་ནི་ཉེ་བར་དམིགས་པ་རྣམས་ལས་ལྡོག་པས་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རྡོ་རྗེ་སེམས་མའོ། །མཚན་མ་མ་ལུས་པ་ལས་ལྡོག་ཅིང་མཚན་མ་མེད་པའི་བདག་ཉིད་ཅན་ཡིན་པས་རིན་ཆེན་སེམས་མའོ། །ལོག་པའི་སྨོན་ལམ་ལས་ལོག་ཅིང་སྨོན་པ་མེད་པའི་བདག་ཉིད་ཅན་ཡིན་པས་ན་ཆོས་ཀྱི་སེམས་མའོ། །ཕྱིན་ཅི་ལོག་གི་མངོན་པར་འདུ་བྱེད་པ་ལས་ལྡོག་ཅིང་མངོན་པར་འདུས་མ་བྱས་པའི་བདག་ཉིད་ཅན་ཡིན་པས་ན་ལས་ཀྱི་སེམས་མ་སྟེ། རྡོ་རྗེ་སེམས་མ་ལ་སོགས་པ་རིགས་ཀྱི་ཡུམ་བཞི་ནི་གོ་རིམས་བཞིན་དུ་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་སྒོ་བཞིའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་དེ་


DTG078_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནི་སྣོད་ཀྱི་འཇིག་རྟེན་གྱི་མཐར་རྟོག་པ་ལས་ལོག་ཅིང་ཆེན་པོ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་གྱུར་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྒྱུར་གྱུར་པས་རྡོ་རྗེ་སེམས་དཔའོ། །མིག་ལ་སོགས་པ་ལ་ཉེ་བར་དམིགས་པ་ལས་ལྡོག་ཅིང་ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་གྱུར་པ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ཀྱི་འགུགས་པའི་རྒྱུར་གྱུར་པས་རྡོ་རྗེ་རྒྱལ་པོའོ། །གཟུགས་ལ་སོགས་པ་ཉེ་བར་དམིགས་པ་ལས་ལྡོག་པས་ཕྱི་སྟོང་པའི་བདག་ཉིད་ཅན་དུ་གྱུར་པ་དང༌། བཀུག་པ་རྣམས་ཀྱི་རྗེས་སུ་ཆགས་པའི་རྒྱུར་གྱུར་པས་རྡོ་རྗེ་ཆགས་པའོ། །ཕྱི་དང་ནང་གི་སྐྱེ་མཆེད་དང་ལུས་དང་གནས་སུ་ཉེ་བར་དམིགས་པ་ལས་ལྡོག་པས་ཕྱི་དང་ནང་གི་སྟོང་པའི་བདག་ཉིད་དུ་གྱུར་པ་དང༌། ཆགས་པ་མེད་པའི་སེམས་ཅན་རྣམས་ཀྱི་ཡིད་བདེ་བ་སྐྱེད་པའི་རྒྱུར་གྱུར་པས་རྡོ་རྗེ་ལེགས་པའོ། །མིང་དང་གཟུགས་ལ་སོགས་པའི་བག་ཆགས་ཀྱི་གནས་ཡོངས་སུ་གྱུར་པ་ཉིད་ཀྱིས་མེ་ལོང་ལྟ་བུའི་ཡེ་ཤེས་དེའི་རྐྱེན་དུ་གྱུར་པ་ཆེན་པོ་སྟོང་པ་ཉིད་ལ་སོགས་པ་བཞི་པོའི་ངོ་བོ་ཉིད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡིན་ནོ། །སྟོང་པ་ཉིད་དུ་ཉེ་བར་དམིགས་པ་ལས་ལྡོག་པས་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང༌། བྱང་ཆུབ་ཀྱི་སེམས་མངོན་པར་འཕེལ་བ་རྣམས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བའི་རྒྱུར་གྱུར་པས་ན་རྡོ་རྗེ་རིན་ཆེན་ནོ། །དོན་དམ་པར་ཉེ་བར་དམིགས་པ་ལས་ལྡོག་ཅིང༌། དོན་དམ་པ་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང༌། དབང་བསྐུར་བ་རྙེད་པ་རྣམས་ལ་མི་འཇིགས་པ་རབ་ཏུ་སྦྱིན་པའི་མཚན་ཉིད་ཅན་གྱི་གཟི་བརྗིད་ཀྱི་རྒྱུར་གྱུར་པས་ན་རྡོ་རྗེ་གཟི་བརྗིད་དོ། །འདུས་བྱས་པའི་བསོད་ནམས་ཀྱི་ཚོགས་སུ་ཉེ་བར་དམིགས་པ་ལས་ལྡོག་པས་འདུས་བྱས་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང༌། གཟི་བྱིན་ཐོབ་པ་རྣམས་ལ་བྱམས་པའི་མཚན་ཉིད་ཅན་གྱི་མཚན་མའི་རྒྱུར་གྱུར་པས་ན་རྡོ་རྗེ་དབལ་ལོ། །འདུས་མ་བྱས་པའི་བྱང་ཆུབ་ཀྱི་ཚོགས་ཀྱི་ཉེ་བར་དམིགས་པ་ལས་ལྡོག་པས་འདུས་མ་བྱས་པའི་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང༌། བྱམས་པའི་རྒྱལ་མཚན་བསྒྲེང་བའི་མཚན་མ་ཅན་རྣམས་ལ་ཆོས་ཀྱི་སྦྱིན་པ་བླ་ན་


DTG078_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་རྒྱུར་གྱུར་པས་ན་རྡོ་རྗེ་བཞད་པའོ། །ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་བའི་ངོ་བོ་ཉིད་ཀྱིས་མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། ཇི་སྐད་དུ་བཤད་པའི་དེའི་ཕྱིན་ཅི་ལོག་སྤོང་བའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྐྱེན་དུ་གྱུར་པ་སྟོང་པ་ཉིད་ལ་སོགས་པ་བཞིའི་ངོ་བོ་ཉིད་ནི་རྡོ་རྗེ་རིན་པོ་ཆེ་ལ་སོགས་པ་ཡིན་ནོ། །སྒྲོ་བཏགས་པ་དང་སྐུར་པ་བཏབ་པའི་མཐར་ཉེ་བར་དམིགས་པ་ལས་ལྡོག་པས་ཤིན་ཏུ་སྟོང་པ་ཉིད་དུ་གྱུར་པ་དང༌། ཆོས་ཀྱི་སྦྱིན་པའི་ཡིད་བདེ་བ་དེ་ལ་ཞུགས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་རྒྱུར་གྱུར་པས་ན་རྡོ་རྗེ་ཆོས་སོ། །འཁོར་བར་ཉེ་བར་དམིགས་པ་ལས་ལྡོག་པས་ཐོག་མ་དང་ཐ་མ་མེད་པའི་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང༌། ཏིང་ངེ་འཛིན་རྫོགས་པ་རྣམས་ཀྱི་དེ་ཁོ་ན་ཉིད་ཡེ་ཤེས་སྐྱེད་པའི་རྒྱུར་གྱུར་པས་རྡོ་རྗེ་རྣོན་པོའོ། །དགེ་བའི་ཕྱོགས་ཡོངས་སུ་མི་གཏོང་བའི་ཉེ་བར་དམིགས་པ་ལས་ལྡོག་པས་དོར་བ་མེད་པ་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང༌། ཡེ་ཤེས་ཐོབ་པ་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྒྱུར་གྱུར་པས་ན་རྡོ་རྗེ་རྒྱུའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་ལ་ཉེ་བར་དམིགས་པ་ལས་ལྡོག་པས་རང་བཞིན་སྟོང་པ་ཉིད་ཀྱི་བདག་ཉིད་དུ་གྱུར་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་ཞུགས་པ་རྣམས་ཀྱི་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་ངོ་བོར་ཆོས་སྟོན་པར་རབ་ཏུ་འཇུག་པའི་རྒྱུར་གྱུར་པས་ནི་རྡོ་རྗེ་སྨྲ་བའོ། །རྣམ་པར་རྟོག་པ་གནས་གྱུར་པའི་ངོ་བོ་ཉིད་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ཇི་སྐད་དུ་བཤད་པའི་ཕྱིན་ཅི་ལོག་ལས་རྣམ་པར་དབེན་པའི་ངོ་བོ་ཉིད་ཀྱིས་དེའི་འཁོར་དུ་གྱུར་པ་ཤིན་ཏུ་སྟོང་པ་ཉིད་ལ་སོགས་པ་བཞིའི་ངོ་བོ་ཉིད་དུ་གྱུར་པ་ཉིད་ནི་རྡོ་རྗེ་ཆོས་ལ་སོགས་པའི་ངོ་བོ་ཉིད་དོ། །སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཚུལ་གྱིས་ཆོས་ཀྱིས་ཀུ་ཉེ་བར་དམིགས་པ་ལ་སོགས་པས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང༌། དོན་དམ་པའི་སྐལ་བ་ཅན་རྣམས་ཀྱི་སྤྲུལ་པའི་མཆོད་པའི་ལས་ཀྱི་རྒྱུར་གྱུར་པས་ན་རྡོ་རྗེ་ལས་སོ། །རང་དང་སྤྱིའི་མཚན་ཉིད་དུ་ཉེ་བར་དམིགས་པའི་མཚན་ཉིད་ལས་ལྡོག་པས་ན་མཚན་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང༌། ལས་ལ་རབ་ཏུ་ཞུགས་པ་རྣམས་ཀྱི་སྤྲུལ་པའི་རྒྱུར་གྱུར་པས་ན་རྡོ་རྗེ་སྲུང་བའོ། །ཉེ་བར་མི་དམིགས་པ་དང༌། ཉེ་བར་དམིགས་པ་


DTG078_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལྡོག་པས་ན་མི་དམིགས་པ་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང༌། སྲུང་བ་ལ་ཞུགས་པ་རྣམས་ཀྱི་བགེགས་ཉེ་བར་ཞི་བའི་རྒྱུར་གྱུར་པས་ན་རྡོ་རྗེ་གནོད་སྦྱིན་ནོ། །དངོས་པོ་མེད་པ་དང༌། དངོས་པོ་མི་དམིགས་པ་ལས་ལྡོག་པས་ན་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང༌། དེ་ལྟར་བྱ་བ་བྱས་པ་སྒྲུབ་པ་ལ་འཇུག་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེར་བྱེད་པས་དངོས་གྲུབ་ཐམས་ཅད་རྫོགས་པའི་རྒྱུར་གྱུར་པས་ན་རྡོ་རྗེ་ཁུ་ཚུར་རོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་གནས་གྱུར་པའི་ངོ་བོ་ཉིད་ཀྱིས་བྱ་བ་སྒྲུབ་པའི་ཡེ་ཤེས་ཇི་སྐད་བཤད་པའི་ཕྱིན་ཅི་ལོག་རྣམས་ལས་དབེན་པའི་ངོ་བོ་ཉིད་ཀྱི་དེའི་འཁོར་དུ་གྱུར་པས་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སོགས་པའི་ངོ་བོ་ཉིད་ནི་རྡོ་རྗེ་ལས་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་སེར་སྣ་དང༌། ཚུལ་ཁྲིམས་འཆལ་བ་དང༌། ཁྲོ་བ་དང་ལེ་ལོ་ལ་སོགས་པ་ཉེ་བར་དམིགས་པ་ལས་ལྡོག་ཅིང་དེའི་གཉེན་པོ་ཉིད་ཀྱིས་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཅན་དུ་གྱུར་པས་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣལ་འབྱོར་གྱི་དབང་ཕྱུག་དེ་ནི་གསང་བའི་མཆོད་པའི་ངོ་བོ་ཉིད་རྡོ་རྗེ་སྒེག་མོ་དང༌། ཕྲེང་བ་མ་དང༌། གླུ་མ་དང༌། གར་མའི་བདག་ཉིད་ཅན་ཏེ། རྡོ་རྗེ་སྒེག་མོ་ལ་སོགས་པ་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་རབ་འཆལ་པ་དང༌། རྣམ་པར་གཡེང་བ་དང་ལོག་པའི་སྨོན་ལམ་དང༌། ཐབས་མེད་པ་ལས་ལྡོག་པས་ཤེས་རབ་དང༌། བསམ་གཏན་དང༌། སྨོན་ལམ་དང༌། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཅན་དུ་གྱུར་པའི་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་རྣལ་འབྱོར་གྱི་དབང་ཕྱུག་དེ་ཉིད་ནི་ཕྱིའི་མཆོད་པའི་རང་བཞིན་རྡོ་རྗེ་བདུག་པ་དང༌། མེ་ཏོག་དང༌། མར་མེ་དང༌། དྲིའི་ངོ་བོ་ཉིད་ཡིན་ཏེ། རྡོ་རྗེ་བདུག་པ་ལ་སོགས་པ་ནི་རིམ་པ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བཞིའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་ཐེག་པ་ཆེན་པོ་ལ་མངོན་པར་ཡིད་ཆེས་པ་མེད་པ་ལས་ལྡོག་པས་དད་པའི་བདག་ཉིད་ཅན་ཏེ། ཐབས་


DTG078_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་ངོ་བོ་ཉིད་ཡིན་པས་ན་རྡོ་རྗེ་ལྕགས་ཀྱུའོ། །ཐེག་པ་ཆེན་པོ་ལ་མི་འཇུག་པ་ལས་ལྡོག་ཅིང་བརྩོན་འགྲུས་ཀྱི་བདག་ཉིད་ཅན་གྱི་སྤྱོད་པའི་ངོ་བོ་ཉིད་དུ་གྱུར་པས་ན་རྡོ་རྗེ་ཞགས་པའོ། བརྗེད་ངས་པ་ལ་ཞུགས་པ་ལས་ལྡོག་ཅིང་དྲན་པའི་བདག་ཉིད་ཅན་བར་དུ་གཅོད་པའི་དགོས་པ་ལས་ལྡོག་པའི་བདག་ཉིད་ཅན་ཡིན་པས་ན་རྡོ་རྗེ་ལྕགས་སྒྲོག་གོ །ཆོས་མི་ཤེས་པ་ལས་ལྡོག་པའི་ཏིང་ངེ་འཛིན་གྱི་བདག་ཉིད་ཅན་ཡིན་ཞིང་ཆོས་ཐམས་ཅད་མ་སྐྱེས་པར་སྟོན་པ་ཉིད་དུ་གྱུར་པས་ན་རྡོ་རྗེ་འབེབས་པའོ། །དེས་ན་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་རྣལ་འབྱོར་ཆེན་པོ་དེ་ཉིད་ནི་དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་གྱི་ངོ་བོ་ཉིད་དུ་གྱུར་པས། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་སྒོ་སྲུང་བཞིའི་ངོ་བོ་ཉིད་ཡིན་ནོ། །གང་ཕྱིར་ཤེས་རབ་ཐབས་བདག་ཅན། །དང་པོའི་སྤྱོར་བའི་རང་བཞིན་འདི། །དེ་ཕྱིར་བྱང་ཆུབ་སེམས་ཀུན་བདག །དཀྱིལ་འཁོར་གྱི་ནི་བདག་པོ་ཡིན། །རྣལ་འབྱོར་པའི་ཕྱག་རྒྱ་ཆེན་པོ་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་དང་པོའི་སྦྱོར་པའི་རང་བཞིན་ཏེ། བྱང་ཆུབ་པའི་བདག་ཉིད་ཅན་གྱི་སེམས་དཔའ་མ་ལུས་པའི་བདག་ཉིད་ཅན་མ་ཡིན་པས་ན་དཀྱིལ་འཁོར་གྱི་རྒྱལ་པོའི་མཆོག་གི་རང་བཞིན་ཅན་ཡིན་ནོ། །དེ་བསྒོམ་པ་ཉིད་ནི་ཏིང་ངེ་འཛིན་གཉིས་བསྒོམ་པ་ཡོངས་སུ་རྫོགས་པ་ཡིན་པར་བལྟ་བར་བྱའོ། །གང་ཕྱིར་ཇི་སྐད་བཤད་སྟོང་པ། །རྣམ་པ་བཅུ་དྲུག་བདག་ཉིད་འདི། །དེས་ནི་བྱམས་སོགས་ཏིང་འཛིན་བདག །བྱང་ཆུབ་སེམས་དཔའི་བདག་ཅན་ཡིན། །འདི་ནི་སྟོང་པ་བཅུ་དྲུག་གི་བདག་ཉིད་ཅན་ཡིན་པའི་ཕྱིར་སྟོང་པ་བཅུ་དྲུག་གི་རང་བཞིན་ཅན་གྱི་ཏིང་ངེ་འཛིན་གྱི་བདག་ཉིད་ཅན་གྱི་བྱང་ཆུབ་སེམས་དཔའ་བཅུ་དྲུག་ཀྱང་ཡིན་ནོ། །དེ་དག་ཀྱང་བྱམས་པ་དང༌། མཐོང་བ་དོན་ཡོད་དང༌། ངན་སོང་ཐམས་ཅད་སྤོང་བ་དང༌། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་དང༌། སྤོས་ཀྱི་གླང་པོ་དང༌། དཔའ་པར་འགྲོ་བ་དང༌། ནམ་མཁའི་མཛོད་དང༌། ཡེ་ཤེས་ཏོག་དང༌། འོད་དཔག་མེད་དང༌། ཟླ་འོད་དང༌། བཟང་སྐྱོང་དང༌། དྲ་བ་ཅན་


DTG078_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འོད་དང༌། རྡོ་རྗེ་སྙིང་པོ་དང༌། བློ་གྲོས་མི་ཟད་པ་དང༌། སྤོབས་པ་བརྩེགས་པ་དང༌། ཀུན་དུ་བཟང་པོའོ། །གང་ཕྱིར་ཐབས་ཆེན་བདག་ཉིད་པས། །འདི་ནི་ཐབས་ཀུན་རང་བཞིན་ཡིན། །དེའི་ཕྱིར་འཇིག་རྟེན་པའི་ཡེ་ཤེས། །ཏིང་འཛིན་ཀུན་བདག་ཉིད་ཅན་ཡིན།། ཚང་ས་པ་ལ་སོགས་པ་ནས་བ་ལང་རྫིའི་བར་དུ་སེམས་ཅན་གང་ཅི་ཡང་རུང་བ་ལ་ཡོད་པའི་ཤེས་པ་འམ། མཉམ་པར་གཞག་པ་གཞན་གྱི་དགོས་པའི་ཐབས་སུ་གྱུར་པ་དེ་ཐམས་ཅད་དེ་ཉིད་དུ་དེའི་ཡིན་ཏེ། ཐབས་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །གང་ཚེ་ཡད་དག་བཤད་པའི་རིམ་པ་ཡིས། །རྣལ་འབྱོར་པ་ནི་མཉམ་པར་གཞག་གྱུར་པ། །དེ་ཚེ་དེ་ནི་མགོན་རྟོག་མི་མངའ་ཡང༌། །ཇི་སྲིད་ཇི་སྐད་བཤད་པ་ཉིད་དུ་བཞེད། །དེ་ལྟར་ན་རེ་ཞིག་རྣལ་འབྱོར་པ་གང་གི་ཚེ་རྣལ་འབྱོར་པ་སྤྲོས་པ་མེད་པའི་ཤེས་རབ་དང༌། ཐབས་ཀྱི་རྣལ་འབྱོར་གྱི་བདག་ཉིད་ཅན་ཡིན་པ་དེའི་ཚེ་ཐམས་ཅད་མཁྱེན་པའི་རང་བཞིན་ཅན་ཏེ། དཀྱིལ་འཁོར་པའི་ལྷ་མ་ལུས་པའི་བདག་ཉིད་ཅན་དང༌། ཕ་རོལ་ཏུ་ཕྱིན་པ་མ་ལུས་པའི་རང་བཞིན་དུ་མགོན་པོས་ཡང་དག་པར་འཇོག་པར་མཛད་དོ། །གང་ཚེ་དེ་ནི་རྣལ་འབྱོར་དེ་ལས་ལངས་གྱུར་ཀྱང༌། །དེ་ཚེའང་དེ་ཉིད་དུ་ན་དེ་བཞིན་ཉིད་བདག་ཅན། །སྤྱོད་ལམ་མ་ལུས་པར་རྟོགས་པ་ཡི་ལངས་པ་དག །བདག་ཉིད་ལུས་ནི་ཀུན་ནས་རྣམ་པར་བསྒོམ་པར་བྱ། །དེ་ཚེའང་ཀུན་ལ་ཀུན་དུ་རྣམ་པར་གནས། །ཇི་སྐད་བཤད་པའི་དེ་ཉིད་བདག་ཉིད་ཅན་དུ་འདོད། །དེ་བས་གནས་སྐབས་གཉིས་དང་ཡང་དག་ལྡན་བདག་ཉིད། །རྒྱལ་བ་མགོན་པོ་ཅི་འདྲ་དེ་ལྟ་ཉིད་དུ་འདོད། །དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་མངོན་སུམ་དུ་བྱེད་པའི་གནས་སྐབས་དང༌། ལྷག་པར་མོས་པའི་གནས་སྐབས་ཏེ། མིང་གཞན་དུ་ན་མཉམ་པར་མ་བཞག་པའི་སྦྱོར་བ་ཞེས་བྱ་བ་དང་ལྡན་པའི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པའི་རྡོ་རྗེ་སློབ་དཔོན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ངོ་བོ་ཉིད་དུ་བསྟན་ཏོ། །དེ་ཡང་འཕགས་པ་གསང་བ་འདུས་པ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསང་བ་འདུས་པར་མངོན་པར་


DTG078_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་སློབ་དཔོན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཇི་ལྟར་བལྟ་བར་བགྱི། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སེམས་སུ་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སློབ་དཔོན་ནི་བྱང་ཆུབ་ཀྱི་སེམས་དང་མཉམ་ཞིང་རྣམ་པ་གཉིས་སུ་དབྱེར་མེད་དོ། །རིགས་ཀྱི་བུ་མདོར་བསྟན་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཇི་སྙེད་འཁོད་ཅིང་འཚོ་ལ་སྐྱོང་བ་དེ་དག་ཐམས་ཅད་དུས་གསུམ་དུ་ལྷགས་ནས། སློབ་དཔོན་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པས་ཡང་དག་པར་མཆོད་ནས། སངས་རྒྱས་ཀྱི་ཞིང་དེར་ཡང་འགྲོ་ཞིང་དེ་དག་རྡོ་རྗེའི་ཡི་གེ་ཡང་འདི་སྐད་དུ་འབྱིན་ཏོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕའོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མའོ་ཞེས་བྱ་བ་ནས། བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོན་པའོ་ཞེས་བྱ་བའི་བར་དུའོ། །འདི་ལྟ་སྟེ་དཔེར་ན། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུན་ཇི་སྙེད་བཞུགས་པ་དང༌། སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་བས་ཀྱང་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་གི་བསོད་ནམས་ཁྱད་པར་དུ་འཕགས་སོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྙིང་པོར་གྱུར་པའོ། །སྐྱེ་བའི་གནས་སུ་གྱུར་པ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྱུང་གནས་ཡིན་པའི་བར་དུའོ་ཞེས་ཇི་སྐད་གསུངས་པ་ཡིན་ནོ། །དེ་ཉིད་ཀྱིས་ན་སྦྱོར་དེ་ལས། །ཤེས་རབ་ཐབས་ཀྱི་རང་བཞིན་གཙོ། །དངོས་གྲུབ་ཐམས་ཅད་ཀུན་འབྱུང་བར། །རྫོགས་པའི་སངས་རྒྱས་ཀུན་གྱིས་གསུངས། །དེ་ཉིད་ལས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་གང་ལ་གནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ། སྐུ་གསུམ་གྱི་གསང་བ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་རྡོ་རྗེ་སློབ་དཔོན་གྱི་སྐུ་དང་གསུད་དང་ཐུགས་རྡོ་རྗེ་ལ་གནས་སོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་གང་དུ་གནས་


DTG078_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གང་ན་ཡང་མ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་སྟེ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཡང་ཤེས་རབ་དང་ཐབས་ཀྱི་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་བསྒོམ་པ་འདི་ཉིད་ནི་དོན་དམ་པ་ཅན་གྱི་གསང་སྔགས་ཀྱི་སྤྱོད་པ་སྟེ། དེ་ཡང་གང་གི་ཕྱིར། ཡེ་ཤེས་དོན་གྱི་ཡིད་ཀྱི་གཟུགས། །སྔགས་ནི་ཡེ་ཤེས་ཡིན་པར་བཤད། །གཉིས་མེད་ཡིད་ནི་སྐྱོབ་པས་ན། །གལ་ཏེ་དེ་ལྟ་ན་ཡང་སྔགས། །སྐད་ཀྱི་དབྱིངས་ལས་མཱ་ན་ཛྙཱ་ནི་ཞེས་པ་དང༌། མཱ་ན་ཨ་བ་བོ་དྷ་ནེ་ཞེས་བྱ་བ་ཡིད་ནི་ཤེས་པ་ལ་བྱ་བའམ། ཡིད་ནི་ཁོང་དུ་ཆུད་པ་ལ་བྱ་བའི་ཕྱིར་དང་གཙོ་བོའི་དོན་དུ་ངེས་པས་ཇི་སྐད་དུ་བཤད་པའི་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་རང་བཞིན་ཅན་སྟོང་པ་ཉིད་ཀྱི་ཡེ་ཤེས་ཉིད་ལ་སྔགས་ཞེས་བྱ་བའམ། ཡང་ན་དེ་ལྟ་བུའི་ཡེ་ཤེས་བསྒོམ་པས་སྒྲིབ་པ་རྣམ་པ་གཉིས་སྤངས་ནས་ཀུན་དུ་བཟང་པོ་ཉིད་ཐོབ་པ་ནི་ཡིད་སྐྱོབ་པའི་དོན་གྱིས་དེ་ཉིད་ནི་སྔགས་ཉིད་དེ། དེ་ཉིད་བསྡུས་པའི་རྒྱུད་དུ་ཡང༌། །སེམས་ནི་སོ་སོར་རྟོགས་པ་ཡི། །ཕྱག་རྒྱ་ཆེ་དང་མཉམ་སྤྱོར་བའི། །བསྒོམ་པ་ཉིད་ལ་བྱ་བར་བཤད། །དེ་ཉིད་ཀྱིས་ན་དཔལ་དེ་ཁོ་ན་བསྡུས་པའི་རྒྱུད་ལས་ཕྱག་རྒྱ་ཆེན་པོ་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དབང་དུ་མཛད་ནས་གསུངས་པ་ནི། །རིགས་ཀྱི་བུ་རང་གི་སེམས་ལ་སོ་སོར་རྟོག་ཅིང་མཉམ་པར་ཞོག་ལ་རང་བཞིན་གྱིས་གྲུབ་པའི་སྔགས་འདི་ཅི་དགར་ཟློས་ཤིང་བསྒྲུབ་པར་གྱིས་ཤིག་ཅེས་བྱ་བ་ཡིན་ཏེ། འདི་ཡང་ཨོཾ་ལ་སོགས་པ་ཀུན་རྫོབ་ཀྱི་སྔགས་ཡིན་ལ་དེ་བསྒྲུབས་པ་ལས་སེམས་སོ་སོར་རྟོགས་པར་བྱེད་པ་ནི་དོན་དམ་པའི་སྔགས་ཉམས་སུ་ལེན་པ་ཡིན་ལ། སེམས་སོ་སོར་རྟོགས་པ་ཡང་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་མངོན་སུམ་དུ་བྱེད་པ་ཡིན་ནོ། །དེ་བས་ན་གཞོན་ནུ་དོན་ཐམས་ཅད་གྲུབ་པས་ཀྱང་སྔགས་ཉམས་སུ་ལེན་པ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བསྟན་པ་ལས་བསྒྲུབས་ཏེ་སྨྲས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་མཐོང་ལགས་སོ་ཞེས་བྱ་བ་སྟེ། ཡེ་ཤེས་དེ་ཉིད་འདོད་ཆགས་པའི་དྲི་མ་མ་ལུས་


DTG078_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བྲལ་བ་ཉིད་ཀྱིས་འོད་གསལ་བའི་རང་བཞིན་ཅན་ཡིན་པ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཀྱི་བདག་ཉིད་ཅན་ཉིད་ཀྱིས་འགྲོ་བ་མ་ལུས་པ། ཀུན་དུ་ཚིམ་པར་བྱེད་པའི་རང་བཞིན་ཅན་ཡིན་པའི་ཕྱིར་དང༌། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྤྲུལ་པའི་འོད་ཟེར་རྣམས་ཀྱིས་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་དགོས་པའི་དོན་བྱེད་པར་ནུས་པའི་ཕྱིར་དང༌། ནམ་མཁའི་ཁམས་ཀྱི་མཐར་ཐུག་པའི་ཕྱོགས་ཀྱི་ཚོགས་ཐམས་ཅད་ཁྱབ་པ་ཉིད་ཀྱིས་ན། ཟླ་བའི་དཀྱིལ་འཁོར་དང་འདྲ་བ་ཉིད་ཡིན་པའི་ཕྱིར་དང༌། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འབྲས་བུ་རྒྱ་ཆེ་བ་དང་ལྡན་པས། ཡོངས་སུ་རྫོགས་པ་ཡིན་པའི་ཕྱིར་ཟླ་བའི་དཀྱིལ་འཁོར་ལྟ་བུའོ། །རྣམ་སྣང་མངོན་པར་བྱང་ཆུབ་པའི། །རྒྱུད་རྒྱལ་ལས་ནི་རབ་གསལ་བར། །གཉིས་མེད་ཡེ་ཤེས་འདི་ཉིད་ནི། །ཐུབ་པས་བསྔགས་ཞེས་བྱ་བར་གསུངས། །དེ་ཡང༌། གཞན་ཡང་གསང་བའི་བདག་པོས་སྔགས་ཀྱི་མཚན་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱིས་མ་མཛད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མ་བྱས། བྱེད་དུ་མ་བཅུག །རྗེས་སུ་ཡི་རང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་རུང་ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་དེ་ནི་ཡེ་ནས་གནས་པ་སྟེ། དེ་ཡང་འདི་ལྟར་གསང་སྔགས་རྣམས་ཀྱི་གསང་སྔགས་ཀྱི་ཆོས་ཉིད་དོ་ཞེས་བྱ་བ་ནས། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་འབྱུང་བ་དེའི་ཚེ་ཆོས་ཉིད་དེ་ཚུལ་སྣ་ཚོགས་དང༌། དགོངས་པ་སྣ་ཚོགས་ཀྱི་སེམས་ཅན་བསམ་བ་སྣ་ཚོགས་པ་རྣམས་ལ་ཚིག་སྣ་ཚོགས་དང༌། ཡིག་འབྲུ་སྣ་ཚོགས་དང༌། ཡུལ་ངེས་པའི་ཚིག་ཏུ་བརྗོད་པ་སྣ་ཚོགས་དང༌། དབྱངས་སྣ་ཚོགས་སུ་གོ་བ་རྣམས་སུ་བྱིན་གྱིས་བརླབས་ཏེ་གསང་སྔགས་ཀྱི་ཚུལ་འཆད་དོ་ཞེས་ཇི་སྐད་གསུངས་པའོ། །དཔལ་ལྡན་འདུས་སོགས་ཚིག་ལས་ཀྱང༌། །བཙུན་མོ་ཤེས་རབ་ཉིད་དུ་བཤད། །བྷ་ག་དེ་ཡི་སྙིང་པོ་ཡིན། །བཞུགས་པ་དེ་ཡི་ངོ་བོ་ཉིད། །དེར་ཡང་བཅོམ་ལྡན་འདས་དེ་བཞིན་


DTG078_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་སྙིང་རྗེ་ཆེན་པོ་ནི་རང་བཞིན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཉིད་ཡིན་ནོ། །དེའི་བཙུན་མོ་ནི་ཕྱག་རྒྱ་ཆེན་པོ་བཅོམ་ལྡན་འདས་ཡུམ་ཤེས་རབ་སྟེ། མཆན་གཞན་ཡང་ཀུན་དུ་བཟང་མོ་ཞེས་བྱ་བའོ། །བྷ་ག་ནི་སྙིང་པོ་སྟེ་མི་གཞན་ཡང་སྟོང་པ་ཉིད་ཅེས་བྱའོ། །བཅོམ་ལྡན་འདས་དེར་བཞུགས་པ་དེ་ནི་དེའི་བདག་ཉིད་ཅན་དུ་གྱུར་ནས་ཐ་དད་པའི་དབྱེ་བས་ཐམས་ཅད་དང་བྲལ་བས་གཅིག་ཏུ་འདྲེས་པར་གྱུར་པས་འཁོར་བ་ཇི་སྲིད་པར་བརྗོད་དུ་མེད་པའི་བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་རྣམས་དང༌། ཕྱག་རྒྱ་དང༌། དཀྱིལ་འཁོར་དང༌། སྔགས་བྱེ་བ་དང༌། ལྷན་ཅིག་རྣམ་པར་རྟོག་པ་མི་མངའ་བར་གྱུར་ཀྱང་སྔོན་གྱི་འཕེན་ཤུགས་ཀྱིས་སེམས་ཅན་ཐམས་ཅད་ལ་ཅི་བགྱི་ཞེས་བྱ་བའི་ཚུལ་གྱིས་རྣམ་པར་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །དེ་ཡང༌། ཀུན་རྟོག་རླུང་ནི་ཐམས་ཅད་ཀྱིས། །མི་གཡོ་ཡིད་བཞིན་ནོར་བུ་བཞིན། །དེ་ལྟར་བཞུགས་ཀྱང་སེམས་ཅན་གྱི། །བསམ་པ་མ་ལུས་རྫོགས་པར་མཛད། །ཅེས་ཇི་སྐད་བཤད་པའོ། །དེ་བཞིན་རྒྱུད་ནི་བཞི་རྣམས་སུ། །སྔགས་ཀྱི་དེ་ཉིད་དམ་པ་འདི། །གདུལ་བྱའི་བསམ་རྗེས་འཇུག་མཛད་པའི། །མགོན་པོས་རྗེས་སུ་དཔགས་ཏེ་བསྟན། །སྔགས་ཀྱི་དེ་ཉིད་མི་ཤེས་པ། །མི་ནུས་གང་ཡིན་དེ་དོན་དུ། །ཟླ་བ་རྡོ་རྗེ་སོགས་རིམ་གྱིས། །བསྐྱེད་པའི་སྒོམ་པ་བསྟན་པ་ཡིན། །འདི་ཉིད་ལས་ནི་མངོན་དགོངས་ནས། །སྔགས་ཀྱི་དེ་ཉིད་ཡོངས་གསལ་བ། །དེ་གསལ་མཛད་པར་དགོངས་པས་དེ། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །གླེང་གཞིའི་དབང་དུ་མཛད་ནས་ཀྱང༌། །སྔགས་ནི་གང་ཞིག་གསུངས་གྱུར་པ། །དེ་ལས་དེ་ཉིད་ཡིན་པར་གསུངས། །ལྷག་མ་ཞར་ལ་འོང་པར་བཞེད། །དེ་ཉིད་ཀྱིས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལ་སོགས་པ་ཇི་སྐད་དུ་བཤད་པའི་སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་པ་སྔོན་དུ་འགྲོ་བས་ཞར་ལ་ཀུན་རྫོབ་ཏུ་སྔགས་ཀྱི་མཚན་ཉིད་གསུངས་པ་ཡིན་ནོ། །དེ་ཡང༌། རྫོགས་སངས་རྒྱས་ཀྱི་གསང་སྔགས་ནི། །ཚིག་དང་མིང་དང་བརྡ་ཡིས་མཚན། །ཚིག་དེ་


DTG078_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་གྱུར་པས་ན། །གསང་སྔགས་དོན་རྣམས་ཐམས་ཅད་སྒྲུབ། །ཁ་ཅིག་བསྐུལ་བའི་ཚིག་དང་ལྡན། །ཁ་ཅིག་རང་མིང་ཐོག་མར་སྨོས། །ཧཱུཾ་དང་ཕཊ་དང་ལྡན་པ་ནི། །གཙུག་ཏོར་རྣམས་ཀྱི་ཡིན་པར་བསྔགས། །ཟུང་ཟོ་ཆོམས་ཤིག་ཅེས་པ་དང༌། །སྣུན་སོད་དྲོལ་ཅིག་ཅེས་པ་ནི། །ཕྱག་བརྙན་རྣམས་དང་ཁྲོ་བོ་ཡི། །གསང་སྔགས་ཡིན་པར་ཁྲོ་བོས་གསུངས། །ན་མ་སྭཱ་ཧཱ་ལ་སོགས་ལྡན། །ཏིང་ངེ་འཛིན་ནི་རྟོགས་པས་མཚན། །ཞི་བ་ཡི་གེ་རྣམ་པར་དག །རེ་བ་ཐམས་ཅད་རྫོགས་བྱེད་པའི། །གསང་སྔགས་སངས་རྒྱས་ཐམས་ཅད་དང༌། །བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡིན། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་དང༌། དེ་བཞིན་དུ་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པའི་རྒྱུད་རྣལ་འབྱོར་དང་སྤྱོད་པ་དང༌། བྱ་བའི་དབྱེ་བས་ཕྱེ་བ་རྣམས་སུ་གང་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་ཚུལ་གྱིས་བསྐྱེད་པའི་རིམ་པ་དེ་ཡང་དོན་དམ་པའི་སྔགས་ཀྱི་དེ་ཁོ་ན་ཉིད་ལ་འཇུག་པར་བྱ་བའི་དོན་ཉིད་ཡིན་ནོ། །དེ་བས་ན་སྔགས་པ་རྣམས་ཀྱིས་ཇི་སྐད་དུ་བཤད་པའི་སྤྲོས་པ་མེད་པའི་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་སྦྱོར་བ་དང་ལྡན་པ་ཉིད་དུ་བྱའོ་ཞེས་བྱ་བར་ངེས་སོ། །དེ་ལ་དེ་ཉིད་མིན་སྒྲོ་བཏགས། །ལས་ལྡོག་པ་ནི་ངེས་པའི་རྒྱུ། །དེ་ཚུལ་ངེས་པར་བྱེད་པ་རྣམས། །སྒྲོ་བཏགས་དེ་ཉིད་ལ་རབ་འཇུག །དེ་ནས་སྒྲ་དེའང་དེ་ཉིད་དེ། །དོན་དམ་ཉིད་དུ་དབྱེར་མེད་ཡིན། །རྡོ་རྗེ་སེམས་དཔའ་སོགས་ཚུལ་གྱིས། །རྟོག་པ་བྱེ་བྲག་ལ་བརྟེན་ཡིན། །ཞེས་རྟོགས་པར་བྱའོ། །དངོས་པོ་ཀུན་གྱི་རང་བཞིན་ཅན། །རང་སྣང་ལམ་དུ་གྱུར་པ་ཡིས། །དེ་ཚེ་བདག་ཉིད་དེ་མཆོད་བྱ། །ཞེས་བྱ་བ་ལ་སོགས་པ་ལ་བདག་ཉིད་མཆོད་པ་ཉིད་ཀྱིས་ཕུན་སུམ་ཚོགས་པ་ཐོབ་པ་དང༌། རྗེས་སུ་འབྲེལ་པ་ཡིན་ན་གཟུགས་ལ་སོགས་པའི་ཡུལ་ཐམས་ཅད་ཀྱིས་བདག་ཉིད་མཆོད་དེ། ལ་ལ་ནི་ཉམས་སུ་མྱོང་བར་གྱུར་པ་ཡང་དག་པ་ཡིན་ན་ཇི་ལྟར་མི་འགལ་བར་འགྱུར་ཞེས་རྟོག་ན་དེ་ནི་མ་ཡིན་ཏེ། གང་གི་ཕྱིར། གང་ཚེ་ཁམས་གསུམ་གང་དུ་གང༌། །སྒྲོ་བཏགས་པ་ལས་མ་གྲོལ་བ། །དེ་ཚེ་དེ་ཉིད་སྒྲོ་བཏགས་པའི། །རང་བཞིན་བདག་ཉིད་མི་སྨད་དོ། །སྒྲོ་བཏགས་པ་ནི་རྣམ་པ་གཉིས་ཏེ་དེ་ཁོ་ན་


DTG078_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་ཚུལ་དང་དེ་ཁོ་ན་ཉིད་མ་ཡིན་པའི་ཚུལ་ལོ། །དེ་ལ་དེ་ཁོ་ན་ཉིད་ཀྱི་ཚུལ་དུ་བདག་ཏུ་སྒྲོ་བཏགས་པ་ནི་མ་ལ་སོགས་པར་སྒྲོ་བཏགས་པ་དང་འདྲ་བར་གཅིག་ནས་གཅིག་ཏུ་བརྒྱུད་པས་བྱང་ཆུབ་སྒྲུབ་པར་བྱེད་པ་ཡིན་པས་ན་ཉེས་པ་མེད་དོ། །གང་ཡང་ལ་ལ་དག་ནི་ཉམས་སུ་མྱོང་བ་དག་ཀྱང་འགེགས་པར་བྱེད་པ་ཉིད་ཡིན་ན་ཇི་ལྟར་མི་འགལ་ཞེས་སྨྲ་བ་དེ་ཡང་རིགས་པ་མ་ཡིན་ཏེ། གང་གི་ཕྱིར། སྣང་དང་མི་སྣང་ཡུལ་གཅིག་ཏུ། །གྱུར་པ་འགལ་བ་ཉིད་འགྱུར་གྱི། །ཀུན་ནས་ལྡང་བའི་དབྱེ་ཉིད་ཀྱིས། །ཡུལ་གྱི་དབྱེ་བ་གཉིས་སུ་གྲུབ། །ལས་ནི་ཀུན་ནས་ལྡང་བ་དང༌། །ཀུན་ནས་ལྡང་བར་བྱེད་པ་ཡི། །དབྱེ་བས་རྣམ་པ་གཉིས་གཉིས་སོ། །དེ་ལ་ལུས་དང་ངག་གི་ལས་ཐམས་ཅད་ནི་ཀུན་ནས་ལྡང་བར་བྱེད་པ་ཡིན་ལ། །ཡིད་ཀྱི་ལས་ནི་ཀུན་ནས་ལྡང་བར་བྱེད་པ་མ་ཡིན་ནོ། །དེ་ཡང་རྣམ་པ་གཉིས་ཏེ་མ་ཆགས་པ་ལ་སོགས་པའི་ཚུལ་དང་དེ་ལས་གཞན་པའོ། །དེ་ལ་འདོད་ཆགས་ལ་སོགས་པས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་ཐམས་ཅད་ནི་མི་དགེ་བ་ཡིན་ཏེ། དེ་ནི་བཀག་པ་ཡིན་ལ། །མ་ཆགས་པ་ལ་སོགས་པས་ཀུན་ནས་བསླང་བ་ཐམས་ཅད་ནི་དགེ་བ་ཉིད་ཡིན་ནོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་སྦྱོར་བ་དང་ལྡན་པའི་རྣལ་འབྱོར་བས་ནི་འགྲོ་བ་ཐམས་ཅད་མ་ཆགས་པ་ལ་སོགས་པའི་བདག་ཉིད་ཅན་དུ་རྣམ་པར་བལྟའོ། །དེ་བས་ན་འདི་ནི་སྤྱོད་ལམ་ཐམས་ཅད་དང་ལྡན་དུ་ཟིན་ཀྱང་མི་དགེ་བའི་ཆོས་མ་དམིགས་པའི་རང་བཞིན་ཅན་ཡིན་པས་དགེ་བའི་བདག་ཉིད་ཅན་ཡིན་ནོ། །དེ་ཡང༌། །བྱང་ཆུབ་སེམས་དཔའི་ཀུན་རྟོག་ནི། །དགེ་བའམ་ཡང་ན་མི་དགེ་བ། །ཐམས་ཅད་དགེ་བ་ཉིད་འགྱུར་ཏེ། །གང་ཕྱིར་དེ་ཡིད་དབང་གྱུར་ཡིན། །ཞེས་ཇི་སྐད་བཤད་པ་དང༌། དེ་བཞིན་དུ་སྡོམ་པ་ཉི་ཤུ་པ་ལས་ཀྱང༌། སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང༌། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་བཤད་པ་དང༌། དེ་བཞིན་དུ་གཞན་དག་ལས་ཀྱང༌། ཐུགས་རྗེ་ཆེན་པོས་དོན་གཟིགས་པས། །བཀག་པ་རྣམས་ཀྱང་དེ་ལ་གནང༌། །ཞེས་བཤད་པ་དང༌། ཡང་གཞན་དག་ལས། མ་ཆགས་ལ་སོགས་ལས་བྱུང་བའི། །ལུས་ངག་ལས་ནི་


DTG078_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་ཡིན། །གང་ཞིག་ཆགས་སོགས་ལས་བྱུང་བའི། །ལས་དེ་མི་དགེ་བར་འདོད་དོ། །དེ་བས་ཐུགས་རྗེའི་བདག་ཉིད་ཀྱིས། །གཞན་ཕན་བྱས་པ་ཐམས་ཅད་ནི། །ལས་དེ་ཐམས་ཅད་དགེ་ཡིན་པར། །རྫོགས་སངས་རྒྱས་ཀྱིས་རབ་ཏུ་བསྒྲགས། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཡུལ་གྱི་དབྱེ་བ་ཡིས། །གང་ཚེ་ལས་ལམ་ལ་གནས་པ། །མཁས་པ་གང་དུའང་འགལ་བ་ནི། །དེ་ཚེ་གང་ཡང་མི་སྣང་ངོ༌། །ཞེས་བཤད་པ་དང༌། དེ་བཞིན་དུ་ཆོས་མངོན་པའི་མཛོད་ལས་ཀྱང༌། །གང་ཕྱིར་ཀུན་སློང་མེད་ཐར་པ། །དམ་པའི་དོན་དུ་དགེ་རྩ་བ། །ངོ་ཆ་ཁྲེལ་ཡོད་བདག་ཉིད་ཀྱིས། །དེ་དག་དང་ལྡན་མཚུངས་ལྡན་གྱིས། །ཞེས་བཤད་པ་སྟེ། དེ་ལས་བཟློག་པ་ནི་མི་དགེ་བ་ཡིན་ནོ། །གཞན་ཡང༌། །གང་ཕྱིར་སྒྲོ་བཏགས་ཀུན་ལས་གྲོལ། །ཕྱག་རྒྱ་ཆེན་པོའི་བདག་ཉིད་ཅན། །དེ་ཕྱིར་འདི་འདྲ་ཇི་སྐད་གསུངས། །དམ་ཚིག་སྤོམ་པའི་བདག་ཉིད་ཡིན། །དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་སེམས་དཔའ་ཆེན་པོའི་མཐར་ཐུག་པ་དང༌། སེམས་ཅན་གྱི་ཁམས་རྣམས་སྟོང་པ་ཉིད་ཀྱིས་མི་སྣང་བར་བྱེད་པས་སྲོག་ཆགས་ཐམས་ཅད་གསོད་པ་ཡིན་པར་དགོངས་པས་གསོད་པར་གསུངས་སོ། །བདག་ཉིད་ཉེ་བར་དམིགས་ན་གཞན་དག་ཡོད་པ་མ་ཡིན་པས་གཞན་གྱི་ནོར་ཡང་དམིགས་སུ་མེད་པ་ལ་དགོངས་ནས་གཞན་གྱི་ནོར་ཕྲོག་པར་གསུངས་པ་ཡིན་ནོ། །གཞན་གྱི་སྒྲ་ནི་མཆོག་ལ་ཡང་འཇུག་པས་བུད་མེད་ཀྱི་མཆོག་ནི་བཅོམ་ལྡན་འདས་ཡུམ་ཤེས་རབ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་དུ་གྱུར་བ་མཚན་གྱི་རྣམ་པ་གཞན་ཡང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཡིན་ཏེ། དེ་དང་གཅིག་ཏུ་འདྲེས་པར་གྱུར་པ་ལ་དགོངས་ནས་གཞན་གྱི་བུད་མེད་བསྟེན་པར་གསུངས་པ་ཡིན་ནོ། །དེ་ཡང༌། སངས་རྒྱས་གཙོ་བོའི་ཡུམ་དག་ལ། །རྣམ་པར་མི་རྟོག་བློ་ཅན་གྱིས། །མཉེས་པར་བྱས་ཀྱང་མི་དགོས་ཏེ། །དེས་ནི་སངས་རྒྱས་འགྲུབ་པར་འགྱུར། །ཞེས་ཀྱང་གསུངས་པ་ཡིན་ནོ། །དངོས་པོ་ཐམས་ཅད་དམིགས་སུ་མེད་པ་ཡིན་པས་དེ་སྟོན་པར་བྱེད་པའི་ཚིག་བརྫུན་ཉིད་ཡིན་པའི་དོན་འདི་ལས་དགོངས་ནས་ཀྱང་བརྫུན་གྱི་ཚིག་ཀྱང་


DTG078_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་སྡོམ་པའི་བདག་ཉིད་དོ། །དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་བའི་རྣམ་པར་སྣང་མཛད་ལ་སོགས་པའི་རྫས་རྣམས་ཆོས་ཀྱི་སྐུའི་བདག་ཉིད་ཅན་དུ། རང་གི་ལུས་ཀྱི་ནང་དུ་བསྒོམ་པས་དེ་བྱིན་གྱིས་བརླབས་པ་ཡང་རིགས་པ་ཡིན་ནོ། །གཞན་ཡང༌། །ཆོས་ཀུན་སྟོང་པར་རོ་གཅིག་པར། །རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ། །འདི་ནི་དེ་ཡི་རོ་མྱོང་ཚུལ། །དེ་ཚེ་རང་ཉིད་བཞུགས་པ་ཡིན། །དེ་བས་ན་དམ་ཚིག་གི་བདག་ཉིད་ཀྱང་ཡིན་ནོ། །དངོས་པོ་མེད་ལ་དབང་ཐོབ་པས། །དེ་ཕྱིར་དངོས་པོ་ཀུན་བདག་ཉིད། །གཟུགས་ལ་སོགས་པ་ཐམས་ཅད་ཀྱིས། །རྣལ་འབྱོར་པ་ནི་བདག་ཉིད་མཆོད། །ཅེས་ངེས་པར་བཤད་པར་བྱའོ། །གཞན་ཡང་ཁས་བླངས་འདི་དག་ནི། །སྨྲས་ཀྱི་དེ་ཉིད་དུ་མ་ཡིན། །དོན་དམ་རྣམ་པར་དཔྱད་པ་ལ།། འཇུག་པའམ་ལྡོག་པ་ཡོད་མ་ཡིན། །གཅིག་ཏུ་དོན་དམ་མཐར་ཐུག་པས། །རྣལ་འབྱོར་པ་ནི་གང་དུ་ཡང༌། །འཇུག་པའམ་ལྡོག་པར་མི་བྱེད་དོ། །བྱ་བའི་ཚུལ་གྱིས་གང་ཅུང་ཟད། །དམ་ཚིག་ལ་སོགས་ངེས་བསྟན་དང༌། །མཚམས་མེད་ལྔ་བྱེད་ལ་སོགས་པ། །སྣོད་དུ་རུང་བ་གང་གསུངས་པ། །དེ་ཀུན་སེམས་ཅན་ཀུན་གྱི་དོན། །གཅིག་ཏུ་མཛད་དགྱེས་རྒྱལ་བ་ཡིས། །སྡིག་དེ་ཟད་པར་གཅིག་ཏུ་མཁས། །དེ་ཉིད་འཇུག་པར་བྱ་ཕྱིར་གསུངས། །དེ་ཡང༌། རིགས་ངན་སྨྱིག་མ་མཁན་ལ་སོགས། །གསོད་དོན་དོན་གཉེར་སེམས་ཅན་རྣམས། །ཐེག་ཆེན་བླ་ན་མེད་པ་ཡི། །ཐེག་མཆོག་འདི་ལ་འགྲུབ་པར་འགྱུར། །སེམས་ཅན་མཚམས་མེད་ལ་སོགས་པའི། །སྡིག་པ་ཆེན་པོ་བྱེད་པ་ཡང༌། །རྡོ་རྗེ་ཐེག་པ་རྒྱ་མཚོ་སྟེ། །ཐེག་པ་མཆོག་ནི་འདི་ལ་འགྲུབ། །སྲོག་གཅོད་པ་ཡི་སེམས་ཅན་གང༌། །བརྫུན་དུ་སྨྲ་ལ་དགའ་བ་དང༌། །གཞན་གྱི་ནོར་ལ་ཆགས་པ་དང༌། །རྟག་ཏུ་འདོད་ལ་སྤྱོད་གང་དང༌། །བཤད་གཅིག་ཟས་སུ་ཟ་བ་སྟེ། །དེ་དག་བསྒྲུབ་པའི་སྣོད་དུ་འགྱུར། །མ་དང་སྲིང་མོ་བུ་མོ་དེ། །འདོད་པ་ཡིས་ནི་མཉེས་བྱས་ནས། །ཐེག་ཆེན་མཆོག་གི་ཆོས་ཉིད་ཀྱི། །དངོས་གྲུབ་རྒྱ་ཆེན་ངེས་ཐོབ་བོ། །ཞེས་གསུངས་པ་ཡིན་ནོ། །དེ་ཡང་


DTG078_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང༌། བགྲོད་པར་བྱ་བ་མ་ཡིན་པ་ལ་ཞུགས་པ་ལ་སོགས་པ་ལ་བདག་ཉིད་ཞུགས་པ་དང༌། དགག་པ་མེད་པར་ཞུགས་པ་དག་གིས་དེ་ལྟ་བུ་ཐོས་པ་དང་ཇི་ལྟར་ན་འདིར་བདག་ཅག་སྐལ་བ་དང་ལྡན་པར་ཞེས་རྣམ་པར་བསམས་ནས་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པའི་རིམ་གྱིས་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་རྣལ་འབྱོར་མངོན་སུམ་དུ་བྱས་པ་དང༌། དེ་ལ་བསླབ་པས་སྡིག་པ་ཐམས་ཅད་སྤངས་ཏེ་རྡོ་རྗེ་འཆང་བ་ཉིད་དུ་བྱའོ་སྙམ་མོ། །ཕྱག་རྒྱ་ཆེན་པོའི་གཉིས་སུ་མེད་པའི་རྣལ་འབྱོར་ལ་འཇུག་པས་ཁ་ན་མཐོ་བ་ཐམས་ཅད་རྣམ་པར་དག་པར་འགྱུར་བར་ཐེ་ཚོམ་མེད་དོ། །དེ་ཡང་དེ་བཞིན་གཤེགས་པའི་གསང་བའི་མཛོད་ཀྱི་མདོ་ལས། །འོད་སྲུངས་ཕ་ཡང་ཡིན་ལ་རང་སངས་རྒྱས་ཀྱང་ཡིན་པའི་སྲོག་གཅད་པ་ནི་སྲོག་གཅོད་པའི་ནང་ན་མ་རུངས་པ་ཡིན་ནོ། །འདི་ལྟ་སྟེ། དཀོན་མཆོག་གསུམ་གྱི་ནོར་ཕྲོགས་པ་ནི་མ་བྱིན་པར་ལེན་པའི་ནང་ན་མ་རུངས་པའོ། །འདི་ལྟ་སྟེ། མ་ཡང་ཡིན་ལ་དགྲ་བཅོམ་མ་ཡང་ཡིན་པ་ལ་ཉལ་པོ་བྱས་ན་དེ་ནི་འདོད་པས་ལོག་པར་གཡེམ་པའི་ནང་ན་མ་རུངས་པ་ཡིན་ནོ་ཞེས་བྱ་བ་ནས། འོད་སྲུངས་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་ནི་ཁོ་ན་མ་ཐོ་བ་དང་བཅས་པ་ཆེན་པོ་སྟེ། འོད་སྲུངས་གལ་ཏེ་སེམས་ཅན་ལ་ལ་ཞིག་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་དེ་ལྟར་ཁ་ན་མ་ཐོ་བ་དང་བཅས་པ་ཆེན་པོ་དག་དང་ལྡན་པར་གྱུར་ལ། དེ་དེ་བཞིན་གཤེགས་པའི་ཆོས་བསྟན་པ་ཐོས་ནས། རྒྱུ་རྐྱེན་དང་ལྡན་པ་ལ་འཇུག་སྟེ། འདི་ན་བདག་གམ་སེམས་ཅན་ནམ། སྲོག་གམ་གང་ཟག་གམ། གང་བྱེད་པའམ། གང་མྱོང་བ་གང་ཡང་མེད་དེ། འདི་ལྟར་ཆོས་ཐམས་ཅད་ནི་མ་བྱས་པ། མངོན་དུ་བྱ་བ་མེད་པ། སྒྱུ་མའི་ཆོས་ཉིད་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ། རང་བཞིན་གྱིས་འོད་གསལ་བ་ཡིན་པར་རྟོགས་ལ་ཚོགས་ཐམས་ཅད་གཟོད་མ་ནས་རྣམ་པར་དག་པར་ཡིད་ཆེས་ཤིང་མོས་ན་སེམས་ཅན་དེ་ངན་སོང་དུ་འགྲོ་བར་ང་མི་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་རྣམས་ལ་ཕུང་པོའི་དངོས་པོ་མེད་དེ། ཉོན་མོངས་པ་ཐམས་ཅད་ནི་བྱུང་ནས་འཇིག་ཅིང་ཞུའོ། །རྒྱུ་དང་རྐྱེན་ཚོགས་ཤིང་ཕྲད་པ་


DTG078_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་མ་ཐག་ཏུ་འགག་པའོ་ཞེས་གསུངས་སོ། །གཞན་ཡང༌། གནོད་སྦྱིན་སྲིན་པོ་ཤ་ཟ་སོགས། །དམ་ཚིག་ཉེ་བར་བསྟན་པ་ནི། །ཡིད་རྟོན་ལ་གུས་སེམས་ལྡན་པ། །དེ་རྣམས་དེ་ནི་བསྒྲུབ་ཕྱིར་ཡིན། །གང་ཞིག་དེ་བསྒྲུབ་པར་འདོད་པ་རྣམས་ལ་དེའི་ཐབས་ནི་འདི་ཡིན་ནོ་ཞེས་ཐབས་བསྟན་པ་ཡིན་གྱིས་ངེས་པར་བྱ་དགོས་སོ་ཞེས་བསྟན་པ་ནི་མ་ཡིན་ནོ། །དེ་ལྟར་དེ་ཉིད་མི་ཤེས་པར། །ཐོས་པ་ཙམ་ལ་འཇུག་བྱེད་ཅིང༌། །གང་ཞིག་བསོད་ནམས་མི་བྱེད་པའི། །སྐྱེས་བུ་ཐ་མ་དེ་བརླག་འགྱུར། །ཚིག་ཙམ་ལ་ནི་བརྟེན་ནས་སུ། །ཆགས་སོགས་ཞེན་པའི་སེམས་ཀྱིས་ནི། །བསོད་ནམས་མ་ཡིན་བྱེད་པ་གང༌། །དེ་ནི་འོག་ནས་འོག་ཏུ་འགྲོ་།གང་ཡང་ཇི་སྐད་དུ་བཤད་པའི་དམ་པའི་ཆོས་ཀྱི་དོན་མི་ཤེས་པར་དམ་ཚིག་དང་སྡོམ་པ་ལ་སོགས་པའི་དགོངས་པ་ལ་བརྟེན་ཏེ་དགེ་བ་ལ་ལྷོད་པ་འབའ་ཞིག་ཏུ་མ་ཟད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་ཁོ་བོ་ཅག་རྣལ་འབྱོར་པ་རྣམས་ལ་རྗེས་སུ་གནང་བ་ཡིན་ནོ་ཞེས་སྒྲ་མཐོན་པོར་སྒྲོགས་ཤིང༌། ཆགས་པ་ལ་སོགས་པའི་དབང་དུ་གྱུར་པའི་སེམས་ཀྱི་རྒྱུད་ཀྱིས་མི་དགེ་བ་རྣམས་ཀྱང་བྱེད་པ་དེ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡང་སྐུར་པ་བཏབ་ཅིང་བསླུས་པས་ཤིན་ཏུ་དམ་ཚིག་ཉམས་པའི་ཕྱིར། མནར་མེད་པ་ཉིད་དུ་ལྟུང་བས་གནས་པར་འགྱུར་རོ། །ཤེས་རབ་ཐབས་ནི་མཉམ་སྦྱོར་བ། །རྣལ་འབྱོར་པ་ནི་གང་ཞིག་ངེས། །དེ་ཀུན་དེ་མེད་སྡིག་སྦྱོར་བྱེད། །སངས་རྒྱས་ཀུན་གྱིས་རབ་ཏུ་མཆོད། །དེ་བས་ན་ཤེས་རབ་ཐབས་ཀྱི་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་བསྒོམ་པ་ཉིད་སྡིག་པ་ཐམས་ཅད་རྣམ་པར་སྤྱོད་པར་བྱེད་པ་དང༌། ངེས་པར་ལེགས་པ་ཐམས་ཅད་འབྱུང་བར་བྱེད་པ་ཡིན་ནོ། །དེ་ཡང༌། །གང་དག་རྣམ་པར་དབེན་པ་ལ། །གཡོ་བའི་ཡིད་ཀྱང་མི་གཡོ་སྟེ། །ཉོན་མོངས་སྦྲུལ་གྱིས་དཀྲུགས་པ་ཡིས། །མི་བཟད་སྲིད་པའི་རྒྱ་མཚོ་རྒལ། །ཞེས་བཤད་པ་ཡིན་ནོ། །འདི་ནི་རྣལ་འབྱོར་མཆོག་དེ་ཡིན། །དེ་ཕྱིར་དེ་བཞིན་གཤེགས་ཕྱག་བྱ། །དེ་ལ་རྣལ་འབྱོར་མཐའ་ཡས་པ། །རབ་ཏུ་འབྱུང་བར་གསུངས་པ་ཡིན། །དེ་


DTG078_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལས་ནི་རྣལ་འབྱོར་དག །མཐའ་ཡས་པ་ནི་ཡང་དག་འགྱུར། །སྔགས་དང་དཀྱིལ་འཁོར་ཕྱག་རྒྱ་རྣམས། །རྣལ་འབྱོར་དེ་ལས་དག་པར་འགྱུར། །ཞི་དང་རྒྱས་པའི་ལམ་རྣམས་དང༌། །གཞན་ཡང་གསང་སྔགས་བྱུང་བ་གང༌། །གངྒཱའི་ཀླུང་གི་བྱེ་མ་སྙེད། །དངོས་གྲུབ་ཕྲ་མོ་ཅི་སྙེད་དང༌། །གཞན་ཡང་དངོས་གྲུབ་འདི་ཉིད་དང༌། །ས་སྟེང་གྲགས་པ་ཇི་སྙེད་པ། །རྣལ་འབྱོར་འདི་ལས་ཀུན་འབྱུང་ཞེས། །ཐུགས་ཀྱི་རྡོ་རྗེས་གསུངས་པ་ཡིན། །གང་ཡང་ངེས་པར་འབྱེད་པའི་ཆ། །བཞི་དང་ས་ནི་བཅུ་པ་ལ། །འབྲས་བུའི་གནས་སྐབས་དེ་ཐམས་ཅད། །རྣལ་འབྱོར་འདི་ལས་ཡང་དག་འབྱུང༌། །བྱུང་དང་འབྱུང་བ་འགྱུར་གང་དང༌། །བྱུང་གྱུར་རྒྱལ་བའི་སྲས་པོ་གང༌། །འཇིག་རྟེན་དབང་སོགས་སེམས་དཔའ་ཆེ། །དེ་ཡང་འདི་ནི་རྣམ་པར་གནས། །འདས་དང་མ་བྱོན་སངས་རྒྱས་དང༌། །ད་ལྟར་བྱུང་བའི་རྟོགས་གང་དང༌། །རང་རྒྱལ་ཉན་ཐོས་དགེ་འདུན་རྣམས། །དེ་ཡང་འདི་ལས་བྱུང་བ་ཡིན། །རྣལ་འབྱོར་སྤྱོད་བྱའི་དབྱེ་བ་ལས། །སྤྲུལ་པ་ཅི་སྙེད་བྱུང་བ་རྣམས། །དེ་སྙེད་དེ་དག་ཐམས་ཅད་ནི། །རྣལ་འབྱོར་འདི་ལས་ངེས་པར་བྱུང༌། །བག་ཆགས་སྟོབས་ཀྱིས་ཡོངས་བསྒོམ་པའི། །ཡོངས་སུ་བརྟགས་པའི་རང་བཞིན་ཅན། །བརྟན་གཡོ་དངོས་པོ་ཇི་སྙེད་པ། །དེ་སྙེད་དེ་ལ་བརྟེན་པ་ཡིན། །ཞེས་བྱ་བ་ནི་བསྡུས་པའོ། །དེ་ལྟར་དེ་ཉིད་རྣལ་འབྱོར་པ་ལ་དེ་ཉིད་ཅི་བཞིན་བསྟན། །དེ་ལ་མངོན་པ་བརྩོན་འགྱུར་ཕྱིར་ཡང་དག་འདི་ནི་བཤད་པ་ཡིན། །དེ་ལ་རྣལ་འབྱོར་པ་གཞན་དེ་ཡི་སྐལ་མེད་གང་དེའི་ཕྱིར། །དེ་ལ་འཇུག་འགྱུར་ཡེ་ཤེས་ཕྱག་རྒྱ་ཆེན་པོར་བསྟན་པ་ཡིན། །གསང་སྔགས་ཀྱི་སྒོའི་སྤྱོད་པ་སྤྱད་པ་དབང་པོར་རབ་ཀྱི་མན་ངག་བསྟན་པའོ། །ཕྱག་རྒྱ་ཆེན་པོ་མཉམ་སྦྱོར་བའི། །སྐལ་བ་ཉིད་བྲལ་བདག་ཉིད་ལ། །ཡེ་ཤེས་ཕྱག་རྒྱ་རྣམ་སྒོམ་པར། །ཐུགས་ཀྱི་རྡོ་རྗེ་གསུངས་པ་ཡིན། །གང་ཡང་སེམས་ཀྱི་རྒྱུད་འདོད་ཆགས་ལ་སོགས་པ་ལ་ཤིན་ཏུ་ཞེན་པར་འཇུག་པ་རྣམས་དེ་ལས་བྱུང་བའི་སེམས་ཀྱི་རྣམས་པར་གཡེང་བས་ཇི་སྐད་དུ་བཤད་པའི་བཅོམ་ལྡན་འདས་ཡུམ་ཤེས་རབ་མངོན་དུ་བྱ་བར་མི་ནུས་པ་དེའི་ཕྱིར་ཡེ་


DTG078_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱོར་བའི། །ཐབས་དང་ཤེས་རབ་བསྒོམ་པ་དོན་དམ་པའི་ཤེས་རབ་དང་ཐབས་ཀྱིས་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་བསྒོམ་པ་ལ་འཇུག་པར་བྱ་བའི་དོན་དུ། །བཅོམ་ལྡན་འདས་ཐུགས་རྡོ་རྗེས་བསྟན་པར་མཛད་པ་ཡིན་ནོ། །དེ་ཡང༌། ཡེ་ཤེས་ཕྱག་རྒྱ་མཉམ་སྦྱོར་བ། །ཞེ་སྡང་རྡོ་རྗེ་སོགས་ཚུལ་གྱིས། །རིགས་ཀྱི་དབྱེ་བ་ལ་བརྟེན་ནས། །རྣལ་འབྱོར་པ་ནི་རྣམ་ལྡར་འདོད། །དེ་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་ཁམས་གསུམ་པའི་ཉོན་མོངས་པས་ཡོངས་སུ་བསྒོས་པ་ཉིད་ཡིན་མོད་ཀྱི། འོན་ཀྱང་འདོད་ཆགས་དང་ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། ཕྲག་དོག་གི་བག་ལ་ཉལ་ནི་གཞན་དག་ལས་ཤིན་ཏུ་ཤས་ཆེ་བར་གྱུར་པ་ཡིན་པས་ངེ་རྣམས་ལ་དེ་དང་རྗེས་སུ་མཐུན་པའི་བསྒོམ་པ་སྟོན་པར་མཛད་པ་ཡིན་ནོ། །དེ་ཡང༌། །གང་གི་རང་བཞིན་ཆགས་སྡང་རྣམ་བྲལ་ཡང༌། །འདོད་ཆགས་ལ་སོགས་ཆགས་ཅན་ལྟར་སྟོན་ཅིང༌། །གདུལ་བྱའི་དོན་དུ་ཁྲོ་ལ་ཁྲོ་སྟོན་ཕྱིར། །བྱང་ཆུབ་མཆོག་བརྙེས་དེ་ལ་ཕྱག་འཚལ་ལོ། །ཞེས་ཇི་སྐད་དུ་གསུངས་པ་ཡིན་ནོ། །དེ་ཇི་ལྟར་འདོད་ཆགས་ལ་སོགས་པ་གཙོ་བོར་གྱུར་པ་དེ་བཞིན་དུ། །རིགས་རྣམས་ཀྱང་ལྔ་པོ་ཉིད་ཡིན་ནོ། །དེ་ཡང༌། །ཞེ་སྡང་གཏི་མུག་འདོད་ཆགས་དང༌། །ཡིད་བཞིན་ནོར་བུ་དམ་ཚིག་སྟེ། །རིགས་ལྔར་གཏོགས་པ་འདི་རྣམས་ཀྱིས། །འདོད་དང་ཐར་པ་རབ་སྒྲུབ་བྱེད། །ཅེས་ཇི་སྐད་དུ་གསུངས་པ་ལྟ་བུའོ། །ཡིད་བཞིན་ནོར་བུ་དང་དམ་ཚིག་གི་རིགས་གཉིས་ནི། །ང་རྒྱལ་དང༌། ཕྲག་དོག་གི་རང་བཞིན་ཉིད་ཡིན་པའི་ཕྱིར། །དེ་ལ་ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། འདོད་ཆགས་དང༌། ཕྲག་དོག་གི་རང་བཞིན་ནི་རིམ་པ་ཇི་ལྟ་བ་བཞིན་དུ་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔ་ཡིན་ནོ། །ཡང་དེ་རྣམས་ཀྱི་ཡེ་ཤེས་ཕྱག་རྒྱ་མདོར་བསྡུ་ན། །རྣམ་པ་བཞི་ལ་ཡང་དག་བརྟེན། །མཱ་མ་ཀཱི་སོགས་དབྱེ་བ་ཡིས། །རྡོ་རྗེ་སེམས་སོགས་རྣལ་འབྱོར་པའི། །མི་བསྐྱོད་རྡོ་རྗེ་སེམས་དཔར་བཤད། །རིན་ཆེན་འབྱུང་ལྡན་རྣལ་འབྱོར་པའི། །སྙོམས་


DTG078_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་མཱ་མ་ཀཱི་ཉིད་ཅེས། །བདག་ཅག་རྣམས་ཀྱི་བླ་མས་བཤད། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི་རྣམ་པ་བཞི་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པའི་ནི་སངས་རྒྱས་སྤྱན་ནོ། །རྡོ་རྗེ་སེམས་དཔའ་དང་མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པའི་ནི་མཱ་མ་ཀཱིའོ། །འོད་དཔག་ཏུ་མེད་པ་ནི་ན་བཟའ་དཀར་མོའོ། །དོན་ཡོད་པར་གྲུབ་པའི་རྣལ་འབྱོར་པའི་ནི་དམ་ཚིག་སྒྲོལ་མའོ། །གང་འདི་བཅོམ་ལྡན་ཐོག་མཐའ་མེད་པ་རྣམ་སྣང་ཞིང༌། །ཀུན་རྟོག་བརྗོད་དང་བྲལ་བས་སྤྲོས་པ་མེད་གྱུར་པ། །ཆགས་སོགས་རྒྱལ་བ་ལྔ་ཡི་སྐུ་ཡི་རང་བཞིན་གྱུར། །སེམས་ཅན་བསམ་ལས་དགོངས་ཏེ་དེ་ནི་དེ་ལྟར་མཛད། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་དེ་ཉིད་འདོད་ཆགས་ལ་སོགས་པའི་རང་བཞིན་དེ་བཞིན་གཤེགས་པ་ལྔ་དང༌། རིག་པའི་ལྷ་མོ་ལ་སོགས་པའི་རྣམ་པ་ཀུན་རྫོབ་ཏུ་སྐུ་ཀུན་དུ་འཛིན་པར་མཛད་ནས་ཉོན་མོངས་པས་ཀུན་དུ་གང་བའི་སེམས་ཅན་གྱི་ཁམས་རྣམས་ཀྱི་སེམས་རྒྱུད་དྲི་མ་མེད་པར་བྱ་བའི་ཕྱིར་དང༌། གདུལ་བྱ་དེ་རྣམས་ཉིད་དེ་ལྟ་བུའི་ལམ་ལ་འཇུག་པའི་སྐལ་བ་དང་ལྡན་པ་རྣམས་དེ་ཁོ་ན་ཉིད་ལ་ངེས་པར་སྦྱོར་བར་མཛད་ཅིང༌། དེ་ལྟར་རྣམ་པར་བཞུགས་སོ་ཞེས་བྱ་བ་ནི་མན་ངག་ཡིན་ནོ། །ཡང་ཇི་ལྟར་ན་ཚུལ་འདིས་དེ་ཁོ་ན་ཉིད་ལ་འཇུག་པར་འགྱུར་ཞེ་ན། དེའི་ཕྱིར་སྨྲས་པ། རྒྱལ་བ་སྐྱེས་མཆོག་རྣམས་ཀྱི་དྲི་མེད་སྐུར་གནས་ནས། །ཆ་གཉིས་བྲལ་བས་ཆར་བཅས་ཕྱི་རོལ་སྤོང་བྱེད་ཅིང༌། །སེམས་རྟོགས་པ་ཡིས་སེམས་ཙམ་ལ་ནི་ངེས་བརྟེན་ཏེ། །དེ་ཡང་སྣ་ཚོགས་སྣང་བས་གཅིག་ཏུའང་ཡོད་མ་ཡིན། །སེམས་ནི་དུ་མ་གཅིག་ཚུལ་གྱིས་ཀྱང་སྣ་ཚོགས་ཉིད། །དེ་བཞིན་ཀུན་ཀྱང་དངོས་པོ་མེད་པ་ཉིད་དུ་ཤེས། །རིམ་པ་འདི་ཡིས་དངོས་རྣམས་དེ་ཉིད་བཅས་འགྱུར་ལ། །དེ་བསྒོམ་ཉིད་ཀྱིས་སླར་ཡང་དེ་ནི་དེ་བཞིན་འགྱུར། །དེ་ལྟར་ཡེ་ཤེས་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱོར་བའི་སེམས་དཔའ་ལ་སོགས་པ་བསྒོམ་པ་འདིས་དེ་ཁོ་ན་ཉིད་བསྒོམ་པ་ལ་འཇུག་པའི་རིམ་པ་བསྟན་པ་ཡིན་ནོ། །དེ་ཡང་དང་པོར་རེ་ཞིག་


DTG078_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་ཟླ་བ་དང་རྡོ་རྗེ་ལ་སོགས་པ་བསྒོམ་པའི་བསྐྱེད་པའི་རིམ་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་ཡོངས་སུ་རྫོགས་པར་བྱས་པ་དང༌། བདག་ནི་རྡོ་རྗེ་སེམས་དཔའོ་ཞེས་བྱ་བ་ལ་སོགས་པར་སྒྲོ་བཏགས་པར་བྱས་པ་ཙམ་དུ་ཟད་པས་ཕྱི་དང་ནང་གི་བདག་ཉིད་ཅན་གྱིས་བསྒོམ་པར་བྱ་བ་དང༌། སྒོམ་པ་པོ་དང་བསྒོམ་པ་ཉེ་བར་མི་དམིགས་པས། གཟུང་བ་དང་འཛིན་པའི་རྣམ་པ་ལས་རབ་ཏུ་ལྡོག་པའི་ཕྱིར་བླ་མའི་མན་ངག་གིས་རྣམ་པར་ཤེས་པའི་བདག་ཉིད་ཅན་གྱི་རང་གི་སེམས་རྣམ་པར་རྟོག་པའི་སྤྲོས་པའི་ཚོགས་གཞན་ཡང་ངེས་པར་གསལ་བ་སྔོན་དུ་འགྲོ་བའི་རིམ་གྱིས་ཤིན་ཏུ་བསྟན་པ་ཉིད་དུ་བྱའོ། །རྣལ་འབྱོར་པ་ཡོངས་སུ་རྫོགས་ཤིང་སེམས་བརྟན་པར་གྱུར་པ་ནི་མཉམ་པར་གཞག་པ་ཡིན་པར་ཤེས་པར་བྱ་སྟེ། ཉེ་བར་བརྟགས་པའི་དངོས་པོ་ལ་སེམས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ཡིན་པའི་རིགས་པས་སོ། །དེའི་ཚེ་འདི་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ངོ་བོ་ཉིད་རང་གི་སེམས་ཀྱི་རྣམ་པ་ཙམ་ཡིན་ཡང་ཕྱི་རོལ་ལ་མངོན་པར་ཞེན་པས་རང་གི་སེམས་ཀྱི་རྣམ་པ་མི་ཤེས་པར་བལྟ་བར་བྱའོ། །ཡང་གང་གི་ཚེ་ཁྱེད་ཀྱི་སེམས་འདི་ཉིད་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣམ་པ་ཡིན་གྱི་ཕྱི་རོལ་ནི་མ་ཡིན་ནོ་ཞེས་བླ་མའི་མན་ངག་ལས་རྟོགས་པ་དང༌། དེའི་ཚེ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་ལ་བརྟེན་པའི་ཕྱི་རོལ་ཡོངས་སུ་འདོར་བར་འགྱུར་རོ། །ཡང་གང་གི་ཚེ་ཁྱེད་ཀྱི་སེམས་ཙམ་འདི་ལ་བསྒོམ་པར་བྱ་བ་དང༌། སྒོམ་པ་པོ་དང༌། སྒོམ་པར་མངོན་པའི་ང་རྒྱལ་མི་བྱའོ་ཞེས་ཤེས་པར་བྱས་པ་དེའི་ཚེ་སེམས་ཙམ་ལ་བརྟེན་པའི་གཟུང་བ་དང་འཛིན་པ་གཉིས་དང་བྲལ་བས་རྣམ་པར་རྟོག་པ་མེད་པར་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུར་རྣམ་པར་གནས་སོ། །ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལ་སྐུ་གཅིག་པ་ཉིད་དང་དུ་མ་ཉིད་ལ་སོགས་པ་དང་བྲལ་བས་བླ་མའི་མན་ངག་ཉིད་ཀྱིས་དངོས་པོ་མེད་པ་ཉིད་དུ་རྟོགས་པར་འགྱུར་རོ། །དེ་ནས་བླ་མའི་མན་ངག་ཉིད་ལས་ཆོས་ཐམས་ཅད་ཀྱང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་དང་འདྲ་བར་དངོས་པོ་མེད་པ་ཉིད་དུ་རྟོགས་པར་འགྱུར་རོ། །དེ་བས་རིམ་པ་འདིས་རྡོ་རྗེ་


DTG078_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ལ་སོགས་པ་བསྒོམས་པས་ཀྱང་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པར་འགྱུར་རོ་སྙམ་དུ་དགོངས་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བསྒོམ་པ་དེ་ཁོ་ན་ཉིད་བསྒོམ་པ་ལ་འཇུག་པར་བྱ་བ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ་ཞེས་དེ་ཁོ་ན་ཉིད་ཤེས་པར་འདོད་དོ། །འདི་ཉིད་ལ་དགོངས་ནས་གདུལ་བྱ་རྣམས་ཀྱི་སེམས་ཀྱི་འཇུག་པ་དང་རྗེས་སུ་མཐུན་པར་མཛད་པའི་མགོན་པོ་ཐུགས་རྗེ་དང་ལྡན་པས་དོན་དང་ལྡན་པར་གསུངས་པའི་ཚུལ་གྱིས་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚུལ་གྱིས་བརྒྱུད་པའམ། རྒྱུར་གྱུར་པའི་འབྲེལ་པས་དེ་དང་དེར་རྣམ་པ་དུ་མར་གསུངས་པ་ཡིན་ནོ། །དེ་ཡང་འདི་ལྟ་སྟེ། ལྷ་མོ་བཞི་དང་ཡང་དག་འདུས། །དགའ་བའི་སྦྱོར་ལ་ལེགས་པར་གནས། །རྡོ་རྗེ་རོལ་པ་ལ་སོགས་པས། །བཅོམ་ལྡན་འདོད་པ་ཅན་གྲུབ་འགྱུར། །འདི་ནི་རྣལ་འབྱོར་གཙོ་མཆོག་སྟེ། །དམ་ཚིག་ཆེན་པོ་བསྒྲུབ་པ་དང༌། །དམ་ཚིག་ཆེན་པོ་དེ་ཉིད་ལས། །དེ་ཉིད་བསྐུལ་བས་བསྐུལ་བ་ནི། །ཀུན་གྱིས་བདག་ཉིད་འདིར་བཞུགས་ནས། །གསང་བའི་སྙིང་པོ་གྲོང་ཁྱེར་ཆེར། །ལྷ་མོ་བཞི་དང་ཡང་དག་པར། །རོལ་མོ་ཀུན་གྱི་གར་མཛད་དོ། །ཞེས་བྱ་བ་ཡིན་ནོ། །དེ་ཉིད་ཀྱིས་ན། ལམ་ལ་གནས་པའང་ཐབས་ཀྱིས་ནི། །གདུལ་བྱ་དྲང་བའི་ཕྱིར་ཡིན་གྱི། །ཉོན་མོངས་དགྲ་ལས་འཇིགས་བྱེ་པ། །མིན་ན་ཅི་ཕྱིར་འབྲས་གནས་ཡིན། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་ན་ཡེ་ཤེས་ཀྱི་ཕྱག་རྒྱ་བསྒོམ་པ་དེ་ཉིད་ཀྱི་རིམ་པས་བླ་མའི་མན་ངག་ཉིད་ལས་ཕྱག་རྒྱ་ཆེན་པོར་འགྱུར་བར་བྱས་ལ། ཡང་དུས་ཕྱིས་སྔར་བཤད་པའི་རིམ་པ་ཉིད་ཀྱིས་ཕྱག་རྒྱ་ཆེན་པོའི་གཉིས་སུ་མེད་པའི་རྣལ་འབྱོར་བསྒོམ་པ་ཉིད་ཀྱིས་འབྲས་བུ་མངོན་པར་རྫོགས་པར་འགྱུར་རོ་ཞེས་བྱ་བ་ནི་མན་ངག་ཡིན་ནོ། །དེ་ལྟར་ལྷག་པའི་ཏིང་འཛིན་ལ་གནས་པའི། །མི་འཕོའི་གནས་མཆོག་དག་ཏུ་རབ་མྱུར་འགྲོ་།དེ་ལས་གཞན་པའང་དེ་དང་འདྲ་བར་བཤད། །དེ་ལས་གཞན་པའང་ཅི་འདྲ་དེ་བཞིན་འགྲོ་།གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པའི་དབང་པོ་བར་མའི་མན་ངག་བསྟན་པའོ། །གང་ཞིག་གིས་ནི་སེམས་ཀྱི་རྒྱུད། །འདོད་ཆགས་ལ་སོགས་


DTG078_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གྱུར་པ། །དེ་ཕྱིར་རྒྱལ་བས་ལས་ཀྱི་ནི། །ཕྱག་རྒྱ་སོགས་སྒོམ་ཡང་དག་གསུངས། །གང་ཡང་ཤིན་ཏུ་ཉོན་མོངས་པ་ཆེ་བ་ལས་བྱུང་བའི་རྣམ་པར་གཡེང་བས་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་ཡང་སེམས་མཉམ་པར་འཇོག་པར་མི་ནུས་པ་དེ་རྣམས་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་བཤད་པའི་དམ་ཚིག་དང་ཡོན་ཏན་དང་ལྡན་པའི་དམ་ཚིག་གི་ཕྱག་རྒྱ་དང་སྙོམས་པར་འཇུག་པའམ། ལས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཅན་གྱི་བསྒོམ་པ་ཉེ་བར་བསྟན་པ་ཡིན་ནོ། །དེ་ཡང༌། བུད་མེད་གཟུགས་ལྡན་མདངས་བཟང་མ། །ལོ་གྲངས་བཅུ་དྲུག་ལོན་པ་ལ། །བྱིན་གྱི་རླབས་ཀྱིས་གནས་གསུམ་གྱི། །དབེན་པར་མཆོད་པ་རབ་ཏུ་བརྩམ། །དེ་བཞིན་གཤེགས་པའི་བཙུན་མོ་མཆོག །སྤྱན་ལ་སོགས་པར་བསྒོམ་པར་བྱ། །དབང་པོ་གཉིས་ནི་མཉམ་སྦྱར་བས། །སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་དང༌། དེ་བཞིན་དུ། བྷ་ག་ལ་ནི་ལིངྒ་གཞུག །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །བ་སྤུ་རྣམས་ཀྱི་བུ་གནས། །མཁས་པས་སངས་རྒྱས་སྤྲིན་རྣམས་སྤྲོ། །ཞེས་བྱ་བ་ལ་སོགས་པ་གསུངས་པས། སངས་རྒྱས་ལ་སོགས་པས་རྗེས་སུ་དྲན་པ་བསྒོམ་པར་བལྟ་བར་བྱའོ། །འདི་དག་དང་དེ་ལྟ་བུའི་རྣམ་པ་གཞན་རྒྱུད་ལས་རྒྱ་ཆེར་གསུངས་པ་དེ་ཐམས་ཅད་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚུལ་གྱིས་རྒྱུར་གྱུར་པ་ལས་དགོངས་པ་ཉིད་ཤེས་པར་བྱའོ། །དེ་ཉིད་ཀྱིས་ན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཀྱང༌། །གང་ཞིག་གནོད་པར་མཐོང་དེ་ཡང༌། །མཁས་པས་ལ་ལར་ཕན་པར་མཐོང༌། །ནད་ཀྱི་དབང་གིས་ཐམས་ཅད་ཀྱང༌། །སྨན་ཉིད་དུ་ནི་འགྱུར་བ་ཡིན། །ཞེས་བཤད་པ་ཡིན་ནོ། །དེ་ནས་རྒྱལ་བས་དུ་མ་རུ། །ཤིན་ཏུ་གསལ་བར་རྣམ་པར་ཕྱེ། །དེ་བཞིན་སློབ་དཔོན་དུ་མས་ཀྱང༌། །སྒྲུབ་ཐབས་ཆོགས་བཤད་པ་ཡིན། །ཆོ་ག་འདི་ནི་དེ་ལྟ་བུར་ལྷག་པར་མོས་པ་གཙོ་བོར་གྱུར་པའི་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་ངོར་གྱུར་པ་གོང་མ་ལ་སོགས་པ་དེ་དང་དེར་བཅོམ་ལྡན་འདས་ཉིད་ཀྱིས་ཤིན་ཏུ་གསལ་བར་གསུངས་པ་དང༌། སློབ་དཔོན་རྣམས་ཀྱིས་ཀྱང༌།


DTG078_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་སྣ་ཚོགས་ཀྱི་དབང་དུ་མཛད་ནས། སྤྲོས་པ་དང་བཅས་པར་སྒྲུབ་པའི་ཐབས་ལ་སོགས་པའི་བྱ་བའི་སྒོ་ནས་རྣམ་པར་བརྩམས་པ་ཡོད་པས་འདིར་རྒྱ་ཆེར་མ་སྤྲོས་སོ། །འོན་ཀྱང༌། ཉོན་མོངས་པས་གཙེས་སེམས་ལྡན་ལ། །དེ་ནི་མཉམ་འཇོག་བྱེད་པར་འདོད། །དེ་བས་འདིར་བསྡུས་ཉིད་བྱ་ཞེས། །བདག་ཅག་རྣམས་ཀྱི་བླ་མས་བཤད། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱིས་ཉེ་བར་གཙེས་པའི་སེམས་མཉམ་པར་འཇོག་པ་ཙམ་གྱིས་དགོས་པ་ཡོད་པས་ཀྱང་ཉམས་སུ་བླང་བ་ནི་ཤིན་ཏུ་བསྡུས་པ་ཉིད་འདིར་མཆོག་ཡིན་པར་བསྔགས་སོ་ཞེས་ཁོ་བོ་ཅག་གི་བླ་མས་བསྟན་ཏོ། །དེ་ཉིད་ཀྱིས་ན། ལས་ཀྱི་ཕྱག་རྒྱ་སོགས་བསྒོམ་པ། །གོང་ནས་གོང་དུ་མཆོག་ཡིན་ཏེ། །ཅིག་ཤོས་གོང་དོན་མི་འདོར་ཞེས། །དེ་ལྟར་བདག་གི་བླ་མས་བཤད། །ཇི་སྲིད་སྔགས་པ་ཡེ་ཤེས་ཀྱི་ཕྱག་རྒྱ་བསྒོམ་པ་ལ་སེམས་མཉམ་པར་འཇོག་པ་དང་ལྡན་པར་གྱུར་པ་དེ་སྲིད་ཀྱི་བར་དུ་ལས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པའམ། དམ་ཚིག་ཕྱག་རྒྱ་དང་སྙོམས་པར་འཇུག་པས་ཤེས་རབ་དང་ཐབས་ཀྱི་རང་བཞིན་བསྒོམ་པ་ལ་མངོན་པར་བརྩོན་པ་དང་ལྡན་པར་བྱེད་པར་འགྱུར་ལ། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སྙོམས་པར་འཇུག་པའི་བསྒོམ་པ་ལ་མངོན་པར་བརྩོན་པ་དང་ལྡན་པ་ཡང་ཇི་སྲིད་བླ་མའི་མན་ངག་གིས་བཅོམ་ལྡན་འདས་ཡུམ་ཤེས་རབ་མཚན་གྱིས་རྣམ་པ་གཞན་ཡང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་མངོན་དུ་མི་བྱེད་པ་དེ་སྲིད་ཀྱི་བར་དུ་བྱེད་པར་འགྱུར་རོ། །དེ་མངོན་སུམ་དུ་གྱུར་ནས་ཀྱང་ཕྱག་རྒྱ་ཆེན་པོའི་གཉིས་སུ་མེད་པའི་རྣལ་འབྱོར་བསྒོམ་པ་ཉིད་ལས་བདེ་བར་གཤེགས་པའི་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་ཡོངས་སུ་རྫོགས་པ་སྔོན་དུ་འགྲོ་བས་ཀུན་དུ་བཟང་པོ་ཉིད་དུ་གྱུར་ཅིང་སྐྱེ་བ་འདི་ཉིད་དམ་སྐྱེ་བ་གཞན་དུ་བསྒོམ་པ་མཆོག་དང་རབ་ཏུ་མཆོག་ཏུ་རྫོགས་བའི་དབང་གིས་སངས་རྒྱས་ཉིད་དང༌། རྡོ་རྗེ་འཆང་བ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་ཤིན་ཏུ་བསྡུས་ཏེ་བསྟན་པ་ཡིན་ནོ། །གང་ཞིག་ཡེ་ཤེས་ཕྱག་རྒྱ་སོགས། །བསྒོམ་ལ་མངོན་དགའ་མེད་གྱུར་པ། །ཤེས་རབ་ཉམ་ཆུང་ཉིད་ཡིན་ཕྱིར། །ཕྱག་རྒྱ་ཆེན་པོ་སྒོམ་པ་


DTG078_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

མིན། །དེ་ལ་ཀུན་མཁྱེན་ཕན་བཞེད་པས། །ཕྱག་རྒྱ་ཆེན་པོའི་མིང་གིས་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་པའི། །གཟུགས་དེ་ཉིད་ནི་ངེས་པར་བསྟན། །ཡེ་ཤེས་ཀྱི་ཕྱག་རྒྱལ་སོགས་པ་བསྒོམ་པར་མངོན་པར་མི་དགའ་བ་དང༌། ཇི་སྐད་དུ་བཤད་པའི་ཕྱག་རྒྱ་ཆེན་པོ་བསྒོམ་པའི་ཕྱིར་སྣོད་དུ་མ་གྱུར་པ་ཉིད་ཀྱིས་ལ་ལ་དག་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་ཉིད་ཕྱག་རྒྱ་ཆེན་པོ་ཡིན་པར་བསྟན་པ་ནི་ཅི་ནས་དེ་བསྒོམ་པ་ཉིད་ལས་ཀྱང་ཇི་སྐད་དུ་བཤད་པའི་རིམ་གྱིས་ཕྱག་རྒྱ་ཆེན་པོ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ། །རྣལ་འབྱོར་སྤྱོད་པའི་དབྱེ་བ་ལས། །ཇི་སྙེད་གཟུགས་ནི་རྣམ་བསྒོམས་པའི། །དེ་སྙེད་དེ་ཉིད་འཇུག་དོན་ཡིན། །དེ་ལྟར་དེ་ཉིད་ཤེས་རྣམས་འདོད། །དཔལ་མཆོག་དང་པོའི་ཆོ་གར་ཡང༌། །ཚངས་དང་དྲག་པོ་སོགས་བསྒོམ་པ། །དེས་འདུལ་བ་ལ་གསུངས་པ་ནི། །དེ་ཉིད་ལ་ནི་འཇུག་ཕྱིར་ཡིན།། དེ་ལྟར་རྡོ་རྗེ་སེམས་སོགས་སྐུ་ནི་མ་ལུས་བསམ་མི་ཁྱབ། །ལས་ཀྱི་ཕྱག་རྒྱ་སོགས་ལྡན་ཆ་བྲལ་མིན་པ་གང་བཤད་དང༌། །གང་ཡང་ཆ་བྲལ་གཞན་དག་ཐམས་ཅད་རྣམ་པར་བསྒོམ་པར་བྱ། །གང་ཕྱིར་དེ་ཡང་རྣལ་འབྱོར་པ་རྣམས་དེ་ཉིད་རིག་འགྱུར་ཕྱིར་བསྟན་ཏོ། །གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པའི་དབང་པོ་ཐ་མའི་མན་ངག་བསྟན་པའོ། །གང་ཞིག་བསྒོམ་སྟོབས་ཡོངས་སུ་རྫོགས། །ཚོགས་གཉིས་ཀྱི་ནི་རྒྱུར་གྱུར་པ། །སངས་རྒྱས་ཉིད་ལ་ཡང་དག་བསྟན། །བསྒོམ་པའི་སྐལ་དང་མི་ལྡན་པ། །དེ་ཕྱིར་འགྲོ་བའི་མགོན་པོ་ཡིས། །ཤེས་རབ་ཞི་གནས་བསྒོམ་པ་གསུངས། །དེ་ནི་བརྩེ་ཆེན་རྫོགས་བྱང་ཆུབ། །འགྲོ་བའི་རྒྱུད་ལ་སྐྱེད་བྱེད་ཡིན། །གང་ཡང་བསྒོམ་པའི་སྟོབས་ལས་ངེས་པར་འབྱུང་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱི་རྒྱུ་ཀུན་དུ་བཟང་པོ་ཉིད་ལ་རྒྱུན་མི་འཆད་པར་མངོན་པར་བརྩོན་པའི་རྣལ་འབྱོར་པས་དུས་ཡུན་རིང་པོར་མི་ཐོགས་པར་རྫོགས་པ་མངོན་སུམ་དུ་བྱེད་ལ། དེ་བྱེད་པའི་སྐལ་བ་མེད་པ་དེ་རྣམས་ཀྱི་ཕྱིར་ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོས་ཞི་གནས་ལྷག་མཐོང་ཟུང་དུ་འཇུག་པའི་ལམ་ཉེ་བར་བསྟན་པར་མཛད་པ་ཡིན་ཏེ། དེ་ལྟར་ན་དེ་སྒོམ་པས།


DTG078_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཡུམ་ཤེས་རབ་མངོན་སུམ་དུ་བྱས་ནས། དེའི་རང་བཞིན་ཅན་གྱི་སྦྱིན་པ་ལ་སོགས་པའི་བྱ་བའི་དངོས་པོའི་ཐབས་ལ་བསླབས་པ་ལས་སངས་རྒྱས་ཉིད་དུ་མངོན་པར་འགྲུབ་པར་འགྱུར་རོ་ཞེས་དགོངས་པ་ཡིན་ནོ། །དེ་ཡང་སྙིང་རྗེ་ཆེན་པོ་སྐྱེས་པས་བྱང་ཆུབ་ཀྱི་སེམས་བསྐྱེད་ལ། དེ་ཉིད་གོང་ནས་གོང་དུ་རྣམ་པར་རྟོག་པ་སྤོང་བས་ཡོངས་སུ་དག་པ་བསྐྱེད་པར་བྱ་བའི་ཕྱིར་བརྩོན་པར་བྱེད་དེ། སྙིང་རྗེ་ཆེན་པོ་དང་ལྡན་པ་ནི་གཞན་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་ཀྱིས་འཇིག་རྟེན་འདི་དག་ཐམས་ཅད་ཉིད་སྡུག་བསྔལ་རྣམས་ལས་བཏོན་ལ་སངས་རྒྱས་ཉིད་ལ་ངེས་པར་སྦྱར་བར་བྱའོ་ཞེས་བྱང་ཆུབ་ཀྱི་སེམས་སྐྱེད་པར་བྱེད་ཅིང༌། །འདི་རྣམས་ཀྱང་དམ་བཅས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་དང༌། སྦྱིན་པ་ལ་སོགས་པའི་བྱ་བའི་དངོས་པོའི་ཐབས་ལ་བསླབ་པ་མེད་པར་དེ་གོང་ནས་གོང་དུ་ཡོངས་སུ་དག་པ་མེད་པར་རྫོགས་པར་མི་འགྱུར་རོ་སྙམ་དུ་དགོངས་ནས་གཉིས་སུ་མེད་པའི་ཡེ་ཤེས་རྫོགས་པར་བྱ་བའི་ཕྱིར་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ལམ་ཡང་བསྒོམ་པར་མཛད་དོ་ཞེས་བྱ་བ་ནི་མདོར་བསྡུས་ཏེ་བསྟན་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་དེ་ཡང་རྣམ་པ་དུ་ཞིག་ཅེ་ན། སྨྲས་པ། བྱང་ཆུབ་སེམས་གང་གཞན་དོན་དུ། །ཡང་དག་བྱང་ཆུབ་འདོད་པ་ཡིན། །དེ་ནི་དབྱེ་བ་གཉིས་ཀྱིས་གཉིས། །དེ་དག་ཉི་ཤུ་གཉིས་སུའང་འགྱུར། །བྱང་ཆུབ་ཀྱི་སེམས་ནི་སྨོན་པའི་སེམས་དང་འཇུག་པའི་སེམས་སོ། །དེ་ཡང་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་སེམས་ཅན་གྱི་ཚོགས་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ནི་རྙེད་པར་དཀའོ། །དེ་བས་ཀྱང་སེམས་ཅན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མངོན་པར་ཞུགས་པ་དེ་ནི་ཆེས་རྙེད་པར་དཀའོ་ཞེས་གསུངས་པ་ཡིན་ནོ། །གཉིས་པོ་དེ་དག་ཀྱང་རྣམ་པ་ཉི་ཤུ་རྩ་གཉིས་སུ་དབྱེ་བར་བྱ་སྟེ། དེ་ཡང་འཕགས་པ་བྱམས་པས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང༌། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་


DTG078_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་ཇི་སྐད་བཤད་པ་ཡིན་ནོ། །དེ་ལ་ཡང་འདི་ལྟར་བལྟ་བར་བྱ་སྟེ། འདུན་པའི་གནས་སྐབས་སོགས་དབྱེ་བས། །སྨོན་པའི་སེམས་ཀྱི་རྣམ་པ་གསུམ། །འཇུག་པ་ཞེས་ནི་བྱ་བའི་སེམས། །རྣམ་པ་བཅུ་དགུ་དག་ཏུ་འདོད། །དེ་ལ་སྨོན་པའི་སེམས་ནི་རྣམ་པ་གསུམ་དུ་དབྱེ་བ་སྟེ། འདུན་པ་དང་ལྷན་ཅིག་འདྲེས་པའི་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པར་འདོད་པའི་མཚན་ཉིད་ཅན་ནི་ས་ལྟ་བུ་ཡིན་ནོ། །བསམ་པ་དང་ལྷན་ཅིག་འདྲེས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པའི་མཚན་ཉིད་དེ། ཕྱིས་འབྱུང་བ་དང་ད་ལྟར་གྱི་འགྱུར་བ་མེད་པའི་ཕྱིར་གསེར་བཟང་པོ་ལྟ་བུ་ཡིན་ནོ། །ལྷག་པའི་སེམས་དང་འདྲེས་པ་ནི་བྱང་ཆུབ་ཀྱི་སེམས་ཆོས་སུམ་ཅུ་རྩ་བདུན་སྒོམ་པར་འདོད་པའི་མཚན་ཉིད་ཅན་ནི་དཀར་པོའི་ཕྱོགས་ཐམས་ཅད་འཕེལ་བར་འདོད་པའི་ཚུལ་གྱིས་ཟླ་བ་ཚེས་པ་ལྟ་བུ་ཡིན་ནོ། །འཇུག་པའི་སེམས་ཀྱི་དབྱེ་བ་ནི་རྣམ་པ་བཅུ་དགུ་སྟེ། སྦྱོར་བ་དང་འདྲེས་པ་གཅིག་དང་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་དང༌། །མངོན་པར་ཤེས་པ་ལྔ་དང་ལྡན་པ་དང༌། བསོད་ནམས་དང་ཡེ་ཤེས་དང་ལྡན་པ་དང༌། བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པ་དང༌། ཞི་གནས་དང་ལྷག་མཐོང་དང་ལྡན་པ་དང༌། གཟུངས་དང༌། སྤོབས་པ་དང་ལྡན་པ་དང༌། ཆོས་ཀྱི་སྐྱེད་མོས་ཚལ་དང་ལྡ་པ་དང༌། བགྲོད་པ་གཅིག་པའི་ལམ་དང་ལྡན་པ་དང༌། ཆོས་ཀྱི་སྐུ་དང་ལྡན་པའོ། །འདི་ཡིས་དེ་དག་མ་ལུས་ཁྱབ། །དེ་བས་གནས་སྐབས་རྣམ་བཞི་སྟེ། །འབྲས་བུ་རྒྱུ་དང་སྦྱོར་སོགས་དང༌། །ལས་ཀྱི་གནས་སྐབས་དབྱེ་བས་སོ། །དེ་ལ་གསུམ་ནི་ལས་དང་པོ་པའི་གནས་སྐབས་སོ། །བཞི་པས་ནི་དེ་ཡང་ངེས་པར་འབྱེད་པའི་ཆའི་གནས་སྐབས་སོ། །སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་སེམས་ཀྱིས་ནི་རྒྱུའི་གནས་སོ། །མངོན་པར་ཤེས་པ་ལ་སོགས་པའི་གནས་སྐབས་དང་ལྷན་ཅིག་གནས་པ་བརྒྱད་ཀྱིས་ནི་འབྲས་བུའི་གནས་སྐབས་ཁྱབ་པ་ཡིན་ནོ། །དེ་ལ་དང་པོ་མགོན་པོ་ཡིས། །གསོལ་བའི་རྣམ་པར་ཡང་དག་བཤད། །གཉིས་པ་སྦྱིན་སོགས་


DTG078_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇུག་པ། །འཇུག་པའི་རྣམ་པར་རབ་ཏུ་བསྒྲགས། །གསོལ་བའི་རྣམ་པ་སྨོན་པའི་སེམས་ནི་རྣམ་པ་གསུམ་སྟེ། དེ་ཡང་སྔར་བཤད་པ་ཡིན་ནོ། །འཇུག་པའི་རྣམ་པ་ནི་གང་ནས་བརྩམས་ཏེ་སྡོམ་པ་འཛིན་པ་སྔོན་དུ་འགྲོ་བས་སྦྱིན་པ་ལ་སོགས་པའི་ཚོགས་ལ་འཇུག་པ་དེ་ནི་འཇུག་པའི་སེམས་སོ། །སྡོམ་པ་ཡང་བླ་མ་སྡོམ་པ་ལ་གནས་ཤིང་མཁས་པ་ནུས་པ་དང་ལྡན་པ་ལས་བླང་བར་བྱའོ། །དེ་མེད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་བཞུགས་པར་ཡིད་ལ་བྱས་ལ་བླང་བར་བྱའོ། །དེ་ཡང༌། སྦྱིན་སོགས་ཤེས་རབ་དང་བྲལ་བ། །ཐབས་མ་ཡིན་ཞིང་ས་མ་ཡིན། །དེ་བས་ཤེས་རབ་བསྐྱེད་བྱ་ཞིང༌། །ཞི་གནས་ཀྱང་ནི་བསྐྱེད་པར་བྱ། །ཤེས་རབ་མེད་པར་ནི་སྦྱིན་པ་ལ་སོགས་པས་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་ཅིང་ཐབས་ཀྱང་མ་ཡིན་ནོ། །དེ་བས་ན་ཤེས་རབ་བསྐྱེད་པའི་ཕྱིར་དང༌། ཞི་གནས་བསྐྱེད་པའི་ཕྱིར་འབད་པར་བྱའོ། །དེ་ལ། གང་ཞིག་ཁྲིམས་ལྡན་སྡུག་བསྔལ་བཟོད་ནུས་དང༌། །གང་ལ་བརྩོན་དང་བག་ཡོད་བརྟན་པ་འཆང༌། །གང་ཚེ་ཡང་དག་དང་ཡང་ལྡན་འགྱུར་ཏེ། །དེ་ཡི་ཏིང་འཛིན་ཤིན་ཏུ་མྱུར་རྫོགས་འགྱུར། །ཞི་གནས་ཀྱི་ཚོགས་ཚུལ་ཁྲིམས་ལ་སོགས་པ་གསུམ་ལ་རྣམ་པར་གནས་པས་ཡིད་དང་རྗེས་སུ་མཐུན་པའི་ཕྱོགས་སུ་སྟན་བདེ་བ་ལ་འདུག་སྟེ། ལུས་དྲང་པོར་བཞག་ལ་སྙིང་རྗེ་ཆེན་པོ་མངོན་སུམ་དུ་བྱ་སྟེ། །སེམས་ཅན་མ་ལུས་པ་གདོན་པའི་བསམ་པས་སེམས་རྩེ་གཅིག་པའི་མཚན་ཉིད་ཅན་གྱི་ཏིང་ངེ་འཛིན་བསྐྱེད་པར་བྱའོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། ཁམས་སོགས་དབྱེ་བས་དངོས་པོ་ཐམས་ཅད་ལ། །ཡང་དག་དམིགས་ཏེ་ཇི་སྲིད་མཉམ་གཞག་ཐོབ། །དེ་སྲིད་ཡིད་ནི་སྐད་ཅིག་རེ་རེ་གཞུག །དང་པོར་རེ་ཞིག་རྣལ་འབྱོར་བས་ཁམས་ལ་སོགས་པའི་རྣམ་པར་དབྱེ་བས་དངོས་པོ་མ་ལུས་པ་ལ་རྒྱ་ཆེར་རྣམ་པར་དཔྱད་ལ། ཆོས་ཐམས་ཅད་ནི་འདི་ཙམ་དུ་ཟད་དོ་ཞེས་དེ་ལྟར་ངེས་པར་བྱ་སྟེ། ཡང་སེམས་ཀྱི་རྒྱུད་ཀྱི་སྐད་ཅིག་མས་དེ་ཉིད་དུ་གཏད་པར་བྱའོ། །གལ་ཏེ་ཡིད་ནི་ཆགས་སོགས་ཀྱིས་གཡེངས་གྱུར། །མི་


DTG078_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་ལ་སོགས་གཉེན་པོ་བསྒོམ་པ་ཡིས། །ཇི་སྲིད་དེ་ནི་བརྟན་བ་མ་ཐོབ་བ། །དེ་སྲིད་བློ་དང་ལྡན་པས་དེ་ཞི་བྱ། །ཡང་གང་གི་ཚེ་བར་སྐབས་སུ་འདོད་ཆགས་ལ་སོགས་པས་སེམས་རྣམ་པར་གཡེངས་པར་གྱུར་པ་དེའི་ཚེ་མི་གཙང་བ་བསྒོམ་པ་ལ་སོགས་པས་རྣམ་པར་གཡེང་བ་ཞི་བར་བྱས་ལ། སེམས་ཡང་ནས་ཡང་དུ་དེ་ལ་གོང་ནས་གོང་དུ་གཏད་པར་བྱའོ། །དེ་ལ་ཡང་བཅོམ་ལྡན་འདས་ཀྱིས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འདོད་ཆགས་རྣམ་པ་དགུ་ནི་ཆེན་པོ་སྟོང་པ་ཉིད་དུ་བསྟན་ཏེ། འདི་ལྟ་སྟེ། དབྱིབས་ལ་ཆགས་པ་དང༌། རེག་པ་ལ་ཆགས་པ་དང༌། ཙནྡན་ལ་སོགས་པ་བསྐུས་པ་ལས་བྱུང་བའི་ལུས་ཀྱི་དྲི་ལ་ཆགས་པ་དང༌། རྒྱན་གྱིས་བརྒྱན་པ་ལས་བྱུང་བའི་ལུས་མཛེས་པ་ལ་ཆགས་པ་དང༌། ལུས་ཀྱི་ཁ་དོག་ལ་ཆགས་པ་དང༌། ཤ་རྒྱས་པ་ལ་ཆགས་པ་དང༌། ལུས་དང་ཡན་ལག་གི་རྩེ་འཇོ་ལ་ཆགས་པ་དང༌། སོ་མཛེས་པ་ལས་བྱུང་བའི་ཆགས་པ་དང༌། ཁ་དོག་དང་དབྱིབས་ལ་ཆགས་པའོ། །དེའི་གཉེན་པོར་གྱུར་པའི་མི་གཙང་བ་ཡང་རྣམ་པ་དགུ་སྟེ། དེ་ནི་འདི་ལྟ་སྟེ། དབྱིབས་ལ་ཆགས་པ་རྣམས་ཀྱི་གཉེན་པོ་ནི་རྣམ་པར་བམ་པའི་འདུ་ཤེས་སོ། །ལུས་ཀྱི་རེག་པ་ལ་ཆགས་པའི་ནི་འབུས་གཞིགས་པའི་འདུ་ཤེས་སོ། །ལུས་ཀྱི་དྲི་ལ་ཆགས་བའི་ནི་རྣམ་པར་རུལ་བའི་འདུ་ཤེས་སོ། །ལུས་མཛེས་པ་ལ་ཆགས་པའི་ནི་རྣམ་པར་དམར་བའི་འདུ་ཤེས་སོ། །ལུས་ཀྱི་ཁ་དོག་ལ་ཆགས་པའི་ནི་རྣམ་པར་བསྔོས་པའི་འདུ་ཤེས་སོ། །ཤ་རྒྱས་པ་ལ་ཆགས་པའི་ནི་རྣམ་པར་ཟོས་པའི་འདུ་ཤེས་སོ། །ལུས་དང་ཡན་ལག་གི་རྩེ་འཇོ་ལ་ཆགས་པའི་ནི་རྣམ་པར་འཐོར་བའི་འདུ་ཤེས་སོ། །སོའི་མཛེས་པ་ལ་ཆགས་པའི་ནི་རུས་གོང་གི་འདུ་ཤེས་སོ། །ཁ་དོག་དང་དབྱིབས་ལ་ཆགས་པའི་གཉེན་པོ་ནི་རྣམ་པར་ཚིག་པའི་འདུ་ཤེས་སོ། །ཞེ་སྡང་ལས་བྱུང་བའི་རྣམ་པར་གཡེང་བའི་གཉེན་པོ་ནི་བྱམས་པ་བསྒོམ་པའོ། །གཏི་མུག་ལས་བྱུང་བའི་རྣམ་པར་གཡེང་བའི་གཉེན་པོ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་བསྒོམ་པའོ། །གང་གི་ཚེ་སེམས་དེར་མངོན་པར་མི་དགའ་བར་མཐོང་བ་དེའི་ཚེ་ཏིང་ངེ་


DTG078_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་ཡོན་ཏན་ལ་བསམ་པ་དང༌། མི་དགའ་བའི་སྐྱོན་ལ་བསམ་པས་དེ་ཡང་ཞི་བར་བྱའོ། །གང་གི་ཚེ་གཉིད་དང་རྨུགས་པ་ལས་སེམས་ཞུམ་པར་མཐོང་བ་དེའི་ཚེ་སྣང་བའི་འདུ་ཤེས་བསྒོམ་པ་དང༌། རབ་ཏུ་དགའ་བ་ཡིད་ལ་བྱེད་པ་སངས་རྒྱས་ལ་སོགས་པའི་ཡོན་ཏན་ཡིད་ལ་བྱེད་པས་ཞུམ་པ་དེ་ཡང་ཞི་བར་བྱའོ། །ཡང་གང་གི་ཚེ་སྔོན་དགོད་པ་དང༌། རྩེ་ཞིང་དགའ་བ་རྗེས་སུ་དྲན་པས་སེམས་བར་སྐབས་སུ་རྒོད་པར་མཐོང་བ་དེའི་ཚེ་མི་རྟག་པ་ཡིད་ལ་བྱེད་པས་དེ་ཡང་ཞི་བར་བྱའོ། །ཡང་གང་གི་ཚེ་ཞུམ་པ་དང༌། རྒོད་པ་དག་དང་བྲལ་བ་ཉིད་ཀྱིས་ཆ་མཉམ་པར་འཇུག་ཅིང་སེམས་རང་གི་མཚན་ཉིད་ཀྱིས་གནས་པར་མཐོང་བ་དེའི་ཚེ་བསྒྲིམ་པ་དང་གློད་པས་བཏང་སྙོམས་སུ་བྱས་ཏེ། གལ་ཏེ་སེམས་མཉམ་པར་འཇུག་ཏུ་ཟིན་ཀྱང་བསྒྲིམ་པ་བྱས་ན། དེའི་ཚེ་སེམས་རྣམ་པར་གཡེང་བར་འགྱུར་རོ། །ལེ་ལོ་དང་ནི་དམིགས་པ་བརྗེད་པ་དང༌། །དེ་བཞིན་ཞུམ་རྒོད་མི་རྩོལ་བ་དང་རྩོལ། །ཏིང་ངེ་འཛིན་ལ་ཐམས་ཅད་ཉེས་པར་འགྱུར། །དད་སོགས་སེམས་ཉིད་དེ་ཡི་གཉེན་པོ་ཡིན། །མདོར་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཉེས་པ་ཉིད་ནི་རྣམ་པ་དྲུག་ཡོད་དེ། འདི་ལྟ་སྟེ་ལེ་ལོ་དང༌། དམིགས་པ་བརྗེད་པ་དང༌། ཞུམ་པ་དང༌། རྒོད་པ་དང༌། བསྒྲིམས་པ་དང༌། མ་བསྒྲིམས་པའོ། །དེ་རྣམས་ཀྱི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྒོམ་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། འདི་ལྟ་སྟེ། དད་པ་དང༌། འདུན་པ་དང༌། རྩོལ་བ་དང༌། ཤིན་ཏུ་སྦྱངས་པ་དང་དྲན་པ་དང༌། ཤེས་བཞིན་དང༌། བཏང་སྙོམས་དང༌། སེམས་པའོ། །དེ་ལ་དང་པོ་བཞི་ནི་ལེ་ལོའི་གཉེན་པོ་ཡིན་ཏེ། དེ་ཡང་ཏིང་ངེ་འཛིན་གྱི་ཡོན་ཏན་རྣམས་ལ་མངོན་པར་ཡིད་ཆེས་པའི་མཚན་ཉིད་ཅན་གྱི་དད་པས་རྣལ་འབྱོར་པ་རྣམས་དེ་ལ་མངོན་པར་འདོད་པའི་སེམས་སྐྱེ་བར་འགྱུར་ལ། མངོན་པར་འདོད་པ་དེ་ལས་རྩོལ་བ་རྩོམ་པར་འགྱུར་རོ། །དེ་ལས་ཀྱང་ལུས་དང་སེམས་ལས་སུ་རུང་བ་ཉིད་ཐོབ་པར་འགྱུར་ལ། ཤིན་ཏུ་སྦྱངས་པ་དེ་ལས་ལུས་དང་སེམས་ལེ་ལོ་ལས་ལྡོག་པར་འགྱུར་རོ། །དེ་བས་ན་དད་པ་ལ་སོགས་པ་ནི་ལེ་ལོ་སྤང་བའི་ཕྱིར་


DTG078_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པར་བྱའོ། །དྲན་པ་ནི་དམིགས་པ་བརྗེད་པའི་གཉེན་པོའོ། །ཤེས་བཞིན་ནི་ཞུམ་པ་དང༌། རྒོད་པའི་གཉེན་པོ་ཡིན་ཏེ། དེས་ཞུམ་པ་དང༌། རྒོད་པ་དག་ཉེ་བར་ཤེས་པ་ཡིན་པའི་ཕྱིར་རོ། །ཞུམ་པ་དང་རྒོད་པ་མ་ཞི་བའི་དུས་སུ་ནི་མི་རྩོལ་བ་ཉེས་པ་ཡིན་ཏེ། དེའི་གཉེན་པོར་ནི་སེམས་པ་བསྒོམ་པར་བྱའོ། །ཞུམ་པ་དང༌། རྒོད་པ་དང༌། ཉེ་བར་ཞི་བར་གྱུར་ནས་གང་གི་ཚེ་སེམས་རང་གི་རྒྱུན་གྱིས་འཇུག་པ་དེའི་ཚེ་ནི་རྩོལ་བ་ཉེས་པ་ཡིན་པས་དེའི་གཉེན་པོར་བཏང་སྙོམས་བསྒོམ་པར་བྱའོ། །སྤོང་བའི་འདུ་བྱེད་བརྒྱད་པོ་དེ་དང་ཡང་དག་པར་ལྡན་པའི་ཏིང་ངེ་འཛིན་གང་གིས་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་རྫོགས་པར་བྱེད་པར་མཆོག་ཏུ་ལས་སུ་རུང་བར་འགྱུར་རོ། །དེ་བས་ན་མདོ་ལས་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་བ་སྒོམ་པར་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །བསྒོམ་པའི་རིམ་པ་འདི་ཉིད་ལས་དགོངས་ནས། བཅོམ་ལྡན་འདས་ཡུམ་ལས། དེ་ལ་སེམས་མཉམ་པར་གཞག་པར་བྱ། ཡང་དག་པར་འཇོག་པར་བྱེད། རྣམ་པར་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། དུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། གཅིག་པ་ཉིད་དུ་བྱེད། ཏིང་ངེ་འཛིན་དུ་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །ཡང་དག་པར་འཇོག་པ་ནི་དམིགས་པ་དེ་ཉིད་ལ་རྒྱུན་གྱིས་འཇུག་པར་བྱེད་པའོ། །རྣམ་པར་འཇོག་པ་ནི་རྣམ་པར་གཡེང་བ་ཤེས་པར་བྱས་ཏེ་དེ་ཉེ་བར་ཞི་བར་བྱེད་པའོ། །ཉེ་བར་འཇོག་པར་བྱེད་པ་ནི་རྣམ་པར་གཡེང་བ་ཉེ་བར་ཞི་བར་བྱས་ནས། དེ་ཉིད་ལ་གོང་ནས་གོང་དུ་གཏོང་བར་བྱེད་པའོ། །དུལ་བར་བྱེད་པ་ནི་དགའ་བ་སྐྱེད་པར་བྱེད་པའོ། །ཞི་བར་བྱེད་པ་ནི་མི་དགའ་བ་ཉེ་བར་ཞི་བར་བྱེད་པའོ། །ཉེ་བར་ཞི་བར་བྱེད་པ་ན་གཉིད་དང་རྨུགས་པ་ལ་སོགས་པ་བྱུང་བ་སེལ་བར་བྱེད་པའོ། །གཅིག་པ་ཉིད་དུ་བྱེད་པ་ནི་དམིགས་པ་ལ་མངོན་པར་འདུ་བྱེད་པ་མེད་པར་འཇུག་པར་འབད་པར་བྱེད་པའོ། །ཏིང་ངེ་འཛིན་དུ་མཉམ་པར་འཇོག་པ་ནི་སེམས་མཉམ་པ་ཉིད་ཐོབ་པ་ལ་བཏང་སྙོམས་སུ་བྱེད་པས་ཡང་དག་པར་འཛིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཚིག་དགུ་པོ་འདི་དག་གི་བཤད་པ་ནི། སློབ་དཔོན་ཐོགས་


DTG078_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱིས་མཛད་པ་ལས་བྲིས་པ་ཡིན་ནོ། །ཡང་རིམ་པ་འདིས་ཏིང་ངེ་འཛིན་རྫོགས་པ་གང་གི་ཚེ་འགྱུར་ཞེ་ན། དེའི་ཕྱིར་སྨྲས་པ། གང་ཚེ་སེམས་ནི་རྩོལ་བ་མེད་པས་ནི། །རང་གི་ངང་གིས་འཇུག་པར་གྱུར་པ་ནས། །དེ་ཚེ་སངས་རྒྱས་མཉམ་འཇོག་ལ་བརྟེན་ཏེ། །འདི་ནི་ཏིང་འཛིན་ཀུན་གྱི་ཚུལ་ཡིན་ནོ། །གང་གི་ཚེ་དམིགས་པ་དེ་མངོན་པར་འདུ་བྱེད་པ་མེད་པར་འཇུག་པ་ཇི་སྲིད་འདོད་པས་སེམས་གནས་པར་གྱུར་པ་དེའི་ཚེ་ཞི་གནས་རྫོགས་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་མཉམ་འཇོག་ཤེས་ནས་ནི། །དེ་ནས་ཤེས་རབ་བསྐྱེད་བྱ་སྟེ། །གཟུགས་དང་གཟུགས་མེད་དབྱེ་བ་ཡིན། །དོན་དེ་ཉིད་ནི་རྣམ་དཔྱད་བྱ། །དེ་ལ་རེ་ཞིག་གཟུགས་ཅན་ཉིད་རྣམ་པར་དཔྱད་པར་བྱ་སྟེ། ཅི་སྔོན་པོ་ལ་སོགས་པའི་རྣམ་པ་འདི་དག་རྣམ་པར་ཤེས་པ་ལས་ཐ་མི་དད་པ་ཡིན་ནམ། ཐ་དད་པ་ཡིན་དེ་ལ་ཤེས་པ་ལས་ཐ་མི་དད་པ་ཉིད་ཡིན་ན། ཁམས་གསུམ་དེའི་རང་བཞིན་དུ་འགྱུར་ཏེ། ཐམས་ཅད་སེམས་ཀྱི་དངོས་པོ་ཉིད་དུ་ནི་རང་ན་གང་གི་ཕྱིར་སྔོན་པོ་ལ་སོགས་པའི་རྣམ་པ་གཅིག་པ་ཉིད་དུ་མཐོང་བ་དེ་ཡང་ཤེས་པ་ཡིན་ཏེ། དེ་ལས་གཞན་ཉེ་བར་མི་དམིགས་སོ། །དེར་ནི་འདི་ལྟར་འགྱུར་ཏེ། གང་ཡང་མདུན་ན་གནས་པའི་སྔོན་པོ་ལ་སོགས་པ་ནི་རྣམ་པར་ཤེས་པའི་རང་བཞིན་ཡིན་མོད་ཀྱི། འོན་ཀྱང་དེ་ནི་ཡུལ་དང་དུས་ལ་སོགས་པའི་ངེས་པ་གཞན་དུ་མི་འཐད་པས་ཕྱིའི་དོན་དུ་བརྟགས་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། དམ་པ་བློ་ཡི་ངེས་པ་ཡང༌། །ནང་གི་རྒྱུ་ལས་གྲུབ་པར་འདོད། །ནང་གི་ཤེས་པར་བྱེད་པ་ཉིད་ཡུལ་དང་དུས་ཀྱི་ངེས་བར་རིགས་ཀྱི་དོན་གྱི་དབང་གིས་མེད་པས་ཕྱི་རོལ་དུ་རྟོག་པ་ནི་ལེགས་པ་མ་ཡིན་ནོ། །ཅིའི་ཕྱི་རོལ་ལ་ས་མ་ཡིན་ནོ་ཞེས་གལ་ཏེ་ཟེར་ན། བྱེད་པ་ལས་གཞན་དུ་མི་འཐད་པར་དེ་ཉིད་བརྟག་པར་བྱས་ལ། དེ་ཡང་ཕྱི་རོལ་པ་ཉིད་དུ་བརྟག་བར་བྱ་བ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ་ཐམས་ཅད་མ་དམིགས་པ་ཉིད་ཀྱིས་ཏེ། གལ་ཏེ་ཅུང་ཟད་ཅིག་མཐོང་བ་ནི་བརྟག་ཏུ་ཟད་ན་མ་མཐོང་བ་བརྟག་པ་ཡིན་ན་རྟའི་རྭ་ལ་སོགས་པ་ཡང་ཤེས་པར་བྱེད་པ་ཉིད་དུ་ཞེས་པས་ཐལ་ཆེས་པ་ཉིད་དུ་འགྱུར་རོ། །རྟའི་རྭ་ལ་སོགས་པ་ནི་མེད་པས་


DTG078_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་པ་མེད་དོ་ཞེ་ན། ཕྱི་རོལ་ཅི་ལྟར་ཡོད། ངེས་པ་གཞན་དུ་མི་དམིགས་སོ་ཞེ་ན། རྟའི་རྭ་ལ་སོགས་པ་དང་མཉམ་པ་དང་གཅིག་ལ་གཅིག་བསྟེན་པ་ཉིད་ཀྱིས་སོ། །གཞན་དུ་མི་འཐད་པ་ལས་མཐོང་བ་ཉིད་ཡིན་ན་གཞན་ཉིད་དུ་གྱུར་པ་ན་འགྲོ་བ་རྣམས་ནི་འོ་ན་ལོང་གྱུར། མི་སྣང་བའི་རང་བཞིན་ཅན་ཡིན་པའི་ཕྱིར། འགྲོ་རྣམས་ལོང་བར་ཐལ་བར་འགྱུར་རོ། །སྣང་བར་བྱེད་པ་དེ་སེམས་ཀྱི་རང་བཞིན་ཅན་གཞན་ཞིག་པར་གྱུར་པ་ཉིད་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ་གང་གི་ཕྱིར་སེམས་ཀྱི་རང་བཞིན་ངག་ཡོད་པ་མ་ཡིན་ན། འདི་གང་ན་ཡོད། གང་མངོན་སུམ་དུ་ཡང་མེད་ལ་རྗེས་སུ་དཔག་པར་ཡང་མེད་དེ། སྔོན་པོ་ལ་སོགས་པ་དང་ཐ་དད་པ་དང་སེམས་ཀྱི་ངོ་བོ་གཞན་དག་འདི་ནི་མངོན་སུམ་དུ་མི་སྣང་ལ། དེ་རྗེས་སུ་དཔག་པར་ཡང་མེད་དེ། དེ་མངོན་སུམ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །ཡང་ན་བདེ་བ་ལ་སོགས་པའི་ཚུལ་དུ་གཟུགས་ལ་སོགས་པ་ཉེ་བར་དམིགས་སོ་ཞེ་ན། དེ་ནི་མ་ཡིན། གང་གི་ཕྱིར་གཟུང་བར་བྱ་བ་ལས་བྱེ་བྲག་མེད་པ་ཉིད་ཀྱིས་བདེ་བ་ལ་སོགས་པའི་ཚུལ་མ་ཡིན་ཏེ། འཁྲུལ་པ་ལ་སོགས་པ་ནང་གི་རེག་བྱའི་ཚུལ་ཉིད་ཀྱིས་གཟུང་བྱ་ཡིན་པའི་ཕྱིར་དེའི་ཁྱད་པར་གྱིས་ཀྱང་གཟུང་བར་བྱ་བའི་ཁྱད་པར་དུ་མི་འགྲུབ་པ་དང༌། འོན་ཏེ་མངོན་སུམ་དུ་དམིགས་སུ་མེད་ཀྱང་དོན་གྱི་དབང་གིས་ཉེ་བར་དམིགས་ཏེ། དེ་ཡང་དོན་མི་ཤེས་པ་ལ་གང་ཡང་བློའི་དམིགས་པ་མི་སྐྱེ་བའི་ཤེས་པ་ལ་རྗེས་སུ་དཔག་པ་ཉེ་བར་དམིགས་པར་འགྱུར་རོ་ཞེས་བཤད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་གཞན་དུ་འཐད་པ་མ་ཡིན་པ་སེམས་ཀྱི་ཚུལ་དུ་ཟད་པར་འགྱུར། སེམས་ཀྱི་ཚུལ་མ་ཡིན་པ་ཉིད་ཀྱིས་བེམས་པོ་ཡིན་པས་ན་སོ་སོར་སྣང་བ་དང་ལྡན་པ་ཡིན་ནོ། །གཞན་དུ་མི་འཐད་པས་འཛིན་པ་པོའི་ཆར་ཡོངས་སུ་གདགས་པར་གྱུར་པ་ནི་སྲིད་ཀྱི་ཚུལ་ཉིད་དུ་དེ་མི་འཐད་དོ། །བེམས་པོ་ཉིད་ཀྱི་དབང་དུ་བྱས་ནས་གཞན་དུ་མི་འཐད་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ་གང་གི་ཕྱིར། ཕན་ཚུན་བསྟེན་པའི་ཉེས་པ་ནི། །ཚངས་པས་ཀྱང་ནི་བཟློག་མི་ནུས། །གཞན་དུ་མི་རིགས་པ་ནི་འཛིན་པ་པོའི་ཆར་ཡོངས་སུ་བརྟགས་པས། བེམས་པོ་དང་བེམས་པོ་མ་ཡིན་པ་གཞན་


DTG078_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དུ་རིགས་པ་མ་ཡིན་ནོ། །དེ་བས་ན་སྔོན་པོ་ལ་སོགས་པའི་རྣམ་པ་གཅིག་པུ་ཉིད་དུ་མཐོང་གི་དེ་ལས་ཐ་དད་པའི་བེམས་པོའམ་སེམས་ཀྱི་ཚུལ་བཞིན་ནི་ཡོད་པ་མ་ཡིན་ནོ་ཞེས་བྱེ་བྲག་གནས་སོ། །དེའི་ཕྱིར་ཉེ་བར་བརྟག་པ་འདི་ནི། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་རྟག་གོ །ཞེས་པ་སྟེ། ཕྱི་རོལ་མེད་པས་གཟུང་བར་བྱ་བ་མེད་པའི་ཕྱིར་འཛིན་པ་པོའི་རྣམ་པར་ཤེས་པ་ཡང་ཡོད་པ་མ་ཡིན་ལ། གཟུང་བ་དང་འཛིན་པའི་རྣམ་པ་དང་བྲལ་བ་གཉིས་སུ་མེད་པའི་ཚུལ་གྱིས་དེ་བཞིན་ཉིད་ལ་གནས་ནས་གཟུང་བ་དང་འཛིན་པའི་ཚུལ་གྱིས་སེམས་ཙམ་སྤང་བར་བྱའོ། །དེ་ཡང་ཇི་སྐད་དུ། དེ་བཞིན་ཉིད་དུ་དམིགས་ནས་སུ། །སེམས་ཙམ་ཉིད་ཀྱང་བཟླ་བར་བྱ། །ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར། རྣམ་པར་ཤེས་ལ་བརྟེན་ནས་སུ། །ཕྱི་ཡི་དོན་ནི་ཡོངས་སུ་སྤང༌། །སྟོང་ཉིད་དམིགས་པ་ལ་གནས་ནས། །འཛིན་བྱེད་ཆ་ཡང་སྤང་བར་བྱ། །དེ་ལྟར་ན་ཚུལ་རྣམ་པ་གཉི་ག་དང་བྲལ་བས་སྟོང་པ་ཉིད་ཀྱི་རང་བཞིན་ཅན་གྱི་སེམས་ཀྱི་ཚུལ་ནི་འགྲོ་བ་ཡིན་ནོ་ཞེས་ངེས་པར་བྱས་ནས། ཡང་དེ་ཉིད་རྣམ་པར་དཔྱད་པར་བྱ་སྟེ། ཅི་སྟེ་གཅིག་པའམ་དུ་མའམ་གཉི་གའི་ཚུལ་ཅན་ནམ། སྐྱེས་པའམ་མ་སྐྱེས་པ་ཡིན། སྐྱེས་ན་བདག་ལས་སམ་གཞན་ལས་སམ་གཉི་ག་ལས་སམ། རྒྱུ་མེད་པ་ལས་སྐྱེ། དེ་བཞིན་དུ་དངོས་པོའི་ཚུལ་ཅན་ནམ། དངོས་པོ་མེད་པའི་ཚུལ་ཅན་ཡིན། །ཞེས་བྱ་བ་ལ་སོགས་པས་དཔྱད་པར་བྱའོ། །དེ་ལ་རེ་ཞིག །འགྲོ་བ་སྣ་ཚོགས་ཉིད་ཡིན་ཕྱིར། །གཅིག་ཉིད་མ་ཡིན་དུ་མའང་མིན། །སེམས་ཀྱི་ཚུལ་ཡང་མི་ཤེས་པས། །དེ་ཕྱིར་གཉི་གའི་ཚུལ་ཉིད་མིན། །སྐྱེ་བ་མིན་ན་འགག་པ་མིན། །འགྲོ་བ་དངོས་དང་དངོས་མེད་མིན། །རང་ཉིད་ཆོས་སྐུའི་བདག་ཉིད་ཅན། །དེ་ལ་རེ་ཞིག་གཅིག་པ་ཉིད་ནི་མ་ཡིན་ཏེ། གལ་ཏེ་གཅིག་ཏུ་འགྱུར་ན། སྔོན་པོ་སེར་པོ་ལ་སོགས་པའི་ཚུལ་གྱིས་སྣ་ཚོགས་པར་སྣང་བའི་ཤེས་པར་མི་འགྱུར་རོ། །སེར་པོ་ལ་སོགས་པ་མ་ལུས་པ་སྔོན་པོའི་ནང་དུ་ཤེས་པར་ཐལ་བར་འགྱུར་རོ། །སྔོན་པོ་ཡང་སྔོན་དང༌། ཕྱི་མ་དང་དབུས་ཀྱི་དབྱེ་བ་དང་རིགས་པར་སྣང་བས་ཤེས་པར་མི་འགྱུར་ཏེ། གང་ལ་ཕྱོགས་ཀྱི་ཆ་ཡོད་པ་དེ་ལ་ནི་གཅིག་


DTG078_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དུ་མི་འཐད་པར་བྱ་བའི་རིགས་པ་ཉིད་ཀྱིས་སོ། །དེའི་ཕྱིར་རྡུལ་ཕྲ་རབ་ཙམ་ཉིད་དུ་སོ་སོར་སྣང་བར་འགྱུར་རོ། །དུ་མ་ཉིད་དུ་ཡང་མ་ཡིན་ཏེ། དུ་མ་ཉིད་ཡིན་ན་གཟུང་བ་དང་འཛིན་པ་དང་བྲལ་བའི་སྟོང་བ་ཉིད་ཀྱི་ངོ་བོ་ཉིད་ཀྱི་དེ་ཁོ་ན་ཉིད་ལ་རྡུལ་ཕྲ་རབ་དབྱེ་བ་མེད་པ་དང་དེ་ལས་གཞན་པའི་ཡང་དག་པ་མེད་པས་རྡུལ་ཕྲ་རབ་རེ་རེ་ཞིང་རང་རིག་པའི་ཚུལ་གྱིས་དེ་ཉིད་རྡུལ་ཕྲ་རབ་ཐ་དད་པར་སྣང་བར་ཐལ་བར་འགྱུར་རོ། །གཉི་གའི་ཚུལ་དུ་ཡང་མི་རིགས་ཏེ་དེ་ལྟ་བུའི་ཤེས་པ་མེད་པའི་ཕྱིར་རོ། །ཐམས་ཅད་དུ་ཁོ་བོ་ཅག་གི་ཚད་མ་ནི་མངོན་སུམ་པ་ཡིན་ན་རྗེས་སུ་འཇུག་པའམ། ལྡོག་པའི་ཚུལ་དུ་ལྷན་ཅིག་གམ་ཐ་དད་པར་མངོན་སུམ་དུ་ཤེས་པ་ཉེ་བར་མ་དམིགས་སོ། །དེ་ལས་གཞན་པ་ཡང་དེ་སྔོན་དུ་འགྲོ་བ་ཡིན་པས་མ་ལ་དེ་ལྟར་མ་དམིགས་ན་རྗེས་སུ་འཇུག་པ་དང༌། ལྡོག་པ་ཚད་མེད་པར་ཇི་ལྟར་ཡོངས་སུ་བརྟག་པར་བྱ། འོན་ཏེ་སྣ་ཚོགས་པ་ཉིད་ཀྱི་རིགས་པའི་རྣམ་པར་རང་གི་ཤེས་པའི་ཚུལ་གྱིས་སྨྱོན་ཏོལ་བྱ་བར་རིགས་པ་མ་ཡིན་ནོ། །རེ་ཞིག་གཞན་དགག་པའི་ཚུལ་གྱིས་ཡོད་པ་དེ་ཡང་རྗེས་སུ་འཇུག་པ་དང་ལྡོག་པ་མེད་པ་མ་ཡིན་ནོ། །དེ་ནི་དེའི་ངོ་བོ་ཉིད་ལས་གཞན་དུ་མི་འཐད་པར་ཡོངས་སུ་བརྟག་པར་བྱའོ་ཞེ་ན་མ་ཡིན་ཏེ། ཉམས་སུ་མྱོང་བའི་ཚུལ་ཉིད་ཀྱིས་སྤྲོས་པ་མེད་པས་དེ་ཤིན་ཏུ་གསལ་བར་འཐད་པས་དོན་གྱིས་ཤེས་པར་བྱ་བ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་སྐྱེ་བའང་མི་རིགས་ཏེ། རྒྱུ་དང་འབྲས་བུའི་ཚུལ་གྱིས་ཚད་མ་མེད་པས་སོ། །སྔོན་དང་ཕྱི་མའི་ཚུལ་གྱིས་ཚད་མ་ལ་འཇུག་ན་རྒྱུ་དང་འབྲས་བུའི་ཚུལ་དུ་གཞག་པའི་རྣམ་པ་གཉིས་པོ་ལས་རྣམ་པར་དབེན་པ་གཉིས་སུ་མེད་པའི་ཤེས་པ་ལ་ནི་སྔོན་དང་ཕྱི་མའི་འཇུག་པ་དང་ལྡན་པ་མ་ཡིན་ལ། དེ་ལས་གཞན་པའི་ཤེས་པ་ཡོད་པ་མ་ཡིན་པས་ཚད་མ་མེད་པར་བཤད་པ་ཡིན་ལ། དེ་ལྟར་གང་གི་ཚེ་རྒྱུ་དང་འབྲས་བུའི་ཚུལ་གྱིས་ཚད་མ་མེད་པས་སྐྱེ་བ་ཉིད་ཀྱང་མེད་པ་དེའི་ཚེ་བདག་དང་གཞན་ལས་སམ། གཉི་ག་ལས་སམ། རྒྱུ་མེད་པ་ལས་ག་ལས་སྐྱེ། དེ་བས་ན་ཡང་དག་པའི་ཤེས་པ་ནི་རྣམ་པར་དཔྱད་པ་འདི་ཉིད་ཀྱིས་ཆོས་ཐམས་ཅད་སྐྱེ་བ་མཐོང་བས་སློབ་དཔོན་


DTG078_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས། མ་རིག་རྐྱེན་ལས་བྱུང་བ་ཡི། །ཡང་དག་ཤེས་པ་ལ་ལྟ་བས། །སྐྱེ་བའམ་ཡང་ན་འགག་པ་ནི། །འགའ་ཡང་ཉེ་བར་མ་དམིགས་སོ། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་དེ་ཁོ་ན་ཉིད་ལ་སྐྱེ་བ་མེད་པས་དངོས་པོའི་ཚུལ་ཉིད་དུ་ཡང་ཡོད་པ་མ་ཡིན་ཏེ། འབྱུང་པས་ན་དངོས་པོ་སྟེ་ཡོད་པ་སྔོན་དུ་འགྲོ་བ་ཅན་གྱི་འབྱུང་བ་ཉིད་ལ་རྣམ་པར་འཇོག་པ་ཡིན་ནོ། །དེ་ལྟར་དེ་འཇིག་པའི་ཚུལ་གྱི་རང་བཞིན་ཅན་དངོས་པོ་མེད་པའི་ཚུལ་ཉིད་ཀྱང་མེད་དོ། །དངོས་པོ་དང་དངོས་པོ་མེད་པའི་ངོ་བོ་ཉིད་མེད་པས་སྒྲོས་པ་ཐམས་ཅད་ཀྱང་མེད་པ་ཡིན་ཏེ། དེ་རྣམས་ནི་དངོས་པོ་དང་དངོས་པོ་མེད་པ་དག་ལ་གནས་པ་ཉིད་ཀྱིས་དེ་གཉིས་ཁྱབ་པ་ཡིན་པའི་ཕྱིར་ཏེ། དེ་ལྟར་ཁྱབ་པ་པོ་མེད་པས་ཁྱབ་པར་བྱ་བ་ཡང་མེད་པའི་ཕྱིར་རོ། །དེ་བས་ན་རྣམ་པར་དཔྱད་པ་འདིས་སྤྲོས་པ་མེད་པ་ཉིད་ཡིན་པའི་ཕྱིར་འགྲོ་བ་རྣམས་ཆོས་ཀྱི་སྐུའི་བདག་ཉིད་དུ་ཤེས་པར་བྱས་ལ་སེམས་ཙམ་ལས་ཡོངས་སུ་བཟླས་ལ་གཅིག་དང་དུ་མ་ཉིད་ལ་སོགས་པའི་ཚུལ་གྱིས་དེ་ཁོ་ན་ཉིད་ཀྱང་སྣང་བ་མེད་པའི་ཚུལ་དུ་བཟླ་བར་བྱའོ། །དེ་བས་ན། སེམས་ཙམ་ལས་ནི་བཟླས་ནས་སུ། །སྣང་བ་མེད་ལས་བཟླ་བར་བྱ། །ཞེས་གསུངས་པ་ཡིན་ནོ། །སྤྲོས་པ་མེད་པའི་ཚུལ་ཡང་སྣང་བ་མེད་པ་ལ་རྣམ་པར་གནས་པ་ནི་དེ་ཁོ་ན་ཉིད་དེ། ཐེག་པ་ཆེན་པོ་ཞེས་བྱ་བ་ལ། མཚན་གྱི་རྣམ་པ་གཞན་དུ་ན་ཕྱག་རྒྱ་ཆེན་པོ་ཞེས་བྱ་སྟེ། དེ་མཐོང་བར་འགྱུར་རོ་ཞེས་གསུངས་པ་ནི། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང༌། །ཞེས་བྱ་བ་དང་འགྲོ་དང་ལྡང་དང་འདུག་པ་དང༌། །ཉལ་ནའང་མཉམ་པར་གཞག་པ་ཡིན། །མཐོང་དང་ཐོས་དང་དེ་བཞིན་བསྒོམ། །མྱོང་དང་རེག་པར་དེ་བསྒོམ་ཡང༌། །ཤེས་རབ་མིག་ནི་དག་པའི་བདག །རྣམ་པར་དཔྱོད་ལ་གཅིག་ཏུ་བརྩོན། །ཆོས་རྣམས་ཐམས་ཅད་མི་ཤེས་པས། །མཐོང་ནའང་མཐོང་བ་མ་ཡིན་ནོ། །དེ་ཁོ་ན་ཉིད་མཐོང་བ་འདི་ཉིད་ནི་གང་ཤེས་རབ་ཀྱིས་རྣམ་པར་བརྟགས་ན་ཡང་དག་པའི་ཡེ་ཤེས་མཐོང་བས་ཆོས་ཐམས་ཅད་མི་མཐོང་བ་ཡིན་ནོ། །དེ་ཡང་བཅོམ་ལྡན་འདས་ཡུམ་ལས། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་སྤྱན་གང་ཞེ་ན། གང་གིས་ཅི་ཡང་མ་གཟིགས་


DTG078_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

པའོ་ཞེས་བྱ་བ་དང༌། དེ་བཞིན་དུ་དོན་དམ་པ་མཐོང་བ་གང་ཞེ་ན། གང་ཆོས་ཐམས་ཅད་མཐོང་བ་མེད་པའོ་ཞེས་ཇི་སྐད་གསུངས་པ་ཡིན་ནོ། །དེ་བས་ན་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་རྣམས་ཀྱང་སྤྱོད་ལམ་ཐམས་ཅད་ལ་གནས་པ་ན་ཆོས་ཐམས་ཅད་མཐོང་དུ་ཟིན་ཀྱང་མ་མཐོང་བ་ཡིན་ནོ། །དེ་ལྟ་བུ་ཉིད་ལ་མཐོང་བ་མེད་པ་ཞེས་བྱ་བར་མངོན་པར་འདོད་ཀྱི་གཉིད་ལོག་པའམ། མིག་བཙུམས་པ་དང་འདྲ་བར་གང་ཡིད་ལ་མི་བྱེད་པ་ནི་མ་ཡིན་ནོ། །དེ་ལྟ་ན་ནི་བག་ཆགས་མ་སྤངས་པས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལས་ལྡང་བ་བཞིན་དུ་སླར་ཡང་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པའི་བག་ཆགས་ཀྱི་རྩ་བ་ཅན་གྱི་འདོད་ཆགས་ལ་སོགས་པ་སྐྱེ་བ་ཉིད་ཀྱིས་རྣལ་འབྱོར་པར་མི་འགྱུར་ཏེ། ཐོག་མ་མེད་པའི་དུས་ཅན་གྱི་གཟུགས་ལ་སོགས་པའི་མངོན་པར་ཞེན་པ་ཡིད་ལ་མི་བྱེད་པ་ཙམ་གྱིས་ཡོངས་སུ་སྤངས་པར་མི་འགྱུར་ཏེ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པས་ཀྱང་དེ་སྤངས་པར་འགྱུར་རོ། །གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱི་ཐེ་ཚོམ་མ་སྤངས་པར་དེ་ཡིད་ལ་བྱེད་པ་ཡོངས་སུ་སྤང་པར་ཡང་ནུས་པ་མ་ཡིན་ཏེ། མེ་ཡོངས་སུ་མ་སྤངས་པར་ཚ་བ་སྤོང་མི་ནུས་པ་དང་འདྲའོ། །དེ་བས་ན་ཐེ་ཚོམ་གྱི་ས་བོན་དང་བྲལ་བ་ཉིད་ཀྱིས་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པ་བསལ་བར་བྱའི། །ཚེར་མ་འབྱིན་ལ་ལྟ་བུར་བྱ་བ་མ་ཡིན་ནོ་ཞེས་བྱ་བར་ངེས་སོ། །ཐེ་ཚོམ་གྱི་ས་བོན་དང་བྲལ་བ་ཡང་ཞི་གནས་དང་ལྷག་མཐོང་ཕན་ཚུན་རྗེས་སུ་མཐུན་པར་འཇུག་པར་བྱའོ། །དེ་ཡང་སེམས་རྩེ་གཅིག་པའི་མཚན་ཉིད་ཅན་གྱི་ཞི་གནས་ཀྱི་སྣང་བ་སྐྱེས་པར་གྱུར་ན་ཤེས་རབ་ཀྱི་མིག་གིས་རྣམ་པར་དཔྱོད་པའི་རྣལ་འབྱོར་པའི་ཐེ་ཚོམ་དང་བུལ་བར་འགྱུར་རོ། །དེ་དང་བྲལ་བས་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པ་དང་བྲལ་བའོ། །དེ་དང་བྲལ་ནས་ཀྱང་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་ཏེ། དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཡང་དེའི་ཚེ་ཞི་གནས་དང་ལྷག་མཐོང་དག་དེའི་བདག་ཉིད་ཅན་ཡིན་ཏེ། དེ་ཉིད་ནི་མཆོག་ཏུ་རྣམ་པར་མི་རྟོག་པའི་རྣལ་འབྱོར་རོ། །དེ་ཡང༌། ཀུན་རྟོག་ཐམས་ཅད་སྤངས་པ་དེས། །འདི་ནི་


DTG078_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་དམ་པ་ཡིན། །རྣལ་འབྱོར་པ་གང་མངོན་སུམ་དུ། །གནས་པ་ཀུན་མཁྱེན་བཅོམ་ལྡན་འགྱུར། །དེ་ལྟར་རིམ་པ་འདིས་ཞི་གནས་དང་ལྷག་མཐོང་དག་གིས་སམ། བླ་མའི་མན་ངག་གིས་བཅོམ་ལྡན་འདས་ཡུམ་ཤེས་རབ་བསྐྱེད་ལ། བྱང་ཆུབ་སེམས་དཔའ་དབང་པོ་རབ་དང་ལྡན་པ་ཡིན་པའི་ཕྱིར་དེ་ངེས་པའི་རྒྱུ་ཉིད་ཀྱིས་ཕྱིར་མི་ལྡོག་པ་ཉིད་རྟོགས་པར་བྱས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དང༌། སྦྱིན་པ་ལ་སོགས་པའི་ཐབས་ལ་རབ་ཏུ་འཇུག་གོ །དེ་ཡང་འཕགས་པ་ག་ཡ་མགོའི་རི་ལས། གཉིས་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ལམ་མདོར་བསྡུས་པ་སྟེ། འདི་ལྟ་སྟེ་ཐབས་དང་ཤེས་རབ་བོ་ཞེས་གསུངས་པ་ཡིན་ཏེ། ཐབས་ནི་སྦྱིན་བ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚད་མེད་པ་དང་བསྡུ་བའི་དངོས་པོ་ལ་སོགས་པའི་དབྱེ་བས་ཕྱེ་བ་སྟེ། ད་ཉིད་ཀྱང་འཕགས་པ་བློ་གྲོས་མི་ཟད་པ་དང༌། དཀོན་མཆོག་སྤྲིན་ལ་སོགས་པའི་མདོ་ལས་གསུངས་པའོ། །ཤེས་རབ་ནི་ཐབས་དེ་ཉིད་ཕྱིན་ཅི་མ་ལོག་པར་ཡོངས་སུ་གཅོད་པའི་རྒྱུའོ། །དེས་ཀྱང་ཐབས་ཡང་དག་པར་བརྟགས་ནས་ཕྱིན་ཅི་མ་ལོག་པས་བདག་དང་གཞན་གྱི་དོན་ཇི་ལྟ་བ་བཞིན་ཉམས་སུ་ལེན་པས་སྔགས་ཀྱིས་ཟིན་པའི་དུག་སྤྱོད་པ་དང་འདྲ་བར་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །དེ་ཡང་མདོ་དེ་ཉིད་ལས་ཐབས་ནི་བསྡུ་བ་ཤེས་པའོ། །ཤེས་རབ་ནི་ཡོངས་སུ་གཅོད་པའོ་ཞེས་གསུངས་པ་དང༌། འཕགས་པ་དད་པའི་སྟོབས་བསྐྱེད་པ་ལས། ཐབས་ལ་མཁས་པ་གང་ཞེ་ན། གང་ཆོས་ཐམས་ཅད་ཀྱི་བསྡུ་བ་ཤེས་པ་ལ་མཁས་པའོ། །ཤེས་རབ་གང་ཞེ་ན། གང་ཆོས་ཐམས་ཅད་དབྱེར་མེད་པར་ཤེས་པ་མཁས་པའོ་ཞེས་གསུངས་པ་ཡིན་ནོ། །འདི་དག་ནི་ས་ལ་གནས་པས་ཀྱང་བརྟེན་པར་བྱའི། །ཤེས་རབ་ཙམ་འབའ་ཞིག་གི་མ་ཡིན་ནོ། །གང་གི་ཕྱིར་ས་བཅུ་པ་ལ་སོགས་པའི་མདོ་ལས། ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ལ་ཡང་མི་སྤྱོད་པ་མ་ཡིན་ནོ་ཞེས་གསུངས་པས། བྱང་ཆུབ་སེམས་དཔའ་ས་བཅུ་པོ་ཐམས་ཅད་དུ་ཡང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་ཀུན་དུ་སྤྱོད་པར་བྱའོ་ཞེས་བཤད་དོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཅིག་


DTG078_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དགའ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་མཛད་ནས་ཡོངས་སུ་རྒྱས་པའི་མདོ་ཆོས་ཐམས་ཅད་བསྡུས་པ་ལས་བྱམས་པ་གང་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་གཟུང་བར་བྱ་བ་དེ་ལ་སྐྱེས་བུ་བླུན་པོ་རྣམས་འདི་ལྟར་བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ལ་བསླབ་པར་བྱའི་ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ཀྱིས་ཅི་ཞིག་དགོས་ཞེས་ཟེར་ཞིང༌། དེས་ཕ་རོལ་ཏུ་ཕྱིན་པ་གཞན་དག་ལ་སྨོད་པ་ཉིད་དུ་སེམས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་དང༌། འཕགས་པ་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ནི་སྙིང་རྗེ་ཆེན་པོའི་རྩ་བ་ཅན་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུད་དང་ལྡན་པ། ཐབས་ཀྱིས་མཐར་ཕྱིན་པའོ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་གཉི་ག་ཡང་དུས་ཐམས་ཅད་དུ་བསྟེན་པར་བྱའོ། །དེ་ལྟར་ན་བཅོམ་ལྡན་འདས་མི་གནས་པའི་མྱ་ངན་ལས་འདས་པར་གྲུབ་པ་ཡིན་ནོ། །དེ་ཡང་སྦྱིན་པ་ལ་སོགས་པའི་ཐབས་ཀྱིས་གཟུགས་ཀྱི་སྐུ་དང་ཞིང་དང་འཁོར་ལ་སོགས་པའི་ལོངས་སྤྱོད་ཆེན་པོ་འབྲས་བུ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པར་མཛད་པས། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ལ་གནས་པར་མི་མཛད་དོ། །ཤེས་རབ་ཀྱིས་ཕྱིན་ཅི་ལོག་མ་ལུས་པར་སྤངས་པས་འཁོར་བར་གནས་པར་མི་མཛད་དེ། འཁོར་བ་ནི་ཕྱིན་ཅི་ལོག་གི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ཡང་ཆོས་ཀྱི་རྣམ་གྲངས་གཟིངས་ལྟ་བུར་ཤེས་པ་རྣམས་ཀྱིས་ནི་ཆོས་རྣམས་ཀྱང་སྤང་བར་བྱ་ན་ཆོས་མ་ཡིན་པ་ལྟ་ཅི་སྨོས་ཞེས་ཇི་སྐད་དུ་གསུངས་པ་ལྟ་བུ་ཡིན་ཏེ། དེ་ལ་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པ་ཉིད་སྤང་བར་བྱའོ་ཞེས་གསུངས་ཀྱི་དགོས་པའི་དོན་རྫོགས་པར་བྱ་བའི་དོན་དུ་ཡང་གནས་པར་མི་བྱའོ་ཞེས་གསུངས་པ་མ་ཡིན་ནོ། །དེ་ཡང༌། ཆོས་ཡོངས་སུ་གཟུང་བར་བྱའི་མི་གཟུང་བར་ནི་མི་བྱའོ་ཞེས་གསུངས་ཏེ། ལམ་ལོག་པར་གཟུང་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དངོས་པོ་ཐམས་ཅད་དེ་ལྟར་གཟིགས་ཏེ་གསུངས་པ་ནི། དུས་ཀུན་དུ་ནི་ཐབས་


DTG078_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི། །ཤེས་རབ་ཕ་རོལ་ཕྱིན་བདག་ཅན། །བསྟེན་བྱ་གང་ཕྱིར་དེ་བས་ནི། །མི་གནས་མྱ་ངན་འདས་པར་འགྱུར། །ཞེས་བྱ་བ་ཡིན་ནོ། །དེ་ཉིད་ཀྱིས་ན་སྦྱོར་ཞེས་བྱའི། །སེམས་བསྐྱེད་ཡིན་ཏེ་དེ་ཡང་ནི། །དྲོད་སོགས་དབྱེ་བ་ལ་བརྟེན་ནས། །རྣམ་པ་བཞིར་ནི་གནས་མ་ཡིན། །དེ་ཉིད་ཀྱི་ཕྱིར་ཤེས་རབ་དང་ཐབས་ཀྱི་རང་བཞིན་ལ་བསླབས་པ་ལས་སྦྱོར་བ་ཞེས་བྱ་བའི་ངེས་པར་འབྱེད་པའི་ཆའི་སེམས་སྐྱེ་བར་འགྱུར་རོ། །དེ་ཡང་རྣམ་པ་བཞི་སྟེ། འདི་ལྟ་སྟེ། དྲོད་དང་རྩེ་མོ་དང་བཟོད་པ་དང༌། ཆོས་ཀྱི་མཆོག་ཅེས་བྱ་སྟེ། འདི་དག་ནི་མཉམ་པར་གཞག་པའི་བྱེ་བྲག་ཉིད་ལས་གྱུར་ཏོ། །དེ་ལ་དང་པོའི་སེམས་ནི་སྣང་བ་ཐོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡིན་ནོ། །གཉིས་པ་ནི་སྣང་བ་མཆེད་པའོ། །གསུམ་པ་ནི་དེ་ཁོ་ན་ཉིད་ཀྱི་དོན་ལ་ཕྱོགས་གཅིག་པ་ཡིན་ནོ། །བཞི་པ་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་ཏོ། །འདི་ནི་རྣམ་རྟོག་དགུ་པོ་དག ། རེ་རེ་ཡོངས་སུ་སྤོང་བྱེད་དེ། །གཟུང་ངང་འཛིན་པའི་ཀུན་རྟོག་གི །དབྱེ་བས་དམིགས་པའི་དབྱེ་བ་ཉིད། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པ་ཉིད་ཡིན་ཏེ། རྣམ་པར་རྟོག་པ་དེ་ཡང་རྣམ་པ་དུ་མ་སྟེ། འོག་ནས་བཤད་པའི་ལམ་གྱིས་སྤང་བར་བྱའོ། །དེ་ལ་རེ་ཞིག་ངེས་པར་འབྱེད་པའི་ཆ་དང་པོ་སྐྱེ་བ་ན་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་གཉིས་ལ་དམིགས་པ་ན་དང་པོར་གཟུང་བའི་རྣམ་པར་རྟོག་པ་དགུ་སྤོང་བ་འདི་ལྟ་སྟེ། མ་རིག་པའི་རྣམ་པར་རྟོག་པ་ནི་བུམ་པ་ལ་སོགས་པའི་དངོས་པོར་མི་རྟོག་པས་སོ། །ཕུང་པོར་རྟོག་པ་དང༌། མིང་དང་གཟུགས་སུ་རྟོག་པ་དང་མཐའ་གཉིས་སུ་རྣམ་པར་རྟོག་པ་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མི་ཤེས་པའི་རྣམ་པར་རྟོག་པ་དང༌། འཕགས་པའི་ལམ་ལ་མི་གནས་པའི་རྣམ་པར་རྟོག་པ་དང༌། ཉེ་བར་དམིགས་པའི་རྣམ་པར་རྟོག་པ་དང༌། བདག་ལ་སོགས་པའི་རྣམ་པར་རྟོག་པ་དང༌། མ་སྐྱེས་པ་ལ་སོགས་པའི་རྣམ་པར་རྟོག་པའོ། །གཉིས་པ་ནི་གཟུང་བའི་རྣམ་པར་རྟོག་པ་དགུ་པོ་རྣམ་པར་བྱང་བ་ལ་དམིགས་པ་སྤོང་སྟེ། དེ་ལ་རྣམ་པར་བྱང་བའི་ཡན་ལག་ཅན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ་རྟོག་པ་གསུམ་དང༌། དེ་རྣམས་ཉིད་སྐྱེ་བའི་


DTG078_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རྟོག་པ་དང༌། ནང་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་རྟོག་པ་དང༌། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་རྣམ་པར་རྟོག་པ་དང༌། མཐོང་བའི་ལམ་གྱི་རྣམ་པར་རྟོག་པ་དང༌། བསྒོམ་པའི་ལམ་གྱི་རྣམ་པར་རྟོག་པ་དང༌། མི་སློབ་པའི་ལམ་གྱི་རྣམ་པར་རྟོག་པའོ། །གསུམ་པར་ནི་གང་ཟག་ལ་དམིགས་པའི་འཛིན་པ་པོའི་རྣམ་པར་རྟོག་པ་རྣམ་པ་དགུ་སྤོང་སྟེ། འདི་ལྟ་སྟེ། རང་གི་རྒྱུད་ཀྱི་བདག་ཏུ་འཛིན་པ་ཞེས་བྱ་བའི་རྣམ་པར་རྟོག་པ་དང༌། བདག་གཅིག་པུ་ཉིད་དང༌། རྒྱུའི་བདག་དང༌། ལྟ་བ་པོ་ཡང་བདག་ཡིན་པ་དང༌། དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་འཛིན་པ་དང༌། འདོད་ཆགས་དང་བྲལ་བ་འཛིན་པ་དང༌། མཐོང་བ་འཛིན་པ་དང༌། བསྒོམ་པ་འཛིན་པ་དང༌། དོན་བྱས་པ་ཉིད་འཛིན་པའི་རྣམ་པར་རྟོག་པའོ། །བཞི་པར་ནི་བརྟགས་པའི་སྐྱེས་བུ་ལ་གནས་པའི་འཛིན་པ་པོའི་རྣམ་པར་རྟོག་པ་གཉིས་པ་རྣམ་པ་དགུ་སྤོང་སྟེ། དེ་ལ་ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་ཉིད་ལ་འཛིན་པ་པོ་ཉིད་དུ་རྣམ་པར་རྟོག་པ་ཉིད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བར་བརྟགས་པའི་རྣམ་པར་རྟོག་པ་དང༌། རྣམ་པར་བྱང་བར་བརྟགས་པའི་རྣམ་པར་རྟོག་པ་དང༌། མཐོང་བ་དང་བསྒོམ་པ་དང༌། ཁྱད་པར་དང་མི་སློབ་པའི་ལམ་དུ་བརྟགས་པའི་རྣམ་པར་རྟོག་པ་བཞི་པའོ། །དེ་དག་ནི་སྦྱོར་བ་ལྷན་ཅིག་ཐོབ་པའི་ཡེ་ཤེས་ཀྱི་མེའི་ཁྱད་པར་དུ་རྟོགས་པས་མེ་དང་འདྲ་བའི་སེམས་བསྐྱེད་པ་བཞི་པའོ། །གནས་སྐབས་འདིར་ནི་རྣལ་འབྱོར་པའི་མོས་པ་གཙོར་གྱུར་པ་ཉིད་དང༌། ཇི་སྐད་དུ་བཤད་པའི་ཡོན་ཏན་གྱི་གཞིར་གྱུར་པ་ཉིད་ཀྱིས་འདི་ནི་ཟག་པ་དང་བཅས་པའི་མོས་པས་སྤྱོད་བའི་ས་ཞེས་བྱ་བར་གནས་སོ། །དེ་ལྟར་གོང་ནས་གོང་དུ་ཡོན་ཏན་གྱི་གཞིར་གྱུར་པ་ཉིད་ཀྱིས་ཟག་པ་མེད་པའི་ས་བཅུ་གཅིག་ཡིན་པར་ཤེས་པར་བྱའོ། །དེ་ལས་ཀྱང་ནི་རྒྱུའི་གནས་སྐབས། །ཕ་རོལ་ཕྱིན་བཅུའི་བདག་ཉིད་ཅན། །དེ་ལས་གཞན་པ་བསྒོམ་བདག་ཅན། །སེམས་བསྐྱེད་པ་དང་པོ་ནི་མཐོང་བའི་ལམ་གྱི་རང་བཞིན་ཅན་ཡིན་པས་དེ་སྐྱེས་པ་ན་རྣལ་འབྱོར་བ་ཉོན་མོངས་པ་བརྒྱ་རྩ་བཅུ་གཉིས་སྤོང་བར་འགྱུར་རོ། །དེ་ནི་འདི་ལྟ་སྟེ། འདོད་པའི་ཁམས་ཀྱི་སྡུག་བསྔལ་དང༌། ཀུན་འབྱུང་བ་དང་འགོག་པ་


DTG078_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

དང། ལམ་རེ་རེ་ཞིང་སྤང་བར་བྱ་བ་བཅུ་བཅུ་ཡོད་པས་ན་བཞི་བཅུའོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཁོང་ཁྲོ་བ་བཞི་བཏོན་ན་བདུན་ཅུ་རྩ་གཉིས་སོ། །དེ་ལས་གཞན་པའི་ས་དགུ་པོ་ནི་བསྒོམ་པའི་བདག་ཉིད་ཅན་ཡིན་ཏེ། དེ་རྣམས་སུ་བསྒོམས་པས་སྤང་བར་བྱ་བ་ཉིད་བཅུ་དྲུག་སྤོང་བ་ནི། འདི་ལྟ་སྟེ། རྣམ་པར་མི་རྟོག་པ་ལ་འཇིག་ཚོགས་ལ་ལྟ་བ་དང་ལོག་པར་ལྟ་བ་ནི་ལྷན་ཅིག་སྐྱེས་པ་དང༌། འདོད་ཆགས་དང་ཁོང་ཁྲོ་བ་དང་ང་རྒྱལ་དང་མ་རིག་པ་སྟེ་གོང་མའི་ཁོང་ཁྲོ་བ་ནི་མ་གཏོགས་སོ། །དེ་ཡང་ཉོན་མོངས་པ་བརྒྱ་རྩ་བཅུ་གཉིས་སྤངས་པ་དང༌། འཛམ་བུའི་གླིང་གི་དབང་ཕྱུག་ཏུ་གྱུར་ཀྱང་ཇི་སྲིད་ལྟུང་བ་ཕྲ་མོ་རྣམས་ལ་ཤེས་བཞིན་དུ་གནས་པར་གྱུར་པར་མི་ནུས་པ་དེ་སྲིད་ས་དང་པོའི་སེམས་བསྐྱེད་པ་ཡིན་ནོ། །སེམས་ཅན་ཚད་མེད་པའི་སེམས་ཀྱི་རྒྱུད་ཚིམ་པར་མཛད་པས་ཀུན་དུ་འཛིན་པར་སྤྱོད་པས་གཏེར་ཆེན་པོ་དང་འདྲ་བ་ཡིན་ནོ། །ལྟུང་བ་ཕྲ་མོའི་དྲི་མ་སྤོང་བར་ནུས་པ་ཉིད་ཀྱིས་ན་ས་གཉིས་པ་དྲི་མ་མེད་པའོ། །དེ་ཡང་གླིང་བཞི་པའི་དབང་ཕྱུག་ཏུ་གྱུར་ཀྱང་ཇི་སྲིད་འཇིག་རྟེན་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་མི་ནུས་པ་དེ་སྲིད་དུ་ནི་ས་གཉིས་པ་སྟེ། དེ་ནི་ཐམས་ཅད་རིན་ཐང་མེད་པའི་རིན་པོ་ཆེ་རྣམས་དེ་ལས་འབྱུང་བར་བྱེད་པ་ཡིན་པས་རིན་པོ་ཆེའི་འབྱུང་གནས་དང་འདྲའོ། །དེ་ནུས་ན་ནི་ཏིང་ངེ་འཛིན་གྱི་མཐུ་ཐོབ་པས་གསུམ་པོ་འོད་བྱེད་པའི་སའོ། །དེ་སུམ་ཅུ་རྩ་གསུམ་པའི་བདག་པོར་གྱུར་ཀྱང་ཇི་སྲིད་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པར་མི་ནུས་པ་ན། མི་སྡུག་པའི་ཉེ་བར་འཚེ་བ་ཐམས་ཅད་ཀྱིས་མི་བསྐྱོད་པས་རྒྱ་མཚོ་ཆེན་པོ་དང་འདྲའོ། །ནུབ་པར་གྱུར་ནས་ནི་དེའི་མཐུས་ས་བཞི་པ་འོད་འཕྲོ་བ་ཡིན་ནོ། །དེ་འཐབ་བྲལ་གྱི་བདག་པོར་གྱུར་ཀྱང་ཇི་སྲིད་བདེན་པ་བསྒོམ་པར་མི་ནུས་པ་ན་དེ་ཡང་དག་པའི་ཤེས་པ་ལ་བརྟན་པས་མི་ཕྱེད་པའི་ཕྱིར་རྡོ་རྗེ་དང་འདྲའོ། །ནུས་པར་གྱུར་ནས་བདུད་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པས་ན་ས་ལྔ་པ་སྦྱང་དཀའ་བའོ། །དེ་དགའ་ལྡན་གྱི་བདག་པོར་གྱུར་ཀྱང་ཇི་སྲིད་མཚན་མ་མེད་པ་བསྒོམ་པ་ལྷུན་གྱིས་གྲུབ་པར་འཇུག་མི་ནུས་པ་དེ་སྲིད་དམིགས་པ་ཐམས་ཅད་རྣམ་པར་


DTG078_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

གཡེང་བས་བསྒྲུབ་པར་མི་ནུས་པས་ནི་རི་བོ་དང་འདྲའོ། །ནུབ་པར་གྱུར་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་དུ་གྱུར་པས་ན་དྲུག་པ་མངོན་དུ་གྱུར་པའི་སའོ། །དེ་འཕྲུལ་དགའི་ལྷའི་རྒྱལ་པོར་གྱུར་ཀྱང་དེ་སྲིད་གླགས་སྐབས་མེད་པར་བསྒོམ་མི་ནུས་པ་དེ་སྲིད་དེ་སྒྲིབ་པ་གཉིས་ཀྱིས་ནད་རབ་ཏུ་ཞི་བར་བྱེད་པས་ན་སྨན་དང་འདྲའོ། །དེ་ཡན་ཆད་ཀྱིས་ཕ་རོལ་ཏུ་ཕྱིན་པ་བཞི་ནི་འདི་ལྟར་ཤེས་རབ་ཀྱི་བདག་ཉིད་ཅན་ཡིན་པས་ཤེས་རབ་ཉིད་ཁྱད་པར་ཅན་གྱི་རྣམ་པར་འཇུག་པ་ན་ཐབས་དང་སྨོན་ལམ་སྟོབས་དང་ཡེ་ཤེས་སོ། །མཚན་མ་མེད་པའི་བསྒོམ་པ་དང༌། བར་སྐབས་མེད་པར་བསྒོམ་པར་ནུས་པར་གྱུར་པ་ན་ལམ་ལ་འབད་པ་མེད་པའི་ཐབས་དང་འབྱོར་པས་རིང་དུ་སོང་བའི་ཕྱིར་ས་བདུན་པ་རིང་དུ་སོང་བའོ། །དེ་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོར་གྱུར་ཀྱང་ཇི་སྲིད་ལྷུན་གྱིས་གྲུབ་པར་འཇུག་པར་མི་ནུས་པ་དེ་སྲིད་དེ་གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡོངས་སུ་མི་སྤོང་བས་མཛའ་བོ་དང་མཚུངས་སོ། །དེ་ནུས་པར་གྱུར་ནས་མཚན་མ་མེད་པ་ལྷུན་གྱིས་གྲུབ་པས་མི་གཡོ་བ་ཉིད་ཀྱིས་ན་ས་བརྒྱད་པ་མི་གཡོ་བའོ། །དེ་ནི་སྟོང་ཆུང་ངུའི་བདག་པོར་གྱུར་ཀྱང་ཇི་སྲིད་ངེས་པའི་ཚིག་ལ་སོགས་པའི་ཚིག་གིས་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་སྟོན་པར་མི་ནུས་པ་དེ་སྲིད་དེ་སྨོན་ལམ་ཇི་ལྟ་བའི་འབྲས་བུ་ཡིད་བཞིན་གྱི་ནོར་བུ་དང་འདྲའོ། །ནུས་པར་གྱུར་ནས་ཆོས་སྟོན་པ་ལ་མཁས་པ་ཉིད་ཀྱིས་ན་ས་དགུ་པ་ལེགས་པའི་བློ་གྲོས་སོ། །སྟོང་གཉིས་པའི་བདག་པོ་ཚངས་པར་གྱུར་ཀྱང་ཇི་སྲིད་ཆོས་ཀྱི་ལོངས་སྤྱོད་ཡོངས་སུ་རྫོགས་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་མི་ནུས་པ་དེ་སྲིད་གདུལ་བྱའི་སྐྱེ་བོ་ཡོངས་སུ་སྨིན་པར་བྱེད་པས་ན་ཉི་མ་དང་འདྲའོ། །ནུས་པར་གྱུར་ནས་ཆོས་ཀྱི་ཆུའི་ཆར་འབེབས་པས་ས་བཅུ་པ་ཆོས་ཀྱི་སྤྲིན་ནོ། །དེ་གནས་གཙང་མ་པ་རྣམས་ཀྱི་བདག་པོར་གྱུར་ཀྱང་ཇི་སྲིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བསྐྱེད་པར་ནུས་པ་དེ་སྲིད་དེ་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་ཡིད་དགའ་བར་བྱེད་པའི་ཆོས་སྟོན་པར་བྱེད་པས་ན། དབྱངས་སྙན་པ་གླུ་དང་མཚུངས་སོ། །དེ་ལ་འདི་ལྟར་རྣམ་པར་དཔྱད་པར་བྱ་སྟེ། དྲི་མ་


DTG078_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ལ་སོགས་པའི་ས་དགུ་ནི། བསྒོམ་པའི་ལམ་གྱི་བདག་ཉིད་ཅན་དེའི་སྤང་བར་བྱ་བ་ནི། བག་ལ་ཉལ་བ་བཅུ་དྲུག་ཡིན་ནོ་ཞེས་བཤད་ན། དེ་ལྟར་གལ་ཏེ་ས་དགུས་སྤང་བར་བྱ་ན། དེའི་ཚེ་ས་བཅུ་པའི་མདོ་དང་འགལ་བར་འགྱུར་ཏེ། དེ་ལས་ས་བརྒྱད་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཉི་མ་ཤར་བས་ཉོན་མོངས་པ་ཐམས་ཅད་མུན་པ་དང་འདྲ་བར་སྤོང་བར་འགྱུར་རོ་ཞེས་གསུངས་ལ། དེ་ནི་ཁམས་གསུམ་པའི་ཆགས་པ་དང་བྲལ་བའི་དབང་དུ་མཛད་ནས་གསུངས་པས། དེ་ཉིད་འདིའི་མྱ་ངན་ལས་འདས་པར་འགྱུར་རོ། །འདོད་ཆགས་དང་མ་བྲལ་བའི་མྱ་ངན་ལས་འདས་པར་བརྟག་པ་ནི་མེད་པ་ཡིན་པའི་ཕྱིར་རོ། །འོན་ཏེ་སྤངས་པ་ཡིན་ན་ཉོན་མོངས་པ་རྣམས་ཇི་ལྟར་ངེས་པར་མ་བསྲེགས་ཞེས་བྱ་བ་ལ་སོགས་པ་དང༌། ཡང་འཁོར་བ་འགག་པར་གྱུར་ན། ཇི་ལྟར་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་མ་གྱུར་ཞེ་ན། འདི་ལ་ནི་བརྗོད་པར་བྱ་སྟེ། འགགས་སུ་ཟིན་ཀྱང་དབང་བཅུ་ཐོབ་པས་དེ་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱེད་པ་ལ་འགལ་བ་མེད་དོ། །ངེས་པར་མ་བསྲེགས་པ་ཞེས་བྱ་བ་ལ་སོགས་པ་གང་བག་ཆགས་ཀྱི་དབང་དུ་མཛད་ནས་གསུངས་པ་ཡིན་ན་འཁོར་བ་དང་མྱ་ངན་ལས་འདས་པ་ཉན་ཐོས་ཇི་ལྟ་བ་བཞིན་ག་ལ་འགྱུར་ཏེ། འདི་དག་ནི་སྙིང་པོ་མེད་པའི་ཚིག་ཏུ་ཟད་དོ། །དེ་ཡང༌། ཉེས་པ་བག་ཆགས་བཅས་པ་ནི། །སྐྱོབ་པ་གཅིག་པུ་ལ་མི་མངའ། །ཞེས་བཤད་པ་ཡིན་ནོ། །དེ་ནས་ཀུན་བཟང་ཞེས་བྱ་བ། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །སྐུ་གསུམ་གྱི་ནི་ངོ་བོ་ཉིད། །རྣམ་པ་ཐམས་ཅད་མཁྱེན་རང་བཞིན། །ཡང་གང་གི་ཚེ་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཅན་གྱི་དེ་ཁོ་ན་ཉིད་ལ་བསླབ་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྐྱེད་པར་ནུས་པ་དེའི་ཚེ་ཡེ་ཤེས་ལྔའི་བདག་ཉིད་ཅན་སྐུ་གསུམ་གྱི་ངོ་བོ་ཉིད་ཀུན་དུ་བཟང་པོ་ཞེས་བྱ་བའི་སངས་རྒྱས་ཀྱི་སར་རྣམ་པར་གཞག་གོ །དེ་ལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང༌། གང་ཡང་ཀུན་གཞི་རྣམ་པར་ཤེས་པ་རྣམ་པ་ཐམས་ཅད་དུ་རྣམ་པར་དག་པས་མེ་ལོང་ལྟ་བུའི་ཡེ་ཤེས་ཉིད་དུ་ཡོངས་སུ་གྱུར་པ་སྟེ། གཉིས་པོ་དག་ནི་ཆོས་ཀྱི་སྐུའོ། །


DTG078_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང༌། གང་ཡང་ཀུན་གཞི་རྣམ་ཤེས་ནི། །མེ་ལོང་ལྟ་བུའི་ཡེ་ཤེས་གྱུར། །དེ་ཡང་ཆོས་དབྱིངས་ངོ་བོ་རུ། །དེ་ཡང་ཆོས་ཀྱི་དབྱིངས་ཀྱི་ནི། །ངོ་བོར་ལ་ལ་འདོད་པ་ཡིན། །ཞེས་བཤད་པ་ཡིན་ནོ། །དེ་ཉིད་ཀྱིས་ནི་དེ་གཉིས་ཀྱི་ངོ་བོ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་མི་བསྐྱོད་པ་ཉིད་དེར་བདག་པོ་ཉིད་ཡིན་ནོ། །སྤྲུལ་པའི་འཁོར་ལོ་མ་ལུས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཉིད་ལ་རབ་ཏུ་འཇུག་པ་ཡིན་ནོ། །མཉམ་པ་ཉིད་དང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ནི་དེ་ཡང༌། ཉོན་མོངས་ཅན་ཉིད་གནས་གྱུར་པ། །མཉམ་ཉིད་ཡེ་ཤེས་ཡིན་པར་བཤད། །ཡིད་ཀྱི་རྣམ་ཤེས་ཉིད་གང་ཡིན། །སོ་སོར་རྟོག་བྱེད་ཡེ་ཤེས་སོ། །ཆོས་ཀྱི་ལོངས་སྤྱོད་སྟོན་པ་དང༌། །བྱང་ཆུབ་སེམས་དཔའ་ཆེན་པོ་ཡང༌། །ཆོས་ཀྱི་ལོངས་སྤྱོད་རྫོགས་ཉིད་ཀྱིས། །དེ་གཉིས་ལོངས་སྤྱོད་རྫོགས་སྐུ་ཉིད། །ཅེས་བཤད་པ་ཡིན་ནོ། །དེ་ཉིད་ཀྱིས་ན་དེ་དག་གི་ངོ་བོ་ཉིད་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་དང༌། འོད་དཔག་ཏུ་མེད་པ་གཉིས་ཀྱི་ལོངས་སྤྱོད་རྫོགས་པའི་ངོ་བོ་ཉིད་དོ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནི་སྤྲུལ་པའི་སྐུ་སྟེ། དེ་ཡང༌། གང་ཞིག་དབང་པོ་ལྔ་རྣམས་ཤེས། །དེ་ནི་དོན་ཀུན་ཡོངས་འཛིན་པས། །སེམས་ཅན་ཀུན་གྱི་དོན་ཐོབ་པ། །བྱ་སྒྲུབ་ཡེ་ཤེས་སྣོད་ཉིད་དོ། །དེ་ཡང་ཀུན་དུ་དུས་ཀུན་དུ། །ཇི་བཞིན་དུས་སུ་བསམ་པ་བཞིན། །སྤྲུལ་པ་ཀུན་གྱི་རྒྱུར་གྱུར་པས། །སངས་རྒྱས་རྣམས་ཀྱི་སྤྲུལ་སྐུ་ཡིན། །ཞེས་བཤད་པ་ཡིན་ནོ། །དེ་བས་ན་དེའི་ངོ་བོ་བཅོམ་ལྡན་འདས་དོན་ཡོད་པར་གྲུབ་པ་ནི་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པར་གྲུབ་པའི་སྤྲུལ་པའི་ལས་ཅན་ཡིན་ནོ། །དེར་ནི་སེམས་བསྐྱེད་རྣམ་པ་བརྒྱད། །གཞན་དོན་གཅིག་པུ་ལ་དགོངས་ཡིན། །རྟོག་མི་མངའ་ཡང་འཕེན་ཤུགས་ཀྱིས། །ཐུབ་པའི་འཇུག་པའི་ཆོས་ཉིད་ཡིན། །དེ་ཡང་མངོན་པར་ཤེས་པ་དང་ལྷན་ཅིག་པར་གཏོགས་པ་ནི་མཐུ་ཐོགས་པ་མེད་པ་མངའ་བ་ཉིད་ཀྱིས་གཞན་གྱི་དོན་ལྷུར་མཛད་པས་རྒྱལ་པོ་ཆེན་པོ་དང་འདྲའོ། །བསོད་ནམས་དང་ཡེ་ཤེས་དང་ལྷན་ཅིག་པར་གཏོགས་པ་ནི་མཛོད་དང་འདྲ་བས་


DTG078_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ཀྱི་ཁང་པ་དང་འདྲའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་ལྷན་ཅིག་པར་གཏོགས་པ་ནི་འཕགས་པ་ཐམས་ཅད་བཞུད་ཅིང་རྗེས་སུ་འགྲོ་བ་ཡིན་པས་ལམ་ཆེན་པོ་དང་འདྲའོ། །ཞི་གནས་དང་ལྷག་མཐོང་དང་ལྷན་ཅིག་པར་གཏོགས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པར་མི་ལྟུང་བར་བདེ་བར་འདེགས་པས་བཞོན་པ་དང་འདྲའོ། །གཟུངས་དང་སྤོབས་པ་དང་ལྷན་ཅིག་པར་གཏོགས་པ་ནི་བསྟན་པ་མཐའ་ཡས་པ་ཉེ་བར་འབྱེད་པས་བཀོང་མ་དང་འདྲའོ། །ཆོས་ཀྱི་སྦྱིན་པ་དང་ལྷན་ཅིག་པར་གཏོགས་པ་ནི་ཐར་པ་འདོད་པ་རྣམས་ཀྱིས་ཐོས་ན་དགའ་བ་ཡིན་པས་ཀུན་དུ་དགའ་བའི་སྒྲ་དང་མཚུངས་སོ། །བགྲོད་པ་གཅིག་པའི་ལམ་དང་ལྷན་ཅིག་པར་གཏོགས་པ་ནི་ཐམས་ཅད་ཀྱི་རྒྱུ་གཅིག་པུ་ཡིན་པའི་ཕྱིར་དང༌། རང་གི་ངང་གིས་འཇུག་པ་ཉིད་ཀྱིས་ན་ཆུ་བོའི་རྒྱུན་དང་འདྲའོ། །ཆོས་ཀྱི་སྐུ་དང་ལྷན་ཅིག་པར་གཏོགས་པ་ནི་དོན་གྱི་བྱ་བ་ཐམས་ཅད་ལ་རག་ལས་པའི་ཕྱིར་སྤྲིན་དང་འདྲའོ། །གཞན་དག་ན་རེ་སེམས་བསྐྱེད་པ་བརྒྱད་པོ་འདི་དག་ནི་མ་ངེས་པའི་ཚུལ་ཅན་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་ཞི་གནས་རྣམས་བསྒོམ་ཤེས་རབ་རྣམ་པར་དཔྱོད་པ་དང༌། །དེ་དང་རྗེས་མཐུན་དེ་གཉིས་ཀྱི་ནི་ཡེ་ཤེས་བསྐྱེད་ནས་སུ། །མཚང་མེད་པ་ཐབས་དེ་བསྟེན་ལ་ངེས་པའི་བདག་ཉིད་ཅན། །གང་ཡིན་རྣལ་འབྱོར་པ་དེ་ཀུན་ཀྱང་དབང་པོ་མཆོག་ཏུ་འགྱུར། །དེ་བས་དེ་ནི་མོས་སྤྱོད་ལས། །སྔ་མ་ཉིད་དུ་མི་ལྡོག་པར། །ཤེས་རབ་ཕ་རོལ་ཕྱིན་སོགས་སུ། །རྫོགས་པའི་སངས་རྒྱས་ཀུན་གྱིས་བརྩིས། །ཕ་རོལ་ཏུ་ཕྱིན་པ་མཆོག་གི་མན་ངག་བསྟན་པའོ། །འདི་དག་ཐམས་ཅད་ཡོངས་རྫོགས་པར། །དབང་འབྲིང་གིས་ཀྱང་བསྒོམ་པར་བྱ། །ཤེས་རབ་བསྐྱེད་ནས་དེ་ནས་ནི། །དེ་དང་ཚུལ་མཐུན་སྦྱིན་སོགས་ཡིན། །དབང་པོ་འབྲིང་པོ་རྣམས་ཀྱིས་ཀྱང༌། །འདི་སྐད་དུ་བཤད་པའི་ཞི་གནས་རྣམ་པར་བསྒོམས་ལ་ཤེས་རབ་ཀྱིས་ཀྱང་དོན་རྣམ་པར་དཔྱད་དེ་དེ་ཉིད་ཀྱིས་ཤེས་རབ་བསྐྱེད་པ་དང་རྗེས་སུ་མཐུན་པའི་ཐབས་ལ་བསླབ་པར་བྱའོ། །དེ་རྣམས་སྐྱེ་མཆེད་རྣམ་པ་ཡིས། །དོན་ཀུན་དམིགས་པར་རྒྱལ་བ་རྣམས། །བཞེད་ཀྱི་ཞི་གནས་བསྐྱེད་པ་ལ། །ཁམས་


DTG078_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དབྱེ་བས་མ་ཡིན་ནོ། །ཡང་དེ་རྣམས་སྐྱེ་མཆེད་ཀྱི་རྣམ་པ་གཉིས་ཀྱིས་དོན་ཐམས་ཅད་ལ་ཡང་དག་པར་དམིགས་ཏེ་ཞི་གནས་སྐྱེད་པར་བྱེད་པ་ཡིན་ནོ། །རྒྱལ་བའི་སྲས་དེ་ཇི་སྲིད་དུ། །རབ་དགའི་སར་ནི་མ་ཞུགས་ལ། །དེ་ཉིད་ངེས་གྱུར་དེ་སྲིད་དུ། །མི་ལྡོག་ཉིད་ཀྱང་མ་ཡིན་ནོ། །གང་གི་ཕྱིར་དེ་རྣམས་ཀྱིས་ཞི་གནས་དང་ལྷག་མཐོང་གི་དེ་ཁོ་ན་ཉིད་བསྐྱེད་དུ་ཟིན་ཀྱང་ཇི་སྲིད་རབ་ཏུ་དགའ་བའི་ས་མ་ཐོབ་པ་དེ་སྲིད་རྡོ་རྗེ་ལྟ་བུའི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་མེད་པས་ཕྱིར་མི་ལྡོག་པ་མ་ཡིན་ཞིང་རང་གི་ལམ་ལ་མངོན་པར་བརྩོན་པར་གྱུར་པའང་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དབང་པོ་བར་མའི་མན་ངག་བསྟན་པའོ། །དབང་པོ་ཐ་མ་ཞི་གནས་བསྐྱེད། །གཟུགས་དང་གཟུགས་མེད་དབྱེ་བས་སམ། །ཕུང་པོ་ཡི་ནི་དབྱེ་བ་ཡིས། །དོན་ཀུན་དམིགས་པ་གསལ་བར་འདོད། །དབང་པོ་ཐམས་ཅད་ཀྱང་དེ་བཞིན་དུ་ཐམས་ཅད་བསྒོམ་ཞིང་བསྟེན་པར་བྱ་མོད་ཀྱི་འོན་ཀྱང་དེ་རྣམས་ཁམས་དང་སྐྱེ་མཆེད་ཀྱི་དབྱེ་བ་རྣམ་པར་སྤངས་ནས་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་དབྱེ་བ་ཉིད་ཀྱིས་དོན་ཐམས་ཅད་ལ་དམིགས་པར་བཤད་དོ། །དེ་ཉིད་ལ་ནི་ངེས་རྒྱུ་ཅན། །ཇི་སྲིད་རིང་དུ་སོང་མ་ཞུགས། །དེ་སྲིད་དེར་ནི་ཕྱིར་མི་ལྡོག །མ་ཡིན་ཞེས་ནི་རྒྱལ་བས་གསུངས། །དྲིས་པ་སོ་སོའི་སྐྱེ་བོར་གྱུར་ཀྱང་ཞི་གནས་དང་ལྷག་མཐོང་དག་གིས་ཡང་དག་པའི་ཡེ་ཤེས་བསྐྱེད་པ་དེ་ཇི་ལྟར་མ་ངེས་པ་ཡིན་ནོ། །ཡང་བླ་ན་མེད་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་བྱས་སུ་ཟིན་ཀྱང་ཇི་ལྟར་ན་ངེས་པ་ཙམ་མེད་པས་ཕྱིར་མི་ལྡོག་པར་རྟོག་འདོད་ཆགས་དང་བྲལ་བའི་ལམ་གྱི་འབྲས་བུ་ཐོབ་ཀྱང་འབྲས་བུ་དེ་ལས་ཉམས་པས་དེ་ཉིད་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ཡང་ཤི་ནས་འབྲས་བུ་མི་ཉམས་སོ་ཞེས་བཤད་པ་ཡིན། འདིར་བརྗོད་པར་བྱ་སྟེ། དེ་ཁོ་ན་ཉིད་མངོན་དུ་མ་བྱས་པ་ནི། གང་ལ་ཡང་ཡོད་པ་མ་ཡིན་གྱི། དེ་ལས་གོ་བཟློག་པ་མ་ངེས་པ་ཙམ་ཉིད་ནི་འཁོར་བ་པ་ཞེས་བྱའོ། །དེ་བས་ན་ཞི་གནས་དང་ལྷག་མཐོང་གཉིས་ཡང་དག་པའི་ཡེ་ཤེས་བསྐྱེད་པ་ལ་དེ་དང་རྗེས་སུ་མཐུན་པར་སྤྱོད་པ་ཡིན་ནོ། །དྲིས་པ་གལ་ཏེ་ཐམས་ཅད་ཐམས་ཅད་དུ་དེ་ཁོ་ན་ཉིད་མངོན་སུམ་དུ་བྱེད་པ་


DTG078_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་ཡང་དག་པའི་ཡེ་ཤེས་བསྐྱེད་པ་འདི་གང་ཞིག་ཡིན། དེ་ནི་གང་འདི་དེ་དང་རྗེས་སུ་མཐུན་པའི་སྤྱོད་པ་བྱེད་པ་རྣམས་ཡིན་ནོ། །དེ་དེ་ལྟ་ཡིན་ན་ངེས་པ་ཡིན་མོད། དེ་ལྟ་མ་ཡིན་ཏེ་བརྟན་པར་གྱུར་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཉིད་ཡིན་པར་ངེས་པ་ཡིན་ནོ། །དེ་ལྟ་ན་ངེས་པར་འབྱེད་པའི་ཆ་ལས་འབྱུང་བ་ཇི་ལྟར་འབྱུང་ཞེ་ན། དེ་ཙམ་ཉིད་ནས་དེ་ཁོ་ན་ཉིད་ལ་མོས་ཤིང་མོས་པ་ལས་འབྱུང་ངོ་ཞེས་དེ་ཁོ་ན་ཉིད་སྨྲ་བ་རྣམས་འདོད་དོ། །ཡང་ཕྱིར་ལྡོག་པར་རྟོག་པར་ཇི་ལྟར་འགྱུར་ཞེས་གང་སྨྲ་བ་དེ་ནི་རྡོ་རྗེ་ལྟ་བུའི་སེམས་མེད་པ་ཉིད་ཡིན་ནོ་ཞེས་ཁོ་བོ་ཅག་སྨྲའོ། །དོན་འདི་ཉིད་ལ་དགོངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱིར་མི་ལྡོག་པའི་རྟགས་ཀྱི་ལེའུ་ལས་སོ་སོའི་སྐྱེ་བོའི་གནས་སྐབས་དང༌། ས་དང་པོ་ལ་སོགས་པའི་གནས་སུ་བྱང་ཆུབ་སེམས་དཔའ་རྣམས་ཕྱིར་མི་ལྡོག་པའི་རྟགས་ཉིད་དང་ལྡན་པར་གསུངས་པ་ཡིན་ནོ་ཞེས་ཁོ་བོ་ཅག་གི་བླ་མས་བཤད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་དབང་པོ་ཐ་མའི་སྤྱོད་པ་བསྟན་པའོ། །འཕོ་མེད་བྱང་ཆུབ་ལ་བརྟེན་ཤིན་ཏུ་གསལ་བར་བཤད་འདི་ལ། །གང་ཞིག་དེ་ཉིད་རབ་མྱུར་ཡང་དག་མིན་བརྟེན། །དེ་ལ་ཆེ་འབྲིང་ཐ་མའི་ལམ་གཞན་དག་ཀྱང་གང་ཡིན་པ། །དེ་ལས་གཞན་པར་གང་གིས་མྱུར་འགྱུར་བདག་གིས་བཤད་པར་བྱ། །མངོན་སུམ་མ་ཡིན་ཡེ་ཤེས་དང༌། །ལས་ཀྱི་ཕྱག་རྒྱ་སོགས་རིམ་གྱིས། །སྒྲོ་བཏགས་ཀུན་དང་རྣམ་བྲལ་བའི། །དེ་ཉིད་བསྒོམ་པར་མི་ནུས་པ། །དེ་ཕྱིར་དང་པོར་རྒྱལ་བས་ནི། །དེ་ཉིད་རབ་ཏུ་གསལ་བ་དང༌། །ཉོན་མོངས་མེད་པའི་རྒྱུ་དང་ནི། །སྒྲོ་བཏགས་རྣམས་ནི་སྤངས་པ་གསུངས། །གང་ཞིག་ཇི་སྐད་དུ་བཤད་པའི་རྣམ་པ་དྲུག་གིས་དེ་ཁོ་ན་ཉིད་སྐྱེད་པར་མི་ནུས་པ་དེ་རྣམས་ཀྱི་ཕྱིར་དེ་ཁོ་ན་ཉིད་དེ་ཉིད་འདོད་ཆགས་ལ་སོགས་པ་བསྐྱེད་པའི་རྒྱུའི་སྒྲོ་བཏགས་པ་ཅུང་ཟད་ལས་ལྡོག་པ་བསྒོམ་པར་བྱ་བའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་མངོན་པར་གསུངས་པ་ཡིན་ནོ། །དེ་ཡང༌། བདེ་སོགས་སྒྲོ་བཏགས་ལས་གྲོལ་བ། །སྡུག་བསྔལ་བདེན་སོགས་མིང་ཉིད་དུ། །རྫོགས་པའི་སངས་རྒྱས་ཀྱིས་བསྟན་ཅིང༌། །དེ་ཉིད་ཁོ་ནས་ལྷག་པར་བརྟགས། །དེ་ལ་རྟག་


DTG078_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བདེ་བ་དང་བདག་དང་བདག་གིར་སྒྲོ་བཏགས་པ་ལས་བཟློག་པར་བྱ་བའི་ཕྱིར། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་བ་དང༌། བདག་མེད་པའི་རྣམ་པར་བསྒོམ་པ་ན་དེ་ཁོ་ན་ཉིད་དེ་ཉིད་སྡུག་བསྔལ་གྱི་བདེན་པ་ཞེས་བྱ་བར་བཏགས་པའོ། །དེ་ནས་འདོད་པའི་དབང་ཕྱུག་ལ་སོགས་པའི་རྒྱུ་མེད་པས་ན་ཆོས་ཐམས་ཅད་ནི་རྒྱུ་མེད་པའོ། །དུས་ལ་སོགས་པ་ནི་སེམས་མེད་ཅིང་རྟག་པའི་དངོས་པོའི་དོན་གྱི་རྒྱུ་ཅན་ཡིན་པའི་ཕྱིར་རྒྱུ་གཅིག་པ་དང༌། གཙོ་བོ་ཚངས་པ་ལ་སོགས་པའི་རྒྱུ་ཅན་ཡིན་པས་ན། དངོས་པོ་འགྱུར་བའི་རྒྱུ་ཅན་ནོ། །དབང་ཕྱུག་ལ་སོགས་པའི་རྒྱུ་ཅན་ཡིན་པས་ན་བློ་དང་ལྡན་པའི་རྒྱུ་ཅན་ནོ་ཞེས་བྱ་བ་དེའི་གཉེན་པོར་རྒྱུ་དང་ཀུན་འབྱུང་བ་དང༌། རབ་ཏུ་སྐྱེ་བ་དང་རྐྱེན་ཞེས་བྱ་བ་ལྡོག་པ་བཞི་བསྟན་ཏེ། དེ་བསྒོམ་པ་ན་ཀུན་འབྱུང་གི་བདེན་པ་ཞེས་བྱ་བར་བཏགས་སོ། །ཐར་པ་མེད་དོ་ཞེས་བྱ་བ་དང་ཐར་པ་ནི་སྡུག་བསྔལ་བ་ཞེས་བྱ་བ་དང༌། བསམ་གཏན་གྱི་བདེ་བ་ཉིད་གྱ་ནོམ་པ་ཡིན་ཞེས་བྱ་བ་དང༌། གྲོལ་བ་རྣམས་ཀྱང་སླར་འཁོར་བར་ལྟུང་བར་འགྱུར་རོ་ཞེས་བྱ་བའི་གཉེན་པོར་འགོག་པ་ཉིད་དང༌། ཞི་བ་ཉིད་དང༌། གྱ་ནོམ་པ་ཉིད་དང༌། ངེས་པར་འབྱུང་བ་ཉིད་ཅེས་བྱ་བ་ལྡོག་པ་རྣམ་པ་བཞི་བསྟན་ཏེ། དེ་རྣམས་བསྒོམས་པ་ན་འགོག་པའི་བདེན་པ་ཞེས་བྱ་བར་བཏགས་སོ། །མྱ་ངན་ལས་འདས་པ་མ་ཐོབ་པས་སྔོན་པོ་ལ་སོགས་པ་ལས་ཐ་དད་པ་དང༌། དེ་བཞིན་དུ་བདག་ཡོད་བས་མཚན་ཉིད་ཅན་གྱི་ལམ་མེད་པ་དང༌། འདི་ནི་ལམ་ངན་པ་སྟེ་ལམ་མེད་པ་དང༌། སླར་མི་ལྡོག་པའི་ལམ་ཡིན་ནོ་ཞེས་བྱ་བའི་གཉེན་པོར་ལམ་དང༌། རིགས་པ་ཉིད་དང༌། སྒྲུབ་པ་ཉིད་དང༌། ངེས་པར་འབྱིན་པ་ཉིད་ཅེས་བྱ་བ་ལྡོག་པ་བཞི་བསྟན་ཏེ། དེ་རྣམས་བསྒོམས་པ་ན་ལམ་གྱི་བདེན་པ་ཞེས་བྱ་བར་བཏགས་སོ། །སྔོན་པོ་ལ་སོགས་པ་ལས་ཐ་དད་པར་མྱ་ངན་ལས་འདས་པ་མ་མཐོང་བའི་ཕྱིར་རོ། །དེ་ལྟར་ན་དེ་ཁོ་ན་ཉིད་དབྱེར་མེད་པའི་རང་བཞིན་ཅན་ཡིན་ན་ཡང་ལྡོག་པ་ཙམ་ཉིད་ཀྱི་དབྱེ་བས་བྱིས་པ་རྣམས་ལ་སྡུག་བསྔལ་ལ་སོགས་པའི་བདེན་པའི་དབྱེ་བས་བསྟན་པ་ཡིན་ནོ། །ཡང་མི་རྟག་པ་ལ་སོགས་པའི་རྣམ་


DTG078_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

པར་དབྱེ་བ་རྣམ་པ་བཅུ་དྲུག་ཏུ་ཡང་བསྟན་ཏོ། །དེ་བསྒོམ་པ་ནི་གང་ཡིན་པ། །མངོན་པར་རྒྱལ་བ་མཆོག་གིས་བསྟན། །མདོར་བསྡུས་མཛོད་དུ་སློབ་དཔོན་ནི། །དབྱིག་གཉེན་གྱིས་ཀྱང་དེ་བཤད་དོ། །དེ་བས་དེ་ནི་བསྒོམ་འདོད་པས། །དེ་དག་ལས་དེ་ཤེས་པར་བྱ། །སྦྱོར་བ་མཐོང་བ་ལ་སློབ་ལམ། །སློབ་པའི་རྣམ་དབྱེ་རྣམ་པ་བཞི། །གལ་ཏེ་དེ་ལྟ་ཡིན་དུ་ཟིན་ཀྱང་ཆོས་མངོན་པའི་མཛོད་ལས་བཤད་པ་དབང་པོ་ཐ་མ་དང༌། བར་མ་དང༌། རབ་ཀྱི་དབྱེ་བས་ཕྱེ་བ་གསུམ་ཆར་གྱིས་ཡང་ཅུང་ཟད་ཅིག་འདིར་བཤད་པར་བྱའོ། །དེ་ལ་རེ་ཞིག་དང་པོར་རྣལ་འབྱོར་པས་སོ་སོར་ཐར་པའི་སྡོམ་པ་བླངས་པས། ཚུལ་ཁྲིམས་ལ་གནས་པར་བྱ་སྟེ། ཚུལ་ཁྲིམས་ས་ལྟར་ཡོན་ཏན་ནི། །མ་ལུས་ས་བོན་བརྟེན་འགྱུར་གྱིས། །ཞེས་ཤེས་པར་བྱས་ལ། དེ་རྣམ་པར་དག་པར་བསྲུང་བ་ལ་འབད་པར་བྱའོ། །དེ་ནས་འཕགས་པའི་བདེན་པ་བཞི་དང་རྗེས་སུ་མཐུན་པའི་བསྟན་བཅོས་མཉན་པ་དང༌། དཔྱད་པ་བདག་གིས་ཐོས་པ་དང་བསམ་པའི་རང་བཞིན་ཅན་གྱིས་ཤེས་རབ་བསྐྱེད་ལ། བསྒོམ་པ་ལ་རབ་ཏུ་སྦྱར་བར་བྱའོ། །དེ་ཡང༌། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་སྦྱར་བྱ། །ཞེས་བཤད་པ་ཡིན་ནོ། །དེ་ནས་བསྒོམ་པ་ལ་སྦྱར་བའི་དུས་སུ་དམ་པ་མ་ཡིན་པ་དང་འདྲེས་པ་དང༌། རྣམ་པར་རྟོག་པ་ཡོངས་སུ་སྤངས་པས་ལུས་དང་སེམས་ཉེ་བར་སྡུད་པར་འགྱུར་རོ། །དེ་ལྟར་ལུས་དང་སེམས་ཉེ་བར་སྡུད་པ་ཡང་ཆོག་ཤེས་པ་དང༌། འདོད་པ་ཆུང་བར་འགྱུར་གྱི་འདོད་པ་ཆེ་བ་དང་ཆོག་མི་ཤེས་པ་རྣམས་ནི་མ་ཡིན་ནོ། །དེ་ཡང་འདོད་པ་ཆེ་བ་དང༌། ཆོག་མི་ཤེས་པ་ལས་ཉེ་བར་སྡུད་པ་གཉིས་དང་ལྡན་པར་མི་འགྱུར་རོ། །དེ་ཡང་འདོད་ཆགས་ལ་སྤྱོད་པ་དང༌། རྣམ་པར་རྟོག་པ་ལ་སྤྱོད་པ་རྣམ་པ་གཉིས་ཡོད་དོ། །དེ་ལ་འདོད་ཆགས་ལ་སྤྱོད་པས་ནི་དང་པོར་སེམས་མཉམ་པར་གཞག་པར་བྱ་བའི་ཕྱིར་མི་གཙང་བ་བསྒོམ་པར་བྱའོ། །རྣམ་པར་རྟོག་པ་ལ་སྤྱོད་པས་ནི་དབུགས་རྔུབ་པ་དང་འབྱུང་བ་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །དེ་ཡང༌། དེ་ལ་འཇུག་པ་མི་གཙང་བ་འམ། དབུགས་འབྱུང་བ་དང་རྔུབ་པ་དྲན་པས་སོ་ཞེས་བཤད་པ་


DTG078_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེ་ནས་ཞི་གནས་ཐོབ་པར་གྱུར་ནས་ནི། །ལུས་དང་ཚོར་བ་དང་སེམས་དང༌། ཆོས་རྗེས་སུ་དྲན་པ་སྟེ། རྗེས་དྲན་བཞི་བསྒོམ་པར་བྱའོ། །དེ་རྣམས་ཀྱི་བསྒོམ་པ་ནི་རང་དང་སྤྱིའི་མཚན་ཉིད་ལ་ཡོངས་སུ་བརྟག་པའོ། །དེ་ལ་རང་གི་མཚན་ཉིད་ནི། གཟུགས་སུ་རུང་བ་ཞེས་བྱ་བ་ལ་སོགས་པའོ། །སྤྱིའི་མཚན་ཉིད་ནི་སྟོང་པ་དང་བདག་མེད་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ཡང༌། ཞི་གནས་ཐོབ་པར་གྱུར་ནས་ནི། །ལུས་དང་ཚོར་བ་སེམས་ཆོས་ཀྱིས། །མཚན་ཉིད་གཉིས་ནི་ཡོངས་བརྟགས་པས། །དྲན་པ་ཉེར་གཞག་བསྒོམ་པར་བྱ། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་མི་གཙང་བ་དང༌། དབུགས་འབྱུང་བ་དང་རྔུབ་པ་རྗེས་སུ་དྲན་པའི་སྦྱོར་བ་ལ་བསླབས་པས་རང་གི་མཚན་ཉིད་ཀྱི་རིགས་དང་ལྡན་པ་དག་འདི་རྗེས་སུ་དྲན་པ་ན་འཇུག་པར་འགྱུར་ཏེ། དེ་ཡང་མི་གཙང་བར་འདུ་ཤེས་པའི་ཕྱིན་ཅི་ལོག་པའི་གཉེན་པོ་ཡིན་ནོ། །དེ་ནས་ཚོར་བ་རྗེས་སུ་དྲན་པ་ལ་སྟེ་དེ་ཡང་སྡུག་བསྔལ་བདེ་བར་ཕྱིན་ཅི་ལོག་པའི་གཉེན་པོ་ཡིན་ནོ། །དེ་ནས་ཡང་སེམས་རྗེས་སུ་དྲན་པ་ལ་སྟེ། དེ་ཡང་མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག་པའི་གཉེན་པོ་ཡིན་ནོ། །དེ་ནས་དེའི་འོག་ཏུ་ཆོས་རྗེས་སུ་དྲན་པ་སྟེ། དེ་ཡང་དད་པ་ལ་སོགས་པའི་ཆོས་ཙམ་དུ་དམིགས་པས་བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་པའི་གཉེན་པོ་ཡིན་པ་དེ་བས་ན་ཕྱིན་ཅི་ལོག་བཞིའི་གཉེན་པོ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །གང་གི་ཚེ་རང་གི་མཚན་ཉིད་འཛིན་པས་ན་ཆོས་ཞེས་བྱ་བས་ཕུང་པོ་ལྔ་ལ་དམིགས་པ་ཉིད་ཆོས་རྗེས་སུ་དྲན་པ་སྟེ། དེའི་ཚེ་ཆོས་ཐམས་ཅད་ལ་དམིགས་པའི་ཆོས་རྗེས་སུ་དྲན་པ་ལ་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པའི་རྣམ་པར་ཆོས་ཐམས་ཅད་བསྒོམ་པ་ཡིན་ནོ། །དེ་བས་ན། ཆོས་ཀུན་དྲན་པ་ཉེར་གཞག་པར། །མ་ལུས་དམིགས་པ་ལ་གནས་པའི།། མི་རྟག་སྡུག་བསྔལ་སྟོང་པ་དང༌། །བདག་མེད་དེ་ནི་རྣམ་ཐར་མཐོང༌། །ཞེས་གསུངས་པ་ཡིན་ནོ། །དེ་ནས་ཕྱིས་འབྱུང་བར་འགྱུར་བའི་འཕགས་པའི་ལམ་གྱིས་མེའི་སྔ་རྟགས་གཙུབ་ཤིང་གི་མེའི་སྔོན་དུ་དྲོ་བ་འབྱུང་བ་དང་འདྲ་བའི་དྲོད་དུ་གཏོགས་པའི་ངེས་པར་འབྱེད་པའི་ཆ་སྐྱེད་པར་བྱེད་དོ། །


DTG078_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བདེན་པ་བཞིའི་ཡུལ་ལ་རྣམ་པ་བཅུ་དྲུག་ཏུ་དམིགས་ལ། དེ་ནས་ཡང་རྩེ་མོར་གཏོགས་པ་སྟེ། དེ་དང་འདྲ་བ་ཉིད་དོ། །དེ་ནས་ཀྱང་བཟོད་པའོ། །དེ་ནས་བཟོད་པ་ལས་ཆོས་ཀྱི་མཆོག་གོ །འདི་དག་ནི་ངེས་པར་འབྱེད་པའི་ཆ་བཞི་བསྒོམ་པའི་རང་བཞིན་ཅན་ཉིད་ཀྱི་དགེ་བའི་རྩ་བ་ཡིན་ནོ། །དེ་ཡང༌། དེ་ལྟར་ངེས་འབྱེད་ཆ་བཞི་པོ། །བསྒོམ་པ་རང་བཞིན་ཅན་ཞེས་བཤད་པ་ཡིན་ཏེ། འདི་ཙམ་ནི་སྦྱོར་བའི་ལམ་ཡིན་ནོ། །དེ་ཡན་ཆད་འཕགས་པའི་བདེན་པ་རྣམ་པ་བཞིའི་ཡུལ་ལ་སྐད་ཅིག་མ་བཅུ་དྲུག་ཅན་གྱི་བདེན་པ་མངོན་པར་རྟོགས་པས་ཟག་པ་མེད་པ་མངོན་པར་རྟོགས་པ་སྐྱེ་བར་ཟད་དོ། །དེ་ཡང་འདི་ལྟ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་ཆོས་ཤེས་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཆོས་ཤེས་པ་སྟེ། སྡུག་བསྔལ་གྱི་བདེན་པ་ལ་དམིགས་པའི་སྐད་ཅིག་མ་བཞིའོ། །དེ་བཞིན་དུ་ཀུན་འབྱུང་བ་དང་འགོག་པ་དང༌། ལམ་གྱི་བདེན་པ་ལ་ཡང་སྦྱར་བར་བྱའོ། །དེ་ལ་ཆོས་ཤེས་པའི་བཟོད་པ་དང༌། ཆོས་ཤེས་པའི་སྐད་ཅིག་མ་བརྒྱད་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱི་གཉེན་པོ་ཡིན་ནོ། །རྗེས་སུ་རྟོགས་པའི་བཟོད་པ་དང༌། རྗེས་སུ་རྟོགས་པའི་ཆོས་ཤེས་པའི་སྐད་ཅིག་མ་བརྒྱད་ནི། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱི་གཉེན་པོ་ཡིན་ནོ། །དེ་ཡང༌། འཇིག་རྟེན་པ་ཡི་ཆོས་མཆོག་ལས། །ཆོས་ཤེས་བཟོད་པ་ཟག་པ་མེད། །ཅེས་བཤད་པ་ཡིན་ནོ། །དེ་ལ་ལམ་ལ་རྗེས་སུ་རྟོགས་པའི་ཤེས་པའི་སྐད་ཅིག་མ་ཡོངས་སུ་སྤངས་ནས། དེ་ཡན་ཆད་ནི་མཐོང་བའི་ལམ་ཡིན་ཏེ་རྗེས་སུ་རྟོགས་པ་ཤེས་པ་ཉིད་ནི་མཐོང་བའི་ལམ་ཡོངས་སུ་རྫོགས་པ་ཡིན་པའི་ཕྱིར་རོ། །སེམས་སྐད་ཅིག་མ་བཅུ་དྲུག་པ་ལ་ནི་ཤེས་པར་བྱ་བ་སྔོན་མེད་པ་ཡོད་པར་འདོད་ཀྱི་མཐོང་བར་བྱ་བ་ནི་མེད་དེ་བཟོད་པ་ཉིད་མཐོང་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །བསྒོམ་པའི་ལམ་ཡང་དག་པར་བསྡུས་པའི་ལམ་གྱི་རྗེས་སུ་ཤེས་པ་ཞེས་བྱ་བ་ནི་ཆོས་མངོན་པ་ལས་གསལ་བར་བྱ་སྟེ། དེ་ཡང༌། མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །དེར་ནི་སྐད་ཅིག་


DTG078_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བཅོ་ལྔའོ། །ཞེས་བཤད་པ་ཡིན་ནོ། །དེ་ལ་བཟོད་པའི་སྐད་ཅིག་མ་དེ་ཉིད་ཉོན་མོངས་པ་སྤོང་བར་བྱེད་པས་བར་ཆད་མེད་པའི་ལམ་གྱི་ངོ་བོ་ཉིད་དོ། །ཤེས་པའི་སྐད་ཅིག་མ་ནི་རྣམ་པར་གྲོལ་བའི་ལམ་གྱི་ངོ་བོ་ཉིད་དོ། །ཉོན་མོངས་པ་ཡང་མདོར་བསྡུ་ན། སྡུག་བསྔལ་དང་ཀུན་འབྱུང་དང༌། འགོག་པ་དང༌། ལམ་དང༌། བསྒོམ་པས་སྤང་བར་བྱ་བའི་དབྱེ་བས་རྣམ་པ་ལྔར་འགྱུར་རོ། །དེ་ལ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བཅུ་སྟེ། འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ཐེ་ཚོམ་སྟེ་ལྔ་དང༌། འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལོག་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་ལྔ་སྟེ་བཅུའོ། །ཀུན་འབྱུང་དང་འགོག་པ་མཐོང་བས་སྤང་བར་བྱ་བ་ནི་བདུན་ཏེ། དེ་དག་ཉིད་ལས་འཇིག་ཚོགས་དང༌། མཐར་འཛིན་པ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པ་མ་གཏོགས་པ་གོང་མ་རྣམས་སོ། །ལམ་མཐོང་བས་སྤང་བར་བྱ་བ་ནི་བརྒྱད་དེ། བདུན་པོ་དེ་དག་ཉིད་དང་ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པར་བལྟའོ། །བསྒོམ་པས་སྤང་བར་བྱ་བ་ནི་བཞི་སྟེ། འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་སྟེ་འདི་དག་ནི་འདོད་པའི་ཁམས་ཀྱི་ཡིན་ནོ། །གཟུགས་དང་གཟུགས་མེད་པའི་ཁམས་དག་ལ་ཡང་དེ་དག་ཉིད་ལས་ཐམས་ཅད་དུ་ཁོང་ཁྲོ་བ་བཏོན་པ་ལྷག་མ་གསུམ་མོ། །དེ་ཉིད་ཀྱིས་ན་ཉོན་མོངས་པ་དགུ་བཅུ་རྩ་བརྒྱད་དུ་འགྱུར་རོ། །དེ་ཡང༌། དེ་དག་བཅུ་དང་བདུན་བདུན་བརྒྱད། །ལྟ་བ་གསུམ་གཉིས་མ་གཏོགས་པ། །འདོད་ན་སྡུག་བསྔལ་ལ་སོགས་པ། །མཐོང་བས་རིམ་བཞིན་སྤོང་བར་བྱེད། །བཞི་ནི་བསྒོམ་པས་སྤང་བྱ་ཡིན། །ཁོང་ཁྲོ་མ་གཏོགས་དེ་དག་ཉིད། །གཟུགས་ཁམས་གཟུགས་མེད་དེ་དང་འདྲ། །དེ་ལྟར་དགུ་བཅུ་རྩ་བརྒྱད་འདོད། །ཅེས་བཤད་པ་ཡིན་ནོ། །དེ་ལ་འཇིག་རྟེན་ཆོས་ཀྱི་མཆོག་གི་རྗེས་ཐོགས་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བ་ན་འདོད་པའི་ཁམས་ན་སྤྱོད་པའི་སྡུག་བསྔལ་


DTG078_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་ཐོབ་བ་སྤོང་སྟེ། དེ་ཡང་ཤེས་རབ་ཀྱི་བདག་ཉིད་ཅན་ཡིན་པ་ཉིད་ཀྱིས་སྡུག་བསྔལ་མཐོང་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །སྡུག་བསྔལ་ལ་ཆོས་ཤེས་པ་སྤང་བ་བཟོད་པས་ཡོངས་སུ་མཐོང་བའི་སྡུག་བསྔལ་ལ་ངེས་པའི་བདག་ཉིད་ཡིན་ཏེ། དེ་ཡང་མཚུངས་པར་ལྡན་པ་རྣམས་དང་ཐོབ་པ་ལྷན་ཅིག་སྐྱེ་བ་ཡིན་ནོ། །དེ་ལྟར་ན་བཟོད་པ་ཐམས་ཅད་ནི་སྡུག་བསྔལ་ལ་སོགས་པ་མཐོང་བའི་བདག་ཉིད་ཡིན་ལ། ཤེས་པ་རྣམས་ནི་ངེས་པའི་བདག་ཉིད་ཅན་ཡིན་ཏེ། འདི་གཉིས་ཀྱིས་རྐུན་པོ་འབྱིན་པ་དང་སྒོ་གཏན་འཛུད་པའི་ཚུལ་དུ་ཉོན་མོངས་པ་ཐམས་ཅད་སྤོང་བར་བྱེད་དོ། །དེ་བཞིན་སྡུག་བསྔལ་ལ་རྗེས་སུ་ཆོས་ཤེས་པའི་བཟོད་པ་སྐྱེ་བ་ན་གཟུགས་དང་གཟུགས་མེད་པའི་ཁམས་ན་སྤྱོད་པའི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བཅོ་བརྒྱད་ཀྱི་ཐོབ་པ་སྤོང་བར་བྱེད་ལ། སྡུག་བསྔལ་ལ་ཆོས་ཤེས་པ་ཡང་དེ་དང་མཚུངས་པར་ལྡན་པའི་ཐོབ་པ་ལྷན་ཅིག་སྐྱེ་བར་འགྱུར་རོ། །ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བ་ན་དེའི་སྤང་བར་བྱ་བའི་ཉོན་མོངས་པ་འདོད་པའི་ཁམས་ན་སྤྱོད་པའི་ཉོན་མོངས་པ་བདུན་གྱི་ཐོབ་པ་སྤོང་བར་འགྱུར་རོ། །ཆོས་ཤེས་པ་ཡང་དེ་དང་མཚུངས་པར་ལྡན་པའི་ཐོབ་པ་དང་ལྷན་ཅིག་སྐྱེ་བར་འགྱུར་རོ། །ཀུན་འབྱུང་བ་རྗེས་སུ་ཆོས་ཤེས་པའི་བཟོད་པ་སྐྱེ་བ་ན་དེའི་སྤང་བར་བྱ་བའི་ཉོན་མོངས་པས་གོང་མ་པ་ཡིན་པའི་ཕྱིར་རོ། །ཉོན་མོངས་པའི་ཐོབ་པ་བཅུ་གཉིས་སྤོང་བར་འགྱུར་ལ། རྗེས་སུ་ཤེས་པ་ཡང་དེ་དང་མཚུངས་པར་ལྡན་པའི་ཐོབ་པ་དང་ལྷན་ཅིག་སྐྱེ་བར་འགྱུར་རོ། །འགོག་པ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བར་འགྱུར་བ་དེའི་སྤང་བར་བྱ་བའི་ཉོན་མོངས་པ་འདོད་པའི་ཁམས་ན་སྤྱོད་པའི་བདུན་གྱི་ཐོབ་པ་སྤོང་བར་འགྱུར་ལ། ཆོས་ཤེས་པ་ཡང་དེ་དང་མཚུངས་པར་ལྡན་པའི་ཐོབ་པ་དང་ལྷན་ཅིག་སྐྱེ་བར་འགྱུར་རོ། །འགོག་པ་ལ་རྗེས་སུ་ཆོས་ཤེས་པའི་བཟོད་པ་སྐྱེ་བ་ན། དེའི་སྤང་བར་བྱ་བའི་ཉོན་མོངས་པ་གོང་མ་བཅུ་གཉིས་ཀྱི་ཐོབ་པ་སྤོང་བར་འགྱུར་ལ། རྗེས་སུ་ཆོས་ཤེས་པ་ཡང་དེ་དང་མཚུངས་པར་ལྡན་པའི་ཐོབ་པ་དང་ལྷན་ཅིག་སྐྱེ་བར་འགྱུར་རོ། །ལམ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བ་དེའི་སྤང་བར་བྱ་


DTG078_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཉོན་མོངས་པ་འདོད་པའི་ཁམས་ན་སྤྱོད་པ་བརྒྱད་སྤོང་བར་འགྱུར་ལ། ཆོས་ཤེས་པ་ཡང་དེ་དང་མཚུངས་པར་ལྡན་པའི་ཐོབ་པ་དང་ལྷན་ཅིག་སྐྱེ་པར་འགྱུར་རོ། །ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་སྐྱེ་བ་ན་དེའི་སྤང་བར་བྱ་བའི་ཉོན་མོངས་པས་གོང་མ་པ་བཅུ་བཞིའི་ཐོབ་པ་སྤོང་བར་འགྱུར་རོ། །འདི་ཙམ་གྱིས་ལམ་ལ་གནས་པའི་རྣལ་འབྱོར་པ་ནི་རྒྱུན་དུ་ཞུགས་པའི་རྒྱུ་ལ་ཞུགས་པ་ཞེས་བྱའོ། །རྗེས་སུ་ཆོས་ཤེས་པ་དེ་དང་མཚུངས་པར་ལྡན་པ་ཐོབ་པ་ལྷན་ཅིག་བྱུང་བའི་སྐད་ཅིག་མ་དེར་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ་ཉིད་ཡིན་ནོ། །དེ་ལྟར་རེ་ཞིག་མཐོང་བའི་ལམ་གྱིས་དེའི་སྤང་བར་བྱ་བ་སྤངས་པ་ཡིན་ནོ། །དེའི་འོག་ཏུ་ནི་བསྒོམ་པའི་ལམ་སྐྱེ་བར་འགྱུར་ཏེ། དེས་ཀྱང་དེ་སྤང་བར་བྱ་བ་སྤོང་བར་འགྱུར་རོ། །དེ་ཡང་འདོད་པ་དང་གཟུགས་དང་གཟུགས་མེད་པའི་དབྱེ་བས་བཅུར་འགྱུར་ལ། བཅུ་པོ་དེ་དག་རེ་རེ་ཞིང་ཡང་རྣམ་པ་དགུ་དགུར་བྱས་ཏེ། འཁོར་བ་ནི་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་བསམ་གཏན་བཞི་དང༌། གཟུགས་མེད་པའི་ཁམས་བཞི་སྟེ། ས་དགུ་ཡིན་ནོ། །དེ་ལ་འདོད་པའི་ཁམས་ན་འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་དགུར་དབྱེ་བ་དང༌། གཟུགས་དང་གཟུགས་མེད་པའི་ས་རྣམས་ཀྱི་འདོད་ཆགས་དང་ང་རྒྱལ་དང༌། མ་རིག་པ་ཡང་རེ་རེ་ཞིང་དགུ་དགུར་དབྱེ་སྟེ། དེ་ལྟར་བྱས་ན་སའི་རྣམ་པའི་དབྱེ་བས་བརྒྱད་ཅུ་རྩ་གཅིག་ཏུ་འགྱུར་ཏེ། རྣམ་པ་འདི་ཉིད་ཀྱིས་བསྒོམ་པའི་ལམ་ཡང་བརྒྱད་ཅུ་རྩ་གཅིག་ཉིད་ཡིན་ནོ། །དེ་ཡང༌། ས་དང་ས་ལ་ཉེས་རྣམ་དགུ། །དེ་བཞིན་དུ་ནི་ཡོན་ཏན་རྣམས། །ཆུང་དང་འབྲིང་དང་ཆེ་རྣམས་ཀྱི། །ཆུང་ངུ་ལ་སོགས་ཐ་དད་ཕྱིར། །ཞེས་བཤད་པ་ཡིན་ནོ། །བྱེ་བྲག་ནི་འདི་ཡིན་ཏེ། ས་རེ་རེ་ཞིང་ཉོན་མོངས་པའི་རྣམ་པ་དང་པོ་ཆེན་པོ་ཆེན་པོའི་ནས་ཐ་མ་ཆུང་དུ་ཆུང་དུའི་བར་ཉིད་ལ་ལམ་གྱི་རྣམ་པ་ཡང༌། དང་པོ་ནི་ཆུང་ངུའི་ཆུང་དུ་ཡིན་ལ། ཐ་མ་ནི་ཆེན་པོའི་ཆེན་པོ་ཡིན་ནོ། །དེ་ཡང་གང་གི་ཕྱིར་དེ་ནི་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་མཐོང་བ་རྣམས་ལ་ཡང་དང་ཡང་དུ་རྩོལ་བས་བསྒོམ་པ་ཡིན་ལ། རྩོལ་བ་ཡང་དང་པོ་མ་


DTG078_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་པའི་གནས་སྐབས་སུ་ནི་ཆུང་ངུའི་ཆུང་ངུ་ཉིད་སྐྱེ་བར་འགྱུར་ལ། དེ་ལས་ཀྱང་ཆུང་ངུའི་བར་མ་ཉིད་སྐྱེ་བར་འགྱུར་བ་ནས་མཐར་ཆེན་པོའི་ཆེན་པོའི་བར་དུ་སྐྱེ་བར་འགྱུར་རོ། །དེ་ཉིད་ཀྱིས་ན་ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་པོ་ལམ་གྱི་རྣམ་པ་ཆུང་ངུའི་ཆུང་ངུས་སྤོང་བར་འགྱུར་ལ། ཆུང་ངུའི་ཆུང་ངུ་ནི་ཆེན་པོའི་ཆེན་བོས་སྤོང་བར་འགྱུར་ཏེ། དེ་ནི་ཁྲུས་མཁན་གྱི་གོས་ཀྱི་ཚུལ་དུ་ཤེས་པར་བྱའོ། །དེ་ལ་གང་ལམ་གྱི་རྣམ་པ་བརྒྱད་ཅུ་རྩ་གཅིག་པོ་འདི་དག་གིས་ཉོན་མོངས་པའི་རྣམ་པ་དེ་ལས་རེ་རེ་སྤོང་བར་བྱེད་པ་ན་རེ་རེ་ཞིང་པར་ཆད་མེད་པ་དང༌། རྣམ་པར་གྲོལ་བའི་ལམ་གྱི་ངོ་བོ་ཉིད་ཡིན་པར་ཤེས་པར་བྱའོ། །དེ་ལ་གང་འདོད་པར་གཏོགས་པའི་ཉོན་མོངས་པ་རྣམ་པ་ལྔ་སྤང་བའི་བར་ནི་ལན་ཅིག་ཕྱིར་འོང་བའི་རྒྱུ་ལ་ཞུགས་པ་ཡིན་ལ། དྲུག་པ་སྤངས་པ་ནི་ཕྱིར་འོང་བ་ཉིད་དོ། །ཉོན་མོངས་པའི་རྣམ་པ་བདུན་པ་དང་བརྒྱད་པ་སྤངས་པ་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པའོ། །འདོད་པར་གཏོགས་པའི་ཉོན་མོངས་པ་དགུ་པ་སྤངས་པ་ནི་ཕྱིར་མི་འོང་བ་ཉིད་དོ། །སྲིད་པའི་རྩེ་མོའི་ཆ་བརྒྱད་སྤངས་པའི་བར་ནི་དགྲ་བཅོམ་པའི་རྒྱུ་ལ་ཞུགས་པའོ། །དགུ་པ་སྤོང་བ་བར་ཆད་མེད་པའི་ལམ་ནི་རྡོ་རྗེ་ལྟ་བུ་ཞེས་བྱ་ལ་རྣམ་པར་གྲོལ་བའི་ལམ་ནི་ཟད་པ་ཤེས་པ་ཞེས་བྱ་བའོ། །ཟད་པ་ཤེས་པ་སྐྱེ་བར་གྱུར་པ་ཆུང་ངུ་དང་བར་མ་དང་ཆེན་པོའི་དབྱེ་བའི་ཁམས་གསུམ་པའི་ཉོན་མོངས་པ་དེ་དག་ཐམས་ཅད་སྤངས་པ་ནི་དགྲ་བཅོམ་པར་འགྱུར་རོ། །དེ་དག་ནི་བསྒོམ་པའི་ལམ་ཡིན་ནོ། །དེ་ཡང་གཡོ་བ་དང་མི་གཡོ་བའི་བར་གྱི་དབྱེ་བས་རྣམ་པ་མང་དུ་འགྱུར་ཏེ། དེ་ལ་གང་མི་གཡོ་བའི་ཆོས་ཅན་གཅིག་པུ་ལ་ནི་དེའི་ཚེ་ཟད་པ་ཤེས་པ་སྐྱེ་བར་འགྱུར་རོ། །གལ་ཏེ་ཟད་པ་ཤེས་པ་མ་ཡིན་ན་མི་སློབ་པའི་ཤེས་རབ་སྐྱེ་བར་འགྱུར་ལ། དེ་དག་ཐམས་ཅད་ཀྱང་དགྲ་བཅོམ་པ་ཡིན་པར་བྱེ་བྲག་མེད་དོ། །དེ་ཡང༌། གལ་ཏེ་མི་སྤོང་ཟད་ཤེས་ལས།། མི་སྐྱེའི་བློ་གྲོས་ཡོད་མིན་ན། །ཟད་ཤེས་སམ་ནི་མི་སློབ་ལྟར། །དེ་ཡི་དགྲ་བཅོམ་ཐམས་ཅད་ལ། །ཞེས་བཤད་པ་ཡིན་ནོ། །དེ་ཉིད་ཀྱིས་ན་ཟད་པ་ཤེས་པའི་རྗེས་ཐོགས་ལ་མི་སློབ་པའི་ལམ་དུ་རྣམ་པར་གཞག་པ་ཡིན་ནོ། །དེར་ཡང་ལུས་ཀྱི་མངོན་སུམ་དུ་བྱེད་པ་ལ་སོགས་པའི་དབྱེ་བས་


DTG078_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་མང་པོ་ཡོད་མོད་ཀྱི་སྐབས་འདིར་དགོས་པ་མེད་པའི་ཕྱིར་དང༌། གཞུང་མངས་ཀྱིས་དོགས་པས་མ་བཤད་པ་ཡིན་ནོ། །ཁམས་གསུམ་པ་ཡི་ཉོན་མོངས་ཟད། །ཀུན་མཁྱེན་ཡེ་ཤེས་ཀྱིས་བསྐུལ་ནས། །ཕྱག་རྒྱ་ཆེ་དང་མཉམ་སྦྱོར་བ། །ཐོབ་ནས་རྒྱལ་བ་དམ་པར་འགྱུར། །དེ་ལ་རེ་ཞིག་དབང་པོ་རབ་ནི་ཁམས་གསུམ་པའི་ཉོན་མོངས་པ་རྣམས་སྤངས་པ་ཡིན་དུ་ཟིན་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང༌། བསོད་ནམས་ཀྱི་ཚོགས་ལས་ངེས་པར་འབྱུང་བའི་གཟུགས་ཀྱི་སྐུ་མེད་པར་སེམས་ཅན་མ་ལུས་པའི་དགོས་པ་བྱེད་ནུས་པར་མ་མཐོང་བ་དང། སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་ཉིད་ཀྱིས་སེམས་ཅན་མ་ལུས་པ་གདོན་པའི་བསམ་བས། བཅོམ་ལྡན་འདས་ཀྱིས་དབང་དུ་བྱས་པ་ཉིད་ཀྱིས་དེའི་དུས་ཕྱི་ཞིག་ན། བཅོམ་ལྡན་འདས་ཡུམ་ཤེས་རབ་ཀྱི་མཚན་རྣམ་པ་གཞན་ཡང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་བསྐྱེད་དེ། དེ་བསླབ་པ་ཉིད་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་ནས། སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ་ཞེས་བྱ་བ་ནི་མན་ངག་གོ །དེ་བས་ན་དེའི་ཕྱག་རྒྱ་ཆེན་པོའི་སྦྱོར་བ་བསྒོམས་པ་ཉིད་ལས་འཚང་རྒྱ་བ་ཉིད་ཅེས་བྱའི། སངས་རྒྱས་ཉིད་ཐོབ་པའི་ལམ་དེ་ལས་གཞན་དག་ཡོད་པ་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །ཕྱག་རྒྱ་ཆེན་པོ་ལ་འཇུག་པའི་དོན་དུ་འདོད་ཆགས་བྲལ་བའི་ལམ་བསྒོམ་པ་ནི་འགལ་བ་མེད་དེ། སྟོང་ཉིད་བསྒོམས་པས་གྲོལ་འགྱུར་ཏེ། །བསྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་བཤད་པ་ཡིན་ནོ། །གང་ཡང་འདོད་ཆགས་དང་བྲལ་བའི་ལམ་སྐྱེད་དུ་ཟིན་ཀྱང་འདོད་ཆགས་དང་བྲལ་བའི་ལམ་མངོན་སུམ་དུ་མ་བྱས་པ་ཉིད་དུ་དུས་བྱས་པ་དེ་རྣམས་ནི་ལུས་ཀྱིས་སྟོན་པར་མངོན་པར་འདོད་པའི་དབང་དང་ལམ་ཡོངས་སུ་སྨིན་པར་དམ་པའི་ཆོས་ནུབ་པར་འགྱུར་བ་ན། རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱས་ནས་ཟག་པ་མེད་པའི་དབྱིངས་ཉིད་དུ་འཁོད་པར་འགྱུར་རོ། །དེ་ཡང་བསྟན་བཅོས་ལས། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང༌། །ཉན་ཐོས་རྣམས་ནི་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །རྟེན་པ་མེད་ལས་རབ་ཏུ་སྐྱེ། །ཞེས་ཇི་སྐད་བཤད་པ་ཡིན་ནོ། །


DTG078_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡང་དང་པོ་ནས་བདག་ཉིད་དུལ་བ་དང་ཞི་བར་གཅིག་ཏུ་མངོན་པར་འདོད་པ་ཉིད་ཀྱིས་འདོད་ཆགས་དང་བྲལ་བ་མངོན་སུམ་དུ་བྱེད་པ་དེ་རྣམས་ཀྱང་མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱ་སྟེ། ཟག་པ་མེད་པའི་དབྱིངས་ཉིད་ལ་གནས་ལ། ཕྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཡང་དག་པར་བསྐུལ་བ་ཉིད་ཀྱིས་ཕྱག་རྒྱ་ཆེན་པོ་ལ་འཇུག་པའི་རིམ་གྱིས་སངས་རྒྱས་ཉིད་ཐོབ་པར་འགྱུར་བ་ཡིན་ཞེས་བྱ་བ་ནི་མདོར་བསྡུས་པའོ། །དེ་ཡང་བསྟན་བཅོས་ལས། ཐུགས་རྗེ་ཆེན་པོ་དང་བྲལ་བས། །འདི་དག་རང་གི་དོན་ལ་གཞོལ། །རང་བྱུང་སྒྲ་ལས་སྐྱེས་པ་སྟེ། །ཐེག་པ་ཆེན་པོར་མི་བསྔགས་སོ། །ཐེག་པ་ཆེ་ལས་བསྟན་པ་ཡིན། །རྒྱལ་བའི་ཡོན་ཏན་མཐའ་ཡས་དང༌། །བྱང་ཆུབ་སེམས་དཔའི་མཐུ་ཐོས་པས། །དེ་དག་སྣོད་ཉིད་འགྱུར་བ་ཡིན། །རང་གི་ལམ་གྱིས་ཐེག་ཆེན་ནོར། །མ་ལུས་བསྲེགས་པར་གྱུར་པ་སྟེ། །བྱང་ཆུབ་སེམས་དཔའ་རྣམས་ནང་ན། །སྐྱེས་བུ་དབུལ་པོ་ལྟ་བུར་གནས། །བྱང་ཆུབ་གཉིས་པོ་ཐོབ་པ་དེ། །སྲིད་པས་ཤིན་ཏུ་སྐྲག་པས་ན། །ཚེ་ཟད་པ་ནི་དགའ་གྱུར་པ། །མྱ་ངན་འདས་ཐོབ་མིང་ཅན་ཡིན། །འདི་ཉིད་མྱ་ངན་འདས་མིན་གྱི། །འོན་ཀྱང་སྲིད་གསུམ་སྐྱེ་བ་ནི། །དེ་ལ་ཡོད་པ་མ་ཡིན་བས། །དེ་རྣམས་ཟག་མེད་དབྱིངས་ན་འཁོད། །མི་ཤེས་ཉོན་མོངས་མིན་ཡང་ཕྱིར། །ཕྱི་ནས་སངས་རྒྱས་ཀྱིས་རབ་བསྐུལ། །བསོད་ནམས་ཚོགས་ནི་བསགས་པ་ལས། །དེ་ཡང་འཇིག་རྟེན་འདྲེན་པར་འགྱུར། །ཞེས་ཇི་སྐད་དུ་རྒྱ་ཆེར་བཤད་པའོ། །དེ་བས་ཕྱག་རྒྱ་ཆེ་མཉམ་སྦྱོར།། རྣལ་འབྱོར་དང་ནི་བྲལ་བ་ཉིད། །རྫོགས་པའི་བྱང་ཆུབ་མི་ཐོབ་ཅིང༌། །མངོན་མཐོའི་འབྲས་བུ་ཉིད་མ་ཡིན། །དེ་ཉིད་ལ་ནི་འཇུག་པའི་ཕྱིར། །བདེན་པ་བཞི་ནི་རྣམ་བསྒོམ་པ། །རྡོ་རྗེ་སེམས་སོགས་བསྒོམ་པ་ཡི། །རྣལ་འབྱོར་པ་ལ་འགལ་བ་མེད། །འོན་ཀྱང་གཏམ་དུ་བྱ་བ་གཞན་ཡང་ཡོད་དེ། བདག་གཞན་ལྟ་ལ་ཆགས་པ་དང༌། །སྡང་བས་ཉེས་བཅོམ་ཡིད་སྤངས་ཏེ། །རྣམ་པར་དཔྱད་ལས་གཞན་པའི་རྒྱུ། །དེ་ཉིད་ངེས་པར་མ་མཐོང་ངོ༌། །དེ་བས་དེར་གུས་རྣལ་འབྱོར་བས། །རྗེས་ཆགས་ཁོང་ཁྲོ་སྤངས་ནས་ནི། །རྣམ་པ་ཀུན་ལ་མཁས་བྱ་ཞེས། །དེ་ལྟར་


DTG078_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་དམ་པས་གསུངས། །ཞེས་བྱ་བ་ཡིན་ནོ། །དེ་ལྟར་ཀུན་མཁྱེན་གྱིས་གསུངས་བཀའ། །ཀུན་ཕན་མ་ལུས་བརྟགས་ནས་ནི། །མདོར་བསྡུས་ནས་ནི་བསྟན་པ་འདི། །དེ་ཉིད་ཤེས་རྣམས་མགུ་ཕྱིར་བྱས། །དེ་ལྟར་ལམ་ལ་རྣམ་ཞུགས་སེམས་ནི་ངེས་པར་མི་གཡོ་གང༌། །གཡོ་བར་གྱུར་ནའང་དེ་ཚེ་ཡང་དག་བཀའ་ནི་རྣམས་བསྒོམས་ལ། །རྒྱལ་བའི་གསུང་གི་ཚོགས་ནི་ཐོག་མ་བར་དང་མཐའ་དག་ལ། །བརྟེན་ཅིང་མི་ཕྱེད་ཚུལ་རྣམས་ཀུན་གྱིས་རྣམ་པར་བརྟགས་པས་བརྟེན་པར་འགྱུར། །དེ་ལྟར་མ་ལུས་བདེ་གཤེགས་བཀའ། །བདག་གིས་ཡང་དག་བཤད་པ་ཡི། །བསོད་ནམས་གང་ཡིན་དེ་འགྲོ་ཀུན། །དེ་ཡི་གཞུང་ལ་ཅི་དགར་ཤོག །དེ་ཁོ་ན་ཉིད་ལ་འཇུག་པ་ཞེས་བྱ་བ་བདེ་བར་གཤེགས་པའི་བཀའ་མ་ལུས་པ་མདོར་བསྡུས་ཏེ་བཤད་པའི་རབ་ཏུ་བྱེད་པ། སློབ་དཔོན་དཔལ་ཡེ་ཤེས་གྲགས་པས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་པདྨཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།

གསང་སྔགས་ཀྱི་ཚུལ་གྱི་སྣང་བ།
མཐོ་བཙུན་བཙོ་ཡངས།


DTG078_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མནྟྲ་ན་ཡ་ཨཱ་ལོ་ཀ །བོད་སྐད་དུ། གསང་སྔགས་ཀྱི་ཚུལ་གྱི་སྣང་བ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྣམ་དག་དགའ་བ་ཡང་དག་འབབ། །རབ་མཛེས་རྒྱ་ཆེའི་སྐུ་མངའ་བ། །ཤེས་རབ་ཐབས་བདག་ཉིད་རྡོ་རྗེ། །སྐུ་གསུང་ཐུགས་ལ་ཕྱག་འཚལ་ལོ། །དུས་ཀྱི་བདག་ཉིད་ངན་པ་དང༌། །འགྲོ་བ་འང་སྐལ་བ་མེད་པ་དག །གཟིགས་ནས་བདག་གི་བླ་མ་ཡིས།། གསང་སྔགས་ཚུལ་བཤད་བཀག་པ་ཡིན། །འདི་ལྟར་དེ་ཉིད་ཀྱིས་མཛད་པའི། །དེ་ཉིད་སྙིང་པོ་བསྡུས་པར་ནི། །དེ་མ་བཤད་པའི་རིགས་པ་དང༌། །དགོངས་པ་ཡང་ནི་བསྟན་པ་ཡིན། །གང་ཡང་བློ་དམན་ཁ་ཅིག་ནི། །དེར་དེས་མ་རྟོགས་པ་ཉིད་དམ། །ཕྲག་དོག་ཡིན་པར་དོགས་བྱེད་ཅིང༌། །རྨོངས་པ་ཡིས་ཀྱང་དེ་བརྙས་བྱེད། །དེ་སྤང་སྡིག་པའི་མེ་ནང་དུ། །ཕྱེ་མ་ལེབ་ལྟར་ཇི་སྲིད་ནི། །ལྟུང་བར་མ་གྱུར་དེ་སྲིད་དུ། །དེ་སྐྱོབ་པ་ལ་བདག་འབད་དོ། །འདི་ན་ཆོས་བདག་མེད་པ་ནི། །ཐོས་པ་ཙམ་གྱིས་བློ་ངན་རྣམས། །ཕལ་ཆེར་རྒྱང་བ་ན་གྲུབ་མཐའ་ཡི། །


DTG078_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལུགས་ལ་ནི་ཀུན་དུ་བརྟེན། །ཟས་དང་སྤྱོད་ལམ་ལ་སོགས་པ། །ངན་པ་རང་དགའ་ཉིད་དུ་བྱེད། །བླ་མ་དགེ་བའི་བཤེས་གཉེན་ཡང༌། །མི་ཤེས་དྲེགས་པས་སྨོད་པར་བྱེད། །བདག་དང་བདག་གིར་འཛིན་སྨྱོ་བྱེད། །ཅུང་ཟད་ཙམ་ཡང་བཙལ་བར་ནི། །མི་ནུས་བཞིན་དུ་ཆོས་རྣམས་ཀྱི། །ངོ་བོ་མེད་པ་ཉིད་དུའང་སྨྲ། །ཐུབ་པ་ཆེན་པོའི་བསྟན་པ་ཡི། །དེ་ཉིད་དོན་ནི་མི་ཤེས་པར། །མི་བཟད་ལས་ཀྱིས་བཅོམ་པ་རྣམས། །གཞན་དག་ཀྱང་ནི་རླག་པར་བྱེད། །བདེ་གཤེགས་གཞུང་དུ་བཅོས་པ་ཡི། །བསྟན་པ་འཇིག་བྱེད་བདུད་དེ་ནི། །གཞོམ་པའི་དོན་དུ་བདག་ཅག་གིས། །དེ་ཉིད་ཅུང་ཟད་བསྟན་པར་བྱ། །འཇིག་རྟེན་གྲགས་ལམ་བཟང་སྤོང་བ། །འཇིག་རྟེན་རྒྱང་པ་ན་མ་གཏོགས་པ། །མུ་སྟེགས་པ་ཡང་འདོད་མིན་ན། །སངས་རྒྱས་རྗེས་འབྲང་སྨོས་ཅི་དགོས། །ཉོན་མོངས་ཤེས་བྱའི་སྒྲིབ་འཇིག་ཅིང༌། །བདུད་རྣམས་འཇོམས་པའི་བསྟན་པ་ནི། །ཉེས་པ་ཀུན་ལས་རྣམ་གྲོལ་བ། །བློ་གྲོས་ངན་པས་དྲི་མས་གོས། །བདེ་གཤེགས་གཞུང་ནི་གང་ཡིན་ལ། །ཟས་སྤྱོད་ངན་འདི་ག་ལ་ཡོད། །ཉི་མ་དག་དང་མུན་ནག་ནི། །ལྷན་ཅིག་གནས་པར་སྣང་བ་ཡིན། །འོན་ཏེ་དེ་ཉིད་རྣལ་འབྱོར་པ། །བདག་ཅག་ལ་ནི་ཁ་ཟས་དང། །སྤྱོད་ལམ་སོགས་ཀུན་ཅི་དགའ་བར། །རྣལ་འབྱོར་རྒྱུད་ལས་སྐྱོབ་པས་གནང༌། །དེ་ཡང་འདི་ནི་གསལ་ཉིད་དུ། །ཟླ་གསང་ཐིག་ལེ་ལ་སོགས་ལས། །རྣལ་འབྱོར་བ་ཡིས་མི་བྱ་བ། །ཅི་ཡང་མེད་ཅིས་གསུངས་པ་ཡིན། །གཞན་ཡང༌། ཆོས་དང་ཆོས་མིན་པ་སོགས་པ། །ཐམས་ཅད་བསམ་པས་བརྟག་པར་ཟད། །དངོས་པོ་དེ་ལྟའི་རང་བཞིན་ཡིན། །ཁྱོད་ཀྱི་ཚད་མ་ཅི་ཡང་མེད། །བྱ་བའི་འབྲས་བུ་བསམ་པ་ལ། །རག་ལས་དེ་ཕྱིར་དེ་བཞིན་གཤེགས། །བརྩེར་ལྡན་དེ་ཉིད་གཟིགས་པ་ཡིས། །བཀག་པ་རྣམས་ཀྱང་གནང་བར་མཛད། །གཞན་ཡང་འདི་དག་རང་བཞིན་གྱིས། །ཆོས་རྣམས་ཐམས་ཅད་བདག་མེད་དེ། །ནམ་མཁའི་ཨུཏྤལ་སོགས་བཞིན་གསོག །ཉོན་མོངས་ཅི་ཞིག་བྱེད་པར་འགྱུར། །ཡང་ན་འདི་དག་ཁྱད་པར་འཕགས་པའི། །ཚོགས་པ་དང་ནི་ལྡན་གྱུར་པས། །འབྲས་བུ་ཁྱད་འཕགས་ཉིད་


DTG078_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན་ཏེ། །རྒྱ་སྐྱེགས་ཀྱིས་བསྒོས་པ་ས་བོན་མཚུངས། །རྫས་སོགས་མཉམ་ཉིད་གོམས་པ་ལས། །ངེས་པར་དག་པ་ཉིད་གྱུར་པའི། །སེམས་ཀྱིས་བྱང་ཆུབ་ཐོབ་འགྱུར་ཞེས། །དེ་ལྟར་དེ་ཉིད་ཤེས་རྣམས་གནས། །ཆོས་རྣམས་སྒྱུ་མ་ལྟ་བུ་ཡི། །དོན་དམ་པ་ཉིད་མཐོང་ན་ནི། །རྫོགས་སངས་རྒྱས་ལྟར་འཇིག་རྟེན་འདིར། །ཅི་བདེ་བར་ནི་གནས་པར་བྱ། །དཀའ་བའི་ལས་ནི་གང་ཅི་ཡང་རུང༌། །གང་ཞིག་ཉོན་མོངས་སྐྱེད་འགྱུར་བ། །དེ་ནི་འཇིག་རྟེན་མགོན་པོ་ཡིས། །སྔགས་སྤྱོད་གནས་པ་རྣམས་ཕྱིར་བཀག །བདེ་བས་བྱང་ཆུབ་ཐོབ་འགྱུར་སོགས། །གསུང་ལ་མ་གུས་པ་རྣམས་ནི། །བསྟན་བཅོས་མི་ཤེས་འདི་ཅི་ཞེས། །དམ་ཚིག་སྡང་རྣམས་བདག་ལ་སྨོས། །དེ་ལྟར་ཡིད་ནི་མ་རིག་པའི། །གཉིས་ཀྱིས་ཡེ་ཤེས་མིག་རྒྱ་བཏབ། །སད་མ་གྱུར་པས་བློ་ངན་རྣམས། །དེ་དང་དེའི་སྨྲ་བར་བྱེད།། སྤྱིར་ནི་རྒྱུད་རྣམས་ཐམས་ཅད་ལས། །འདི་འདྲའི་དམ་ཚིག་སྡོམ་པ་ནི། །མགོན་པོས་གསུང་བ་བདེན་མོད་ཀྱི། །འོན་ཀྱང་འདི་དེ་རྣམས་དཔྱད་བྱ། །བཟའ་མིན་བགྲོད་མིན་བསྟེན་ལ་སོགས། །གལ་ཏེ་བྱང་ཆུབ་འགྲུབ་འགྱུར་ན། །ཐ་མལ་བ་དང་དུད་འགྲོ་ཡང༌། །ཅི་ཕྱིར་ད་དུད་གྲོལ་མ་གྱུར། །དུག་གི་ནུས་པ་འཆི་བ་དང༌། །འཁྲུ་བའི་ནུས་པ་འཁྲུ་བ་ལྟར། །བཟའ་མིན་སོགས་པ་སྡིག་བསྐྱེད་དེ། །དངོས་རྣམས་ནུས་པ་སྣ་ཚོགས་ཡིན། །ལ་ལས་དུག་ནི་ཟོས་པ་ཡིས། །དེ་ཡི་མཐུ་རྟོགས་མ་ཡིན་གྱིས། །འོན་ཀྱང་འཇིག་རྟེན་གྲགས་ཕྱིར་རམ།། བསྟན་བཅོས་ལས་ནི་ཤེས་པ་ཡིན། །གུར་གུམ་ལ་སོགས་སེར་བ་དང༌། །བཤང་བ་ལ་སོགས་སྨད་པ་ཉིད། །ངོ་བོ་ཉིད་ཀྱིས་གྲུབ་པ་ལ། །གཞན་དུ་བྱ་བར་སུ་ཡིས་ནུས། །དུག་སོགས་ནུས་པ་དེ་ཡང་ནི། །མཐོང་བ་ཉིད་ན་ཉམས་མྱོང་འགྱུར། །བཟའ་མི་ན་སོགས་ནི་མི་མཐོང་ཡང༌། །དེ་ནི་དེ་བཞིན་རྟོགས་པར་འགྱུར། །ཕྱིན་ཅི་ལོག་གི་ལས་བྱེད་ན། །རེ་ཞིག་འཇིག་རྟེན་སྨོད་བྱེད་ལ། །དེ་བཞིན་རྒྱལ་པོ་ལ་སོགས་ཀྱི། །ཆད་པས་རྨོངས་པ་འཇིག་པར་འགྱུར། །ཇི་ལྟར་བཅོས་མའི་གསེར་ལ་སོགས། །གསང་སྟེ་འཚོ་བར་བྱེད་པ་ཡིན། །དེ་བཞིན་


DTG078_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སྤྱོད་རང་གི་ནི། །ཉམས་སུ་ལེན་ལ་འཇུག་པར་འོས། །བཀྲེས་སྐོམ་ཚ་གྲང་རྨུགས་པ་དང༌། །གཉིད་སོགས་ཀྱིས་རབ་གདུངས་གྱུར་པ། །སྣང་ན་དེ་རུ་ཁྱོད་ཀྱི་ནི། །དངོས་པོ་མེད་པ་གང་དུ་སོང༌། །ཆོས་རྣམས་ཐམས་ཅད་བདག་མེད་ལ། །རྙེད་དང་བཀུར་སྟི་འདོད་པ་ཉིད། །སྣང་ན་རྣལ་འབྱོར་པ་དག་ནི། །ཤིན་ཏུ་ངོ་མཚར་ཅིས་མི་བྱེད། །ཕན་བྱེད་སྡུག་པར་མཐོང་བ་དང༌། །ལ་ལ་གནོད་བྱེད་མཐོང་བ་དག །དངོས་ལ་དབང་པོ་འདས་ཤེས་ལ། །མ་མཐོང་བ་ལའང་ངེས་པ་འདིའོ། །ཁྱེད་ཀྱིས་སྤང་བྱ་སྤང་བ་དང༌། །བླང་བྱ་བླང་བར་ཅིས་མི་སྣང༌། །འཇིག་རྟེན་ཕ་རོལ་དག་ཏུ་ཡང༌། །འདི་ལ་ཅི་ཕྱིར་མངོན་མི་དགའ། །བྱ་བ་རྣམས་ཀྱི་འབྲས་ཡོད་ཅེས། །ཁྱེད་རྣམས་ཀྱིས་ཀྱང་ངེས་པར་བྱ། །དེ་ལྟར་མིན་ན་ཟས་སྐོམ་སོགས། །འཐོབ་ཕྱིར་སྤྱོད་པ་ཅི་སྟེ་བྱེད། །ཐུབ་པའི་བསྟན་པ་ངེས་པ་དང༌། །དྲང་བའི་དོན་གྱི་དབྱེ་བས་ཕྱེ། །དམ་ཚིག་ལ་སོགས་དྲང་དོན་ནི། །མིན་ཞེས་ངེས་ཉིད་ཇི་ལྟར་བྱེད། །འདི་ནི་གསལ་བར་དྲང་དོན་ནི། །ཡིན་པར་ཡེ་ཤེས་གྲགས་པས་བཤད། །དེ་ནི་དེ་ཉིད་འཇུག་པ་ལས། །དེ་ཡི་ཚིག་འདི་མཉན་པར་གྱིས། །གནོད་སྦྱིན་སྲིན་པོ་ཤ་ཟ་སོགས། །དམ་ཚིག་བསྟན་པར་མཛད་པ་ནི། །ཡིད་རྟོན་སེམས་ཀྱིས་ཞེན་པ་དག །དེ་རྣམས་དེ་བསྒྲུབ་ཕྱིར་ཡིན་ནོ། །ལོག་རྟོག་དྲ་བ་ཐམས་ཅད་ལས། །ངེས་པར་ཟློག་ཕྱིར་སྐྱོབ་པ་ཡིས། །རིགས་ཀྱི་དབྱེ་བ་ལ་བརྟེན་ལ། །དམ་ཚིག་ངེས་པར་གསུང་བ་ཡིན། །གལ་ཏེ་དངོས་རྣམས་སྟོང་ཉིད་དུ། །ཡང་དག་ཉིད་དུ་ཁས་ལེན་ན། །ཅི་ཕྱིར་ལ་ལར་མངོན་ཞེན་པས། །འདི་ཉིད་ལ་ནི་ཁས་འཆེས་བྱེད། །འོན་ཏེ་སེམས་ཅན་ཆེན་པོ་འགའ། །དམ་ཚིག་ལ་སོགས་བསྟེན་པ་ཡིས། །དངོས་གྲུབ་ཉེ་བར་ཐོབ་ཅེས་ཐོས། །བདག་ཅག་རྣམས་ཀྱང་དེ་རྗེས་འབྲེང༌། །ཁྱེད་འདྲའི་བློ་གྲོས་ཆུང་དུ་དག །དེ་ཉིད་མཐོང་བ་དེ་ལྟ་བུའི། །བསམ་པའི་རྒྱ་མཚོ་གཏིང་ཟབ་པར། །འཇུག་པར་ནུས་པ་ག་ལ་ཡིན། །བྱིས་པ་ས་རྡུལ་ཙམ་ལ་ནི། །བཟའ་བ་འདི་དང་བཏུང་བ་འདི། །ཚོད་མ་སྣ་ཚོགས་ཀྱང་ཟོ་ཞེས། །རྩེད་མོ་བྱེད་པ་ཇི་ལྟ་བར། །དེ་བཞིན་དེ་ཉིད་མི་ཤེས་པའི། །སྔགས་ཀྱི་བསྟན་བཅོས་ལ་བསྒོམ་པ། །རང་གི་རྟོག་པས་ཀུན་བསྐྱེད་པའི། །འབྲས་


DTG078_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མེད་པར་ད་ལྟར་སྣང༌། །བསྟན་བཅོས་བདེན་པ་ལ་བརྟེན་ཅིང༌། །བླ་མའི་ལུང་ནི་བསྒོམ་པ་དག །བྱེད་ན་རྣལ་འབྱོར་འབྲས་བུ་འདི། །མེད་ཅེས་ཅི་ཕྱིར་སེམས་པར་བྱེད། །ཡང་དག་པ་ཡི་རྣལ་འབྱོར་པ། །དངོས་མེད་རྟོགས་ཤིང་བརྩེར་ལྡན་ལ། །རྒྱལ་བས་འདི་གསུངས་བདེན་མོད་ཀྱི། །དེ་ལྟར་འདི་འདྲ་འགའ་མ་མཐོང༌། །རྫོགས་སངས་རྒྱས་ལྟར་འཇིག་རྟེན་འདིར། །ཅི་བདེར་གནས་བྱ་གང་སྨྲ་བ། །ཁྱོད་ལ་རྫོགས་སངས་མཚན་མའི་ཆ། །ཡོད་པར་ཅི་ཡི་ཕྱིར་མི་སྣང༌། །གལ་ཏེ་སྔགས་ཀྱི་བསྟན་པ་ལ། །སྨོད་དུ་གྱུར་པ་ཁྱོད་ཡིན་ན། །བདག་ཅག་དམ་ཚིག་ལ་སྣང་བས། །འགལ་བར་སྨྲ་བར་འགྱུར་བ་ཡིན། །གལ་ཏེ་ཟས་སྐོམ་སྒོ་ནས་ནི། །རྫས་སོགས་མཉམ་པར་སློབ་བྱེད་ན། །སྦྱིན་ལ་སོགས་པའི་ལམ་གྱིས་ནི། །མི་སློབ་ཅེས་པ་ངོ་མཚར་ཆེ། །གལ་ཏེ་སྒྱུ་མ་ལྟར་གནས་པ། །འདི་ལ་ཁྱོད་ཀྱིས་བརྟེན་བྱས་ན། །བཀྲེས་སྐོམ་གྲང་སོགས་གནོད་པ་ལ། །ཁྱེད་ཀྱིས་སྒྱུ་མ་གང་དུ་སོང༌། །འཇིག་རྟེན་གཉེན་གྱིས་བསྔགས་པ་ལ། །ཚོགས་པ་ཁྱད་པར་ཅན་གསུངས་པ། །དེའི་ཆ་ཁྱོད་ལ་ཡོད་མིན་པ། །རྒྱུ་མེད་འབྲས་བུ་ག་ལས་བྱུང༌། །བདེ་བས་བྱང་ཆུབ་ཐོབ་འགྱུར་དང༌། །དཀའ་བ་སྤྱོད་པའང་སྤང་བ་ནི། །ཉིན་མཚན་བསྒོམ་བརྩོན་རྣལ་འབྱོར་པ། །གང་ཡིན་དེ་ལ་དེ་གསུངས་སོ། །རྒྱལ་བས་གསུང་ཚིག་གང་གང་ཡིན། །སྔ་མའི་ཕྱོགས་སུ་བསྟན་པ་རྣམས། །རང་ཉིད་གསད་ཕྱིར་གཤེད་བྱེད་ནི། །རང་ཉིད་ཇི་ལྟ་སློང་བར་བྱེད། །དེ་བཞིན་ཉིད་ཀྱི་རྣལ་འབྱོར་པ། །ཤེས་རབ་ཐབས་མཆོག་བདག་ཉིད་ཅན། །དེ་ལ་གསུངས་པ་དེའི་ནང་ནས། །ཁྱེད་ལ་ཆུང་ངུ་འང་འགའ་མ་མཐོང༌། །གང་ཡང་མགོན་པོས་སྔགས་ཚུལ་ལས། །དགག་པ་མང་པོ་གསུངས་པ་དག །དེ་ནི་སྐལ་མེད་ཕྱིར་ཡིན་ན། །རྨོངས་པ་ཁྱོད་ཀྱིས་ཅིས་མ་མཐོང༌། །རབ་བརྟགས་ཤིན་ཏུ་ལེགས་དཔྱད་ནས། །མཁས་པ་རྣམས་ནི་འཇུག་བྱ་ཡིན། །གཞན་དུ་འདི་ནི་མེར་འཇུག་པས། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །དེ་ཉིད་དེ་ཉིད་ཀྱིས་ཤེས་ནས། །གང་ཞིག་ལྷག་མས་ངེས་སྟོན་པ། །དེ་འགྲུབ་འགྱུར་གྱི་གཞན་དུ་དེ། །དམྱལ་བ་ཆེན་པོར་ལྟུང་བར་འགྱུར། །འཇིག་རྟེན་


DTG078_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

འདས་སྤྱོད་གསང་བར་ནི། །རྣམ་པར་མི་རྟོག་ཉིད་དུ་སྤྱད། །གཞན་དུ་བག་མེད་པར་གྱུར་ན། །དེ་ནི་རྣམ་རྟོག་འཕྱོགས་པར་འགྱུར། །གལ་ཏེ་ཤེས་རབ་ཐབས་དག་ལས། །སེམས་ནི་གཞན་དུ་མི་འཕྲོ་ན། །དེ་ནི་ངེས་པར་བྱང་ཆུབ་ཆེ། །རབ་ཏུ་སྦྱིན་བྱེད་ཡིན་པར་བཤད། །སྟོན་བྱེད་སྐྱེ་བོ་ངན་པ་དང། །ཕྲད་པས་བསྟན་པ་དཀྲུགས་གྱུར་པས། །བདག་གི་བླ་མས་སེམས་ཅན་རྣམས། །དེ་བཞིན་ལམ་སོགས་སོང་བར་གཟིགས། །དེས་ན་སྔགས་ཚུལ་གསང་བར་ནི། །བྱ་ཞེས་དེ་ལྟར་བསྟན་པ་ནི། །གང་ཞིག་སྐལ་དང་ལྡན་པ་དེས། །བླ་མའི་ཁ་ལས་ཤེས་པར་འགྱུར། །དེ་ལྟར་གསང་སྔགས་ཚུལ་སྣང་བ། །བླ་མའི་བཀའ་ཡི་རྗེས་འབྲངས་ཏེ། །བྱས་པ་འདིས་ནི་མཁས་པ་རྣམས། །དགའ་བར་འདིར་ནི་ངེས་པར་འགྱུར། །གང་ཞིག་ཅུང་ཟད་ཤེས་པ་ཡི། །དྲེགས་པས་འདི་ལ་བརྙས་མི་རིགས། །བདག་ཉིད་ཆེ་དང་སུ་ཞིག་འགྲན། །རྣལ་འབྱོར་ཅན་དེ་བཟོད་པར་མཛོད། །བློ་ཅན་གང་ཞིག་གསང་སྔགས་ཀྱི། །སྤྱོད་ལ་ཡང་དག་འཇུག་འགྱུར་བ། །དེས་ན་བདག་གི་ཚིག་གི་ནི། །གཅེས་དང་མི་གཅེས་རྟོགས་པར་འགྱུར། །དེ་ལྟར་བླ་མའི་ཚིག་གི་སྙིང་པོ་ལེགས་པར་བརྟགས་ནས་ནི། །རྒྱ་ཆེན་སེམས་ལྡན་དགའ་བར་བྱེད་པ་འདི་ནི་བཤད་བྱས་པས། །འདི་ལས་བདག་གིས་དགེ་བ་གང་བསགས་དེས་ནི་འཇིག་རྟེན་རྣམས། །ཐུབ་པའི་ཁྱུ་མཆོག་གསུང་གིས་མུན་པ་ཐམས་ཅད་འཇིག་བྱེད་ཤོག །གསང་སྔགས་ཀྱི་ཚུལ་སྣང་བ་ཞེས་བྱ་བ། རྡོ་རྗེ་སློབ་དཔོན་ཆེན་པོ་མཐོ་བཙུན་བཙོ་ཡངས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པདྨཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།

དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྡུས་པ།
ཆོས་ཀྱི་དབང་པོ།


DTG078_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཏཏྟྭ་སཱ་ར་སཾ་གྲ་ཧ། བོད་སྐད་དུ། དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྡུས་པ། གསུང་གི་མངའ་བདག་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མི་ཤེས་མུན་པ་ཀུན་བསལ་བ། །འཇམ་དཔལ་མགོན་ལ་ཕྱག་འཚལ་ཏེ། །ཚིག་ཉུང་དོན་ནི་མང་བ་ཡི། །དེ་ཉིད་བསྡུས་པའི་སྙིང་པོ་བྱ། །འདི་ན་ཐེག་པ་ཆེན་པོའི་ཚུལ་ལ་བློ་ཆུང་བ་ལ་ལ་དག་ཟབ་པ་དང༌། །རྒྱ་ཆེ་བ་ཉིད་


DTG078_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཡང་དག་པར་རྟོགས་པར་མི་ནུས་ཀྱི་ཐེག་པ་ཆེན་པོའི་མིང་གི་སྔགས་ཙམ་ཐོས་པ་ཅུང་ཟད་རྟོགས་པར་འདོད་པ་ཐེག་པ་ཆེན་པོའི་དོན་མ་ཐོས་པ་དང༌། དེ་བཞིན་དུ་ཐེག་པ་ཆེན་པོའི་ཚུལ་གྱི་དོན་ཤེས་པའི་སློབ་དཔོན་དགེ་བའི་བཤེས་གཉེན་དུ་གྱུར་པ་ལ་བསྙེན་བཀུར་མ་བྱས་པ། ཐེ་ཚོམ་གྱིས་བློ་དཀྲུགས་པ། ཐེག་པ་ཆེན་པོའི་རྒྱ་མཚོ་ལ་འཇུག་མི་ནུས་པ་དེ་རྣམས་ཀྱིས་མི་ཤེས་པའི་རབ་རིབ་བསལ་བར་བྱ་བའི་ཕྱིར་ལུང་དང་རིགས་པ་དག་གིས་ཅུང་ཟད་ཅིག་བརྗོད་པར་བྱའོ། །གང་འདི་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ལ་སོགས་པས་ཐུགས་རྗེ་ཆེན་པོའི་ཐུགས་རིག་པ་དམ་པ་དང་ལྡན་པ་རྣམས་ཀྱིས་རང་གི་བསྟན་བཅོས་སུ་ཐེག་པ་ཆེན་པོའི་དོན་ཐར་པ་འདོད་པ་རྣམས་ལ་བསྟན་པ་དག་ཡོད་མོད་ཀྱི། དེ་ནི་བློ་གྲོས་རྣོན་པོ་རྣམས་ཀྱིས་རྟོགས་པར་ནུས་ཀྱི་གང་ཡང་རྒྱ་ཆེ་བ་ཉིད་དང་ཟབ་པ་ཉིད་ཀྱིས་བློ་ཆུང་བ་རྣམས་ཀྱིས་ཐེག་པ་ཆེན་པོའི་དོན་རྟོགས་པར་མི་ནུས་སོ། །དེ་བས་ན་དེ་རྣམས་ཀྱི་ཚུལ་དེའི་རང་གི་ངོ་བོ་ཉིད་རྟོགས་པར་བྱ་བའི་ཕྱིར། བདག་གིས་བསྟན་བཅོས་དེ་དག་ལས་ཡན་ལག་དང་བཅས་པ་ཅུང་ཟད་ཅིག་བཤད་པར་བྱའོ། །ཐེག་པ་ཆེན་པོའི་ཚུལ་འདི་ལ་སྙིང་རྗེ་ཆེན་པོའི་གོ་ཆ་བགོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང༌། ཐུགས་རྗེ་ཆེན་པོའི་བདུད་རྩིས་ཐུགས་བརླན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མདོ་སྡེ་དང་རྒྱུད་ཀྱི་རྒྱལ་པོ་དཔག་ཏུ་མེད་པ་ལས། ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་གྲངས་མཐའ་ཡས་བར་ཚངས་པའི་གསུང་གི་བདུད་རྩི་ལྟ་བུས་གསུངས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་སྐྱེ་བ་མེད་པ་དང༌། ཆོས་ཀྱི་དབྱིངས་ལ་སོགས་པ་རྣམ་གྲངས་དུ་མས་རོ་གཅིག་པའི་མཚན་ཉིད་ཅན་དུ་གསུངས་པ་ཡིན་ལ། དེ་ཉིད་ནི་ཐར་པ་འདོད་པ་རྣམས་ཀྱི་མཆོག་ཏུ་བླང་བར་བྱ་བའི་དེ་ཁོ་ན་ཉིད་དུ་གསུངས་ལ། དེ་ཐོས་པ་དང༌། བསམ་པ་དང༌། བསྒོམ་པའི་རིམ་གྱིས་བརྩོན་འགྲུས་འབར་བར་བསླབས་པའི་སྟོབས་ཀྱིས་རིང་པོ་མི་ཐོགས་པར་ཚེ་འདི་ཉིད་ལ་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་བ་ཡིན་ནོ། །དེ་ཡང་བཅོམ་ལྡན་འདས་ཀྱིས། བདག་གཞན་དོན་ནི་རབ་


DTG078_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི། །ཐབས་གཞན་འཁོར་བར་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དྲིས་པ། སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་གཞན་དག་ཀྱང་དེ་ཁོ་ན་ཉིད་ཡིན་པར་གསུངས་ལ། ཡེ་ཤེས་དེ་ཡང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཡིན་ནོ། །དེ་གོམས་པར་བྱེད་པའི་རིམ་པ་ཉིད་ཀྱིས་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་སྐྱེས་པས་དགྲ་བཅོམ་པ་བྱ་བ་བྱས་པ་ཞེས་པ་ལ་སྩོགས་པར་གསུངས་ན། ཇི་ལྟར་ན་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་གཅིག་ཏུ་བླང་བར་བྱ་བའི་དེ་ཁོ་ན་ཉིད་དུ་བཤད་པ་འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་བརྗོད་པར་ནུས་པ་ཡང་མ་ཡིན་ཏེ། བདེ་བར་གཤེགས་པའི་བསྟན་པ་ལ་ནི་དེ་ཁོ་ན་ཉིད་གཙོ་བོར་གྱུར་བ་ཡིན་ཞིང༌། ཐེག་པ་ཆེན་པོར་ཡང་དེར་ཁས་བླངས་པ་ཡིན་པའི་ཕྱིར་རོ། །ཡང་ན་འདི་དག་ནི་སངས་རྒྱས་ཀྱི་བཀའ་ཡིན་དུ་ཟིན་ཀྱང་ཚད་མ་དང་མི་ལྡན་པས་དེ་ཁོ་ན་ཉིད་མ་ཡིན་ནོ་ཞེ་ན། འདིར་དེ་ལྟར་ན་ནི་ཐམས་ཅད་མཁྱེན་པ་ནི་མི་ཤེས་པ་ཡིན་ནོ་ཞེས་སངས་རྒྱས་སྤངས་པའི་ཕྱིར་ཉེས་པ་ཆེན་པོར་འགྱུར་རོ། །དེ་ལྟ་མ་ཡིན་ན་ནི་ཐེག་པ་ཆེན་པོ་ལ་ཡང་སུ་ཞིག་ཡིད་ཆེས་པར་འགྱུར། འདི་ནི་ཚད་མ་དང་མི་ལྡན་པ་ཡང་མ་ཡིན་ཏེ། འདིར་ཚད་མ་ནི་ཚད་མ་རྣམ་འགྲེལ་ཉིད་དུ་སྨྲས་པས་འདིར་མ་བཤད་དོ། །དེ་བས་ན་སྡུག་བསྔལ་ལ་སོགས་པ་བདེན་པ་མ་ཡིན་ཞེས་ནི་ལུང་ལས་ཀྱང་མ་གསུངས་ལ། ཚད་མ་ལས་ཀྱང་མ་ཡིན་ནོ། །འདིར་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་གང་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་ཡང་དེ་ཁོ་ན་ཉིད་ཡིན་ནོ་ཞེས་གསུངས་པ་ཞེས་གང་སྨྲས་པ་དེ་ལ། དཔེར་ན་མི་གཙང་སེམས་བྱེད་ལྟར། །ཉོན་མོངས་སྤོང་ཕྱིར་བདེན་པ་དག །སྟོན་པར་མཛད་ཀྱི་དེ་ཉིད་ནི། །དོན་དམ་བདག་ཅག་ཡིན་པར་འདོད། །བདེན་པ་བསྒོམས་པ་ལས་ཉོན་མོངས་པ་སྤོང་བས་དེ་ཁོ་ན་ཉིད་དུ་མི་འགྱུར་ཏེ། མི་གཙང་བ་བསྒོམས་པ་ལ་སོགས་པ་ཡང་འདོད་ཆགས་ལ་སོགས་པ་རྣམ་པར་སྤོང་བའི་ཕྱིར། དེའི་དམིགས་པ་རུས་གོང་ལ་སོགས་པ་ཡང་དེ་ཁོ་ན་ཉིད་ཡིན་པར་ཐལ་བར་འགྱུར་ལ། ཡང་དེའི་ཚེ་འཇིག་རྟེན་པའི་ལམ་ལ་དམིགས་པའམ། ནམ་མཁའ་ལ་སོགས་པ་ཅུང་ཟད་ཀྱང་དེ་ཁོ་ན་


DTG078_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མ་ཡིན་པར་མི་འགྱུར་རོ། །དེ་བས་ན་དོན་དམ་པའི་དེ་ཁོ་ན་ཉིད་ཡིན་གྱི་སྡུག་བསྔལ་ལ་སོགས་པ་དོན་དམ་པ་མ་ཡིན་ཏེ། དེ་ལས་དམན་པ་ཉིད་ཡིན་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པ་ཉིད་ཀྱི་སྡུག་བསྔལ་དོན་དམ་པ་ཉིད་ཡིན་ནོ་ཞེས་ཁོ་བོ་ཅག་སྨྲའོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་གྱི་བདེན་པ་ཞེས་གསུངས་སོ་ཞེ་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། གང་གི་ཕྱིར་ཉན་ཐོས་རྣམས་ནི་འཇུག་པའི་ཕྱིར། སྡུག་བསྔལ་ལ་སོགས་བདེན་གསུངས་པ། །མེད་དུ་ཟིན་ཀྱང་ཐུགས་རྗེ་ཡི། །བདག་ཡོད་ཅེས་གསུངས་ལྟ་བུ་ཡིན། །ཞེས་བྱ་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་བརྩོན་འགྲུས་ཆུང་བས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཆེན་པོ་ལ་ལ་འཇུག་པར་མི་ནུས་པར་མཁྱེན་ནས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཐུགས་ཀྱིས་སྡུག་བསྔལ་ལ་སོགས་པ་བདེན་པ་མ་ཡིན་དུ་ཟིན་ཀྱང་བདེན་པར་གསུངས་པ་ཡིན་ནོ། །ཡང་གལ་ཏེ་འདི་དག་སྒྲ་ཇི་བཞིན་ཉིད་དུ་བཟུང་ན་དེའི་ཚེ་བདག་ཡོད་དོ་ཞེས་ཀྱང་གསུངས་པས་བདག་ཀྱང་དེ་ཁོ་ན་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་འདི་ལྟར་རབ་ཏུ་འབར་བའི་ཁྱིམ་གྱི་ནང་ན་གནས་པའི་བྱིས་པ་རྣམས་གདོན་པའི་ཕྱིར། ཕའི་ཆང་པ་སྟོང་པ་བསྟན་པ་ལ་ཉེས་པ་ཅི་ཞིག་ཡོད། བྱ་བ་རྣམས་ནི་བསམ་པའི་དབང་ལས་དགེ་བ་དང་མི་དགེ་བར་འགྱུར་ཏེ། དེ་ནི་འོག་ནས་བཤད་པར་བྱའོ། །ཡང་འདི་ནི་ཁོ་བོ་ཅག་གིས་སོར་མོ་བསྐྱོད་པ་ཙམ་གྱིས་བཤད་པ་ཡང་མ་ཡིན་ཏེ། གཞན་དུ་ན་བཅོམ་ལྡན་འདས་ཉིད་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་གྱི་མདོ་ལས་བྱང་ཆུབ་པར་འདུག་པ་ན་བདེན་པ་གཅིག་ཀྱང་ཇི་ལྟ་བ་བཞིན་དུ་མཐོང་ན་བཞི་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་པ་དང༌། འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ཀྱང༌། །སྐྱེ་བ་མེད་པ་ནི་བདེན་གྱི་ཆོས་གཞན་ངག་ནི་བདེན་པ་མ་ཡིན་ནོ་ཞེས་གསུངས་པ་དང༌། གཞན་ཡང་དོན་འདི་ནི་མདོ་སྡེ་གཞན་དག་ལས་ཀྱང་མང་དུ་སྣང་ན། ཅིའི་ཕྱིར་སངས་རྒྱས་ཀྱི་གསུང་དེའི་རྗེས་སུ་འཇུག་པའི་ཁོ་བོ་ཅག་ལ་ཁྱེད་རྣམས་སྨོད་པར་བྱེད། ཚད་མ་ནི་ཚད་མ་རྣམ་འགྲེལ་ཉིད་དུ་སྨྲས་པས་ཞེས་གང་སྨྲས་པ་དེ་ཡང་དེ་ཚད་མ་དང་འགལ་བར་ཡང་གཉིས་


DTG078_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མེད་པའི་ཚུལ་གྱིས་རྗེས་སུ་འབྲངས་ནས་དེ་ཉིད་དུ་བཤད་པ་མ་ཡིན་ནམ། དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ལ་སོགས་པས་ཀྱང་དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པ་བསྟན་པས། བདེན་པ་དང་ཅིག་ཤོས་ཉིད་ཁོ་ན་གསལ་བ་ཁོ་ནར་རྟོགས་པར་མཛད་པ་དང༌། གདོད་མ་ནས་མ་སྐྱེས་པར་ནི་བཅོམ་ལྡན་འདས་ཀྱིས་མདོ་མཐའ་ཡས་པ་ལས་རབ་ཏུ་བསྟན་པ་ཡིན་ནོ། །དེ་ཡང་གླང་པོའི་མཆན་བཅིངས་ཀྱི་མདོ་ལས་ཀྱང༌། །གང་གིས་སྐྱེ་བར་འབྱུང་བ་ནི། །དངོས་པོ་མེད་པའི་ངོ་བོ་ལ། །བྱིས་པ་རྣམས་ནི་འབྱུང་བར་འདོད། །ཅེས་གསུངས་པ་དང༌། དེ་བཞིན་དུ་དཀོན་མཆོག་འབྱུང་གནས་ལས། གང་ཞིག་དངོས་པོ་ཉིད་ནི་ཡོད་མིན་པ། །དེ་དངོས་གཞན་གྱི་རྐྱེན་དུ་ཇི་ལྟར་འགྱུར། །དངོས་མེད་གཞན་ནི་ཅི་ཞིག་སྐྱེ་འགྱུར་ཞེས། །རྒྱུ་འདི་བདེ་བར་གཤེགས་པས་གསུངས་པ་ཡིན། །ཞེས་གསུངས་པ་དང༌། འཕགས་པ་ཀླུ་ལ་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས་ཀྱས་། །སྔོན་གྱི་མཐའ་སྟོང་ཕྱི་མའི་མཐའ་སྟོང་ཞིང༌། །སྐྱེ་དང་འཇིག་དང་གནས་པའི་དངོས་པོ་སྟོང༌། །དངོས་པོ་ཉིད་མེད་དངོས་པོ་མེད་པའང་མེད། །ཆོས་རྣམས་ཐམས་ཅད་སྟོང་པའི་ངོ་བོ་ཉིད། །ཅེས་གསུངས་པ་དང༌། ཡབ་སྲས་མཇལ་བ་ལས་ཀྱང། ཆོས་འདི་དག་ཐམས་ཅད་ནི་དུས་གསུམ་མཉམ་པ་ཉིད་ཀྱིས་མཉམ་སྟེ། འདས་པའི་དུས་ཀྱི་ཆོས་ཐམས་ཅད་ནི་ངོ་བོ་ཉིད་དང་བྲལ་བའོ། །མ་འོངས་པ་དང་ད་ལྟར་བའི་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པའོ་ཞེས་གསུངས་པ་དང༌། ཡང་དེ་ཉིད་ལས་གསལ་བར་མཛད་པ་ནི། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། ཆོས་གང་དངོས་པོ་མེད་པ་དེ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། དེ་ལྟར་བྱུང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར་རོ། འདས་པའོ་ཞེས་རྣམ་པར་འཇོག་པར་མི་ནུས་མ་འོངས་པ་མ་ཡིན། ད་ལྟར་བྱུང་བར་འཇོག་པར་ནུས་པ་མ་ཡིན་ནོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་བཞིན་དུ་བདེན་པ་གཉིས་ལ་འཇུག་པ་ལས་ཀྱང༌། ཡང་འཇམ་དཔལ་ཡང་དག་པར་སྦྱོར་བ་གང་ཞིག་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པ་དང༌། དེ་བཞིན་ཉིད་དང༌།


DTG078_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དབྱིངས་དང༌། སྐྱེ་བ་མེད་པ་གང་དང་མཉམ་པ་མཚམས་མེད་པ་ལྔ་བྱེད་པ་དེ་དང་མཉམ་མོ་ཞེས་བྱ་བ་ལ་སོགས་པ་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྒྱ་ཆེར་བཤད་ནས་སྨྲས་པ། ཡང་འཇམ་དཔལ་དོན་དམ་པའི་མཉམ་པ་ཉིད་གང་གིས་རྣམ་པར་བྱང་བ་མཉམ་པ་ཉིད་ཡིན་པ་ཆོས་ཐམས་ཅད་དེ་དང་མཉམ་པ་ཉིད་ཡིན་ནམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ཆོས་ཐམས་ཅད་མ་སྐྱེས་པའི་མཉམ་པ་ཉིད་དང༌། དོན་དམ་པར་ཆོས་ཐམས་ཅད་ཤིན་ཏུ་མ་བྱུང་བའི་མཉམ་པ་ཉིད་དང༌། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པའི་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་མཉམ་པ་ཉིད་ཡིན་ཞེས་རྒྱ་ཆེ་ར་གསུངས་པ་དང༌། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་ཀྱང༌། དཔེར་ན་ཆུ་ཤིང་རློན་པའི་ཕུད་པོ་ལས། །སྙིང་པོ་འདོད་པའི་སྐྱེས་བུས་རྣམ་བཙལ་ན། །ཕྱི་དང་ནང་ན་སྙིང་པོ་ཡོད་མ་ཡིན། །ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས། །ཞེས་གསུངས་པ་དང༌། ཡང་དེ་ཉིད་ལས། དཔེར་ན་གཞོན་ནུ་རྨི་ལམ་ནང་གནས་ཚེ། །དེས་ནི་བུ་སྐྱེས་ཤི་བར་གྱུར་པ་མཐོང༌། །སྐྱེས་པས་དགའ་ལ་ཤི་བས་གདུང་བར་འགྱུར། །ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས། །ཞེས་གསུངས་པ་དང༌། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་ཡེ་ཤེས་སྣང་བའི་རྒྱན་ལས་ཀྱང༌། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་དེ་བཞིན་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་གསུངས་པ་དང༌། དེ་བཞིན་དུ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་རྒྱུད་ལས་ཀྱང༌། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཁམས་གསུམ་དག་ནི་མ་ལུས་པ། །ཐམས་ཅད་སྒྱུ་མ་ལྟ་བུ་སྟེ། །ཇི་ལྟར་སྒྱུ་མ་ཐམས་ཅད་དུ། །མཐོང་བ་དང་ནི་རེག་པར་འགྱུར། །དམིགས་སུ་ཡོད་པ་མ་ཡིན་ཏེ། །དེ་བཞིན་འགྲོ་བ་ཀུན་གྱི་ཚུལ། །ཞེས་གསུངས་པ་དང༌། དེ་བཞིན་དུ་བཅོམ་ལྡན་


DTG078_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང༌། རབ་འབྱོར་གཟུགས་ནི་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ་ཞེས་བྱ་བ་ནས་རྣམ་པར་ཤེས་པའི་བར་དུ་ཉེ་བར་བཟུང་སྟེ། སྟོང་པའི་མཚན་ཉིད་ཅན་དུ་གསུངས་པ་དང༌། དཀོན་མཆོག་གི་ཟ་མ་ཏོག་ལས་ཀྱང༌། འཇམ་དཔལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་ཆོས་མ་ཡིན་ནམ། སྨྲས་པ་བཙུན་པ་རབ་འབྱོར་སངས་རྒྱས་ཀྱི་ཆོས་རྣམས་ཡང་དག་པར་འབྱུང་བ་ནི་འགའ་ཡང་མེད་དེ། གང་འབྱུང་བ་དེ་ནི་ཆོས་རྣམས་ཀྱི་ཆོས་ཉིད་དོ་ཞེས་བརྗོད་པར་མི་བྱའོ། །དེས་ན་བཅོམ་ལྡན་འདས་ཀྱིས་འདི་ལྟར་ཆོས་མ་ཡིན་པའོ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན། འདི་དག་ཐམས་ཅད་ཡོངས་སུ་བརྟགས་པའི་ངོ་བོ་ཉིད་ལས་དགོངས་ནས་གསུངས་སོ་ཞེས་གང་བཤད་པ་དེ་ཡང་བདེན་པ་ཉིད་ཡིན་ནོ། །ཡོངས་སུ་བརྟགས་པའི་ངོ་བོ་ཉིད་བརྗོད་པ་ནི་ཚད་མ་དང་འགལ་བ་ཡིན་ཡང་བྱིས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་དུ་ཉེ་བར་གཟུང་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་སྐྱེ་བ་ལ་སོགས་པ་ཉིད་ཡོངས་སུ་བརྟགས་པ་ཡིན་པ་ཚད་མ་དང་འགལ་ཏེ། དེས་ན་མ་སྐྱེས་པ་ཉིད་ཡིན་ཏེ། དེ་ཁོ་ན་ཉིད་ཡིན་པར་གྲུབ་པ་ཡིན་ནོ། །འདི་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཡང་དག་པར་སྡུད་པ་ལས་གསལ་བ་ཁོ་ནར་གསུངས་པ་ཡིན་ཏེ། རིགས་ཀྱི་བུ་སྐྱེ་བ་དང་འགག་པ་ལ་མངོན་པར་ཞེན་པ་ལ་འཇིག་རྟེན་རྣམས་ཞུགས་པ་ཡིན་ཏེ། དེ་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོས་འཇིག་རྟེན་གྱི་སྐྲག་པའི་གནས་སྤང་བར་བྱ་བའི་ཕྱིར་སྐྱེ་བ་དང་འགག་པར་འགྱུར་རོ་ཞེས་ཐ་སྙད་དུ་གསུངས་པ་ཡིན་གྱིས། འདི་ལ་ཆོས་འགའ་ཡང་སྐྱེ་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་སྐྱེ་བ་མེད་པ་དང་སྟོང་པ་ཉིད་ལ་སོགས་པའི་ཚིག་གིས་བསྟན་པ་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཡིན་ནོ་ཞེས་བྱ་བར་གནས་སོ། །གང་ཡང་འདུལ་བ་ལ་སོགས་པར་གཉིས་སུ་མེད་པ་འདི་ཅིའི་ཕྱིར་མ་བསྟན་ཞེས་སྨྲ་ན། དེ་ནི་བརྩོན་འགྲུས་ཆུང་བའི་ཕྱིར། །ཞེས་བཤད་པ་ཉིད་ཀྱི་ཕྱིར་ཏེ། དེ་ཡང་རང་དོན་ཙམ་ལ་བརྩོན་ཞིང་བདེན་པ་བསྟན་པ་ཉིད་ཀྱི་དོན་བྱེད་ལ། ཆོས་ཐམས་ཅད་བདག་མེད་པའི་ཏིང་ངེ་འཛིན་ལ་ནི་གཡང་ས་དང་


DTG078_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བས་གཉིས་སུ་མེད་པ་ལ་བསྟན་པ་ཡིན་ཏེ། སྟོན་པ་བོ་རྣམས་ནི་ཐམས་ཅད་ལ་ཐམས་ཅད་སྟོན་པར་མི་མཛད་དེ། ཉེ་བར་སྟོན་པ་དེ་ནི་དགོངས་པའི་དབང་དུ་མཛད་པ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཟབ་པ་དང་རྒྱ་ཆེ་བའི་བསམ་པ་ཅན་ཡིན་པའི་ཕྱིར། རྣམ་པ་ཐམས་ཅད་དགོས་པ་ཡིན་པས་ན། ཐམས་ཅད་ལ་ཉེ་བར་སྤྱར་བའི་ཕྱིར་དེ་རྣམས་ལ་གཉིས་སུ་མེད་པའི་ཡེ་ཤེས་ཉེ་བར་སྟོན་པར་མཛད་པ་ཡིན་ཏེ། གཞན་གྱི་དོན་གཅིག་ཏུ་བྱེད་པའི་བསྒྲུབ་པར་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཡིན་ལ། དེ་ཡང་སེམས་ཅན་ཐམས་ཅད་ལ་ཕན་པར་བརྩོན་པར་བྱང་ཆུབ་སེམས་དཔའ་ཉིད་ཀྱིས་འཇུག་པར་ནུས་པ་ཡིན་ཏེ། གང་གི་ཕྱིར་དེ་རྣམས་ཀྱི་འཇུག་པ་ནི་རྟག་ཏུ་གཞན་གྱི་དོན་བྱེད་པར་རོ་གཅིག་པ་ཡིན་པའི་ཕྱིར་རོ། །མང་དུ་བཤད་པ་ཅི་ཞིག་བྱ་སྟེ། རིམ་པ་གང་གིས་བསོད་ནམས་དང་ཡེ་ཤེས་དྲི་མ་མེད་པ་མ་ལུས་པར་བསགས་པ་ཀུན་དུ་བཟང་པོ་ཉིད་དམ་སངས་རྒྱས་ཉིད་ཅེས་བྱ་བ་ཐོབ་ནས། འགྲོ་བ་མ་ལུས་པའི་དགོས་པའི་དོན་མཛད་པར་སྤྱོད་པ་བླ་ན་མེད་པའི་བདེ་བར་གཤེགས་པའི་གོ་འཕང་ཐོབ་པར་འགྱུར་བ། དེ་ལྟ་དེ་ལྟར་སེམས་ཅན་མ་ལུས་པའི་དགོས་པ་བྱེད་པའི་ཐབས་སུ་གྱུར་པའི་སྙིང་རྗེ་ཆེན་པོའི་བརྟུལ་ཞུགས་ལ་སྤྱོད་ཅིང༌། གཞན་གྱི་དགོས་པ་བྱེད་པ་ཉིད་ལ་ལྷག་པར་འཇུག་པ་ཡིན་གྱི། དེ་རྣམས་སངས་རྒྱས་སུ་གྱུར་ཀྱང་ཉན་ཐོས་ཀྱི་ཐེག་པ་ལྟར་རང་གི་དགོས་པ་བྱ་བར་དགོས་པ་སྔོན་དུ་འགྲོ་བས་འཇུག་པ་ནི་མ་ཡིན་གྱི། འདིར་དཔེར་བསྟན་པ་ནི་ཅི་ལྟར་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས། བྱང་ཆུབ་སེམས་དཔའ་རྣམས་ནི་འདོད་ཆགས་ལ་རྒྱབ་ཀྱིས་ཕྱོགས་པར་མི་བྱེད་པ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་ཤེས་པ་ཉིད་ཡིན་ཏེ། གང་འདོད་ཆགས་ལ་སོགས་པ་ལ་རྒྱབ་ཀྱིས་ཕྱོགས་པར་ཡང་མི་འདོད་པར་བླ་ན་མེད་པའི་གོ་འཕང་ཡང་སྒྲུབ་པར་བྱེད་དོ་ཞེས་གསུངས་པས། འདོད་ཆགས་ལ་སོགས་པ་ཉིད་བྱང་ཆུབ་ཀྱི་རྐྱེན་དུ་གྱུར་པ་ཡིན་ནོ། །ཉོན་མོངས་པ་མ་སྤངས་པ་རྣམས་ཇི་ལྟར་མངོན་པར་བྱང་ཆུབ་པར་འགྱུར་ཞེས་རྟོག་ན། ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་ཡིན་པའི་ཕྱིར་


DTG078_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པ་རྣམས་སམ་དེ་སྤང་བ་དེ་ཁོ་ན་ཉིད་མ་ཡིན་པ་མེད་པས། ཉོན་མོངས་པ་དེ་གང་ཡིན་ཅི་ཞིག་སྤང་བར་བྱ་བ་དེ་མ་མཐོང་ངོ༌། །རིམ་པ་འདིས་ཅི་མ་ལུས་པའི་ཕུན་སུམ་ཚོགས་པའི་གནས་ཐོབ་པར་འགྱུར་རམ་མི་འགྱུར་ཞེས་དཔྱད་པར་བྱས་ཏེ། གལ་ཏེ་འདོད་ཆགས་མ་སྤངས་པར་གྱུར་ཀྱང་ཀུན་དུ་བཟང་པོ་གང་ཡིན་པ་འདིར་གྱུར་ན། དེ་སྤངས་པས་ཅི་ཞིག་བྱ། ཡང་འདིར་ཁྱེད་ལ་འདོད་ཆགས་སྤང་བ་བསྟན་དུ་ཟིན་ཀྱང་ཅིའི་ཕྱིར་རྟོགས་པར་མ་གྱུར། དེ་ཡང་འདི་ལྟར་བདག་ཏུ་མངོན་པར་ཞེན་པ་སྔོན་དུ་འགྲོ་བས་རང་དང་གཞན་རྣམ་པར་ཕྱེ་བའི་ཡུལ་རྣམས་ལ་ཀུན་དུ་ཞེན་པ་ལ་སོགས་པ་ནི་ཀུན་དུ་འདོད་ཆགས་ལ་སོགས་པ་རྣམས་ཡིན་ལ། གང་ཡང་བདག་ཏུ་འཛིན་པ་རྩ་བ་ནས་བཏོན་པ་རྣམས་ལ་ནི་བདག་དང་གཞན་གྱི་རྣམ་པར་དབྱེ་བ་ཡོད་པ་མ་ཡིན་ཏེ། དེ་རྣམས་ཀྱི་ཆོས་ཐམས་ཅད་ངོ་བོ་ཉིད་མཉམ་པ་ཉིད་ཀྱི་བསམ་པས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་དུ་འཇིག་རྟེན་ན་རྣམ་པར་གནས་ཏེ། འདོད་པར་བྱ་བ་དང་མི་མཐུན་པའི་ཡུལ་དུ་སྒྲོ་འདོགས་པ་མེད་པ་ཡིན་ན། ཅིའི་ཕྱིར་ཕྱིན་ཅི་ལོག་ལས་བྱུང་བའི་འདོད་ཆགས་ལ་སོགས་མ་བྱུང་བར་འགྱུར། ཡང་སྨྲས་པ། གང་ཞིག་ཉེས་པ་མ་ལུས་སྐྱེད་བྱེད་འཇིག་ཚོགས་ལྟ་བའི་བུད་ཤིང་ངེས་བསྲེགས་ཤིང༌། །བདག་གཞན་རབ་དབྱེའི་ཡུལ་རྣམས་རྩ་ནས་འབྱིན་པ་དེ་ནི་ཉེས་པ་སྐྱེད་པ་ཡིན། །ཉེས་མེད་ཟིན་ཀྱང་རིག་ལྟར་སྙིང་རྗེས་སྒྱུ་མའི་སྐྱེས་བུ་ལྟ་བུར་ལས་རྣམས་ལ། །བློ་བཟང་སྔོན་གྱི་སྨོན་ལམ་ཉིད་ཀྱིས་འཁོར་ལོ་འཁོར་བའི་ཤུགས་བཞིན་སྦྱོར་བར་འགྱུར། །གལ་ཏེ་ཐེག་པ་ཆེན་པོ་ལ་མངོན་པར་ཞུགས་པ་ལ་སྙིང་རྗེ་ཆེན་པོའི་གོ་ཆ་བགོས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་ཐམས་ཅད་ལ་བདག་མེད་པར་རྟོག་པར་སེམས་ཅན་གྱི་མིང་ཙམ་ཡང་མ་དམིགས་ཤིང༌། དམིགས་སུ་མེད་པའི་སྙིང་པོ་ལ་གནས་པ་ཡིན་མོད་ཀྱི་འོན་ཀྱང་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་འཕེན་པའི་ཤུགས་འབད་བ་མེད་པར་འཇུག་པས་མ་རིག་པའི་རྒྱུ་ཅན་ཐོག་མ་མེད་པ་ན་བྱུང་བའི་སྲིད་པའི་འདམ་གྱི་ཆུ་བོར་ནུབ་པའི་འགྲེ་བ་རྣམས་གདོན་པ་ལ་རབ་ཏུ་འཇུག་པར་མཛད་པ་ཡིན་ནོ། །དེ་ཡང༌། གང་ཞིག་སྲོག་དང་


DTG078_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བུ་དང་དེ་བཞིན་ཆུང་མ་ནོར། །ཕོངས་པ་རྣམས་ཀྱི་དོན་དུ་རྩྭ་བཞིན་ལེགས་པར་གཏོང་བྱེད་ཅིང༌། །ས་གསུམ་གདོན་པར་བྱ་ཕྱིར་གོ་བགོས་སེམས་ཅན་དམ་པ་ནི། །དེ་ནས་ལྷག་པའི་ཆགས་ལ་བརྟེན་པ་ས་སྟེང་གཞན་སུ་ཡོད། །ཅེས་བཤད་པ་ཡིན་ཏེ། གང་གི་ཕྱིར་ས་གསུམ་གྱི་དགོངས་པའི་ཐབས་ལ་གཞོལ་བ་དེ་རྣམས་ནི་རང་དོན་ཙམ་ལ་ཆེད་ཆེར་སེམས་པ་མ་ཡིན་ནོ། །དེ་ཉིད་ཀྱིས་ན་སྙིང་རྗེ་ཆེན་པོའི་འདོད་ཆགས་ལ་བརྟེན་པ་ཉིད་ཡིན་པས་ན་ལྷག་པའི་ཆགས་པ་ལ་བརྟེན་པ་ཞེས་བཤད་པ་ཡིན་ལ། སྙིང་རྗེ་ཆེན་པོ་ཡང་རབ་ཀྱི་མཐར་ཐུག་པར་འགྲོ་བས་གཞན་གྱི་དགོས་པའི་བག་ཆགས་ཀྱི་སྟོབས་ཡོངས་སུ་རྫོགས་པར་བྱས་པས་དོན་ཐམས་ཅད་ཕུན་སུམ་ཚོགས་པའི་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བ་ནི་རིགས་པ་མ་ཡིན་ནོ་ཞེས་ཤིན་ཏུ་སྤྲོས་པས་ཆོག་གོ །དྲིས་པ། ཆོས་ཐམས་ཅད་བདག་མེད་པར་རྟོག་པ་དང༌། དམིགས་སུ་མེད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟར་འཁོར་བར་སེམས་ཅན་གྱི་དོན་བྱེད་པ་ལ་འཇུག་པར་འགྱུར། གལ་ཏེ་སེམས་ཅན་གྱི་དོན་བྱེད་པ་ལ་འཇུག་ན། དམིགས་སུ་མེད་པའི་ཡེ་ཤེས་ལ་གནས་པ་ཉིད་དུ་མི་འགྱུར་ཏེ། དགོས་པ་བྱ་བ་དང༌། དགོས་པ་བྱེད་པ་དང༌། དགོས་པ་དམིགས་པའམ། མི་དམིགས་པས་འཇུག་པར་མི་འགྱུར་རོ་ཞེ་ན། འདི་ནི་སྔོན་གྱི་སྨོན་ལམ་གྱི་འཕེན་ཤུགས་ཀྱི་སྟོབས་ཀྱིས། འཕགས་པ་དེ་རྣམས་འབད་པ་མེད་པར་སེམས་ཅན་གྱི་དོན་བྱེད་པ་ལ་འཇུག་གོ་ཞེས་སྔར་སྨྲས་ཟིན་པ་མ་ཡིན་ནམ། དེ་ཡང༌། དེ་ཡི་བྱིན་རླབས་ཙམ་གྱིས་ནི། །སྐྱེས་བུ་ཡིད་བཞིན་ནོར་བུ་ལྟར། །རྩིག་སོགས་ལས་ཀྱང་ཆོས་སྟོན་པར། །ཅི་འདོད་པར་ནི་འབྱུང་བར་འགྱུར། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་ན་ཐེག་པ་ཆེན་པོའི་དོན་ཉིད་ནི་མཆོག་ཏུ་བླང་བར་བྱ་བ་ཡིན་ནོ་ཞེས་བྱ་བར་གནས་སོ། །དྲིས་པ་ཐེག་པ་གཞན་དག་ལས་ཐེག་པ་ཆེན་པོ་ཁྱད་པར་ཅི་ཞིག་ཡོད་དེ། འབྲས་བུ་མཚུངས་པ་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། འདིར་ཁྱད་པར་གང་ཞིག་ཡོད་པ་དེ་བརྗོད་པར་བྱ་སྟེ། སྨོན་ལམ་དང་ནི་འཇུག་པ་དང༌། །དེ་བཞིན་ཟབ་དང་རྒྱ་ཆེ་ཉིད། །མི་ལྡོག་


DTG078_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཐོབ་པས་ཀྱང༌། །ཐེག་པ་ཆེན་པོ་ཁྱད་པར་འཕགས། །སྨོན་ལམ་ལ་སོགས་པ་འདི་དག་གོང་ནས་གོང་དུ་རྒྱུར་གྱུར་པས། བླ་ན་མེད་པའི་བདེ་བར་གཤེགས་པའི་གོ་འཕང་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་དོན་ཡིན་ནོ། །ཡང་དོན་འདི་ཉིད་གསལ་བར་བྱ་བའི་ཐེག་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་ན་ཐེག་པ་ཆེན་པོ་ཞེས་བྱ་བའི་དོན་ནི་གང་ཕྱིར་ངེས་པར་ལེགས་པ་འཐོབ་པར་བྱ་བ་ལ་ནི། དེ་མ་གཏོགས་པར་ཐབས་གཞན་ཡོད་པ་མ་ཡིན་ནོ། །དེ་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཐེག་པ་ཆེན་པོ་ཉི་ཤུ་བ་ལས། རྟོག་པའི་ཆུ་ཡིས་གང་བ་ཡི། །འཁོར་བའི་རྒྱ་མཚོ་ཆེན་པོར་ནི། །ཐེག་ཆེན་གྲུ་ལ་མ་ཞུགས་པར། །སུ་ཞིག་ཕ་རོལ་འགྲོ་བར་འགྱུར། །ཞེས་བཤད་པ་ཡིན་ནོ། །གལ་ཏེ་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་ཐབས་ཀྱི་མཆོག་ནི་ཐེག་པ་ཆེན་པོ་གཅིག་པུ་ཁོ་ན་ཡིན་ན། བཅོམ་ལྡན་འདས་ཅིའི་ཕྱིར་ཐེག་པ་གསུམ་སྟོན་པར་མཛད་ཅེས་རྟོག་ན། དེ་བརྗོད་པར་བྱ་སྟེ། གདུལ་བྱ་མ་རིག་པའི་སྤྲོས་པས་རྒྱུད་ཉེ་བར་བཅོམ་པར་གྱུར་པ། མོས་པ་རྣམ་པ་སྣ་ཚོགས་པར་གྱུར་བ་དུ་མ་དག་ལ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་ཤུགས་ཀྱི་དབང་གིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང༌། ཡིད་ལ་རེ་བ་རྫོགས་པར་མཛད་པའི་ཕྱིར། ཐེག་པ་སྣ་ཚོགས་སྟོན་པར་མཛད་པས་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བར་མཛད་པའི་ཕྱིར། ཐེག་པ་སྣ་ཚོགས་གསུངས་པ་ཡིན་ནོ། །དེ་ཡང་བཅོམ་ལྡན་འདས་ཀྱིས། ཇི་སྲིད་སེམས་ནི་འཇུག་གི་བར། །ཐེག་པ་མཐར་ཐུག་ཡོད་མ་ཡིན། །སེམས་ནི་ལྡོག་པར་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་བ་མེད། །ཐེག་པའི་ངེས་པ་ཡོད་མིན་པས། །ཐེག་པ་གཅིག་ཏུ་ངེས་གསུངས་པ། །བྱིས་པ་རྣམས་ནི་དྲང་པའི་ཕྱིར། །ཐེག་པ་དབྱེ་བའང་ངས་བཤད་དོ། །ཞེས་གསུངས་པ་ཡིན་ནོ། །ཡང་དོན་འདི་ཉིད་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་མཉམ་པ་མེད་པར་བསྟོད་པ་ལས་གསལ་བར་མཛད་པ་ནི། ཆོས་དབྱིངས་དབྱེ་བ་ཡོད་མིན་པས། །ཁྱེད་ཐེག་དབྱེ་བ་ཡོད་མིན་གྱི། །སེམས་ཅན་རྣམས་ནི་འཇུག་པའི་ཕྱིར། །ཐེག་པ་གསུམ་དུ་གསུངས་པ་ཡིན། །ཞེས་བཤད་པ་ཡིན་


DTG078_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་གདུལ་བྱ་རྣམས་ཀྱི་ངོར་མཛད་པ་དང༌། དབང་པོ་རྣམས་ཀྱི་དབྱེ་བའི་དབང་དུ་མཛད་ནས། ཉན་ཐོས་ཀྱི་ཐེག་པས་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་བླང་བར་བྱ་བའི་དེ་ཁོ་ན་ཉིད་ཡིན་པར་གསུངས་ལ། དེ་ཡང་སྟོབས་དང་ལྡན་པའི་འབད་པས་བསྒྲུབ་པར་བྱ་བ་ཡིན་གྱི། ཤིན་ཏུ་ཡུན་རིང་མོ་ཞིག་གི་དུས་གཞན་ཞིག་ན། དཀའ་བ་སྤྱོད་པས་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཐོབ་པས་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ཙམ་གྱིས་དགྲ་བཅོམ་པ་ཉིད་དུ་གྱུར་པ་ཡིན་ལ། དེ་ཡང་རང་གི་འབྲས་བུ་ཙམ་གྱི་བྱང་ཆུབ་ཡིན་པས། བླ་ན་མེ་པ་ཡང་དག་པར་རྟོགས་པའི་བྱང་ཆུབ་ཏུ་ནི་མི་འགྱུར་བ་ཉིད་དེ། གང་གི་ཕྱིར་ཉན་ཐོས་ཀྱི་ཐེག་པར་བྱ་བ་བྱས་སོ། །ངའི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་དོ། །ད་སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བ་ནི། བསྒྲུབ་པར་བྱ་བའི་མཆོག་ཏུ་བཤད་པ་དེ་ལྟར་ན་དེ་རྣམས་ནི་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་ཤིང་རང་གི་དོན་ཙམ་ལ་དགའ་བས་གནས་པ་ཡིན་པས་ན། བྱང་ཆུབ་ཆེན་པོ་ཐོབ་པར་མི་འགྱུར་རོ། །འདི་ནི་རང་གི་རྟོག་པ་ཙམ་གྱིས་སྨྲས་པ་ནི་མ་ཡིན་གྱི། གཞན་དུ་ན་སྟོན་པ་ཉིད་ཀྱིས་ལང་ཀར་གཤེགས་པའི་མདོ་ལས། ཏིང་འཛིན་དྲེགས་པས་མྱོས་པ་དེ། །ཟག་པ་མེད་པའི་དབྱིངས་ན་འཁོད། །ཅེས་གསུངས་པ་དང༌། དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་བཤད་པ་ལས་ཀྱང༌། ཡེ་ཤེས་ལུས་སུ་གཅིག་པ་དེ། །ཏིང་འཛིན་དྲེགས་པས་བརྒྱལ་ནས་ནི། །ཇི་སྲིད་སངས་རྒྱས་ཀྱིས་མ་བསྐུལ། །དེ་སྲིད་ཉན་ཐོས་གནས་པར་འགྱུར། །སླར་ཡང་ཚུལ་ནི་སྣ་ཚོགས་པའི། །ཐབས་ནི་མང་པོས་བསྐུལ་བ་ཡིན། །ཞེས་བཤད་པ་ཡིན་ནོ། །དེ་རྣམས་ཀྱང་རང་གི་དོན་ཙམ་གྱིས་འབྲས་བུའི་མཚན་ཉིད་ཅན་གྱི་བྱང་ཆུབ་ལ་གནས་པ་ཡིན་ལ། དེ་ཡང་བཅོམ་ལྡན་འདས་ཀྱིས་མདོ་སྡེ་དང་རྒྱུད་ཀྱི་རྒྱལ་པོ་མཐའ་ཡས་པའི་ནང་ནས་བྱང་ཆུབ་ཞན་པ་ཉིད་ཡིན་པར་གསུངས་པ་དང༌། དེ་བཞིན་དུ་ཉན་ཐོས་ཀྱི་ཐེག་པ་ནི་ཐེག་པ་དམན་པའོ་ཞེས་གསུངས་པ་ཡིན་ལ། དེ་ཉིད་ཀྱིས་ན་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབས་པར་ཉན་ཐོས་རྣམས་དང་ལྷན་ཅིག་གནས་


DTG078_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ཀུན་དུ་སྨྲ་བ་ལ་སོགས་པ་བཀག་པར་མཛད་པ་ཡིན་ལ། ཁོ་བོ་ཅག་རྣམས་ཀྱང་དེ་ལྟར་འདོད་པ་ཡིན་ནོ། །དྲིས་པ། གལ་ཏེ་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་བསྟན་པ་ནི་བསྒྲུབ་པར་བྱ་བའི་མཆོག་ཉིད་ཡིན་པར་མ་གསུངས་ན། ཅིའི་ཕྱིར་སྟོན་པར་མཛད་ཅེས་རྟོག་ན། དེ་ནི་འདི་ཉིད་དུ་སྨྲས་ཟིན་པ་ཡིན་ཏེ། ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་སྟོན་པར་མཛད་པ་ནི་གདུལ་བྱ་མང་པོའི་བསམ་པ་ཐ་དད་པ་ལས། མོས་པ་དམན་པ་ལ་ལ་དག་དོན་དམ་པ་ལ་འཇུག་པའི་ཕྱིར་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱི་ཐུགས་རྗེའི་གནས་སུ་གྱུར་པ་ནི། སེམས་ཅན་ཐམས་ཅད་ཡིན་ལ། དེ་དག་ཀྱང་སེམས་ཅན་གྱི་སྤྱོད་པ་མཐའ་ཡས་པ་ཡིན་ཞིང༌། ཐམས་ཅད་ཚུལ་མཐའ་ཡས་པས་གདུལ་བར་བྱ་བ་ཡིན་པས་ན། བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཆོས་བསྟན་པ་ཡང་མཐའ་ཡས་ཤིང་སྣ་ཚོགས་པ་ཉིད་ཡིན་ནོ། །ཡང་དྲིས་པ། མུ་སྟེགས་པ་རྣམས་ཀྱང་འདི་དག་ཐམས་ཅད་ནི་བདག་འབའ་ཞིག་ཡིན་ནོ་ཞེས་ཟེར་བས་གཉིས་སུ་མེད་པའི་ཤེས་པ་ཡོད་པ་ཉིད་ཡིན་ཏེ། དེ་བས་ན་འདི་དང་ཁྱད་པར་ཅི་ཞིག་ཡོད་ཅེས་རྟོག་ན། དེ་བརྗོད་པར་བྱ་སྟེ། བདག་མེད་པ་ཉིད་ཁྱད་པར་ཡིན་ན་གཞན་དྲིས་པས་ཅི་ཞིག་བྱ། ཡང་འདིར་མུ་སྟེགས་བྱེད་གཞན་དང་རྩོད་པར་སྨྲ་བར་རྩོམ་པ་ནི་མ་ཡིན་གྱི་གང་གི་ཕྱིར་བདེ་བར་གཤེགས་པའི་ལམ་ལ་གནས་པ་ཉིད་ནི་ཐར་པའི་ལམ་ལ་འཇུག་པར་སྤྲོ་བ་ཉིད་ཡིན་པ་དང༌། དབང་པོའི་དབྱེ་བས་མྱུར་བ་དང༌། རིང་བ་དང༌། ཤིན་ཏུ་ཡུང་རིང་བས་རྣམ་པར་གྲོལ་བའི་སྐལ་བ་ཅན་རྣམས་ལུང་གི་དོན་ལ་ཕན་ཚུན་རྣམ་པར་དཔྱོད་པ་ནི་མཛེས་ཀྱི། ལྟ་བ་ངན་པས་སེམས་རྒྱུད་ཚིག་པར་གྱུར་པ། ཤིན་ཏུ་ཚ་བའི་མདག་མེའི་ཚོགས་ཀྱི་ནང་དུ་ལྟུང་བར་གྱུར་པར། བདེ་བའི་ལམ་ལས་ཤིན་ཏུ་ཡུན་རིང་དུ་ཡོངས་སུ་ཉམས་པ། དམུས་ལོང་འོ་མའི་ཡོན་ཏན་ཡོངས་སུ་རྟོག་པར་བྱེད་པ་ལྟ་བུའི་མུ་སྟེགས་པ་གཞན་དག་དང༌། ཐེག་པ་ཆེན་པོ་ཡོངས་སུ་བརྟག་པས་ཅི་ཞིག་བྱ། གང་གི་ཕྱིར་གང་ཐམས་ཅད་མཁྱེན་པའི་གོ་འཕང་ཐམས་ཅད་ཀྱི་བདག་ཉིད་ཅན་དོན་དམ་


DTG078_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དེ་བཞིན་ཉིད་ཀྱི་རང་བཞིན་དེ་བཞིན་གཤེགས་པའི་རང་རིག་པ། ཉན་ཐོས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ། གཅིག་དང་དུ་མའི་རྣམ་པར་རྟོག་པའི་དྲ་བ་དང་བྲལ་བ། དཔེ་ཐམས་ཅད་ཀྱིས་སྤངས་པ། ཐུགས་རྗེ་ཆེན་པོའི་ཉམས་ཀྱིས་ཁྱབ་པ། །དངོས་པོ་ཐམས་ཅད་ཀྱི་རྟོག་པ་དང་བྲལ་བ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན། ཕྱིན་ཅི་མ་ལོག་པའི་ཐབས། ཞིང་དམ་པའི་གནས། གཞན་གྱི་དགོས་པ་རྗེས་སུ་མཐུན་པའི་སྨོན་ལམ་གྱི་ས་བོན་དང་རྗེས་སུ་འཇུག་པའི་འདུས་བྱས་པ་ལ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་འགྲོ་བའི་དོན་མཛད་པའི་གནས་སུ་གྱུར་པ་ནི་བདེ་བར་གཤེགས་པ་ཡིན་ན། ལོག་པར་ལྟ་བའི་གདོན་གྱིས་ཟིན་པའི་སེམས་དང་ལྡན་པའི་ཉོན་མོངས་པ་དེ་རྣམས་ཀྱིས་རྟོགས་པར་ཇི་ལྟར་འགྱུར། གང་ཡང་རང་གི་སྡེ་པ་རྣམས་ལ་ཡང་ཐེག་པ་ཆེན་པོར་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོའི་ཐུགས་དང་ལྡན་པས་སྙིང་རྗེ་ཆེན་པོའི་གོ་བགོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་མདོ་སྡེ་མཐའ་ཡས་པས་རྣམ་གྲངས་དུ་མར་གསུངས་པ་ནི་རོ་གཅིག་པའི་མཚན་ཉིད་ཅན་དངོས་པོ་མེད་པ་གཉིས་སུ་མེད་པའི་ཡེ་ཤེས་མཆོག་ཏུ་བླང་བར་བྱ་བ་ཉིད་ཡིན་པར་མི་ཤེས་པས། གལ་ཏེ་འགྲོ་བ་རྣམས་དངོས་པོ་མེད་པ་ཡིན་ན། བཅོམ་ལྡན་འདས་ཉན་ཐོས་རྣམས་ལ་ཕུང་པོ་རྣམས་ཀྱི་མཚན་ཉིད་ཅིའི་ཕྱིར་སྟོན་པར་མཛད་ཅེས་སྤོང་བར་བྱེད་པ་དག་ཡོད་པས། དེའི་ཕྱིར་བརྗོད་པར་བྱ་སྟེ། དེ་ནི་བྱིས་པའི་སྐྱེ་བོ་རྣམས་ཀྱི་དབང་དུ་མཛད་ནས་གདུལ་བྱའི་བསམ་པའི་དབང་གིས་བཅོམ་ལྡན་འདས་ཀྱིས་ཕུང་པོའི་མཚན་ཉིད་སྟོན་པར་མཛད་པ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། །དེ་ཡང་སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས་ཉི་ཤུ་པ་ལས། གཟུགས་སོགས་སྐྱེ་མཆེད་ཡོད་པ་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ། །དགོངས་པའི་དབང་གིས་བཤད་པ་སྟེ། །རྫུས་ཏེ་སྐྱེ་བའི་སེམས་ཅན་བཞིན། །ཞེས་བཤད་པ་ཡིན་ནོ། །དེ་ཡང་གང་གི་ཕྱིར་བྱིས་པ་ལོག་པའི་ཤེས་པས་ཟིལ་གྱིས་མནན་པ། མ་རིག་པའི་དྲི་མས་ཡིད་དྲི་མ་ཅན་དུ་གྱུར་པ་རྣམས་ནི་དོན་དམ་པའི་ཆོས་ཉིད་


DTG078_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཆོས་བདག་མེད་པར་བསྟན་པས་ཉེ་བར་སྐྲག་པར་འགྱུར་རོ། །དེ་བས་ན་ཕུང་པོ་ལ་སོགས་པ་སྟོན་པར་མཛད་ཀྱི་གཟུགས་ལ་སོགས་པ་དོན་དམ་པར་ཡོད་པ་ནི་མ་ཡིན་ནོ། །དེ་ཡང༌། གཟུགས་ནི་དབུ་བ་ལྟ་བུར་བཤད། །ཚོར་བ་ཆུ་ཡི་ཆུ་བུར་བཞིན། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་འདྲ། །རྣམ་པར་ཤེས་པ་སྒྱུ་འདྲ་ཞེས། །དེ་ལྟར་ཕུང་པོ་བསྟན་པ་ནི། །རྐང་གཉིས་མཆོག་གིས་རྣམ་ཀུན་དུ། །བྱང་ཆུབ་སེམས་དཔའ་རྣམས་ལ་བཤད། །ཅེས་གསུངས་པ་ཡིན་ནོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་ཤིང་བསྟན་པར་མཛད་པ་ན་ཤིན་ཏུ་ཟབ་པས་རྟོགས་པར་མི་འགྱུར་གྱི། སླར་ཞིང་སུན་འབྱིན་པར་བྱེད་དེ། གང་གི་ཕྱིར་དེ་རྣམས་འདི་སྐད་དུ། དབང་པོ་ཐམས་ཅད་ཀྱི་ཡུལ་དུ་གྱུར་པའི་གཟུགས་ལ་སོགས་པ་མེད་པ་ཇི་ལྟར་རུང་ཞེས་སྨྲའོ། །འདིར་བརྗོད་པར་བྱ་སྟེ། གཟུགས་ཀྱི་ཕུང་པོ་ནི་འབྱུང་བ་ཆེན་པོ་བཞིའི་རང་བཞིན་ཅན་ཡིན་པར་བཤད་ལ། ལྷག་མ་རྣམས་ནི་གཟུགས་མེད་པར་དཔྱད་མི་དགོས་པར་གྲུབ་པ་ཡིན་ནོ། །དེ་ལ་གཟུགས་ཀྱི་ཕུང་པོ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་འདུས་པ་ཡིན་ནོ། །དེ་ལས་འབྱུང་བ་ནི་ས་ལ་སོགས་པ་རྣམ་པ་བཞིའོ། །འབྱུང་བ་ལས་གྱུར་པ་ནི་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་རྣམས་སོ། །དེ་ཡང་ཐོག་མ་དང་ཐ་མ་མེད་ཅིང་འབྲེལ་པར་འབྱུང་བ་ཡིན་ལ། ངོ་བོ་ཉིད་དང་བྲལ་བའི་ཕྱིར་དང༌། དེ་བཞིན་རྡུལ་ཕྲ་རབ་འདུས་པ་ཡིན་པས། གཅིག་དང་དུ་མ་དམིགས་སུ་མེད་པས། གཟུགས་བརྙན་ལྟར་མེད་པ་ཉིད་ཡིན་པའི་ཕྱིར་ཡོད་པ་མ་ཡིན་ནོ། །དེ་ཡང་སློབ་དཔོན་ཞི་བ་འཚོས། དབུ་མ་རྒྱན་ལས། བདག་དང་གཞན་སྨྲའི་དངོས་འདི་དག །ཡང་དག་ཏུ་ན་གཅིག་པ་དང༌། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་བཤད་པ་ཡིན་ནོ། །ཡང་གཞན་དག་ལས། དངོས་པོར་བརྟགས་པ་གང་དང་གང༌། །དེ་དང་དེ་ཡི་གཅིག་ཉིད་མེད། །གང་ལ་གཅིག་པ་ཉིད་མེད་པ། །དེ་ལ་དུ་མ་ག་ལ་ཡོད། །ཅེས་བཤད་པ་ཡིན་ནོ། །ཡང་རིགས་པ་དྲུག་ཅུ་པ་ལས། རྒྱུ་ཡོད་པ་ལས་གང་འབྱུང་ཞིང༌། །


DTG078_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་མེད་པར་ནི་གནས་པ་མེད། །རྐྱེན་མེད་ཕྱིར་ནི་འཇིག་འགྱུར་བ། །དེ་ནི་ཡོད་པར་ཇི་ལྟར་ཤེས། །ཞེས་བཤད་པ་དང༌། ཡང་དེ་ཉིད་ལས། དེ་དང་དེ་བརྟེན་གང་བྱུང་བ། །རང་གི་ངོ་བོ་ཉིད་མ་སྐྱེས། །རང་གི་ངོ་བོ་གང་མ་སྐྱེས། །དེ་ལ་སྐྱེས་ཞེས་ཇི་སྐད་བྱ། །ཞེས་བཤད་པ་ཡིན་ནོ། །འདིར་མདོར་བསྡུ་བའི་དོན་ནི་འདི་ཡིན་ཏེ། དེ་དང་དེའི་ཞེས་བྱ་བ་ནི་བསྣན་པའི་དོན་གྱི་ཚིག་སྟེ། ས་ལ་སོགས་པའི་རྒྱུ་ལ་བརྟེན་ནས་འབྱུང་བ་གང་ཡིན་པ་ནི་རྒྱུ་ལ་རག་ལས་པ་ཡིན་པའི་ཕྱིར། ཡང་དག་པར་ན་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་ཡིན་ནོ། །དེ་ལྟར་ཤེས་པར་གྱུར་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་ཞེས་བྱའོ། །དེ་བས་ན་རིགས་པ་དྲུག་ཅུ་པ་ལས། རྟེན་འབྱུང་ལས་འབྱུང་མ་སྐྱེས་པར། །དེ་ཉིད་སྨྲ་བ་མཆོག་གིས་གསུངས། །ཞེས་བཤད་པ་ཡིན་ནོ། །ཡང་དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་འཇིག་རྟེན་ལས་འདས་པའི་བསྟོད་པ་ལས། གང་ཞིག་རྒྱུ་ལས་བྱུང་བ་རྣམས། །དེ་མེད་པས་ནི་མེད་གྱུར་ན། །དེ་དག་གཟུགས་བརྙན་དང་མཚུངས་པ། །གསལ་བ་ཉིད་དུ་ཅིས་མི་འདོད། །འབྱུང་བ་མིག་གིས་གཟུང་བྱ་མིན། །དེ་ལས་བྱུང་མིན་ཇི་ལྟ་བུ། །ཁྱོད་ཀྱིས་དེ་ལྟར་གཟུགས་གསུངས་པ། །གཟུགས་སུ་འཛིན་པ་བཟློག་པར་མཛད། །ཅེས་བཤད་པ་ཡིན་ནོ། །དྲིས་པ། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་ངོ་བོ་ཉིད་དང་བྲལ་བའི་ཕྱིར། གཟུགས་ཀྱི་ཕུང་པོ་མེད་པར་བསྟན་པ་གང་ཡིན་པ་དེ་རེ་ཞིག་ཡིན་དུ་ཆུག་ལ། གཟུགས་རྩོམ་པར་བྱེད་པའི་རྡུལ་ཕྲ་རབ་འདི་ནི་ཤིན་ཏུ་ཕྲ་བ་ཡིན་པའི་ཕྱིར་དང་གཟུགས་མེད་པ་ཉིད་ཀྱི་རྟག་པ་ཉིད་ཡིན་པའི་ཕྱིར་དང༌། གཅིག་པུ་ཉིད་ཡིན་པ་གང་ཡིན་པ་དེ་མེད་པར་ཇི་ལྟར་རུང་ཞེས་ཟེར་ན། དེའི་ཕྱིར་བརྗོད་པར་བྱ་སྟེ། དྲུག་པོ་རྣམས་ལྷན་ཅིག་འདུས་པ་དང༌། དེ་བཞིན་དུ་ཕྱོགས་ཀྱི་ཆའི་དབྱེ་བས་རྡུལ་ཕྲ་རབ་ནི་ཕྱོགས་ཆ་དྲུག་ཡོད་པར་གྲུབ་བོ། །གང་ལ་ཕྱོགས་ཆ་ཡོད་པ་དེ་ནི་གཅིག་པ་ཉིད་དུ་མི་རིགས་ཏེ། སློབ་དཔོན་དབྱིག་གཉེན་གྱིས། ཇི་ལྟར་རྡུལ་ཕྲན་མི་འགྲུབ་ཕྱིར། །དྲུག་གི་ཅིག་ཅར་སྦྱར་བས་ན། །ཕྲ་རབ་ཕྱོགས་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུ་རྡུལ་ཕྲན་


DTG078_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་དུ་འགྱུར། །ཞེས་བཤད་པ་ཡིན་ནོ། །དེ་བས་རྡུལ་ཕྲ་རབ་ནི་རྫས་གཅིག་ཏུ་ཡོད་པ་མ་ཡིན་ཏེ། གཅིག་མེད་པས་རྡུལ་ཕྲ་རབ་མང་པོ་མཐའ་ཡས་པ་ཉིད་དུ་རྫས་དེའི་དབྱེ་བས་བསྟན་པས། རྡུལ་ཕྲ་ཕྲ་རབ་ཡོད་པ་ཡིན་ནོ། །རྡུལ་ཕྲ་རབ་མ་གྲུབ་བས། གཟུགས་ཀྱི་ཕུང་པོ་ནི་ཤིན་ཏུ་མེད་པར་བསྟན་པ་ཡིན་ནོ། །ཚོར་བ་ལ་སོགས་པ་ལྷག་མ་རྣམས་ནི་གཟུགས་མེད་པ་ཉིད་དུ་དཔྱད་མི་དགོས་པར་གྲུབ་པ་ཡིན་ཏེ། གཟུགས་ཅན་གྱི་རང་བཞིན་མ་ཡིན་པའི་ཕྱིར་རོ། །ཡང་དེ་རྣམས་གཟུགས་ཀྱི་ཕུང་པོ་ཡོད་ན་གནས་ཤིང་དམིགས་པ་ལས་ཡོད་པར་བསྟན་པ་ཡིན་པ་ཐ་དད་པར་བརྟགས་པར་ཡོད་པ་མ་ཡིན་ནོ། །དེ་བས་ན་གཟུགས་ཀྱི་ཕུང་པོ་མེད་པའི་ཕྱིར་མདོར་ན་འདིར་དེ་རྣམས་ཀྱང་མེད་པར་བཤད་པ་ཡིན་ཏེ། དེ་ལྟར་ན་ཆོས་བདག་མེད་པར་ཡང་དག་པར་བསྟན་པ་ཡིན་ནོ། །དེ་ལྟ་ན་ཡང་བློ་དམན་པ་རྣམས་ཐོག་མ་མེད་པ་ཅན་གྱི་སྤྲོས་པའི་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་ཁོང་དུ་ཆུད་ཡིད་ཆེས་པར་མི་འགྱུར་གྱི་སླར་ཞིང་སུན་འབྱིན་པར་བྱེད་དེ། དེ་ཡང་འདི་ལྟར་གཟུགས་ལ་སྩོགས་པའི་རྡུལ་ཕྲ་རབ་འདུས་པས། མེད་པ་ཡིན་པའི་ཕྱིར་ཆོས་བདག་མེད་པ་ཡིན་དུ་ཆུག་ན་སེམས་འདི་ནི་འཛིན་པར་བྱེད་པའི་རྣམ་པས་དེ་རྟོགས་པར་བྱེད་པ་ཉིད་ཀྱིས་ཡང་དག་པར་ཡོད་པ་ཉིད་ཡིན་ནོ་ཞེས་སྨྲ་བར་བྱེད་དོ། །འདིར་བརྗོད་པར་བྱ་སྟེ། སྔར་བཤད་པའི་རྣམ་པ་གཟུགས་ལ་སོགས་པ་གཟུང་བར་བྱ་བའི་དོན་རྣམས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཞིང༌། ངོ་བོ་ཉིད་དང་བྲལ་བ་ཡིན་པའི་ཕྱིར་དང༌། དེ་བཞིན་དུ་རྡུལ་ཕྲ་རབ་འདུས་པ་ཡིན་པས་མེད་པ་ཉིད་དུ་བསྟན་ལ། དེ་ལྟར་གཟུང་བར་བྱ་བ་མེད་པས། འཛིན་པ་པོ་ཡང་མེད་པ་ཉིད་དུ་བསྟན་པར་འགྱུར་ཏེ། འཛིན་པ་པོ་ནི་གཟུང་བར་བྱ་བ་ལ་ལྟོས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རྟོགས་པ་པོ་ཉིད་དུ་བཤད་པ་གང་ཡིན་པ་དེ་ཡང་ཡོད་པ་མ་ཡིན་ནོ། །དེ་ཡང་བྱང་ཆུབ་ཀྱི་སེམས་བཤད་པ་ལས། རྟོགས་པ་པོ་ཡིས་རྟོགས་བྱ་གང༌། །ཤེས་བྱ་མེད་པས་ཤེས་པ་མེད། །དེ་ལྟར་ཤེས་དང་ཤེས་བྱ་དག །དངོས་པོ་མེད་པར་ཅིས་མི་འདོད། །ཅེས་བཤད་པ་དང༌། རྟོགས་བྱ་རྟོགས་བྱེད་རྣམ་པར་


DTG078_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

སེམས། །དེ་བཞིན་གཤེགས་པས་མ་གཟིགས་སོ། །གང་དུ་རྟོགས་བྱ་རྟོགས་བྱེད་དག །དེར་ན་བྱང་ཆུབ་ཡོད་པ་ཡིན། །མཚན་ཉིད་མེད་ཅིང་སྐྱེ་བ་མེད། །བསྟན་དུ་མེད་ཅིང་བརྗོད་དུ་མེད། །བྱང་ཆུབ་སེམས་ནི་མཁའ་འདྲ་ཞིང༌། །བྱང་ཆུབ་གཉིས་མེད་མཚན་ཉིད་ཅན། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བཤད་པ་ཡིན་ནོ། །གལ་ཏེ་སེམས་རྣམ་པ་ཐམས་ཅད་དུ་མེད་པ་ཡིན་ན། བཅོམ་ལྡན་འདས་སེམས་ཙམ་མོ་ཞེས་སྟོན་པར་མི་མཛད་དེ། དེ་ཡང་བཅོམ་ལྡན་འདས་ཀྱིས་ཀྱེ་རྒྱལ་བའི་སྲས་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་མདོ་ལས་གསུངས་པ། བཅོམ་ལྡན་འདས་ནི་རང་བཞིན་མེད་ལ་དགོས་པ་མེད་པར་སྟོན་པར་མི་མཛད་དོ་ཞེ་ན། དེ་ནི་བདེན་ཏེ་བཅོམ་ལྡན་འདས་ནི་དགོས་པ་མེད་པར་མི་མཛད་ཀྱི་གཞན་དུ་ན་དགོས་པ་མེད་པ་ཉིད་དགོས་པ་ཡོད་པ་ཉིད་ཡིན་ནོ། །དེ་ཡང་གང་ཞིག་ཡིན་པ་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་བྱིས་པའི་སྐྱེ་བོའི་དབང་དུ་མཛད་ནས་ཐུགས་རྗེ་ཆེན་པོའི་ཤུགས་ཀྱི་དབང་གིས་སེམས་ཙམ་དུ་སྟོན་པར་མཛད་དེ། གང་གི་ཕྱིར་མ་རིག་པས་སེམས་ཕྱིན་ཅི་ལོག་ཏུ་གྱུར་པའི་བྱིས་པ་རྣམས་ཀྱིས་ཆོས་ཐམས་ཅད་བདག་མེད་པར་ཐོས་ན་ཀུན་དུ་སྐྲག་པར་འགྱུར་ཞིང་གཡང་ས་ལྟ་བུར་འདུ་ཤེས་པར་འགྱུར་རོ། །དེ་བས་ན་དེ་རྣམས་ཀྱི་ཉེ་བར་སྐྲག་པ་སྤང་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་སེམས་ཙམ་དུ་བསྟན་པར་མཛད་པ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། །དེ་ཡང༌། བྱང་ཆུབ་ཀྱི་སེམས་བཤད་པ་ལས། །འདི་དག་ཐམས་ཅད་སེམས་ཙམ་ཞེས། །དེ་ལྟར་ཐུབ་པས་གང་བསྟན་པ། །དེ་ནི་དོན་དམ་ཉིད་མིན་གྱིས། །བྱིས་པ་སྐྲག་པ་སྤང་ཕྱིར་ཡིན། །སྟོང་ཉིད་གཅིག་པུའི་བདག་ཉིད་དུ། །སེམས་ཚུལ་བརྟགས་པ་འདི་ཡིན་ནོ། །ཞེས་བཤད་པ་དང༌། དེ་བཞིན་དུ་སྣང་བའི་ཕྲེང་བ་ལས་ཀྱང༌། སེམས་ཙམ་ལས་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་རྟོག་གོ །དེ་བཞིན་ཉིད་དམིགས་གནས་ནས་སུ། །སེམས་ཙམ་ལས་ནི་འདའ་བར་བྱ། །སེམས་ཙམ་ལས་ནི་འདས་ནས་སུ། །སྣང་བ་མེད་ལ་གནས་པར་འགྱུར། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་


DTG078_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཆེན་པོ་མཐོང༌། །ཞེས་བཤད་པ་ཡིན་ནོ། །དྲིས་པ། སེམས་འཛིན་པ་པོའི་རྣམ་པ་དང་རྟོགས་པ་པོ་ཉིད་དུ་གྱུར་པར་མེད་དུ་ཟིན་ཀྱང༌། འོན་ཀྱང་རྣལ་འབྱོར་པའི་གཞུང་གིས་སེམས་ཙམ་ཡོངས་སུ་གྱུར་ཅིང༌། །དག་པ་དེ་སོ་སོ་རང་གིས་རིག་པའི་བདག་ཉིད་ཀྱི་སྤྱོད་ཡུལ་ཉིད་ཀྱིས་ཡང་དག་པར་ཡོད་དོ་ཞེ་ན། དེ་བརྗོད་པར་བྱ་སྟེ། སེམས་ནི་གཟུགས་མེད་པ་ཉིད་དང༌། དེ་བཞིན་དུ་ཐོག་མ་དང་ཐ་མ་མེད་པ་དང༌། སྐད་ཅིག་མ་ཉིད་ཡིན་པས་དུས་གསུམ་གནས་པ་མེད་པས་ན་ཡོད་པ་མ་ཡིན་ནོ། །དེ་ཡང༌། གང་ཞིག་འདས་པ་མེད་བ་ཡིན། །མ་འོངས་པ་ནི་ཐོབ་མེད་ན། །གནས་ནི་ཡོངས་སུ་གྱུར་པ་ཡིན། །ད་ལྟར་བྱུང་བ་ག་ལ་གནས། །ཇི་ལྟ་བ་ཉིད་དེ་མི་སྣང༌། །སྣང་བ་དེ་ཉིད་དེ་ལྟ་མིན། །རྣམ་ཤེས་བདག་གི་གཟུགས་མིན་ཏེ། །ཤེས་པ་མེད་པ་གནས་ཀྱི་མཆོག །ཅེས་བཤད་པ་ཡིན་ཏེ། འདིར་རྒྱ་ཆེར་མ་སྤྲོས་སོ། །ཆོས་ཐམས་ཅད་བདག་མེད་དོ་ཞེས་བྱ་བ་ཇི་སྐད་བསྟན་པ་དེ་ལྟར་གནས་སོ་ཞེས་བྱ་བ་ནི་ཁོ་བོ་ཅག་ཀྱང་ཁས་ལེན་ན། ཇི་སྐད་དུ་བཤད་པའི་རྣམ་པས་ཆོས་ཐམས་ཅད་བདག་མེད་པའི་འགྲོ་བ་རྣམས་ནི་སྣ་ཚོགས་པར་སྣང་ངོ་ཞེས་ཟེར་ན་དེ་བརྗོད་པར་བྱ་སྟེ། ཐོག་མ་མེད་པའི་རང་བཞིན་གྱིས། མ་རིག་པའི་དབང་གིས་ཡང་དག་པ་མ་ཡིན་པའི་དོན་ལ་འཁྲུལ་པ་ཙམ་དུ་འགྲོ་བ་རྣམས་སྣང་སྟེ། དཔེར་ན་རྨི་ལམ་དང༌། སྒྱུ་མ་དང༌། སྨིག་རྒྱུ་དང༌། དྲི་ཟའི་གྲོང་ཁྱེར་ལ་སོགས་པ་རྣམས་ནི་ཡང་དག་པར་མེད་དུ་ཟིན་ཀྱང་སྣང་བ་དང་འདྲའོ། །དྲིས་པ། རྨི་ལམ་དང་མཚུངས་པ་ལ་སོགས་པའི་དཔེས་འགྲོ་བ་རྣམས་མེད་པར་བསྟན་པ་དེ་ནི་བདེན་པ་མ་ཡིན་ཏེ། རྨི་ལམ་ལ་སོགས་པ་ནི་དོན་གྱི་བྱ་བས་སྟོང་པ་ཡིན་ལ། འགྲོ་བ་རྣམས་ནི་དོན་གྱི་བྱ་བ་དང་ལྡན་པར་སྣང་ངོ་ཞེ་ན། བརྗོད་པར་བྱ་སྟེ། རྨི་ལམ་ལ་སོགས་པ་ནི་ཡུལ་དུ་སྣང་བ་མེད་དུ་ཟིན་ཀྱང་དོན་གྱི་བྱ་བ་ནི་ཡོད་དེ། དཔེར་ན་རྨི་ལམ་ལ་སྐྱེས་པ་དང༌། བུད་མེད་ཀྱི་དབང་པོ་གཉིས་འདུས་པ་མེད་དུ་ཟིན་ཀྱང༌། ཁུ་བ་བྱུང་བའི་མཚན་ཉིད་ཅན་གྱིས་བྱ་བ་ནི་ཡོད་པར་སྣང་ངོ༌། །དེ་བཞིན་དུ་གཟུགས་བརྙན་དང་འདྲ་བའི་འགྲོ་བ་མེད་དུ་ཟིན་ཀྱང༌།


DTG078_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པ་ཙམ་དུ་འགྲོ་བ་རྣམས་སྣང་བ་ཡིན་ནོ། །དྲིས་པ། རྨི་ལམ་དང༌། སྒྱུ་མ་ལ་སོགས་པའི་དཔེས་འགྲོ་བ་རྣམས་མེད་པ་དང༌། འཁྲུལ་པ་ཙམ་ཡིན་དུ་ཆུག་ན། འོན་ཀྱང་དམིགས་པའི་རྣམ་པའི་འཁྲུལ་བའི་ཤེས་པ་ནི་ཡོད་དེ། དཔེར་ན་སྒྱུ་མ་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་མེད་པ་ཡིན་ཡང༌། དེ་ལ་དམིགས་པའི་རྣམ་པ་འཁྲུལ་པའི་ཤེས་པ་ནི་ཡོད་དོ་ཞེ་ན། བརྗོད་པར་བྱ་སྟེ། འཁྲུལ་པའི་ཤེས་པ་དེ་ངོ་བོ་ཉིད་གང་གིས་འགྲོ་བ་རྣམས་རྟོགས་ཤིང་ཤེས་པའི་ངོ་བོ་ཉིད་དེས་འགྲོ་བ་འདིས་སེམས་མེད་པར་བསྟན་པ་ཡིན་ལ། འགྲོ་བ་རྣམས་མེད་པར་མེད་བཞིན་དུ་འགྲོ་བར་སྣང་བ་རང་ཉིད་ཀྱང་མ་དག་པར་འགྱུར་རོ། །མ་ངག་པ་ཉིད་ཀྱིས་ན་དེའི་ངོ་བོ་ཉིད་ཀྱིས་འཁྲུལ་པའི་ཤེས་པ་ཡང་དག་པར་ཡོད་པར་ཇི་ལྟར་འགྱུར་ཏེ་མེད་དོ། །འཇིག་རྟེན་ན་ཡང་གང་ས་བོན་ལ་སོགས་པ་མེད་པར་མྱུ་གུ་ལ་སོགས་པའི་ཆོས་འདི་ནི་མ་མཐོང་ངོ༌། །དེ་ལྟར་བཤད་པའི་རྣམ་པས་ཆོས་ཐམས་ཅད་དངོས་པོ་མེད་པར་བསྟན་དུ་ཟིན་ཀྱང་ལ་ལ་དག་གལ་ཏེ་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་ན་ཆད་པར་སྨྲ་བར་ཅི་ལྟར་མི་འགྱུར། ཆད་པར་སྨྲ་བར་ཁས་ལེན་ན་ནི་འཇིག་རྟེན་ཕ་རོལ་མེད་པར་སྨ་བས་ཕལ་ཆེར་འཇིག་རྟེན་རྒྱང་པན་པའི་གཞུང་དང་འདྲ་བར་འགྱུར་རོ་ཞེས་རྒོལ་བར་བྱེད་དོ། །འདིར་བརྗོད་པར་བྱ་སྟེ། སྟོང་ཉིད་ཚིག་ཏུ་སྨྲ་བ་ལ། །ཆད་པར་སྨྲ་བ་ཡོད་མིན་ཏེ། །མྱ་ངན་འདས་དང་འཁོར་བ་རུ། །བདག་ཉིད་ཆེན་པོ་འདི་མི་གནས། །ཞེས་བཤད་པ་དང༌། དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་བསམ་གྱིས་མི་ཁྱབ་པའི་བསྟོད་པ་ལས། དེ་ཉིད་ཤེས་ལ་ཆད་པ་དང༌། །རྟག་པ་ཉིད་དུ་འདོད་མིན་ཏེ། །འགྲོ་ཀུན་དངོས་པོ་སྟོང་པ་སྟེ། །སྨིག་རྒྱུ་དག་དང་མཚུངས་པར་འདོད། །ཅི་ལྟར་སྨིག་རྒྱུ་དག་གི་ཆུ། །རྟག་དང་ཆད་པ་ཡོད་མ་ཡིན། །དེ་བཞིན་འགྲོ་བ་ཐམས་ཅད་དག །རྟག་དང་ཆད་པ་མེད་པར་བཤད། །ཅེས་བཤད་པ་ཡིན་པས་ཆོས་ཐམས་ཅད་དམིགས་སུ་མེད་པའི་ཡེ་ཤེས་ལ་བརྟེན་པ་ཉིད་ཀྱིས་བདག་ཉིད་ཆེན་པོ་རྣམས་སུ་མེད་པའི་སྙིང་རྗེ་ཆེན་པོ་ལ་གནས་པ་རྣམས་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སེམས་ཅན་རྣམས་


DTG078_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་པར་གོ་བགོས་པ་དེ་རྣམས་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལ་གནས་པ་ཡོད་པ་མ་ཡིན་ནོ། །དོན་འདི་དག་གནས་པར་བྱ་བའི་ཕྱིར། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་བྱང་ཆུབ་ཀྱི་སེམས་བཤད་པ་ལས། ཆོས་འདི་དག་ནི་ཆོས་རྣམས་ཀྱ། །རང་གི་ངོ་བོ་ལས་མི་འདའ། །དཔེར་ན་བུ་རམ་མང་རབ་དང༌། །མེ་ཡི་རང་བཞིན་ཚ་བ་མཚུངས། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཡིན་པར་འདོད། །རང་བཞིན་སྨྲ་བར་བྱེད་པ་ན། །གང་ཡང་ཆད་པར་སྨྲ་མ་ཡིན། །དེས་ནི་རྟག་པ་ཉིད་དུ་ཡང༌། །གང་ཡང་སྨྲ་བར་མི་འགྱུར་རོ། །ཞེས་བཤད་པ་ཡིན་ནོ། །གལ་ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ནོ། ཆོས་ཐམས་ཅད་དེའི་བདག་ཉིད་དུ་ཉེ་བར་དམིགས་པར་ཅིའི་ཕྱིར་མ་གྱུར་ཅེས་རྟོག་ན། དེ་བརྗོད་པར་བྱ་སྟེ། གང་འདི་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་ཤུགས་ཀྱི་དབང་གིས་ཐར་པ་འདོད་པ་རྣམས་ལ་ཆོས་ཐམས་ཅད་བདག་མེད་པ་ཉིད་ནི་བླང་བར་བྱ་བའི་མཆོག་ཏུ་བསྟན་པར་མཛད་ལ། དེ་ནི་སོ་སོ་རང་གིས་རིག་པའི་བདག་ཉིད་དུ་ཕྱིན་ཅི་མ་ལོག་པར་འཕགས་པ་རྣམས་ཀྱི་ཐུགས་སུ་ཆུད་པ་ཡིན་ལ། གང་ཡང་མི་རིགས་པས་ཕྱིན་ཅི་ལོག་ཏུ་གྱུར་པའི་བྱིས་པ་རྣམས་ཀྱིས་ནི་དེ་མཐོང་བར་མི་འགྱུར་རོ། །དེ་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱིས། འདི་ནི་མྱ་ངན་འདས་གྲོང་ལམ་གཅིག་ཏུ། །བདེ་གཤེགས་ཉི་མའི་གསུང་འོད་སྣང་བ་ཅན། །བདག་མེད་རང་བཞིན་འཕགས་པ་སྟོང་ཕྲག་འཇུག །རྣམ་པར་རྒྱལ་བ་བློ་དམན་མིག་མི་མཐོང༌། །ཞེས་བཤད་པ་དང༌། ཡང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་འདིའི་ཆེ་བའི་བདག་ཉིད་ཀྱི་ཕུལ་དུ་བྱུང་བ་བསྟན་པའི་ཕྱིར་དང༌། ཆོས་ཉིད་སོ་སོ་རང་རིག་པ་ཉིད་ལ་གུས་པ་བསྐྱེད་པར་བྱ་བའི་ཕྱིར། བྱང་ཆུབ་ཀྱི་སེམས་བཤད་པ་ལས། །གང་གིས་སྟོང་ཉིད་མི་ཤེས་པ། །དེ་ནི་ཐར་པའི་སྐལ་ཅན་མིན། །རྨོངས་པ་དེ་ནི་འགྲོ་དྲུག་གི །སྲིད་པའི་བཙོན་ར་འདིར་འཁྱམས་འགྱུར། །ཞེས་བཤད་པ་དང༌། ཡང་དེ་ཉིད་ལས། དགེ་དང་མི་དགེ་རྣམ་རྟོག་གི །རྒྱུན་ཆད་པ་ནི་མཚན་ཉིད་ཅན། །སྟོན་པ་སངས་རྒྱས་ཀྱིས་གསུངས་པ། །མེད་པའི་


DTG078_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་མ་ཡིན་ནོ། །ཞེས་བཤད་པ་དང༌། ཡང་དེ་བཞིན་དུ། ལྟ་བ་དག་ནི་ཇི་སྙེད་པ། །ལུས་ཅན་རྣམས་ནི་འཇུག་འགྱུར་བའི། །ལྟ་བ་ཉེས་པ་བཟློག་པའི་ཕྱིར། །རྒྱལ་བས་སྟོང་ཉིད་བསྟན་པ་ཡིན། །གང་གིས་སྟོང་པ་ཉིད་ཐོས་ནས། །ལྟ་ངན་དག་ལས་མི་ལྡོག་པ། །ལྟ་བ་གོས་པ་མེད་འགྱུར་ཏེ། །སྨན་པས་སྤངས་པའི་ནད་པར་མཚུངས། །དཔེར་ན་མེ་ཡིས་ཤིང་བསྲེགས་ནས། །བསྲེག་བྱ་མེད་པས་གནས་མི་འགྱུར། །དེ་བཞིན་ལྟ་བའི་ཤིང་བསྲེགས་ནས། །སྟོང་པའི་མེ་ནི་འགག་པར་འགྱུར། །ལྟ་བ་འགག་པའི་དུས་སུ་ནི། །ཡེ་ཤེས་མེ་ནི་ཡང་དག་འབྱུང༌། །ཉོན་མོངས་ཐམས་ཅད་སྲེག་བྱེད་པ། །ཉོན་མོངས་བསྲེགས་ནས་རྣམ་པར་མཛེས། །ཞེས་བཤད་པ་དང༌། །དེ་བཞིན་སློབ་དཔོན་ཀམ་པ་ལའི་ཞལ་སྔ་ནས་ཀྱིས་སྣང་བའི་ཕྲེང་བ་ལས། ཉོན་མོངས་ཤེས་བྱའི་སྒྲིབ་པ་མུན། །གཉེན་པོ་སྟོང་པ་ཉིད་ཡིན་ན། །མྱུར་དུ་ཐམས་ཅད་མཁྱེན་འདོད་པས། །དེ་ནི་ཅིའི་ཕྱིར་བསྒོམ་མི་བྱ། །ཞེས་བཤད་པ་དང༌། དེ་བཞིན་དུ་སྟོང་པ་ཉིད་ཤེས་པ་ལས་མཆོག་ཏུ་གྱུར་པ་བསྟན་པའི་ཕྱིར། ཇི་སྙེད་སེམས་ཅན་ཐམས་ཅད་ཀྱིས། །བསོད་ནམས་ཚོགས་ནི་ཡོངས་གཟུང་བ། །དེ་སྙེད་བྱང་ཆུབ་སེམས་དཔའ་ཡི། །བྱང་ཆུབ་སེམས་ལས་རབ་ཏུ་འབྱུང༌། །ཇི་སྙེད་བྱང་ཆུབ་སེམས་དཔའ་ཡི། །བྱང་ཆུབ་སེམས་ལས་འབྱུང་འགྱུར་བ། །དེ་བས་མང་བའི་བསོད་ནམས་ནི། །དམ་ཆོས་ཡོངས་སུ་འཛིན་ལས་བྱུང༌། །བྱང་ཆུབ་སེམས་བྱུང་བསོད་ནམས་གང༌། །དམ་ཆོས་འཛིན་ལས་གང་འབྱུང་བ། །སྟོང་པ་ཉིད་ལ་མོས་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ་སྟོང་པ་ཉིད་དུ་ལྟ་བས་འཇིགས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་དབང་དུ་མཛད་ནས། དེ་རྣམས་ཀྱི་འཇིགས་པ་སྤངས་པའི་ཕྱིར་ཤེས་རབ་ཀྱི་ལེའུ་ལས། གང་ཞིག་འཇིགས་པ་བསྐྱེད་པའི་དངོས། །དེ་ལས་འཇིགས་པ་སྐྱེ་འགྱུར་གྱི། །སྟོང་ཉིད་འཇིགས་པ་འཇོམས་བྱེད་ན། །དེ་ལས་འཇིགས་པ་ཅི་ཕྱིར་སྐྱེ། །གལ་ཏེ་བདག་ཅེས་བྱ་ཡོད་ན། །ཅི་ཡང་རུང་ལས་འཇིགས་འགྱུར་ན། །བདག་ཉིད་ཅི་ཡང་ཡོད་མིན་ན། །འཇིགས་པ་གང་ལས་འབྱུང་བར་འགྱུར། །


DTG078_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བཤད་པ་དང༌། དེ་བཞིན་དུ། འཕགས་པ་ཀླུ་སྒྲུབ་གྱི་ཞལ་སྔ་ནས་ཀྱིས་རིན་པོ་ཆེའི་ཕྲེང་བ་ལས། ངེས་པར་ལེགས་པའི་ཆོས་དག་ཀྱང༌། །ཕྲ་ཞིང་ཟབ་པར་སྣང་བ་དང༌། །བྱིས་པ་ཐོས་དང་མི་ལྡན་ལ། །སྐྲག་པ་བྱེད་པར་རྒྱལ་བས་གསུངས། །བདག་ཡོད་མ་ཡིན་ཡོད་མི་འགྱུར། །བདག་གི་ཡོད་མིན་མི་འགྱུར་ཞེས། །བྱིས་པ་དག་ནི་དེ་ལྟར་སྐྲག །མཁས་པ་ལ་ནི་སྐྲག་པ་ཟད། །ཅེས་བཤད་པ་དང༌། ཡང་འདི་ཉིད་གསལ་བར་བྱ་བའི་ཕྱིར། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས། འཇིག་རྟེན་ལས་འདས་པའི་བསྟོད་པ་ལས། ཀུན་རྟོག་ཐམས་ཅད་སྤོང་བའི་ཕྱིར། །སྟོང་ཉིད་བདུད་རྩི་བསྟན་པ་ནི། །གང་ཡིན་དེ་ཡི་འཛིན་པ་ཡང༌། །ཁྱེད་ཀྱིས་མེད་པར་མཛད་པ་ཡི། །འདོད་པ་མེད་དབང་དང་ལྡན་སྟོང༌། །སྒྱུ་མ་བཞིན་དུ་རྐྱེན་བྱུང་བར། །མགོན་པོ་ཁྱོད་ཀྱིས་ཆོས་ཀུན་ནི། །དངོས་པོ་མེད་པར་སྟོན་པར་མཛད། ཅེས་བཤད་པ་ཡིན་ནོ། །དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་ཤིན་ཏུ་གསལ་བར་བསྟན་ཀྱང་བྱིས་པ་གང་དག་ཐོག་མ་མེད་པའི་ཚུལ་ཅན་གྱི་སྲིད་པའི་ཆུ་བོར་མ་རིག་པའི་དབང་གིས་ཡང་དག་པ་མ་ཡིན་པའི་དོན་ལ་མངོན་པར་ཞེན་པའི་གདོན་གྱིས་ཟིན་པ་རྣམས་ཀྱིས། དོན་དམ་པའི་ཆོས་ཐམས་ཅད་སྟོང་པ་ཉིད་ཆོས་ཀྱི་དབྱིངས་ལ་སོགས་པ་རྣམ་གྲངས་དུ་མས་ཡང་དག་པར་བསྟན་པ་རོ་གཅིག་པའི་མཚན་ཉིད་ངེས་པར་ལེགས་པ་འདོད་པ་རྣམས་ཀྱི་མཆོག་ཏུ་བླང་བར་བྱ་བར་གྱུར་པ་མི་ཤེས་པ་སྟེ། དེ་རྣམས་ལོག་པའི་ཤེས་པས་ཟིལ་གྱིས་མནན་པ། ངེས་པར་མེད་པ་ཉིད་ཀྱིས་རང་བཞིན་ཅན་གྱིས་མ་རིག་པའི་རྒྱུ་ཅན། ལས་དང་ཉོན་མོངས་པའི་མཚན་ཉིད་སྐད་ཅག་མ་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཉམས་སུ་མྱོང་བའི་སྡུག་བསྔལ་གྱི་བདག་ཉིད་ཀྱི་སྲིད་པའི་འཁོར་ལོའི་ལམ་དུ་ལམ་ཡོངས་སུ་ལ་བྱམས་པ་ཡིན་ནོ། །དེ་ཡང། དམྱལ་བའི་གནས་ནས་ཡི་དགས་གནས་ཏེ་སུམ་ཅུ་རྩ་གསུམ་གནས། །དགེ་བ་ཟད་པས་སུམ་ཅུ་རྩ་གསུམ་གནས་ནས་དུད་འགྲོའི་སྐྱེ་གནས་འགྲོ། །དུད་འགྲོའི་སྐྱེ་གནས་ལས་འཕོ་སླར་ཡང་མི་ཡི་སྐྱེ་གནས་ཐོབ་འགྱུར་ཏེ། །འགྲོ་བ་ལས་ཀྱི་འཆིང་བས་དབང་


DTG078_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཤིང་རྟའི་འཁོར་ལོ་བཞིན་དུ་འཁོར། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱིས་འགྲོ་བ་སྒྱུ་མ་དང་མཚུངས་པ་ལ་ལོག་པའི་ཤེས་པས་ཟིལ་གྱིས་མནན་པའི་བྱིས་པ་བདེན་པའི་ཚུལ་དུ་ཤེས་པས་བཅོམ་ལྡན་འདས་ཀྱིས་གསུངས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ་མི་ཤེས་ཀྱི་མ་རིག་པའི་དབང་གིས་ཡོད་པ་མ་ཡིན་པའི་བདག་ཉིད་ཅན་གྱིས་ང་དང་བདག་ཅེས་བྱ་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་རྣམ་པར་རྟོག་པའི་ས་བོན་ལས། ཕུང་པོ་ལ་སོགས་པའི་གཟུགས་ཀྱིས་རྣམ་པ་ཉིད་དུ་འཁོར་བར་ཀུན་དུ་འཁོར་བར་འགྱུར་རོ། །དྲིས་པ། ཡོད་པ་མ་ཡིན་པའི་བདག་ཉིད་ཅན་གྱི་ང་རྒྱལ་ཡོད་པ་ཉིད་ཀྱིས་སྲིད་པའི་ས་བོན་ཉིད་ཡིན་པར་མི་འཐད་ལ། དེ་ནི་ཡང་དག་པར་རིག་པའི་མཚན་ཉིད་ཅན་གྱི་རྣམ་པར་ཤེས་པ་གཅིག་པུ་ཉིད་སྲིད་པར་འཇུག་པའི་ས་བོན་དུ་ཡང་དག་པའི་ཚུལ་དུ་ཡོད་པ་ཉིད་ཡིན་ལ། དེ་ལྟར་རྒྱུ་ཡོད་པ་ཉིད་ཀྱིས་འབྲས་བུ་ཡང་ཡོད་པ་ཉིད་ཡིན་པས་དངོས་པོ་མེད་པར་མི་འཐད་དོ། །དེ་ལྟར་ཡང་འདིར་སློབ་དཔོན་ཆོས་ཀྱི་གྲགས་པས། ཡང་དག་པར་རིག་པའི་ཚུལ་འདི་གཅིག་པུ་ཉིད། །དགའ་བ་དང་ཞུམ་པ་ལ་སོགས་པའི་རྣམ་པ་དུ་མར་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བཤད་པ་ཡིན་ནོ། །འདིར་བརྗོད་པར་བྱ་སྟེ། རྣམ་པར་ཤེས་པ་ནི་རང་བཞིན་མེད་པའི་ངོ་བོ་ཉིད་ཡིན་པས་ཡོད་པའི་ཚུལ་གྱིས་སྲིད་པའི་ས་བོན་དུ་མི་རིགས་སོ། །རྣམ་པར་ཤེས་པ་ནི་མིང་ཙམ་དུ་ཡོད་པ་ཡིན་ནོ་ཞེས་སྔར་རྒྱ་ཆེར་བསྟན་ཟིན་མོད་ཀྱི་འོན་ཀྱང་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། དོན་དམ་པའི་བདེན་པ་ཉིད་ཀྱིས་འགྲོ་བ་རྣམས་ངོ་བོ་ཉིད་མེད་པ་ལས་མ་རིག་པའི་དབང་གིས་རྣམ་པར་ཤེས་པ་དང་བདག་ཅེས་བྱ་བ་ལ་སོགས་པའི་ཚུལ་གྱིས་ཡུལ་ཉེ་བར་སྤྱོད་པ་ཉིད་ཀྱིས་བདེན་པ་ཉིད་དུ་ཡོད་པར་སྣང་བ་དེ་ནི་སྔར་བཤད་པའི་གཏན་ཚིགས་ཀྱིས་རིགས་ཏེ། ས་བོན་བདག་མེད་པས་དེ་ལས་བྱུང་བ་ཡང་བདག་མེད་པ་ཉིད་ཡིན་ཏེ། དེ་ཡང་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས། རིན་པོ་ཆེའི་ཕྲེང་བ་ལས། ངར་འཛིན་ལས་བྱུང་ཕུང་པོ་རྣམས། །ངར་འཛིན་དེ་ནི་དོན་དུ་བརྫུན། །གང་གི་ས་བོན་བརྫུན་པ་དེའི། །སྐྱེ་བ་བདེན་པ་གང་ལ་ཞིག།


DTG078_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བཤད་པ་དང༌། དེ་བཞིན་དུ་སློབ་དཔོན་ཨཱཪྻ་དེ་བའི་ཞལ་སྔ་ནས་ཀྱིས་ཀྱང༌། སྲིད་པའི་རྩ་བ་རྣམ་ཤེས་ཏེ། །ཡུལ་རྣམས་དེ་ཡི་སྤྱོད་ཡུལ་མིན། །ཡུལ་ལ་བདག་མེད་གྱུར་ན་ནི། །སྲིད་པའི་ས་བོན་ལྡོག་པར་འགྱུར། །ཞེས་བཤད་པ་དང༌། ཡང་འདི་ཉིད་གསལ་བར་བྱ་བའི་ཕྱིར། སློབ་དཔོན་ཆོས་ཀྱི་གྲགས་པས་ཚད་མ་རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་འདུ་ཤེས་འགྱུར། །བདག་གཞན་ཆ་ལ་ཡོངས་སུ་འཛིན་དང་སྡང༌། །འདི་གཉིས་དང་ནི་ཀུན་དུ་འབྲེལ་པ་ལས། །ཉེས་པ་ཐམས་ཅད་རབ་ཏུ་འབྱུང་བར་འགྱུར། །ཞེས་བཤད་པ་ཡིན་ནོ།། དེ་ལྟར་ན་མ་རིག་པའི་རྒྱུ་ཅན་ཉིད་ཀྱིས་འཁོར་བ་འདི་ན་ང་དང་བདག་ཅེས་བྱ་བ་ལ་སོགས་པར་རྟོག་པའི་དབང་གིས་ཉེས་པ་ཐམས་ཅད་དེའི་རང་གི་ཕྱོགས་འཛིན་ཅིང་གཞན་གྱི་ཕྱོགས་ལ་རྒྱབ་ཀྱིས་ཕྱོགས་པའི་མཚན་ཉིད་ཅན་འབྱུང་བར་འགྱུར་རོ། །འདི་ཉིད་དོན་དམ་པའི་བདེན་པ་ཉིད་ཀྱིས་གསལ་བར་མཛད་པའི་ཕྱིར། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་རིགས་པ་དྲུག་ཅུ་པ་ལས། རྩོད་མེད་ཆེ་བའི་བདག་ཉིད་ཅན། །དེ་དག་ལ་ནི་ཕྱོགས་མེད་དོ། །གང་རྣམས་ལ་ནི་ཕྱོགས་མེད་པ། །དེ་ལ་གཞན་ཕྱོགས་ག་ལ་ཡོད། །ཅེས་བཤད་དེ། དམིགས་སུ་རྩིག་པའི་རི་མོར་མཚུངས། །སྐྱོབ་པས་འདི་དག་མ་ལུས་དེ་ལྟར་གཟིགས། །སྤྲོས་དེ་ཡོངས་རྟོག་ཡིན་པར་མཁྱེན་ནས་ནི། །དངོས་མེད་མཚན་མ་མེད་ཅིང་མི་ཟད་པ། །ཡོངས་སུ་རྟོག་པ་ཙམ་ཉིད་འབའ་ཞིག་ཡིན། །ཞེས་བཤད་པ་དང་ཡང་དེ་ཉིད་ལས། ཅི་སྲིད་ཅི་སྲིད་རྣམ་རྟོག་པ། རེ་ཞིག་དེ་སྲིད་ཐམས་ཅད་བརྫུན། །གང་ཞིག་དེ་ཉིད་མི་རྟོག་པ། །དེ་བདེན་དེ་ནི་དེ་བཞིན་ཉིད། །ཅེས་བཤད་པ་དང༌། དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཐེག་པ་ཆེན་པོ་ཉི་ཤུ་པ་ལས། ཡང་དག་མ་ཡིན་རྟོག་བྱས་པས། །དམྱལ་ལ་སོགས་པར་བསྲེགས་འགྱུར་ཏེ། །འོད་མ་ཡིན་མེ་བཞིན་དུ། །རང་གི་ཉེས་པས་སྲེག་པར་བྱེད། །སེམས་ཅན་སྒྱུ་མ་ཇི་བཞིན་དུ། །ཡུལ་ནི་ཡོངས་སུ་སྤྱོད་པར་བྱེད། །དེ་བཞིན་རྟེན་འབྲེལ་ལས་བྱུང་བ།། སྒྱུ་མའི་རང་བཞིན་བགྲོད་པར་འགྲོ། །གང་ཚེ་སྒྱུ་མཁན་སྒྱུ་མ་ནི། །སྤངས་ཤིང་ཉེ་བར་


DTG078_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་ན། །དེ་ཚེ་ཅི་ཡང་མི་སྣང་སྟེ། །དེ་ནི་ཆོས་ཀྱི་ཆོས་ཉིད་ཡིན། །དཔེར་ན་རི་མོ་མཁན་གྱིས་ནི། །གནོད་སྦྱིན་གཟུགས་ནི་རབ་འཇིགས་པ། །བྲིས་ནས་རང་ཉིད་འཇིགས་པ་ལྟར། །འཁོར་བར་མི་མཁས་དེ་དང་མཚུངས། །ཇི་ལྟར་བྱིས་པ་རང་གིས་འདམ། །བྱས་ནས་ལ་ལ་ལྟུང་བར་བྱེད། །དེ་བཞིན་ཀུན་དུ་རྟོག་པའི་འདམ། །རྒལ་དཀར་སེམས་ཅན་བྱིང་བ་དང༌། །དངོས་མེད་དངོས་པོར་མཐོང་ནས་ནི། །སྡུག་བསྔལ་སྣ་ཚོགས་མྱོང་འགྱུར་ཏེ། །ལོག་པའི་བསམ་པ་ལས་བྱུང་བས། །རྟོག་པའི་དུག་གིས་འཆི་བར་འགྱུར། །ཞེས་བཤད་པ་དང༌། དེ་བཞིན་དུ་འཕགས་པ་འཇམ་དཔལ་ལ་བསྟོད་པ་ལས་ཀྱང༌། རྣམ་པར་རྟོག་པ་མ་རྟོགས་པ། །འཁོར་བ་ཞེས་བྱ་འགའ་ཡང་མེད། །དེས་ན་རྣམ་པར་རྟོག་བྲལ་བའི། །སྲིད་པ་མྱ་ངན་འདས་བདག་ཉིད། །ཅེས་བཤད་པ་དང༌། ཡང་དེ་བཞིན་དུ། རྣམ་རྟོག་གཏི་མུག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་ལྟར་དྲི་མ་མེད་པར་སྣང༌། །ཞེས་བཤད་པ་དང༌། ཡང་དེ་བཞིན་དུ། ཇི་སྲིད་རྣམ་དག་བློ་ཡིས་གཟུང་དང་འཛིན་བྲལ་བའི། །དོན་དམ་དེ་ཉིད་ཇི་བཞིན་ཤེས་པར་མ་གྱུར་པ། །དེ་སྲིད་རྣམ་རྟོག་བརྒྱ་ཡི་རླུང་གིས་གཡེང་བའི་བློ། །འཇིག་རྟེན་རྣམས་རྨོངས་དབང་མེད་འདི་ནི་རྟག་ཏུ་འཁོར། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་ན་འདི་ནི་ཆོས་ཀྱི་དབྱིངས་ལ་སོགས་པའི་རྣམ་གྲངས་དུ་མས་བཤད་པ། རོ་གཅིག་པའི་མཚན་ཉིད་ཅན་སྐྱེ་བ་མེད་པ་གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱ་བར་གནས་སོ། །དྲིས་པ། གལ་ཏེ་མཆོག་ཏུ་བླང་བར་བྱ་བའི་དེ་ཁོ་ན་ཉིད་ནི་མ་སྐྱེས་ཤིང་གཉིས་སུ་མེད་པའི་ཡེ་ཤེས་གཅིག་པུ་ཁོ་ན་ཡིན་ན། བཅོམ་ལྡན་འདས་ཀྱིས་མཆོད་རྟེན་དང༌། སྐུ་གཟུགས་ལ་སོགས་པ་བཞེངས་སུ་གསོལ་བ་དང༌། དེ་བཞིན་དུ་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་ལ་སོགས་པ་དང༌། དགེ་བའི་ལས་སྣ་ཚོགས་པ་གཞན་དག་བྱ་བ་གསུངས་པ་དང༌། དེ་བཞིན་དུ་དེའི་རྣམ་པར་སྨིན་པ་ལས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་ཡས་པ་


DTG078_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བར་གསུངས་པ་དང༌། དེ་བཞིན་དུ་སྔགས་ཀྱི་ལྷ་སྣ་ཚོགས་པའི་གཟུགས་ཀྱི་རྣམ་པ་དང༌། བཟླས་བརྗོད་དང༌། སྦྱིན་སྲེག་དང༌། དཀྱིལ་འཁོར་གྱི་བྱ་བ་ལ་སོགས་པ་ཡེ་ཤེས་ཐོབ་པར་བྱ་བ་ཅིའི་ཕྱིར་གསུངས། འདིར་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་མཆོད་རྟེན་དང་སྐུ་གཟུགས་ལ་སོགས་པ་བཞེངས་སུ་གསོལ་བ་ལ་སོགས་པ་དང༌། དགེ་བའི་ལས་མང་པོ་གཞན་དག་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་གསུངས་ཞེས་གང་སྨྲས་བ་དེ་ལ་དེ་བཞིན་གཤེགས་པས་ཐུགས་རྗེ་ཆེན་པོའི་ཤུགས་ཀྱི་དབང་གིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང༌། ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་མཛད་པ་ཡིན་པས། བྱིས་པ་དེ་ཁོ་ན་ཉིད་མ་རྟོགས་པ་དང༌། གསོ་བ་དང་པོའི་སྤྱོད་ཡུལ་དུ་གྱུར་པ་རྣམས་ལ་དོན་དམ་པ་ལ་འཇུག་པར་བྱ་བའི་ཐབས་སུ་ཀུན་རྫོབ་ཀྱི་བདེན་པ་གསུངས་པ་ཡིན་གྱི། དོན་དམ་པ་ཉིད་ཀྱིས་ཐབས་ལས་བྱུང་བའི་ཚུལ་དུ་གསུངས་པ་ནི་མ་ཡིན་ནོ། །དེ་ཡང་སློབ་དཔོན་ཀམ་པ་ལའི་ཞལ་སྔ་ནས་ཀྱིས་སྣང་བའི་ཕྲེང་བ་ལས། ཆོས་དང་ཆོས་མིན་དཀའ་ཐུབ་སྟོང༌། །དུལ་དང་སྡོམ་དང་ཞི་བ་དང༌། །དམྱལ་བ་ཡི་དགས་དུད་འགྲོ་དང༌། །མི་རྣམས་ལྷ་དང་བཅས་པ་དང༌། །འབྱུང་དང་འབྱུང་འགྱུར་ཕུང་པོ་དང༌། ཁམས་གསུམ་ཐུབ་པས་བསྟན་པ་དང༌། །སྟོན་པ་དང་ནི་ཉན་ཐོས་ཉིད། །ཐམས་ཅད་ཀུན་རྫོབ་དག་ཏུ་བསྟན། །སེམས་ཅན་དང་པོའི་ལས་ཅན་རྣམས། །དམ་པའི་དོན་ལ་འཇུག་པའི་ཕྱིར། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གཞག །དེ་ལྟར་བྱིས་པ་བྲིད་པའི་ཐབས། །མཐར་ནི་ཐམས་ཅད་འཇིག་པར་འགྱུར། །ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ་གཞན་ཡང་གསང་སྔགས་ཀྱི་ལྷ་ཚོགས་ལ་སོགས་པའི་སྐུའི་རྣམ་བ་དང༌། དེ་བཞིན་དུ་བཟླས་པ་དང་སྦྱིན་སྲེག་དང༌། དཀྱིལ་འཁོར་ལ་སོགས་པའི་བྱ་བ་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་གསུངས་ཞེས་གང་སྨྲས་པ་དེ་བརྗོད་པར་བྱ་སྟེ། གང་དོན་དམ་པ་མངོན་པར་རྟོགས་པར་མི་ནུས་པ་མེད་པའི་ངོ་བོ་ཉིད་མི་ཤེས་པ་དེའི་བདག་ཉིད་ཅན་གྱི་ཆོས་ལ་མངོན་པར་དགའ་བར་བྱ་བ་དང༌། ཡུལ་གྱི་འབྲས་བུ་ཡོད་པ་ལ་ཉེ་བར་ལོངས་སྤྱོད་པར་


DTG078_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་སྐད་ཅིག་གིས་མེད་པ་ལས་འདས་པར་གྱུར་པར་འཕགས་པ་དངོས་པོ་དང༌། དངོས་པོ་མེད་པའི་བརྟེན་པ་དང་བྲལ་བ་རྣམས་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བས། མཆོག་ཏུ་ཟབ་པའི་ཚུལ་དུ་བསྟན་པའི་གཉིས་སུ་མེད་པའི་ཡེ་ཤེས་རྟོགས་པར་འགྱུར་རོ། །དེ་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་རིགས་པ་དྲུག་ཅུ་པ་ལས། གང་བློ་ཡོད་དང་མེད་པ་ལས། །རྣམ་པར་འདས་ཤིང་མི་གནས་པ། །དེ་དག་ཟབ་མོ་དམིགས་མེད་པ། །རྐྱེན་གྱི་དོན་ལ་རྣམ་པར་བསྒོམ། །ཞེས་བཤད་པ་ཡིན་ནོ། །དྲིས་པ། དེ་ལྟར་ཐེག་པ་ཆེན་པོར་ཡེ་ཤེས་ནི་མ་སྐྱེས་པའི་མཚན་ཉིད་ཅན་ཟབ་པ་དང༌། དམིགས་སུ་མེད་པ་ཞེས་བཤད་པས་བསྟན་དུ་ཟིན་ཀྱང༌། འོན་ཀྱང་དེ་ཅི་ཡང་མ་ཡིན་ཏེ། མཚན་ཉིད་མེད་པའི་ཕྱིར་དང༌། ངོ་བོ་ཉིད་མེད་པའི་ཕྱིར་དང་དངོས་པོ་ཡོད་པ་དང་བྲལ་བའི་ཕྱིར་དེ་མཚན་ཉིད་ཇི་ལྟ་བུ་ཡིན་པ་ཁོ་བོ་ཅག་གིས་མི་ཤེས་སོ། །དེ་བརྗོད་པར་བྱ་སྟེ། ཐེག་པ་ཆེན་པོའི་ཚུལ་ལ་ཡེ་ཤེས་བརྗོད་དུ་མེད་པ་དེ་ནི་འདི་ཡིན་ནོ་ཞེས་བསྟན་པ་དང་བྲལ་བ། མཚན་ཉིད་དང་མཚན་གཞི་སྤངས་པ། དེ་བཞིན་ཉིད་དུ་རོ་གཅིག་པའི་བདག་ཉིད་ཅན། གཅིག་དང་དུ་མ་དང་བྲལ་བ། དངོས་པོ་དང་དངོས་པོ་མེད་པ་རྣམ་པར་སྤངས་པ། ཟབ་པ་དམིགས་སུ་མེད་པ། ཉན་ཐོས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ། ཡོད་པ་དང་མེད་པའི་རྣམ་པར་རྟོག་པ་ལས་ངེས་པར་གྲོལ་བ། རྟོག་པ་ལས་འདས་པའི་སྤྱོད་ཡུལ་ཅན། སྤྲོས་པ་ཐམས་ཅད་དང་བྲལ་བ། སྐྱེ་བ་དང་འཇིག་པ་སྤངས་པ། བརྗོད་དུ་མེད་པ། ཆད་པ་མེད་པ། རྟག་པ་མེད་པ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་ཐམས་ཅད་དུ་ཡང་དག་པར་གནས་པ་དེ་ནི་རང་གི་རིག་པ་ཕྲ་བའི་ཕྱིར། སངས་རྒྱས་ཤིན་ཏུ་ཕྲ་བར་གཟིགས་པ་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཡིན་ནོ། །དེ་ཡང་སྣང་བའི་ཕྲེང་བ་ལས། དེ་ནི་རང་རིག་ཕྲ་བས་ན། །སངས་རྒྱས་ཕྲ་བར་གཟིགས་པ་ཡིན། །བདག་ཅག་ལྟ་བུར་རང་གནས་ནས། །བློ་གྲོས་རྩིང་བས་མི་མཐོང་ངོ༌། །ཞེས་བཤད་པ་དང༌། དེ་བཞིན་དུ། ཆོས་ཀྱི་དབྱིངས་ནི་མ་སྐྱེས་ཤིང༌། །ནམ་ཡང་འགག་པར་མི་འགྱུར་ལ། །དུས་ཀུན་དུ་ནི་ཉོན་མོངས་མེད། །ཐོག་མཐའ་དབུས་དང་བྲལ་བ་ཡིན། །ཞེས་


DTG078_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་དང༌། འདི་དག་ཉིད་འཕགས་པ་ཀླུ་སྒྲུབ་ཀྱིས་དོན་དམ་པར་བསྟོད་པ་ལས། ཉེ་བར་མ་ཡིན་རིང་བར་མིན། །ནམ་མཁར་མ་ཡིན་སར་ཡང་མིན། །འཁོར་དང་མྱ་ངན་འདས་པར་མིན། །གནས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བཤད་པས་གསལ་བར་མཛད་པ་དང༌། ཡང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་བསམ་གྱིས་མི་ཁྱབ་པའི་བསྟོད་པ་ལས། གང་ཞིག་གཅིག་མིན་དུ་མ་མིན། །གཉིས་མིན་གཉི་ག་མིན་པའང་མིན། །གནས་མེད་གསལ་བ་མེད་པ་དང༌། །བསམ་དུ་མེད་ཅིང་བསྟན་དུ་མེད། །གང་ཞིག་སྐྱེ་མེད་འཇིག་པ་མེད། །ཆད་པ་མེད་ཅིང་རྟག་པ་མེད། །དེས་ན་མཁའ་ལྟར་སོ་སོར་སྣང༌། །ཡི་གེས་ཤེས་པའི་སྤྱོད་ཡུལ་མིན། །དེ་ནི་རྟེན་ཅིང་འབྲེལ་པར་འབྱུང༌། །དེ་ནི་སྟོང་པ་ཡིན་ཁྱེད་བཞེད། །དམ་པའི་ཆོས་ཀྱང་དེ་འདྲ་སྟེ། །དེ་བཞིན་གཤེགས་པའང་དེ་དང་མཚུངས། །དེ་ནི་དེ་ཉིད་དོན་དམ་པ། །དེ་བཞིན་ཉིད་ཀྱི་དངོས་པོར་འདོད། །ཅེས་བཤད་པ་དང༌། ཡང་དེ་བཞིན་དུ། གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །རྟག་པ་མེད་པ་ཆད་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །གང་ཞིག་སངས་རྒྱས་སྤྲོས་ལས་འདས། །འཇིག་རྟེན་སྤྲོས་པ་མེད་པ་དག །རྨོངས་དེ་སྤྲོས་པས་བཅོམ་པས་ན། །དེ་བཞིན་གཤེགས་པ་མི་མཐོང་ངོ༌། །དེ་བཞིན་གཤེགས་པའི་རང་བཞིན་གང༌། །འགྲོ་བ་འདི་ཡི་རང་བཞིན་དེ། །དེ་བཞིན་གཤེགས་པ་རང་བཞིན་མེད། །འགྲོ་བ་འདི་ཡང་རང་བཞིན་མེད། །ཅེས་བཤད་པ་དང༌། དེ་བཞིན་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང༌། གང་གིས་ང་ལ་གཟུགས་སུ་མཐོང༌། །གང་གིས་ང་ལ་སྒྲར་ཤེས་པ། །ལོག་པས་སྤོང་བར་ཞུགས་པ་སྟེ། །སྐྱེ་བོ་དེ་ཡིས་ང་མི་མཐོང༌། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ནི་ཆོས་ཉིད་བལྟ། །ཆོས་ཉིད་ཤེས་པར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་པ་དང༌། དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་འཕགས་པ་ཤེས་རབ་


DTG078_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་སྡེ་མཐའ་ཡས་པ་ལས། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་དང༌། སྐྱེ་བ་མེད་པ་དང༌། འགག་པ་མེད་པ་སྟེ། ཆོས་གང་ལའང་གནས་པའམ་སྐྱེ་བའམ། འགག་པ་ཡོད་པ་མ་ཡིན་ཏེ། ཆོས་ཐམས་ཅད་ནི་གདོད་མ་ཉིད་ནས་སྐྱེས་པའི་ཕྱིར་རང་བཞིན་གྱིས་ཡོངས་སུ་དག་པའོ་ཞེས། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་ཏེ། དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་གསུང་བར་མཛད་པས་ན་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་ཁོ་ན་ཉིད་མ་མཐོང་བའི་བྱིས་པའི་སྐྱེ་བོ་བློ་ཕྱིན་ཅི་ལོག་པའི་བསམ་པའི་དྲེགས་པ་སྤངས་པ་ཐེག་པ་ཆེན་པོའི་ཚུལ་དུ་རྣམ་གྲངས་ཀྱི་མཚན་ཉིད་མང་པོས་ཡེ་ཤེས་བཤད་པ་དང༌། བཅོམ་ལྡན་འདས་ཀྱི་གསུང་བླ་ན་མེད་པའི་ཡེ་ཤེས་རྟོག་པར་སྤྲོ་བ་མེད་པ། ཤིན་ཏུ་ཡུན་རིང་བའི་དུས་གཞན་དག་ཏུ་བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་སྐྲག་པར་འགྱུར་བས་དེའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཀྱིས་དེ་དག་གསུངས་པ་ཡིན་ནོ། །དེ་ཡང་སློབ་དཔོན་པདྨའི་ཞལ་སྔ་ནས་ཀྱིས། སྒྱུ་མ་ཤེས་པ་ལས་བྱུང་བ། །སྒྱུ་མ་ཉིད་ལས་ལྡོག་བྱེད་ཡིན། །སྒྱུ་མ་ལྟ་བུའི་འཇིག་རྟེན་ན། །སྒྱུ་མའི་ཐབས་ནི་རབ་ཏུ་བསྟན། །ཅེས་བཤད་པ་དང༌། ཡང་འདི་དག་གསལ་བར་བྱ་བའི་ཕྱིར། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས། དམིགས་སུ་མེད་པར་བསྟོད་པ་ལས། བསམ་བྱེད་བསམ་གཏན་བསམ་བྱ་དག །སྤངས་པ་བདེན་པ་མཐོང་བ་ཡིན། །འདི་ཀུན་རྟོག་པ་ཙམ་ཉིད་དུ། །གང་གིས་རྟོགས་པ་དེ་གྲོལ་འགྱུར། །ཞེས་གསུངས་པ་དང༌། མཁའ་དང་མཚུངས་པར་མཉམ་འགྱུར་དང༌། །རྣམ་པར་མི་རྟོག་ངོ་བོ་ཉིད། །ཆོས་རྣམས་རང་བཞིན་དག་པ་ལས། །རོལ་མོ་འདི་དག་རྣམ་པར་བསྒོམ། །ཞེས་གསུངས་པ་དང༌། ཡང་འདི་ཉིད་གསལ་བར་བྱ་བའི་ཕྱིར། ཇི་ལྟར་རྨི་ལམ་སྒྱུ་མ་དང༌། །དྲི་ཟའི་གྲོང་ཁྱེར་མཐོང་བ་བཞིན། །རྣལ་འབྱོར་སྤྱོད་པ་མཁས་པ་ཡི། །སྣ་ཚོགས་འདི་དག་དེ་བཞིན་མཐོང༌། །ཀུན་རྫོབ་ཏུ་ནི་ཐམས་ཅད་སྐྱེ། །དེས་ན་རྟག་པ་ཡོད་མ་ཡིན། །ཐམས་


DTG078_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཡང་དག་པར་མི་འགྱུར། །དེས་ན་ཆད་པ་ཡོད་མ་ཡིན། །ཞེས་བཤད་པ་ཡིན་ནོ། །དེ་བས་ན་ཇི་སྐད་དུ་བཤད་པའི་རྣམ་པས་བསྟན་པའི་གཉིས་སུ་མེད་པའི་ཡེ་ཤེས་ཉིད་མ་སྐྱེས་པའི་མཚན་ཉིད་ཅན་གྱི་དེ་ཁོ་ན་ཉིད་ཡིན་པར་བཤད་པ་ལེགས་པར་སྨྲས་པ་ཡིན་ནོ། །དེ་ལྟར་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱི་གཉིས་སུ་མེད་པའི་ཡེ་ཤེས་ཡུན་རིང་དུ་བསྒོམས་ཤིང་གོམས་པར་བྱས་ལས་སོ་སོར་རང་གི་རིག་པས་མངོན་སུམ་དུ་མ་བྱས་པར་ཐོས་པ་ཙམ་གྱི་ཚིག་ལ་བརྟེན་ནས་བྱ་བ་བྱས་ཟིན་པ་ཉིད་སེམས་པ་དེའི་དབང་དུ་མཛད་ནས། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས། རིགས་པ་དྲུག་ཅུ་པ་ལས། རྣམ་པར་དབེན་དོན་མི་ཤེས་པར། །ཐོས་པ་ཙམ་དུ་འཇུག་བྱེད་ཅིང༌། །གང་ཡང་བསོད་ནམས་མི་ཤེས་པ། །སྐྱེས་བུ་ཐ་ཤལ་དེ་དག་བརླག །ཅེས་བཤད་པ་དང༌། དེ་བཞིན་དུ་སློབ་དཔོན་ཀམྦ་ལའི་ཞལ་སྔ་ནས་ཀྱིས་སྣང་བའི་ཕྲེང་བ་ལས། རྟག་ཏུ་བརྩོན་འགྲུས་ལྡན་པ་ཡིས། །འདི་ལྟར་ལམ་གྱི་རྗེས་འཇུག་ཅན། །རིང་པོ་མི་ཐོགས་ཆོས་ཀུན་ནི། །སྟོང་པ་ཉིད་དུ་རྟོགས་པར་འགྱུར། །ཆོས་ཀྱི་ཆོས་ཉིད་ཐོབ་པའི་ཕྱིར། །ཡོངས་སུ་མ་བསྒོམས་པས་མི་འགྱུར། །ཆུ་མ་འཐུངས་པར་ཐོས་པའམ། །མཐོང་བས་སྐོམ་པ་སེལ་འགྱུར་རམ། །ཞེས་བཤད་པ་ཡིན་ནོ། །ཆོས་ཉིད་ཀྱི་རང་བཞིན་ཅི་ཞིག་ཡིན་ཞེས་རྟོག་ན། དེ་བརྗོད་པར་བྱ་སྟེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་གང་ཡིན་པ་དོན་དམ་པའི་ཚུལ་ཇི་ལྟ་བ་བཞིན་དུ་གནས་པ་གཉིས་སུ་མེད་པ་དང༌། དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པའི་རྣམ་གྲངས་ཀྱི་མཚན་ཉིད་དང་ལྡན་པའི་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ནོ། །འདི་ཡང་བླ་མའི་མན་ངག་དང་སྙིང་རྗེ་སྔོན་དུ་འགྲོ་བའི་བསྒོམ་པ་གོམས་པར་བྱས་པའི་སྟོབས་ཀྱིས་སོ་སོར་རང་གི་རིག་པའི་ཤེས་པ་ཉིད་ཀྱིས་རབ་ཀྱི་མཐར་ཐུག་པས་སྲིད་པ་ལས་ངེས་པར་གྲོལ་བ་དང༌། བླ་ན་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །དེ་ཡང་གྲུབ་པའི་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཆོས་ཉིད་ཀྱི་མཚན་ཉིད་བསྟན་པ་ནི། འདི་ལ་བསལ་བྱ་གང་ཡང་མེད། །གཞག་པར་བྱ་བ་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་བཤད་པ་དང༌། ཡང༌། མྱ་ངན་འདས་མཐའ་གང་ཡིན་


DTG078_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

པ། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །དེ་དག་བྱེ་བྲག་ཅུང་ཟད་དུ། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་པ་ཡིན་ནོ། །དྲིས་པ། ཐེག་པ་ཆེན་པོར་མ་སྐྱེས་པ་ལ་སོགས་པའི་རྣམ་གྲངས་ཀྱིས་བསྟན་པའི་གཉིས་སུ་མེད་པའི་ཡེ་ཤེས་གཟུང་བར་བྱ་བ་དང༌། འཛིན་པ་པོ་དང་བྲལ་བ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མཆོག་ཏུ་བླང་བར་བྱ་བའི་དེ་ཁོ་ན་ཉིད་དུ་བཤད་པ་གང་ཡིན་པ་དེ་ནི་ཕལ་ཆེར་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་མེད་པ་ཉིད་ཀྱིས་ན་མིང་ཙམ་དུ་ཟད་པས་རི་བོང་གི་རྭ་དང་འདྲ་སྟེ། དེ་ནི་ཤིན་ཏུ་ཆད་པར་ལྟ་བ་ཡིན་པས་ལོག་པའི་ཤེས་པ་ཉིད་ཡིན་པར་ཤེས་སོ་ཞེ་ན། འདིར་བརྗོད་པར་བྱ་སྟེ། འདི་ལྟར་སྔར་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པར་བཤད་པས། རྟག་པ་དང་ཆད་པའི་མཐའ་གཉིས་ཀྱི་གླགས་ཡོད་པ་མ་ཡིན་གྱི་མ་རིག་པས་ཕྱིན་ཅི་ལོག་ཏུ་གྱུར་བའི་བྱིས་པ་ལོག་པའི་ཤེས་པའི་ལིང་ཏོག་གིས་བློའི་མིག་ཁེབས་པ། དངོས་པོ་དང་དངོས་པོ་མེད་པ་དག་ལ་ཡོད་པ་ཉིད་དུ་མངོན་པར་ཞེན་པའི་ཤིང་གི་མེས་རྒྱུད་བསྲེགས་པ། ལོག་པའི་གདོན་གྱིས་སེམས་ཀྱི་རྒྱུད་དཀྲུགས་པ། བློ་ཤིན་ཏུ་རགས་པའི་ཉོན་མོངས་པ་དེ་རྣམས་ཀྱིས་ཐེག་པ་ཆེན་པོར་ཆོས་ཀྱི་དབྱིངས་ལ་སོགས་པའི་ཚིག་གི་རྣམ་གྲངས་ཀྱིས་བསྟན་པ་མ་སྐྱེས་པའི་མཚན་ཉིད་ཅན་སྐྱེ་བ་དང་འཇིག་པ་དང་བྲལ་བ། མཆོག་ཏུ་བླང་བར་བྱ་བའི་དོན་དམ་པའི་དེ་ཁོ་ན་ཉིད་ཐབས་ལས་བྱུང་བའི་བདག་ཉིད་ཅན་གཉིས་སུ་མེད་པའི་ཡེ་ཤེས་སངས་རྒྱས་ཀྱི་སྤྱོད་ཡུལ་དུ་གྱུར་པ། དེ་ལ་འཇུག་པའི་གོ་སྐབས་རྙེད་པར་ག་ལ་འགྱུར། དེས་ན་དེ་རྣམས་ངེས་པར་ཆད་པར་ལྟ་བ་དང་ལོག་པའི་ཤེས་པ་ཡིན་ནོ་སྙམ་དུ་སེམས་སོ། །གང་ཡང་བློ་གྲོས་ཕྱིན་ཅི་མ་ལོག་པ་ཡང་དག་པའི་ཡེ་ཤེས་སོ་སོ་རང་གི་རིག་པས་རྟོགས་པར་གྱུར་པ་དང༌། དེ་བཞིན་དུ་བློ་ཡོད་པ་དང༌། མེད་པའི་ཡེ་ཤེས་ལ་བརྟེན་པ་ཉིད་ཀྱིས་བདག་ཉིད་ཆེ་བ་གང་ཡིན་པ་དེ་ནི་བདག་ཉིད་ཆེན་པོ་སྟེ། འཕགས་པ་ཉིད་ལ་བྱ་ལ་དེ་རྣམས་ལ་ནི་རང་གི་ཕྱོགས་དང་གཞན་གྱི་ཕྱོགས་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །གཞན་དག་ནི་མ་རིག་པའི་དབང་གིས་ང་དང་བདག་ཅེས་བྱ་བ་ལ་སོགས་པ་བདག་ཏུ་ལྟ་བ་ཡོད་པས་དངོས་པོ་ལ་མངོན་པར་ཞེན་པ་འབྱུང་བར་འགྱུར་ལ།


DTG078_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ལ་མངོན་པར་ཞེན་པའི་རྩ་བ་ལས་འདོད་ཆགས་ལ་སོགས་པ་སྐྱེ་བར་འགྱུར་ཏེ། ཡང་དེ་ཉིད་ལས། དངོས་པོར་ཁས་ལན་ཡོད་ན་ནི། །འདོད་ཆགས་ཞེ་སྡང་མི་བཟད་འབྱུང༌། །ལྟ་བ་མ་རུངས་ཡོངས་སུ་འཛིན། །དེ་ལས་བྱུང་བའི་རྩོད་པར་འགྱུར། །ཞེས་བཤད་པ་ཡིན་ནོ། །འདིའི་བསྡུས་པའི་དོན་ནི་འདི་ཡིན་ཏེ། དངོས་པོར་ཁས་བླང་ཞིང་དངོས་པོ་ཡོད་པར་འདོད་པ་ལ་ནི་འདོད་ཆགས་ལ་སོགས་པའི་ཉེས་པ་རྣམས་རབ་ཏུ་སྐྱེ་བར་འགྱུར་རོ། །དོན་འདི་ཉིད་ཡང་དང་ཡང་དུ་གསལ་བར་བྱ་བའི་ཕྱིར་དེ་ཉིད་ལས། གནས་ཡོད་ན་ནི་འདོད་ཆགས་དང༌། །འདོད་ཆགས་བྲལ་བ་དམིགས་འགྱུར་ན། །གནས་མེད་བདག་ཉིད་ཆེན་པོ་རྣམས། །ཆགས་པ་མེད་ཅིང་ཆགས་བྲལ་མིན། །ཞེས་བཤད་དོ། །དེའི་དོན་ནི་འདི་ཡིན་ཏེ། དངོས་པོ་མེད་པའི་ཡེ་ཤེས་ལ་བརྟེན་པ་གང་ཡིན་པ་དེ་ནི་བདག་ཉིད་ཆེན་པོ་གནས་པ་མེད་པ་ཡིན་ལ། དེ་ནི་དངོས་པོ་ལ་བརྟེན་པས་གང་ལ་ཡང་ཆགས་པའམ་ཆགས་པ་དང་བྲལ་བར་མི་འགྱུར་རོ། །དྲིས་པ། གལ་ཏེ་དངོས་པོ་ལ་དམིགས་པ་དེ་ཁོ་ན་ཉིད་མ་ཡིན་ན། ཅི་དངོས་པོ་མེད་པ་ལ་དམིགས་པ་དེ་ཁོ་ན་ཉིད་ཡིན་ནམ་ཞེ་ན། འདིར་བརྗོད་པར་བྱ་སྟེ། འདི་དག་ནི་སྒྱུ་མ་དང་རྨི་ལམ་ལ་སོགས་པའི་དཔེ་སྔར་བསྟན་ཟིན་མོད་ཀྱི་འོན་ཀྱང་ཅུང་ཟད་ཙམ་ཞིག་བརྗོད་པར་བྱ་སྟེ། གང་གི་ཚེ་མ་རིག་པའི་དབང་གིས་ཐོག་མ་མེད་པའི་རང་བཞིན་གྱིས་འཁོར་བར་དངོས་པོ་མེད་པར་གཅིག་ལ་གཅིག་ལྟོས་ནས་གནས་པ་ཡིན་ལ། དེ་ནས་གཉིས་ཀ་ཡང་མེད་པ་ཡིན་ནོ། །དེ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་རིགས་པ་དྲུག་ཅུ་པ་ལས། ཡོད་པས་རྣམ་པར་མི་གྲོལ་ཏེ། །ཡོད་པས་སྲིད་པ་འདི་ལས་མིན། །ཡོད་དང་མེད་པ་ཡོངས་ཤེས་པས། །བདག་ཉིད་ཆེན་པོ་རྣམ་པར་གྲོལ། །ཞེས་བཤད་པ་ཡིན་ཏེ། བྱིས་པའི་སྐྱེ་བོའི་སྤྱོད་ཡུལ་ལས་འདས་པའི་དམིགས་སུ་མེད་པའི་ཡེ་ཤེས་ལ་བརྟེན་ནས། བདག་ཉིད་ཆེན་པོ་ནི་འཕགས་པ་སྟེ། དེ་རྣམས་གང་དངོས་པོ་དང་དངོས་པོ་མེད་པ་དག་དོན་དམ་པའི་བདེན་པར་དམིགས་སུ་མེད་པས་དངོས་པོ་མེད་པ་ཉིད་དུ་སོ་སོ་རང་གི་རིག་པ་ཉིད་ཀྱིས་ཡོངས་སུ་མཁྱེན་པ་ཡིན་ལ། མཁྱེན་པ་ཉིད་ཀྱིས་རྣམ་པར་གྲོལ་


DTG078_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བ་བརྙེས་པ་ཡིན་ནོ། །རིགས་པ་འདི་ཉིད་ཀྱིས་དངོས་པོ་དང་དངོས་པོ་མེད་པར་ཉེ་བར་དམིགས་པ་ནི་དེ་ཁོ་ན་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཡང༌། མྱ་ངན་འདས་པ་དངོས་མེད་པ། །མིན་ན་དེ་དངོས་གང་ལ་ཡིན། །དངོས་དང་དངོས་པོ་མེད་ཟིན་པ། །ཟད་པ་མྱ་ངན་འདས་ཞེས་བྱ། །ཞེས་བཤད་པ་དང༌། ཡང༌། བློ་ཆུང་གང་གིས་ཡོད་པ་དང༌། །མེད་པ་ཉིད་དུ་མཐོང་གྱུར་པ། །དེས་ནི་སྤྲོས་པ་ཉེར་ཞི་བའི། །ཞི་བའི་དངོས་པོ་མཐོང་མི་འགྱུར། །ཞེས་བཤད་པ་དང༌། །གང་ཚེ་དངོས་དང་དངོས་མེད་པ། །བློ་ཡི་མདུན་ན་མི་གནས་ལ། །དེ་ཚེ་བགྲོད་པ་གཞན་མེད་པས། །དམིགས་མེད་རབ་ཏུ་ཞི་བར་འགྱུར། །ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ལང་ཀར་གཤེགས་པའི་མདོ་ལས། ཇི་ལྟར་མེ་ལོང་དག་ལས་གཟུགས། །གཅིག་དང་དུ་མ་རྣམ་སྤངས་པར། །སྣང་ཡང་དེར་ནི་ཡོད་མ་ཡིན། །དེ་བཞིན་དངོས་པོའི་དངོས་ཉིད་དང༌། །ཞེས་གསུངས་པ་དང༌། ཡང་འདི་དག་ཉིད་བཅོམ་ལྡན་འདས་ཀྱིས་གསལ་བར་མཛད་པའི་ཕྱིར། བློ་ཡིས་རྣམ་པར་བརྟགས་པ་ན། །ངོ་བོ་ཉིད་ནི་དམིགས་སུ་མེད། །དེ་བས་དེ་ནི་བརྗོད་མེད་པ། །དངོས་པོ་མེད་པར་བསྟན་པ་ཡིན། །ཞེས་གསུངས་པ་དང༌། ཡང་འདི་ཉིད་གསལ་བར་བྱ་བའི་ཕྱིར། སློབ་དཔོན་ཀམྤ་ལའི་ཞལ་སྔ་ནས་ཀྱིས་སྣང་བའི་ཕྲེང་བ་ལས། གལ་ཏེ་དངོས་པོ་དངོས་གྱུར་ན། །སླར་ནི་དངོས་མེད་ཇི་ལྟར་འགྱུར། །དེ་ཉིད་བརྟན་པའི་ཚུལ་ཅན་པས། །གཞན་དུ་འགྱུར་བར་མི་འཐད་དོ། །མིང་དང་རིགས་སྩོགས་ཡོན་ཏན་གྱིས། །གང་གིས་ཆོས་རྣམས་བརྫུན་པར་མཐོང༌། །དེ་ནི་ཕྱིན་ཅི་ལོག་པ་ཡིན། །མཁའ་ལ་རི་མོ་འདྲི་དང་མཚུངས། །དེ་བས་དངོས་པོ་སྣ་ཚོགས་པ། །ངོ་བོ་ཉིད་ཀྱི་རང་བཞིན་མེད། །གང་གིས་ཆོས་རྣམས་གཞན་དུ་ཤེས། །དེ་ནི་དོན་དམ་དང་བྲལ་འགྱུར། །ཞེས་བཤད་པ་དང༌། དེ་བཞིན་དུ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་བསམ་གྱིས་མི་ཁྱབ་པར་བསྟོད་པ་ལས། གང་ཞིག་དངོས་པོ་ཉེར་དམིགས་པ། །དེ་ནི་གལ་ཏེ་དེ་ཉིད་འགྱུར། །བྱིས་པ་དེ་ཉིད་རིག་འགྱུར་བས། །དེ་ཚེ་དེ་ཉིད་ཤེས་ཅི་དགོས། །ཞེས་བཤད་པ་ཡིན་ནོ།།


DTG078_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ལ་ལ་དག་འདི་སྐད་དུ་གལ་ཏེ་དབང་པོ་ཐམས་ཅད་ཀྱི་ཉེ་བར་དམིགས་པའི་དོན་རྣམ་པར་ཤེས་པ་ཡོངས་སུ་གྱུར་པ་ཉིད་དུ་མི་འདོད་ན་དངོས་པོ་སྣ་ཚོགས་པར་སྣང་བ་ལ་འཇུག་པ་འདི་ག་ལ་འབྱུང་ཞེས་རྒོལ་བར་བྱེད་ན། འདིར་བརྗོད་པར་བྱ་སྟེ། དེ་ནི་མ་རིག་པའི་དབང་གིས་ཡང་དག་པ་མ་ཡིན་པའི་ཡོངས་སུ་རྟོག་པ་ཙམ་དུ་སྣང་ངོ༌། །དེ་ཡང་སྣང་བའི་ཕྲེང་བ་ལས། བདག་ཉིད་སེམས་ཀྱིས་ཡོངས་སུ་རྟོགས་ཕྱིར་དང་ནི། །བཀོད་པའི་དྲི་མེད་ཕྱི་རོལ་སོགས་གྱུར་པ། །སྐྱེ་བ་དུ་མར་ཡོངས་བསྒོས་ཉེར་འབར་བ། །འགྲོ་བ་གསུམ་པོ་ཅུང་ཟད་ཀྱི་རྗེས་སུ་འབྲངས་ནས་བསྟན་པ་ཡིན་ནོ། །དྲིས་པ། ཇི་སྐད་དུ་བཤད་པའི་མཚན་ཉིད་ཀྱིས་ན་བརྗོད་དུ་མེད་པ་དེ་ནི་འདི་ཡིན་ནོ་ཞེས་བསྟན་དུ་མེད་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རང་རིག་པའི་ཡེ་ཤེས་དང༌། དེ་བཞིན་དུ་སྒྲིབ་པ་ཐམས་ཅད་དང་ངེས་པར་བྲལ་བའི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་དེ་ལ་ཐོག་མ་མེད་པ་ནས་ཞུགས་པའི་མ་རིག་པའི་དྲི་མས་ཡིད་དྲི་མ་ཅན་དུ་གྱུར་པ། བདག་དང་བདག་གིར་མངོན་པར་ཞེན་པའི་དུག་གིས་བརྒྱལ་བ། སྲིད་པའི་འདམ་དུ་བྱིང་བའི་སོ་སོའི་སྐྱེ་བོ་རྣམས་ཇི་ལྟར་འཇུག་པར་འགྱུར། དེ་རྟོགས་པར་འགྱུར་བ་བསྟན་པ་ལ་ག་ལས་འཇུག་པར་འགྱུར་བའི་ཐབས་ཀྱི་རྒྱུ་ནི་གང་ཞིག་ཡིན་ཞེ་ན། འདིར་བརྗོད་པར་བྱ་སྟེ། སྲིད་པའི་རྒྱ་མཚོ་འདིར་སྔོན་ཐོག་མ་མེད་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ལས་དང་པོ་པའི་གནས་སྐབས་སུ་ཐུགས་དང་པོ་བསྐྱེད་པ་ནས་ཐུགས་རྗེས་ནོན་པའི་ཤུགས་ཀྱིས་འགྲོ་བ་མ་ལུས་པ་གདོན་པར་བྱ་ཞིང༌། སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་སྨོན་ལམ་གྱི་རྒྱལ་པོ་མངོན་དུ་མཛད་པ་ཡིན་ལ། སྨོན་ལམ་གྱི་ཤུགས་དེའི་དབང་གིས་སྐུ་གསུམ་བདག་ཉིད་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་དེ་རྣམས་སངས་རྒྱས་ཀྱི་མཛད་པ་ལ་འཇུག་པ་ཡིན་ནོ། །སངས་རྒྱས་ཀྱི་མཛད་པ་དེ་གང་ཞིག་ཡིན་ཞེ་ན། བརྗོད་པར་བྱ་སྟེ། སྔོན་བླ་ན་མེད་པའི་སངས་རྒྱས་ཀྱི་ཞིང་དུ་བྱང་ཆུབ་ཐོབ་པར་བྱེད་པའི་དགེ་བའི་ལས་སྣ་ཚོགས་པའི་ས་བོན་བཏབ་པ་ལ་གོམས་པར་བྱས་པ་གང་ཡིན་པ་དང༌། ཞིང་དམ་པ་ལ་བསྐྲུན་པའི་དབང་གིས་འཁོར་བར་སངས་


DTG078_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱིས་འདུལ་བའི་སེམས་ཅན་རྣམས་འབྱུང་བར་འགྱུར་རོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ལ་བསྐྲུན་པའི་དགེ་བའི་རྩ་བ་ནི་འཁོར་བར་ཡོངས་སུ་ཟད་པར་མི་འགྱུར་ཞིང་ཡོངས་སུ་གཏུགས་པར་མི་འགྱུར་གྱིས། མི་ཟད་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ་ཞེས་གསུངས་པ་དང༌། དེ་བཞིན་དུ་དཔེར་ན། ཆུ་ཡི་ཐིགས་པ་རྒྱ་མཚོ་ཆེར་ལྟུང་བ། །བསྐལ་པ་མི་འཇིག་པར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོ་དགེ་བ་ནི། །ཐར་པ་མ་ཐོབ་བར་དུ་ཟད་མི་འགྱུར། །ཞེས་གསུངས་པ་དང༌། །ཡང་དེ་བཞིན་དུ། དྲི་ཞིམ་ཡལ་ཞིང་རྙིང་ལ་ཤུན་ཕྲགས་དེངས་འགྱུར་མེ་ཏོག་གཅིག་ཅིག་ནི། །སྣང་བ་ལ་བརྟེན་དང་པ་རྣམ་པས་རྒྱལ་གྱུར་ལ་ཕུལ་བས། །བསོད་ནམས་དེས་ནི་ངན་འགྲོའི་འཇིགས་པ་ལས་གྲོལ་མཐོ་རིས་ས་སྟེང་གི །བདེ་བ་དཔག་མེད་དུས་སྤྱད་བློ་བཟང་བདེ་བས་ཐར་པ་ཐོབ་པར་འགྱུར།། ཞེས་གསུངས་པ་དང༌། དེ་བཞིན་དུ། བུམ་པས་རྒྱ་མཚོ་ཚད་གཞལ་དང༌། །སྲང་གིས་རི་རབ་གོམས་པས་ས། །ཚད་གཞལ་བར་ནི་ནུས་སྲིད་ཀྱི། །རྒྱལ་ལ་ཕུལ་ཚད་གཟུང་མི་ནུས། །ཞེས་བཤད་པ་ཡིན་ནོ། །དེ་བས་ན་འདི་དམ་པའི་བདག་ཉིད་ཆེ་བ་ལས་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་རྣམས་འབྱུང་བར་འགྱུར་རོ། །སངས་རྒྱས་ཀྱི་མངོན་སུམ་དུ་འདུལ་བའི་སྐྱེ་བོ་དེ་ལ་ཐུགས་རྗེ་རྗེས་སུ་བཟུང་ནས། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྐྱེ་བོ་དེ་ཉིད་སྲིད་པའི་རྒྱ་མཚོ་ལས་བསྒྲལ་བར་བྱ་བའི་ཕྱིར་འཁོར་བར་འཇུག་པར་མཛད་ནས། མོས་པ་སྣ་ཚོགས་དང་ལྡན་པའི་སེམས་ཅན་དེ་རྣམས་ལ་སྣ་ཚོགས་པར་སྟོན་པར་མཛད་པ་དང་གཟིགས་པར་མཛད་པས་སངས་རྒྱས་ཀྱིས་མངོན་སུམ་དུ་འདུལ་བར་འགྱུར་བ་དེ་ཐམས་ཅད་བསྒྲལ་ནས་ལྷག་མ་ལྐོག་ཏུ་གདུལ་བར་བྱ་བ་མ་འོངས་པ་ན་སངས་རྒྱས་ཀྱི་ཆོས་བསྟན་པས་འདུལ་ཞིང༌། སངས་རྒྱས་ཀྱི་ཆོས་རབ་ཏུ་བསྟན་པ་དང༌། ཡེ་ཤེས་ཉེ་བར་བསྟན་པས་དབང་པོ་རབ་དང་འབྲིང་དང་ཐ་མའི་དབྱེ་བས་མྱུར་བ་དང༌། ཡུན་རིང་པོ་དང༌། ཤིན་ཏུ་རིང་པོས་འཚང་རྒྱ་བར་བྱེད་པའི་ཐེག་པ་གསུམ་ལས་ཉེ་བར་སྟོན་པ་ཐོབ་པར་མཛད་པ་དང༌། དེ་བཞིན་དུ་སྣ་ཚོགས་པའི་བསམ་པ་དང་མོས་པ་ཐ་དད་


DTG078_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་རྣམས་སྲིད་པའི་རྒྱ་མཚོ་ལས་བསྒྲལ་བར་བྱ་བའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་ཤུགས་ཀྱི་དབང་གིས་སློབ་མ་དམ་པ་རྣམས་ལ་བསམ་པས་སྣ་ཚོགས་པའི་དབང་དུ་མཛད་དེ་ཐབས་སྣ་ཚོགས་བསྟན་ནས། དེའི་འོག་ཏུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་མཛད་པ་རྫོགས་པར་གྱུར་པ་དང༌། འཁོར་བ་ལས་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ། །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས། དེའི་འོག་ཏུ་སློབ་མ་དམ་པ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་རང་རང་གི་ཐེག་པ་དེ་ལ་ལྷག་པར་མོས་ཤིང་དེ་བསྟན་པས་འདུལ་བ་རྣམས་ཀྱིས་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པའི་ཐབས་རང་རང་གི་རྒྱུད་དང་རྗེས་སུ་མཐུན་པར་ཉེ་བར་སྟོན་པར་བྱེད་དོ། །དེ་ལྟར་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རིམ་གྱིས་ཡེ་ཤེས་བསྟན་པ་དེ་རྟོགས་པ་ལ་འཇུག་པ་རྣམས་ཐོས་པ་དང་བསམ་པ་དང་བསྒོམ་པའི་རིམ་གྱིས་གོམས་པའི་སྟོབས་ཀྱིས་ཡེ་ཤེས་ལ་འཇུག་པར་འགྱུར་རོ། །དེའི་ཐབས་གོམས་པ་ལ་སོགས་པ་ལ་གོམས་པར་བྱས་པ་ལ་འཇུག་སྟེ། དེ་ལ་ཐེག་པ་ཆེན་པོའི་རྣལ་འབྱོར་བ་ལ་ལ་དགེ་བའི་རྩ་བ་ལ་འབད་པ་དང་ལྡན་ཞིང༌། དབང་པོ་རྣོ་བ་དང་བརྩོན་འགྲུས་འབར་བས་ཉིད་དང་མཚན་དུ་བསྒོམ་པ་ལ་གོམས་པར་བྱས་པའི་སྟོབས་ཀྱིས་ཚེ་འདི་ཉིད་ལ་ལོག་པའི་ཤེས་པ་སྤངས་པ་དང༌། ཡང་དག་པའི་ཡེ་ཤེས་ཐོབ་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་དགེ་བའི་རྩ་བ་ལ་ཤིན་ཏུ་འབད་པ་དེ་གོམས་པར་བྱེད་པ་ལ་ཅུང་ཟད་འཇུག་པ་དང་སྤྲོ་བ་ཆུང་བ་དེ་རྣམས་ནི་སྐྱེ་བ་གཞན་དུ་འཐོབ་པར་འགྱུར་རོ། །དེ་ལྟར་གཞན་གྱི་རྒོལ་བའི་དོགས་པ་བསལ་ནས། སངས་རྒྱས་ཀྱི་ཡེ་ཤེས་ལ་ཇི་ལྟར་འཇུག་པར་འགྱུར་བ་དེ་ལྟར་བསྟན་པ་ཡིན་ནོ། །དྲིས་པ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་དེའི་འོག་ཏུ་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རིམ་གྱིས་བླ་ན་མེད་པའི་ཡེ་ཤེས་བསྟན་པ་དེ་ལ་ཐེག་པ་ཆེན་པོའི་རྣལ་འབྱོར་པས་ཚེ་འདི་ཉིད་ལ་ལོ་པར་ཤེས་པ་སྤངས་ནས་ཡང་དག་པའི་ཡེ་ཤེས་འཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་མི་


DTG078_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཏེ། གང་གི་ཕྱིར་གང་ཐོག་མ་མེད་པའི་ཚུལ་ཅན་གྱི་མ་རིག་པའི་རྒྱུད་དང་ལྡན་པའི་ལོག་པའི་རང་བཞིན་ལས་དང་ཉོན་མོངས་པའི་བདག་ཉིད་ཅན་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་མཐའ་ཡས་པ་སྐད་ཅིག་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་བདག་ཉིད་ཅན་འཁོར་བའི་རྒྱ་མཚོ་ཞེས་བྱ་བ་ནི་ཤིན་ཏུ་རྒལ་བར་དཀའ་བ་ཡིན་ཏེ། དེ་ནི་ཉན་ཐོས་ལ་སོགས་པའི་ཐུབ་པ་དཔག་ཏུ་མེད་པ་རྣམས་ཀྱིས་སྐྱེ་བ་གྲངས་མེད་པར་དཀའ་བ་སྤྱོད་པ་དང༌། དེ་བཞིན་དུ་འཕགས་པའི་བདེན་པ་བསྒོམ་པས་དགེ་བའི་ལས་སྣ་ཚོགས་པ་ལ་སོགས་པ་ལ་གོམས་པར་བྱས་པའི་དགའ་བས་དུས་ཤིན་ཏུ་ཡུན་རིང་པོ་ཞིག་ན་སྤོང་བར་བྱེད་དོ་ཞེས་དེ་ལྟར་ཉན་ཐོས་ཀྱི་ཐེག་པ་ལས་བཤད་དེ། དེ་བས་ན་ཚེ་འདི་ཉིད་ལ་ཐེག་པ་ཆེན་པོའི་རྣལ་འབྱོར་པས་ལོག་པའི་ཤེས་པ་སྤངས་ཏེ། ཡང་དག་པའི་ཤེས་པ་འཐོབ་པར་ཇི་ལྟར་འགྱུར། འདིར་བརྗོད་པར་བྱ་སྟེ། ཐེག་པ་ཆེན་པོའི་རྣལ་འབྱོར་བས་ཚེ་རབས་སྔ་མ་ངག་ཏུ་ཕྱིན་ཅི་མ་ལོག་པའི་ཐབས་ལ་བསླབས་པ་དང༌། ཐེག་པ་མཆོག་ལ་གནས་པའི་རང་བཞིན་གྱི་ཆེ་བ་བདག་ཉིད་ཆེ་བ་ཉིད་དང༌། དགེ་བའི་རྩ་བ་ལ་མི་གཡེལ་བར་འབོད་པ་ཉིད་དང༌། ཡང་དག་པའི་ཡེ་ཤེས་ཀྱི་ཐབས་ཀྱིས་མན་ངག་དང༌། དེ་བཞིན་དུ་བརྩོན་འགྲུས་ཀྱི་ཤུགས་དྲག་པོ་བསྒོམ་པ་ལ་གོམས་པའི་ཕྱིར། ཚེ་འདི་ཉིད་ལ་ཡེ་ཤེས་ཐོབ་པར་འགྱུར་བ་ཡིན་ནོ། །དེ་ཡང་འདི་སྐད་ཐོས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ལ་སོགས་པ་ཚེ་འདི་ཉིད་ལ་ཕྱིན་ཅི་མ་ལོག་པའི་ཐབས་ཀྱིས་མན་ངག་བསྒོམས་པ་གོམས་པར་མཛད་པས་རབ་ཏུ་དགའ་བ་ལ་སོགས་པའི་ས་ལ་བཞུགས་ཤིང་སྦྱིན་པ་ལ་སོགས་པའི་ས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དང༌། ཡེ་ཤེས་དང་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཡེ་ཤེས་བརྙེས་པ་ཡིན་ནོ། །དེ་ལྟར་དེ་རྣམས་ཚེ་འདི་ཉིད་ལ་ལས་དང་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་ལོག་པའི་ཤེས་པ་སྤངས་ནས་ཡང་དག་པའི་ཡེ་ཤེས་ཐོབ་བོ་ཞེས་ཐོས་ལ། དེ་བཞིན་དུ་གཞན་དག་ལས་འབྱུང་བར་འགྱུར་ཏེ། གང་གི་ཕྱིར་རྒྱ་ཆེ་བའི་ཆོས་ཉིད་ཀྱི་བདག་ཉིད་ཆེ་བ་འདི་ནི་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ། །དེ་ལྟར་ཡང་སྡོང་པོ་བཀོད་པའི་


DTG078_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ལས། །དཔེར་ན་མེ་ཡིས་ཤིང་གི་རི། །སྐད་ཅིག་གིས་ནི་ཐལ་བར་བྱེད། །ཡེ་ཤེས་མེ་ཡིས་རྣལ་འབྱོར་པའི། །ལས་ཀུན་སྐད་ཅིག་དག་གིས་བསྲེག །ལས་ཀྱི་བག་ཆགས་ལྡན་པ་ཡི། །ཀུན་རྫོབ་དུས་ནི་རིང་པོ་ཅན། །རྣལ་འབྱོར་ཡེ་ཤེས་བག་ཆགས་ཀྱིས། །ཐམས་ཅད་སྐད་ཅིག་གིས་འཇིག་བྱེད། །དཔེར་ན་མུན་པ་རབ་གཏུགས་པ། །མར་མེས་སྐད་ཅིག་ངག་གིས་འཇོམས། །ཐུབ་པས་ཡེ་ཤེས་སྒྲོན་མ་ཡིས། །མི་ཤེས་འདི་ནི་སེལ་བར་མཛད། །ཅེས་གསུངས་པ་ཡིན་ནོ། །དེ་ལྟར་ན་གཉིས་སུ་མེད་པའི་ཡེ་ཤེས་ནི་ཐར་པ་འདོད་པ་རྣམས་ཀྱི་མཆོག་ཏུ་བླང་བར་བྱ་བའི་དེ་ཁོ་ན་ཉིད་ཇི་ལྟར་ཡིན། དེ་ལྟར་ལུང་དང་རིགས་པ་དག་གིས་བསྟན་པ་ཡིན་ནོ། །འདིར་བྱིས་པ་རྣམས་ཀྱི་བློའི་རྣམ་པར་འཕྲུལ་པའི་འབྲས་བུ་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་དེས་ཆོག་གོ །ད་ནི་ཐེག་པ་ཆེན་པོ་ལ་ལྷག་པར་མོས་པའི་དད་པ་ཅན་གྱི་རིགས་ཀྱི་བུས་གསོལ་བ་བཏབ་པ་དག་ལ་སྤྲོ་བ་བསྐྱེད་ཅིང་ཐར་པ་མ་ལུས་པ་འདོད་པ་ལ་སྔར་བཤད་པའི་མཚན་ཉིད་ཅན་གྱིས་ཡེ་ཤེས་རྟོགས་པར་བྱ་བའི་ཕྱིར་ཐབས་ཉེ་བར་བསྟན་པས་ན། བདག་དང་གཞན་གྱི་དོན་རབ་ཏུ་གྲུབ་པར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཚུལ་རྗེས་སུ་དྲན་ནས་དེ་བསྟན་པའི་མན་ངག་བསྒོམ་པའི་རིམ་པའི་ཆོ་ག་འདིར་ཅུང་ཟད་ཅིག་བཤད་པར་བྱའོ། །ཐེག་པ་ཆེན་པོར་ཇི་སྐད་དུ་བཤད་པའི་ཡེ་ཤེས་མངོན་པར་རྟོགས་པ་དང༌། གུས་པ་དང་ལྡན་པས་དེའི་ཚུལ་ལས་བཤད་པའི་ཆོ་གའི་རིམ་པར་སྔོན་དུ་འགྲོ་བས་བླ་མ་ལ་གསོལ་བ་བཏབ་སྟེ། དེའི་དྲིན་གྱིས་ཐོབ་པའི་ལུང་གིས་བླ་ན་མེད་པའི་ཡེ་ཤེས་ཀྱི་མན་ངག་གི་རྣལ་འབྱོར་བསྒོམ་པ་བརྩམ་པར་བྱའོ། །དེ་ལ་དང་པོ་རེ་ཞིག །བསྟན་བཅོས་རྒྱ་ཆེན་པོ་ནི་ཐོས་ནས་སུ། །དོན་དམ་དེ་བཞིན་ཉིད་ནི་ངེས་བྱས་ལ། །དད་ལྡན་དེ་ནི་འཇམ་པའི་སྟན་གནས་ཏེ། །བློ་དང་ལྡན་པས་རྣལ་འབྱོར་རྩོམ་པར་བྱེད། །གཟུང་དང་འཛིན་དང་གཉི་ག་གཉིས་མིན་དང༌། །བདག་དང་གཞན་དང་མྱ་ངན་འདས་པ་དང༌། །འཁོར་བ་ཞེས་བྱའི་རྣམ་རྟོག་མང་པོ་ནི། །རབ་ཏུ་སྤངས་ལ་ཡིད་ནི་མཉམ་པར་བཞག །སྒྱུ་མ་དྲི་ཟའི་གྲོང་ཁྱེར་ལྟ་བུར་ནི། །ཤེས་བྱ་མ་ལུས་


DTG078_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བལྟས་ནས་སུ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་རྡོ་རྗེ་ཡིས། །ལུས་ཀྱི་འཁྲུལ་འཁོར་རབ་ཏུ་གཞིག་པར་བྱ། །རྣམ་པ་ཐམས་ཅད་དུ་ནི་རབ་མཛེས་ལ། །ཐོག་དང་ཐ་མའི་ཆ་བྲལ་རྣམ་མི་རིག །དྲི་མ་མེད་པའི་འོད་ཟེར་སྟོང་གིས་ནི། །མུན་པ་ངེས་བསལ་མཁའ་དང་མཚུངས་པ་ཡི། །རང་གི་རྣམ་པ་ཙམ་གྱི་ངོ་བོ་རུ། །གཟོད་ནས་སྐྱེ་བ་མེད་པའི་རང་སེམས་མཐོང༌། །གང་གིས་ཀྱང་ནི་དེ་མཐོང་གྱུར་པ་དག །དེ་ཡང་དེ་བཞིན་དུ་ནི་བལྟ་བར་བྱ། །དམིགས་པ་མེད་པ་དང་བཅས་པའི་སེམས་ཉིད་ནི། །དེ་བཞིན་ཉིད་དང་ཡང་དག་མཐའ་རུ་བཤད། །དེ་ལྟར་རིམ་གྱིས་བསླབས་པར་གྱུར་པ་ལས། །མིང་དུ་ཤེས་པ་འགོག་པ་འཐོབ་པར་འགྱུར། །དེ་ལ་ཡང་དག་རེག་པར་སྦྱོར་བ་ལས། །འབད་པ་མེད་པར་མངོན་ཤེས་ལྔ་ལྡན་འགྱུར། །དེ་དང་མངོན་པར་ལྡན་པའི་རྣལ་འབྱོར་པ། །འགྲོ་བའི་དོན་ནི་དཔག་ཏུ་མེད་པ་བྱེད། །འདི་ནི་ཡོངས་སུ་རྫོགས་པའི་རྣལ་འབྱོར་བ། །ཤིན་ཏུ་ཡུན་རིང་དུས་སུ་གནས་པར་འགྱུར། །ལུས་ནི་རྡོ་རྗེ་ལྟ་བུར་མི་ཤིགས་ཤིང༌། །ཉོན་མོངས་བདུད་ལ་སོགས་པས་གཡོ་མི་འགྱུར། །ཤེས་རབ་ཕ་རོལ་ཕྱིན་པ་ཞེས་བྱ་བའི། །རྣལ་འབྱོར་འདི་དང་རྟག་ཏུ་རབ་ལྡན་པས།། ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན། །མང་པོ་རྣམས་ནི་ཡང་དག་རྫོགས་པར་འགྱུར། །འདི་ཟབ་མོའི་དོན་གང་ཅི་ཡང་རུང་བ་རྟོགས་དཀའ་བ་དེ་ནི་བླ་མའི་ཞལ་ནས་ཆོ་ག་ཇི་ལྟ་བ་བཞིན་དུ་བཤད་པ་གཟུང་བར་བྱའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་གང་ལ་ལ་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་སྤྱད་པ་སྤྱོད་པ་ཇི་སྐད་དུ་བཤད་པའི་རིམ་པའི་ཆོ་གས་སེམས་ཅན་ཐམས་ཅད་གདོན་པར་བྱ་བའི་ཕྱིར་སེམས་བསྐྱེད་ནས། བླ་ན་མེད་པའི་ཡེ་ཤེས་ཀྱི་མན་ངག་གི་རྣལ་འབྱོར་བ་བརྩམས་ནས་བརྩོན་འགྲུས་དང་ལྡན་པས་བསླབས་པའི་སྟོབས་དང་ལྡན་པ་དེ་ནི་རིང་པོ་མི་ཐོགས་པར་ཚེ་འདི་ཉིད་ལ་ཇི་སྐད་དུ་བཤད་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །གང་ཡང་ཇི་སྐད་དུ་བཤད་པའི་ཆོ་ག་མེད་པའི་གླེགས་བམ་ཙམ་ལ་བརྟེན་པ་ཙམ་གྱིས་འཇུ་པར་དེ་དག་ཇི་སྐད་དུ་བཤད་པའི་དངོས་གྲུབ་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་ཞིང་སྡུག་


DTG078_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་དང་ཡིད་མི་བདེ་བ་སྣ་ཚོགས་པ་དག་འབྱུང་བར་འགྱུར་རོ་ཞེས་ཟབ་མོའི་ཚུལ་ལ་དེ་བཞིན་གཤེགས་པས་གསུངས་སོ། །དྲིས་པ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་ཤུགས་ཀྱི་དབང་གིས་ཐེག་པ་ཆེན་པོ་ལ་ལྷག་པར་མོས་ཤིང་ཐར་པ་འདོད་པ་རྣམས་ཀྱི་མཆོག་ཏུ་བླང་བར་བྱ་བ་ཉིད་དུ་དབང་པོ་དམན་པ་དང༌། བར་མ་དང༌། ཆེན་པོའི་དབྱེ་བས་ཐེག་པ་ཆེན་པོའི་ཚུལ་ཁྲིམས་དབྱེ་བ་རྣམ་པ་གསུམ་དུ་གསུངས་ལ། དབྱེ་བ་གསུམ་པོ་དེ་དག་ཉིད་བཅོམ་ལྡན་འདས་འདུལ་བའི་བསམ་པ་མང་པོའི་དབང་གིས་དབྱེ་བ་མང་པོའི་མཚན་ཉིད་ལ་འཇུག་པར་མཛད་པ་ཡིན་ལ། དེ་རྣམས་ཀྱང་ཐབས་ཀྱི་དབྱེ་བས་ཕྱེ་བ་ཡིན་གྱི་ཐབས་ལས་འབྱུང་བ་ལས་ནི་ཁྱད་པར་མེད་དོ་ཞེས་བཤད་དོ། དེ་རྣམས་ལས་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པའི་མཚན་ཉིད་ཅན་ཐམས་ཅད་ཀྱིས་རབ་མཆོག་གི་ཁྱད་པར་ནི་སྔགས་ཀྱི་ཐེག་པ་ཡིན་པར་གསུངས་ལ། དེ་བས་ན་སྔགས་ཀྱི་ཐེག་པའི་ཁྱད་པར་གང་ཡིན་པ་དེ་ནི་བརྗོད་པར་བྱ་སྟེ། ཚུལ་གསུམ་གྱི་སྒྲོན་མ་ལས། །དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་མཛད་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་བཤད་པ་དང༌། དེ་བཞིན་དུ་དཔལ་མཆོག་དང་པོ་ཞེས་བྱ་བའི་སྔགས་ཀྱི་ཚུལ་ལས། །བདག་ཉིད་སངས་རྒྱས་ཐམས་ཅད་དེ། །བྱང་ཆུབ་སེམས་དཔའ་ཀུན་ཀྱང་ཡིན། །དེ་བས་རང་ལྷའི་སྦྱོར་བ་ཡིས། །བདག་ཉིད་ཉེ་བར་བསྒྲུབ་པར་བྱ། །ཞེས་གསུངས་པ་དང༌། ཡང་དེ་བཞིན་དུ། ལྡང་ངམ་ཡང་ན་འདུག་པའམ། འཆག་པའམ་ཇི་ལྟར་གནས་པའམ། །དགོད་དམ་རབ་ཏུ་སྨྲ་བའམ། །གང་དང་གང་དུ་ཇི་ལྟར་གནས། །དཀྱིལ་འཁོར་དག་ཏུ་མ་ཞུགས་པའམ། །སྒྲིབ་པ་ཀུན་དང་ལྡན་ཡང་རུང༌། །རང་ལྷའི་སྦྱོར་བའི་བདག་ཉིད་ཅན། །བསོད་ནམས་ཆུང་ཡང་འགྲུབ་པར་འགྱུར། །ཞེས་གསུངས་པ་དང༌། ཡང་དེ་བཞིན་དུ། མཚམས་མེད་ལྔ་ལ་སོགས་པ་ཡི། །སྡིག་པ་ཆེན་པོ་བྱེད་པ་ཡང༌། །ཐེག་པ་བླ་ན་མེད་པ་ཡི། །ཐེག་མཆོག་འདི་ལ་འགྲུབ་པར་འགྱུར། །ཞེས་གསུངས་པ་དང༌། ཡང་དེའི་ཁྱད་པར་གསུངས་པ་ནི། བདེ་བས་བྱང་ཆུབ་ཐོབ་འགྱུར་གྱི། །ལུས་ཀྱི་


DTG078_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་བ་བྱང་ཆུབ་མིན། །གང་ཕྱིར་ཏིང་འཛིན་ལས་བྱུང་བའི། །སེམས་བདེ་བ་ལས་འཚང་རྒྱར་འགྱུར། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་ཡིན་ནོ། །དེ་ལྟར་ཇི་སྐད་དུ་གསུངས་པའི་མཚན་ཉིད་ཅན་གྱི་སྔགས་ཀྱི་ཐེག་པ་ཆེན་པོ་ནི་དཀའ་བ་མེད་པའི་སྤྱོད་པས་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་ཐོབ་པར་བྱེད་པ་ཡིན་ཞིང༌། གོང་ནས་གོང་དུ་ཕྱིན་ཅི་མ་ལོག་པའི་ཐབས་ཀྱིས་ཁྱད་པར་དུ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་དབང་གིས་གང་གསུངས་པ་དེ། དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྡུས་པ་འདིར་བསྟན་ཏན་ཞེས་འདིར་བརྗོད་པར་བྱ་སྟེ། འདི་ན་ད་ལྟར་སྲིད་པའི་ལམ་དུ་ད་ལྟར་སྐྱེས་པ་དང༌། སྐྱེ་བར་འགྱུར་བའི་སེམས་ཅན་མཐོང་བ་དང༌། །ཐོས་པ་རྣམས་ནི་སྔགས་ཀྱི་སྤྱོད་པའི་སྣོད་ཇི་ལྟ་བ་མ་ཡིན་ནོ། །དེ་ཡང་རེ་ཞིག་ད་ལྟར་བྱུང་བ་རྣམས་ནི་མ་རིག་པའི་དབང་གིས་བདག་དང་བདག་གིར་འཛིན་པ་ལ་སོགས་པ་ལྟ་བ་ངན་པའི་ཤིང་གིས་སྦར་བའི་མེས་རྒྱུད་བསྲེགས་པ། རང་གི་རྣམ་པར་རྟོག་པའི་རླུང་གིས་བློ་རྣམ་པར་གཡེངས་པ་དམན་པའི་བློ་ཅན་ལོག་པར་འཛིན་པ་ལ་མངོན་པར་ཞེན་པ་སྣ་ཚོགས་པའི་རིམས་ཀྱིས་བཏབ་པའི་སེམས་དང་ལྡན་པའི་ཉམ་ཐག་པ་ཉོན་མོངས་པའི་དཔའ་རླབས་ཀྱིས་བློ་རྣམ་པར་གཡེངས་པ་དེ་རྣམས་ཀྱིས་གསང་སྔགས་ཀྱི་ཚུལ་ལས་བསྟན་པའི་ཕྱིན་ཅི་མ་ལོག་པའི་ཐབས་ཀྱི་ཁྱད་པར་ཟབ་མོ་རྣམ་པར་ཕྱེ་བའི་མཚན་ཉིད་ཅན། ཤིན་ཏུ་རྒྱ་ཆེ་བའི་འཇིག་རྟེན་ལས་འདས་པའི་སྤྱོད་པ་སྤྱད་པར་ག་ལ་ནུས། དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་སེམས་ཅན་ཉིད་ལ་དགོངས་ནས་སྔོན་བཅོམ་ལྡན་འདས་ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས་པ་ཉིད་ཀྱིས་མ་འོངས་པའི་སེམས་ཅན་རྣམས་ཀྱི་སྤྱོད་པ་མཁྱེན་ནས་སྔགས་ཀྱི་ཚུལ་ལ་དགག་པ་གསུངས་པ་ཡིན་ནོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་ཐེག་པ་ཚུལ་ལས། །ཤེས་རབ་དེ་ནི་མི་ཤེས་ཤིང། །ངར་འཛིན་དྲི་མས་སྤགས་པ་རྣམས། །དེ་ཡི་འཇིག་རྟེན་འདས་སྤྱོད་པ། །དམྱལ་བར་འགྲོ་བ་ཁོ་ནར་ཟད། །ཅེས་གསུངས་པ་དང༌། ཡང་དེ་ཉིད་ལས། ཐབས་བཟང་རྣམ་པར་སྤངས་ནས་ནི། །འགལ་བའི་དམ་ཚིག་ལ་སོགས་པ། །གང་ཞིག་གཞན་དུ་བྱེད་པ་དག །དེ་ནི་


DTG078_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འབོད་དག་ཏུ་འཚེད། །དཔེར་ན་འདི་ན་རབ་འབར་མེར། །རྩྭ་དང་ཤིང་ལ་སོགས་པའི་ཚོགས། །བཅུག་པ་ཐལ་བ་ཉིད་འགྱུར་གྱིས། །སླར་ནི་རབ་ཏུ་སྐྱེ་མི་འགྱུར། །དེ་བཞིན་དེ་ཉིད་རྣམ་བྲལ་བར། །ཤིན་ཏུ་རྨད་བྱུང་ལས་བྱེད་པ། །ཇི་སྲིད་ནམ་མཁའ་གནས་པར་དུ། །ཤི་ནས་དམྱལ་བར་འགྲོ་བར་འགྱུར། །ཞེས་གསུངས་པ་དང༌། གཞན་ཡང༌། ལེགས་བརྟགས་ལེགས་པར་དཔྱད་ནས་ནི། །མཁས་པས་རབ་ཏུ་འཇུག་བྱ་ཡིན། །གཞན་དུ་མེར་ནི་འཇུག་པ་ཡིས། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པ་དང༌། ཡང༌། དེ་ཉིད་ཀྱིས་ཤེས་ནས། །ལྷག་པར་མོས་པར་ངེས་བརྟེན་གང༌། །དེས་གྲུབ་འགྱུར་གྱི་གཞན་དུ་དེ། །དམྱལ་བ་ཆེན་པོར་ལྟུང་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པས་སེམས་ཅན་ཕལ་བ་རྣམས་ལ་སྔགས་ཀྱི་ཚུལ་བསྟན་པ་དགག་པར་མཛད་པ་ཡིན་ནོ། །ཁོ་བོ་ཅག་གིས་ཀྱང་བཅོམ་ལྡན་འདས་ཀྱིས་དགག་པར་གསུངས་པའི་བཀའ་འདི་ཉིད་ཀྱིས། དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྡུས་པ་འདིར་གསང་སྔགས་ཀྱི་ཚུལ་ལ་བསྟན་པའི་ཐབས་ཀྱི་ཁྱད་པར་མ་བསྟན་པ་ཡིན་ནོ། །ཐེག་ཆེན་དོན་ནི་ཅུང་ཟད་ཅིག །བཏུས་ནས་སྙིང་པོར་བསྡུས་པ་ལ། །གང་འདིར་ཅུང་ཟད་མི་གསལ་བ། །དེ་ནི་གཞན་དུ་ལེགས་པར་བརྟག །འདི་ནི་ཆོས་གྲངས་ལ་སོགས་པས། །དབུ་མའི་ལུང་དུ་མང་པོར་ནི། །སྤྲོས་པས་རྣམ་པར་ཕྱེ་བས་ན། །རྣམ་པར་རྨོངས་པ་བཤོལ་བ་ཡིན། །ཐེག་ཆེན་ལ་དགའི་བདག་ཉིད་ཅན། །སེམས་ཅན་དང་པོའི་ལས་ཅན་རྣམས། །ཡང་དག་དེ་ཉིད་རྟོགས་པའི་ཕྱིར། །དེ་ཉིད་སྙིང་པོ་བདག་གིས་བཤད། །སྙིང་རྗེ་བདུད་རྩིའི་རོས་བརླན་ཅིང༌། །སེམས་ཅན་དོན་ལ་དགའ་སེམས་ཀྱིས། །དད་པས་བྱང་ཆུབ་འདོད་པའི་ཕྱིར། །ང་ཡིས་འདི་ནི་བསྡུས་པ་ཡིན། །འདིར་གང་བློ་གྲོས་དམན་གྱུར་པ་འམ། །མ་དཔྱད་པར་ནི་གང་བྱས་པ། །ཅུང་ཟད་རྒོལ་བཅས་དེ་དག་ཀུན། །མཁས་པས་བདག་ལ་བཟོད་པར་མཛད། །དེ་ཉིད་བདུད་རྩི་དག་པ་འདིས། །ཐུགས་རྗེས་རྒྱུད་ནི་དག་པ་ཡིན། །དེ་བཞིན་གཤེགས་པ་མ་གཏོགས་གཞན། །ཉེར་ལོངས་སྤྱོད་དོན་མ་རུངས་ཡིན། །དེ་ཉིད་ཀྱིས་ན་བཤད་དཀའ་བ། །གྲུབ་མཐའི་རྗེས་འགྲོའི་བློ་ཅན་ལ། །བློ་གྲོས་དེ་ནི་


DTG078_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

དག་བྱའི་ཕྱིར། །སྙིང་རྗེས་བསྟན་ལ་འཇུག་པ་ཡིན། །རང་ཟབ་ཤིན་ཏུ་རྒྱ་ཆེ་ལ། །སྦྱངས་པ་མ་བྱས་བདག་ཉིད་ཅན། །རྨོངས་པའི་དགྲ་བོས་བདག་གཞན་གྱི། །ཐེག་པ་ཆེ་ལ་སྨོད་པར་བྱེད། །ལ་ལ་རྨོངས་པས་བསྒྲིབས་ནས་ནི། །དེ་ཉིད་ལ་ནི་འགེགས་བྱེད་གང༌། །དེ་ལ་བདེ་འགྲོའང་ཡོད་མིན་ན། །ཐར་པ་ཐོབ་པར་ག་ལ་འགྱུར། །ཐེག་པ་ཆེན་པོའི་ཚུལ་གནས་པ། །བྲམ་ཟེ་ཀླུ་ཡི་དབང་པོའི་བུ། །ཆོས་ཀྱི་དབང་པོ་དཔལ་ལྡན་གྱིས། །དེ་ཉིད་བསྡུས་པའི་སྙིང་པོ་བྱས། །དེ་བཞིན་གཤེགས་པའི་དེ་ཉིད་བདུད་རྩི་མཚོ་ནང་ནས། །འགྲོ་ལ་སྙིང་རྗེས་བླངས་ནས་ཡང་དག་དགེ་བ་གང༌། །བསྩགས་པ་དེས་ནི་འགྲོ་བའི་ཉེས་པ་ཀུན་བསལ་ཏེ། །ལུས་ཅན་ཐམས་ཅད་དེ་བཞིན་ཉིད་གཅིག་ལ་གཞོལ་ཤོག །དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྡུས་པ། སློབ་དཔོན་ཆོས་ཀྱི་དབང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛ་ནར་དཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བའོ། །

ཐེག་པ་གསུམ་རྣམ་པར་གཞག་པ་ཞེས་བྱ་བ།
རིན་ཆེན་འབྱུང་གནས་ཞི་བ།


DTG078_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཏཱི་ཡཱ་ན་བྱ་བ་སྟྭཱཾ་ན་ནཱ་མ། བོད་སྐད་དུ། ཐེག་པ་གསུམ་རྣམ་པར་གཞག་པ་ཞེས་བྱ་བ། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་གི་ཐེག་གསུམ་ཉིད་བཞོན་སྦྱིན་པའི་ཕྱག་ན་རི་རབ་བརྐྱང་ནས། །རང་གི་ཤ་དང་ཁྲག་དག་ཆགས་བྲལ་འགྲོ་ལ་རྣམ་འགྱེད་པ། །ཐེག་གསུམ་གསུང་པོ་ཤཱཀྱ་དབང་པོ་ཉིད་ལ་ཕྱག་འཚལ་ནས། །བླ་མའི་བཀའ་དང་གཞུང་མང་མཐོང་ཕྱིར་ཐེག་གསུམ་རྣམ་གཞག་བྱ། །ཐེག་པ་རྣམས་ནི་གསུམ་ཉིད་དུ་རྣམ་པར་གཞག་པར་མཐོང་སྟེ། ཉན་ཐོས་དང་ལྡན་པའི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང༌། ཟབ་ཅིང་རྒྱ་ཆེ་བ་དང་ལྡན་པའི་ཐེག་པའོ། །དེ་ལ་ཉན་ཐོས་དང་ལྡན་པའི་ཐེག་པ་ནི་རྣམ་པ་གཉིས་ཏེ། བྱེ་བྲག་སྨྲ་བ་དང༌། མདོ་སྡེ་པའོ། །ཡང་བྱེ་བྲག་ཏུ་སྨྲ་བ་ནི། ཁ་ཆེའི་དང༌། ཡུལ་དབུས་ཀྱི་ཞེས་བྱའོ། །ང་ནི་རང་གི་གྲུབ་པའི་མཐའ་ཅུང་ཟད་བརྗོད་དེ། དབང་པོ་དང་དོན་ལས་འབྱུང་བའི་བློ་རྣམ་པ་མེད་ཅིང༌། དབང་པོ་དོན་མ་ལུས་པ་ནི་གོང་བུ་དང་མཐུན་པར་གནས་པའི་རྡུལ་ཕྲ་རབ་ཆ་ཤས་མེད་པའི་ངོ་བོར་


DTG078_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་ཅིང་འདུས་བྱས་ཐམས་ཅད་མི་རྟག་ལ་བདག་མེད་པར་འདོད་པས་ཏེ། ནམ་མཁའ་དང་འགོག་པ་དག་དང༌། དེ་བཞིན་ཉིད་རྣམས་རྟ་པར་འདོད་པས་རྣམ་པར་སྤྱོད་པ་འོ། །འདི་དག་ནི་འབྲས་བུ་མེ་ཤི་བ་ལྟར་བསྟན་དུ་མེད་པ་དང༌། དེའི་སྔོན་དུ་སོང་བའི་ཕུང་པོ་ལྷག་མ་དང་བཅས་པ་ཞེས་བྱ་བ་དང་གཉིས་སུ་གྲུབ་པ་བྱེད་པ་སྟེ། དེ་དག་གྲུབ་པ་གཅིག་དང་སྒྲུབ་པ་ལ་གནས་པ་བདུན་གྱི་སྐྱེས་བུ་འཕགས་པའི་ཁོངས་སུ་གཏོགས་པ་ཟུང་བཞི་དང༌། གང་ཟག་བརྒྱད་ཅེས་བསྒྲགས་པ་འདི་ལྟ་འདི་ལྟར་རྒྱུན་དུ་ཞུགས་པར་ཞུགས་པ་དང༌། རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོད་པའི་ཕྱིར་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བའི་ཕྱིར་ཞུགས་པ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པའི་ཕྱིར་ཞུགས་པ་དང༌། དགྲ་བཅོམ་པ་སྟེ་གོ་རིམས་བཞིན་ནོ། །ཡུལ་དབུས་ཀྱི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱང་གནས་འདི་རྣམས་མཉམ་བ་སྟེ། ཕྲ་མོ་དག་ནི་དེ་དག་ཉིད་འདོན་པའི་ཆོས་མངོན་པ་རྒྱ་ཆེར་བལྟའོ། །མདོ་སྡེ་པ་རྣམས་ནི་བློ་རྣམ་པ་དང་བཅས་པ་ཉིད་དུ་སྐྱེ་བར་རྟོག་ཅིང་བློའི་རྣམ་པ་རྣམས་ཀྱང་དེ་དང་འདྲ་བ་གཞན་གྱི་རྣམ་པ་ལས་སྐྱེ་ལ། དེ་ཡང་རྡུལ་ཕྲ་རབ་ཁ་དོག་དང་རྗེས་སུ་མཐུན་པར་གནས་པའི་བདག་ཉིད་དུ་འདོད་དོ། །ཡང་འདི་དག་ནི་དུས་གསུམ་དག་འདི་ཁས་མི་ལེན་ཅིང་འདུས་མ་བྱས་རྣམས་ཀྱང་མོ་གཤམ་གྱི་བུ་དང་འདྲ་བར་འདོད་པ་སྟེ། འབྲས་བུ་དང་དེ་ལ་འདོད་པ་དང་གནས་པ་སྔ་མ་བཞིན་ཏེ། འོན་ཀྱང་མདོ་སྡེ་པ་རྣམས་ནི་རང་སངས་རྒྱས་སུ་འགྱུར་བའི་སྐལ་བ་ཅན་ནོ། །འདི་ནི་ཉན་ཐོས་ཀྱི་ཐེག་པ་རྣམ་པར་གཞག་པ་འོ། །ཞུགས་པ་དང་དེ་ལ་གནས་པ་དང༌། །དེ་ཉིད་དབང་པོའི་ཁྱད་པར་གྱིས་བསེ་རུ་ལྟར་རྒྱུ་བ་དང་ཚོགས་དང༌། སྤྱོད་པ་དང་བཞིར་སངས་རྒྱས་ནི་རྣམ་པར་གཉིས་ལས་བཞིར་འགྱུར་བའོ། །འདི་དག་གི་ཁོང་དུ་ཆུད་པ་ནི་མཐུན་པར་རྟེན་ཅིང་འབྲེལ་བར་འགྱུར་བ་ཡན་ལག་བཅུ་གཉིས་ལས་འཁོར་བར་བྱུང་བ་དང༌། དེ་འགགས་པས་མྱ་ངན་ལས་འདས་པར་འགྲོ་བར་རྟོགས་པ་འོ། །འདིར་འདི་དག་གི་བར་ཆད་མེད་པའི་ལམ་ཉི་ཚེ་བཤད་པ་ལྟར་ཡིན་གྱི། འབྲས་བུ་ཐོབ་པ་ལ་ཕན་པའི་སྡོམ་པའི་ཚུལ་ཁྲིམས་


DTG078_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ནི་ཉན་ཐོས་རྣམས་དང་མཐུན་པར་དེ་ལ་འབྱུང་ཞིང༌། འབྲས་བུའི་བདག་ཉིད་ཀྱང་ཞི་བ་ཉིད་ཉན་ཐོས་རྣམས་དང་མཉམ་པས་གནས་པའོ། །འདི་དག་ལ་ངེས་པར་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པ་འབྱུང་བ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་རྟོགས་པར་འགྱུར་བའི་རྐྱེན་འབྱུང་བ་ནི་ཚོང་དཔོན་བདེན་པར་སྨྲ་བ་བཞིན་ཏེ། བསྐལ་པ་བརྒྱའི་བར་དུ་དེ་དང་འབྲེལ་བའི་ལས་དེ་དག་གིས་བསགས་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ཇི་ལྟར་བསྒོམ་པ་ནི་འདིར་མ་སྨྲས་ཏེ། གཞུང་མངས་པ་ལ་མི་དགའ་བ་དང༌། མདོ་སྡེ་རྣམས་ལས་གསལ་བར་སྣང་བས་སོ། །འདི་ནི་རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་གཞག་པའོ། །ཟབ་ཅིང་རྒྱ་ཆེ་བ་དང་ལྡན་པའི་ཐེག་པ་ནི་རྣམ་པ་གཉིས་ཏེ། ཟབ་པ་འབའ་ཞིག་དང་ལྡན་པ་དང༌། ཟབ་པ་དང༌། རྒྱ་ཆེ་བ་གཉི་ག་དང་ལྡན་པའོ། །འདི་དག་ཉིད་ལ་ཐེག་པ་ཆེན་པོ་ཞེས་བརྗོད་ཅིང༌། དབྱེ་བ་རྣམ་པ་གཉིས་ཉིད་ལ་སློབ་དཔོན་སྔ་མས་ཕ་རོལ་ཏུ་ཕྱིན་པའི་ཚུལ་དང༌། གསང་སྔགས་ཀྱི་ཚུལ་གྱི་ཐེག་པ་ཆེན་པོ་ཞེས་ཀྱང་གཞག་པའོ། །གལ་ཏེ་གཅིག་ལ་ནི་ཟབ་པ་ཉི་ཚེ་ལྡན་ཞིང༌། དེ་བཞིན་དུ་གཅིག་ལ་ནི་ཟབ་པ་དང་རྒྱ་ཆེ་བ་གཉི་ག་དང་ལྡན་ན། དེའི་ཚེ་ཐེག་པ་དག་ནི་བཞིར་འགྱུར་བ་མ་ཡིན་ནམ། ཇི་ལྟར་ན་ཐེག་པ་གསུམ་དུ་རྣམ་པར་གཞག་ཅེ་ན། འདི་ལ་ཉེས་པ་མེད་དེ། བདེན་པ་གཉིས་ལ་གནས་པས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པ་ལ་དབྱེ་བ་མེད་པས་སོ། །དེ་ལྟ་ན་ཅིའི་ཕྱིར་ཟབ་པ་འབའ་ཞིག་དང་ལྡན་པ་དང༌། ཟབ་ཅིང་རྒྱ་ཆེ་བ་གཉི་ག་དང་ལྡན་པའི་ཁྱད་པར་འབྱུང༌། གཞན་དུ་ན་འདི་དག་གི་བདེན་པ་གཉིས་ཉིད་ལ་ཁྱད་པར་ཡོད་པར་བརྗོད་དགོས་སོ། །འདི་ནི་ལེགས་པར་སྨྲས་པ་སྟེ། དོན་དམ་པའི་བདེན་པ་ཉིད་ལ་ནི་ནམ་ཡང་དབྱེ་བ་འགའ་ཞིག་ཀྱང་འབྱུང་བ་མེད་ལ། ཀུན་རྫོབ་ཉིད་ཀྱི་ཟབ་པ་དང་རྒྱ་ཆེ་བར་འགྱུར་བའོ། །ཅིའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་ལ་ཁྱད་པར་ཡོད་ཀྱི། དོན་དམ་པའི་བདེན་པ་ལ་དེ་མི་དམིགས། ཀུན་རྫོབ་ཙམ་གྱིས་རྒྱ་ཆེ་བར་ཡང་ཇི་ལྟར་འགྱུར། འདི་ན་དོན་དམ་པའི་བདེན་པ་དབུ་མ་པ་རྣམས་ཀྱིས་


DTG078_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གཞག་པ་ནི་ཡོད་པ་དང་མེད་པ་དང༌། ཡོད་པ་དང་མེད་པ་གཉིག་དང༌། ཡོད་པ་དང་མེད་པ་གཉི་ག་མ་ཡིན་པ་ཞེས་བྱ་བའི་མཐའ་རྣམ་པ་བཞི་ལས་ངེས་པར་གྲོལ་པ། སྤྲོས་པའི་མཚན་མ་ནུབ་པ་དག་གི་ལས་འདས་པ་ཉིད་ཡིན་ནོ། །ཚུལ་འདི་ལས་གཞན་པའི་དོན་དམ་པའི་བདེན་པ་རྣམ་པར་འཇོག་ན་དེའི་ཚེ་ངེས་པར་ཡོད་པ་ལ་སོགས་པའི་མཐའ་རྣམ་པ་བཞིར་འཇུག་པར་འགྱུར་ཏེ། གང་མཐའ་རྣམ་པ་བཞི་ཡང་མ་ཡིན་ལ་དབུ་མ་དག་གིས་རྣམ་པར་གཞག་པའི་བདེན་པ་ཡང་མ་ཡིན་པ་དེ་ནི་ནམ་ཡང་བརྙེས་པར་མི་འགྱུར་རོ། །གལ་ཏེ་མཐའ་རྣམ་པ་བཞི་ལས་འགའ་ཞིག་དོན་དམ་པའི་བདེན་པར་ཡོངས་སུ་རྟོགས་ན་དེའི་ཚེ་རྣལ་འབྱོར་སྤྱོད་པ་པ་ཁོ་ན་བས་འབད་པ་ཆུང་དུས་རྣམ་པར་བཟློག་པར་ནུས་སོ། །དེའི་ཕྱིར་དོན་དམ་པའི་བདེན་པ་བཅོམ་ལྡན་འདས་དང་ཀླུ་སྒྲུབ་ལ་སོགས་པས་རྣམ་པར་གཞག་པ་ལས་ཁྱད་པར་གྱུར་པའི་དོན་དམ་པའི་བདེན་པ་གཉིས་པ་ནི་མེད་དོ། །ཀུན་རྫོབ་ཙམ་གྱི་ལྟར་རྒྱ་ཆེ་བར་འགྱུར་ཞེས་གང་སྨྲས་པ་ནི་འདིར། དམིགས་པ་རྣམ་པར་དག་པ་དང༌། །གྲོགས་ཀྱི་མཐུ་དང་སྤྱོད་པ་ཡིས། །བློ་ལྡན་རྣམས་ཀྱི་ཐེག་པ་ནི། །ཆེན་པོའི་ཆེན་པོ་ཉིད་དུ་བསྒྲགས། །འདིའི་དོན་ནི་ཇི་ལྟར་སྣང་བའི་དམིགས་པ་རྣམས་རྣམ་པར་དག་པའི་ལྷའི་བདག་ཉིད་དུ་མངོན་པར་རྟོགས་པས། །དམིགས་པ་རྒྱ་ཆེ་བ་དང༌། དུས་གསུམ་དུ་རྒྱལ་བ་རྣམས་ཀྱིས་བརྟེན་པའི་དམ་ཚིག་རྣམས་ཡིད་བཞིན་དུ་བཟུང་བས་ཁྱད་པར་དུ་བྱུང་བའི་བྱིན་གྱི་རླབས་སྐྱེ་བར་འགྱུར་བ་གྲོགས་ཞེས་བྱ་བ་རྒྱ་ཆེ་བ་དང༌། ཇི་ལྟར་སངས་རྒྱས་དང་ས་བཅུའི་དབང་ཕྱུག་རྣམས་འགྲོ་བའི་དོན་སྤྱོད་པ་དང༌། ཞིང་ཡོངས་སུ་དག་པར་བྱིན་གྱིས་རློབ་པ་ལྟར་རྗེས་སུ་སྐྱེས་པའི་སྤྱོད་པ་རྒྱ་ཆེ་བ་སྟེ། འདི་དག་དབུ་མ་པ་རྣམས་ལས་ཁྱད་པར་དུ་གྱུར་པས་དེ་དག་ལ་རྒྱ་ཆེ་བ་ཉིད་མེད་པ་ཁོ་ནའོ། །དེ་བས་ཀུན་རྫོབ་ཁོ་ནས་རྣམ་བར་གཞག་པའི་བྱེ་བྲག་གོ །རྒྱ་ཆེ་བ་རྣམ་པ་དེ་དག་གིས་ནི་ཐེག་པ་རྣམས་སངས་རྒྱས་དང་མཉམ་པར་བཀོད་པ་མ་ཡིན་ནམ། དེ་ལྟ་ན་ནི་དོན་དམ་པའི་བདེན་པ་ཁོ་ན་དང་ཅིག་ཤོས་བྱེ་བར་མི་འགྱུར་ཏེ། ཐམས་ཅད་འབྲས་བུ་ལ་གནས་པ་ཡིན་པའི་ཕྱིར་རོ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་


DTG078_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

གང་འདིར་དོན་དམ་པའི་བདེན་པ་ལྷུན་གྱིས་གྲུབ་པ་ལ་སོགས་པས་མི་འཇུག་པ་ལྟར་ནི་འདིའི་ཀུན་རྫོབ་མ་ཡིན་ཏེ། ཇི་སྲིད་དོན་དམ་པ་རྟོགས་པ་དེ་སྲིད་རྩོལ་བ་དང་བཅས་ཤིང་ལྷག་པར་སྤྱོད་པས་སོ། །དེ་ལྟར་ན་ནི་དབུ་མ་པ་རྣམས་ཀྱང་ཡིན་པས་འདི་ལ་ཟབ་ཅིང་རྒྱ་ཆེ་བ་དང་ལྡན་པར་ཇི་ལྟར་བརྗོད་ཅེ་ན་མ་ཡིན་ཏེ། དབུ་མ་པ་རྣམས་ནི་རྒྱ་ཆེ་བ་དང་བྲལ་བས། བསྐལ་པ་གྲངས་མེད་པ་གསུམ་གྱི་འབྲས་བུ་ལ་འཇུག་ཅིང༌། རྣལ་འབྱོར་སྤྱོད་པ་པ་རྣམས་ཀྱང་ངོ༌། །དེ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་བསྐལ་པ་གྲངས་མེད་པ་བཞིས་རང་གི་འབྲས་བུ་དམ་པ་ལེན་ལ། ཐེག་པའི་མཆོག་ལ་ཞོན་པ་རྣམས་ནི་དུས་ཅུང་ཟད་ཀྱིས་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་སྟེ། དེ་བས་ན་ཁྱད་པར་ཆེན་པོ་དང་བཅས་པའོ། །དེ་ལྟ་ཡིན་དུ་ཟིན་ཀྱང་འདི་ན་དོན་དམ་པའི་བདེན་པ་དང་དབྱེར་མེད་དེ། དོན་དམ་པའི་བདེན་པ་ཡོངས་སུ་གྲུབ་པ་བྱང་ཆུབ་སེམས་དཔའ་བྱམས་པས་ཐོགས་པ་མི་མངའ་བའི་སྤྱོད་པས་བཙུན་མོའི་འཁོར་དུ་རྣམ་པར་རྩེ་བ་ལ་སོགས་པ་སྤྱོད་པས་འགྲོ་བ་སྨིན་པར་འགྱུར་ཞིང་བདག་ཉིད་ཀུན་དུ་འཆིང་བ་མི་འབྱུང་བ་ལྟར་ཐེག་པ་འདི་ལ་གནས་པ་རྣམས་ཀྱང་ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་ལ་སོགས་པ་སྨད་པ་རྣམ་པ་དུ་མ་སྤྱད་པས་ཚོགས་ཡོངས་སུ་རྫོགས་པར་འགྱུར་རོ། །འདི་ནི་ཐབས་ཀྱི་རྣམ་པར་འཕྲུལ་པ་རྨད་དུ་བྱུང་བ་ཉིད་དེ། སྐྱེ་བོ་གང་དག་ལྷག་པར་ཆགས་པ་དང་ལྡན་པ་དང༌། དེ་བཞིན་ལྷག་པར་ང་རྒྱལ་དང་ལྡན་པའི་བར་རྣམས་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཐེག་པ་ལ་སོགས་པ་ལ་སྦྱངས་པ་ཐར་པའི་སྐལ་བ་ཅན་མ་ཡིན་པ་རྣམས་ལ་འདོད་ཆགས་དང་བཅས་པའི་སྤྱོད་པ་ལ་སོགས་པ་བསྟན་པས་སེམས་ཡོངས་སུ་དགའ་བར་བྱས་ཏེ། རིམ་གྱིས་ཚོགས་ཡོངས་སུ་བསགས་ནས་སེམས་ཀྱི་རྒྱུད་གསེར་བསྲེགས་པ་ལྟར་གྱུར་པ་ན་འདོད་ཆགས་དང་བྲལ་བའི་སྤྱོད་པ་རྫོགས་པའི་རིམ་པ་ཀུན་ནས་སྤྲོས་པ་དང་བྲལ་བ་ཉིད་རྟོགས་པར་འགྱུར་ཏེ། དེ་བས་ན་ཐེག་པའི་མཆོག་འདི་ཉིད་སྐྱེ་བོ་མ་ལུས་པ་བཞོན་པར་བྱ་བ་དམ་པ་རྣམས་ཡིད་འཕྲོག་པའོ། །དེའི་ཕྱིར་ཟླ་གསང་ཐིག་ལེ་ལ་


DTG078_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་རྣལ་འབྱོར་གྱི་རྒྱུད་རྣམས་ལས། མི་བཟའ་བ་ནི་ཅུང་ཟད་མེད། །མི་བྱ་བ་ནི་ཅུང་ཟད་མེད། །ཐམས་ཅད་ཐབས་ཤེས་སེམས་ཀྱིས་ནི། །དོགས་མེད་གྱུར་པས་ལོངས་སྤྱོད་བྱ་།ཞེས་བྱ་བ་ལ་སོགས་བརྒྱ་ཆེར་གསུངས་པ་ནི་དོན་གྱི་དབང་རྣམ་པ་གཉིས་ལ་བརྟེན་པ་སྟེ། སྐྱེ་བོ་གང་དག་ཐེག་པ་གཞན་ལས་སྤངས་པ་རྣམས་ཆད་པ་སྟོང་པས་མེ་འབར་བའི་ཁྱིམ་ནས་འབྱུང་བ་ལྟར་དྲེགས་པ་དྲང་བ་ཙམ་གྱི་ཆེད་དུ་གསུངས་ལ། ཡང་གང་དག་ཡུལ་རིང་པོར་རྫོགས་པའི་རིམ་པ་བསྒོམས་པས་འདོད་ཆགས་ལ་སོགས་པས་མི་འཕྲོགས་པ་འདམ་གྱི་པདྨ་ལྟ་བུ་རྣམས་ཁོ་ན་ལ་བརྟེན་ཏེ་གསུངས་པའོ། །གཞན་དུ་འདོད་ཆགས་ལ་སོགས་པ་ཐ་མལ་བས་འཆིང་བར་མི་འགྱུར་ན། སྐྱེ་བོ་ཐམས་ཅད་ཐར་པའི་གནས་སུ་ཕྱིན་པར་འགྱུར་ལ། དམ་ཚིག་ལས་ཉམས་པ་ཡང་འགའ་ཡང་མི་འབྱུང་བར་འགྱུར་ཏེ། དེ་ཉིད་ཀྱིས་ངན་སོང་ཡང་རྣམ་པར་ཆད་པར་ཐར་བར་འགྱུར་རོ། །དེའི་ཕྱིར་གང་དག་སྟོང་པ་ཉིད་ལ་སེམས་མངོན་པར་དད་པ་དེ་དག་གིས་ཀྱང་འདོད་ཆགས་ལ་སོགས་པའི་འབྲས་བུ་ངེས་པར་ཉམས་སུ་མྱོང་བར་བྱ་དགོས་ཏེ། ལྷའི་རྣལ་འབྱོར་ཡང༌། ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བའི་བར་ཆད་བྱེད་པ་ན་འདོད་ཆགས་ལ་སོགས་པ་རྣམས་ལྟ་སྨོས་ཅི་དགོས། དེའི་ཕྱིར་རྡོ་རྗེའི་དཀྱིལ་འཁོར་གྱི་རྒྱན་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་རྣམ་པ་མང་པོར་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་བཞག་ནས་ཡང་གསུངས་པ། དངོས་མེད་ཉིད་ཀྱི་ཕྱོགས་ལ་ཡང༌། །ལས་ཀྱི་འབྲས་བུ་ལ་སོགས་པ། །རྨི་ལམ་བཞིན་དུ་ཉམས་མྱོང་བ། །འདི་ནི་མངོན་སུམ་དག་ཏུ་འབྱུང༌། །ཞེས་བྱ་བ་ལ་སོགས་པས་རྒྱ་ཆེན་དོན་དམ་པའི་བདེན་པ་མངོན་དུ་མ་གྱུར་གྱི་བར་དུ་ཀུན་རྫོབ་བདེན་པ་ལ་གུས་པས་གནས་པར་གསུངས་སོ། །འདི་ནི་ཀུན་རྫོབ་ཉིད་དུ་ཡང་མ་དག་པར་མེད་པར་སྨྲ་བ་འགའ་ཞིག་བྱུང་ན་ནི་མངོན་སུམ་དུ་རིགས་པ་སྦྱིན་ཞིང་བདེན་པ་གཉིས་ལ་གནས་པའི། ཐེག་པ་རབ་ཀྱི་མཆོག་འདི་ནི། །ཚུལ་ལ་གནས་ན་ཐོབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་རྒྱུད་རྣམས་ཚིག་མེད་པར་འགྱུར་ཏེ། དེའི་ཚེ་དོན་དམ་པའི་བདེན་པ་ཁོ་ན་ལ་གནས་པའི་ཕྱིར་རོ། །གཞན་ཡང་


DTG078_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་དུག་སྔགས་ཀྱིས་རིམས་མི་འཕེལ་བ་ཞེས་བྱ་བ་ཐོས་པ་ཙམ་དང༌། གཟུང་བ་དང་དེ་ཤེས་པ་ལ་དུག་མི་གནོད་པར་ཤེས་པ་ཙམ་གྱིས་ནི་དུག་ཆེན་པོ་རྣམས་ཞི་བར་ནུས་པ་མ་ཡིན་གྱི་ཡོངས་སུ་བསྒྲུབས་པའི་སྐྱེས་བུས་ཞི་བར་བྱེད་དོ། །དེ་བཞིན་དུ་དེ་ཁོ་ནའི་རྣམ་པར་དག་པ་ཐོས་པ་དང༌། དེར་འགྱུར་བའི་ལམ་སྟོན་པ་གཟུང་བ་དང༌། རྣམ་པར་དག་པ་དང་ལྡན་པ་རྣམས་འཆིང་བར་མི་འགྱུར། ཤེས་པ་ཙམ་གྱིས་འདོད་ཆགས་ལ་སོགས་པས་མི་གནོད་པར་འགྱུར་བ་ནི་མ་ཡིན་ནོ་ཞེས་བྱ་བའོ། །ཤིན་ཏུ་སྤྲོས་པས་ཆོག་གོ །རང་གི་བརྗོད་པར་བྱ་བ་ངེས་པར་གཟུང་སྟེ། རྣལ་འབྱོར་སྤྱོད་པ་དང༌། དབུ་མ་པའི་དབྱེ་བས་ཟབ་པ་ཙམ་དང་ལྡན་པའི་ཐེག་པ་ནི་རྣམ་པ་གཉིས་ཡིན་ལ། རྣལ་འབྱོར་སྤྱོད་པ་རྣམས་ཀྱང༌། ཤེས་པ་རྣམ་པ་དང་བཅས་པ་དང༌། རྣམ་པ་མེད་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དེ་བཞིན་དུ་དབུ་མ་པ་ཡང་ཀུན་རྫོབ་ཤེས་པའི་རྣམ་པར་སྨྲ་བ་དང༌། དེ་བག་ཆགས་སུ་སྨྲ་བའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །ད་ནི་དེ་དག་གི་འདོད་པའི་རང་བཞིན་བརྗོད་དེ། ཤེས་པ་རྣམ་པ་དང་བཅས་པ་རྣམས་ནི་སེམས་རང་རིག་པ་སྐད་ཅིག་མའི་བདག་ཉིད་མི་རྟག་པ་རྒྱུན་མ་ཆད་པར་འབྱུང་བ་འདི་ཉིད་ཀྱི་ཕྱི་རོལ་ལྟ་བུར་རྣམ་པར་གནས་པའི་དོན་ཉམས་སུ་མྱོང་བ་ཡིན་གྱིས་འདི་ན་བདག་དང་སྐྱེས་བུ་ལ་སོགས་པའི་འཛིན་པ་པོ་གཞན་ནི་འགའ་ཡང་མེད་ལ། ཕྱི་རོལ་ན་དུམ་བུར་གྱུར་པ་ལྟར་གནས་པའི་དོན་རྣམས་ནི་རང་གི་རྣམ་པར་ཤེས་པ་ཉིད་ཀྱི་རྣམ་པ་དེ་ལྟར་ནམ་མཁའ་ལ་བརྟེན་ནས་སྣང་བ་འབྱུང་གི །གཞན་དབང་ཕྱུག་གིས་ཕྱུང་བ་ལ་སོགས་པའི་དོན་གཟུང་བར་བྱ་བ་ནི་འགའ་ཡང་མེད་པའོ། །ཐམས་ཅད་རང་གི་རྣམ་པར་ཤེས་པའི་བདག་ཉིད་ཁོ་ན་བས་གང་ལ་ཡང་རྗེས་སུ་མ་ཆགས་པ་དང་ཁོང་ཁྲོ་བ་ལ་སོགས་པའི་སྐབས་མི་འབྱེད་པར་ཚོགས་ཡོངས་སུ་རྫོགས་པར་བྱས་ནས། སེམས་དེ་ཉིད་རྣམ་པར་དག་པའི་ཡེ་ཤེས་ཐ་མལ་པའི་མངོན་པར་ཞེན་པ་དང་བྲལ་བའི་བདག་ཉིད་སྐད་ཅིག་མ་རྗེས་སུ་འབྲེལ་པར་འབྱུང་བར་གནས་གྱུར་པ་ནི་འབྲས་བུ་སངས་རྒྱས་ཞེས་རྟོག་པའོ། །ཤེས་པ་


DTG078_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་མེད་པར་སྨྲ་བ་རྣམས་ནི་སེམས་རང་རིག་པ་རྒྱུན་འབྲེལ་པར་འཇུག་པ་སྐད་ཅིག་མའི་བདག་ཉིད་རྣམ་པ་དང་བྲལ་བ་འགའ་ཡང་རིག་པར་མི་བྱེད་པ་དེ་དག་གཅིག་དང་ཐ་དད་ལས་གྲོལ་བའི་བག་ཆགས་རྣམས་རབ་ཏུ་དག་ཅིང༌། རྣམ་པ་ཐམས་ཅད་དང་བྲལ་བ་རང་རིག་པའི་བདག་ཉིད་ཀྱི་བེམས་པོ་མ་ཡིན་པའི་ཡེ་ཤེས་སུ་གནས་ཡོངས་སུ་གྱུར་པ་འདི་ནི་འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་རྣམ་པར་དཔྱོད་པར་བྱེད་དོ། །དབུ་མ་པ་ཀུན་རྫོབ་ཤེས་པའི་རྣམ་པར་སྨྲ་བ་རྣམས་ནི་དོན་དམ་པའི་རིགས་པའི་ཚོགས་ཀྱིས་སེམས་དང་ཡེ་ཤེས་དག་ཡོད་པ་མ་ཡིན་པར་སྨྲ་ལ། ཀུན་རྫོབ་ཏུ་འདི་ལྟར་རྣམ་པར་གཞག་པ་ཐམས་ཅད་སེམས་དང་ཡིད་ཀྱི་རྣམ་པ་ཡུལ་དུ་གནས་པ་ཁོ་ནར་རྟོག་གོ །དེ་བཞིན་དུ་ཀུན་རྫོབ་བག་ཆགས་སུ་སྨྲ་བ་རྣམས་ཀྱི་འདོད་པ་ནི་དོན་དམ་པའི་བདེན་པ་སྔ་མ་ལྟ་བུ་ལས་ཀུན་རྫོབ་ཏུ་རྣམ་པར་གཞག་པ་རྣམས་ནི་བག་ཆགས་རྣམས་ཁོ་ན་ཡིན་གྱི། སེམས་ནི་རྣམ་པ་དང༌། འགྲོ་བའི་བདག་ཉིད་དུ་སྣང་བ་མ་ཡིན་ནོ་ཞེས་པར་རོ། །འདི་གཉིས་རྟེན་ཅིང་འབྲེལ་པར་འབྱུང་བའི་བདག་ཉིད་འདོད་པ་དང༌། སེམས་དང་རང་རིག་པ་འགོག །རིགས་པ་བསྒྲུབ་པ་ནི་མཐུན་ནོ། །ཁ་ཅིག་ན་རེ་འདི་གཉིས་ཀྱིས་ལྟ་བ་གཞན་སེལ་བ་ན་རིམ་པ་བཞིན་དུ། ཡོད་དང་མེད་དང་ཡོད་མེད་དང༌། །ཡོད་མེད་གཉི་ག་མིན་པ་སྟེ། །ཞེས་པ་དང༌། རྟག་དང་མི་རྟག་རྟག་མི་རྟག །རྟག་དང་མི་རྟག་གཉི་ག་མིན། །ཞེས་པས་གོ་རིམས་བཞིན་དུ་མུ་བཞི་རྣམ་པར་རྟོག་པ་མི་འདྲའོ་ཞེས་ཟེར་རོ། །ཟབ་ཅིང་རྒྱ་ཆེ་བ་དང་ལྡན་པའི་ཐེག་པ་ནི་བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོ་དང༌། རྣལ་འབྱོར་བླ་ན་མེད་པ་ཞེས་བྱ་བས་རྣམ་པ་ལྔར་འགྱུར་རོ། །འདིར་འདི་དག་གི་རང་གི་ངོ་བོ་ནི་རྣམ་པར་གསལ་བར་བླ་མ་རྣམས་ཁོ་ན་ལས་ཤེས་པར་ནུས་ཀྱི། གཞུང་གི་ཚིག་རྣམ་པར་སྦྱར་བས་མ་ཡིན་པ་དང༌། རགས་པ་རྣམས་ནི་དེ་ཁོ་ན་ལ་འཇུག་པ་ལ་སོགས་པའི་གཞུང་རྣམས་སུ་ཡང་རྣམ་པར་གཏན་ལ་ཕབ་བས། འདིར་བདག་གིས་གསལ་བར་དབྱེ་བར་མི་བྱ་བར་གཞག་གོ །འདི་ནི་


DTG078_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཅིང་རྒྱ་ཆེ་བའི་ཐེག་པའི་རྣམ་པར་གཞག་བའོ། །གལ་ཏེ་ཐེག་པ་གསུམ་ཁོ་ན་ཡིན་ན་ཐེག་པ་གཅིག་ཏུ་རྣམ་པར་བཤད་པ་དེ་ཇི་ལྟར་འགྱུར། འདི་ནི་ངེས་པ་མེད་དེ་འབྲས་བུ་ལ་དང༌། རྒྱུ་ལ་བརྟེན་པའི་ཕྱིར་ཏེ། ཐེག་པ་ཐམས་ཅད་ངེས་པར་ཉེ་བ་དང་རིང་བ་རྫོགས་པའི་སངས་རྒྱས་སུ་འགྱུར་བས་འབྲས་བུ་ལ་བརྟེན་པ་བཤད་པ་སྟེ། དེ་བས་ན་མཚན་ཡང་དག་པར་བརྗོད་པ་ལས། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པ་ཉིད་ཐེག་པ་ཐམས་ཅད་འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བར་དགོངས་ལ། བཅོམ་ལྡན་འདས་འཇམ་དཔལ་ཡང་གདུལ་བྱའི་དབང་ལས་ཐེག་པ་གསུམ་ཆར་ལ་ཞོན་ཅིང༌། ཆོས་ཀྱི་སྐུ་ལས་ཀྱང་མ་གཡོས་བའོ་ཞེས་བསྟོད་པ་བརྗོད་པའོ། །རྒྱུ་ལས་ཀྱང་ཐེག་པ་ཐམས་ཅད་ནི་བདག་དང་གཞན་ལ་སྤོང་ཞིང༌། འབྲས་བུ་སངས་རྒྱས་ཉིད་སྐྱེད་པ་དང༌། ཆོས་ཀྱི་དབྱིངས་ལ་ཐ་དད་པ་མེད་པ་ན་སྟེ། དོན་འདི་ལ་དགོངས་ནས། ཐེག་པ་གཅིག་ཅིང་ཚུལ་ཡང་གཅིག་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །གལ་ཏེ་འགའ་ཞིག་ཐེག་པ་བསམ་གྱིས་མི་ཁྱབ་པར་བསྒྲུབ་པ་བཅོམ་ལྡན་འདས་ཀྱི་བཀའ་ལང་ཀར་གཤེགས་པ་ལ་སོགས་པའི་མདོ་ལས་ཤེས་སོ་ཞེ་ན། འདིར། ཇི་སྲིད་སེམས་ནི་འཇུག་གི་བར། །ཐེག་པ་དག་ལ་ཐུག་བ་མེད་ཅིང་བྱ་བ་འདི་ནི་ཐེག་པ་གསུམ་རྣམ་པར་གཞག་པ་ཞོན་པའི་ཐེག་པ་པ་རྣམས་ཉིད་ཁ་ཅིག་རྟེན་ཅིང་འབྲེལ་པར་འབྱུང་བ་མངོན་དུ་བྱེད་པ་དང༌། ལ་ལ་མི་སྡུག་པ་སྒོམ་པ་དང༌། ལ་ལ་ཟད་པར་གྱི་སྐྱེ་མཆེད་སྒོམ་པའི་བར་གྱིས་ཞུགས་པ་བསམ་གྱིས་མི་ཁྱབ་པ་ལ་གཟིགས་པ་ཡིན་གྱི་རྣམ་པར་གཞག་པ་གསུམ་གྱིས་བསྡུས་པའི་ཐེག་པ་གཞན་ནི་མི་འབྱུང་སྟེ། དེ་དག་ལས་གཞན་པའི་ལྟ་བ་ནི་ངེས་པར་ཕྱི་རོལ་མུ་སྟེགས་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཐེག་པ་གསུམ་རྣམས་གསལ་བཀོད་པས། །འགྲོ་རྣམས་གུས་བཅས་ཐེག་གསུམ་མྱུར་ཞོན་ནས། །སྲིད་མཚོ་ལས་རྒལ་བདེ་བ་ཆེན་པོའི་བདག །སྟུག་པོ་བཀོད་པ་ཉིད་དུ་འགྱུར་བར་ཤོག །ཐེག་པ་གསུམ་རྣམ་པར་གཞག་པ་ཞེས་བྱ་བ་སློབ་དཔོན་


DTG078_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།

རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དོན་ལ་འཇུག་པ་བསྡུས་པ་ཞེས་བྱ་བ།


DTG078_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཡོ་ག་ཨ་ནུཏྟ་ར་ཡ་ཏནྟྲཱརྠ་ཨ་བ་ཏཱ་ར་སཾ་གྲ་ཧ་ནཱ་མ། བོད་སྐད་དུ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དོན་ལ་འཇུག་པ་བསྡུས་པ་ཞེས་བྱ་བ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ཞིག་ཐུགས་རྗེ་འགྲོ་བ་ཀུན་ལ་མཁའ་ལྟར་ཁྱབ། །བྱིན་རླབས་ཐེག་པ་ལ་སོགས་གསུང་གི་འོད་ཟེར་གྱིས། །མངོན་པར་མཐོ་དང་ངེས་པར་ལེགས་པ་སྒྲུབ་པའི་ཐབས། །སྟོན་མཛད་རྒྱུད་དང་མདོ་སྡེ་བཅས་པའི་ཚོགས་ལ་འདུད། །བདེ་གཤེགས་ཡོན་ཏན་ཀུན་གྱི་འབྱུང་གནས་ཀྱིས། །ཐོག་མར་ཐུགས་བསྐྱེད་བར་དུ་ཚོགས་གཉིས་བསགས། །ཐ་མར་ཆོས་སྐུ་བརྙེས་ནས་གཞན་དོན་ནི། །སྐྱེ་མེད་ངང་ལས་གཟུགས་ཀྱི་སྐུར་བསྟན་ཏེ། །འོག་མིན་གནས་སུ་ལོངས་སྤྱོད་རྫོགས་སྐུ་དང༌། །སྤྲུལ་པའི་སྐུ་ཡིས་འཛམ་བུའི་གླིང་ལ་སོགས། །གདུལ་བྱ་སྐལ་མོས་དབང་པོ་ཐ་དད་ལ། །དགོངས་ནས་རྣམ་ཐར་བསམ་གྱིས་མི་ཁྱབ་གསུངས། །དེ་ལ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བཀའ་སྩལ་པ་དེ་དག་ཀྱང་འབྲས་བུའི་ཚུལ་གྱིས་ཐེག་པ་གཅིག་ཏུ་འདུས་ཏེ། ཐེག་པ་ཆེན་པོའོ། །དེ་ཡང་མཚན་ཡང་དག་པར་བརྗོད་པ་ལས། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པ་དང༌། སློབ་དཔོན་ཕྱོགས་ཀྱི་གླང་པོས་ཀྱང༌། འདི་ནི་མྱ་ངན་འདས་འགྲོ་ལམ་གཅིག་པུ། །བདེ་གཤེགས་ཉི་མའི་གསུང་འོད་སྣང་བ་ཅན། །བདག་མེད་རང་བཞིན་འཕགས་པ་སྟོང་ཕྲག་འཇུག་རྣམ་པར་རྒྱས་པ་བློ་དམན་གྱིས་མི་མཐོང༌། །ཞེས་གསུངས་པ་ཡིན་ནོ། །དེ་དག་ཀྱང་སྤྱིར་དུས་དེ་རེ་ཞིག་པའི་དབང་དུ་བྱས་ན། ཐེག་པ་ནི་གཉིས་སུ་གཞག་སྟེ། མངོན་པར་མཐོ་བའི་ཐེག་པ་འཇིག་རྟེན་པ་དང༌། ངེས་པར་ལེགས་པའི་ཐེག་པ་འཇིག་རྟེན་ལས་འདས་པའོ། །དེ་ཡང༌།


DTG078_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དང་མི་ཡི་ཐེག་པ་ནི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ཐེག་པ་ལ་ཡང་རྣམ་པ་གསུམ་སྟེ། ཉན་ཐོས་ཀྱི་ཐེག་པ་དང༌། རང་རྒྱལ་བའི་ཐེག་པ་དང༌། བྱང་ཆུབ་སེམས་དཔའི་ཐེག་པའོ། །དེ་ཡང་ལང་ཀར་གཤེགས་པའི་མདོ་ལས། བྱིས་པ་རྣམས་ནི་དྲང་བའི་ཕྱིར། །ཐེག་པ་ཐ་དད་ངས་བཤད་དོ། །ཞེས་གསུངས་སོ། །ཐེག་པ་དེ་དག་གི་དོན་མདོར་བསྡུ་ན་རྣམ་པ་གསུམ་དུ་འགྱུར་ཏེ། ཡུལ་དང༌། དུས་དང༌། འབྲས་བུར་གཞག་པ་ཡིན་ནོ། །དེ་ཡང་འདི་སྐད་དུ། མངོན་པར་རྟོགས་པའི་རྒྱན་ལས། ཡུལ་གྱི་རྒྱུ་ནི་གསུམ་དག་དང༌། །སྦྱོར་བ་བཞི་ཡི་བདག་ཉིད་དང༌། །ཆོས་སྐུ་ཕྲིན་ལས་འབྲས་བུ་ནི། །མདོར་བསྡུས་གཞན་དེ་རྣམ་པ་གསུམ། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་ཉན་ཐོས་དང་རང་རྒྱལ་བའི་འཇུག་པ་ནི་ཡེ་ཤེས་ལ་འཇུག་པ་ལ་སོགས་པ་མངོན་པ་སྡེ་བདུན་དང༌། བྱེ་བྲག་ཏུ་བཤད་པ་ཆེན་པོ་ལ་སོགས་པ་གཞན་དུ་གྲགས་པར་ཟད་དོ། །དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་འགྱུར་བས་ཐེག་པ་ཆེན་པོའི་དོན་ནི་མཆོག་ཏུ་བླང་བར་བྱ་བ་ཡིན་ཏེ། སྨོན་ལམ་ལ་སོགས་པས་བླ་ན་མེད་པའི་བདེ་བར་གཤེགས་པའི་གོ་འཕང་ཐོབ་པར་འགྱུར་བ་ནི་ཐེག་པ་ཆེན་པོའི་དོན་ཡིན་པའི་ཕྱིར་རོ། །དེ་ཡང་ཇི་སྐད་དུ་ཚུལ་གསུམ་གྱི་སྒྲོན་མ་ལས། སྨོན་པ་དང་ནི་འཇུག་པ་དང༌། །དེ་བཞིན་ཟབ་དང་རྒྱ་ཆེ་ཉིད། །མི་ལྡོག་འབྲས་བུ་ཐོབ་པས་ཀྱང། །ཐེག་པ་ཆེན་པོ་ཁྱད་པར་འཕགས། །ཞེས་གསུངས་པ་དང༌། ཐེག་པ་ཆེན་པོ་ཉི་ཤུ་པ་ལས་ཀྱང༌། རྟོག་པའི་ཆུ་བོས་གང་བ་ཡི། །འཁོར་བའི་རྒྱ་མཚོ་ཆེན་པོར་ནི། །ཐེག་ཆེན་གྲུ་ལ་མ་ཞུགས་པར། །སུ་ཞིག་ཕ་རོལ་འགྲོ་བར་འགྱུར། །ཞེས་གསུངས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་རྣམ་པ་གཉིས་ཏེ། ས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། གསང་སྔགས་འབྲས་བུ་རྡོ་རྗེའི་ཐེག་པའོ། །དེ་ལ་ས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནི་མདོ་སྡེའི་དོན་བསྡུས་པ་མངོན་པར་རྟོགས་པའི་རྒྱན་ལ་སོགས་པས་དོན་གྱི་འགྲེལ་པ་རྒྱས་


DTG078_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུངས་པ་ཡིན་ནོ། །དེ་ཡང་ཇི་སྐད་དུ། མངོན་པར་རྟོགས་པའི་རྒྱན་ལས། རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་པ་ཀུན་རྫོགས་རྟོགས་པ་དང༌། །རྩེ་མོར་ཕྱིན་དང་མཐར་གྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ།། ཆོས་ཀྱི་སྐུ་དང་དེ་རྣམས་བརྒྱད། །ཅེས་གསུངས་པ་ཡིན་ནོ། །དེ་ལ་གསང་སྔགས་འབྲས་བུ་རྡོ་རྗེ་ཐེག་པ་ནི་དེ་ཁོ་ན་ཉིད་དུ་སྨྲ་ཞིང་དབང་པོ་རྣོན་པོའི་དོན་དུ་གསུངས་པས་ནས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། དེ་ཁོ་ནའི་དོན་ཕྱིན་ཅི་མ་ལོག་པའི་དཀའ་བ་མེད་པར་མྱུར་དུ་བསྒྲུབ་པའི་ཕྱིར་རོ། །དེ་ཡང་སྒྱུ་འཕྲུལ་དྲ་བ་ལས། རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་དག །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་མཆོག་བཟང་འདི་བརྙེས་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །ཞེས་གསུངས་པ་དང༌། གཞན་ཡང་ཚུལ་གསུམ་གྱི་སྒྲོན་མ་ལས། དོན་གཅིག་ན་ཡང་མ་རྨོངས་པ་དང༌། །ཐབས་དང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དོན་གྱི་ཕྱིར། །སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། །ཞེས་གསུངས་པ་ཡིན་ནོ། །གསང་སྔགས་འབྲས་བུ་རྡོ་རྗེ་ཐེག་པ་ལ་ནི་འཇུག་པའི་སྒོ་རྣམ་པ་བཞི་སྟེ། བྱ་བའི་རྒྱུད་དང༌། སྤྱོད་པའི་རྒྱུད་དང༌། རྣལ་འབྱོར་ཆེན་པོའི་རྒྱུད་ཅེས་སྤྱིར་གྲགས་པ་ཡིན་ནོ། །དེ་དག་ཀྱང་གསང་ཞིང་སྦས་པས་འགྲུབ་ལ་སྣོད་མ་ཡིན་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས་ན་གསང་བའོ། །དེ་ནི་སྔགས་ཀྱི་ཐེག་པ་ཞེས་ཀྱང་བྱ་སྟེ། སྔགས་དང་ཕྱག་རྒྱའི་སྒོ་ནས་དངོས་གྲུབ་རྣམས་སྒྲུབ་པའི་ཕྱིར་དང༌། དེས་ཡིད་སྐྱོབ་པར་བྱེད་ཅིང་འཁོར་བའི་སྡུག་བསྔལ་དཀའ་བ་མེད་པར་མྱུར་དུ་སྒྲོལ་བའི་ཕྱིར་དང༌། ཉན་ཐོས་ལ་སོགས་པ་བློ་དམན་པ་རྣམས་སྐྲག་པར་བྱེད་པའི་ཕྱིར་དང༌། སངས་རྒྱས་དང་བྱང་ཆུབ་སེམས་པ་དཔའ་རྣམས་ཀྱིས་བསྟོད་ཅིང་བཀུར་ལ་བསྔགས་པའི་ཕྱིར་དང༌། དེ་ཁོ་ན་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་ལ་སོགས་པའི་ཕྱིར་


DTG078_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སོ། །དེ་ནི་སྐུ་དང་ལོངས་སྤྱོད་དང་གནས་དང་མཛད་པ་ཡོངས་སུ་དག་པའི་ཚུལ་གྱིས་འཇུག་པས་ན་འབྲས་བུ་སྟེ། ལམ་ཐམས་ཅད་ཀྱི་འབྲས་བུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་འཚེ་བ་མེད་ཅིང་ཡང་དག་པའི་དོན་ཐོགས་པ་མེད་པར་ཐོབ་པར་བྱེད་པས་ན་རྡོ་རྗེའོ། །དེ་ནི་ཐེག་པ་ཡང་ཡིན་ཏེ། ལམ་དེས་དཀའ་བ་མེད་པར་མྱུར་དུ་ཡིད་ལ་བྱེད་པའི་ཕྱིར་རོ། །དེ་ཡང་ཇི་སྐད་དུ། གསང་བས་གྲུབ་ཕྱིར་གསང་སྔགས་ཏེ། །རྡོ་རྗེ་ཐེག་པ་འབྲས་བུ་ཆེ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་གསང་སྔགས་ཀྱི་ཐེག་པའི་སྡེ་སྣོད་ནི་ཐེག་པ་གསུམ་དུ་མ་གཏོགས་པར་འདོད་དེ། དེ་ནི་རིག་འཛིན་གྱི་སྡེ་སྣོད་ཅེས་བྱ་བར་གྲགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་གཞན་ཡིན་ནོ། །དེ་ཡང་ཇི་སྐད་དུ། ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་ཡོངས་སུ་གཟུང་བར་བྱ། །ཞེས་གསུངས་པ་ཡིན་ནོ། །ཡང་ན་སྡེ་སྣོད་གསུམ་དུ་འདུས་པར་ཡང་འཆད་དེ། གསུང་རབ་ཡན་ལག་དགུ་ནི་ཐེག་པ་ཆེན་པོའི་སྡེ་སྣོད་ཡིན་ལ། གསང་སྔགས་ཀྱི་ཐེག་པའི་སྡེ་སྣོད་ཀྱང་གསུང་རབ་ཡན་ལག་དགུར་འདུས་ཤིང༌། བསླབ་པ་རྣམ་པ་གསུམ་སྟོན་པའི་ཕྱིར་སྡེ་སྣོད་གསུམ་དུ་གཞག་པའོ། །དེ་ཡང་ཇི་སྐད་དུ་བཞི་བརྒྱ་ལྔ་བཅུ་པ་ལས། གདུལ་བྱས་བསྐྱོད་པ་སྣ་ཚོགས་མཆོག །དམ་ཆོས་གསུང་རབ་ཡན་ལག་དགུ་།ཞེས་གསུངས་པ་ཡིན་ནོ། །དེ་ལ་བྱ་བའི་རྒྱུད་ནི་རིག་པ་མཆོག་དང་རབ་ཏུ་གྲུབ་པའི་རྒྱུད་ལ་སོགས་པ་སྟེ། རྒྱས་པར་ནི་དབྱེ་བ་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །དེའི་གདུལ་བྱ་ཟབ་མོའི་དོན་ལ་འཇིགས་པར་ལྟ་ཞིང་ཤིན་ཏུ་གཙང་སྦྲ་བྱེད་ལ། ཡེ་ཤེས་སེམས་དཔའི་བདེ་བ་སྤངས་ཤིང༌། ལྷའི་སྙེམས་པ་མེད་པ་རྨད་དུ་བྱུང་བའི་ཡུལ་ལ་སྐྱོན་གྱི་རྒྱུའི་རྟོག་པའི་རབ་ཏུ་རྟོག་པའི་སྤྱོད་པས་སྒྲུབ་པར་བྱེད་པའི་དོན་གསུངས་པ་ཡིན་ནོ། །དེ་ལ་སྤྱོད་པའི་རྒྱུད་ལ་ནི་མངོན་པར་བྱང་ཆུབ་པ་ལ་སོགས་པ་སྟེ། མདོར་བསྡུ་ན་སྟོང་ཕྲག་བརྒྱད་ཡིན་ལ། རྒྱས་པར་ནི་དབྱེ་བ་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །གང་དག་ལས་ཀྱི་བྱ་བ་སྣ་ཚོགས་རྒྱ་ཆེན་པོ་ཕྱག་རྒྱ་དམིགས་པའི་མཚན་ཉིད་ལ་སོགས་པ་དང༌། རྣལ་འབྱོར་གཉིས་ཀས་དངོས་གྲུབ་ཀྱི་དོན་ལ་སྒྲུབ་པར་བྱེད་


DTG078_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་དུ་གསུངས་པ་ཡིན་ནོ། །དེ་ལ་རྣལ་འབྱོར་གྱི་རྒྱུད་ནི་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་གསུངས་ཏེ། མདོར་བསྡུས་ན་སྟོང་ཕྲག་དྲུག་པ་ཡིན་ལ། རྒྱས་པར་ནི་དབྱེ་བ་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །གང་དག་ལྷའི་དཀྱིལ་འཁོར་གྱི་འཁོར་ལོ་དགོད་པ་དང༌། དེ་ལས་བྱུང་བའི་ལས་སྒྲུབ་པ་དེ་ཁོ་ན་ཉིད་རྣམ་པ་བཅུ་རབ་ཏུ་དཔྱད་པས་དེ་རྣལ་འབྱོར་དང་ཕྱིའི་བྱ་བས་ཀྱང་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་བསྒྱུར་བས་དངོས་གྲུབ་ཐམས་ཅད་ཐོབ་པར་འདོད་པའི་དོན་དུ་གསུངས་པ་ཡིན་ནོ། །རྣལ་འབྱོར་ཆེན་པོའི་རྒྱུད་ནི་གདུལ་བྱ་དབང་པོ་མཆོག་དང༌། རྣལ་འབྱོར་གཙོ་བོར་བྱེད་པའི་དོན་གསུངས་པ་ཡིན་ཏེ། མདོར་བསྡུ་ན་སྟོང་ཕྲག་བཅུ་གཉིས་ཡིན་ལ། རྒྱས་པར་ནི་དབྱེ་བ་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །དེ་ལ་རྣལ་འབྱོར་ཆེན་པོའི་རྒྱུད་ནི་རྣམ་པ་གཉིས་ཏེ། རང་བཞིན་གྱིས་རྒྱུད་དང་བརྟག་པའི་རྒྱུད་དོ། །དེ་ལ་རང་བཞིན་གྱི་རྒྱུད་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། རྒྱུའི་རྒྱུད་དང༌། འབྲས་བུའི་རྒྱུད་དང༌། ཐབས་ཀྱི་རྒྱུད་དོ། །དེ་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཅེས་བྱ་བར་གྲགས། །དེ་ནི་རྣམ་པ་གསུམ་དུ་འགྱུར། །གཞི་དང་དེ་བཞིན་རང་བཞིན་དང༌། །མི་འཕྲོགས་པ་ཡི་རབ་ཕྱེ་བ། །གཞི་དང་རང་བཞིན་རྒྱུ་ཡིན་ཏེ། །དེ་བཞིན་མི་འཕྲོགས་འབྲས་བུའོ། །གཞི་ནི་ཐབས་ཞེས་བྱ་བ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས་པ་ཡིན་ནོ། །བཏགས་པའི་རྒྱུད་ཀྱང་རྣམ་པ་གཉིས་ཏེ། རྣལ་འབྱོར་ཐབས་ཀྱི་རྒྱུད་དང༌། རྣལ་འབྱོར་ཤེས་རབ་ཀྱི་རྒྱུད་དོ། །དེ་དག་ཀྱང་རྣམ་པ་གཉིས་སུ་འདོད་དེ། རྣལ་འབྱོར་མཆོག་གི་རྒྱུད་དང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཅེས་བྱ་སྟེ། རིག་པའི་རྒྱུད་དང༌། རྩ་བའི་རྒྱུད་ཅེས་བཏགས་པ་ཡིན་ནོ། །དེ་ལ་ཐབས་དང་ཤེས་རབ་ཀྱི་རྒྱུད་ཀྱི་དབྱེ་བ་ནི། དེ་ཁོ་ན་ཉིད་སྟོན་པ་དང༌། གདུལ་བྱ་དང༌། རྣམ་དག་དང༌། ཐུན་མོང་དུ་མངོན་པར་གྲགས་པ་ལ་སོགས་པས་ཐ་དད་པར་གཞག་པར་བྱའོ། །དེ་ཡང་རྒྱ་ཆེ་བའི་དེ་ཁོ་ན་ཉིད་གང་དུ་གཙོ་བོར་སྟོན་པའི་རྒྱུད་ནི་ཐབས་ཀྱི་རྒྱུད་དོ། །གང་དུ་ཟབ་པ་ཉིད་གཙོ་བོར་བྱས་ཏེ་སྟོན་པ་ནི། ཤེས་རབ་ཀྱི་རྒྱུད་དོ། །གང་དུ་སྐྱེས་པ་དང༌། རང་གི་སྡེ་པ་


DTG078_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བའི་ཕྱིར་ལྷ་ཕོའི་རྣམ་པ་མང་བར་སྟོན་པའི་དཀྱིལ་འཁོར་ནི་ཐབས་ཀྱི་རྒྱུད་དོ། །གང་དུ་བུད་མད་དང༌། ཕྱི་རོལ་མུ་སྟེགས་ཅན་འདུལ་བའི་ཕྱིར་དེ་དག་དང་རྗེས་སུ་མཐུན་པའི་ལྷ་མོའི་རྣམ་པ་མང་བའི་དཀྱིལ་འཁོར་སྟོན་པ་ནི་ཤེས་རབ་ཀྱི་རྒྱུད་དོ། །གང་དུ་ཕྱི་ནང་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རྣམ་པར་དག་པའི་ལྷ་སྟོན་པ་ནི་ཐབས་ཀྱི་རྒྱུད་དོ། །གང་དུ་ཕྱི་ནང་གི་རྩ་དང༌། བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའི་ལྷ་སྟོན་པ་ནི་ཤེས་རབ་ཀྱི་རྒྱུད་དོ། །གང་དུ་འཇིག་རྟེན་དང་རྗེས་སུ་མཐུན་པའི་ལྷའི་རྣམ་པ་སྟོན་པ་ནི་ཐབས་ཀྱི་རྒྱུད་དོ། །གང་དུ་འཇིག་རྟེན་དང་འགལ་བའི་ལྷའི་རྣམ་པ་སྟོན་པ་ནི་ཤེས་རབ་ཀྱི་རྒྱུད་ཅེས་བྱ་བ་ལ་སོགས་པ་བཏགས་པ་ཡིན་ནོ། །དེ་ཡང༌། ཤེས་རབ་ཀྱི་ནི་དབྱེ་བ་ཡིས། །རྣལ་འབྱོར་པ་ནི་གཉིས་སུ་འདོད། །ཅེས་གསུངས་པ་ཡིན་ནོ། །དེ་ལ་ཐབས་དང་ཤེས་རབ་ཀྱི་རྒྱུད་དེ་དག་གི་དོན་མདོར་བསྡུ་ན་སྔ་མ་བཞིན་དུ་རྣམ་པ་གསུམ་ཡིན་ཏེ། ཡུལ་དང༌། འབྲས་བུ་དང༌། རྒྱུའི་རྣམ་པས་སོ། །དེ་ལ་གང་དག་དེ་ཁོ་ན་ཉིད་ཀྱི་དོན་མཐོང་བར་འདོད་པ་རྣམས་ཀྱིས་རྟོགས་ཤིང་ཁོང་དུ་ཆུད་པར་བྱ་བའི་ཡུལ་ནི་མདོར་བསྡུ་ན་རྣམ་པ་གཉིས་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པའོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་ལ་ཡང་རྣམ་པ་གཉིས་ཏེ། ཡང་དག་པ་དང་ཡང་དག་པ་མ་ཡིན་པའོ། །དེ་ཡང་ཡང་དག་པའི་ཀུན་རྫོབ་ནི་སེམས་ཀྱི་རང་བཞིན་འོད་གསལ་བ་སྟེ། རྣམ་གྲངས་ཀྱི་དོན་དམ་པར་འདོད་པ་ཡིན་ནོ། །དེ་ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། སེམས་ནི་ནམ་མཁའ་མཚན་ཉིད་ཅན། །རྣམ་པ་མེད་པའི་ངོ་བོར་ཁྱབ། །འགྲོ་དང་འོང་བ་དང་བྲལ་བའོ། །ཞེས་གསུངས་པ་ཡིན་ནོ། །ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ནི་དེ་ལས་བཟློག་པའི་ཆོས་ཐམས་ཅད་ཡིན་ནོ། །དེ་དག་གི་མཚན་ཉིད་ཐུན་མོང་དུ་བསྟན་པ་ནི། རླུང་གི་དབང་གིས་སྣ་ཚོགས་སྣང་ཞིང་ཉམས་སུ་མྱོང་བར་བྱེད་པ་ཡིན་ནོ། །དེ་ཡང་དགོངས་པ་ལུང་བསྟན་པ་ལས། ཇི་སྲིད་འཇིག་རྟེན་གྱིས་བརྟགས་དང༌། །དེ་བཞིན་བརྟགས་པ་སྣ་ཚོགས་རྣམས། །རྣམ་རྟོག་བྱང་ཆུབ་སེམས་ཞེས་པའི། །རླུང་ལྟར་རྟག་


DTG078_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འབྱུང་བ་ཡིན། །བདེ་སྡུག་ལ་སོགས་ཆོས་རྣམས་ཀྱི། །ས་བོན་ལྟ་བུར་བཤད་པ་ཡིན། །ཞེས་གསུངས་པ་དང༌། གཞན་ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། རིགས་ཀྱི་བུ་ཀུན་རྫོབ་ནི་མི་བརྟན་པ་དང་གཡོ་བའོ། །དེའི་བདེན་པ་ནི་ཆུ་ཟླ་ལྟ་བུའོ། །ཡང་དེ་ཉིད་ལས་རྣམ་པར་ཤེས་པ་ནི་འོད་གསལ་བ་ལས་འབྱུང་ངོ༌། །དེ་ནི་སེམས་དང་ཡིད་ཅེས་བྱ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་ནི་དེའི་རྩ་བ་ཅན་ཡིན་ནོ་ཞེས་གསུངས་པ་དང༌། རྒྱུད་ཐམས་ཅད་ཀྱི་བླ་མར་གྱུར་བ་ལས། འགྲོ་བ་འདི་ཀུན་སངས་རྒྱས་ལྔ་བདག་ཉིད། །གར་མཁན་དག་དང་རོལ་མོ་བཟང་ལྟར་སྣང༌། །གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུ་ཉམས་ནི་དུ་མར་གར་མཛད་དོ། །ཞེས་གསུངས་པ་དང༌། དགོངས་པ་ལུང་བསྟན་པ་ལས་ཀྱང༌། བྱང་ཆུབ་སེམས་ལས་རླུང་འབྱུང་ཞིང༌། །ནམ་མཁའ་ལས་ནི་རྣམ་གནས་པ། །སེམས་ཅན་ཀུན་གྱི་སྲོག་གྱུར་ཅིང༌། །ལྔ་ཡི་བདག་ཉིད་བཅུ་མིང་ཅན། །རྟེན་འབྲེལ་བཅུ་གཉིས་ཞེས་གྲགས་པ། །ངོ་བོ་ཉིད་རྣམས་གསུམ་དུ་འགྱུར། །ཞེས་གསུངས་པ་དང༌། ཡང་དེ་ཉིད་ལས། སྙིང་བོར་གྱུར་པ་རང་སྲོག་ལས། །ཁམས་གསུམ་ན་ནི་གཞན་མེད་དེ། །ཁམས་གསུམ་རླུང་གི་སྤྲུལ་པ་སྟེ། །རྨི་ལམ་རྨི་བ་བཞིན་དུ་བལྟ། །ཞེས་གསུངས་པ་དང༌། ཡང་དེ་ཉིད་ལས། སྐྱེ་དང་གནས་དང་འཇིག་པ་དང༌། །སྲིད་བ་བར་མར་གནས་པ་སྟེ། །ཇི་སྙེད་འཇིག་རྟེན་གྱིས་བརྟགས་པ། །སེམས་དང་རླུང་གི་རྣམ་འཕྲུལ་ལོ། །ཞེས་གསུངས་པ་དང༌། གཞན་ཡང་སྣང་བའི་ཕྲེང་བ་ལས་ཀྱང༌། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་བརྟག་གོ །དེ་བཞིན་ཉིད་ལ་དམིགས་ནས་སུ། །སེམས་ཙམ་ལས་ནི་བཟླ་བར་བྱ། །སེམས་ཙམ་ལས་ནི་བཟླས་ནས་སུ། །སྣང་བ་མེད་ལ་གནས་པར་འགྱུར།། སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང༌། །ཞེས་གསུངས་པ་དང༌། རིན་པོ་ཆེ་ཕྲེང་བ་ལས་ཀྱང༌། ངར་འཛིན་ལས་བྱུང་ཕུང་པོ་རྣམས། །ངར་འཛིན་དེ་ནི་དོན་དུ་བརྫུན། །གང་གིས་ས་བོན་བརྫུན་པ་དེ། །སྐྱེ་བ་བདེན་པ་གང་ལ་ཞིག །ཅེས་གསུངས་


DTG078_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང༌། དཔེར་ན་ཆུ་ཤིང་རློན་པའི་ཕུང་པོ་ལས། །སྙིང་པོ་འདོད་པའི་སྐྱེས་བུས་རྣམ་བཙལ་ན། །ཕྱི་དང་ནང་ན་འང་སྙིང་པོ་ཡོད་མ་ཡིན། །ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས། །ཞེས་གསུངས་པ་དང༌། ཡང་དེ་ཉིད་ལས། དཔེར་ན་གཞོན་ནུ་རྨི་ལམ་ནང་གནས་ཚེ། །དེས་ནི་བུ་སྐྱེས་ཤི་བར་གྱུར་པ་མཐོང༌། །སྐྱེས་པས་དགའ་ལ་ཤི་བས་གདུང་བར་འགྱུར། །ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དོན་དམ་པའི་བདེན་པ་ཡང་རྣམ་པ་གཉིས་ཏེ། རྣམ་གྲངས་པ་དང་རྣམ་གྲངས་མ་ཡིན་པའོ། །དེ་ལ་རྣམ་གྲངས་པ་ནི་ཡེ་ཤེས་དང༌། དེ་ཁོ་ན་ཉིད་ལ་དམིགས་པའི་ཚུལ་གསུམ་པའི་རྟགས་ལས་སྐྱེས་བ་ལ་སོགས་པའོ། །རྣམ་གྲངས་མ་ཡིན་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ་ངོ་བོ་ཉིད་ཀྱིས་གདོད་མ་ནས་མ་གྲུབ་པ་ལས་དང་སྐྱེ་བ་ཐམས་ཅད་དང་དྲ་ལ་ང༌། རྣམ་པར་རྟོག་པའི་ཡུལ་ལས་འདས་པ་སྤྲོས་པ་ཐམས་ཅད་རྣམ་པར་ཆད་པ་ཙམ་སྟེ། བདེན་པ་གཉིས་གཉིས་སུ་མེད་པའི་ངོ་བོ་ཉིད་དོ། །དེ་ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། དོན་དམ་པའི་བདེན་པ་ནི་སྟོང་པ་བཅོ་བརྒྱད་དེ་ཡང་དག་པའི་མཐའོ་ཞེས་གསུངས་པ་དང༌། དཔལ་གསང་བ་འདུས་པ་ལས་ཀྱང༌། དངོས་པོ་མེད་པས་སྒོམ་པའི་དངོས། །བསྒོམ་པར་བྱ་བ་བསྒོམ་པ་མིན། །དེ་བས་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དང༌། གཞན་ཡང་དེ་ཉིད་ལས། རང་སེམས་སེམས་ནི་དམིགས་པ་ལས། །ཆོས་རྣམས་ཐམས་ཅད་རབ་ཏུ་གནས། །ནམ་མཁའི་རྡོ་རྗེ་གནས་སེམས་འདི། །ཆོས་མེད་ཆོས་ཉིད་མེད་པའོ། །ཞེས་གསུངས་པ་དང༌། ཚིགས་སུ་བཅད་པ་དགུ་པ་ལས། སྤྲོས་པ་མེད་ཅིང་སྣང་བ་མེད། །རྣམ་རྟོག་མེད་ཅིང་ཤིན་ཏུ་ཕྲ། །ཞེས་གསུངས་པ་དང༌། མངོན་པར་བྱང་ཆུབ་པ་ལས་ཀྱང༌། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །གང་ཞིག་དེ་རྟོགས་འདོད་པ་ནི། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་


DTG078_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་དང༌། གླང་པོ་མཚན་བཅིངས་ཀྱི་མདོ་ལས་ཀྱང༌། གང་གིས་སྐྱེ་བ་འབྱུང་བ་ནི། །དངོས་པོ་གང་ལ་འང་རྙེད་མི་འགྱུར། །དངོས་པོ་མེད་པའི་ངོ་བོ་ལ། །བྱིས་པ་རྣམས་ནི་འབྱུང་བར་འདོད། །ཅེས་གསུངས་པ་དང༌། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་ལས་ཀྱང༌། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཀུན་ཀྱང་བདེ་བར་གཤེགས་དང་འདྲ། །བྱིས་བའི་བློ་ཅན་མཚན་མར་འཛིན་པ་ཡིས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་གསུངས་པ་དང༌། ཐེག་པ་ཆེན་པོ་ཉི་ཤུ་པ་ལས་ཀྱང༌། གང་ཚེ་སྒྱུ་མཁན་སྒྱུ་མ་ནི། །སྤངས་ཤིང་ཉེ་བར་བསྡུས་པ་ན། །དེ་ཚེ་ཅི་ཡང་མི་སྣང་སྟེ། །དེ་ནི་ཆོས་ཀྱི་ཆོས་ཉིད་དོ། །ཞེས་གསུངས་པ་དང༌། བྱང་ཆུབ་ཀྱི་སེམས་བཤད་པ་ལས་ཀྱང༌། རྟོགས་པ་པོ་ཡིས་རྟོགས་བྱ་གང༌། །ཤེས་བྱ་མེད་པས་ཤེས་པ་མེད། །དེ་ལྟར་ཤེས་དང་ཤེས་བྱ་གང༌། །དངོས་པོ་མེད་པར་ཅིས་མི་འདོད། །རྟོགས་བྱ་རྟོགས་བྱེད་རྣམ་པར་སེམས། །དེ་བཞིན་གཤེགས་པས་མ་གཟིགས་སོ། །ཞེས་པ་ལ་སོགས་པ་གཞུང་སྣ་ཚོགས་ལས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་དེ་ཁོ་ན་མཐོང་བར་འདོད་པ་རྣམས་ཀྱིས་ཁོང་དུ་ཆུད་ཅིང་རྟོགས་པར་བྱ་བའི་ཡུལ་ཐམས་ཅད་ནི་བདེན་པ་གཉིས་སུ་འདུས་པ་ཁོ་ན་ཡིན་ནོ། །དེ་ཡང་བདེན་པ་གཉིས་རྣམ་པར་བསྟན་པ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་གནས། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ།། ཞེས་གསུངས་པ་ཡིན་ནོ། །དེ་ལྟར་བདེན་པ་གཉིས་ཀྱི་མཚན་ཉིད་རྟོགས་ན་འབྲས་བུ་སྐུ་གསུམ་གྱི་རང་བཞིན་ལ་མངོན་པར་འདོད་པ་འབྱུང་བས་ཐམས་ཅད་མཁྱེན་པ་ཡོན་ཏན་གྱི་དབང་ཕྱུག་དང་ལྡན་པ་བདེན་པ་གཉིས་ཀྱི་རང་བཞིན་ཅན་བདེ་བ་ཆེན་པོའི་རྣམ་པ་ཆོས་ཐམས་ཅད་ཀྱི་སྐུ་སྟེ། བདེ་བ་ཆེན་པོའི་སྐུ་ཞེས་རྣལ་འབྱོར་ཆེན་པོའི་གྲུབ་པའི་མཐའ་ལས་འདོད་དོ། །དེ་ཡང་ཇི་སྐད་དུ། རྣལ་འབྱོར་ཆེན་པོའི་བཤད་པའི་རྒྱུད་ལས། དབང་ཕྱུག་བརྒྱད་ཀྱིས་བཅོམ་ལྡན་འདས། །བདེ་བ་ཆེན་པོའི་གནས་ན་བཞུགས། །ཞེས་གསུངས་པ་དང༌། དཔལ་གསང་བ་འདུས་པ་


DTG078_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱང༌། སྔགས་ཀྱི་སྐྱེས་བུ་ཇི་སྙེད་པ། །རྡོ་རྗེ་གསུམ་གྱི་ཡེ་ཤེས་རྫོགས། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །དངོས་པོ་ཐམས་ཅད་བརྟག་པར་བྱ། ཞེས་གསུངས་པ་དང༌། གཞན་ཡང་བཤད་པའི་རྒྱུད་ལས། ཡོན་ཏན་བརྒྱད་དང་ཉེར་ལྡན་པས། སེམས་ཅན་ཐམས་ཅད་རིག་འགྱུར་ཞིང༌། །འཇིག་རྟེན་ཁམས་ནི་མ་ལུས་པར། །བདག་ཉིད་ཡེ་ཤེས་ལུས་ཀྱི་རྒྱུ། །གཙོ་བོ་གང་དུ་རྒྱུ་བ་ཡི། །དེ་ཡི་ཁྱིམ་ནི་ནམ་མཁའ་ཉིད། །བདེ་བ་ཆེན་པོའི་ཏིང་འཛིན་གྱིས། །དེ་ཉིད་དུ་ནི་རྟག་ཏུ་དགྱེས། །ཞེས་གསུངས་པ་དང༌། བདེ་མཆོག་འཁོར་ལོ་ལས་ཀྱང༌། རྣལ་འབྱོར་ཐམས་ཅད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཁམས་གསུམ་པ་ནི་མ་ལུས་ཀུན། །དེ་ཡི་ཉེ་བར་ལོངས་སྤྱོད་ཉིད། །ཅེས་གསུངས་པ་དང༌། ཡང་དེ་ཉིད་ལས། ལྷ་དང་མི་ཡི་བདེ་བ་ནི། །བསྡུས་བྱས་རྡོ་རྗེ་འཛིན་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དང༌། དེ་ཁོ་ན་ཉིད་རིན་པོ་ཆེ་སྣང་བ་ལས་ཀྱང༌། ལོངས་སྤྱོད་རྫོགས་པ་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ངེས་གང་རྒྱུན་མི་འཆད་པ་འགོག་པ་མེད། །ཡན་ལག་བདུན་པོ་ཉིད་དང་ལྡན་པའི་བསྒྲུབ་བྱ་འདི། །ཚད་མར་ཡོངས་བསྒོས་བློ་ཡིས་སྔགས་པ་བདག་ཉིད་འདོད། །ཅེས་གསུངས་པ་དང༌། གཞན་ཡང༌། ཆོས་སྐུ་བདེ་བ་ཆེན་པོ་ནི། །སྐུ་གཉིས་ལ་ནི་ཁྱབ་པར་གནས། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ནི་ཆོས་ཀྱི་སྐུ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་དབང་གིས་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་བརྒྱན་པ་སྣང་བར་གྱུར་པ་ཡིན་ནོ། །དེ་ཡང་རྡོ་རྗེ་རྩེ་མོ་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ལས། །སླར་ཡང་ལོངས་སྤྱོད་རྫོགས་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་ནི་འོག་མིན་དུ་དབང་ཕྱུག་ཆེན་བོའི་གནས་ཞོའི་སྤྲི་ལྟ་བུར་གྱུར་པ་སྙིང་བོ་བྱང་ཆུབ་ཏུ་མངོན་པར་བྱང་ཆུབ་པ་བསྟན་ནས་བྱང་ཆུབ་སེམས་དཔའ་ཆེན་པོས་བཅུ་པ་རྣམས་ལ་ཆོས་ཀྱི་ལོངས་སྤྱོད་པར་མཛད་པ་ཡིན་ནོ། །དེ་ཡང་ཇི་སྐད་དུ། འདོད་པའི་ཁམས་དང་གཟུགས་མེད་དུ། །


DTG078_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྣམ་པར་འཚང་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་འཚང་རྒྱའོ། །ཞེས་གསུངས་པ་ཡིན་ནོ། །གཞན་ཡང་ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་ནི་བྱིན་གྱི་རླབས་ལས་བྱུང་བ་སྤྲུལ་པའི་སྐུས་ཀྱང་འདོད་པའི་ཁམས་སུ་སངས་རྒྱས་པའི་ཚུལ་གྱིས་འགྲོ་བ་དང་རྗེས་སུ་མཐུན་པར་སྐུ་བསྟན་པ་ཡིན་ནོ། །དེ་ཡང་ཇི་སྐད་དུ། གཙང་མའི་གནས་ནི་རྣམ་སྤངས་ནས། །འོག་མིན་གནས་ནི་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྒྲུབ་པ་པོ་དག་འདིར་སངས་རྒྱས། །ཞེས་གསུངས་པ་ཡིན་ནོ། །སྤྲུལ་པའི་སྐུས་ཀྱང་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་གདུལ་བྱ་རྣམས་ཀྱི་མོས་པ་དང༌། སྐལ་པ་ཇི་ལྟ་བ་བཞིན་དུ་སྤྲུལ་སྐུ་འདྲ་བ་དང༌། མི་འདྲ་བ་དང༌། ངེས་པ་དང༌། མ་ངེས་པ་དང༌། རྟག་པ་དང༌། མི་རྟག་པས་དོན་མཛད་ཅིང་བཞུགས་པ་ཡིན་ནོ། །དེ་ཡང་ཇི་སྐད་དུ་རྡོ་རྗེ་དྲ་བ་ལས། གང་དང་གང་གི་གཟུགས་ཀྱིས་ནི། །མི་རྣམས་ཡིད་ཀྱིས་འཇུག་འགྱུར་བ། །དེ་དང་དེ་ཡི་གཟུགས་ཀྱིས་ནི། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན་སྐུ་གསུམ་གྱིས་ལམ་ཐམས་ཅད་ཀྱི་འབྲས་བུར་གྱུར་པ་བསྡུས་པ་ཡིན་ཏེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རབ་ཀྱི་མཐར་ཐུག་པའི་ཕྱིར་རོ། །དེ་ཡང་ཇི་སྐད་དུ། ལུས་དང་ངག་སེམས་རྣམ་དག་པས། །སྐུ་གསུམ་དུ་ནི་བསྟན་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་བདེན་པ་གཉིས་ཀྱི་མཚན་ཉིད་ཤེས་ཤིང་འབྲས་བུ་སྐུ་གསུམ་གྱི་སྤྱིའི་རང་བཞིན་རྟོགས་ན་དེ་ལ་མངོན་པར་འདུན་ཅིང་དེའི་ཐོབ་པའི་ཐབས་ལ་འཇུག་པར་འགྱུར་རོ། །དེ་བས་ན་དེའི་རྒྱུར་གྱུར་པ་ནི་སྔགས་ཀྱི་ལམ་རྣམ་པ་གཉིས་སུ་འདོད་དེ། སྨིན་པར་བྱེད་པའི་ལམ་དང༌། གྲོལ་བར་བྱེད་པའི་ལམ་མོ། །སྨིན་པར་བྱེད་པའི་ལམ་ལ་ཡང་བཞི་སྟེ། བུམ་པའི་དབང་བསྐུར་བ་དང༌། གསང་བའི་དབང་བསྐུར་བ་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་དང༌། བཞི་པའི་དབང་བསྐུར་བའོ། །དེ་ཡང་དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། དབང་


DTG078_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བ་ལ་གསུམ་དུ་འབྱེད། །བུམ་པའི་དབང་ནི་དང་པོ་སྟེ། །གསང་བའི་དབང་བསྐུར་གཉིས་པ་ཡིན། །ཤེས་རབ་ཡེ་ཤེས་གསུམ་པ་སྟེ། །དེ་ལྟར་དེ་བཞིན་བཞི་པ་ཡང༌། །ཞེས་གསུངས་པ་ཡིན་ནོ། །ཡང་ན། དབང་བསྐུར་བ་ལ་གསུམ་དུ་འབྱེད། །ཅེས་གསུངས་པའི་དགོངས་པ་ནི་བུམ་པའི་དབང་བསྐུར་བའོ། །གསང་བའི་དབང་དང༌། ཤེས་རབ་ཡེ་ཤེས་ཏེ་གསུམ་ཡིན་ནོ། །དེ་ཡང་ཇི་སྐད་དུ། བཞི་བརྒྱ་ལྔ་བཅུ་པའི་རྣམ་པར་བཤད་པ་ལས། ཆུ་དང་ཅོད་པན་རྡོ་རྗེ་བདག་པོ་དང༌། །མིང་ཞེས་བཏགས་དང་བུམ་པ་ཞེས་བྱ་བ། །གསང་བ་དང་ནི་ཤེས་རབ་ཡེ་ཤེས་ཏེ། །དབང་བསྐུར་རྣམ་པ་གསུམ་དུ་ཤེས་པར་བྱ། །ཞེས་གསུངས་པ་ཡིན་ནོ། །དེའི་དོན་འདི་ཡིན་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་དམ་ཚིག་དང་དབང་བསྐུར་བ་ཐོབ་པར་མ་གྱུར་པས་ནི་དེ་ཁོ་ན་ཉིད་འབའ་ཞིག་ཙམ་ལ་འབད་ཅིང་ཕྱིན་ཅི་མ་ལོག་པར་བསྒྲུབས་ཀྱང་འབྲས་བུ་མཆོག་འདོད་པ་བཞིན་དུ་འབྱུང་བར་མི་འགྱུར་རོ། །དེ་ཡང་ཇི་སྐད་དུ། དཀྱིལ་འཁོར་དུ་ནི་མ་ཞུགས་ཤིང༌། །དབང་བསྐུར་ཐོབ་པར་མ་གྱུར་དང༌། །གསང་བའི་དེ་ཉིད་མི་ཤེས་ལ། །བསྒྲུབས་ཀྱང་ཅི་ཡང་མི་འགྲུབ་བོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་དབང་བསྐུར་ཞིང་ཡོངས་སུ་སྨིན་པར་བྱས་ཀྱང་སྒྲུབ་པ་པོ་གྲོལ་བར་བྱེད་པ་བྱང་ཆུབ་ཀྱི་སེམས་འཕེལ་བར་བྱེད་པའི་སྣོད་དུ་མ་གྱུར་ན་འདོད་པ་བཞིན་དུ་འབྲས་བུ་འབྱུང་བར་མི་འགྱུར་རོ། །དེ་བས་ན་དད་པ་དང༌། བརྩོན་འགྲུས་དང༌། ཐོས་པ་དང༌། སྦྱིན་པ་དང༌། སྡོམ་པ་ལ་སོགས་པ་ངེས་པར་བསྟེན་པར་བྱའོ། །དེ་ཡང་རྡོ་རྗེ་རྩེ་མོ་ལས། བྱང་ཆུབ་སེམས་བསྐྱེད་གྱུར་ནས་ནི། །ལྷ་གཞན་ལ་ནི་མི་མོས་པར། །གསོད་དང་རྐུ་དང་འཁྲིག་པ་དང༌། །ཆང་དང་བརྫུན་ནི་རྣམ་པར་སྤངས། །ཁྱིམ་པའི་ཚུལ་དུ་གནས་ནས་ནི། །རིག་སྔགས་རྒྱལ་པོ་བསྒྲུབ་པར་བྱ། །གལ་ཏེ་དེ་རབ་ཏུ་བྱུང་ན། །སྡོམ་པ་གསུམ་ལ་གནས་པར་བྱ། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་རང་གི་སྔོམ་པའོ། །ཞེས་གསུངས་པ་དང༌། ཡང་དེ་ཉིད་ལས། བྱང་ཆུབ་སེམས་ནི་མ་བསྐྱེད་ཅིང༌། །གང་གིས་བཀའ་སྩོལ་མི་ཉན་དང༌། །ཐེ་ཚོམ་ཡོད་པ་ཉིད་དང་ནི། །མ་དད་པས་ནི་མི་འགྲུབ་པོ། །


DTG078_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་དང༌། གཞན་ཡང་སྒྱུ་འཕྲུལ་དུ་དྲ་བ་ལས། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་དང༌། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །འདི་ནི་སློབ་དཔོན་ཡིན་ཞེས་བྱ། །དེ་ཡིས་བསྟན་པའི་གསང་སྔགས་རྣམས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་པས་ན་སློབ་མའང་ཡོན་ཏན་དེ་ལྟ་བུའམ། ཅུང་ཟད་དམན་པས་གསོལ་བ་བཏབ་ན། ཐར་རྒྱལ་འདོད་པས་བསྟན་པར་བྱའི། །གཞན་དུ་སློབ་དཔོན་སློབ་མ་དག །གཉིས་ཀ་ཉམས་པ་ཉིད་དུ་འགྱུར། །ཞེས་གསུངས་པ་དང༌། གཤིན་རྗེ་ནག་པོའི་རྒྱུད་ལས་ཀྱང༌། བརྟན་ཞིང་དུལ་ལ་སྙིང་རྗེ་གཅིག་བུ་སེམས། །དད་ལྡན་ལྷག་པའི་བསམ་པས་བཟོད་པ་འཛིན། །སློབ་མ་བླ་མ་ལ་ནི་གུས་པ་དང༌། །དད་པས་གཤིན་རྗེ་གཤེད་ལ་གུས་པ་དང༌། །བརྟུལ་ཞུགས་ལྡན་ཞིང་ཡོངས་སུ་སྨིན་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་ལུང་དང་མན་ངག་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱ་བའི་དོན་ལ་ཐེ་ཚོམ་རྣམ་པར་བསལ་ཏེ་འཇུག་པར་བྱ་བའི་སྒྲ་ཇི་བཞིན་པ་ལ་བརྟེན་ནས་རང་དགར་གྱུར་པས་སྲོག་གཅོད་པ་ལ་སོགས་པ་བསྟེན་པས་ནི་འབྲས་བུ་མཐོ་རིས་ཀྱང་འབྱུང་བར་མི་འགྱུར་ན་ཐར་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། བདག་དང་གཞན་ལ་ཕན་པར་འདོད་པ་རྣམས་ཀྱིས་ལུང་གི་དོན་ལ་གུས་པ་ཙམ་གྱིས་འཇུག་པར་མི་བྱའོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་དགོངས་པ་ལུང་བསྟན་པ་ལས། གསང་བའི་བདག་པོ་དོན་རྒྱས་པའི། །ཚུལ་ཆེན་འདི་ནི་རྙེད་གྱུར་ནས། །ཇི་བཞིན་དོན་ནི་རྙེད་བཟུང་ན། །དེས་ན་ལམ་ངན་དག་ཏུ་ལྟུང༌། །ཞེས་གསུངས་པ་དང༌། ཡང་དེ་ཉིད་ལས། གང་གིས་ཕུང་སྩོགས་དངོས་མེད་པར། །ཞི་གནས་ལས་བྱུང་སེམས་ཀྱིས་བྱ། །དེ་ནི་སྲོག་གཅོད་བྱ་བ་སྟེ། །ཐེག་པ་མཆོག་ལ་གནས་བ་ཡིན། །ནང་དང་དེ་བཞིན་ཕྱི་རོལ་དག །བརྟེན་འབྱུང་གཉིས་སུ་སྟོན་པ་ཡིན། །དེ་ནི་བརྫུན་སྨྲ་དགའ་བ་སྟེ། །གནས་མེད་ལ་གནས་རྣལ་འབྱོར་ལ། །རྫོགས་སངས་རྒྱས་ཀྱི་ཡེ་ཤེས་དང༌། །དེ་ནི་རྫས་སུ་ཤེས་བྱ་སྟེ། །དེ་འཕྲོག་དང་ཚུལ་གང་ཡིན་པ། །གཞན་གྱི་ནོར་ལ་ཆགས་


DTG078_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདོད། །དེ་བཞིན་ཉིད་ལ་རྟག་སྦྱོར་བ། །སེམས་ཅན་དེ་ནི་འདོད་ལ་དགའ། །སྒྲུབ་པ་མཆོག་ལ་དམ་པར་འགྱུར། །ཞེས་གསུངས་པ་དང༌། དཔལ་འཁོར་ལོ་སྔོམ་པ་ལས་ཀྱང༌། འཁར་སིལ་ཆོས་གོས་ལྷུང་བཟེད་དང༌། །ཆུ་ཚགས་སྦྱངས་པའི་ཡོན་ཏན་གྱིས། །ཡན་ལག་ལུང་བཞིན་མི་སྤོང་སྟེ། །ལུང་མ་རྟོགས་པར་རྣལ་འབྱོར་པར། །སངས་རྒྱས་མུ་སྟེགས་ཅན་དུ་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དང༌། མངོན་པར་བྱང་ཆུབ་པའི་རྒྱུད་ལས། རྡོ་རྗེ་ཐེག་པར་ཁས་འཆེ་ཞིང༌། །མཉམ་པའི་དོན་ཉིད་མི་ཤེས་པར། །གསང་སྔགས་དམ་ཚིག་མཉམ་ཟེར་ཞིང༌། །ཐུག་ཐུབ་དག་ཏུ་སྤྱད་བྱས་ན། །དམྱལ་ཁམས་དག་ཏུ་བརྒྱུད་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་དམ་ཚིག་དང་དབང་བསྐུར་བ་ཐོབ་ཅིང༌། སྙིང་རྗེ་ཆེན་པོས་རྒྱུད་བརླན་པ། །མཆོག་གི་བྱང་ཆུབ་ཀྱི་སེམས་ལ་གནས་ཤིང༌། དྲང་བ་དང་ངེས་པའི་དོན་གྱི་བྱེ་བྲག་ཤེས་པ། དེ་ཁོ་ནའི་དོན་ལ་བརྩོན་འགྲུས་འབར་བ་དང་ལྡན་པ་རྣམས་ནི་ཐེག་པ་ཆེན་པོ་འདིའི་སྣོད་ཡིན་ནོ། །དེ་ཡང་ཇི་སྐད་དུ། དགོས་པ་སྒྲུབ་ལ་མཁས་རྣམས་སྲན་ཐུབ་པས། །དཀའ་བ་རྣམས་ཀྱང་དགའ་བ་མེད་པར་དགའ། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་ཡོངས་སུ་སྨིན་ཅིང་སྣོད་དུ་གྱུར་པས་ནི་གྲོལ་ལམ་སྟེ་རྣལ་འབྱོར་ལ་མངོན་པར་བརྩོན་པར་བྱ་བའི་ཏིང་ངེ་འཛིན་གྱི་གེགས་སུ་གྱུར་པ་རྣམས་པར་གཡེང་བ་སྣ་ཚོགས་བདུད་ཀྱི་སྤྱོད་ཡུལ་གྱིས་ཡིད་མགུ་བ་རྣམས་ཀྱིས་ནི་ཚོགས་པ་ཙམ་བསགས་པར་འགྱུར་གྱིས་མཆོག་གི་དངོས་གྲུབ་ལ་སོགས་པའི་འབྲས་བུ་འདོད་པ་བཞིན་དུ་འབྱུང་བར་མི་འགྱུར་རོ། །དེ་ཡང་བཞི་བརྒྱ་ལྔ་བཅུ་པ་ལས། ཐོས་པ་ཙམ་གྱིས་སངས་མི་རྒྱ། །འཇུག་ཙམ་གྱིས་ཀྱང་མ་ཡིན་ཏེ། །ཇི་སྲིད་བསམས་པར་གྱུར་པ་དང༌། །བསྒོམ་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་གསུངས་པ་དང༌། གཞན་ཡང༌། དེ་ལྟར་རྟོགས་པའི་སྙིང་རྗེར་ལྡན་པའི་བདག །ཡེ་ཤེས་བསམ་ཡས་སྐད་ཅིག་གིས་བསྒྲུབས་པ། །དཔལ་ལྡན་ཀུན་དུ་བཟང་པོའི་རང་བཞིན་གྱི། །ངོ་བོ་སུ་ཞིག་ངེས་པར་སྒོམ་མི་བྱེད། །ཅེས་གསུངས་པ་ཡིན་ནོ། །


DTG078_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

སྡོང་པོ་བརྒྱན་པ་ལས་ཀྱང༌། ཡང་དག་སངས་རྒྱས་བསྟན་པ་འདི། །ཐོས་པ་ཙམ་གྱིས་མི་འགྲུབ་པོ། །ལ་ལ་སྟོབས་མེད་ཆུ་ཀླུང་གིས། །ནན་གྱིས་ཁྱེར་བར་གྱུར་པ་དག །སྒོམ་ཞིང་ཤི་བར་གྱུར་པ་བཞིན། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་འགྲོ་བ་མང་པོ་ལ། །ཟས་དང་སྐོམ་དག་བྱིན་བྱས་ཀྱང༌། །བདག་ཉིད་བཀྲེས་པས་ཤི་བ་ལྟར། །དེ་བཞིན་ཆོས་ལ་མ་བསྒོམས་པའོ། །ཇི་ལྟར་སྨན་པ་ལ་ལ་ཞིག །སྨན་རྣམས་ཐ་དང་གཏོང་བཞིན་དུ། །ལྟོ་ཡི་ནད་ཀྱིས་ཤི་བ་བཞིན། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་དབྱིག་གི་མཛོད་དག་ཏུ། །རིན་ཆེན་མང་པོ་བགྲང་བྱེད་ཀྱང༌། །ནམ་ཕྱེད་ཙམ་ཡང་མི་འཐོབ་པ། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་བདེ་བ་ཀུན་ལྡན་པའི། །རྒྱལ་པོའི་ཕོ་བྲང་འཁོར་སྐྱེས་ཀྱང༌། །ཟས་དང་སྐོམ་དག་མི་བདོག་པ། །དེ་བཞིན་ཆོས་ལ་མ་བསྒོམས་པའོ། །ཇི་ལྟར་འོན་པ་རོལ་མོ་ཡི། །སིལ་སྙན་སྒྲ་ལ་མཁས་པ་ཞིག །གཞན་དག་དེ་ཡིས་དགའ་བྱེད་པ། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་དམུས་ལོང་རི་མོ་མཁན། །ཚོང་འདུས་དབུས་སུ་འདྲིར་བཅུག་ཀྱང༌། །བདག་ཉིད་ཀྱིས་ནི་མི་མཐོང་བ། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་མཚོ་ཆེན་མཉེན་པ་ཞིག །སྐྱེ་བོ་མང་པོ་སྒྲོལ་བྱེད་ཀྱང༌། །བདག་ཉིད་དེ་ཡི་ནང་འཆི་བ། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དང༌། སྣང་བའི་ཕྲེང་བ་ལས་ཀྱང༌། རྟག་ཏུ་བརྩོན་འགྲུས་ལྡན་པ་ཡིས། །འདི་ལྟར་ལམ་གྱི་རྗེས་འཇུག་ན། །རིང་པོར་མི་ཐོགས་ཆོས་ཀུན་ནི། །སྟོང་པ་ཉིད་དུ་རྟོགས་པར་འགྱུར། །ཆོས་ཀྱི་ཆོས་ཉིད་ཐོབ་པའི་ཕྱིར། །ཡོངས་སུ་མ་བསྒོམས་པས་མི་འགྱུར། །ཆུ་མ་འཐུངས་པར་ཐོས་པ་དང༌། །མཐོང་བས་སྐམ་པ་སེལ་འགྱུར་རམ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་གྲོལ་བའི་ལམ་ལ་ཡང་གཉིས་ཏེ། བསྐྱེད་པ་དང་རྫོགས་པའི་རིམ་པའོ། །དེ་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་གནས། །བསྐྱེད་པ་ཡི་ནི་


DTG078_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་དང༌། །རྫོགས་པའི་རིམ་པ་ཉིད་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །དེ་དག་ཀྱང་སྒྲུབ་པ་པོ་རྣམས་ཀྱི་རྣལ་འབྱོར་གྱི་བྱེ་བྲག་གིས་རིམ་གྱིས་གོང་ནས་གོང་དུ་སེམས་སྦྱང་བར་བྱའི་ཅིག་ཅར་ནི་མ་ཡིན་ནོ། །དེ་ལ་ཤེས་རབ་ཀྱི་རྒྱུད་ཀྱི་མན་ངག་གི་རིམ་པ་ནི་སྔོན་གྱི་སློབ་དཔོན་དུ་མའི་དགོངས་པ་ཐ་དད་པར་འདོད་དོ། །དེ་ཡང་སློབ་དཔོན་ཁ་ཅིག་གིས་ནི་འདི་སྐད་དུ་བསྐྱེད་པའི་རིམ་པ་དང༌། རང་ལ་བྱིན་གྱིས་བརླབས་པའི་རིམ་པ་དང༌། བསམ་གྱིས་མི་ཁྱབ་པའི་རིམ་པ་ཞེས་བྱ་བ་གསུམ་དུ་གཞག་པ་ཡིན་ནོ། །ཁ་ཅིག་གིས་ནི་རྒྱུད་ཀྱི་རིམ་པ་ཞེས་བྱ་བ་ལ་སོགས་པའམ། རྣམ་པ་གཞན་དུ་འདོད་པ་ཡིན་ནོ། །རྣལ་འབྱོར་ཐབས་ཀྱི་རྒྱུད་ཀྱི་རིམ་པ་ལ་ཡང་སྔོན་གྱི་སློབ་དཔོན་དུ་མའི་མན་ངག་གི་རིམ་པ་ཐ་དད་པ་གསུངས་སོ། །དེ་ཡང་ཁ་ཅིག་གིས་ནི་སངས་རྒྱས་ཀྱི་ཐེག་པ་ལ་བསླབ་པ་དང༌། ཐེག་པ་གསར་ལ་དྲན་པ་གཅིག་པའི་ཏིང་ངེ་འཛིན་དང༌། རྟོག་པའི་རྣལ་འབྱོར་དང༌། ལུས་རྣམ་པར་དབེན་པ་དང༌། ངག་རྣམ་པར་དབེན་པ་དང༌། སེམས་རྣམ་པར་དབེན་པ་དང༌། ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པའི་བདེན་པ་དང༌། ཟུང་དུ་འཇུག་པའི་རིམ་པ་སྟེ་རྣམ་པ་དགུར་གསུངས་པ་ཡིན་ནོ། །གཞན་དག་གིས་ནི་ལས་དང་པོ་པ་དང་ཡེ་ཤེས་ཅུང་ཟད་དབང་བ་ཞེས་བྱ་བ་ལ་སོགས་པས་བསྐྱེད་པ་དང༌། རྫོགས་པའི་རིམ་པ་རྣམ་པ་གཞན་དུ་གསུངས་པ་ཡིན་ནོ། །ཁ་ཅིག་གི་ནི་རིམ་པ་བཞི་ལ་སོགས་པ་རྣམ་པ་དུ་མར་གསུངས་ཏེ། རིམ་གྱིས་བསླབ་པར་བཞེད་པ་ཡིན་ནོ། །དེ་ཡང་སྣང་བའི་ཕྲེང་བ་ལས། སེམས་ཅན་དང་པོའི་ལས་ཅན་རྣམས། །དམ་པའི་དོན་ལ་འཇུག་པའི་ཕྱིར། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་དུ་མར་གསུངས། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་སྒྲུབ་པ་ལ་གནས་པ་དེ་དག་ཀྱང་ཡང་དག་པའི་ལྟ་བ་སྟེ། ཕྱིན་ཅི་མ་ལོག་པའི་བློ་སྔོན་དུ་འགྲོ་བར་བྱའོ། །དེ་ཡང་ཇི་སྐད་དུ་ལྷ་མོ་བཞིས་ཞུས་པ་ལས། བསྐལ་པ་བྱེ་བ་བརྒྱར་ཡང་ནི། །དེ་ཉིད་བྲལ་བས་འགྲུབ་མི་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་ལ་ལྟ་བ་ནི་སྔར་ཡུལ་བཤད་པའི་སྐབས་སུ་


DTG078_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་གཉིས་མདོར་བསྟན་པ་ཡིན་ནོ། །ལྷག་མ་ནི་མན་ངག་ལས་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་བྱེད་དེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་ཡང་དེ་ཁོ་ན་ཉིད་བསྡུས་པ་ལས། ལྟ་བ་ངན་ཅིང་ཆགས་མེད་ལ། །གསང་བ་འདི་ནི་མི་རིགས་སོ། །ཞེས་གསུངས་པ་ཡིན་ནོ། །དེ་དག་ཀྱང་བརྟུལ་ཞུགས་ཀྱི་རང་བཞིན་སྔགས་ཀྱི་སྤྱོད་པ་དང་ལྡན་བ་དེ་ཁོ་ན་ཉིད་མཐོང་ཞིང་འདོད་པ་བཞིན་དུ་དངོས་གྲུབ་མཆོག་ཏུ་འབྱུང་བར་འགྱུར་རོ། །དེ་ཡང་ཇི་སྐད་དུ། མངོན་པར་བྱང་ཆུབ་པ་ལས། ཚུལ་ཁྲིམས་ཟིན་པའི་ལྟ་སྤྱོད་རྣམ་གཉིས་ནི། །ལག་མཐིལ་བསྙལ་ནས་འདག་པ་ཇི་བཞིན་དུ། །གཅིག་གིས་གཅིག་དག་ཟིན་པ་རྣམ་གཉིས་དང༌། །ལྡན་ན་བྱང་ཆུབ་འཐོབ་པར་རྒྱལ་བས་གསུངས། །སྤྱོད་པ་ལྟ་བྲལ་འདམ་གྱི་གླང་ཆེན་འདྲ། །ཞེས་གསུངས་པ་དང༌། གཞན་ཡང་གསང་བ་འདུས་པ་ལས། སྔགས་ཀྱི་སྤྱོད་མཆོག་སྤྱོད་པ་རྣམས། །ཆོས་ཀྱི་ཡི་གེ་མཆོག་བརྙེས་སོ། །ཞེས་གསུངས་པ་ཡིན་ནོ། །དེ་སྔགས་ཀྱི་སྤྱོད་པ་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཀུན་དུ་སྤྱོད་པ་དང་སྔགས་ཀྱི་སྤྱོད་པའོ། །དེ་ཡང་བླ་མའི་ལུང་ལས་ཤེས་པར་བྱ་བའི་སྤྱོད་པའི་དབྱེ་བ་རྣམ་པ་དུ་མའི་གཞུང་སྣང་བས་འདིར་བསྡུ་བ་མ་བྱས་པ་ཡིན་ནོ། །དེ་ཡང༌། སྤྲོས་བཅས་ལ་སོགས་སྤྱོད་པ་ཡིས། །རྣལ་འབྱོར་པ་ནི་འདིར་སློབ་བོ། །ཞེས་གསུངས་པ་ཡིན་ནོ། །གཞན་ཡང་སྤྱོད་པ་དང་རྗེས་སུ་འབྲེལ་པའི་དམ་ཚིག་དང༌། སྡོམ་པ་དག་ཀྱང་ལྷག་པའི་ཚུལ་ཁྲིམས་ཡིན་པས་དངོས་གྲུབ་ཐམས་ཅད་ཀྱི་ཡན་ལག་ཏུ་གྱུར་པ་ཡིན་ནོ། །དེ་ནི་སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་དང་རྣམ་པ་གསུམ་དུ་འདུས་པ་ཡིན་ནོ། །དེ་ཡང་ཇི་སྐད་དུ། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌།། དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་དག་ཀྱང་ཐོག་མར་ཉེས་པ་འབྱུང་བའི་གཞི་དང༌། ཉེས་པ་ལྕི་བ་དང༌། ཡང་བའི་བྱེ་བྲག་དང༌། ཉེས་པ་ཕྱིར་བཅོས་པའི་ཐབས་


DTG078_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཁས་པ་ཆེན་པོ་དང༌། འབྲིང་དང༌། ཆུང་ངུའི་དབྱེ་བས་ཤེས་བཞིན་དང་ལྡན་པས་བསྲུང་བ་ལ་མངོན་པར་བརྩོན་པར་བྱའོ། །དེ་ཡང་དཔལ་འཁོར་ལོ་སྡོམ་པ་ལས། ཤིན་ཏུ་མཉམ་གཞག་སྒྲུབ་པ་པོས། །རྟག་ཏུ་དམ་ཚིག་བསྐྱང་བར་བྱ། །དམ་ཚིག་ཉམས་པས་དཀྱིལ་འཁོར་དུ། །དབང་བསྐུར་དངོས་གྲུབ་ཐོབ་མི་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་ཡང་སྔར་སྣོད་དུ་རུང་བར་བྱ་བའི་ཕྱིར་སྐབས་སུ་གནང་བ་དང༌། བཀག་པའི་དགོངས་པ་དང་བཅས་པར་བཤང་པ་ཡིན་ནོ། །དེ་ལ་དམ་ཚིག་ནི་མདོར་བསྡུ་ན་ཆགས་པ་རྣམ་པ་གསུམ་སྟེ། དད་པས་ལྷ་ལ་ཆགས་པ་དང༌། གུས་པས་སློབ་དཔོན་ལ་ཆགས་པ་དང༌། སྙིང་རྗེས་སེམས་ཅན་ལ་ཆགས་པ་ཡིན་ནོ། །དེ་ཡང་ལྷའི་རྣལ་འབྱོར་ནི་རྣམ་པ་གཉིས་ཏེ། ཟབ་པ་དང་རྒྱ་ཆེ་བའི་སྐུར་གྲགས་པ་ཡིན་ནོ། །དེ་ལ་ཟབ་པ་སྟེ་སྤྲོས་པའི་མཐའ་ཐམས་ཅད་སྤངས་པའི་ཏིང་ངེ་འཛིན་གྱིས་ནི་དེ་ཁོ་ནའི་དོན་ཕྱིན་ཅི་མ་ལོག་པར་མྱུར་དུ་འདོད་པ་བཞིན་དུ་མཐོང་བར་འགྱུར་གྱིས་གཞན་དུ་ནི་མ་ཡིན་ནོ། །དེ་ཡང་ཐམས་ཅད་གསང་བའི་རྒྱུད་ལས། འབྲས་བུ་རྒྱུས་ནི་རྒྱས་བཏབ་ཅིང༌། །རྒྱུ་ཡང་འབྲས་བུས་རྒྱས་བཏབ་པར། །སྒོམ་གྱི་གཞན་ན་དངོས་གྲུབ་ནི། །བསྐལ་པ་བྱེ་བར་འབྱུང་མི་འགྱུར། །ཞེས་གསུངས་པ་དང༌། རྟོག་པ་ཀུན་ལས་བཏུས་པ་ལས་ཀྱང༌། དག་པའི་སེམས་ནི་བཟུང་གྱུར་ནས། །རྡོ་རྗེའི་ལུས་ནི་རྣམ་བསྒོམས་པས། །བརྟན་ལུས་ཁོང་སྟོང་མ་ཡིན་པས། །རྡོ་རྗེའི་སྐུ་ནི་ངེས་ཐོབ་འགྱུར། །ཞེས་གསུངས་པ་དང༌། བྱང་ཆུབ་ཀྱི་སེམས་བཤད་པ་ལས། གང་གིས་སྟོང་ཉིད་མི་ཤེས་པ། །དེ་ཡིས་ཐར་པའི་སྐལ་ཅན་མིན། །རྨོངས་པ་དེ་ནི་འགྲོ་དྲུག་གི །སྲིད་པའི་བཙོན་ར་འདིར་འཁྱམ་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་རྒྱ་ཆེ་བསྒོམས་པས་ནི་ཐ་མལ་བའི་འདུ་ཤེས་འགོག་པར་འགྱུར་ཞིང༌། རྣམ་པར་གྲོལ་བ་དང་རྗེས་སུ་མཐུན་པར་བྱིན་གྱིས་བརླབས་པ་ཡིན་ནོ། །དེ་ཡང་ཀུན་དུ་བཟང་པོ་སྒྲུབ་པའི་ཐབས་ལས། ཐ་མལ་རྣམ་རྟོག་རྒྱུན་ལས་གཞན་པ་ཡི། །སྲིད་པའི་སྡུག་བསྔལ་གཞན་དག་ཡོད་མ་ཡིན། །ཞེས་གསུངས་པ་དང༌། དཔལ་གསང་བ་འདུས་པ་


DTG078_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱང༌། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །ལུས་དང་ངག་སེམས་བསྒོམ་པ་ནི། །བྱང་ཆུབ་ཐམས་ཅད་ཐོབ་པའི་ཕྱིར། །ཡེ་ཤེས་རྡོ་རྗེ་དག་གིས་བྱ། །ཞེས་གསུངས་པ་དང༌། ཡང་དེ་ཉིད་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ནི་སྤྱན་ཞེས་བྱ་བར་གྲགས། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། གོས་དཀར་མ་དང་སྒྲོལ་མ་ནི། །མེ་དང་རླུང་ཞེས་བྱ་བར་གྲགས། །གཟུགས་སྒྲ་ལ་སོགས་སྔགས་པ་ཡིས། །ལྷ་ཉིད་དུ་ནི་རྣམ་པར་བསྒོམ། །ཞེས་གསུངས་པ་དང༌། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ལས་ཀྱང༌། བདག་ཉིད་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་ཐམས་ཅད་བདག་ཡིན་ནོ། །དེ་བས་བདག་ཉིད་ལྷར་སྦྱོར་བས། །བདག་ཉིད་རབ་ཏུ་བསྒྲུབ་པར་བྱ། །ཞེས་གསུངས་པ་དང༌། དགྱེས་པའི་རྡོ་རྗེ་ལས་ཀྱང༌། ཐ་མལ་རྣམ་རྟོག་གཉེན་པོའི་ཚུལ། །སངས་རྒྱས་སྐུར་ནི་ཡོངས་བརྟགས་པ། །ལྷ་ཡི་སྐུར་ནི་གོམས་བྱས་ན། །དེས་ནི་སྣ་ཚོགས་རྒྱ་ཆེན་འགྲུབ། །ཅེས་གསུངས་པ་དང༌། དཔའ་བོ་གཅིག་ཏུ་གྲུབ་པ་ལས་ཀྱང༌། ལྷ་ཉིད་གསང་སྔགས་ཚུལ་དུ་ནི། །དངོས་གྲུབ་ཐམས་ཅད་སྩོལ་མཛད་པས། །སྔགས་པ་ལྷ་ཉིད་བསྒོམས་ནས་ནི། །དེ་གྲུབ་ན་ནི་དེ་འགྲུབ་འགྱུར། །རིམ་པ་འདི་ཡིས་འདི་ལ་ནི། །ས་ལ་སོགས་པ་འཐོབ་པོ་ཀྱེ། །ཞེས་གསུངས་པ་དང༌། གཞན་ཡང༌། རྡོ་རྗེ་སེམས་དཔའ་ལ་སོགས་པ། །ལྷ་རྣམས་མངོན་དུ་མཐོང་བ་ལས། །བསོད་ནམས་རྟག་པ་ཇི་ལྟ་བ། །ཕྱིས་བྱས་པ་ཡང་དེ་བཞིན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་གུས་པས་སློབ་དཔོན་ལ་ཆགས་པར་བྱ་བ་ནི་སྐྱབས་གསུམ་ཡོངས་སུ་གཟུང་བའི་རྩ་བ་ཡིན་ཏེ། དངོས་གྲུབ་ཐམས་ཅད་ནི་གནས་སྐབས་གསུམ་དུ། སློབ་དཔོན་ལ་རག་ལས་པར་གྱུར་པའི་ཕྱིར་རོ། དེ་ཡང་ཡེ་ཤེས་གྲུབ་པ་ལས། བླ་མ་སངས་རྒྱས་ཆོས་གྱུར་ཅིང༌། དགེ་འདུན་ཡང་ནི་དེ་ཉིད་དེ། །འདི་ལ་དྲིན་གྱིས་ཤེས་གྱུར་པས། །དེ་བས་དཀོན་མཆོག་


DTG078_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཡིན་ནོ། །ཞེས་གསུངས་པ་དང༌། གཞན་ཡང་སྒྱུ་འཕྲུལ་དྲ་བ་ལས། །སློབ་དཔོན་ཅི་འདྲ་བར་ལྟ་ཞེ་ན། བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་བས་རྟག་ཏུ་རྡོ་རྗེ་འཆང༌། །དེ་བཞིན་གཤེགས་པ་རིན་ཆེན་ཏོག །དེ་ནི་ཡེ་ཤེས་རྒྱ་མཚོ་ཆེ། །ཡིད་བཞིན་ནོར་བུ་རིན་ཆེན་སྦྱིན། །སློབ་དཔོན་གྱི་ནི་ཡོན་ཏན་བཟུང༌། །སྐྱོན་རྣམས་ནམ་ཡང་མ་ཡིན་ནོ། །ཡོན་ཏན་གྱིས་ནི་དངོས་གྲུབ་ཅིང༌། །སྐྱོན་རྣམས་ཀྱིས་ནི་དངོས་གྲུབ་ཉམས། །དེ་ཕྱིར་ཀུན་ནས་རབ་བསྒྲིམས་ཏེ། །བསམ་ཡས་འབྲས་བུ་སྨིན་བྱེད་པ། །སངས་རྒྱས་འབྲས་བུ་འདོད་པ་ཡིས། །སེམས་ཅན་དད་པས་དེ་མཆོད་ཅིང༌། །ཞེས་གསུངས་པ་དང༌། གཞན་ཡང་རྒྱུད་ཐམས་ཅད་ཀྱི་དགོངས་པ་བསྡུས་པ་བླ་མ་ལྔ་བཅུ་པ་ལ་སོགས་པར་གསུངས་པ་ཡིན་ནོ། །དེ་ལ་སྙིང་རྗེས་སེམས་ཅན་ལ་ཆགས་པར་བྱ་བ་ནི་ཐེག་པ་ཆེན་པོའི་དོན་ལ་ཞུགས་པ་རྣམས་ཀྱིས་ཐབས་ཀྱི་མཆོག་ཏུ་གསུངས་པ་ཡིན་ནོ། །དེ་ཡང་མངོན་བར་བྱང་ཆུབ་པ་ལས་སྙིང་རྗེ་ནི་རྩ་བ་ཡིན་ནོ་ཞེས་གསུངས་པ་དང༌། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། ཐབས་ནི་བྱང་ཆུབ་སེམས་དཔའ་ཡི། །འགྲོ་ལ་སྙིང་རྗེ་ཆེན་པོ་སྟེ། །དེ་ཡང་དམིགས་པའི་བྱེ་བྲག་གིས།། རྣམ་པ་གསུམ་དུ་བཤད་པ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་གསུངས་ཐམས་ཅད་ནི་གདུལ་བྱའི་དབང་པོ་མོས་པ་དང་སྐལ་བ་ཐ་དད་པ་ལ་དགོངས་ནས་ཐུགས་རྗེ་ཆེན་པོས་གསུངས་པ་ཡིན་ནོ། །དེ་ཡང་ཇི་སྐད་དུ། བསམ་པ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེས་ནི་དེ་ཡི་རང་བཞིན་འགྱུར། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་དབང་པོ་དམན་པའི་དོན་དུ་ནི་མངོན་པར་མཐོ་བའི་ཐེག་པ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྡེ་སྣོད་གསུངས་པ་ཡིན་ནོ། །དེ་ཡང༌། ཉན་ཐོས་རྣམས་ནི་འཇུག་པའི་ཕྱིར། །སྡུག་བསྔལ་སྩོགས་བདེན་ཉིད་གསུངས་པ། །མེད་དུ་ཟིན་ཀྱང་ཐུགས་རྗེ་ཡིས། །བདག་ཡོད་ཅེས་གསུངས་ལྟ་བུ་ཡིན། །ཞེས་གསུངས་པ་ཡིན་ནོ། །དབང་པོ་འབྲིང་གི་དོན་དུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྡེ་སྣོད་གསུངས་པ་ཡིན་ནོ། །དེ་ཡང་ཇི་སྐད་དུ། ཐུབ་པ་ཆེན་


DTG078_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཆོས་རྣམས་ཀྱི། །ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ། །གང་གིས་དེ་ཉིད་མི་ཤེས་པ། །དེ་ཡི་ཐམས་ཅད་འབྲས་བུ་མེད། །ཅེས་གསུངས་པ་ལྟ་བུའོ། །དེ་ལ་དབང་པོ་རྣོན་པོའི་མོས་པ་དང་སྐལ་བ་དང་ལྡན་པ་རྣམས་ཀྱི་ཕྱིར་ནི་གསང་སྔགས་ཀྱི་ཐེག་པའི་སྡེ་སྣོད་གསུངས་པ་ཡིན་ནོ། །དེ་ཡང་བྱ་བའི་རྒྱུད་ལ་སོགས་པ་དང་པོ་གསུམ་གྱིས་རྣལ་འབྱོར་པའི་སེམས་སྦྱངས་ཤིང་དེ་ཁོ་ན་མཐོང་བར་འགྱུར་བ་དང་འབྲེལ་པའི་ཚོགས་ཡོངས་སུ་བསགས་ནས་གོང་ནས་གོང་དུ་ལམ་སྦྱངས་ཏེ། རྣལ་འབྱོར་བླ་ན་མེད་པའི་རིམ་པས་དེ་ཁོ་ནའི་དོན་ལ་འཇུག་པར་འགྱུར་བ་ཡིན་ནོ། །དེ་ཡང་ཇི་སྐད་དུ། ཡུལ་དུས་ལ་སོགས་བསྟན་པ་ནི། །མུན་དུ་བསྒྲིབས་པ་རྣམ་འཁོད་པས། །དེ་དག་ངེས་པར་གཟུང་བའི་ཕྱིར། །ཆོ་ག་འདི་ནི་བསྟན་པ་ཡིན། །ཞེས་བསྟན་པ་ཡིན་ནོ། །དེ་ལ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་རིམ་པའི་སྨིན་པ་དང༌། གྲོལ་བར་བྱེད་པའི་ལམ་གྱིས་ནི་དཀའ་བ་མད་པར་མྱུར་དུ་འབྲས་བུ་འདོད་པ་བཞིན་འགྲུབ་པར་འགྱུར་རོ། །དེ་ཉིད་ཚིགས་སུ་བཅད་པ་ནི། །རིགས་དང་བརྟུལ་ཞུགས་སྐྱེ་གནས་ཡན་ལག་རིས། །ལས་དང་ཉོན་མོངས་ཡུལ་དུས་འཆིང་བ་མེད། །ཅེས་བྱ་བ་ཡིན་ནོ། །དེ་ཡང་དཔལ་གསང་བ་འདུས་པ་ལས། མཚམས་མེད་པ་ལ་སོགས་པ་ཡི། །སྡིག་པ་ཆེན་པོ་བྱེད་པ་ཡང༌། །ཐེག་པ་བླ་ན་མེད་པ་ཡི། །ཐེག་མཆོག་འདི་ལ་འགྲུབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་རྣལ་འབྱོར་པ་སྣོད་དུ་གྱུར་ཅིང་དེ་ཁོ་ན་ཉིད་ཀྱི་མན་ངག་དང་ལྡན་པ་རྣམས་ལ་ནི་རིག་པའི་གནས་ལྔ་ལ་ཡོངས་སུ་སྦྱང་བ་མ་བྱས་ཀྱང་དངོས་གྲུབ་རྣམ་པ་གཉིས་ཇི་ལྟར་འདོད་པ་བཞིན་དུ་འབྱུང་བར་འགྱུར་རོ། །དེ་ཡང་ཇི་སྐད་དུ། གསང་སྔགས་སྨྲ་རྣམས་མང་དུ་ནི། །སྤྲོས་ཏེ་སྨྲ་བས་ཅི་ཞིག་བྱ། །ཁྱད་པར་དུ་ནི་སེམས་བསྒྲུབས་ཏེ། །སེམས་ལས་རྫོགས་པའི་བྱང་ཆུབ་འབྱུང༌། །ཞེས་གསུངས་པ་དང༌། གཞན་ཡང༌། གང་ཟག་ཇི་ཙམ་ཡོན་ཏན་ཆུང་བས་ཀྱང༌། །ལྷག་པའི་བསམ་པས་བསྐུལ་ནས་བྱང་ཆུབ་འཐོབ། །ཅེས་གསུངས་པ་དང༌། ཉལ་ལམ་ཡང་ན་འདུག་པའམ། །འཆག་པའམ་ཡང་ན་ཅི་དགར་གནས། །དགོད་པའམ་རབ་ཏུ་སྨྲ་བའམ། །གང་དང་


DTG078_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གང་དུ་ཇི་ལྟར་གནས། །རང་ལྷར་སྦྱོར་བའི་བདག་ཉིད་ཅན། །བསོད་ནམས་ཆུང་ཡང་འགྲུབ་པར་འགྱུར། །ཞེས་གསུངས་པ་དང༌། བསོད་ནམས་ཆུང་བའང་སངས་རྒྱས་མཆོད། །བསྒྲུབས་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །ཀྱེ་མའོ། །བདེ་བར་གཤེགས་པ་མྱ་ངན་འདས་ནས་རིང་ཞིག་ལོན། །རྒྱལ་སྲས་དམ་ཆོས་འཛིན་པ་རྣམས་ཀྱང་དུས་ཀྱིས་མི་སྣང་འགྱུར། །སྙིགས་མའི་དུས་ཀྱི་ཐ་མར་གྱུར་པས་སྡེ་སྣོད་ཕལ་ཆེར་ནུབ། །དེས་ན་དམན་པའི་འཇིག་རྟེན་འདི་ནི་སྐྱབས་མེད་དམུས་ལོང་བཞིན། །དམྱལ་བ་ལྟ་བུར་སྡུག་བསྔལ་གྱུར་ཀྱང་འཁྲུལ་པས་བདེ་བར་འཛིན། །ཡི་དགས་ལྟ་བུར་འབྱོར་པས་ཕོངས་ཀྱང་ཕུན་སུམ་ཚོགས་པར་སེམས། །དུད་འགྲོ་ལྟ་བུར་རྨོངས་པར་འགྱུར་ཀྱང་བློ་ཡིས་མངོན་པར་དྲེགས། །ལུས་སྲོག་རླུང་བཞིན་གཡོ་བར་མཐོང་ཡང་འཆི་བའི་འཇིགས་པ་མེད། །དེ་ལྟར་བསྟན་པ་ཉམ་ཆུང་འཁྲུལ་ཞིང་མི་ལུས་ཐོབ་པའི་ཚེ། །དཀའ་བའི་དུས་སུ་ཕྲད་པས་བསྒྲུབས་ན་འབྲས་བུ་མཆོག་ཏུ་འགྱུར། །འགྲོ་ཀུན་བདེ་གཤེགས་སྙིང་པོ་ཡོད་པས་བདག་གཞན་ཕན་པའི་ཕྱིར། །དོན་ལ་བརྟེན་ནས་དུས་དང་སྦྱར་ཏེ་སྒྲུབ་ལ་བརྩོན་པར་བྱའོ། །ཟབ་ཅིང་རྒྱ་ཆེའི་རང་བཞིན་ཐེག་པ་མཆོག་དོན་ལ། །མོས་པ་ཡོད་ཀྱང་རྨོངས་སྡིག་མི་དགེའི་གྲོགས་བཅས་ཀྱིས། །སྤང་དང་བླང་བའི་རང་བཞིན་མངོན་པར་མི་རྟོགས་པས། །དང་པོའི་ལས་ཅན་རྣམས་ལ་རྣམ་བསྡུས་དོན་དུ་འགྱུར། །གང་དག་དབང་པོ་དམན་ཞིང་ཐོས་པས་ཕོངས་པ་དང༌། །རྣལ་འབྱོར་དོན་ལ་བརྩོན་པས་རྒྱས་བཤད་ཡུལ་མིན་དང༌། །མི་ཤེས་ལོག་པར་རྟོག་དང་ཐེ་ཚོམ་བཟློག་པའི་ཕྱིར། །མདོར་བསྡུས་འདི་ནི་བདག་གིས་དྲི་མེད་ལུང་བཞིན་བྲིས། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དོན་ལ་འཇུག་པ་བསྡུས་པ་སློབ་དཔོན་ཤྲདྡྷཱ་ཀ་ར་ཝརྨས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀར་ཝརྨ་དང༌། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བའོ།།

རྡོ་རྗེ་ཐེག་པའི་མཐའ་གཉིས་སེལ་བ།


DTG078_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཐེག་པའི་མཐའ་གཉིས་སེལ་བ་བཞུགས། སངས་རྒྱས་ལ་ཕྱག་འཚལ་ལོ། ཐེག་མཆོག་རྡོ་རྗེའི་ཐེག་པ་ལ། །སྒྲོ་འདོགས་པ་དང་སྐུར་པ་ཡི། །མཐའ་


DTG078_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་རྣམ་པར་སྤང་བའི་ཕྱིར། །གསང་བའི་གྲུབ་མཐའ་དབྱེ་བར་བྱ། །དང་པོར་རེ་ཞིག་ལུང་གི་གསང་སྔགས་ཀྱི་ཐེག་པ་ཐུབ་པའི་བཀའ་ཉིད་དུ་བསྟན་ཏེ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ལས། བསྟན་བཅོས་སམ་རིག་སྔགས་སམ། གསང་སྔགས་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་ཡིན་པར་ཤེས་པར་གྱིས་ཤིག་ཅེས་གསུངས་སོ། །ཡང་འཕགས་པ་གསང་བ་ལུང་བསྟན་པའི་མདོ་ལས། རྒྱུ་ལ་སྦྱོར་བ་རྒྱུ་ཡི་ཆོས། །འཁོར་ལོ་ཤིན་ཏུ་བསྐོར་བྱས་ནས། །འབྲས་བུའི་ཐེག་པ་ཉེ་ལམ་ཞིག །མ་འོངས་པ་ན་འབྱུང་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་འཕགས་པ་ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་དྲུག་ཅུ་མ་འོངས་པའི་དུས་ན་བསྟན་དང་གསང་སྔགས་ལ་མཁས་པ་འབྱུང་བར་འགྱུར་བར་ལུང་བསྟན་ཏེ། དེ་བས་ན་ཐུན་མོང་གི་ལུང་ཉིད་ལས་གསངས་སྔགས་ཀྱི་ཐེག་པ་སངས་རྒྱས་ཀྱི་བཀའ་ཉིད་དུ་གྲུབ་བོ། །རིགས་པས་ཀྱང་གྲུབ་སྟེ། བདེན་པ་རྣམ་པ་གཉིས་ལ་གནས་ཤིང་བདག་དང་གཞན་གྱི་དོན་བསྒྲུབ་པའི་ཕྱིར་རོ། །ད་ནི་གསང་སྔགས་ཀྱི་ཆེ་བ་ཉིད་བརྗོད་པའི་མཚན་བསྟན་ཏེ། དབྱེར་མེད་པ་དང༌། འབྲས་བུ་ཉིད་ལམ་དུ་གྱུར་པ་དང༌། ཐབས་ཀྱི་ཆེ་བ་ཉིད་དང༌། ཤིན་ཏུ་གསང་བར་བྱ་བའི་ཕྱིར་རྡོ་རྗེའི་ཐེག་པ་དང༌། འབྲས་བུའི་ཐེག་པ་དང༌། ཐབས་ཀྱི་ཐེག་པ་དང༌། གསང་བའི་ཐེག་པ་ཞེས་བྱའོ། །དེ་དག་ཀྱང་ཐབས་ཀྱི་ཐེག་པ་ཉིད་ལས་བྱུང་བའི། །དེ་ནི་ཐབས་ཀྱི་ཆེ་བ་ཞེས་བྱ་བ་དེ་ཉིད་ལ་བསྟན་ཏེ། གསངས་སྔགས་ཀྱི་ཐེག་པ་འདི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་དབུ་མ་ལས་ཀྱང་ཁྱད་པར་ཅི་ཡོད་པ་བསྟན་ཏེ། དམིགས་བ་བླ་ན་མེད་པ་ལ་དམིགས་པའི་ཐབས་དང༌། སྒྲུབ་པ་བླ་ན་མེད་པ་དང༌། ཡེ་ཤེས་བླ་ན་མེད་པ་དང༌། བརྩོན་འགྲུས་བླ་ན་མེད་པ་དང༌། གདུལ་བྱ་མ་ལུས་པ་འཛིན་པར་ནུས་པ་དང༌། ཉོན་མོངས་པ་བྱིན་གྱིས་རློབ་པ་དང༌། བྱིན་གྱིས་རློབ་པ་མྱུར་བ་དང༌། མྱུར་དུ་འབྱུང་བ་དང༌། ཉོན་མོངས་པ་སྤོང་བ་དང༌། བསམ་པ་བླ་ན་མེད་པ་དང༌། སྤྱོད་པ་བླ་ན་མེད་པའི་ཐབས་


DTG078_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་སྟེ། དེ་ལྟར་ཐབས་མཁས་པ་ཉིད་རྣམ་པ་བཅུ་གཅིག་གིས་ཁྱད་པར་དུ་འཕགས་སོ། །དེ་ལ་ཇི་ལྟར་ན་དམིགས་པ་བླ་ན་མེད་པ་ལ་དམིགས་པའི་ཐབས་མཁས་པ་ཡིན་ཞེ་ན། ལམ་དེར་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་དང༌། སྡོང་པོ་བཀོད་པ་ལ་སོགས་པ་དམིགས་པ་ཡིན་ལ། ལམ་འདིར་ནི་དེ་དག་ཏུ་མ་གྲགས་པ་དཔལ་དགྱེས་པའི་རྡོ་རྗེ་འབུམ་ཕྲག་ལྔ་པ་དང༌། དཔལ་གཤིན་རྗེ་དགྲ་ནག་པོ་འབུམ་ཉི་ཁྲི་ལྔ་སྟོང་པ་དང༌། དཔལ་ནམ་མཁའ་དང་མཉམ་པ་འབུམ་པ་ལ་སོགས་པ་ཐུན་མོང་མ་ཡིན་པའི་དམིགས་པ་ལ་དམིགས་པའི་ཕྱིར་རོ། །སྒྲུབ་པ་བླ་ན་མེད་པ་ནི་ལམ་དེར་ལུས་ཀྱི་བཀོད་པ་ཐོས་ནས་མངོན་སུམ་མ་ཡིན་པའི་དོན་བྱེད་ནུས་པ་ལྟར་འདིར་ནི་དེར་མ་ཐོབ་པར་ཏིང་ངེ་འཛིན་ཐོབ་པས་མངོན་སུམ་མ་ཡིན་པའི་དོན་བྱེད་པར་ནུས་པའོ། །སེམས་གནས་པར་བྱེད་པའི་ཏིང་ངེ་འཛིན་ཁྱད་པར་ཅན་ལ་བརྟེན་པས། རྒྱུ་དང་ངོ་བོ་ཉིད་དང༌། ལས་དག་ལས་ཡེ་ཤེས་ཀྱི་རྒྱུ་མྱུར་བ་ཉིད་བླ་ན་མེད་པའོ། །དམ་ཚིག་གི་དབང་གིས་བརྩོན་འགྲུས་ཆེན་པོ་རང་དབང་མེད་པར་བརྩམ་པས་བརྩོན་འགྲུས་བླ་ན་མེད་པའོ། །རིགས་ངན་སྨེ་ཤ་ཅན་ལ་སོགས། །གསོད་པ་དོན་དུ་གཉེར་བ་ཡང༌། །ཞེས་བྱ་བ་ལ་སོགས་པས་གདུལ་བྱ་ཐེག་པ་གཞན་ལས་སྤངས་པ་ཡང་འདིར་སྣང་བས་ན་གདུལ་བྱ་མ་ལུས་པ་འཛིན་པར་ནུས་པའོ། །ལྷའི་ཁ་དོག་དབྱིབས་ཀྱི་དམ་ཚིག་དང་ཐམས་ཅད་ཡུལ་ཁྱད་པར་ཅན་དུ་བྱས་པས་ཉོན་མོངས་པ་རང་བཞིན་གྱིས་སྤོང་བས་ཉོན་མོངས་པ་སྤོང་བ་བླ་ན་མེད་པའོ། །མཆོད་པའི་རང་བཞིན་དང་བདེ་བ་ལ་བརྟེན་པའི་རྫོགས་པའི་རིམ་པས་ཉོན་མོངས་པ་བྱིན་གྱིས་རློབ་པའོ། །ལམ་དེར། དེ་བཞིན་གཤེགས་པས་དབང་བསྐུར་བ། །ས་ལ་ཞུགས་ནས་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟ་བུ་མ་ཡིན་གྱིས། ཐབས་མཁས་པ་ལ་བརྟེན་པས་ད་ལྟ་ཉིད་དུ་ནས། དེ་བཞིན་གཤེགས་པ་རྣམས་བྱིན་གྱིས་རློབ་པས་ན་བྱིན་གྱིས་རློབ་པ་མྱུར་བའོ། །སྔ་མ་དང་ཕྱི་མའི་ཁྱད་པར་ལ་གནས་པ་དེ་ནི་ཆེས་མྱུར་བར་འཁོར་བ་ལས་འབྱུང་བས་ན་མྱུར་དུ་འབྱུང་བ་སྟེ། དཔལ་མཆོག་དང་པོ་དང་གསང་བའི་


DTG078_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ལས་ཇི་སྐད་གསུངས་པ། བྱང་ཆུབ་སེམས་དཔའ་ཚེ་བཅུ་དྲུག་གིས་དེ་བཞིན་གཤེགས་པའམ་རྡོ་རྗེ་འཆང་བའི་དངོས་གྲུབ་ཐོབ་པོ་ཞེས་པ་དང༌། དེ་ཡིས་སྐྱེ་བ་བདུན་ལ་ནི། །མ་བསྒྲུབས་པར་ནི་དངོས་གྲུབ་འཐོབ། །ཅེས་སོ། །ཡང་གཞན་ལས། སངས་རྒྱས་ཚེ་གཅིག་གིས་འཐོབ་བོ། །ལ་སོགས་པ་གསུངས་པའོ། །བསམ་པ་བླ་ན་མེད་པ་ནི། །སྐུ་གསུང་ཐུགས་ལ་སྦྱོར་བ་སྟེ། །དེ་ཡང་སྐུ་ལ་སྦྱར་བས་ནི་ཡོན་ཏན་བཞི་བསྐྱེད་དེ། ཐ་མལ་པའི་སྤྲོས་པའི་བག་ཆགས་མྱུར་དུ་ལྡོག་པ་དང༌། ལས་ཀྱི་རྣམ་པར་སྨིན་པ་མྱུར་དུ་འདོད་པ་དང༌། བསོད་ནམས་ཀྱི་ཚོགས་ཆེན་པོ་སྐྱེ་བ་དང༌། ཆོས་བདག་མེད་པ་ལ་རང་བཞིན་གྱིས་འཇུག་པའོ། །དེ་ཡང་ཇི་ལྟར་ཞེ་ན། ཐ་མལ་པའི་རྟོགས་པ་བཟློག་སྟེ་སངས་རྒྱས་ཀྱི་སྐུ་ལ་གནས་པས་ཐོག་མ་མེད་པའི་དུས་ཅན་གྱི་ལུས་དང་མིང་དང་རིགས་ལ་སོགས་པའི་རྟོག་པ་མྱུར་དུ་ལྡོག་པའོ། །ལྷའི་སྐུ་དེ་ནི་ཞི་གནས་དང་ལྷག་མཐོང་དུ་འབྲེལ་པའི་ལམ་གྱི་མཆོག་ཡིན་ལ། ཏིང་ངེ་འཛིན་དེ་གཉིས་ཐོབ་ན་སྔོན་གྱི་ལས་ཀྱི་འབྲས་བུ་མྱུར་དུ་ལྡོག་པ་སྟེ། ཇི་སྐད་དུ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས། རྣམ་པར་སྨིན་པ་འདིར་སྨིན་པ། །ལས་རྣམས་ཀྱི་ནི་འབྲས་བུ་ཐོབ། །གང་གི་ཚེ་ན་གྲུབ་པ་ཐོབ། །དེ་ཡི་ཚེ་ན་ལས་རྣམས་བཟློག །སེམས་ནི་རང་དངོས་མེད་ཕྱིར་དང༌། །འབྲས་བུ་རྒྱུ་རྣམས་སྤངས་པའི་ཕྱིར། །ལས་ཀྱི་སྐྱེ་བ་རྣམས་ལས་ཐར། །སྐྱེ་བ་ནམ་མཁའ་ལྟ་བུ་ཡིན། །ཞེས་གསུངས་སོ། །སངས་རྒྱས་རྗེས་སུ་དྲན་པ་དང༌། སངས་རྒྱས་ལ་ཤེས་ནས་དད་པར་འགྱུར་བ་དང༌། ལོངས་སྤྱོད་རྣམས་རྟག་ཏུ་མངོན་པར་འགྱུར་བས་བསོད་ནམས་ཀྱི་ཚོགས་ཆེན་པོ་སྐྱེ་བའོ། །ལྷའི་སྐུ་བསྒོམ་པ་མངོན་དུ་གྱུར་པ་ན་ཆོས་ཐམས་ཅད་རང་གི་སེམས་སྣང་བ་ཙམ་དུ་ཤེས་པར་འགྱུར་བ་ལ། ཡང་སེམས་དེ་ཡང་མ་གྲུབ་པར་ཤེས་པ་འབྱུང་བའི་ཕྱིར་དང༌། གཞན་ཡང་བསོད་ནམས་དང་ལྡན་པའི་སེམས་ཀྱི་རྒྱུད་ལ་ཡེ་ཤེས་སྐྱེ་བས་ན་བསོད་ནམས་ཉིད་ཡེ་ཤེས་ཀྱི་རྒྱུ་ལྟ་བུར་གནས་པ་སྟེ། ཇི་སྐད་དུ་འཕགས་པ་རྒྱ་ཆེར་རོལ་པ་ལས། བཅོམ་ལྡན་འདས་བྱང་ཆུབ་ཆེན་པོ་བརྙེས་ནས་གསུངས་པ། བསོད་ནམས་ལྡན་པའི་མི་ཡིས་བསམ་པ་རྣམས་ཀྱང་


DTG078_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ། །ཅེས་པ་ལ་སོགས་པ་བསོད་ནམས་ཉིད་སངས་རྒྱས་པའི་རྒྱུར་བསྔགས་པའོ། །དེ་བས་ལྷའི་བསྒོམ་པ་དེ། ཆོས་བདག་མེད་པའི་དོན་ལ་རང་བཞིན་གྱིས་འཇུག་པར་བྱེད་དོ། །གསུང་ལ་སྦྱར་བས་ནི་ཡོན་ཏན་བཅུ་གཉིས་སྐྱེད་དེ། རྒྱལ་བའི་བཀའ་དམ་པ་བཏོན་པར་འགྱུར་བ་དང༌། ཆོས་རྗེས་སུ་དྲན་པར་འགྱུར་བ་དང༌། ཆོས་ལ་ཤེས་ནས་དད་པར་འགྱུར་བ་དང༌། ངག་བདེན་པའི་ཚིག་འགྲུབ་པ་དང༌། ཤེས་རབ་དང་ལྡན་པའི་ཐབས་དང་ཡེ་ཤེས་དང་དྲན་པ་ཐོབ་པ་དང༌། ཏིང་ངེ་འཛིན་རྩེ་གཅིག་པ་འཐོབ་པ་དང༌། འཕགས་པ་མཆོད་པར་འགྱུར་བ་དང༌། འགྲོ་བའི་དོན་བྱས་པར་འགྱུར་བ་དང༌། ལྷ་ཉེ་ཞིང་གྲུབ་པ་མྱུར་བར་འགྱུར་བ་དང༌། ཆོས་ཐམས་ཅད་ཡི་གེའི་སྒྱུ་འཕྲུལ་དུ་དབང་སྒྱུར་བར་འགྱུར་བ་དང༌། སྒྲ་ཐམས་ཅད་བྲག་ཅ་དང་འདྲ་བའི་ཤེས་པ་སྐྱེ་བ་དང༌། ཆོས་བདག་མེད་པ་ལ་རང་བཞིན་གྱིས་འཇུག་པར་འགྱུར་བའོ། །དེ་ཡང་ཇི་ལྟར་ཞེ་ན། དེ་བཞིན་གཤེགས་པའི་གསང་བའི་སྙིང་པོའི་འབྲུ་གཅིག་པ་ཞིག་ལན་ཅིག་བཏོན་པས་ཟབ་ཅིང་རྒྱ་ཆེ་བའི་མདོ་སྡེ་དག་བཏོན་པས་ཀྱང་བསྐྲུན་དུ་མེད་པའི་ཡོན་ཏན་འཐོབ་པས་ན་བཀའ་དམ་པ་བཏོན་པའི་ཡོན་ཏན་ཡོད་དོ། །གསང་སྔགས་ཀྱི་མཐུ་ཡང་དང་ཡང་དུ་དྲན་པར་འགྱུར་བ་དང༌། དེའི་མཐུ་ལ་ཡིད་ཆེས་ཤིང་དང་བའི་དད་པ་འབྱུང་བས་ན་ཆོས་རྗེས་སུ་དྲན་པ་དང༌། ཆོས་ལ་ཤེས་ནས་དད་པར་འགྱུར་བའོ། །བཟླས་པ་གྲུབ་པའི་གསང་སྔགས་ཀྱི་ཚིག་ལས་སུ་ཡང་མི་འདའ་བས་ན། ངག་བདེན་པའི་ཚིགས་གྲུབ་པའོ། །གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དག་གི་མཐུ་ནི་ཤེས་རབ་དང་ཐབས་དང༌། ཤེས་རབ་དང་ཡེ་ཤེས་དང༌། ཤེས་རབ་དང་དྲན་པ་ཐོབ་པར་བྱེད་པས་ན་ཡོན་ཏན་དེ་གསུམ་ཐོབ་པའོ། །དེ་ཡང་ལྷ་ཕོའི་ནི་གསང་སྔགས། མོའི་ནི་རིག་སྔགས། སྔགས་གཅིག་ཉིད་ལྷ་ཕོ་མོ་གཉི་གའི་སྔགས་སུ་འགྱུར་བ་ནི་གཟུངས་སྔགས་སོ། །ཡང་སྔགས་གཅིག་ཉིད་ལ་དེ་གསུམ་ཆར་ཚང་བ་དང༌། ལྷ་གཅིག་ཉིད་ལ་སྔགས་དེ་གསུམ་ཆར་ཚང་བ་ཡང་ཡོད་ལ། རིག་སྔགས་དང་གཟུངས་སྔགས་གཉི་ག་ལྷ་མོར་གཞག་པ་ཡང་ཡོད་པས་ཐམས་ཅད་དུ་ནི་གཅིག་


DTG078_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མ་ངེས་སོ། །བཟླས་པའི་སྔགས་ཀྱི་རྣམ་པར་རྟོག་པའི་རྣམ་པ་བློ་ལ་སྣང་བ་རྩེ་གཅིག་པ་དེ་རྡོ་རྗེ་བཟླས་པ་ལ་སོགས་པས་ཐོབ་པ། དེ་ཐོབ་པ་ནི་ཏིང་ངེ་འཛིན་རྩེ་གཅིག་པ་ཡིན་པས་ན། ཡོན་ཏན་དེ་ཐོབ་བོ། གསུང་ཡིག་འབྲུ་ལས་འོད་ཟེར་འཕྲོས་པས་མཆོད་པར་གྱུར་པ་དེས་འཕགས་པ་མཆོད་པ་དང༌། འགྲོ་བའི་དོན་ཅི་རིགས་སུ་བྱེད་པས་ན་ཡོན་ཏན་དེ་གཉིས་འགྲུབ་པོ། །སྤྲོ་བསྡུ་དང་བཟླས་པའི་མཐུས་སྒྲིབ་པ་བྱང་ཞིང་སྒྲིབ་པ་བྱང་བ་ན་ཉེ་བར་བྱ་བ་ཉེ་ཞིང་བསྒྲུབ་པར་བྱ་བ་འགྲུབ་པས་ན་ལྷ་ཉེ་ཞིང་གྲུབ་པ་མྱུར་བའི་ཡོན་ཏན་འཐོབ་བོ། །གསུང་ཡིག་འབྲུ་ལ་དམིགས་པ་ཐོབ་པ་ནི་སྣང་བ་ཐམས་ཅད་ཡི་གེའི་རང་བཞིན་དུ་མཐོང་བ་དང༌། ཡི་གེའི་སྒྱུ་འཕྲུལ་སྟོན་པར་ནུས་པས་ན་ཆོས་ཐམས་ཅད་ཡི་གེའི་སྒྱུ་འཕྲུལ་དུ་དབང་སྒྱུར་བར་ནུས་པའི་ཡོན་ཏན་འཐོབ་བོ། །བཟླས་པ་བྱེད་པའི་དམ་ཚིག་ནི་སྒྲ་ཉིད་བྲག་ཅ་ལྟ་བུར་ཤེས་པར་བྱ་བ་ཡིན་པས་ན་རང་བཞིན་གྱིས་འདྲིས་པའི་དབང་ལས་སྒྲ་ཐམས་ཅད་བྲག་ཅ་ལྟར་ཤེས་པའི་ཡོན་ཏན་འགྲུབ་བོ། །བཟླས་པའི་དམིགས་པ་ཐོབ་པ་ན་ཆོས་ཐམས་ཅད་རང་གི་སེམས་སྣང་བ་ཙམ་དུ་ཤེས་པར་འགྱུར་ལ། སེམས་དེ་ཡང་རང་བཞིན་མེད་པར་ཤེས་པར་འགྱུར་བའི་ཕྱིར་དང༌། སྙིང་པོ་འདི་ལན་ཅིག་བརྗོད་པས་ཀྱང་སྡིག་པ་ཐམས་ཅད་ངེས་པར་བསྲེག་གོ་ཞེས་བྱ་བ་ལ་སོགས་པ་གསུངས་པས་ན། བཟླས་པ་ནི་སྒྲིབ་པ་ཟད་པར་བྱེད་ལ། དེ་ཟད་པ་ན་དེའི་སེམས་ལ་རང་བཞིན་གྱིས་ཡེ་ཤེས་སྐྱེ་བ་སྟེ། དེ་བས་ན་བདག་མེད་པའི་དོན་ལ་རང་བཞིན་གྱིས་འཇུག་པའི་ཡོན་ཏན་འགྲུབ་པོ། །ཐུགས་ལ་གནས་པས་ནི་ཡོན་ཏན་ཐམས་ཅད་བསྐྱེད་པ་སྟེ། དེ་ཡང་སྔགས་པ་དག་གི་ཐུགས་ལ་སྦྱོར་བ་ནི། དུས་དང་གནས་སྐབས་ཐམས་ཅད་དུ་ཆོས་ཐམས་ཅད་སྒྱུ་མ་དང་འདྲ་བར་བལྟ་བ་དང༌། མི་འབྲལ་བར་གནས་པ་ཡིན་ཏེ། ཇི་སྐད་དུ་གསུངས་པ། མང་དུ་སྨྲ་བ་ནི་འདིར་ཅི་དགོས། རྡོ་རྗེ་ཐེག་པའི་དེ་ཉིད་ནི། །རྣལ་འབྱོར་པ་ཡིས་གང་གང་དམིགས། །དེ་དང་དེར་ནི་སྒྱུ་མར་བལྟ། །ཞེས་སོ། །དེ་ལྟར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་ལ་སྒྱུ་མ་དང་འདྲ་བར་བལྟ་བ་དང༌། མ་བྲལ་བས་


DTG078_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པ་ཚེགས་མེད་པར་སྤོང་བ་དང༌། དགེ་བ་ལ་རློམ་སེམས་ལ་སོགས་པ་འདོར་ལ། དེ་ཉིད་ཀྱིས་དེའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་མ་ལུས་པ་ཐོབ་པས་ན་ཐུགས་ལ་གནས་པའི་ཡོན་ཏན་དེ་འཐོབ་བོ། །དེ་ལྟ་ན། དེ་ཉིད་དབུ་མ་དག་ཀྱང་འདོད་པ་ཉིད། །བདག་ནི་མཉམ་པར་གཞག་ཅེའམ་ལངས་ཞེས་རློམ་སེམས་མེད། །ཅེས་པ་དང༌། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་རྒྱལ་བས་དེ་འདྲར་གསུངས། །ཞེས་བྱ་བ་ལ་སོགས་པས་དུས་དང་གནས་སྐབས་ཐམས་ཅད་དུ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་སྒྱུ་མ་དང་འདྲ་བར་བལྟ་བར་གསུངས་ཀྱི་དེ་ལས་གཞན་དུ་མ་ཡིན་ནོ་ཞེ་ན། དེ་ནི་བདེན་མོད་ཀྱི་འོན་ཀྱང་ལམ་དེར་ནི་སྔོམ་པའི་དབང་དུ་བྱས་ཏེ། དེ་ལྟར་མ་བལྟས་ན་སྡོམ་པ་འདི་ཉམས་པ་ཞེས་མ་བཞག་ལ། དེ་ཉིད་ཀྱིས་ད་དག་ཤིན་ཏུ་གཡེལ་བས་བརྒྱ་ལམ་ན་ཤེས་པ་དེ་འབྱུང་བ་དང་འདྲ་བ་ཡིན་ལ། ལམ་འདིར་ནི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལས་ཤེས་པ་དེ་དང་མ་བྲལ་ན་ཐུགས་ཀྱི་དམ་ཚིག་ལས་ཉམས་པར་བཞག་པས་ན་དམ་ཚིག་ཉམས་པས་འཇིགས་པ་བསྐུལ་ཏེ། རྟག་ཏུ་ཏིང་ངེ་འཛིན་དེ་དང་འབྲལ་བར་མི་བྱེད་ཅིང་བྲལ་བར་སྤྱད་པས་ནི་ཡང་བག་ཡོད་པས་སྡོམ་ཞིང་འཆགས་པ་ལ་ཡང་སྦྱོར་བ་ན་རྟག་ཏུ་མི་འབྲལ་བ་སྟེ། དེ་བས་ན་ཇི་ལྟར་དེ་བཞིན་གཤེགས་པའི་ཐུགས་དངོས་པོར་འཛིན་པ་ལས་རྟག་པར་དབེན་པ་ལྟར་སྔགས་པའི་ཤེས་པ་ཡང་རྟག་པར་དངོས་པོར་འཛིན་པ་ལས་གྲོལ་ཞིང་སྒྱུ་མ་དང་འདྲ་བར་རང་བཞིན་གཅིག་པ་ལས་མི་ཕྱེད་པས་འདི་རྡོ་རྗེའི་ཐེག་པ་ཞེས་བྱ་ལ། ལམ་གཞན་པས་མྱུར་བ་ཡང་ཡིན་ནོ། །དེ་བས་ན་ཐེག་པ་ཆེན་པོ་འདི་ནི་དབང་པོ་རྣོན་པོའི་དབང་དུ་བྱས་པ་ཡིན་ནོ། །དེའི་ཕྱིར་གསུངས་པ། རྒྱལ་བའི་གཞི་རྣམས་མ་ཐོབ་ཀྱང༌། །ཡིད་བརྟན་པར་ནི་འགྱུར་མ་ཡིན། །ཇི་སྲིད་ས་བརྒྱད་ལ་གནས་པར། །ཐེག་པ་དམན་འཇིགས་དེ་ལ་ཡོད། །གསང་བའི་དཀྱིལ་འཁོར་ཆེན་པོ་འདིར། །རྒྱལ་བའི་སྲས་པོ་རབ་ངེས་ན། །ཡིད་ངེས་པར་ནི་གྱུར་པ་ཡིས། །ཐེག་


DTG078_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེ་ལ་གཞོལ་བ་ཡིན། །ཞེས་སོ། །སྤྱོད་པ་བླ་ན་མེད་པ་ནི་མི་མཐུན་པའི་སྤྱོད་པ་གསུམ་སྤངས་པ་སྟེ། དེ་ལ་ནུས་པ་ཆུང་བར་བྱེད་པའི་སྤྱོད་པ་ནི། དཀའ་ཐུབ་སྡོམ་པ་མི་ཟད་པ། །བསྟེན་པས་གྲུབ་པར་མི་འགྱུར་གྱི། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །བརྟེན་ནས་མྱུར་དུ་འགྲུབ་པར་འགྱུར། །ཞེས་གསུངས་པ་སྟེ། ལུས་འདི་ནི་ཤིན་ཏུ་གསོས་ཤིང་སྟོབས་ཡོད་པར་བྱས་ལ་ཡིད་ཤིན་ཏུ་དགའ་བར་བྱས་ཏེ། དེ་ནས་དེ་གཉིས་ཤིན་ཏུ་དྲག་པར་དགེ་བ་སྤྱད་པས་ཚར་གཅད་ཀྱིས། ལུས་ཉམ་ཆུང་བ་དང་ཡིད་མི་དགའ་བས་ནི་རྣལ་འབྱོར་ག་ལ་འགྲུབ། བློའི་སྟོབས་ཆུང་བ་དག་ནི་ལུས་ཤིན་ཏུ་གསོས་ཤིང་སྟོབས་ཅན་དུ་བྱས་ཀྱང་དགེ་བས་ཚར་གཅོད་པར་མི་ནུས་ཀྱི། འདོད་ཆགས་ཀྱི་མཐའ་ལ་སོགས་པར་གྱུར་དུ་དོགས་ནས་སྦྱངས་པའི་ཡོན་ཏན་ལ་སོགས་པ་བསྟེན་པར་གསུངས་སོ། །འདིར་ནི་བློའི་སྟོབས་ཡོད་པ་དག་ལ་དགོངས་པས་ལོངས་སྤྱོད་ཉིད་གནང་ངོ༌། །དགེ་བས་ཚར་གཅོད་པར་མི་ནུས་པ་ནི་སྔགས་པ་ཉིད་ཀྱང་མ་ཡིན་ནོ། །ལོངས་སྤྱོད་ཀྱང་མ་གནང་བ་ཉིད་ཡིན་ནོ། །གཡེང་བར་བྱེད་པའི་སྤྱོད་པ་ནི། །གལ་ཏེ་བྱང་ཆུབ་མཆོག་འདོད་ན། །གླེགས་བམ་བཀླག་པར་མི་བྱ་ཞིང༌། །མཆོད་རྟེན་བསྐོར་བ་མི་བྱའོ། །བྱས་ན་བྱང་ཆུབ་རྙེད་པར་དཀའ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པའི་འབྲས་བུ་བྱང་ཆུབ་སྒྲུབ་པ་ལ་རྒྱུའི་གཙོ་བོ་ནི། སེམས་ཡིན་པས་དང་པོར་ནི། སེམས་ཚར་གཅད་ཅིང་བྱ་བ་གཞན་གཙོར་མི་བྱའོ། །སེམས་ལ་དབང་མ་ཐོབ་པ་དག་ནི་གླེགས་བམ་བཀླག་པ་ལ་སོགས་པ་ལུས་དང་ངག་གི་བྱ་བ་སྤྱོད་པ་ན་སེམས་གཡེང་བར་འགྱུར་བས་བྱ་བ་ཐམས་ཅད་བཏང་སྟེ། ཅི་བདེར་གནས་པས་སེམས་ལེགས་པར་བལྟ་སྟེ། སེམས་ཀྱི་དམིགས་པ་ཐོབ་ནས་ཉོན་མོངས་པ་རགས་པ་གཅོད་པའི་དབང་ཐོབ་པ་ན་བྱ་བ་ཕྱི་རོལ་པ་སྤྱད་པའམ། ཡང་ན་སེམས་སྟོང་པ་ཉིད་འབའ་ཞིག་བསྒོམ་པས་ཆོག་གི་ལུས་དང་ངག་གི་བྱ་བ་ནི་དགོས་ཏེ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས། མཚན་མར་བཅས་པས་མཚན་བཅས་ཀྱི། །དངོས་གྲུབ་རྒྱལ་བ་དམ་པ་བཞེད། །མཚན་མ་མེད་ལ་གནས་པ་ནི། །མཚན་མར་བཅས་པའང་


DTG078_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཏུ་རུང༌། །དེ་བས་རྣམ་པ་ཐམས་ཅད་དུ། །མཚན་མ་མེད་ལ་གནས་པར་བྱ། །ཞེས་གསུངས་སོ། །སློབ་དཔོན་ཡེ་ཤེས་སྙིང་པོས་ཀྱང་བདེན་པ་གཉིས་རྣམ་པར་འབྱེད་པའི་འགྲེལ་པ་ལས། ཆོས་ཀྱི་དབྱིངས་རྟོགས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་བོས་པ་བཞིན་དུ་འདུ་སྟེ། ཟད་པ་ཤེས་པ་ཟག་བཅས་ཀྱང༌། །ཞེས་པའི་ལུང་དང་ལྡན་པར་བཤད་དོ། །དེ་བས་ན། བདག་གི་ཉོན་མོངས་པ་སྤང་བ་དང༌། གཞན་གྱི་དོན་རྩོལ་བ་དང་བཅས་པ་འབྱུང་བར་བྱ་བ་ལ་ནི་སྟོང་པ་ཉིད་འབའ་ཞིག་བསྒོམ་པའམ། དང་པོར་སེམས་འབའ་ཞིག་དབང་དུ་བྱས་ལ་དེའི་རྗེས་ལ་བྱ་བ་གཞན་སྤྱད་པ་འདི་ནི་ཐབས་ཀྱི་མཆོག་གོ །འདི་ནི་ཀྲྀ་ཡ་དང༌། ཡོ་ག་དང༌། ཨུ་པ་ཡོ་ག་དག་ལ་མེད་པས། རྣལ་འབྱོར་ཆེན་པོའི་ཚུལ་སྤྱོད་པ་རྣམ་པ་གསུམ་ལས་སྤྲོས་པ་མེད་པའི་སྤྱོད་པའམ། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་དང་མཐུན་པའོ། །དངོས་པོར་འཛིན་པའི་སྤྱོད་པ་ནི། །ཤ་ལྔ་དང་ནི་བདུད་རྩི་ལྔ། །རྣམ་རྟོག་སྤང་ཕྱིར་ཅི་རིགས་བསྟེན། །ཞེས་བརྗོད་པ་སྟེ། འདི་ནི་གཙང་བའོ། །འདི་ནི་མི་གཙང་བའོ་ཞེས་རྟོག་པ་ཉིད་འཆིང་བ་ཡིན་པའི་ཕྱིར་སྡིག་པ་མེད་པའི་ཤ་ཤིན་ཏུ་སྨད་པ་མི་དང་རྟ་དང༌། བ་ལང་དང༌། ཁྱི་དང༌། གླང་པོ་ཆེ་དག་དང༌། ཐབས་ཀྱིས་ཟིན་པར་སྤྱོད་པ་དག་གིས་འཆི་བ་ཟློག་པའི་བདུད་རྩི་ཁུ་བ་དང༌། ཁྲག་དང༌། བཤང་བ་དང༌། གཅི་བ་དང༌། མིའི་ཤ་དག་ཅི་རིགས་པའི་ཚུལ་གྱིས་སྟོང་པར་བསམ་ཞིང༌། ཡང་དེ་དག་ཉིད་ལྷའི་བདུད་རྩི་ལྟར་བསམས་ནས། ཆགས་པ་མེད་པར་སྤྱད་ན་རིམ་གྱིས་མི་གཙང་བ་དང༌། གཙང་བའི་རྣམ་པར་རྟོག་པ་མི་འབྱུང་ལ། དེའི་ཚེ་ཆོས་ཐམས་ཅད་ལ་ཐ་དད་པའི་རྟོག་པ་འབྱུང་བ་བརྫུན་ཡིན་པར་ངེས་པའི་ཤེས་པ་འབྱུང་བ་དང༌། མི་མ་ཡིན་པ་ཁ་ཅིག་དེ་ཉིད་ཀྱིས་དེ་ལ་ཡོངས་སུ་དགའ་བ་འབྱུང་ཞིང་ཆོས་བཞིན་དུ་སྐྱོབ་པ་དང་དེའི་གདམས་ངག་འཛིན་པར་འགྱུར་བ་ཡོད་དོ། །ཤ་ལྔ་བདུད་རྩི་ལྔ་ནི་མཚོན་པ་སྟེ། ཡུལ་གང་ན་ཤ་ལ་སོགས་པ་མི་གཙང་བར་འཛིན་པ་དེ་དག་དེ་ཉིད་ལ་མ་ཆགས་པར་སྤྱོད་དོ། །མཉམ་པའི་ཤེས་པ་མཐོང་བ་ན་བདག་གི་


DTG078_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་དེ་དག་སྤྱད་པར་བྱ་མི་དགོས་སོ། །འདི་ནི་སྤྱོད་པས་མྱུར་བའོ། །དེ་ལྟར་ཐབས་མཁས་པ་བཅུ་གཅིག་པོ་འདི་དག་གིས་འཕགས་པ་ན་འདི་ཐབས་ཀྱི་ཐག་པ་ཞེས་བྱའོ། །ཐེག་པ་ཆེན་པོའི་ཡང་ཆེན་པོ་ཞེས་བྱའོ། །ཐབས་མྱུར་བ་དང༌། སླ་བ་དང༌། མང་བ་དང༌། མཁས་པ་ཞེས་བྱའོ། །གང་ཡག །དོན་གཅིག་ཉིད་ནའང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་ཕྱིར་དང༌། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། །ཞེས་བཤད་པ་དང༌། དམིགས་པ་རྣམ་པར་དག་པ་དང༌། །གྲོགས་ཀྱི་མཐུ་དང་སྤྱོད་པ་ཡིས། །བློ་ལྡན་རྣམས་ཀྱི་ཐེག་པ་ནི། །ཆེན་པོའི་ཆེན་པོ་ཉིད་དུ་བསྒྲགས། །ཞེས་པ་ལ་སོགས་པས་ཐེག་པ་འདིའི་ཆེ་བ་ཉིད་བརྗོད་པ་ཡང་ཚུལ་སྔ་མ་དག་ཉིད་དུ་འདུས་པར་བལྟའོ། །མདོར་བསྡུས་པ་འདི་བརྗོད་དེ། གསང་སྔགས་ནི་གཉིས་ཏེ། ངོ་བོ་ཉིད་ཀྱི་གསང་སྔགས་ཐབས་དང་ཤེས་རབ་གཉིས་སུ་མེད་པ་དང༌། བཏགས་པའི་གསང་སྔགས་ལྷ་དང་སྔགས་དང་ཕྱག་རྒྱ་དང་ཕྲིན་ལས་དང་ཏིང་ངེ་འཛིན་གྱི་ཚོགས་དང་མཆོད་པ་དང༌། བསྟོད་པ་ལ་སོགས་པའོ། །དེའི་དབང་གིས་གདུལ་བྱ་ཡང་གཉིས་ཏེ། མཆོག་དང་མཆོག་མ་ཡིན་པའོ། །མཆོག་གིས་ནི་སྔར་བཤད་པའི་ཐབས་བཅུ་གཅིག་པོ་མ་ལུས་པ་བསྒྲུབ་པོ། །མཆོག་མ་ཡིན་པས་ན་རེ་ཞིག་རྣམ་པར་བྱང་བའི་སྒོ་ཁྱད་པར་ཅན་ལ་ཞུགས་པ་ཙམ་ལས་ཐབས་དེ་དག་བསྒྲུབ་པར་ནུས་པ་མ་ཡིན་ནོ། །འོན་ཀྱང་དེ་ལ་ཡང་བརྙས་པར་མི་བྱ་སྟེ། ཇི་ལྟར་གསུངས་པ། དཔེར་ན་མར་གྱིས་གང་བའི་སྣོད། །མེ་ཡི་དབུས་སུ་བཞག་གྱུར་ན། །མར་སར་སྟེང་དུ་ཞུ་འགྱུར་ཞིང༌། །སྣོད་ཀྱི་དྲི་མ་འཇིག་པར་འགྱུར། །དེ་བཞིན་ཤྲཱི་ཧེ་རུ་ཀ་ཡི། །མཚན་གྱིས་སྡིག་པ་འཇིག་པར་འགྱུར། །ཞེས་དཔལ་བདེ་མཆོག་ཕྱི་མའི་ཕྱི་མ་ལས་སོ། །འདི་ནི་སྐུར་པ་སྤང་བའོ། །འབྲས་བུ་ཡང་དག་པར་འགྲུབ་པ་དང༌། ལས་ལ་ནི་ཁྱད་པར་མེད་དེ། ཇི་སྲིད་ནམ་མཁའ་ཁྱབ་བར་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱིས་ཁྱབ་ལ། ཇི་སྲིད་ཡེ་ཤེས་ཀྱིས་ཁྱབ་པ་དེ་སྲིད་སྐུས་ཁྱབ་པའི་ཕྱིར་དང༌། དང་པོ་སེམས་ཅན་མ་ལུས་པ་དང༌། ཞིང་མ་ལུས་པ་སྦྱང་པའི་ཕྱིར་ཞུགས་པ་དང༌། སྤངས་པ་དང༌། ཡེ་ཤེས་ལ་ཁྱད་མེད་པ་དང༌།


DTG078_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་པའི་གནས་སྐབས་ན་ཡང་ས་དང་པོ་མན་ཆད། བགྲོད་པ་ཐ་དད་པ་སྲིད་ཀྱང༌། ས་དང་པོ་ཆོས་ཀྱི་དབྱིངས་མཐོང་ནས། ལམ་མ་ལུས་པ་རང་བཞིན་གྱིས་ངེས་པར་ཤེས་པའི་ཕྱིར་རོ། །འདི་ནི་སྒྲོ་འདོགས་པ་སྤང་བའོ། །དེ་ལྟར་གཞུང་འདི་བཀོད་པས་བདག །སྤྲོས་དང་བྲལ་བའི་གནས་ཐོབ་ཤོག །འགྲོ་བའང་མཐའ་གཉིས་བྲལ་བ་ཡི། །ལམ་དུ་མྱུར་དུ་འཇུག་པར་ཤོག །རྡོ་རྗེ་ཐེག་པའི་མཐའ་གཉིས་སེལ་བ་ཞེས་བྱ་བ་སློབ་དཔོན་ཛྙཱ་ན་ཤྲིས་བཀོད་པ་རྫོགས་སོ།།

དེ་ཉིད་མཐོང་བའི་ལམ་ཞེས་བྱ་བ།
ཡེ་ཤེས་རྡོ་རྗེ།


DTG078_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཏཏྟྭ་མཱརྒཱ་དཪྴ་ན་ནཱ་མ། བོད་སྐད་དུ། དེ་ཉིད་མཐོང་བའི་ལམ་ཞེས་བྱ་བ། སྤྱན་རས་གཟིགས་མགོན་དེ་ལ་ཕྱག་འཚལ་ལོ། །ཞི་ཞིང་འབྱོར་པ་འགྲོ་མགོན་ཐུགས་རྗེ་ཅན། །རི་ཁྲོད་ཞབས་ལ་གུས་པས་ཕྱག་འཚལ་ཏེ། །སྟོན་ལས་རྗེ་ཡིས་བྱིན་བརླབས་རྒྱུད་ཀྱི་དོན། །ཞབས་ཀྱི་རྡུལ་ལ་མ་རེག་ཆོས་འདི་ནི། །དད་བརྩོན་ལྡན་དང་བདག་ཉིད་བརྗེད་འཇིགས་པས། །དེ་ཉིད་མཐོང་བའི་ལམ་འདི་འདིར་བཤད་བྱ། །ཐམས་ཅད་མཁྱེན་པས་འདི་གསུངས་པ། །གདུལ་བྱའི་རིམ་པས་གཞག་པ་སྟེ། །དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །དེ་ནས་བྱེ་བྲག་སྨྲ་ལ་བསླབ། །མདོ་སྡེ་པ་ཡང་དེ་ནས་བསྟན། །རྣལ་འབྱོར་སྤྱོད་པ་དེ་བཞིན་ཏེ། །དེ་ནས་དབུ་མ་པ་ཡང་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དགྱེས་པའི་རྡོ་རྗེའི་དབང་བསྐུར་སྦྱིན། །དགྱེས་རྡོར་རྒྱུད་ནས་དེ་བསྟན་པས། །གསོ་སྦྱོང་གནས་བཅུ་བྱེ་བྲག་དང༌། །ཆུང་བའི་མདོ་སྡེ་ཉན་ཐོས་ལམ། །ཐེག་པ་ཆེན་པོའི་མདོ་སྡེ་དང༌། །རྣལ་འབྱོར་སྤྱོད་དང་དབུ་མའི་ཆོས། །སྔགས་གཞན་དགྱེས་རྡོར་བརྗོད་པ་ཉིད། །བདེ་བའི་ལམ་དང་འབྲས་བུར་བསྔགས། །དེ་ལ་དང་པོ་ཉན་ཐོས་དང་རང་སངས་རྒྱས་པ་དབང་པོ་རྣོན་པོས། མདོ་དང་འདུལ་བ་ལྟར་ཡང་ཤེས་པར་བྱའོ། །འདིར་རྒྱུད་ལྟར་སྐལ་བ་དང་ལྡན་པས་བླ་མ་མཉེས་པས་བསྒྲུབ་སྟེ། དེ་ཡང་དང་པོ། ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་པས་ཐེག་པ་གསུམ་ལ་བསླབས་པར་བྱ་སྟེ། ཉན་ཐོས་དང༌། རང་སངས་རྒྱས་གཉིས་ལ་འཇུག་པར་འདོད་པས་དང་པོ་གསོ་སྦྱོང་བྱ་བ་དང༌།


DTG078_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་བསླབ་པ་བསྲུང་བ་དང༌། གསུམ་པ་ཆོས་ལ་བསླབ་པའོ། །དེ་ཡང་བྱམས་པས་ཞུས་པའི་མདོ་ལས། དང་པོ་སྐྱབས་དང་གསོ་སྦྱོང་བྱ། །གཉིས་པ་བསླབ་པའི་རིམ་པ་བཞིན། །གསུམ་པ་ཆོས་དག་དེ་ལ་བསྟན། །ཞེས་པས་སོ། །སྐྱབས་ལ་བདུན་ཏེ། དང་པོ་དང༌། ལུས་ངག་ཡིད་ཀྱི་སྦྱོར་བ་དང༌། རྟེན་དང༌། དེ་ལ་མཆོད་པ་དང༌། དུས་དང༌། ཡོན་ཏན་དང༌། མི་ཉམས་པར་བྱ་བའོ། །དང་པོ་ལ་གཉིས་ཏེ། ཤེས་པ་དག་པའི་མཁན་པོ་དང༌། སློབ་དཔོན་ནོ། །སྦྱོར་བ་ནི་ལུས་གུས་པ་དང༌། ངག་འཇམ་པས་བརྗོད་པ་དང་ཡིད་ཆོས་ལ་དག་པ་དང་གསུམ་མོ། །རྟེན་མཆོག་ཏུ་གྱུར་པ་ནི་དཀོན་མཆོག་གོ །རྟེན་ལ་མཆོད་པ་ནི་ཅི་འབྱོར་པའི་མཆོད་པས་ལུས་དུབས་བའོ། །དུས་ནི་འདི་ནས་ཞེས་པ་དང༌། ཇི་སྲིད་འཚོའི་བར་གཉིས་སོ། །ཡོན་ཏན་ནི་སྔོན་གྱི་སྡིག་པ་ཐམས་ཅད་འབྱང་ཞིང་ཕྱི་མའི་སྡུག་བསྔལ་ཐམས་ཅད་ཟད་པ་བདེ་བའོ། །མི་ཉམས་པར་བྱ་བ་ལ་གསུམ་སྟེ། སངས་རྒྱས་ལ་སྐྱབས་ནས་འཇིག་རྟེན་པའི་ལྷ་སྤངས་པ་དང༌། ཆོས་ལ་སྐྱབས་ནས་སྲོག་མི་གཅོད་པ་དང༌། དགེ་འདུན་ལ་སྐྱབས་ནས་མུ་སྟེགས་དང་མི་འགྲོགས་པའོ། །བསླབ་པ་བསྲུང་བ་ལ་གཉིས་ཏེ། རྟེན་དང་བསླབ་པ་དངོས་སོ། །རྟེན་ལ་གསུམ་སྟེ། གཞན་ལས་སྐྱེ་བ་དང༌། རང་ལས་སྐྱེ་བ་དང༌། གཉི་ག་ལས་སྐྱེ་བའོ། །གཞན་ལས་སྐྱེ་བ་ལ་གསུམ་སྟེ། མཁན་པོ་དང་སློབ་དཔོན་ཏེ། དང་པོ་བར་ཆད་མེད་པས་ཚུལ་ཁྲིམས་ཐོབ་པ་དང༌། ནུས་པ་དང་ལྡན་པས་སྡོམ་པ་ལ་གནས་པ་དང༌། བདག་དང་གཞན་གྱི་ཉེས་པ་འཆོས་དགོས་པས་མཁས་པ་སྟེ། དེ་གསུམ་དང་ལྡན་པ་ལས་བསླབ་པ་སྐྱེའོ། །རང་ལས་སྐྱེ་བ་ལ་གཉིས་ཏེ། སྤྱི་དང་བྱེ་བྲག་གོ །སྤྱི་ལ་དྲུག་སྟེ། འགྲོ་བ་ཁྱད་པར་འཕགས་པ་ནི་མི་ཙམ་མ་ཡིན་ཏེ། གླིང་ཁྱད་པར་དུ་འཕགས་པའི་གླིང་འདི་ཙམ་ཡིན་ཏེ། རིགས་ཁྱད་པར་དུ་འཕགས་པ་རྒྱལ་རིགས་དང༌། བྲམ་ཟེའི་རིགས་དང༌། རྗེའུའི་རིགས་སོ། །རིགས་ཙམ་མ་ཡིན་ཏེ། གཟུགས་ཁྱད་པར་དུ་འཕགས་པ་སྐྱེས་པ་དང་བུད་མེད་ཙམ་ཡིན་ཏེ། ལུས་ཁྱད་པར་འཕགས་པ་དབང་པོ་ཚང་བ་ཙམ་གྱིས་མི་ཆོག་སྟེ། ཤེས་པ་དང་སེམས་ཁྱད་པར་དུ་འཕགས་པ་རྒན་


DTG078_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་སྤངས་ནས་ལུས་དར་བའོ། །བྱེ་བྲག་སྤྱི་དང་ལྡན་པ་དེས་ནམ་བླངས་པའི་དུས་དེར་སྐྱེའོ། །གཉི་ག་ལས་སྐྱེ་བ་ལ་གསུམ་སྟེ། མཁན་སློབ་ལ་ཐེ་ཚོམ་མེད་པ་དང༌། ཆོས་དང་ཆོས་ཀྱི་ཡོན་ཏན་ལ་ཐེ་ཚོམ་མེད་པ་དང༌། བསླབ་པ་བསྲུངས་པ་དང་ཐོབ་པར་ཐེ་ཚོམ་མེད་པས་སྐྱེའོ། །བསླབ་པ་དངོས་ལ་བརྒྱད་དེ། རྟེན་གྱི་ཁྱད་པར་གྱིས་བསླབ་པའི་རིམ་པ་དང༌། བསླབ་པར་བྱ་བའི་ངོ་བོ་དང༌། ཉེས་པའི་ཚད་དང༌། བཅོས་པའི་ཐབས་དང༌། ངེས་པ་སྐྱེས་པ་དང༌། དུས་མ་ངེས་པར་བསླབ་པ་དང༌། ཡོན་ཏན་དང༌། ཐོབ་པའི་དུས་བསྟན་པའོ། །བསླབ་པའི་རིམ་པ་ལ་སོ་སོ་ཐར་པ་རིགས་བདུན་གྱི་རིམ་པས་བསླབ་པ་སྟེ། སྡེ་པའི་འདོད་པ་མི་མཐུན་ཏེ། ཡང་འདིར་བསྙེན་གནས་དང༌། དགེ་བསྙེན་ལ་བཞི་སྟེ་ལྔ་དང༌། དགེ་ཚུལ་དང༌། དགེ་སློང་དང་བདུན་གྱིས་བསླབ་པའོ། །ངོ་བོ་ལ་གཉིས་ཏེ་སྤྱི་དང་བྱེ་བྲག་གོ །སྤྱི་ལ་ཡང་གཉིས་ཏེ་རྩ་བའམ་རང་བཞིན་གྱི་སྡིག་པ་སྡོམ་པ་དང༌། ཡན་ལག་གམ་བཅས་པའི་སྡོམ་པའོ། །བྱེ་བྲག་ནི་བསྙེན་གནས་ལ་རྩ་བ་བཞི་སྟེ་བརྒྱད་དོ། །སྣ་འགའ་བསྲུང་བའི་དགེ་བསྙེན་ལ་སྲོག་མི་གཅོད་པ་དང༌། རྩ་བ་གཞན་གང་རུང་ཅིག །ཕལ་ཆེར་བསྲུང་བ་ལ་རྩ་བ་གསུམ། ཡོངས་སུ་རྫོགས་པ་ལ་རྩ་བ་གསུམ་དང་འདོད་ལོག་བསྲུང༌། ཚངས་པར་སྤྱོད་པའི་དགེ་བསྙེན་ནི་རྩ་བ་བཞི་དང་ཆང་བསྲུང་བའོ། །དགེ་ཚུལ་གྱིས་རྩ་བ་བཞི་ཡན་ལག་བདུན། ཆང་དང་གླུ་གར་རྩེ་འཇོ་དང༌། །རྒྱན་དང་ཁ་དོག་འཆང་བ་དང༌། །མལ་སྟན་ཆེན་པོ་གསེར་དངུལ་གྱི་ཁྲི་དང༌། ཁྲི་སྟན་མཐོན་པོ་ཁྲུ་གང་པ་ཡན་ཆད་སྤང་བ་དང༌། ཕྱི་དྲོ་ཁ་ཟས་དང༌། གསེར་དངུལ་འཆང་བ་སྤང་བའོ། །མཁན་པོ་ལས་ཐོབ་པའི་རྟགས་གསུམ་སྟེ། ཁྱིམ་པའི་རྟགས་གཙུག་ཕུད་དང༌། གོས་དཀར་པོ་སྤངས་ཏེ། རབ་ཏུ་བྱུང་བའི་རྟགས་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་གོན་པའོ། །ཕྱི་རོལ་མུ་སྟེགས་པའི་རྟགས་སྟོད་གོས་གཡས་ལ་འགེལ་བ་དང༌། སྨད་གོས་དཀྲིས་པ་སྤངས་ནས་ནང་བ་སངས་རྒྱས་པའི་རྟགས་སྟོད་གོས་གཡོན་དུ་འགེལ་བ་དང༌། སྨད་གོས་ཆེ་བས་ཟུར་དུ་སྤུང་བའོ། །མི་དགེ་བ་འཇིག་རྟེན་པའི་རྟགས་དེ་དག་སྤངས་ནས་དགེ་བ་དགེ་འདུན་གྱི་


DTG078_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་གསེག་ཤང་དང་ལྷུང་བཟེད་གྲི་ཁབ་ལ་སོགས་པ་མཁོ་བའི་རྫས་བཟུང་བའོ། །དགེ་སློང་གིས་ཤེས་རབ་ཅན་དང༌། དངོས་ཀྱི་རྩ་བ་བཞི་དང༌། ཁུ་བ་ཕྱུང་བ་ལ་སོགས་པ་ལྷག་མ་བཅུ་གསུམ་དབེན་པ་དང༌། སྐྱབས་མ་ངེས་པ་གཉིས་དང་འཆང་བ་འབྲལ་བ་ལ་སོགས་སྤང་བའི་ལྟུང་བྱེད་སུམ་ཅུ་དང༌། ལྟུང་བྱེད་དགུ་བཅུ་དང༌། གྲོང་དུ་ཉལ་བ་ལ་སོགས་པ་སོ་སོར་བཤགས་པ་བཞི་དང༌། ཤམ་ཐབས་ལ་སོགས་པ་བསླབ་པར་བྱ་བ་བརྒྱད་ཅུ་རྩ་གཉིས་དང༌། མངོན་སུམ་དུ་ང་རྒྱལ་མི་བྱ་བ་ལ་སོགས་ཏེ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བཀའ་ལུང་ནས་ཤེས་པར་བྱའོ། །འདིར་འོག་ནས་སྟོན་པའི་ལུས་ངག་ཡིད་ཀྱིས་མི་བྱ་བ་དང་བྱ་བ་རྣམས་སོ། །དེ་ནས་བསླབ་པའི་གནས་བཅུ་སྦྱིན། །ཞེས་པས་མི་དགེ་བ་བཅུ་སྤངས་ལ་དགེ་བ་བཅུ་བསྟེན་པའོ། །ཉེས་པའི་ཚད་ལ་གཉིས་ཏེ། རྩ་བ་དང་ཡན་ལག་གིའོ། །རྩ་བ་ལ་ལྔ། རྩ་བ་དང་འདྲ་བར་སྦྱོར་བ་དང༌། དངོས་དང་མཇུག་ཚང་ན་ལྟུང་བ་ཆེན་པོས་ཉམས། དངོས་མཇུག་གཉིས་བྱུང་ན་ལྟུང་བ་སྦོམ་པོ་སྟེ་ཉམས། སྦྱོར་བ་དང་དངོས་བྱུང་ན་ཆུང་དུན་ཏེ་ཉམས། སྦྱོར་བ་དང་མཇུག་བྱུང་ན་ལྟུང་བ་ཕྲ་མོ་སྟེ་ཉམས། རེ་རེ་བྱུང་ན་ལྟུང་བྱེད་དེ་ཉམས། ལྷག་མ་དང་མ་ངེས་པ་ལ་སོགས་པའི་ཡན་ལག་རྣམས་ལ་ཡང་ལྔ་སྟེ། སྦྱོར་བ་དང༌། དངོས་དང་མཇུག་རྫོགས་ན་ཉེས་པ་ཆེན་པོ་སྟེ་ཉམས། དངོས་མཇུག་གཉིས་བྱུང་ན་ཉེས་པ་སྤོམ་པོ་སྟེ་ཉམས། སྦྱོར་བ་དང་དངོས་བྱུང་ན་ཉེས་པ་ཆུང་དུ་ན་ཏེ་ཉམས། སྦྱོར་བ་དང་མཇུག་གཉིས་བྱུང་ན་ཉེས་པ་ཕྲ་མོ་སྟེ་ཉམས། རེ་རེ་བྱུང་ན་ཉེས་པ་མེད་དོ། །བཅོས་པའི་ཐབས་ལ་གཉིས་ཏེ། ཐབས་དངོས་དང་དུས་སོ། །ཐབས་ལ་བཅུ་གཅིག་སྟེ་རྩ་བ་དང་ཡན་ལག་གཉིས་ཡན་ཆད་དམ། བཞི་མན་ཆད་བྱུང་ན་འགྱོད་པས་ལན་གསུམ་དུ་བསྐྱར་ཞིང་བླང༌། རྩ་བའི་སྦོམ་པོ་བྱུང་ན་སྔོན་བཞིན་དུ་བླང༌། ཆུང་དུན་བྱུང་ན་སློབ་དཔོན་ལས་དེ་ཉིད་བླང༌། ཕྲ་མོ་བྱུང་ན་སློབ་དཔོན་ལ་བཤགས་པས་ཐུབ། ལྟུང་བྱེད་བྱུང་ན་འགྱོད་པ་དང་བསྡམས་སེམས་ཀྱིས་ཐུབ། ཉེས་པ་ཆེན་པོ་བྱུང་བ་སྤོན་བཞིན་བླང༌། ཉེས་པ་སྦོམ་པོ་སློབ་དཔོན་ལས་བླང༌། ཉེས་པ་ཆུང་དུན་སློབ་དཔོན་ལ་བཤགས། ཉེས་པ་ཕྲ་མོ་འགྱོད་པ་དང་བསྡམས་སེམས་ཀྱིས་ཐུབ་


DTG078_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་མེད་ཕྱིས་མ་བྱས་པས་ཐུབ། ཆང་རྩ་བ་དང་འདྲའོ། །རྩ་བ་དང་ཡན་ལག་ལྟར་ཀུན་བཏང་སེམས་ཀྱིས་བཏང་ན་བླང་དུ་མེད། རྒས་པ་དང་ན་བ་དང་གཞན་གྱི་དབང་ལ་ཉེས་པ་མེད། དུས་ལ་བཞི་སྟེ། བསྙེན་གནས་ཀྱི་སྐབས་དང་ལྡན་ཏེ། ཉིན་སྐབས་མེད་ན་ཟླ་གཅིག་གམ་ཕྱེད་དམ་བརྒྱད་ཀྱི་དུས་དེའོ། །དགེ་བསྙེན་སྐབས་དང་ལྡན་ན་ཐུན་གཉིས་པ་ལ་བླང༌། སྐབས་མེད་ན་ཞག་ལྔ་ལ་བླང༌། དགེ་ཚུལ་སྐབས་དང་ལྡན་ན་ཞག་ལྔ་ཚུན་ཆད་ལ་བླང༌། མི་ལྡན་ན་ཟླ་བ་གཅིག་ཚུན་ཆད་ན་བླང༌། དགེ་སློང་སྐབས་དང་ལྡན་ན་དེ་ཉིད་ནས་ཞག་བཅུ་མི་ལྡན་ན་ཟླ་བ་བདུན་ཚུན་ཆད། ངེས་བསྐྱེད་པ་དུས་དེ་ལ་རྩ་བ་དང༌། ཡན་ལག་ཉམས་པ། ཐབས་དེས་བཅོས་པས་ཐར་པ་ཐོབ་སྟེ། སྒྲུང་གི་དཔེ་རེ་རེ་བསྟན་པའོ། །དེ་ཡང་སྲོག་གཅད་པ་ལས་ཐར་པ། དགེ་སློང་ཟླ་བའི་འོད་བྱ་བ་རིགས་བྲམ་ཟེ་ཡིན་པས། ལོ་ཉི་ཤུ་རྩ་གཅིག་ནས་བཞི་བཅུའི་བར་ཉི་ཤུར་སྡོམ་པ་བསྲུངས་ཏེ། བཞི་བཅུ་ལོན་ནས་ཕ་ཀུན་དུ་འཁོར་ཞེས་བྱ་བས་སྙན་ངག་ཡོད་པས་རྒྱལ་པོའི་ཕོ་བྲང་དུ་སྙན་ངག་བཏོན་པས། རྒྱལ་པོ་གཟུགས་ཅན་སྙིང་པོ་ཤིན་ཏུ་དགའ་ནས། གོ་ལ་བདུན་དང་བཅས་པ་བྱིན་ནས་བྲམ་ཟེ་གཞན་ཅིག་གིས་གཅིག་ལམ་དུ་ཁྱེར་བས་ཁྲོས་ནས་འཐབས་པས་ཀུན་དུ་འཁོར་བ་གསོད་དོ། །བུ་དགེ་སློང་སེམས་འཁྲུགས་ཏེ་སྦྱོར་བ་གསང་བས་ལས་ཀྱི་སྤུ་གྲི་ཁྱེར་ཏེ། བྲམ་ཟེ་ཁྲུས་བྱེད་སར་བསྒུགས་ཏེ་སྤུ་གྲི་མངད་ནས་བདར་བ་དང་བྲམ་བྲེ་ཁྲུས་ལས་བྱུང་བ་དང་སྤུ་གྲིས་སྐེ་བཅད་དེ་བསད་དོ། །མཇུག་འགྱོད་པ་མེད་པར་དགའ་བར་གྱུར་ཏེ། རོ་ཡང་གར་དགར་གཞག་གོ །དེར་ཀུན་གྱིས་རོ་མཐོང་ནས་འདི་སུས་བསད་སྙམ་ནས་ངས་ཕའི་མི་ཤར་བསད་ཅེས་བསྒྲགས་སོ། །དེར་ཀུན་གྱིས་ཀྱང་དཔྱས་པར་གྱུར། རྟགས་ཀྱང་གཞག་པ་ལས། ཡུལ་དེར་ནད་འགོ་བ་བྱུང་སྟེ། ཀུན་ཀ་ན་བ་དང༌། དཀའ་ཐུབ་མེད་པ་དེ་ཡང་ན་བ་དང་ནད་དྲག་པོས་གཟིར་བས་ཤིན་ཏུ་འགྱོད་པའི་སེམས་སྐྱེས་ཏེ། ལུང་ནས་སངས་རྒྱས་འོད་མའི་ཚལ་ན་བཞུགས་པ་ལ་གོང་གི་ཉེས་པ་རྣམས་ཞུས་པས་སངས་རྒྱས་ཀྱིས་གནད་ནས་བསླབ་པ་བསྐྱར་ཏེ། དགེ་སློང་དྲི་མ་དང་བྲལ་བར་གྱུར་ཏེ་མ་ལྟུང་ངོ༌། །ཡུལ་ཡངས་པ་ཅན་གྱི་གྲོང་ན་རྗེའུའི་


DTG078_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་དགེ་སློང་རིན་ཆེན་སྲུང་ཞེས་བྱ་བ་ཅིག་ཡོད་པ་ལ་བསོད་སྙོམས་ལ་ཕྱིན་ནས་ཁྱིམ་བདག་གི་མཛོད་མཐོང་སྟེ། ལྷ་ཁང་གི་ལོགས་སུ་སྦྱོར་བ་ལ་དོང་བརྐོས་ཏེ་གནས་དེ་ནས་མ་ག་དྷཱར་སངས་རྒྱས་ཀྱི་སྤྱན་སྔར་འགྲོ་ཞེས་དགེ་འདུན་ལ་བསྒྲགས་ནས་སོང་སྟེ། དེ་ནུབ་ནམ་ཕྱེད་ན་བང་མཛོད་ཕུག་སྟེ། བཻ་ཌཱུཪྻ་དང༌། པདྨ་རཱ་ག་དང༌། གསེར་དངུལ་རུས་ནས་ད་ཅིའི་དོང་དུས་སྦས་ཏེ། མཇུག་འགྱོད་པ་མེད་པར་དགའ་བར་གྱུར་ཏེ། །དེ་ལོངས་སྤྱོད་སྤྱོད་པ་ལས་ནུབ་མོ་རྐུན་པོ་རྐུན་འཕྱན་གཞན་དང་ཕྲད་ནས་ནོར་ཁྱེར་རོ། །ལུས་གཏག་པ་ལས་ཤིན་ཏུ་འགྱོད་ནས་སངས་རྒྱས་ཀྱི་སྤྱན་སྔར་ཕྱིན་ཏེ། གོང་གི་ཉེས་པ་བཤགས་ནས་སྡོམ་པ་བླངས་ཏེ་སངས་རྒྱས་ཀྱིས་གནང་ནས་དགེ་སློང་རིན་ཆེན་འབྱུང་གནས་སུ་གྱུར་ཏེ་ལྟུང་བ་མེད་དོ། །གྲོང་ཁྱེར་སེར་སྐྱར་དགེ་སློང་ཤེས་གྲགས་ཀྱིས་བསོད་སྙོམས་བྱེད་པ་ལས། རེ་ཞིག་ན་སྨད་འཚོང་བ་འབྱོར་པ་རྙེད་བྱ་བའི་སྒོར་ཕྱིན་ཏེ་བསླངས་ནས་ཡོན་བྱིན་པས། སྨད་འཚོང་མ་དེ་ཤིན་ཏུ་ལེགས་པར་མཐོང་སྟེ། ཆགས་པའི་སེམས་ཀྱིས་སྦྱོར་བ་སླར་ལོག་ནས་ཀ་བྱ་རིའི་རས་གཡར་ནས་གྱོན་ཏེ། འགྲོན་བུ་ཀ་ཧོ་ན་ཅིག་ཁྱེར་ནས་སྲོད་ལ་ཕྱིན་ཏེ་ང་ཉོན་བྱས་པ་ལས་ཡར་ཤོག་ཟེར་ཏེ་ཕྱིན་ནས་ཆགས་པ་སྐྱེ་བའི་ཐབས་སྣ་ཚོགས་བྱས་དངོས་སུ་ཉོན་མོངས་པ་ལ་ཞེན་ནས་བསྲུབས་ཏེ་ཁུ་བ་ཕྱུང་ངོ༌། །མཇུག་བདེ་བར་ཚོར་ནས་ཕྱིས་ཀྱང་ཕྲད་དོ། །རིང་ཞིག་ན་རོ་མཛེ་བྱུང་སྟེ་སྡུག་བསྔལ་བར་གྱུར་ནས་འགྱོད་དེ་སངས་རྒྱས་ཀྱི་སྤྱན་སྔར་ཕྱིན་ནས་ས་ལ་འགྱེལ་ཏེ་ཉེས་པ་རྣམས་བཤགས་ནས་བསླབ་པ་བསྐྱར་ཏེ། དགེ་སློང་ཞི་བའི་ཡེ་ཤེས་སུ་གྱུར་ཏེ་ལྟུང་བ་མེད་དོ། །རྒྱལ་བྱེད་ཀྱི་ཚོལ་དུ་དགེ་སློང་བྱང་ཆུབ་འབྱུང་གནས་སུ་གྲགས་པ་རྒྱལ་རིགས་སུ་གྱུར་པ་ཅིག་བྱུང་བས་དད་པ་ཤིན་ཏུ་ཆེ་ནས་ཁྲས་པ་ཎར་ཕྱིན་པས་སྤྱན་རས་གཟིགས་མཐོང་ནས་ཡུལ་དེ་ལ་ཁ་རས་པ་ཎ་ཞེས་བཏགས་སོ། །སླར་ལོག་ནས་མ་ག་དྷཱར་ཕྱིན་ཏེ། བསྟན་བཅོས་མང་པོ་བྱས་ནས་དེ་ནས་ང་ལ་སངས་རྒྱས་མང་པོས་བསྟན་ཞེས་བསྒྲགས་པས། སློབ་མ་མང་པོ་ཡོད་པ་ལས། སངས་རྒྱས་ཀྱིས་མཁྱེན་ནས་མ་བཏང་བ་ལས་ནོར་ས་འོག་ཏུ་སྦས་ནས་ཕྱིན་པ་དང༌། སྒྱུ་མ་བྱས་པའི་སྦྱོར་བ་མང་པོ་


DTG078_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་ཆོས་འཆད་པའི་སྦྱོར་བ་དང༌། དངོས་སུ་ཀུན་བསྲུབས་བ་མང་བ་དང༌། མཇུག་འགྱོད་པ་མེད་པར་དགའ་བས་ལོངས་སྤྱོད་སྤྱོད་པ་ལ་རྒྱལ་པོའི་ཆད་པ་བྱུང་ལ་ཁད་པ་དང་ཚོར་ནས་ཤིན་ཏུ་འགྱོད་པ་སྐྱེས་ཏེ། སངས་རྒྱས་ཀྱི་སྤྱན་སྔར་ཕྱིན་ཏེ་ཉེས་པ་ཀུན་བཤགས་ཏེ་སླར་བསླབ་པ་གསོས་ནས་དགེ་སློང་རྡོ་རྗེ་སྙིང་པོར་གྱུར་ཏེ་ལྟུང་བ་མེད་དོ། །གཞན་ཡང་འདུལ་བ་དང་མདོ་ནས་འགྱོད་དེ། སླར་གསོས་པས་ཐར་པ་མང་པོ་དང༌། གཏན་གྱི་ཐེ་ཚོམ་མེད་པར་ཕྱིར་བཅོས་སོ། །ཡན་ལག་གི་ཉེས་པ་ཚོ་ཡང་བཅོས་པས་ཡང་བར་ཤེས་པར་བྱའོ། །ཆང་རྩ་བ་ལྟར་ཤེས་པར་བྱའོ། །འདིར་ཐེག་པ་ཆེན་པོ་དང་ཡང་སྦྱར་བར་བྱའོ། །དུས་མ་ངེས་པ་ལ་ཉིན་གཅིག་གམ་ཞག་གཅིག་གམ་ཞག་བདུན་ནས་ཇི་སྲིད་འཚོའི་བར་དུ་བསྲུང་བར་བྱའོ། །ཡོན་ཏན་ལ་ཤེས་རབ་ཅན་གྱིས་རེ་རེའི་བྱེ་བྲག་མདོར་བལྟའོ། །འདིར་སྤྱི་ཙམ་བསྟན་པ་ནི་དགེ་བསྙེན་ལ་སོགས་ཀྱི་གཞི་མི་ལས་ཐོབ་པ་དང༌། ལམ་རྟེན་དང་ལྡན་ནས་བསྲུང་བ། འབྲས་བུ་དགྲ་བཅོམ་པ་ཐོབ་པའོ། །དགེ་སློང་གི་ལས་ལ་དགེ་སློང་གི་མདོ་དང་འདུལ་བར་བལྟའོ། །འདིར་གསུམ་སྟེ། ཡོན་ཏན་ཆེ་བ་དང༌། དུས་ངེས་པ་དང༌། ཡོན་ཏན་ངེས་པའོ། །ཡོན་ཏན་ཆེ་བ་ལ་གཉིས་ཏེ། བདུད་ཀྱིས་བར་མི་ཆོད་ཅིང་ལམ་ཉེ་བ་དང༌། འབྲས་བུ་ཉེ་བའོ། །ལ་མ་ཉེ་བ་ལ་ཡང་གསུམ་སྟེ། སངས་རྒྱས་ལ་སྐྱབས་པས་འཇིག་རྟེན་པའི་ལྷ་སྤངས་པས། ཕྱི་མར་དགའ་ལྡན་དུ་བྱམས་པ་དང་མཇལ་ལོ། །ཆོས་ལ་སྐྱབས་པས་སྲོག་གཅོད་པ་སྤངས་པས་བྱམས་པ་ལས་ཆོས་ཉན་པ་དང༌། དགེ་འདུན་ལ་སྐྱབས་ཏེ་མུ་སྟེགས་དང་མ་འགྲོགས་པས་བྱམས་པའི་འཁོར་གྱི་དགེ་འདུན་དང་འགྲོགས་པའོ། །འབྲས་བུ་ལ་གསུམ་སྟེ། སོ་སོར་ཐར་པའི་བསླབ་པ་རིགས་བདུན་རྫོགས་པས་བདག་ཉིད་སངས་རྒྱས་སུ་གྱུར་པ་དང༌། ལུས་ངག་ཡིད་ཀྱིས་སངས་རྒྱས་ཀྱི་ཆོས་སྤྱད་པས་བདག་ཉིད་སངས་རྒྱས་པས་ཆོས་སྟོན་པའོ། །དབེན་པར་གཅིག་པུ་བསྟེན་པས་བདག་སངས་རྒྱས་ནས་དགེ་འདུན་གྱི་འཁོར་ཕྱུག་པའོ། །དུས་སྐྱེ་བ་བདུན་ན་དགྲ་བཅོམ་པ་ཐོབ་ངེས་སོ། །ཡོན་ཏན་ངེས་པ་


DTG078_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཉིས་ཏེ། རྒྱུ་དང་འབྲས་བུའོ། །རྒྱུ་སྐྱེ་བ་བདུན་དུ་རྟེན་ཁྱད་པར་དུ་འཕགས་པ་དྲུག་དང་ལྡན་ངེས་ལ་འབྲས་བུ་ལྷག་བཅས་དང་ལྷག་མེད་གཉིས་མཐོང་ངེས་པའོ། །ཐོབ་པའི་དུས་ལ་གསུམ་སྟེ། སྦྱོར་བ་དང༌། བླང་བ་དང༌། ཐོབ་པ་དངོས་སོ། །སྦྱོར་བ་ལ་གཉིས་ཏེ། གོང་གི་དབང་པོ་ལ་སོགས་པའི་སྐྱབས་སུ་འགྲོ་བའི་སྦྱོར་བ་བདུན་པ་དང༌། སྐྱབས་དངོས་སོ། །དངོས་ལ་སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས། ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག །ཕྱོགས་བཅུའི་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཕྱོགས་བཅུའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །ཕྱོགས་བཅུའི་དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་ལན་གསུམ་བསྐྱར་རོ། །དེ་ལ་ཡང་དབང་པོ་དང༌། བསྐྱབ་པར་བྱ་བ་དང༌། དུས་དང༌། སྐྱོབ་མཁན་དང། གྲངས་དང༌། དགོས་པ་ཤུགས་ཀྱིས་བསྟན་པ་སྟེ་དྲུག་གོ །བླང་བ་དངོས་ལ་སྐྱབས་པའི་ཡོན་ཏན་ཤེས་པ་ས་བླང་བ་ལས་སོ་སོར་ཐར་པའི་བསླབ་པའི་རིགས་བདུན་ཏེ། བསྙེན་གནས་བླང་བ་ལ་རང་བཟོ་མིན་པ་དང༌། བླང་བ་གཉིས་རང་བཟོ་མིན་པ་ལ་ཡང་དབང་པོ་ལ་སོགས་པ་དྲུག་སྟེ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་ནས། ཇི་སྲིད་འཚོའི་བར་དུ་སྔོན་གྱི་དགྲ་བཅོམ་པ་རྣམས་ཀྱི་བསླབ་པ་ལ་རྗེས་སུ་སློབ་པོ། །རྗེས་སུ་སྒྲུབ་པོ། །རྗེས་སུ་བགྱིད་དོ་ཞེས་ལན་གསུམ་བསྐྱར་རོ། །བླང་བ་ལ་ཡང་དབང་པོ་ལ་སོགས་པ་དྲུག་སྟེ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་ནས་ཇི་སྲིད་དམ། ལོའམ་ཟླ་བ་སྔོན་དུ་བསྟན་པ་ལྟར་རོ། །ཟླ་བ་བྱུང་ངོ་ཅོག་གི་ངོ་ལ་སྟོང་ངམ། ཉའམ་བརྒྱད་ཀྱི་བསྙེན་གནས་སྲུང་བར་འཚལ་བས་དེའི་ཉིན་པར་དང་མཚན་མོ་རྩ་བའི་དང་པོ་སྲོག་གཅོད་པ་སྤངས་ནས་སླར་ལྡོག་པར་བགྱིད་དོ་ཞེས་ལན་གསུམ་བརྗོད་དོ། །དེ་བཞིན་དུ་གཅིག་གམ་གཉིས་སམ་གསུམ་བསྲུང་བ་ལ་རྩ་བ་ནས་རེ་རེར་གསུམ་མམ་ཡན་ལག་ཏུ་བཅས་པར། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་


DTG078_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བས་དུས་འདི་ནས་བཟུང་ནས་ཇི་སྲིད་འཚོའི་བར་དུ་ཟླ་བ་བྱུང་ངོ་ཅོག་གི་ངོ་ལ། ཉའི་བསྙེན་གནས་བསྲུང་བར་འཚལ་བས། དེའི་ཉིན་པར་དང་མཚན་མོ་རྩ་བའི་དང་པོ་སྲོག་གཅོད་པ་དང༌། རྩ་བ་གཉིས་པ་མ་བྱིན་པར་ལེན་པ་དང༌། རྩ་བ་གསུམ་པོ་མི་ཚངས་པར་སྤྱོད་པ་དང༌། རྩ་བ་བཞི་པ་བརྫུན་དུ་སྨྲ་བ་དང༌། ཡན་ལག་གི་དང་པོ་འབྲུའི་ཆང་དང༌། བཅོས་པའི་ཆང་དང༌། མྱོས་པར་འགྱུར་བའི་ཆང་དང༌། ཡན་ལག་གཉིས་པ་གླུ་གར་རྩེད་འཇོ་རྒྱན་ཁ་དོག་འཆང་བ་དང༌། ཡན་ལག་གསུམ་པ་མལ་སྟན་དང༌། ཁྲི་སྟན་དང༌། ཡན་ལག་བཞི་པ་ཕྱི་དྲོའི་ཁ་ཟས་སྤངས་ནས་སླར་ལྡོག་པར་བགྱིད་དོ། །སྔོན་གྱི་དགྲ་བཅོམ་པ་ཀུན་གྱི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །ཐབས་ཡིན་ནོ། །ལེགས་སོ་ཞེས་སོ། །བསྙེན་གནས་ཀྱི་བསླབ་པ་ལ་འཐོབ་པོ། །སློབ་དཔོན་གྱིས་བསྙེན་གནས་སུ་གཟུང་དུ་གསོལ་ལོ། །ཞེས་ལན་གསུམ་བརྗོད་ནས་ཕྱག་ལན་གསུམ་བྱའོ། །ཐོབ་པ་དངོས་ལ་དྲུག་སྟེ། སྐྱབས་འགྲོ་སྦྱོར་བ་སྔོན་དུ་སོང་བ་དང༌། བླང་བ་དང༌། སློབ་དཔོན་ལ་ཐེ་ཚོམ་མ་ཟོས་པ་དང༌། ཆོས་ལ་ཐེ་ཚོམ་མ་ཟོས་པ་དང༌། མ་ཐོབ་པར་ཐེ་ཚོམ་མ་ཟོས་པ་དང༌། དུས་དེ་ཉིད་དུ་ཐོབ་པའོ། །དགེ་བསྙེན་ལ་སོགས་པ་དྲུག་པོ་ཡང༌། དོན་དྲུག་པོ་དེ་དང་ལྡན་ནས་ཐོབ་སྟེ། འདྲ་བར་ཤེས་པར་གྱིས་ཤིག །དགེ་བསྙེན་གྱི་སྐྱབས་འགྲོ་ཡང་གོང་ལྟར་བླང་བ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་འཚོའི་བར་དུ་སྔོན་གྱི་དགྲ་བཅོམ་པ་རྣམས་ཀྱི་བསླབ་པ་ལ་རྗེས་སུ་སློབ་པོ། །རྗེས་སུ་སྒྲུབ་པོ། །རྗེས་སུ་བགྱིད་དོ་ཞེས་ལན་གསུམ་བརྗོད་དེ། དང་པོ་ལ་སོགས་པ་དྲུག་གོང་བཞིན་ལྡན་ནོ། །སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་འཚོའི་བར་དུ་སྣ་འགའ་བསྲུང་བའི་དགེ་བསྙེན་བགྱིད་པས་རྩ་བའི་དང་པོ་སྲོག་གཅོད་པ་སྤངས་ནས་སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིད་དོ་ཞེས་ལོ་ཟླ་བའི་གྲངས་ཀྱིས་གསུམ་དུ་བརྗོད་དོ། །སློབ་དཔོན་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་འཚོའི་བར་དུ་སྣ་འགའ་བསྲུང་བའི་དགེ་བསྙེན་བགྱིད་པས་རྩ་


DTG078_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཉིས་མ་བྱིན་པར་ལེན་པ་སྤངས་ནས་སླར་ལྡོག་པར་བགྱིད་དོ། །སྔོན་གྱི་དགྲ་བཅོམ་པ་རྣམས་ཀྱི་བསླབ་པ་ལ་རྗེས་སུ་སློབ་པོ། །རྗེས་སུ་སྒྲུབ་པོ། །རྗེས་སུ་བགྱིད་དོ། །ཐབས་ཡིན་ནོ། །ལེགས་སོ། །སྣ་འགའ་བསྲུང་བའི་དགེ་བསྙེན་དུ་གྱུར། སློབ་དཔོན་གྱིས་སྣ་འགའ་བསྲུང་བའི་དགེ་བསྙེན་དུ་གཟུང་དུ་གསོལ་ཞེས་ལན་གསུམ་བརྗོད་དོ། །ཕྱག་གསུམ་བྱའོ། །ཕལ་ཆེར་བསྲུང་བའི་དགེ་བསྙེན་དུ་གྱུར་པ་སྐྱབས་འགྲོ་གོང་བཞིན་སོང་བ་དང༌། རང་བཟོ་མེད་པའི་བསླང་བ་ཡང་འདྲ་བས་སོང་ནས་སློབ་དཔོན་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་འཚོའི་བར་དུ་ཕལ་ཆེར་བསྲུང་བའི་དགེ་བསྙེན་བགྱིད་པས་རྩ་བ་དང་པོ་སྲོག་གཅོད་པ་སྤངས་ནས་སླར་ལྡོག་པར་བགྱིད་དོ་ཞེས་ལན་གསུམ་བཟླའོ། །དེ་བཞིན་དུ་རྩ་བ་གཉིས་པ་མ་བྱིན་པར་ལེན་པ་དང༌། གསུམ་པ་འདོད་པས་ལོག་པར་གཡེམ་པ་སྤངས་ནས་སླར་ལྡོག་པར་བགྱིད་དོ་ཞེས་ལན་གསུམ་བརྗོད་ནས། སྔོན་གྱི་དགྲ་བཅོམ་པ་རྣམས་ཀྱི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །ཐབས་ཡིན་ནོ། །ལེགས་སོ། །ཕལ་ཆེར་བསྲུང་བའི་དགེ་བསྙེན་དུ་གྱུར་རོ། །སློབ་དཔོན་གྱིས་ཁལ་ཆེར་བསྲུང་བའི་དགེ་བསྙེན་དུ་གཟུང་དུ་གསོལ་ཞེས་བརྗོད་ལ་ཕྱག་ལན་གསུམ་བྱའོ། །ཡོངས་སུ་རྫོགས་པའི་དགེ་བསྙེན་ལ་གཞན་སྔོན་དུ་སོང་བས། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་འཚོའི་བར་དུ་ཡོངས་སུ་རྫོགས་པའི་དགེ་བསྙེན་ལ་གནས་པས་རྩ་བའི་དང་པོ་སྲོག་གཅོད་པ་དང༌། གཉིས་པ་མ་བྱིན་པར་ལེན་པ་དང༌། གསུམ་པ་འདོད་པས་ལོག་པར་གཡེམ་པ་དང༌། བཞི་པ་བརྫུན་དུ་སྨྲ་བ་སྤངས་ནས་སླར་ལྡོག་པར་བགྱིད་དོ་ཞེས་རེ་རེ་ལ་གསུམ་གསུམ་བརྗོད་ལ། སྔོན་གྱི་དགྲ་བཅོམ་པ་རྣམས་ཀྱི་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །ཐབས་ཡིན་ནོ། །ལེགས་སོ། །ཡོངས་སུ་རྫོགས་པའི་དགེ་བསྙེན་དུ་འགྱུར་རོ། །སློབ་དཔོན་གྱིས་ཡོངས་སུ་རྫོགས་པའི་དགེ་བསྙེན་དུ་གཟུང་དུ་གསོལ་ཞེས་བྱའོ། །ཚངས་པར་སྤྱོད་པའི་དགེ་བསྙེན་གྱིས་ཀྱང་གཞན་སྔོན་དུ་སོང་བས། སློབ་དཔོན་དགོངས་སུ་


DTG078_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་འཚོའི་བར་དུ་ཚངས་པར་སྤྱོད་པའི་དགེ་བསྙེན་ལ་གནས་པས་རྩ་བའི་དང་པོ་སྲོག་གཅོད་པ་དང༌། རྩ་བ་གཉིས་པ་མ་བྱིན་པར་ལེན་པ་དང༌། གསུམ་པ་མི་ཚངས་པར་སྤྱོད་པ་དང༌། བཞིན་པ་བརྫུན་དུ་སྨྲ་བ་དང༌། ཡན་ལག་གི་དང་པོ་མྱོས་པའི་ཆང་དང༌། བཅོས་པའི་ཆང་དང༌། འབྲུའི་ཆང་དག་སྤངས་ནས་སླར་ལྡོག་པར་བགྱིད་པ་ལགས་སོ་ཞེས་རེ་རེ་ལ་གསུམ་གསུམ་བརྗོད་ན། སྔོན་གྱི་དགྲ་བཅོམ་པ་རྣམ་སྐྱི་བསླབ་པ་ལ་རྗེས་སུ་སློབ་པོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །ཐབས་ཡིན་ནོ། །ལེགས་སོ། །ཚངས་པར་སྤྱོད་པའི་དགེ་བསྙེན་དུ་འགྱུར་རོ། །སློབ་དཔོན་གྱིས་ཚངས་པར་སྤྱོད་པའི་དགེ་བསྙེན་དུ་གཟུང་དུ་གསོལ། །དགེ་ཚུལ་གྱིས་ཀྱང་གཞན་གོང་ལྟར་མཁན་པོ་སློབ་དཔོན་དད་པའི་དགེ་འདུན་གྱི་སྤྱན་སྔར་སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་ལ་གནས་པས་རྩ་བའི་དང་པོ་སྲོག་གཅོད་པ་དང༌། གཉིས་པ་མ་བྱིན་པར་ལེན་པ་དང༌། གསུམ་པ་མི་ཚངས་པར་སྤྱོད་པ་དང༌། བཞི་པ་བརྫུན་དུ་སྨྲ་བ་དང༌། ཡན་ལག་དང་པོ་འབྲུའི་ཆང་དང༌། བཅོས་པའི་ཆང་དང་མྱོས་པར་འགྱུར་བ་དང༌། ཡན་ལག་གཉིས་པ་གླུ་གར་རྩེ་འཇོ་དང༌། །ཡན་ལག་གསུམ་པ་རྒྱན་དང་ཁ་དོག་འཆང་བ་དང༌། བཞི་པ་མལ་སྟན་མཐོན་པོ་དང༌། ལྔ་པ་ཁྲི་སྟན་ཆེན་པོ་དང༌། དྲུག་པ་ཕྱི་དྲོའི་ཁ་ཟས་དང༌། བདུན་པ་གསེར་དངུལ་འཆང་བ་སྤངས་ནས་སླར་ལྡོག་པར་བགྱིད་ལགས་སོ་ཞེས་རེ་རེ་ལ་གསུམ་གསུམ་བརྗོད་དོ། །སྔོན་གྱི་ཞེས་པ་ལ་སོགས་པ་གོང་ལྟར་བརྗོད་དོ། །དགེ་སློང་དངོས་ཀྱི་ལས་ཀྱི་ཆོ་གས་བླང༌། འདིར་སྐྱབས་དང་ལེགས་པར་བརྗོད་པ་གོང་ལྟར་གསུམ་བརྗོད་པ་དང༌། གོང་གི་རྩ་བ་བཞི་དང༌། ལྷག་མ་དང་མ་ངེས་པ་གཉིས་དང། སྤང་བའི་ལྟུང་བྱེད་ལ་སོགས་པ་ལས་ལྡོག་པར་བརྗོད་དོ། །གསོ་སྦྱོང་ཞེས་བྱ་བ་ལོའམ། ཟླ་བའམ་ཉ་སྟོང་གསོ་ཞིང་སྦྱོང་བའོ། །ཉམས་པ་ཡང་བཅོས་སུ་ཡོད་པས་ཀྱང་གསོ་སྦྱོང་ངོ༌། །དུས་མ་ངེས་པ་ཟླ་བ་འམ་ལོ་ཙམ་སྲུང་བ་ལ་ཡང་གསོ་ཞིང་སྦྱོང་བ་ལེགས་སོ། །འདིར་


DTG078_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

འོག་གི་ཐེག་པ་གསུམ་འདོད་པས་དུས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་བརྗོད་ཅིང་ཁས་བླང་ངོ༌། །སེམས་བསྐྱེད་པའི་ཚེ་འོག་གི་གདམས་ངག་གིས་བྱང་ཆུབ་སྙིང་པོར་ཤེས་པར་བསྟན་པར་བྱའོ། །མདོ་ནས་ཀྱང་ཉེས་པ་སྐྱེས་བས་བལྟའོ། །གསུམ་པ་ཆོས་ལ་བསླབ་པ་ལ་བཞི་སྟེ། སྤྱོད་ལམ་དང༌། ལྟ་བ་དང༌། བསྒོམ་པ་དང༌། སྐྱོན་སྤང་བའོ། །སྤྱོད་ལམ་ལ་བཞི་སྟེ། བསྙེན་གནས་པས་སྤྱད་པ་དང༌། དགེ་བསྙེན་གྱིས་སྤྱད་པ་དང༌། དགེ་ཚུལ་བས་སྤྱད་པ་དང༌། དགེ་སློང་གིས་སྤྱད་པའོ། །དེ་ལ་བསྙེན་གནས་པས་སྤྱད་པ་ནི་ཀུན་དུ་བཟང་པོའི་མདོ་ལས་བསྙེན་གནས་པའི་གང་ཟག་གིས། དེ་དུས་ལུས་ངག་ཡིད་ཀྱིས་སྒྲིམ་ཞེས་པས་ལུས་ཀྱིས་ཁྲུས་དང་ཕྱག་བྱ་བ་དང༌། ངག་གིས་འདོན་པ་དང༌། སྙིང་པོ་བཟླས་པ་དང༌། ཡིད་ཀྱིས་ཉེས་པ་ཤེས་པས་བསླབ་པ་བསྲུང་བའི་སེམས་དང༌། ཡོན་ཏན་ཤེས་པས་ཡི་དམ་གྱི་ལྷ་དྲན་པ་དང༌། ལུས་ངག་གིས་དགེ་བ་བྱས་པ་དང༌། བསྲུང་བའི་ཉི་མ་ཡིད་ལ་བྱ་བའོ། །དགེ་བསྙེན་གྱིས་སྤྱད་པ་ལ་བྱམས་པས་ཞུས་པའི་མདོ་ནས། དགེ་བསྙེན་དད་དང་ལྡན་པ་ཡིས། །ལས་མིན་སྤང་ཞིང་དགེ་བཅུ་བསྙེན། །ཞེས་པས་བ་ལང་དང༌། བྱ་ཕྱག་གསོ་བ་ལ་སོགས་པ་བཅུ་མྱ་ངན་ལས་འདས་པའི་ནང་ནས་བསྟན་པ་ལྟར་སྤང་བའོ། །དགེ་བ་བཅུ་ནི་ཀུན་དགའ་བོས་ཞུས་པའི་མདོ་ནས་བསྟན་པ་ལྟར་སྤྱད་དེ། སྲོག་བསྐྱབ་པ་དང༌། འབྱོར་པ་སྦྱིན་པར་གཏང་བ་དག །དཀོན་མཆོག་མཆོད་པ་དང༌། མཆོད་རྟེན་དང༌། སྐུ་གཟུགས་དང་ལྷ་ཁང་ལ་སོགས་པ་ལ་ན་བཟང་དབུལ་བ་དང༌། བསྐོར་བ་དང༌། ཕྱག་དང༌། ཁ་ཏོན་ཀླག་པ་གདང༌། སྙིང་པོ་དང༌། བསྟོད་པ་བྱ་བ་དང༌། ཞིག་པ་གསོ་བ་དང༌། སྐུ་དཀར་བྱུག་པ་དང༌། ཉ་མོ་བཙུན་པའི་དགེ་བ་བྱ་བ་དང༌། འོས་པའི་ཁ་མ་དང་དྲིན་ཅན་ལ་རིམ་གྲོ་བྱ་བའོ། །དགེ་ཚུལ་གྱིས་སྤྱད་པ་ལ་དགེ་ཚུལ་དངོས་ཀྱི་འདུལ་བར་བལྟའོ། །འདིར་ཀཱ་རི་ཀཱ་ནས། ནམ་གྱི་ཆ་སྨད་མལ་ལངས་ནས། །ནམ་ལངས་བར་དུ་ཁ་ཏོན་བྱ། །གདོང་དང་སོ་ཡི་དྲི་བཀྲུས་ལ། །དེ་བཞིན་གཤེགས་ལ་གུས་ཕྱག་འཚལ། །ཞེས་པས་ལུས་ངང་ཡིད་ཀྱིས་བྱ་བ་སྟེ་ལུས་ཀྱི་ཉེས་པ་འཕེལ་བར་མི་བྱ་བ་ལ་


DTG078_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་སྟེ། ཉིན་པར་འཇིག་རྟེན་པ་མ་དད་པ་སྤང་བ་དང༌། མཚན་མོ་ཕྱི་སྒོ་ཕྱིན་ཆད་དུ་མི་ཉལ་བ་དང༌། འགྲོ་བའི་ཚེ་བསླབ་པ་དྲན་པས་བག་མ་ལྟར་འགྲོ་བ་དང༌། ཟ་བ་དང་འདུག་པ་དག་བག་མེད་པར་མི་བྱའོ། །དགེ་བ་འཕེལ་བས་ཐོ་རངས་སྲོད་ཙོག་ཙོག་པོ་དང༌། ཁྲུས་དང་རྟེན་ལ་ཕྱག་དུས་དང་སྐབས་སུ་བྱའོ། །ངག་གིས་མི་སྨྲ་བ་དྲུག་སྟེ། མི་ཤེས་པ་དང༌། མི་ཁྲོ་བ་དང༌། མཚང་མི་འདྲུ་བ་དང༌། ཕྱར་ཀ་མི་གཏང་བ་དང༌། རྟ་གད་མི་བྱ་བ་དང༌། གཙུག་ལག་ཁང་དང་དགེ་འདུན་མང་པོའི་གསེབ་ཏུ་གཅམ་བསྐྱུང་བའོ། །ངག་གིས་བརྗོད་པར་བྱ་བ་ཁ་དོན་དང༌། ཀླག་པ་དང༌། སྙིང་པོ་བརྗོད་པ་དང༌། བསྟོད་པས་བསྟོད་པ་དང༌། ཞི་བས་བླང་བ་དང༌། དང་བས་ཆོས་ཞུ་བ་དང་དྲུག་གོ །ཡིད་ལ་གཉིས་ཀྱི་ཉེས་པ་སྤང་བ་ལ་ཡང་གཉིས་ཏེ། མཆོད་རྟེན་དང༌། གཙུག་ལག་ཁང་དང༌། དགེ་འདུན་གྱི་དཀོར་ལ་གནོད་སེམས་དང༌། རྐུ་སེམས་སྤང་བ་དང༌། བསླབ་པ་ཉམས་པའི་ཉེས་པ་དྲན་པར་བྱས་ལ་བསླབ་པ་བསྲུང་བའོ། །ཡོན་ཏན་དྲན་པས་བསམ་པ་ལྔ་སྟེ། ལུས་ངག་གི་དགེ་བའི་ཡོན་ཏན་དྲན་པར་བྱ་བ་དང༌། འཁོར་བ་སྡུག་བསྔལ་བར་ཤེས་པར་བྱ་བ་དང༌། བྱས་པ་མི་རྟག་པ་དང༌། མྱ་ངན་ལས་འདས་པ་ཞི་བ་དང༌། སྟོང་པ་བདག་མེད་པར་ཤེས་པར་བྱ་བའོ། །དགེ་སློང་གི་སྤྱད་པ་ལ་དགེ་སློང་དངོས་དང༌། ཤེས་རབ་ཅན་གྱིས་འདྲུལ་བར་ཡང་བལྟའོ། །འདིར་ལྷའི་དབང་པོས་ཞུས་པའི་མདོ་ལས། དགེ་སློང་རྣམས་ཀྱིས་བྱ་བ་ནི། །མི་དགེ་བཅུ་སྤང་དགེ་བཅུ་བསྒྲུབ། །དེ་ཡང་ལུས་ངག་ཡིད་ཀྱིས་ཏེ། །མ་ཡེངས་སྤྱོང་ལམ་རྣམ་བཞིར་སྤྱོད། །ཅེས་པ་དང༌། དགྱེས་པའི་རྡོ་རྗེ་ནས། དེ་ནས་བསླབ་པའི་གནས་བཅུ་པོ་ཞེས་པས། དགེ་བ་བཅུ་བསྒྲུབ་སྟེ། དེ་ཡང་མི་དགེ་བ་བཅུ་མི་འཕེལ་བར་བྱ་བའི་ཕྱིར། དགའ་བོས་ཞུས་པ་དེ་ཉིད་ལས་མི་དགེ་བ་བཅུ་འཕེལ་བས་དགེ་སློང་རྣམས་ཉེས་བྱེད་བཅུ་སྤོངས་ཤིག །བཅུ་གང་ཞེ་ན། སྲོག་གཅོད་པའི་ཉེས་བྱེད་མ་བསམས་པར་དགེ་སློང་རྣམས་ལུས་ཀྱི་བྱ་བ་བྱེད་པ་དང༌། མ་བྱིན་པར་ལེན་པའི་ཉེས་བྱེད་གཞན་གྱི་གཟུགས་ཀྱི་ཡུལ་ལ་རེག་པ་དང༌། མི་ཆངས་པར་སྤྱོད་པའི་ཉེས་བྱེད་བུད་མེད་ཀྱི་ཡུལ་ལྔ་ལ་སྤྱོད་པ་དང༌། བརྫུན་གྱི་ཉེས་


DTG078_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་མ་བསམས་པར་སྨྲ་བ་དང༌། ཕྲ་མའི་ཉེས་བྱེད་མང་བར་སྨྲ་བ་དང༌། ངག་འཁྱལ་པའི་ཉེས་བྱེད་བྲེ་མོར་སྨྲ་བ་དང༌། ཚིག་རྩུབ་མོའི་ཉེས་བྱེད་མི་དགའ་བར་སྨྲ་བ་དང༌། བརྣབ་སེམས་ཀྱི་ཉེས་བྱེད་བདག་ལ་དགོས་སེམས་འཆང་བ་དང༌། གནོད་སེམས་ཀྱི་ཉེས་བྱེད་གཞན་ལ་ལོག་པར་སྤྱོད་པའོ། །ལོག་པར་ལྟ་བའི་ཉེས་བྱེད་དངོས་པོ་ལ་ཆགས་པ་རྣམས་སྤོངས་ཤིག་ཅེས་བཀའ་སྩལ་པའོ། །མི་དགེ་བཅུ་འགགས་པས་མི་དགེ་བ་དང་བྲལ་ནས་དགེ་བཅུར་འགྱུར་བའོ། །དེ་ནི་བསླབ་པའི་གནས་བཅུ་ཞེས་པའོ། །དེ་ནས་བྱེ་བྲག་པ་ལ་བསླབ་ཅེས་པ་ལ་ཡང་དེ་ཉིད་ནས། དགེ་བཅུ་རྒྱས་ཕྱིར་ཆོས་གཉིས་དང༌། །སྤྱོད་ལམ་བཞི་རུ་དགེ་སློང་སྤྱོད། །ཅེས་པས། དེ་ཡང་ཆོས་གཉིས་པོ་ཉེས་པ་དང༌། མི་དགེ་བ་སྤྱོད་ལམ་རྣམ་བཞིས་མི་བྱེད་པ་དང༌། ཡོན་ཏན་དགེ་བ་འཕེལ་བ་སྤྱོད་ལམ་བཞིས་བྱ་བ་སྟེ། དེ་ཡང་དེ་ཉིད་ནས། དགེ་སློང་བྱང་ཆུབ་སེམས་ལྡན་པས། །རྟག་ཏུ་དབེན་པར་བསྡད་པར་བྱ། །སེམས་ཀྱིས་བདག་གཞན་དོན་བྱེད་ལ། །དགེ་སློང་ཞེས་ནི་ངས་བརྗོད་དོ། །ཞེས་པས་དེ་ཡང་སེམས་གཉིས་བསྐྱེད་ནས་ཐེག་པ་གསུམ་དང་ལྡན་ཞིང་དབེན་པར་གནས་ནས་མི་དགེ་བ་མི་འབྱུང་ཞིང་དགེ་བ་འཕེལ་ཏེ། གལ་ཏེ་གཞན་དོན་སེམས་ཀྱིས་བྱེད་ཀྱང་དངོས་སུ་མི་ནུས་པ་དང༌། དབེན་པར་མི་གནས་པས་འདི་ལྟར་བྱ་སྟེ། སྤྱོད་ལམ་བཞིས་མི་བྱ་བ་ལ་གཉིས་ཏེ། ཡིད་ཀྱིས་དྲན་པ་ལུས་ཀྱིས་མི་བྱ་བ་དང༌། ངག་གིས་མི་བྱ་བ་དང༌། ལུས་ཀྱིས་གཞི་ལ་སྡོད་པ་དང༌། འགྲོ་བ་དང༌། ཟས་ཟ་བའི་ཚེ་དང༌། ཉལ་བའི་དུས་སོ། །སྡོད་པ་ལ་ཉེས་པ་འབྱུང་བ་དང༌། ཉེས་པ་ཆེན་པོ་འབྱུང་ནས་བསྡད་པ་གཉིས་ཀྱི་ཉེས་པ་འབྱུང་བས་མི་བསྡད་པ་ལ་བཅུ་གཉིས་ཏེ། འགྲེང་བ་དང༌། ལྟོ་རྒྱལ་དང༌། སྙེས་པ་དང༌། ཁྱི་ཚུགས་དང༌། ས་རྐོ་བ་དང༌། རྩྭ་གཅོད་པ་དང༌། ཆུ་དང༌། མེ་དང༌། ཁྱི་དང༌། བུ་ཆུང་ལ་རྩེ་བ་དང༌། འཇིག་རྟེན་དང་བུད་མེད་ནང་དུ་སྡོད་པ་སྤང་བའོ། །ཉེས་པ་ཆེན་པོ་འབྱུང་བས་མི་བསྡད་པ་ལ་གཉིས་ཏེ། བསྡད་ས་མིན་པ་དང༌། རྟེན་ནོ། །རྟེན་ལ་དགུ། མཆོད་རྟེན་དང༌། ལྷ་ཁང་དང༌། སྐུ་གཟུགས་དང༌། གླེགས་བམ་དང༌། མཁན་པོ་དང༌། སློབ་དཔོན་དང༌།


DTG078_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་དང༌། ཕ་མ་དང༌། རྒྱལ་པོ་དང༌། རྒན་པོའོ། །བསྡད་ས་མིན་པ་ལ་གཉིས་ཏེ། གཡས་དང་མདུན་དུ་མི་བསྡད་པའོ། །འགྲོ་བ་ལ་གཉིས་ཀྱི་ཉེས་པ་འབྱུང་བས་མི་འགྲོ་བ་ལ་བཅུ་བདུན་ཏེ། མུ་སྟེགས་དང་འགྲོགས་ཏེ་མི་འགྲོ་།རྒྱུག་ཅིང་རྒྱུག་ཅིང་མི་འགྲོ། མུ་སྟེགས་ཀྱི་ནང་དུ་མི་འགྲོ་།སྒྱུ་མ་མཁན་དང་མི་འགྲོགས་ནང་དུ་མི་འགྲོ་།དེ་བཞིན་དུ་ཚོང་བ་དང་མི་འགྲོགས་ནང་དུ་མི་འགྲོ་།དམག་དང་མི་འགྲོགས་ནང་དུ་མི་འགྲོ་།ཤན་པ་དང་སྨད་འཚོང་མ་དང་མི་འགྲོགས་ནང་དུ་མི་འགྲོ་།བུད་མེད་དང་མི་འགྲོགས་ནང་དུ་མི་འགྲོ། །ཕྱོགས་སུ་ལྟ་བ་དང་ཡུལ་ཡེངས་པས་མི་འགྲོ་།གོས་མེད་པ་དང༌། སྟོད་གོས་མེད་པ་དང༌། གཞན་ཡང་རྩོད་པའི་སར་མི་འགྲོ་བ་དང༌། འཇིགས་པ་དང༌། དོན་མེད་པ་དང༌། ཡང་བ་དང་མི་འགྲོགས། ཡང་བའི་སར་མི་འགྲོ་བའོ། །ཉེས་པ་ཆེན་པོ་འབྱུང་བས་མི་བྱ་བ་གཉིས་ཏེ། རྟེན་གོང་ལྟར་དགུ། མི་འགྲོ་བ་ལྔ། དངོས་སམ་གྲིབ་མ་ལ་མི་འགོམ། གཡོན་བསྟན་ལ་མི་འགྲོ་།སྟེང་ནས་མི་འགྲོ་།མདུན་ནས་མི་འགྲོ་།རྗེས་ནོན་པས་མི་འགྲོ་བའོ། །ངག་ལ་ཡིད་ཀྱིས་ཟིན་པར་བྱ་སྟེ། མི་སྨྲ་བ་ལ་བཞི་སྟེ། སྡོད་པའི་ཚེ་མི་སྨྲ་བ་ལ་གཉིས་ཏེ། ཉེས་པ་དང་ཉེས་པ་ཆེན་པོ་ལས་མུ་སྟེགས་ལ་སོགས་པ་བདེན་ཡང་མི་སྨྲ་བ་དང༌། འདྲི་བའི་ལན་འདེབས་པ་དང༌། ཞི་བ་དང་འཇམ་པ་དང༌། ངལ་བས་སྨྲ་བའོ། །ཉེས་པ་ཆེན་པོ་འབྱུང་བས་མི་སྨྲ་བ་ལ་གསུམ་སྟེ། འགྲེང་སྟེ་སྡོད་པ་ལ་སོགས་པས་ཆོས་མི་བཤད་པ་དང༌། མཆོད་རྟེན་ལ་སོགས་པ་ལ་རྒྱུ་འབྲས་ལ་སྐུར་བ་དང༌། བྲེ་མོའི་གཏམ་མི་བྱའོ། །བརྫུན་སོགས་གོང་དུ་བཀག་པ་རྣམས་ཀྱང་སྨྲ་བར་མི་བྱའོ། །འགྲོ་བ་ལ་ཡང་དེ་བཞིན་ཏེ། ཟ་བ་དང་ཉལ་བ་ལ་ཡང་དེ་བཞིན་ནོ། །ཉེས་པ་དང༌། ཉེས་པ་ཆེན་པོ་དག་ཤེས་ཏེ་སྨྲ་བའི་ཚོད་རིག་པར་བྱའོ། །ལུས་ཀྱིས་ཟས་ཟ་བའི་ཚེ་ན་ཡང་གཉིས་ཏེ། ཉེས་པ་ཉི་ཤུ་སྟེ། འགྲེང་བ་ལ་སོགས་པ་བཅུས་མི་བཟའ་བ་དང༌། འགྲོ་ཞིང་མི་བཟའ་བ་དང༌། སྨྲ་ཞིང་དང༌། ཁམ་ཆེ་བ་དང༌། ཆུང་བ་དང༌། འགྲམ་པ་གཡས་གཡོན་སྤོ་བ་དང༌། རྒན་སྨྲས་དང༌། རིངས་པས་དང༌། འཕྲོ་གཅོད་པ་དང༌། མ་འགྲངས་


DTG078_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

པར་དང༌། ཡང་པའི་སར་ཟ་བ་སྤང་བའོ། །ཉེས་པ་ཆེན་པོ་འབྱུང་བས་སྤང་བ་ལ་ལྔ། །དཀོན་མཆོག་ལ་བསྔོས་པ་ཟ་བ་དང༌། མཁན་པོ་དང་སློབ་དཔོན་ལ་དད་པས་བསྔོས་པ་ཟ་བ་དང༌། ཕ་དང་མ་ལ་བསྔོས་པ་ཟ་བ་དང༌། གཏོར་མ་དང་བྱིན་གྱིས་རློབ་པ་ཟ་བ་དང༌། རྒྱལ་པོ་དང་གྲོང་དཔོན་ལ་བསྔོས་པ་ཟ་བ་སྤང་བའོ། །ཉལ་བའི་ཚེའི་ལུས་ལ་ཡང་གཉིས་ཏེ། ཉེས་པ་ལ་དགུ་སྟེ། གན་རྐྱལ་དུ་མི་ཉལ། ཁ་བུབ་དང༌། གོས་མེད་པ་དང༌། དབང་པོ་ལག་པས་གཟུང་བ་དང༌། ནུབ་ཏུ་མགོ་བསྟན་པ་དང༌། འཇིག་རྟེན་པའི་གྲོང་དང༌། འཇིག་རྟེན་པའི་མི་མང་པོ་ནང་དང༌། ནད་འཕལ་པའི་ས་དང༌། གྲོགས་མེད་པར་མི་ཉལ་བའོ། །ཉེས་པ་ཆེན་པོ་འབྱུང་བས་མི་ཉལ་བ་ལ་གསུམ་སྟེ། གོང་གི་ལྷ་ཁང་ལ་སོགས་པའི་རྟེན་དུ་འོས་པའི་སྟེང་དང༌། རྐང་པ་བསྟན་པ་དང༌། རྒྱབ་བསྟན་པས་མི་ཉལ་བའོ། །ནའམ་ས་ཡེ་མ་རྙེད་དམ། སྲོག་གི་བར་ཆད་དུ་འགྱུར་རམ་དབང་མེད་ན། མདོ་བཟང་པོ་འཕེལ་བ་ནས། དང་པོ་པ་ཡི་ཆོས་རྣམས་ནི། །བར་ཆད་མེད་པར་ཤེས་བྱས་ལ། །གསོ་སྦྱོང་བྱ་ཞིང་བསླབ་པ་བསྲུང༌། །རིམ་གྱིས་རིམ་གྱིས་གོམས་ཏེ་བླ། །ཞེས་པ་དང༌། གསོ་སྦྱོང་བྱ་ཞིང་སྐབས་དང་སྦྱར་རོ། །བྱེ་བྲག་ཁོ་ན་དབང་དུ་བྱས་ནས་འདོད་པ་དང༌། དུས་གཉིས་སུ་བསྡུས་ཏེ། འདོད་པ་སངས་རྒྱས་དང༌། སྡོམ་པས་རྒན་པ་ལ་ཕྱག་བྱེད་པ་དང༌། ལུས་ངག་གི་དགེ་བ་རང་གི་དོན་དུ་འདོད་པ་གཉིས་སོ། །དུས་ལ་གསུམ་སྟེ། དུས་འདི་ཇི་སྲིད་འཚོའི་བར་དང༌། ལམ་སྐྱེ་བ་བདུན་དང༌། འབྲས་བུ་བསྐལ་པ་གཅིག་ནས་ཆོས་སྟོན་པའི་དུས་སོ། །འདིར། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ཐེག་པ་གསུམ་དུ་དབྱེར་མེད་ཀྱང༌། །གཙོ་བོས་ཐེག་པ་གསུམ་བསྟན་པ། །ང་ཡི་ཐབས་ལ་མཁས་པའོ། །ཞེས་པས་ཐེག་པ་གསུམ་ལ་གནས་པར་བྱ་ཞིང༌། སྡོམ་པ་གསུམ་དང་ལྡན་པར་བྱས་པས་ཡོན་ཏན་དང་དགེ་བ་འཕེལ་བའི་ཕྱིར་སྦྱོར་ལམ་བཞིས་སྤྱད་པར་བྱ་བ་ཡང་སྡོད་པ་ལ་སོགས་པ་ཐུན་བཞིར་བསྒྲུབ་སྟེ། སྔ་དྲོའི་ཐུན་ལ་གསུམ་སྟེ། ལྡང་བ་དང༌། ཁྲུས་དང༌། ཆོས་སྤྱད་པའོ། །དང་བ་ལ་སྦྱོར་བ་དང༌། དངོས་དང༌། མཇུག་གསུམ་སྟེ། སྦྱོར་བ་ཡིད་ངག་ལུས་གསུམ་


DTG078_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཡོད་སྔོན་ཡང་ལེ་ལོ་དང་གཉིད་ཁོ་ན་ལ་བརྟེན་ནས་འདི་འདྲའོ་ཞེས་བསམས་ཏེ་ནམ་སྨད་ལྡང་ངོ༌། །གང་གི་ན། ན་མོ་བུདྡྷཱ་ཡ། ན་མོ་མཉྫུ་ཤྲཱི། ན་མོ་བཛྲ་པཱ་ཎི། ན་མོ་ལོ་ཀེ་ཤྭ་རཱ་ཡ། ན་མཿཏཱ་ར། ཞེས་རང་གི་ཡི་དམ་གྱི་ལྷ་བསྐུལ་ལོ། །ལུས་དལ་ནས་ཙོག་ཙོག་ཏུ་ལྡང་ངོ༌། །དངོས་ལུས་ལེགས་པར་ལངས་ལ་སྟོད་གོས་དང་སྨད་གོས་བགོ་བ་དང༌། ངག་སྙིང་པོ་སྒྲ་དང་བཅས་པས་སྤྲུལ་དང་སེམས་ཅན་བསྐྲད་པ་དང༌། ཡིད་དགེ་བ་བྱ་བའི་ཕྱིར་ཆོས་དྲན་པའོ། །མཇུག་ལེ་ལོ་དང་ཐེ་ཚོམ་མེད་པའོ། །ཁྲུས་ལ་ཡང་སྦྱོར་བ་དངོས་མཇུག་གསུམ་སྟེ། སྦྱོར་བ་བཤང་བ་ཆེ་ཆུང་དང༌། སྣབས་ལུད་སེམས་ཅན་ལ་གནོད་པ་དང༌། ས་མིན་སར་མི་འདོར་ཞིང་ལེགས་པར་བྱས་པ་དང༌། ཆུ་སྲོག་ཆགས་དང་དྲི་མ་མེད་པས་སྣོད་བཀང་བ་དང༌། བཀྲུ་ས་ཡང་མི་གནོད་པ་དང༌། ས་མ་ཡིན་པར་བཀྲུ་བ་དང༌། ཆུ་བྱིན་གྱིས་བརླབ་པ་ཆུ་སྣོད་དེའི་ཆུ་ལ་ཨ་དཀར་པོ་བསམས་ལ། །ཨའི་འོད་ཀྱིས་འཕགས་པ་སྤྱན་རས་གཟིགས་སྤྱན་དྲངས་ཏེ། མདུན་ན་གསལ་བའི་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ། སྤྱན་རས་གཟིགས་ལྟ་བུར་གྱུར་པས་ནམ་མཁའ་ཁེངས་པ་ཕྱག་མཚན་ཀུན་དེའི་མཐུས་སྔར་གྱི་ཆུས་བཀང་ནས་འོ་མ་ལྟར་བདུད་རྩིའི་ཆུར་གྱུར་པར་བསམས་ཏེ་བཀྲུའོ། །བཀྲུ་བ་དངོས་ནི་ཨོཾ་མ་ཎི་པདྨེ་སྭ་བྷཱ་བ་ཧཱུ༵། ཞེས་བརྗོད་ཅིང་ཁ་དང་ལག་པ་དང༌། གདོང་བཀྲུའོ། །ཡིད་ཀྱིས་སྒྲིབ་པ་གཉིས་སངས་རྒྱས་ཀྱི་མཐུ་དང༌། བྱིན་གྱིས་བརླབས་པ་ཆུ་དང། སྔགས་ཀྱི་ནུས་པས་དག་པར་བསམ་མོ། །མཇུག་མདུན་གྱིས་སངས་རྒྱས་རྣམས་གཞན་དོན་ལ་སླར་གཤེགས་པར་བསམ་མོ། །རང་ཉེས་པ་དང་སྒྲིབ་པ་དག་པས་དགེ་བ་བྱས་པར་གནས་པར་གནས་པར་བམ་ཞིང་དོན་ཆེ་བར་བསམ་མོ། ཆོས་སྤྱད་པ་ལ་བསམ་གཏན་དང༌། ཁ་ཏོན་དང༌། ཆུ་སྦྱིན་དང༌། འབྱུང་བོ་ལ་གཏོར་མ་གཏང་བ་དང༌། མཎྜལ་བྱ་བ་དང་ལྔའོ། །བསམ་གཏན་ལ་ཡང་གསུམ་སྟེ། སྦྱོར་བ་ལུས་ཅོག་ཅོག་གམ་སྐྱིལ་ཀྲུང་དུ་བསྡད། ངག་ཨོཾ་ཨཱཿཧཱུ༵་ཞེས་བརྗོད། ཡིད་ཨོཾ་གྱི་འོད་ཁ་དོག་ལྔས། དངོས་པོ་སངས་རྒྱས་ཀྱི་སྐུའི་ངོ་བོར་བྱས། ཨཿའི་འོད་


DTG078_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོས་སྐུའི་ངོ་བོ་དེ་སངས་རྒྱས་ཀྱི་གསུང་དང་ལྡན་པར་བྱས། ཧཱུ༵་གི་འོད་ནག་པོ་དེས་སྐུ་གསུང་གི་ངོ་བོ་དེ་ཐུགས་དང་ལྡན་པར་བྱས་ཏེ། ཐམས་ཅད་མཉམ་པོར་བསྒྲུབས་གནས་དང་བདག་དང་ཏིང་ངེ་འཛིན་དག་སྟེ་བསྲུང་བར་ཡང་དེ་འགྱུར་རོ། །དེ་ནས་བསམ་གཏན་དངོས་རྟོགས་པ་དང་མན་ངག་དང་ཡིད་མོས་པ་ལ་ཐུན་དང་ནུས་ཚད་དུ་གནས་པར་བྱའོ། །ཁ་དོན་ལ་ལྔ་སྟེ། བར་ཆད་ཞི་བར་བྱ་བའི་ཕྱིར་གཙུག་ཏོར་དང༌། རྡོ་རྗེ་རྣམ་པར་འཇོམས་པ་གདོན། །སྒྲིབ་པ་བསལ་ཞིང་དགེ་བ་བསྡུ་པའི་ཕྱིར་ལྟུང་བཤགས་གདོན། དགེ་བ་རྒྱས་བར་བྱ་བའི་ཕྱིར་བྱམས་པ་དང་སྤྱན་རས་གཟིགས་དང། བཟང་སྤྱོད་ཀྱི་སྨོན་ལམ་གདོན། དགེ་བ་མི་ཉམས་པར་བྱ་བའི་ཕྱིར་ཤེས་རབ་སྙིང་པོ་གདོན། བསྟན་པ་རྒྱས་པར་བྱ་བའི་ཕྱིར་འཇམ་དཔལ་གྱི་མཚན་བརྗོད་དང༌། མགོན་པོ་ནག་པོའི་མདོ་གདོན་ནོ། །དེ་ཡང་གཙུག་ཏོར་རྒྱལ་བའི་མདོ་ལས། བགེགས་རྣམས་གཙུག་ཏོར་རྡོ་རྗེས་འཇོམས། །ཀུན་དུ་དགེ་བ་ཞུས་པ་ཡིས། །སྒྲིབ་སེལ་བསོང་ནམས་སྡུད་པ་དང༌། །བྱམས་པ་སྨོན་དང་བཟང་པོར་སྤྱོད། །དགེ་བ་རྒྱས་ཕྱིར་ང་ཡིས་བསྐུལ། །ཤེས་རབ་ཕ་རོལ་ཕྱིན་དེ་དག །དེ་རྣམས་ཀུན་གྱི་སྙིང་པོ་བརྗོད། །བསྟན་པ་རྒྱས་བྱེད་འཇམ་དཔལ་དང༌། །དལ་ཁས་བླངས་མགོན་ནག་པོ། །ཞེས་སོ། །དེ་ལ་ཡང་སྦྱོར་བ་ལྟ་རྣམས་མདུན་དུ་གསལ་བ་དང༌། དག་པ་དང་གསལ་བ་དང་བར་མ་ཆོད་པར་གདོན་པ་དངོས་དང༌། ཡོན་ཏན་ལ་ཐེ་ཚོམ་མི་ཟ་བ་དངོས་སོ། །རྒྱས་པར་བཤད་པའི་སྦྱོར་བ་དངོས་མཇུག་ཀྱང་ཤེས་པར་བྱའོ། །ཆུ་སྦྱིན་ནི་རྟེན་སྣོད་དུ་གཞག་བའམ། མེད་ན་ཡང་ངང་ཡི་དམ་གྱི་ལྷ་གང་ཡིན་པ་དེར་བསྒོམས་ལ། ཨོཾ་ཨཱཿཧཱུ༵་བརྗོད་པས་ཧཱུ༵་གི་འོད་དེས་སྣོད་ཀུན་སྟོང་པར་བསམ། སྟོང་པ་ལས་པཾ་ལས་པདྨ་སེར་པོ་འདབ་མ་བརྒྱད་པ། དེའི་ལྟེ་བ་ལ་ཨ་ལས་ཟླ་བ་རྒྱས་པ་འོད་དང་བཅས་པ། དེའི་སྟེང་དུ་ཛཾ་སེར་འོད་དང་བཅས་པ། ཛཾ་དེ་གྱུར་པ་ལས་ནོར་སྦྱིན་སེར་པོ་པདྨ་དང་ཟླ་བའི་སྟེང་དུ་གཡས་བརྐྱང་བའི་འོ་ག་ན་ཡིད་བཞིན་གྱི་ནོར་བུ་མནན་པ། གཡོན་བཀུམ་པའི་པུས་མོའི་འོག་ན་རིན་པོ་ཆེ་སྣ་ཚོགས་ཀྱི་བུམ་པ་མནན་པ། མདོག་སེར་པོ་གསེར་བསྲེགས་པ་འདྲ་བ། རལ་བ་གྱེན་དུ་བརྫེས་ནས་རིན་པོ་ཆེའི་ཟེ་པྲོག་ཅན། ཞལ་རྣམ་


DTG078_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྣང་མཛད་ལྟར་མདངས་དང་ལྡན་པ། སྙན་ཆ་མགུལ་རྒྱན། དབུ་རྒྱན་ཕྱག་གདུབ། ཞབས་གདུབ་རིན་པོ་ཆེ་སྣ་ཚོགས་ཀྱིས་བྱས་པ་གཅིག་བསྒོམས་ལ། དེའི་ཐུགས་ཀ་ན་པདྨོའི་སྟེང་ན་ཟླ་བ། དེའི་སྟེང་ན་ཛཾ་སེར་པོ་ཡོང་པ་དེས་རང་བཞིན་གྱི་ནོར་ལྷ་དེ་ཉིད་འདྲ་བ་སྤྱན་དྲངས་ཏེ་དངོས་སམ་ཡིད་ཀྱིས་མཆོད་སྦྱིན་ཕུལ་ལ་བདག་གཞན་གྱི་འདོད་པ་སྐོངས་ཤིག་ཅེས་བརྗོད་དེ། དེ་ལ་བཅུག་ལ་གཉིས་མེད་དུ་གྱུར་པའི་ཐུགས་ཀའི་ཟླ་བའི་ཇཾ་གིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྱན་དྲངས་ཏེ་མཆོད་པ་རྣམས་ཀྱིས་མཆོད་ནས་དབང་མནོས་རྣམ་པར་སྣང་མཛད་ཀྱི་རྒྱན་དང་ལྡན་པའོ། །སྦྱོར་བ་དེས་ནོར་སྦྱིན་བསྐྱེད་ནས་ཆུ་སྣོད་ཆུ་དང་བཅས་པ་ལ་སྔོན་དུ་བསྟན་པའི་ཁྲུས་ཀྱི་སྐབས་ལྟར་བྱིན་གྱིས་བརླབས་ལ་སྦྱོར་བ་དེ་དང་ལྡན་པས་སྦྱིན་པ་དངོས་གཡས་པའི་སོར་མོ་ལས་བདུད་རྩིའི་རྒྱུན་གྱིས་སྦྱིན་པ། །ཨོཾ་ཛཾ་བྷ་ལ་ཛ་ལནྡྲ་ཡེ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་སྤྱིན་ནོ། །མཇུག་བདག་གི་འདོད་པ་སྐོངས་པར་གྱིས་ཤིག་ཅེས་བརྗོད་ལ་ཆུ་དེ་གཙང་སར་བསྐྱལ་ལོ། །དེ་ཡང་སངས་རྒྱས་བྱ་རྒོད་ཕྱང་པོའི་རི་ལ་བཞུགས་པ་ལ། ལྷ་སྦྱིན་གྱིས་བྲག་འཕངས་པ་ལ་ཕྱག་ན་རྡོ་རྗེས་རྡོ་རྗེ་འཕངས་པས་བྲག་ཕྱེད་མར་ཆད་པ་ལས། ཕྱེད་ཀྱིས་བཅོམ་ལྡན་འདས་ཀྱི་མཐེ་བོང་ལ་བཞར་ཕྱེད་ཀྱིས་ནོར་སྦྱིན་གྱི་མགོ་བཀས་པས་སངས་རྒྱས་ཀྱི་འཁོར་ཐམས་ཅད་བྲེད་པ་ལ། སངས་རྒྱས་ཀྱི་ཞལ་ནས་འུ་ཅག་གཉིས་ལ་ཁོའི་དེ་ཙམ་གྱི་ལན་ཆགས་པས་མི་དགའ་མ་བྱེད་ཅིག །ཁྱོད་ལ་ངས་ཕན་གདགས་སོ་ཞེས་བརྗོད་ནས་གོང་ལྟར་བཀྲུས་པས་སོས་ཏེ། འགྲོ་བ་ལ་ཕྱིན་ཆད་ནོར་སྦྱིན་པར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕྱིར་བས་ཀྱི་གང་ཟག་ཆོས་ལ་མོས་པ་དང་ལྡན་པ་རྣམས་ཀྱིས་ཆུ་སྦྱིན་ཞིང༌། །ནོར་སྦྱིན་གྱིས་ནོར་སྦྱིན་པར་སངས་རྒྱས་ཀྱི་སྤྱན་སྔར་དམ་བཅས་པའོ། །འབྱུང་པོ་ལ་གཏོར་མ་སྦྱིན་པ་ལ་གཏོར་སྣོད་གཙང་མར་ཟན་དང་ཆུ་གཙང་མས་བཀང་བ་མདུན་དུ་སྟེགས་ལ་གཞག་སྟེ། རང་ཡི་དམ་གྱི་ལྷར་གསལ་བས་ཨོཾ་ཨཱཿཧཱུ༵་བརྗོད་པས་ཧཱུ༵་གི་འོད་སྔོན་པོས་སྟོང་པར་བྱས། ཨཱཿཔའི་འོད་དཀར་པོས་སྣོད་བཅུད་དུ་བཅས་པ་རྒྱ་ཆེ་ཞིང་ཟབ་པའི་བདུད་རྩིར་གྱུར་ཏེ། ཨོཾ་གྱི་འོད་ལྔས་ཡེ་ཤེས་ཀྱི་བདུད་རྩིར་བསམ་པ་


DTG078_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། འབྱུང་པོ་དང་ཡི་དགས་བཟའ་བཏུང་གིས་ཕོངས་པ་ཐམས་ཅད་བཀུག་སྟེ་བདུད་རྩི་ལ་ཟད་པ་མེད་ཅིང་རོ་དང་ལྡན་པ་ལ་ཡི་དགས་དགའ་ནས་ལོངས་སྤྱོད་པར་བསམ་པའོ། །བཏང་བ་དངོས་ལ་ལག་པ་གཡས་པའི་སོར་མོ་ལྔ་ལས་ཀྱང་བདུད་རྩི་དཀར་མེ་རེ་རེ་འབབ་པར་བསམས་ལ། ནམཿས་མ་ནྟ་བུདྡྷཱ་ནཱཾ། སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བཏ་ར་སཾ་བྷ་ར་ཧཱུ༵་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ཅིང༌། གཡས་པས་སེ་གོལ་ལན་གསུམ་བརྡབས་ལ་སྦྱིན་ནོ། །མཇུག་གཙང་སར་བསྐྱལ་བ་དང༌། དེར་ཚོགས་པའི་འབྱུང་པོ་རྣམས་འགྲངས་ངོམས་ཏེ་ཆོས་ལ་དད་བར་བསམ་མོ། །དེ་ཡང་སངས་རྒྱས་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པ་ལ་མ་ག་དྷཱར་ཁྱིམ་བདག་ཕུང་པོ་དགེ་ཞེས་བྱ་བས་སངས་རྒྱས་འཁོར་བཅས་སྤྱན་དྲངས་ནས་ཆོས་སྟོན་དྲངས་ཏེ་སླར་གཤེགས་སོ། ཕྱི་དེ་ལོ་དུས་ཁྱིམ་བདག་དེ་ལྟོགས་པར་གྱུར་ཏེ། སངས་རྒྱས་ཀྱི་སྤྱན་སྔར་ཕྱིན་ཏེ་དྲིས་པ་ལ། སངས་རྒྱས་ཀྱི་ཞལ་ནས་འཕགས་པ་སྤྱན་རས་གཟིགས་ལ་ཞུས་ཞེས་བསྟན་ནས། ཁྱིམ་བདག་གིས་འཕགས་པ་སྤྱན་རས་གཟིགས་ལ་ཞུས་པས། །ཁྱོད་ཀྱིས་སྔ་མ་མཆོད་པའི་ཡི་དགས་དང་འབྱུང་པོ་སྐལ་བ་བཅད་པས་ཉེས་ཏེ། ད་འདི་བཞིན་དུ་ཡི་དགས་སྒོ་དྲུང་ན་ཡོད་པ་དང༌། གཞན་དག་ལ་ཡང་གཏོར་མ་འདི་ལྟར་བྱིན་ཞེས་གོང་གི་དེ་བསྟན་བས་དེ་སླར་སྔོན་བཞིན་འབྱོར་པ་དང་ལྡན་པར་གྱུར་ཏོ། །ཕྱི་རབས་ཀྱི་གང་ཟག་ཆོས་ལ་དད་པ་རྣམས་ཀྱང་འབྱུང་པོའི་གཏོར་མ་ལ་བརྩོན་པས་ཡི་དགས་ལ་ཕན་པ་དང༌། བདག་གི་འབྱོར་པ་མི་ཉམས་པའོ། །མཎྜ་ལ་ཡང་གསུམ་སྟེ། ཡིད་དུ་འོང་པའི་ས་ལ་ཁྲུ་གང་ལས་མི་ཆུང་བའི་གྲུ་བཞི་ལ་སོགས་པ་བྱས་ཏེ། སྦྱོར་བ་ཆུ་གཙང་མ་དང་མེ་ཏོག་དང་དྲིས་བྱུག་པ་དང༌། ཨོཾ་ཨཱཿབཛྲ་བྷཱུ་མི་ཧཱུ༵། ཞེས་བརྗོད་ཅིང་ས་བྱུགས་པས། རྡོ་རྗེའི་ས་བཞིར་བསམ་པ་དང༌། ཨོཾ་ཨཱཿབཛྲ་རེ་ཁེ་ཧཱུ༵་ཞེས་བརྗོད་ལ། རེ་ཁཱ་བསྐོར་བས་རྒྱ་ཆེ་བའི་གཞལ་ཡས་སུ་བསམ་པ་དང༌། ཨོཾ་ཨཱཿབཛྲ་མཎྜལ་ཧཱུམ་ཞེས་བརྗོད་ལ་སྙོམས་པར་བྱུགས་པས་རྡོ་རྗེའི་དཀྱིལ་འཁོར་དུ་བྱུགས་པར་བསམས་ལ། ཨོཾ་ཨཱཿབཛྲ་རེ་ཁེ་ཧཱུ༵་ཞེས་བརྗོད་དེ་བསྲུང་བ་གཞན་པས་རྡོ་རྗེའི་སྲུང་


DTG078_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བས་བགེགས་བསྐྲད་པར་བསམ་པ་དང༌། ལག་པ་བཀྲུ་པའོ། །དབུལ་བ་དངོས་ལ་མཎྜལ་ལ་དབུལ་བ་དང༌། མཎྜལ་དབུལ་བ་གཉིས་སོ། །མཎྜལ་ལ་དབུལ་བ་ནི་མེ་ཏོག་ཚོམ་བུ་དགུ་དབུས་དང་ཤར་གྱི་རིམ་པས་ཕྱོགས་དང་མཚམས་སུ་བཀོད་ལ་སྐད་ཅིག་གམ་རིམ་གྱིས་མཚོ་ལས་པདྨ་འདབ་མ་སྟོང་དང་ལྡན་པ་ལྟེ་བ་ན་ཟླ་བའི་གདན་ལ་ལྷ་སོ་སོའི་དམ་ཚིག་པ་ས་བོན་ནམ་མངོན་བྱང་ལྔས། སྒྲུབ་ཐབས་ལྟར་བསྐྱེད་ལ། དེའི་འོད་ཀྱིས་ཡེ་ཤེས་སེམས་དཔའ་བཀུག་ཅིང་བསྟིམ་ལ་བསྒོམ་སྟེ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུ༵་ཕཊ་སྭཱཧཱ། ཨོཾ་བཛྲ་དཱི་པེ་ཨཱཿཧཱུ༵་ཕཊ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུ༵་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ནཻ་བི་དྱེ་ཨཱཿཧཱུ༵་ཕཊ་སྭཱ་ཧཱ། ཨོཾ་བཛྲ་གནྡྷ་ལེ་ཨཱཿཧཱུ༵་ཕཊ་སྭཱ་ཧཱ། ཞེས་བརྗོད་ལ་གཟུགས་ལ་སོགས་པ་དངོས་སམ་ཡིད་ཀྱིས་མཆོད་པ་དང༌། ཕྱག་འཚལ་བ་དང༌། སྡིག་པ་བཤགས་པ་དང༌། འཇིག་རྟེན་གྱི་དགེ་བ་ལ་ཡི་རང་བ་དང༌། དེའི་དགེ་བ་བསྔོ་བ་དང༌། གསུམ་ལ་སྐྱབས་སུ་འགྲོ་བ་དང༌། ལུས་དབུལ་བ་དང༌། སེམས་བསྐྱེད་པ་དང༌། བསྐུལ་བ་དང༌། གསོལ་བ་གདབ་པ་དང༌། བདག་གི་དགེ་བའི་ལས་རྣམས་འདི་དག་གིས། འཇིག་རྟེན་དུ་ནི་མྱུར་དུ་སངས་རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང༌། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་བ་སྒྲོལ། །ཞེས་སྨོན་ལམ་གདབ་པ་ནི་མཇུག་གོ །མཎྜལ་དབུལ་བ་ལ་ཡང་གཉིས་ཏེ། དཀོན་མཆོག་སྤྱི་དང༌། བླ་མ་ལ་དབུལ་བའོ། །སྤྱི་ལ་དབུལ་བ་ནི་ཇི་ལྟར་མཛེས་པར་བྱ་སྟེ། དངོས་སམ་ཡིད་གྱིས་དངོས་པོ་གཟུགས་ལ་སོགས་པ་ལུས་ངང་བཅས་པ་དབུལ་བ་དང༌། མཇུག་བདུན་རྣམ་པར་དག་པ་དང༌། སྨོན་ལམ་གོང་ལྟར་གདབ་བོ། །བླ་མ་ལ་དབུལ་བ་ནི། ཨོཾ་ཧཾ་མ་ཧཱ་མེ་རེ་བེ་ན་མཿ། ཞེས་བརྗོད་པས་མཎྜལ་གྱི་དཀྱིལ་དུ་བཞག་ལ་རི་རབ་ཏུ་བསམ། ཨོཾ་ཡཾ་པཱུ་རྦ་བི་དེ་ཧ་ཡ་ན་མཿ། ཞེས་པས་ཤར་གྱི་གླིང་དུ་བསམ། །ཨོཾ་རཾ་ཛཾ་བུ་དྭཱི་པཱ་ཡ་ན་མཿ་ཞེས་བརྗོད་པས་ལྷོའི་གླིང་ཆགས་པར་བསམ། ཨོཾ་ལཾ་ཨ་བ་ར་དཱ་ནཱི་ཡན་མཿཞེས་བརྗོད་པས་ནུབ་ཀྱི་གླིང་དུ་ཆགས་པར་བསམ། ཨོཾ་བཾ་ཨུཏྟ་ར་བེ་ན་མཿ་ཞེས་པས་བྱང་གི་གླིང་དུ་ཆགས་པའོ། །ཨོཾ་ཡཿཨུ་པ་དྭཱི་


DTG078_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

པཱ་ཡ་ན་མཿ་ཞེས་པས་ཤར་ལྷོར་གཞག །ཨོཾ་རཿཨུ་པ་དྭཱི་པཱ་ཡ་ན་མཿ་ཞེས་པས་ལྷོ་ནུབ་ཏུ་གཞག །ཨོཾ་ལཿཨུ་པ་དྭཱི་པཱ་ཡ་ན་མཿ་ཞེས་པས་ནུབ་བྱང་དུ་གཞག །ཨོཾ་བཿཨུ་པ་དྭཱི་པཱ་ཡ་ན་མཿ་ཞེས་བྱང་ཤར་དུ་གཞག །ཨོཾ་ཡཿཨ་ཤྭ་རཏྣཱ་ཡ་ན་མཿ་ཞེས་པས་ཤར་གྱི་གླིང་དུ་རྟ་རིན་པོ་ཆས་གང་བར་བསམ། ཨོཾ་རཿམ་ཎིརཏྣཱ་ཡ་ན་མཿ་ཞེས་པས་ལྷོར་ནོར་བུ་རིན་པོ་ཆེས་གང་བར་བསམ། ཨོཾ་ལཿཧ་སྟི་རཏྣཱ་ཡན་མཿ། ཞེས་བརྗོད་པས་བྱང་དུ་གླང་པོ་ཆས་གང་བར་བསམ། ཨོཾ་བཿཔུ་རུ་ཥ་རཏྣཱ་ཡ་ན་མཿ་ཞེས་པས་ནུབ་ཏུ་བློན་པོས་གང་བར་བསམ། ཨོཾ་ཡཿཁཌྒ་རཏྣཱ་ཡ་ན་མཿ་ཞེས་པས་ཤར་ལྷོང་དམག་དཔོན་གྱིས་གང་བར་བསམ། ཨོཾ་རཿསྟྲཱི་རཏྣཱ་ཡ་ན་མཿ་ཞེས་པས་ལྷོ་ནུབ་ཏུ་བཙུན་མོས་གང་བར་བསམ། །ཨོཾ་ལཿཙཀྲ་རཏྣཱ་ཡ་ན་མཿ་ཞེས་བརྗོད་པས་ནུབ་བྱང་དུ་འཁོར་ལོས་གང་བར་བསམ། ཨོཾ་བ་སརྦ་ནི་དྷི་བྷྱོ་ན་མཿ་ཞེས་པས་བྱང་ཤར་དུ་གཞག་པས་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བར་བསམ། ཨོཾ་ཧཾ་ཨ་དྷི་མེ་ར་བེ་ནཿགུ་རུ་བྷཌྚཱ་ར་ཀཱ་ཡ་ཨི་དཾ་མཎྜལ་མ་ནི། ཞེས་བརྗོད་པས་དབུས་སུ་བསྐར་ནས་བཞག་ནས་སྟེང་གི་རི་རབ་ཀྱི་ཁར་པདྨའི་གདན་ལ་བླ་མ་སྤྱན་དྲངས་ཏེ་མཆོད་པ་གཞན་དང་བཅས་པས་དབུལ། མཇུག་གང་འདོད་སྨོན་ལམ་གདབ་པ་དང༌། མཎྜལ་བསྡུས་པའི་མེ་ཏོག་གཙང་སར་བསྐྱལ་ལོ། །དུས་ཀྱི་འཁོར་ལོ་ནས་བསྟན་པའོ། །བླ་མ་ལ་དབུལ་བ་མུ་སྟེགས་དང་ཐུན་མོང་ངོ༌། མཇུག་ཡོན་ཏན་དྲན་པར་བྱ་བ་ནི་དཀྱིལ་འཁོར་ཆེན་པོའི་མདོ་ནས། ལྕི་བ་ཆུ་བཅས་སྦྱིན་པ་སྟེ། སྙོམས་པར་བྱུགས་པ་ཚུལ་ཁྲིམས་སོ། །སྲོག་ཆགས་བསལ་བ་བཟོད་བ་ཡིན། །མཎྜལ་ཉིད་ལ་བརྩོན་པ་དང༌། །རྩེ་གཅིག་སེམས་པ་བསམ་གཏན་དང༌། །ཕྱོགས་མཚམས་འབྱེད་པ་ཤེས་རབ་དྲུག །སངས་རྒྱས་སོགས་ལ་འདི་དབུལ་བས། །ཕ་རོལ་ཕྱིན་དྲུག་ཐོབ་པར་འགྱུར། །ནད་ཀུན་ལས་གྲོལ་གསེར་མདོག་འགྱུར། །ལྷ་དང་མིས་མཆོད་ཟླ་བ་བཞིན་འབར་མདངས། །ནོར་དང་གསེར་དང་དབང་ཕྱུག་རྒྱལ་པོར་སྐྱེ། །སངས་རྒྱས་གྱུར་ནས་ཡོངས་སུ་ཞིང་ཁམས་དག །ཅེས་བརྗོད་པའི་ཡོན་ཏན་དྲན་པར་བྱའོ། །ཉིན་གུང་གི་ཐུན་གྱི་ཆོས་སྤྱོད་ལ་ལྔ་སྟེ། གླེགས་བམ་བཀླག་པ་དང༌། བསྐོར་བ་བྱ་བ་དང༌། ཟན་བཟའ་བ་དང༌། ཚ་ཚ་


DTG078_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་པ་དང༌། ངལ་གསོ་བའོ། །གླེགས་བམ་ཀླག་པ་གསུམ་སྟེ། མཎྜལ་མཛེས་པ་བྱ་བ་དང༌། མཆོད་པ་བཤམས་པ་དང༌། ཁ་ལག་བཀྲུ་བའོ། །བཀླག་པ་དངོས་ལ་ལྟུང་བ་ཐམས་ཅད་སེལ་བས་ཕུང་པོ་གསུམ་པ་བཀླག་པ་དང༌། ཤེས་རབ་འཕེལ་བས་བརྒྱད་སྟོང་པ་དང། སྡུད་པ་བཀླག་པའོ། །མཇུག་བཀླགས་པའི་དོན་དང༌། ཡོན་ཏན་དྲན་པར་བྱ་བའོ། །གོང་ལྟར་བདག་གི་དགེ་བའི་ལས་ཀྱང་བསྔོ་བ་ཡང་བྱའོ། །བསྐོར་བ་བྱེད་པ་ལ་ཡང་གསུམ་སྟེ། སྦྱོར་བ་རྟེན་གྱི་རྩར་ཕྱིན་ལ་ཤར་ནས་ཕྱག་གསུམ་བྱ། རང་ཡི་དམ་གྱི་ལྷར་མོས་པ་བྱས་ནས། ཨོཾ་ཨཱཿ་ཧཱུ༵་བརྗོད་པས་ཧཱུ༵་གིས་རྟེན་སྟོང་པར་སྦྱངས་ཏེ། ཨཱཿའི་འོད་ཀྱིས་རང་གི་ཡི་དམ་ལྷའི་གདན་པདྨ་དང་ཉི་ཟླ་གང་ཡིན་པའི་ཁར་ས་བོན་གསལ་བ་ལས་སྐུ་མདོག་རྒྱན་བཞུགས་ཚུལ་གསལ་བར་བསྐྱེད་ལ། དེ་ཉིད་ཀྱི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་ཡེ་ཤེས་སེམས་དཔའ་དགུག་གཞུག་བྱ། དེའི་སྙིང་པོ་བརྗོད་ཅིང་སྙིང་པོའི་འོད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྟེན་དེ་ལ་འདུས་ནས་ཡོད་པ་ལ། བསྐོར་བ་དངོས་མ་ཡེངས་པར་སྙིང་པོ་དེ་ཟློས་ཤིང་བསྐོར་ཏེ། དངུལ་བྱུང་ན་བཞག་ལ་མཇུག་འཕྲོ་གཅོད་ཀར་སྤྱན་དྲངས་པ་རྣམས་འགྲོ་དོན་ལ་གཤེགས་སུ་གསོལ། སྐྱེད་པ་དེ་རང་ལ་བསྡུས་ཏེ་མཆོད་རྟེན་ནམ་ཚ་ཚའམ། གླེགས་བམ་ཡིན་ན་དེ་ཉིད་དུ་གྱུར་ནས་གཞག་གོ །བཟའ་བ་ལ་གསུམ་སྟེ། སྦྱོར་བ་ལ་ལྔ། གང་དང་གང་གིས་གང་འཚོ་བ། །འཚོ་བ་དག་པ་དེ་བཙལ་ལ། །བཀྲེས་དང་སྐོམ་སོགས་ཞི་བྱའི་ཕྱིར། །སྨན་བཞིན་དུ་ནི་བསམ་པར་བྱ། །ཞེས་པས་ཅི་ཙམ་དགོས་པ་གཡོ་སྒྱུས་མ་བཙལ་ཞིང༌། ལུས་གསོ་བར་བྱེད་པའི་ཕྱིར་དགོས་པ་དང༌། དེ་ལ་གཏོར་མ་གཏང་བ་ནི་སྣོད་གཙང་མར་ཟན་དང༌། ཚོད་མ་དང་སྤགས་པ་ཅི་ཡོད་ལས་གཅོད་དེ་ཆུས་བཀང་ལ་མདུན་དྲང་པོར་སྟེགས་ལ་བཞག་ལ་རང་ཡི་དམ་གྱི་ལྷར་གསལ་བས་ཨོཾ་ཨཱཿཧཱུ༵་བརྗོད་ཅིང་ཧཱུ༵་གིས་སྟོང་བར་བྱ། ཨཱཿའི་འོད་ཀྱིས་བདུད་རྩིར་གྱུར། ཨོཾ་གྱི་འོད་ཀྱིས་ཡེ་ཤེས་ཀྱི་བདུད་རྩིར་གྱུར་ནས་མགྲོན་བཀུག་སྟེ། ཨོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུ༵་ཕཌ་སྭཱཧཱ། ཞེས་ལན་གཉིས་བརྗོད་ལ་གཏང༌། སྨོན་


DTG078_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གདབ་པ་དང༌། ཨོཾ་སརྦ་བུདྡྷ་བོ་དྷི་ས་ཏྭ་བྷྱཿ་བཛྲ་ནཻ་བི་དྱེ་ཧཱུ༵། ཞེས་བརྗོད་ལ་ལྷ་བཤོས་དབུལ། ཨོཾ་ཧ་རི་ཏེ་པཉྩ་ག་ཏ་པུ་མཧཱ་ཡཀྵ་ནི་ཧ་ར་ཧ་ར་སརྦ་པཱ་པཾ་སརྦ་ཨ་སི་ནི་ཨ་ཏི་པཎྜི་ཀྲིཾ་སྭཱཧཱ། ཞེས་བརྗོད་ལ། འཕྲོག་མ་ལ་ཆང་བུ་སྤྱིན་པ་དང༌། ཨོཾ་ཨ་གྲ་པཎྜྀ་ཨ་སི་བྷྱཿསྭཱ་ཧཱ། ཞེས་བརྗོད་ལ་ཕུད་ཀྱི་ཆང་བུ་སྦྱིན་ནོ། །བཟའ་བ་དངོས། ཨོཾ་ཨཱཿཧཱུ༵་བརྗོད་པས་དུག་ཐམས་ཅད་དང་བྲལ་ཏེ་བདུད་རྩིར་བསམ། གཡས་པའི་སྲིན་ལག་གིས་རེག་པས་དུག་ཐམས་ཅད་ཞི་བར་བསམ། དེ་ནས་ཅི་རིགས་པར་བཟའོ། །ཨོཾ་ཨུ་ཙིཥྚ་པཎྜི་ཨ་སི་བྷྱཿསྭཱཧཱ། ཞེས་པས་ལྷག་མ་བཅང་ལ་སྦྱིན་ནོ། །གཞན་ལྷག་མེད་པར་བཅང་ངོ༌། །མཇུག་ལ་གཉིས་ཏེ། ཡོན་ཏན་ཟླ་བ་གྲགས་པའི་མདོ་ནས། གཏོར་མ་གཏང་ཞིང་བཤོས་གཙང་ཕུལ། །འཕྲོག་མ་ཕུད་ཀྱི་ཆང་བུ་དང༌། །ལྔ་པ་ལྷག་མའི་ཆང་བུ་ཡིས། །འབྲས་བུ་ལོངས་སྤྱོད་ཆེན་པོར་འགྱུར། །ཞེས་བསྟན་པ་དང། བདག་ལ་ལན་ཆགས་མི་འོང་བར་བྱ་བའི་ཕྱིར་ཁ་བཤལ་ཏེ། གང་གིས་སྦྱིན་དང་གང་ལ་སྦྱིན། །སྦྱིན་པ་ཇི་ལྟར་མི་དམིགས་པ། །སྦྱིན་པ་དུས་གསུམ་མཉམ་པ་ཡིས། །སྦྱིན་བདག་དེ་ལ་ཡོངས་རྫོགས་ཤོག །ཅེས་སྨོན་ལམ་གདབ་པོ། །དེ་ཡང་སངས་རྒྱས་ལ་སྒྱུ་མ་མཁན་བཟང་པོས་ཆོས་སྟོན་དྲངས་ལ་སངས་རྒྱས་སྐྱེངས་པར་བྱ་བར་འདོད་པ་ལ། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཏེ། དངོས་སུ་འཁོར་གསུམ་སྦྱིན་བདག་ཟས་ལེན་པ་པོ་གསུམ་སྒྱུ་མ་དང་འདྲ་སྟེ། སྒྱུ་མའི་ནུས་པ་ཡོད་པས་སྨོན་པའོ། །ཚ་ཚ་ལ་ཡང་གསུམ་སྟེ། སྦྱོར་བ་ནི་དང་པོ་ས་དད། ཆུ་དང༌། མེ་ཏོག་དང༌། དྲི་དག་སྦྱར་ལ། ཇི་ཙམ་འདེབས་པའི་འདག་པ་དྲིས་བཏབ་ལ། མདུན་དུ་ཁྲི་ལ་གཞག་སྟེ། རང་ཡི་དམ་གྱི་ལྷར་མོས་པས་ཨོཾ་ཨཱཿཧཱུ༵། བརྗོད་པས་སྟོང་པར་གྱུར། དེ་ལས་བྷྲཱུཾ་སེར་པོ། དེ་ལས་འཁོར་ལོར་གྱུར། འཁོར་ལོའི་ལྟེ་བ་ལ་ཨ་ལས་ཟླ་བ། ཟླ་བའི་སྟེང་ན་ཨོཾ་ཡོད་པ་དེའི་འོད་ཀྱིས་སྣང་ཁྱབ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་དམ་བསྐུལ། སེམས་ཅན་གྱི་སྒྲིབ་པ་སྦྱངས་ཏེ་སླར་འདུས་ནས་ཨོཾ་ཤིན་ཏུ་གསལ་བ་ལས་རྣམ་པར་སྣང་མཛད་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། འཁོར་ལོ་དང་ཟླ་བའི་གདན་ལ་སྐྱིལ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་


DTG078_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་གྱིས་བརྒྱན་པ་བསྐྱེད་དེ་གསལ་བ་དང༌། དེའི་ཐུགས་ཀའི་པདྨ་དང་ཟླ་བའི་སྟེང་ན་ཨོཾ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བཀུག་སྟེ་མདུན་གྱི་ནམ་མཁར་བཞུགས་པ་ལ་ཡོན་ཆབ་ལ་སོགས་པས་མཆོད་ནས་བསྐྱེད་པ་དང༌། གཉིས་མེད་དུ་ཞུ་ནས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་བདུད་རྩིའི་ངོ་བོ་དཀར་བ་འོད་དང་བཅས་པ་གྱུར་བར་བསམ་མོ། །དེ་ནས་ན་མོ་བྷ་ག་བ་ཏེ། བཻ་རོ་ཙ་ན་བྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སུ་ཀྵྨཻ་སུ་ཀྵྨཻ། སེམས་མ་ཡེ། ཤཱནྟེ། དཱནྟེ། ས་མོ་བེ། ཨ་ན་ལཾ་བྷེ། ཏ་རཾ་བྷེ། ཡ་ཤོ་བ་ཏི། མ་ཧཱ་ཏེ་ཛེ། ནིར་ཀུ་ལེ། ནིརྦཱ་ཎི། སརྦ་ཏ་ཐཱ་ག་ཧྲྀ་ད་ཡ། ཨ་དྷིཥྛཱ་ན། ཨ་དྷིཥྛ་ཏེ་སྭཱཧཱ། ཞེས་ཉི་ཤུ་རྩ་གཅིག་པ་བཟླས་ལ་གདབ་སྟེ། ལག་པས་ལེན་ཙ་ན་འོད་ཀྱི་གོང་བུ་ཨོཾ་དང་ལྡན་པ་བླངས་ཏེ་སྐུ་པར་དུ་བཅུག་ལ། གོང་གི་སྔགས་ཀྱིས་བཏབ་ལ་རྣམ་པར་སྣང་མཛད་དུ་འབྱུང་ངོ༌། །མཇུག །ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷཱ་བ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མཧཱ་ཤྲ་མ་ཎ་ཡེ་སྭཱཧཱ། ཞེས་ལན་བདུན་བརྗོད་པས་རབ་གནས་སུ་འགྱུར་རོ། །མེ་ཏོག་ལ་བཟླས་ཏེ་ཚ་ཚ་ལ་གཏོར་བས་སྐད་ཅིག་ལ་རྣམ་པར་སྣང་མཛད་གྲངས་མེད་དུ་གྱུར། དེའི་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བཀུག་སྟེ་སྔོན་བཞིན་དངོས་སམ་བློས་མཆོད་ནས་ཚ་ཚར་གྱུར་པའོ། །གཅིག་བྱས་པས་བྱེ་བ་སྙེད་ཀྱི་བསོད་ནམས་འཐོབ་པོ། །ངལ་བ་གསོ་བ་ལ་གསུམ་སྟེ། སྦྱོར་བ་ལུས་དལ་བར་བསྡད། །དངོས་ཆོས་སྤྱོད་པའི་རྒྱལ་པོ་དང༌། ཁྱིམ་བདག་དང༌། མཁན་པོ་དང༌། སློབ་དཔོན་གྱི་ཆེ་བ་བརྗོད་པ་དང༌། དེ་དག་དྲན་པར་བྱ། དགེ་བ་བྱས་པའི་ཡོན་ཏན་དྲན་པར་བྱ། མཇུག་རྒྱུ་འབྲས་ཐེག་པ་ཆེན་པོའི་མདོ་བལྟའོ། །ཕྱི་དྲོ་འཐུན་ལ་གསུམ་སྟེ། གོང་བཞིན་དུ་ཐུན་གླེགས་བམ་ཀླག་པ་དང༌། བསྐོར་བ་བྱ་བ་དང༌། གཙུག་ཏོར་ལ་སོགས་པའི་མདོ་གདོན་པའོ། །སྲོད་ཀྱི་ཐུན་ལ་ལྔ་སྟེ། གོང་བཞིན་དུ་ཁྲུས་བྱ་བ་དང༌། གཏོར་མ་གཏང་བ་དང༌། མཎྜལ་དང་མཆོད་པ་དབུལ་བ་དང༌། བསམ་གཏན་བྱ་བ་དང་ཉལ་པའོ། །ཉལ་བ་ལ་གསུམ་སྟེ། སྦྱོར་བ་ཁམས་དང་སྦྱར་ལ་བསམ་གཏན་བསྡུ་བ་


DTG078_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དང། གློ་གཡས་ཕབ་ལ་ཉལ་བ་དངོས་དང་ནང་པར་སྔ་བར་ལྡང་སེམས་ཀྱིས་གཉིད་ཀྱི་བསམ་གཏན་ལ་འཇུག་པའོ། །བྱེ་བྲག་པའི་ལྟ་བ་ལ་ཡང་གཉིས་ཏེ། ནུབ་ཕྱོགས་བྱེ་བྲག་ཏུ་སྨྲ་བའི་ཉན་ཐོས་ཐ་མ་དང༌། འབྲིང་གཉིས་ཀྱི་ལྟབ་ཆོས་ཀྱི་བདག་དང༌། གང་ཟག་གཉིས་སུ་འདོད་དེ། ཆོས་ཀྱི་བདག་ཕྱིའི་ཡུལ་དཀར་དམར། སྙན་མི་སྙན། ཞིམ་མི་ཞིམ། ཁ་མངར། འཇམ་རྩུབ་སྣ་ཚོགས་སུ་སྣང་བ་འདི་རྡུལ་ཕྲ་རབ་འདུས་པའི་ངོ་བོ་གཡག་རྔ་དང་ནེ་གསིང་ལྟར་འདོད་ཅིང༌། དགེ་སྡིག་གི་རྒྱུ་འབྲས་ཀྱང་ཡུལ་ཅན་རྗེས་སུ་འདོད་ལ། དེ་ཡང་རྐྱེན་གྱིས་མི་རྟག་སྐད་ཅིག་མས་རྟག་པར་སྣང་སྟེ། བུམ་པ་ལ་སོགས་པ་དབྱུག་པས་འཇིག་པར་དངོས་སུ་སྣང་བ་དང༌། སྡོམ་རྫས་ཅན་ཡུལ་ཅན་ཡིན་པས་ཉམས་ན་རྫ་ཆག་པ་དང་འདྲ་བ་དང༌། ཇི་སྲིད་འཚོའི་བར་དུ་ཡོད་པ་དང༌། ཕྱི་མར་འཕྲོ་འདོད་པ་དང༌། སྡིག་པ་ཡང་དེ་བཞིན་དུ་འདོད་པའོ། །གང་ཟག་གི་བདག་ཕུང་པོ་གསུམ་པར་འདོད་དེ། བདག་བཙལ་བས་མགོ་ནས་རྐང་པའི་བར་དུ་མེད་ལ། བདེ་སྡུག་ཉམས་སུ་མྱོང་བས་ཡོད་པ་ཡང་མིན་མེད་པ་ཡང་མིན་པར་འདོད་པའོ། །བསྒོམ་པ་ལ་གསུམ་སྟེ། བསྒོམ་པའི་སྐྱོན་དང༌། བསྒོམ་པའི་ཐབས་དང༌། བསྒོམས་པའི་འབྲས་བུའོ། །སྐྱོན་ནི་འཁོར་བར་སྡུག་བསྔལ་བའོ། །དེ་ཡང་བདག་ཏུ་མཐོང་བས་འགྲོ་བ་བཟང་མོ་ལ་ཆགས་པ་ཉེས་སོ། །བསྒོམ་ཐབས་བདག་ཞི་བར་མགོ་ནས་རྐང་པའི་བར་བདག་མེད་པར་མི་གཙང་བར་མཐོང༌། བསྒོམས་པས་འབྲས་བུ་སེམས་དེ་ཞི་ནས་དགྲ་བཅོམ་པར་འདོད་པའོ། །སྐྱོན་རྟག་པ་དང་ཆད་པར་ཕྱི་ནང་འདོད་པ་དང༌། ལུས་གཙང་བ་དང་ཉོན་མོངས་པ་ལ་ཆགས་ནའོ། །ཉན་ཐོས་འབྲིང་གི་བསྒོམ་པ་ལ་ཡང་གསུམ་སྟེ། མ་བསྒོམས་པར་རྟོགས་པས་འཁོར་སྡུག་བསྔལ་ལོ། །དེ་ཡང་རླུང་ཕྱིར་ཤོར་བས་རྟོག་པ་འབྱུང་བས་བདག་ཏུ་བརྟགས་པས་ཉོན་མོངས་པ་ལ་ཆགས་པས་ཉེས་ཐབས་རླུང་འཛིན་པ་སྟེ་གསུམ། བགྲང་རླུང་གཅིག་ནས་བཅུ་དང་བརྒྱ་དང༌། སྟོང་ཁྲི་འབུམ་གྱི་བར་དུ་བགྲངས་ཏེ། ཞེ་སྡང་ལ་སོགས་པའི་ཉེས་པ་དག་པར་འདོད། བསྡམས་ནས་རེ་རེ་བགྲངས་པས་བདག་ཕུང་པོ་གསུམ་པར་འདོད་པ་དང༌། ཁ་དོག་ལ་སློབ་པ་དང༌། དཀར་སྔོ་འདྲ་བར་ཕྱིར་


DTG078_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ནང་དུ་འོང་བ་གཉིས་དྲག་ཞན་བློའི་གནས་བཟང་ནས་འབྲས་བུ་ལྷག་བཅས་ལྷག་མེད་དེ་ལས་འབྱུང་བར་འདོད་དོ། །དབྱིབས་ལ་སློབ་པ་རྡོ་རྗེ་རྩེ་གཅིག་པ་དང༌། གསུམ་པ་དང༌། པདྨ་དང༌། ཨུཏྤ་ལ་ལྟར་སློབ་སྟེ། རྩེ་གཅིག་པ་སྣའི་རྩེ་མོ་ནས་སོར་བཞི་ནས། དཔག་ཚད་ཙམ་དུ་ཕྱིར་བསྲིང་ཞིང༌། སྣའི་ཚང་ཚིང་ནས་ལྟེ་བར་བསྐྱིལ་བའོ། །རྩེ་གསུམ་པ་ཕར་ལ་སྔ་སྒོ་གཉིས་ནས་སྤྲོ་བ་ཚུར་ལ་སྣ་རྩེར་བསྡུས་ཏེ་གོང་བཞིན་བསྲིང༌། པདྨ་དང༌། ཨུཏྤ་ལ་སྣ་རྩེ་ནས་འཕྲོ་ལ་ཕར་ལ་ཡུལ་གང་བ་དང༌། ནང་དུ་བུམ་པར་བཀང་བས་ལྷག་བཅས་ལྷག་མེད་ཀྱི་འབྲས་བུ་འབྱུང་བར་འདོད་པའོ། །སྐྱོན་མི་གཙང་བ་སྒོམ་པ་དང༌། བུམ་པ་ལྟར་འགགས་ནས་སེམས་མེད་པའོ། །ཉན་ཐོས་རབ་དང་རང་སངས་རྒྱས། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་སྟེ། ཆོས་ཀྱི་བདག་ཐ་མ་དང་མཐུན་ནོ། །གང་ཟག་གི་བདག་མེད་པར་འདོད་པའོ། །དེས་བསྒོམ་པ་ཡང་བདེན་བཞི་བསྒོམ། དེ་ཡང་ལས་ཀྱི་འབྱུང་པའི་མདོ་ལས། སྡུག་བསྔལ་འདི་བརྒྱད་ཕུང་པོ་ལ། །ཕུང་པོར་ཆགས་པས་དུག་ལྔ་ཡིན། །ཞེས་པས་རྒྱུ་ཀུན་དུ་གེ་ལྔ་སྤོང་བ་དང༌། འབྲས་བུ་སྡུག་བསྔལ་ལུས་ལ་གནོད་པར་ཤེས་པས་ལས་ལ་མི་ཆགས་ཤིང་བདག་མེད་པ་དང༌། ཡེ་ཤེས་དང་བྱམས་པ་དང་མི་གཙང་བ་དང༌། བདག་མེད་དུ་ལྷག་གིས་མཐོང་ལ། བདག་མེད་པའི་སྟོང་པ་དེ་བསྒོམ་པའོ། །དེ་ཡང་གོང་གི་ལུས་ངག་ཡིད་ཀྱི་དགེ་བ་དང་བསྡོམས་པས་སྔོན་གྱི་སྒྲིབ་པ་བདག་ལ་བདག་མེད་པ་སྟོང་པ་ལ་བཞག་པས་དགྲ་བཅོམ་པ་ཐོབ་པའོ། །སྐྱོན་གང་ཟག་གི་བདག་འདོད་པ་སྤང་བའོ། །ཐེག་པ་ཆེན་པོའི་སྡོམ་པ་ལ་གཉིས་ཏེ། བྱང་ཆུབ་སེམས་དཔའི་སྡོམ་པ་དང༌། །སྔགས་ཀྱི་དམ་ཚིག་གཉིས་སོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ལ་བཞི་སྟེ། སྤྱོད་ལམ་དང༌། ལྟ་བ་དང༌། བསྒོམ་པ་དང་སྐྱོན་ནོ། །སྤྱོད་ལམ་ལ་གཉིས་ཏེ་རྟེན་དང་སྤྱོད་ལམ་དངོས་སོ། །རྟེན་ལ་ལྔ་སྟེ། མདོ་སྡེ་བ་དང༌། རྣམ་བཅས་པ་དང༌། རྣམ་མེད་པ་དང༌། སྒྱུ་མ་ལྟ་བུ་དང༌། རབ་ཏུ་མི་གནས་པའོ། །སྤྱོད་ལམ་དངོས་ལ་གསུམ་སྟེ། སྦྱོར་བ་དང༌། དངོས་དང་མཇུག་གོ །དེ་ཡང་སྤྱོད་ལམ་ཁྱད་པར་མེད་པར་དུས་གསུམ་དུ་ལྔ་


DTG078_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་འདོད་ལ་ལྟ་བ་ལ་ཁྱད་ཡོད་དེ། སྦྱོར་དངོས་མཇུག་གསུམ་མདོ་སྡེ་པས་རྟེན་འབྲེལ་དུ་འདོད་ལ། རྣམ་བཅས་སེམས་ཀྱི་རྣམ་པར་འདོད། །རྣམ་མེད་པས་བཟང་རྟོག་ཏུ་འདོད་ལ། སྒྱུ་མ་ལྟ་བུས་སྒྱུ་མ་ལྟ་བུར་འདོད། རབ་ཏུ་མི་གནས་པས་ཀུན་རྫོབ་བ་ཡིན་གྱི་དོན་དམ་མ་ཡིན་ཏེ་རྨི་ལམ་ལྟ་བུ་མི་བདེན་པར་སྣང་བར་འདོད་དེ། དོན་དམ་ལ་ཁས་ལེན་མེད་པའོ། །གཞན་དོན་དམ་དུ་འདོད་པའོ། །སྤྱོད་ལམ་དངོས་ཀྱི་སྦྱོར་བ་ལ་དགུ་སྟེ། མཆོད་པ་དང༌། བསྟོད་པ་དང༌། ཕྱག་འཚལ་བ་དང༌། སྐྱབས་སུ་འགྲོ་བ་དང༌། སྡིག་པ་བཤགས་པ་དང༌། ཡི་རང་བ་དང༌། བསྐུལ་བ་དང༌། གསོལ་བ་གདབ་པ་དང༌། བསྔོ་བའོ། །དེ་ཡང༌། མཆོད་དང་བསྟོད་དང་ཕྱག་འཚལ་དང༌། །སྐྱབས་དང་སྡིག་བཤགས་ཡི་རང་དང༌། །བསྐུལ་དང་གསོལ་བ་གདབ་པ་དང༌། །བསྔོ་དང་དགུ་བོ་སྦྱོར་བར་བསྟན། །ཞེས་དྲི་མ་མེད་པའི་མདོ་ནས་བསྟན་ཏོ། །མཆོད་པ་ལ་གསུམ་སྟེ་གནས་དང༌། རྟེན་དང་མཆོད་པ་དངོས་སོ། །གནས་རང་བྱུང་དང༌། བྱིན་གྱིས་བརླབས་པ་ལྷ་ཁང་ལ་སོགས་པ་ཉམས་དགའ་བར་རྟེན་བྱང་ཆུབ་ཆེན་པོ་དང༌། བྱང་ཆུབ་སེམས་དཔའ་དང༌། མཁན་པོ་ལ་མཆོད་པར་བྱའོ། །མཆོད་པ་དངོས་ལ་གཉིས་ཏེ། མཆོད་པར་བྱ་བ་དང༌། མཆོད་པར་བྱེད་པའོ། །མཆོད་པ་བྱ་བ་ལ་རྟེན་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཆོད་པའོ། །མཆོད་བྱེད་པ་དག་དགོས་པ་དེ་རྣམས་མཉེས་པ། དེ་ལ་དགོས་པ་མཆོད་པ་ཡིན། དེའི་དགོས་པ་བདག་གཞན་དོན་གྲུབ་པའོ། །མཆོད་པ་དང་ཡོན་འབྱོར་ན་དངོས། མ་འབྱོར་ན་བསྐལ་བཟང་ལྟར་མེ་ཏོག་སྤོར་གང་ལ་བརྟེན་ཏེ་སློབ་དཔོན་དང༌། ཡིད་ཀྱིས་གཞན་ན་ཡོད་པའི་དངོས་པོ་ལུས་སེམས་སུ་བཅས་པ་དབུལ་ཏེ། མཆོད་པ་རྣམ་པ་བདུན་གྱིས་མཆོད་དེ། ཆུ་གཙང་གིས་སྐུ་བསིལ་ཞིང་རས་བཟངས་ཀྱིས་སྐུ་བྱི་དོར་བྱ་བ་དང༌། མེ་ཏོག་མནྡཱ་ར་ལ་སོགས་པའི་ཕྲེང་བ་དང༌། སིལ་སྙེན་གྱིས་མཆོད་པ་དང༌། ཙནྡན་དང༌། ཨ་ག་རུ་དང༌། ག་བུར་དང༌། གླ་རྩི་དང༌། རྒྱ་སྤོས་ལ་སོགས་པའི་དུད་པས་མཆོད་པ་དང༌། རིན་པོ་ཆེ་འབར་བ་དང༌། མར་མེའི་ཕྲེང་བ་གཅིག་གམ། བཅུའམ་བརྒྱ་སྟོང་དབུལ་བ་དང༌། ཙནྡན་ལ་


DTG078_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་དྲིའི་བྱུག་པ་བྱ་བ་དང༌། འབྲས་ཆན་དང༌། སྲན་ཆན་དང༌། གྲོ་ཆན་དང༌། ནས་ཆན་དང༌། ཞོ་དང༌། མར་དང༌། ཤ་སྐམ་དང༌། ཉ་སྐམ་དང༌། ཉ་བཙོས་པ་དང༌། ན་རི་ཀེ་ལ་དང༌། ཨ་མྲ་དང༌། བིལ་བ་དང༌། ཉོ་ཏི་ལ་སོགས་པའི་འབྲས་བུ་དང༌། གྲོ་མ་དང༌། ཉུངས་མ་དང༌། ལ་ཕུག་དང༌། བེ་ལ་ཤལ་སོགས་པའི་རྩ་བ་དང༌། ཁུར་བ་དང་ལ་དུ་ལ་སོགས་པས་མཆོད་པ་དང༌། དུང་ལ་སོགས་པ་སིལ་སྙན་དང་དབྱངས་ཀྱི་རིམ་པས་མཆོད་པའོ། །ཡོན་ལ་རིན་པོ་ཆེ་སྣ་བདུན་དང༌། བཀྲ་ཤིས་ཀྱི་རྫས་བརྒྱད་དང༌། ཆུ་མིག་དང༌། ནགས་ཚལ་དང༌། སྐྱེད་མོས་ཚལ་དང༌། སྤང་ལྗོངས་དང༌། མཚོ་དང༌། ལྟེང་ཀ་ལ་སོགས་པ་གཟུགས་སྒྲའི་བྱེ་བྲག་ཇི་སྙེད་པ་བློ་དང་དངོས་སུ་འབྱོར་བ་དབུལ་ལོ། །འབྲེལ་བ་ནམ་མཁའི་སྙིང་པོའི་མདོ་ནས། སེམས་གཉིས་བསྐྱེད་ནས་སངས་རྒྱས་མཆོད། །མཆོད་པ་ཡོན་དང་བཅས་པ་ཡིས། །རྒྱལ་དང་དེ་ཡི་སྲས་མཉེས་ནས། །འགྲོ་བའི་དོན་ལ་རེག་པར་འགྱུར། །ཞེས་བྱའོ། །བསྟོད་པ་ཡང་རྟེན་གོང་ལྟར་བསྟོད་བྱེད་དང༌། དགོས་པ་མཉེས་པ་དང་དེ་ལ་དགོས་པ། ཕྱོགས་དུས་ཀུན་གྱི་སངས་རྒྱས་སྲས། །གང་དག་འཇིག་རྟེན་ཁམས་བཞུགས་པའི། །འགྲོ་བ་འདྲེན་པར་གང་བཞུགས་པ། །སྐུ་ཡི་མཚན་ལྡན་རྣམས་ལ་བསྟོད། །བྱམས་པའི་ཐུགས་ལྡན་རྣམས་ལ་བསྟོད། །ཅེས་ཐེག་པ་ཆེན་པོའི་མདོ་ནས་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ལ་བསྟོད་པ་ཉིད་ཀྱིས་བསྟོད་དོ། །འབྲེལ་བས་ཀུན་ནས་བརྗོད་པས་སོ། །ཕྱག་འཚལ་བ་ལ་ཡང་གོང་ལྟར་དྲུག་གིས་ཐེག་པ་ཆེན་པོ་ནས་ཕྱག་འཚལ་བ་གསུམ་མམ། བདུན་ནས་སྟོང་དང་ཁྲིའི་བར་དུ་འཚལ་བའོ། །སྐྱབས་དངོས་དང་དབྱེ་བ་གཉིས་ལས། དངོས་ལ་གསུམ། སྐྱབས་སྔོན་གྱི་སྦྱོར་བ་རྣམས་ཤེས་ནས། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །ཞི་བ་འདོད་ཆགས་དང་བྲལ་བ་ཆེན་པོའི་ཆོས་ལ་སྐྱབས་སུ་མཆིའོ། །ཀུན་ལ་སྐྱོབ་པར་མཛད་པའི་འཕགས་པ་ཕྱིར་མི་ལྡོག་པའི་


DTG078_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད་དོ། །དབྱེ་བ་ལ་བརྒྱད། དབང་པོ་དང༌། རྟེན་སྐྱབས་སུ་མཆི་བ་ཉན་ཐོས་ལྟར། བདུན་ལ་གཞན་འདྲ་སྟེ། ཡིད་ཐེག་པ་ཆེན་པོའི་ཆོས་དང་གཞན་དག་ལ་དད་པའོ། །སྦྱོར་བ་ལུས་ངག་ཡིད་གོང་ལྟར་དང༌། གཞན། སྐྱབས། སེམས་རྟེན་དང༌། སངས་རྒྱས་སྤྲུལ་སྐུར་ཤེས་པ། ཆོས་ཤེས་རབ་ཀྱི་ཕ་རལ་ཏུ་ཕྱིན་པ་དང༌། དགེ་འདུན་འཇམ་དཔལ་ལ་སོགས་པར་ཤེས་པར་བྱའོ། །མཆོད་པ་ནི་གོང་གིའོ། །དུས་མཐའ་ཐུག་པ་མེད་པའམ། བྱང་ཆུབ་བར་དུའོ། །ཡོན་ཏན་འཁོར་བ་ལས་ཐར་པ་དང༌། གཞན་དོན་ནུས་པའོ། །སྤྱོད་པ་ལ་འཇུག་པ་ནས་ཁྱེད་ཀྱི་ཐུགས་རྗེས་སུ་བཟུང་བས་ན། སྲིད་ལ་མི་འཇིགས་སེམས་ཅན་ཕན་པ་བགྱི། །ཞེས་པས་སོ། །མི་ཉམས་པ་བྱ་བ་ལ་གོང་མའི་འཇིག་རྟེན་གྱི་སྤངས་པའི་སྟེང་དུ་གཞན་དོན་བྱ་བ་དང༌། སྲོག་གཅོད་པ་སྤངས་ནས་གཞན་ལ་མི་འཚེ་བ་དང༌། མུ་སྟེགས་དང་ཉན་ཐོས་དང་རང་སངས་རྒྱས་མི་འགྲོགས་པའོ། །སྡིག་པ་བཤགས་པ་རྟེན་དང༌། མཁན་པོ་སྤྱན་སྔར། བདག་མིང་འདི་ཞེས་བྱ་བ་ཡིས། །ཐོག་མེད་དུས་ནས་འཁོར་བར་འཁོར། །ཤིན་ཏུ་མ་རིག་སྡིག་པའི་ལས། །སྣ་ཚོགས་བགྱིས་དང་བགྱིད་དུ་སྩལ། །རྗེས་སུ་ཡི་རང་བགྱིས་པ་བཤགས། །ཞེས་པ་དང༌། མདོ་གཞན་ནས་བསྟན་པ་ལྟར་བཤགས་སོ། །ཡི་རང་བའི་རིམ་པ་མདོ་གཞན་ལྟར་ཡང་བྱ། འཇིག་རྟེན་འདི་དང་གཞན་དག་ན། །སྐྱེ་བོ་རྣམས་ཀྱིས་དགེ་སྤྱད་དང༌། །དེ་ཡི་སྟོབས་ཀྱིས་བདེ་འགྱུར་ལའང༌། །བདག་ནི་ཤིན་ཏུ་ཡི་རང་ངོ༌། །ཉན་ཐོས་རང་རྒྱལ་དགེ་བ་དང༌། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལའང༌། །ངེས་པར་དི་རིང་ཡི་རང་ངོ༌། །སངས་རྒྱས་མཛད་པ་གང་བྱུང་དང༌། །སེམས་ཅན་བདེ་ལ་ཡི་རང་ངོ༌། །བསྐུལ་བ། སངས་རྒྱས་རྣམས་དང་བྱང་ཆུབ་སེམས། །དེ་དག་ཚོགས་ལ་བདག་བསྐུལ་ན། །སེམས་ཅན་རང་དགར་མི་གཏོང་བར། །ཆོས་ཀྱིས་རྒྱུད་འབྱོངས་འཁོར་ལོ་བསྐོར། །གསོལ་བ་གདབ་པ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང༌། །བྱང་ཆུབ་སེམས་དཔའ་འདོན་མཛད་ལ། །སེམས་ཅན་བདེ་ལ་མ་བཀོད་པར། །མྱ་ངན་མི་འདའ་བཞུགས་པར་གསོལ། །དེ་རྣམས་ཀྱི་དགེ་བ་བསྔོ་བ། །བདག་


DTG078_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གིས་དེ་ལྟར་དགེ་སྤྱད་པས། །ནམ་མཁའ་ཁྱབ་པའི་སེམས་ཅན་རྣམས། །དགེ་བ་འདི་ཡི་བྱིན་རླབས་ཀྱིས། །ཕ་རོལ་ཕྱིན་དྲུག་མཐར་ཕྱིན་ནས། །ཐམས་ཅད་བྱང་ཆུབ་ཆེན་པོར་ཤོག །གལ་ཏེ་བྱང་ཆུབ་མ་ཐོབ་པར། །ཐེག་ཆེན་ཆོས་ལ་སྤྱོད་པ་དང༌། །འགྲོ་དོན་མི་འདོར་འཁོར་བ་ལས། །འགྲོ་རྣམས་མྱུར་དུ་སྒྲོལ་བ་ཤོག །མདོ་གཞན་ལྟར་ཡང་གདབ་བོ། །དངོས་ལ་གཉིས་ཏེ། སྨོན་པ་དང་འཇུག་པའོ། །སྨོན་པ་ནི་སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་པོ། །སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འགྲོ་བ་རྣམས་ལ་ཇི་ལྟར་ཕན་པ་དེ་ལྟར་བདག་ཀྱང་ཕན་པར་བགྱིད་དོ་ཞེས་ལན་གསུམ་བརྗོད་དོ། །དངོས་འཇུག་པ་ནི། སློབ་དཔོན་དགོངས་སུ་གསོལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྦྱིན་པ་ལས་བྱུང་བའི་དགེ་བ་དང༌། ཚུལ་ཁྲིམས་ལས་བྱུང་བའི་དགེ་བ་དང༌། བཟོད་པ་ལས་བྱུང་བའི་དགེ་བ་དང༌། བརྩོན་འགྲུས་ལས་བྱུང་བའི་དགེ་བ་དང༌། བསམ་གཏན་ལས་བྱུང་བའི་དགེ་བ་དང༌། ཤེས་རབ་ལས་བྱུང་བའི་དགེ་བའི་རྩ་བ་ཇི་སྙེད་ཅིག་ཡོད་པ་དེ་སྙེད་ཀྱིས་སེམས་ཅན་མ་གྲོལ་བ་ཐམས་ཅད་གྲོལ་བར་མཛད་པ་དང༌། མ་བསྒྲལ་བ་ཐམས་ཅད་བསྒྲལ་བར་མཛད་པ་དང༌། དབུགས་མ་ཕྱིན་པ་ཐམས་ཅད་དབུགས་ཕྱིན་པར་མཛད་པ་དང༌། མྱ་ངན་ལས་མ་འདས་པ་ཐམས་ཅད་མྱ་ངན་ལས་འདའ་བར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་ནས། ནམ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་བདག་གིས་སྦྱིན་པ་ལས་བྱུང་བའི་དགེ་བའི་རྩ་བ་དང༌། ཚུལ་ཁྲིམས་ལས་བྱུང་བའི་དགེ་བ་དང༌། བཟོད་པ་ལས་བྱུང་བའི་དགེ་བ་དང༌། བརྩོན་འགྲུས་ལས་བྱུང་བའི་དགེ་བ་དང༌། བསམ་གཏན་ལས་བྱུང་བའི་དགེ་བ་དང༌། ཤེས་རབ་ལས་བྱུང་བའི་དགེ་བ་ཇི་སྙེད་བགྱིད་པ་དེ་སྙེད་ཀྱིས་སེམས་ཅན་མ་གྲོལ་བ་


DTG078_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དགྲོལ་བར་བགྱིའོ། །མ་རྒལ་བ་ཐམས་ཅད་བསྒྲལ་བར་བགྱིའོ། །དབུགས་མ་ཕྱིན་པ་ཐམས་ཅད་དབུགས་དབྱུང་བར་བགྱིའོ། །མྱ་ངན་ལས་འདས་པ་ཐམས་ཅད་མྱ་ངན་ལས་བཟླ་བར་བགྱིའོ་ཞེས་ལན་གསུམ་བརྗོད་པར་བྱའོ། །སློབ་དཔོན་དགོངས་སུ་གསོལ། །གལ་ཏེ་སྡོམ་པ་ལས་ཉམས་ན་སླར་གསོ་བས་གནང་དུ་གསོལ་ཞེས་ལན་གསུམ་བརྗོད་དོ། །མཇུག་གི་དོན་ཤེས་པར་བྱ་བ་ལ་གསུམ་སྟེ། དགོས་པ་ཤེས་པར་བྱ་བ་དང༌། ཐོབ་པར་ཤེས་པ་དང༌། མཇུག་མི་ཉམས་པའོ། །དགོས་པ་ལ་གཉིས་ཏེ། སྦྱོར་བ་དང་རྟེན་ནོ། །སྦྱོར་བ་ལ་མཆོད་པ་ལ་སོགས་བ་དགུ་ལས་སྐྱེ་བས་དགུ་དགོས་པར་ཤེས་པ་དང༌། རྟེན་གཞན་དང་བདག་ཉིད་ལས། གཞན་ལ་རྟེན་དབང་དང་པོ་གཉིས། དབང་པོ་སྡོམ་པ་ལ་གནས་པ་མཁས་པའི་སློབ་དཔོན་ལས་སྐྱེ་བར་ཤེས་པ་དང༌། ཡི་དམ་དང་དབང་པོ་ལས་སྐྱེ་བའོ། །རྟེན་བྱང་ཆུབ་ཆེན་པོ་ལ་སོགས་པའི་མཆོག་གསུམ་ལས་སྐྱེའོ། །བདག་ལས་སྐྱེ་བ་གང་གི་ཉན་ཐོས་ཀྱི་ལྟར་ཁྱད་པར་དུ་འཕགས་པ་དྲུག་དང༌། ཕན་སེམས་ཡོད་པ་ནུས་པ་དང་ལྡན་པ་ལས་སྐྱེ་བར་ཤེས་པར་བྱའོ། །ཐོབ་པར་ཤེས་པ་ལ་བཅུ་སྟེ། རྟེན་དང༌། དབང་པོ་དང༌། སེམས་ཅན་དང༌། སྡུག་བསྔལ་བ་དང༌། སྦྱོར་བ་དང༌། བླངས་པ་དངོས་དང༌། སེམས་ཅན་བྱང་ཆུབ་ལ་དགོད་པའི་བསམ་པ་དང༌། མི་ལྡོག་པའི་བསམ་པ་དང༌། བླངས་པའི་དུས་དེ་ཉིད་ནས་ཡིད་ཆེས་པས་ཐོབ་པའོ། །མི་ཉམས་པར་བྱ་བ་ལ་གསུམ་སྟེ། ཤེས་པར་བྱ་བ་དང༌། ཤེས་པས་སྤང་བ་དང། ཤེས་པས་བསྒྲུབ་པའོ། །ཤེས་པར་བྱ་བ་ལ་ལྔ་སྟེ། སྡོམ་པའི་ངོ་བོ་དང༌། རྟེན་གྱི་ཁྱད་པར་གྱིས་བསླབ་པའི་རིམ་པ་དང༌། དུས་དང༌། རིགས་དང༌། སྡོམ་པ་གསུམ་ལྡན་དུ་ཤེས་པར་བྱ་བའོ། །ངོ་བོ་སྨོན་འཇུག་གཉིས་ལས་སྨོན་པའི་ངོ་བོ་དང༌། གྲོགས་གཉིས་ཏེ། དེ་ཡང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པས་ངོ་བོ་ཡང་དག་པར་བླངས་པའི་སེམས་པ་དགེ་བ་རྒྱུན་ཆགས་འབྲས་བུ་ལ་དམ་འཆའ་བའོ། །དེ་ཡང་དད་པ་དང༌། སྙིང་རྗེ་དང༌། འདོད་པ་དང༌། ཁས་བླང་པ་བཞི་ལས་དང་བའི་དད་པ་གཞན་དོན་གྱིས་བདག་གྲོལ་བར་ཤེས་པ་དང༌། བདེན་སྙམ་པ་དང༌། བདག་


DTG078_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྙིང་རྗེ་སྐྱེས་པས་གཞན་དོན་ལ་མོས་པའོ། །མོས་པ་སྐྱེས་ནས་རྒྱུན་ས་བཅུ་མན་ཆད་དུ་ཡིན་དགོས་པས་སྨོན་པའི་དགེ་བའི་རྒྱུན་སེམས་ཅན་ལ་སངས་རྒྱས་ཀྱི་བྱ་བས་སྨོན་པ་སེམས་ཅན་སངས་རྒྱས་སུ་འདོད་ལ། ཁས་ལེན་དམ་འཆའ་བའོ། །གྲོགས་ལ་བདུན་ཏེ། འདུན་པ་ས་བདུན་འཇུག་པའི་གཞི་བྱེད་པ་དང༌། ལྷག་པའི་བསམ་པ་ཟླ་བ་ཚེས་པ་ལྟ་བུ་དགེ་བ་འཕེལ་བ་དང༌། སྦྱོར་བ་མེ་ལྟ་བུ་དངོས་པོ་ཐམས་ཅད་བསྲེག་པ་དང༌། བསམ་པ་བཟང་པོ་གསེར་ལྟ་བུ་སེམས་མི་ཉམས་པ་དང༌། སྐྱོབ་པ་མ་ལྟ་བུ་ཉེས་པས་མི་གོས་པ་དང༌། འབྲེལ་བ་རྒྱུ་འབྲས་ལྟ་བུ་ཐམས་ཅད་མཁྱེན་པ་འབྱུང་བ་དང༌། མྱུར་བ་ཐོག་ལྟ་བུ་ས་ལ་སྤྱོད་པའོ། །འཇུག་པའི་ངོ་བོ་དེ་ཡང་ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པས་ཡང་དག་པར་བླངས་པའི་སེམས་པ་དགེ་བ་རྒྱུན་ཆགས་རྒྱུ་ལ་དམ་འཆའ་བའི་ངོ་བོ་སྟེ། དེ་ཡང་གོང་ལྟར་བཞི། ཡིད་ཆེས་པའི་དད་པ་སངས་རྒྱས་གཞན་དོན་ལས་འབྱུང་བས་གཞན་ལ་སྙིང་རྗེ་སྐྱེས་ཏེ། སངས་མ་རྒྱས་བར་དུ་འཕྲོ་མི་གཅོད་པ་དང༌། གཞན་དོན་བྱེད་པས་གཞན་དོན་ཁས་བླངས་པ་དང༌། བདག་གཞན་སངས་རྒྱས་པའི་རྒྱུ་སྡོམ་པའི་ཚུལ་ཁྲིམས་ཀྱི་རང་བཞིན་དང་བཅས་པའི་སྡིག་པ་སྤོང་བ་སོ་སོར་ཐར་པའི་བསླབ་པ་དགེ་བ་ཆོས་བསྡུས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ། སེམས་ཅན་དོན་བྱེད་དེ་གཉིས་སེམས་ཅན་དོན་དུ་སྤྱོད་ལ་སྟོབས་གར་ཆེར་དེ་ཡང་འབྱེད་པ་དང་ཕྱེ་ཞིང་སྤྱོད་པའོ། །དེ་ཡང་སངས་མ་རྒྱས་པར་དུ་སངས་རྒྱས་འདོད་པའི་རྒྱུ་སྤྱོད་པར་ཁས་ལེན་པའོ། །གྲོགས་ལ་བཞི་སྟེ། སེམས་ཅན་ཐམས་ཅད་སྔོན་འབྲེལ་གྱི་བུར་ཤེས་ནས་བྱམས་པར་བྱ་བ་དང༌། མ་ཆགས་པས་འདོད་པ་ཆོས་ནོར་སྦྱིན་པ་དང༌། ཆོས་ཐམས་ཅད་བདག་མེད་པས་རང་ལ་འདོད་པ་མེད་བ་དང༌། སངས་རྒྱས་གཞན་དོན་ལས་འབྱུང་བས་རྒྱུ་འབྲས་མི་དགག་པའོ། །རྟེན་གྱི་ཁྱད་པར་གྱིས་བསླབ་པའི་རིམ་པ་ཤེས་པར་བྱ་བ་ལ་གཉིས་ཏེ། རྟེན་དང་བསླབ་པའི་ཆོས་སོ། །རྟེན་ལ་ཡང་གཉིས་ཏེ། འདོད་པ་ཆུང་བ་དང་ཆེ་བའོ། །ཆེ་བ་ལ་ཡང་གཉིས་ཏེ། ལས་དང་པོ་པ་དང༌། མཐར་ཕྱིན་པ་དག་པའོ། །བསླབ་པའི་རིམ་པ་ལ་གཉིས་ཏེ། སྤྱོད་པ་དང་འཇུག་པའོ། །སྨོན་པ་ལ་ཡང་གཉིས་ཏེ། བཏགས་པ་ནི་གོང་གི་


DTG078_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

མིང་དང་ཞེས་པའི་རྟེན་ཙམ་ཡང་སྐྱེ་ལ། དངོས་ཐོབ་ནས་ངོ་བོ་དང་ལྡན་པར་བསྲུང་བའི་ལས་དང་པོའོ། །འཇུག་པ་ལ་གཉིས། བཏགས་པ་བ་ལས་དང་པོ་བ་དེ་ལ་ཡང་ཡོད་དེ། དངོས་པོ་བདག་པ་ལ་ཡོད་པའོ། །ལས་དང་པོ་པའི་བསླབ་བྱ་ལ་གསུམ། གཞི་ལ་ཡང་གསུམ་སྟེ། སྦྱོར་བ་སྔོན་དུ་སོང་བས་མོས་པ། སྨོན་པས་གསུམ་ལ་སྐྱབས་པ་དང༌། དབང་པོ་ཤེས་ནས་གནས་ཚོལ་བ་དང་བསམ་པའོ། །བསམ་པ་བདག་ལ་སེམས་པ་དང༌། གཞན་ལ་སེམས་པའོ། །བདག་ལ་སེམས་པ་ལ་གཞི་སྟེ། བདག་གི་སྡུག་བསྔལ་ཞི་བར་བྱ་བ་དང༌། དགོས་པ་ལུས་ངག་གི་དགེ་བ་བྱས་དང༌། གྲོགས་ལུས་དལ། ངག་དབེན། ཡིད་ཞི་བ་དང༌། ལོངས་སྤྱོད་ཀྱིས་ཚོགས་བསགས་པའོ། །གཞན་སེམས་པ་ལ་གཉིས་ཏེ། སྙིང་རྗེ་དང་བཟོད་པའོ། །སྙིང་རྗེ་ཆོས་དམིགས་པ་དང༌། གང་ཟག་ལ་དམིགས་པའོ། །བཟོད་པ་སྡུག་བསྔལ་དང་དུ་ལེན་པ་དང༌། སྡུག་བསྔལ་ལ་ཇི་མི་སྙམ་པའོ། །ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་སྨོན་ནས་སྤྱོད་པའོ། །འབྲས་བུ་སྐྱེ་བ་ལ་དབང་བ་དང༌། ཉོན་མོངས་པ་དང༌། ལས་དང༌། ཐབས་དང༌། སེམས་ཅན་གྱི་དོན་བྱེད་པ་ལ་དབང་བ་ལྔའོ། །ཤིན་ཏུ་རྣམ་པར་དག་པའི་ལས་དང་པོའི་བསླབ་བྱ་ལ་ཡང་གསུམ་སྟེ། གཞི་སྦྱོར་བ་སྔོན་དུ་སོང་བས་སྐྱབས་པ་དང༌། དབང་པོ་དང༌། བསམ་པ་འཇུག་པའི་སེམས་ཀྱིས་གོང་བཞིན་འདོད་པའོ། །བསམ་པ་གཞན་ལ་སེམས་པ་ཁོ་ན་སྟེ། སྙིང་རྗེ་དང་བཟོད་པ་ལ་གཉིས་ཏེ། སྙིང་རྗེ་ལ་ཡང་གང་ཟག་ལ་དམིགས་པ་དང༌། ཆོས་ལ་དམིགས་པ་དང་དམིགས་པ་མེད་པ་གསུམ་སྟེ། གང་ཟག་ལ་དམིགས་པ་ནི་མུ་སྟེགས་དང༌། ཉན་ཐོས་དང་ཐུན་མོང་སྟེ། སེམས་ཅན་རྐྱེན་གྱིས་སྡུག་བསྔལ་བ་ལ་སྐྱེ་བའོ། །ཆོས་ལ་དམིགས་པ་ནི་སེམས་ཙམ་སྟེ། ཆོས་ཉིད་མ་རྟོགས་པས་ལོན་ཏེ་རྟོགས་པར་བྱེད་པའོ། །དམིགས་པ་མེད་པ་དབུ་མ་སྟེ། སྡུག་བསྔལ་བ་ཆོས་ཉིད་མ་རྟོགས་པ་ལ་སྙིང་རྗེ་བསྐྱེད་པའི་དུས་ན་རབ་ཏུ་མི་གནས་པར་ཤེས་པས་གསུམ་བསྡུས་པའོ། །བཟོད་པ་གཞན་དོན་དུ་སྡུག་བསྔལ་ཕྲ་མོ་ལ་སོན་ཞིང་དང་དུ་ལེན་པའོ། །གོམས་ནས་ཆེ་བས་མི་གནོད་ལ་ཇི་མི་སྙམ་པ་དང༌། བཟོད་པ་དེ་དང་མི་བཟོད་པ་རབ་ཏུ་མི་གནས་པར་བརྗོད་པ་གསུམ་ཀ་བསྒོམ་བའོ། །


DTG078_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་གཞན་དོན་དུ་རྫོགས་པར་བྱེད་པའོ། །འབྲས་བུ་རེ་བ་མེད་པ་དང༌། སྐུ་བཞི་ངག་གིས་འབྱུང་བའོ། །དུས་ལ་འདོད་པ་ཆུང་བའི་མཐའ་མེད་པ་དང༌། ཆེན་པོའི་རྒྱུ་བསྐྱེད་པའི་དུས་བླངས་མ་ཐོག་དང༌། ལམ་སྒྲུབ་པ་སྙིང་པོ་བྱང་ཆུབ་ཐོབ་པ་དང༌། སངས་རྒྱས་པའི་དུས་བསྐལ་པ་གྲངས་མེད་གསུམ་པའོ། །རིགས་ལ་གཉིས་ཏེ། ཟླ་པ་ཡར་ངོ་ལ་སེམས་བསྐྱེད་ཐོབ་པ་རྣམས་བྱམས་པ་ལ་སོགས་པ་ལྟར་བྲམ་ཟེ་ལས་སངས་རྒྱས་པ་དང༌། མར་ངོ་ལས་ཐོབ་པ་རྣམས་ཤཱཀྱ་ཐུབ་པ་ལ་སོགས་བ་ལྟར་རྒྱལ་རིགས་ལས་སངས་རྒྱས་པའོ།། གསུམ་དང་ལྡན་པར་ཤེས་པར་བྱ་བ་ལ་གཉིས་ཏེ། ལྡན་ལུགས་བསྟན་པ་དང༌། ངེས་པ་བསྐྱེད་པའོ། །ལྡན་ལུགས་ལ་ནམ་མཁའི་སྙིང་པོའི་མདོ་ནས། ཆོས་དང་གང་ཟག་གཅིག་ཉིད་སེམས། །སྨོན་དང་འཇུག་དང་སོ་སོར་ཐར། །རིག་པ་སྦྱོར་བས་གཞན་གྱི་དོན། །ནུས་ན་གོང་ནས་གོང་དུ་འགྱུར། །ཞེས་གསུངས་པ་བཞིན་ཏེ། གོང་གི་སོ་སོར་ཐར་བའི་བསླབ་པ་རིགས་བདུན་གྱི་བྱེ་བྲག་དེ་རང་གི་སེམས་ཡིན་པས་འོག་མའི་ཉན་ཐོས་མ་སྤངས་པར་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་ཡིན་ལ། དེ་ཡང་སེམས་ཀྱི་སྣང་བ་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྒྱུད་ལྟར་ལྷར་གནས་པའོ། །དེ་ཡང་སྔགས་ཀྱི་དམ་ཚིག་ནི། བདག་དང་དགོས་པ་ལྷར་གནས་པ་མཐོང་བས་ལྷ་དང༌། ལྷ་མི་གནོད་པས་ཉན་ཐོས་ལྟར་ཉེས་པ་སྤོང་བ་དང༌། ལྷ་མ་ཡིན་གཞན་གྱིས་མ་རྟོགས་པས་བྱང་ཆུབ་སེམས་དཔའ་ལྟར་ཕན་འདོགས་པ་དང༌། དེ་ལྟར་སེམས་སུ་འདུས་པའི་དོན་ལ་སེམས་ཅན་རྣམས་ཤིན་ཏུ་འཁྲུལ་ནས་སེམས་རབ་ཏུ་མི་གནས་པར་མ་ཤེས་ཤིང་བདག་ཏུ་བཟུང་བ་ལ་དམིགས་པ་མེད་པའི་སྙིང་རྗེ་སྐྱེས། སོ་སོར་ཐར་པའི་བསླབ་པ་དང༌། དམ་ཚིག་སྤྱོད་པ་དག་ལ་དམིགས་བ་མེད་པས་སྨོན་འཇུག་གཞན་དོན་དུ་བྱེད་པ་དང༌། དེ་ཡང་སྔགས་ཀྱིས་ལྷར་སྣང་བ་ཐམས་ཅད་སེམས་ཀྱི་འཕྲུལ་པར་སྣང་བས་ཉན་ཐོས་བྱེ་བྲག་ཏུ་སྤྱོད་ལ། བྱེ་བྲག་མ་འགགས་ན་ནུས་པ་སོ་སོར་འབྱུང་བས་བྱང་ཆུབ་སེམས་དཔའ་ལྟར་འདོགས་པ་དང༌། དེ་ལྟར་སེམས་ཀྱི་རྒྱུན་ལ་བརྟེན་ནས་སྐུ་བཞི་འབྱུང་བས། འགྲོ་བ་འདྲེན་པའི་སྣང་བ་


DTG078_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སོ་སོར་ཐར་པའི་བསླབ་པ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པ་དང༌། སྔགས་ཀྱི་དམ་ཚིག་དང་གསུམ་ལྡན་པའོ། །སྐུ་བཞི་ནུས་པ་སོ་སོ་ནས་སྣང་ཞིང་ཆོས་སྐུར་འདུས་ཤིང་འབྱུང་བ་བཞིན་སྡོམ་པ་ཡར་ལྡན་དུ་འགྱུར་ཏེ། སོ་སོར་ཐར་བ་བྱང་ཆུབ་སེམས་དཔར་འགྱུར། །དེ་སྔགས་སུ་འགྱུར། དེ་སོ་སོར་སྣང་བ་ཡང་བཏུབ་པ་བཞིན་ནོ། །ངེས་པ་བསྐྱེད་པ་ཡང་བཞི་སྟེ། གཞི་མ་ཉམས་པ་དང༌། རྒྱུ་མ་ཉམས་པ་དང༌། ལམ་མ་ཉམས་པ་དང༌། འབྲས་བུ་མ་ཉམས་པའོ། །གཞི་མ་ཉམས་པ་སློབ་དཔོན་ལ་ལ་དག་རྟེན་དང་བརྟེན་པར་སྡོམ་པ་གསུམ་མིན་པར་འདོད། དེ་མི་བདེན་ཏེ། ཀ་བས་གདུང་དང་འོག་གིས་སྟེང་ཁང་བཏེག་པ་ལྟར་མ་ཡིན་ཟེར་བ་མི་རིགས་ཏེ། སྡོམ་པ་ཡར་ལྡན་དུ་གནས་གྱུར་པས་ས་བོན་གྱི་དུས་ན་ས་བོན་མ་ཉམས། མྱུ་གུ་མ་སྤངས། འབྲས་བུའི་དུས་ན་འབྲས་བུ་མ་ཉམས་ལ་ས་བོན་མ་སྤངས་ཏེ། དམ་ཚིག་གི་དུས་ན་སོ་སོར་ཐར་པར་མ་སོང་སྟེ། མི་གནས་མེད་ཀྱང་ཉེས་པ་མེད་དོ། །ཉམས་པ་སྤང༌། སློབ་དཔོན་ལ་མི་གཅིག་གིས་མི་མང་པོ་གསོད་ན། མི་གཅིག་པོ་དེ་མ་བསད་ན་བྱང་ཆུབ་སེམས་དཔའི་སྡོམ་པ་ཉམས་ལ། བསད་ན་སོ་སོར་ཐར་བའི་སྡོམ་པ་ཉམས་པར་འགྱུར་བ་དེ་བཞིན་དུ། མ་ཤིན་བརྫུན་ནམ་ཐབས་ཀྱི་ཡན་ལག་ཉམས་ཟེར་ཏེ་དེ་ཡང་མི་བདེན་ཏེ། སོ་སོར་ཐར་བའི་ལྟུང་བ་ནི་སྦྱོར་བ་དང༌། དངོས་དང༌། མཇུག་རྫོགས་པས་འོང་སྟེ། སྦྱོར་བ་དང༌། མཇུག་མེད་པ་དང༌། དངོས་སོ་སོར་ཐར་བ་བདག་འཁོར་བ་ལ་འཇིགས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་བྱེད་དུ་དམྱལ་བ་ལ་མི་འཇིགས་པར་ཉེས་པ་ལེན་པའོ། །དེ་ལྟར་སྲོག་མང་བར་བཏོན་པ་དང༌། གཅིག་ལ་སྡིག་པ་གོས་པར་དང༌། བདག་དམྱལ་བ་ལ་མི་འཇིགས་པར་རང་ཡང་ཐར་པའོ། །དེ་བཞིན་དུ་བརྫུན་སོགས་ཡན་ལག་དང་བཅས་པ་ཉམས་པས་སོ། །ལམ་མ་ཉམས་པ་ཡང་སློབ་དཔོན་ལ་ལ་དག །སོ་སོར་ཐར་པའི་བསླབ་པ་རྟེན་དུ་དགོས་ན། སོ་སོར་ཐར་བའི་བསླབ་པ་གོང་གི་རྟེན་ཁྱད་པར་དུ་འཕགས་པ་དྲུག་ལ་སྐྱེའི། བྱང་ཆུབ་ཀྱི་སེམས་འགྲོ་བ་གཞན་དང་གླིང་གཞན་ནས་སྐྱེ་ཟེར་ཏེ། དེ་ཡང་མི་བདེན་ཏེ།


DTG078_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་མུ་སྟེགས་ལྟར་རྐྱེན་མེད་པས་རྒྱུ་གཙོ་བོས་ལས་བརྫུན་ཏེ། འགྲོ་དྲུག་སོ་སོ་བསྐྱེད་ལ་དགེ་བས་ཐར་པ་ཐོབ་པའི་རྒྱུ་ཡིན་པ་ལ། དགེ་བས་ངན་འགྲོར་འགྲོ་བ་ཡང་ཡོད་དགོས་པ་ལ་མེད་པ་དེས་དེ་ལྟར་ཡིན་ཏེ། སངས་རྒྱས་ཀྱི་ཐུགས་རྗེས་སེམས་ཅན་མིར་སྐྱེས་ལ། མི་བསྙེན་གནས་བསྲུངས་པས་ཉན་ཐོས་ཀྱི་རྟེན་བཟང་པ་དེ་གོམས་པ་ལས་བྱང་ཆུབ་ཀྱ་སེམས་སུ་འགྱུར་བས་ཐམས་ཅད་མཁྱེན་པའོ། །རྒྱུ་རྐྱེན་མ་སོང་བར་ཐམས་ཅད་མཁྱེན་པ་འབྱུང་ན། མུ་སྟེགས་དང་ཉན་ཐོས་ལ་ཐམས་ཅད་མཁྱེན་པའི་རིགས་ན། ཆོས་ཉིད་སྟོང་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་བས་འཐོབ་ཟེར་ན། ཆོས་ཉིད་ཡོད་པས་འཐོབ་ན་སེམས་ཅན་ལ་ཅིས་མེད། རྟོགས་པས་ཆོག་ན་རྟོགས་ཚད་གང་ཁོ་ན། རྟོགས་ཚད་གང་ཁོ་ན་ཙམ་གྱིས་ཆོག་ན་ད་ལྟ་ག་རེ། ཚད་བསྟན་དུ་ཡོད་ན་ཐམས་ཅད་མཁྱེན་ཏེ། བརྟགས་དཔྱད་རིགས་པ་གཞི་ཅི་བྱ། མེད་ན་རྩོད་པ་བརྗོད་པ་ལ་དོན་མེད། ཐོབ་པས་མཁྱེན་ན་ཐོབ་རྒྱུ་བརྟག་སྟེ། དེས་ན་ལམ་སྔོན་དུ་མ་སོང་བར་འགྲོ་བ་གཞན་དང༌། མི་གཞན་དག་ལ་བྱང་ཆུབ་སེམས་མི་སྐྱེའོ། །འབྲས་བུ་མ་ཉམས་པར་བྱ་བ་ལ་སློབ་དཔོན་ལ་ལ་ཉན་ཐོས་ཀྱི་རིགས་དང༌། རང་སངས་རྒྱས་དང༌། ཐེག་པ་ཆེན་པོ་དང༌། རིགས་ངེས་པ་དང༌། མ་ངེས་པ་དང༌། ཆད་པ་དྲུག་ཡོད་ལ། སངས་རྒྱས་ཀྱང་རིམ་གྱིས་དང༌། ཉན་ཐོས་ལས་ལྡོག་པ་དང༌། རང་སངས་རྒྱས་ལས་ལྡོག་པ་དང༌། སོ་སོར་ཡོད་པ་མཚན་ཉིད་ཀྱིས་སངས་རྒྱས་པ་དང༌། སྔགས་ཀྱིས་དང༌། སངས་རྒྱས་སོ་སོར་ཡོད་པ་ལ། །བསྟན་པ་ཡུན་རིང་ཐུང་དང༌། ཆོས་ཐེག་པ་ཆེ་ཆུང་སྟོན་ལ། བྲམ་ཟེ་དང་རྒྱལ་རིགས་སོ་སོར་འདོད་དེ། དེ་མི་བདེན་ཏེ། གཞི་དོན་དམ་པ་ལ་ཡང་སེམས་ཅན་དང༌། སངས་རྒྱས་གཉིས་ལ་ཁྱད་མེད་པར། སངས་རྒྱས་ལ་ཁྱད་ཡོད་དེ། རྒྱུ་རིག་པ་བཟང་རྟོག་ཏུ་སྦྱོར་བ་ལ་ཡང་འདྲ་སྙམ། ལམ་སེམས་གཉིས་དང་ཕར་ཕྱིན་དྲུག་སྤྱོད་པ་ཡང་འདྲ་སྙམ། འབྲས་བུ་འདོད་པ་ཆེ་ཆུང་བསྟན་པ་དང༌། ཆོས་རིགས་ཀྱང་གདུལ་བྱ་སྟེ། སྐུ་བཞི་ལ་བཟང་ངན་མེད། གལ་ཏེ་ཡོད་ན་གོང་བཞིན་དུ་དགེ་བས་ངན་སོང་དང༌། སྡིག་པ་དང་ཐར་པ་དང༌། ཉན་ཐོས་ཀྱིས་བཅུ་


DTG078_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པའི་ས་དང༌། སྔགས་དང་ཉན་ཐོས་ལ་སོགས་པར་འགྲོ་བའོ། །དེ་ནས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་བདེ་བ་ཆེན་པོར་གནས་ཤིང་ཆོས་སྐུར་སྣང་བ་ལ། གསུང་བརྗོད་དུ་མེད་པར་གནས་ཏེ། ཐེག་པ་གསུམ་དང་ཐེག་པའི་དགོས་པར་ཡང་གསུང་ངོ༌། །སྐུ་བཅུ་བཞིའི་ས་ལ་བཞུགས་ལ་རྡོ་རྗེ་འཆང་གི་ངོ་བོ་གཟུགས་སྐུར་སྟོན་ཏོ། །ཡོན་ཏན་སྤྲོས་པ་དང་བྲལ་ལ་བཟང་ངན་གྱི་རྟོག་པ་འདོད་ཡོན་དུ་སྣང་འགྲུབ་པའོ། །ཕྲིན་ལས་བྱ་བརྩལ་དང་བྲལ་བ་དགྱེས་རྡོར་ལྟར་སེམས་ཅན་ཐམས་ཅད་རིགས་ལྔ་དང༌། གསུམ་དང་གཅིག་ཏུ་གྲུབ་པའོ། །དེ་ལྟར་ཤེས་པས་སྡོམ་པ་གསུམ་རྫོགས་ནས་གསུམ་ལྡན་དུ་བྱའོ། །སྔགས་ཀྱི་རྒྱས་པར་འོག་གི་སྐབས་སུ་བསྟན་པ་ནས་དབང་ཐོབ་པར་ཤེས་པར་གྱིས་ཤིག །ཤེས་པས་སྤངས་པ་ལ་གཉིས་ཏེ། ཉེས་པ་ཤེས་པ་དང་སྲང་བའོ། །ཉེས་པ་ཤེས་པ་ལ་སྨོན་འཇུག་གཉིས་ཏེ། སྨོན་པའི་རྩ་བའི་ཉེས་པ་གཞན་དོན་ལ་སྨོན་པ་བཞག་ནས་ཉན་ཐོས་སུ་འགྱུར་བའོ། །ཡན་ལག་ལ་བཞི་སྟེ། དཀོན་མཆོག །མཁན་པོ། སློབ་དཔོན། རྣལ་འབྱོར་པ། པཎྜི་ཏ། དགེ་འདུན་ཆོས་སྐྱོང་བའི་རྒྱལ་པོ། ཕ་མ། མཆོད་པར་འོས་པ་བསླུས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་བསྐྱེད་པ་མཐོང་བ་ཐོས་པ། སློབ་དཔོན་གཅིག་པ་དུས་གཅིག་ཏུ་བསྐྱེད་པ་ལ་ཕྲག་དོག་གིས་བསྐྱེད་པ་དང༌། ཉན་ཐོས་དང་རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་བྱེ་བྲག་སོང་ནས་གོང་དུ་འཕོ་བར་མི་འགྱུར་བར་དེ་རྣམས་ཀྱི་དགེ་བའི་རྒྱུ་འབྲས་ལ་སྐུར་ནས་འགྱོད་པ་བསྐྱེད་བ་དང༌། སེམས་ཅན་ཐམས་ཅད་ལ་བདག་གི་ལུས་ངག་གིས་གནོད་པ་བྱེད་པའོ། །འཇུག་བའི་ཉེས་པ་ལ་གཉིས་ཏེ། རྩ་བ་ཕ་རོལ་ཕྱིན་པ་དྲུག་གཞན་དོན་བོར་ནས་རང་དོན་དུ་བསྔོ་བ་དང༌། ཡན་ལག་ལ་ཡང་བཞི་སྟེ། ཞེ་སྡང་གི་བཤགས་པས་མི་ཕན་པར་གཞན་འཚོག་པ་དང༌། ཆགས་པས་སེར་སྣ་དང་ལྡན་ཏེ། ཆོས་ནོར་དགོས་པ་དང༌། འདོད་པ་ལ་མི་སྟེར་བ་དང༌། ཆོས་རྣམས་བདག་མེད་པར་མ་ཤེས་པ་གཞན་ལ་འགྲན་སེམས་ཀྱིས་གནོད་པ་དང༌། སངས་རྒྱས་གཞན་དོན་ལས་མི་འདོད་པར་རྒྱུ་འབྲས་བཀག་ནས་སྨོན་འཇུག་སྤོང་བའོ། །སྤང་བ་ལ་ཡང་གཉིས་ཏེ། སྨོན་པ་ཉམས་པར་ཤེས། སྨོན་པ་ཉེས་པ་སྤང༌།


DTG078_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པའི་ཉེས་པ་འཇུག་པས་སྤང་པའོ། །ཤེས་པས་བསྒྲུབ་པ་ལ་གཉིས་ཏེ། ཡོན་ཏན་དུ་ཤེས་པ་དང༌། ཡོན་ཏན་དུ་ཤེས་པ་བསྒྲུབ་བོ། ཡོན་ཏན་ལ་གསུམ་སྟེ། སངས་རྒྱས་ལ་སྐྱབས་པས་སངས་རྒྱས་ཀྱི་ཞལ་མཐོང་བ་དང༌། ཆོས་ལ་སྐྱབས་པས་སངས་རྒྱས་ཀྱི་ཆོས་ཉན་ཅིང་ཞལ་མཐོང་བ་དང༌། བྱང་ཆུབ་སེམས་དཔའི་དགེ་འདུན་ལ་སྐྱབས་པས་གྲོགས་བྱང་ཆུབ་སེམས་དཔའ་དང་འགྲོགས་པའོ། །ལམ་གྱི་ཡོན་ཏན་མཁན་པོ་དང་བླ་མ་མཆོད་པས་ད་ལྟ་ཉིད་སངས་རྒྱས་དང་འགྲོགས་པ་དང༌། སེམས་ཅན་སླུ་བ་དང་འགྱོད་པ་སྤངས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པས་ད་ལྟ་ཉིད་ཐེག་མ་ཆེན་པོའི་ཆོས་ཉན་པ་དང༌། གཞན་ལ་གནོད་སེམས་སྤངས་ནས་ཕན་སེམས་དང་ལྡན་པས་བྱང་ཆུབ་སེམས་དཔའ་དང་ད་ལྟ་འགྲོགས་པའོ། །འབྲས་བུའི་ཡོན་ཏན་འཇུག་པས་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པས་གདུལ་བྱ་ལ་སྤྲུལ་སྐུ་དང༌། ཚོགས་རྫོགས་པའི་སྣང་བ་ལ་ལོངས་སྐུ་སྟེ། ད་ལྟ་ཉིད་སངས་རྒྱས་ཡིན་པ་དང༌། གང་འདོད་གང་ཕན་སྤྱོད་པས་ད་ལྟ་ཉིད་ཆོས་སྟོན་པ་དང༌། བསྟན་པ་དང་སྤྱོད་པས་ཕན་པས་ད་ལྟ་ཉིད་དུ་བྱང་ཆུབ་སེམས་དཔས་བསྐོར་བའོ། །བསྒྲུབ་པར་བྱ་བ་ལ་བཞི་སྟེ། སྡོམ་པ་གསུམ་བསྒྲུབ་པ་དང༌། མི་ཉམས་པར་བྱ་བ་དང༌། །རྒྱས་པར་བྱ་བ་དང༌། ཉེས་པ་བཅོས་ཐབས་སོ། །སྡོམ་པ་གསུམ་སྒྲུབ་པ་ནི་སྡོམ་པ་དངོས་དང༌། རང་བཞིན་དང་བཅས་པའི་སྡིག་སྤང་བ་དང༌། སེམས་ཅན་རྣམས་ཀྱི་དགེ་བ་བསྒྲུབ་པ་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། སྦྱིན་པ་ཆོས་དང་སྐྱབས་དང༌། ཟང་ཟིང་གི་སྦྱིན་པ་བདག་གཏོང་བ་པོ་དང༌། གཞན་ལེན་པ་པོ་དང༌། སྦྱིན་པར་བྱ་བའི་རྒྱུ་གསུམ་སྒྱུ་མར་ཤེས་པའི་གཞན་དོན་སྒྲུབ་པ་དང༌། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སྡོམ་པའི་ཚུལ་ཁྲིམས་དང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང༌། སྡུག་བསྔལ་དང་དུ་ལེན་པ་དང༌། སྡུག་བསྔལ་ལ་ཇི་མི་སྙམ་པ་དང། ཟས་མོས་པ་དང༌། གོ་ཆའི་བརྩོན་འགྲུས་དང༌། སྦྱོར་བ་དང༌། ངེས་པར་སྤྱོད་པ་དང༌། མི་འགོང་བའི་དང༌། དཔའ་བོའི་བརྩོན་འགྲུས་དང༌། བསམ་གཏན་ལུས་དལ། །ངག་དཔེན། སེམས་ཞི་བ་དང༌། ཐོས་བསམ་བསྒོམ་པའི་ཤེས་རབ་རྣམས་སྒྱུ་མར་ཤེས་པས་གཞན་དོན་བསྒྲུབ་


DTG078_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གཞན་དོན་དུ་སྦྱིན་སོགས་སྟོབས་གར་ཆེ་རིམ་པ་དང༌། དམ་བཅས་པ་མེད་པས་སྒྱུ་མའི་རྣམ་པས་སྒྱུ་མ་ཤེས་པས་བསྒྲུབ་པའོ། །མི་ཉམས་པར་བྱ་བ་ལ་བརྒྱད་དེ། སེམས་ཅན་སྔོན་ལས་ཀྱི་འབྲས་བུ་ཡིན་པས་དཔེན་པར་བསྒྲུབ་པ་དང༌། མ་ཆགས་པས་ལུས་དང་ལོངས་སྤྱོད་དགེ་བ་སྦྱིན་པ་དང༌། བདག་མེད་པས་འབྲས་བུ་མི་རེ་བ་དང༌། སངས་རྒྱས་གཞན་ལས་འབྱུང་བས་སྒྱོ་བ་མི་བྱ་བ་དང༌། སློབ་དཔོན་སངས་རྒྱས་དང་འདྲ་བས་བསྙེན་པ་དང༌། གྲོགས་པོ་བྱང་ཆུབ་སེམས་དཔའ་བསྙེན་པ་དང༌། དགེ་བ་བྱེད་པ་ཐམས་ཅད་ལ་ཡི་རངས་པ་དང་བསྐུལ་བ་དང༌། ལུས་ངག་ཡིད་ཀྱིས་དོན་ལས་གཞན་མི་བྱའོ། །རྒྱས་པར་བྱ་བ་ལ་གཉིས་ཏེ། མ་རྒྱས་པ་དང༌། དེ་རྒྱས་པར་བྱ་བའོ། །མ་རྒྱས་པ་ལ་རྒྱུ་འབྲས་གཉིས་ཏེ། རྒྱུ་ལས་བསྔོ་བ་མ་ཤེས་པ། བསྔོ་བ་ལུས་པ། བསྔོ་བ་ལོག་པ། བསྔོ་བ་མ་དག་པ། བསྔོ་བ་མ་བརྒྱས་པའོ། །བསྔོ་བ་མ་ཤེས་པ་ནི་སྔོན་དུ་སེམས་ཅན་ལ་ཁས་བླངས་ནས། ཆོས་ནོར་སྐྱབས་མི་སྟེར་བའོ། །མི་འདོད་མི་དགོས་མི་ཕན་ན་ཉེས་པ་མེད་དོ། །བསྔོ་བ་མ་ལུས་པ་ནི་སྦྱིན་པར་བསམས་ནས་མ་གྱིན་བའོ། །དེ་ཡང་མི་འདོད། མི་དགོས། མི་ཕན། ཕན་ཆུང༌། གནོད་ན་ཉེས་པ་མེད་དོ། །བསྔོ་བ་ལོག་པ་ནི་གཅིག་ལ་བསྔོས་ནས་གཞན་གཅིག་ལ་བྱིན་ནའོ། །གཅིག་སྟོབས་ཆེ་ལ་གཅིག་མི་འདོད་སོགས་གོང་ལྟར་ན་ཉེས་པ་མེད་དོ། །བསྔོ་བ་མ་དག་པ་ནི་ལན་ལ་རེ་བ་དང༌། དྲིན་བརྩིས་པ་དང༌། འདིའི་ཕན་ལ་མི་རེ་བའོ། །དེས་ཆོས་འཕེལ་ཞིང་རང་གི་ཡིད་ལ་ཚེ་འདིའི་འདོད་པ་མེད་ན་ཉེས་པ་མེད་དོ། །བསྔོ་བ་མ་རྒྱས་པ་ནི་གྲགས་པ་དང༌། གཞན་འོག་ཏུ་གཞུག་པ་སྟེ། དེས་བསྟན་པ་ལ་ཕན་ཞིང་ཡིད་ལ་མེད་ན་ཉེས་པ་མེད་དོ། །འབྲས་བུ་ལ་ཡང་ལྔ་སྟེ། བསྔོ་བ་ལུས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་ཀྱང་དགེ་བའི་རྩ་བ་མ་བསྔོས་པའོ། །བསྔོ་བ་མ་ཤེས་པ་ནི་སྦྱིན་པ་ལ་སོགས་པའི་རྒྱུ་ལས་འབྲས་བུ་ལོངས་སྤྱོད་ཆེ་བ་ལ་སོགས་པར་རེ་བའོ། །བསྔོ་བ་ལོག་པ་ནི་བདག་དོན་དུ་བསྔོས་པའོ། །བསྔོ་བ་མ་དག་པ་ནི་སེམས་ཅན་སངས་རྒྱས་སུ་མི་སྨོན་པའོ། །བསྔོ་བ་མ་རྒྱས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱས་མ་ཐེབས་པའོ། །རྒྱས་


DTG078_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་དེ་རྣམས་ལས་བཟློག་པ་སྟེ། ཤེས་པ། མ་ལུས་པ། མ་ལོག་པ། དག་པ། རྒྱས་པ་བྱང་ཆུབ་སེམས་དཔའ་འདོད་པ་ཆེ་བས་སེམས་ཅན་ལ་བསྔོ་བ་མ་ལུས་པ་ལ་སོགས་པས་སྤྱིན་ནོ། རྒྱས་པ་ལ་སོགས་པས་བསྔོས་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་སྐུ་བཞི་ཐོབ་སྟེ། སངས་རྒྱས་ནས་སེམས་ཅན་ཐམས་ཅད་སྐུ་བཞི་ལ་དགོད་པར་སྨོན་ལ། གཞན་ཡང་མདོ་དང༌། སློབ་དཔོན་གཞན་ལྟར་སྨོན་ནོ། །འདོད་པ་ཆུང་བ་དེ་དག་རྣམས་སེམས་ཅན་ཐམས་ཅད་སངས་མ་རྒྱས་ཀྱི་བར་དུ། སེམས་ཅན་གྱི་དོན་བྱེད་ཅིང་འགྲུབ་པར་སྨོན་ལ། མདོ་དང་བསྟན་བཅོས་གཞན་ལྟར་ཡང་སྨོན་ནོ། །རྒྱས་པ་ཆེན་པོར་འཇིག་རྟེན་གྱི་དགེ་བའི་རྒྱུ་འབྲས་ལ་ཡི་རང་ཞིང་བསྔོས་པར་འགྱུར་རོ། །ཉམས་པ་བཅོས་པའི་ཐབས་ལ་གསུམ་སྟེ། ཉམས་པའི་ཚད་དང༌། ཐབས་དང༌། ཉམས་པ་བཅོས་པ་ཉེས་པར་བསྟན་པའོ། །ཚད་ནི་རྩ་བའི་ཕམ་པ་བཞི་ལས་བདག་ཉིད་རྙེད་པ་དང༌། བཀུར་སྟི་ལ་རབ་ཏུ་ཞེན་ནས་བདག་ལ་བསྟོད་ལ་གཞན་ལ་སྨོད་ན་ཕམ་པ་དང་པོ་བྱུང་བའོ། །བདག་ལ་ནོར་ཟས་ཡོད་པ་ལ་སྡུག་བསྔལ་ལ་མགོན་མེད་པ་བཀྲེས་པ་སོགས་སློང་བ་ལ་སྙིང་སྲན་གྱིས་མི་སྟེར་བ་དང༌། དད་པ་དང༌། གུས་པ་དང་ལེགས་པས་ཆོས་འདོད་པ་ལ་སྙིང་མི་བརྩེ་བས་ཆོས་མི་སྟེར་བ་སྟེ་གཉིས་པ་བྱུང་བའོ། ཞེ་སྡང་བདོ་ནས་གཞན་ལ་ཁྲོས་ཏེ་འཐབ་མོ་སྩོགས་ཀྱིས་གཞན་གྱིས་བཤགས་པ་མི་ཉན་པར་བརྡེག་པ་ལ་སོགས་པ་བྱེད་པར་ཞེ་སྡང་པོས་འཆང་ན་གསུམ་པ་བྱུང་བའོ། །ཐེག་པ་ཆེན་པོའི་སྡེ་སྣོད་འགྲོ་བ་སྐྱོབ་པ་ལ་སྐུར་པ་འདེབས་ཤིང་གཞན་གྱིས་ཞར་ལ་བཅོས་པའི་ཆོས་མ་ཡིན་པ་ལ་ཆོས་ལྟར་སྟོན་ཏམ་ཉན་ན། བྱང་ཆུབ་སེམས་དཔའ་ཕམ་པ་བཞི་པ་བྱུང་བའོ། །ཡན་ལག་ལྡོམ་པ་ཉི་ཤུ་པ་ལྟར་ཉོན་མོངས་པའི་སེམས་དང༌། ཉོན་མོངས་པ་མེད་པའི་སེམས་ཀྱིས་དཀོན་མཆོག་གསུམ་གྱི་མཆོད་བ་ལ་སོགས་པའི་སྡོམ་པ་རྣམས་སོ། །བཅོས་པའི་ཐབས་དངོས་ནི་རྩ་བ་བཞི་གང་བྱུང་ཡང༌། ཉོན་མོངས་པ་དྲག་པོ་བྱུང་ནས་ཉམས་པ་སྔོན་བཞིན་འགྱོད་པས་བླང༌། ཉོན་མོངས་པ་འབྲིང་ན་ཁྲེལ་ཡོད་པ་ངོ་ཚ་ཤེས་ནས། མཁས་པར་


DTG078_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་གསུམ་ལ་བཤགས། དེས་ཀྱང་འགྱོད་དམ་ཞེས་དྲི། འགྱོད་དོ་ཞེས་ལན་གསུམ་བརྗོད་ཅིང་ཕྱིན་ཆད་བསྡམ། ཉོན་མོངས་པ་ཆུད་ན་གཅིག་པོ་དེའི་དྲུང་དུ་བཤགས་སོ། །འགྱོད་དམ་ཞེས་པ་དང་འགྱོད་དེ་ཞེས་ལན་གསུམ་དྲི་བར་བྱའོ། །ཡན་ལག་རྣམས་བྱུང་ནའང་དེ་བཞིན་དུ་བཤགས་ཏེ། ཉེས་པ་དང་ཉེས་པ་མེད་པའི་ཁྱད་པར་སྡོམ་པ་ཉི་ཤུ་པའི་འགྲེལ་པ་ནས་ཤེས་པར་བྱའོ། །ངེས་པ་བསྐྱེད་པ་ལ་བཅོས་པ་དང༌། བྱེད་པ་སྤོ་བ་གཉིས་སམ། བཅོས་པས་ངེས་པ་བསྐྱེད་པ་ནི་མ་ག་དྷཱར་ཤཱ་རིའི་བུས་སངས་རྒྱས་ཀྱི་སྤྱན་སྔར་སེམས་བསྐྱེད་ནས་བྱ་རྒོད་ཀྱི་ཕུང་པོའི་རིའི་ནུབ་ཏུ་གསང་བ་གསུམ་པའི་ཕུག་ཏུ་བསྒོམས་པས་བྲམ་ཟེ་གཅིག་སློང་དུ་བྱུང་སྟེ། ཅི་འདོད་བྱས་པས་ཁྱོད་ཀྱི་ལག་པ་གཡས་པ་འདོད་ཟེར་ནས། ལག་པ་བཅད་ནས་གཡོན་པའི་ཁར་བཞག་ནས་བྱིན་པས་མ་འདོད་ནས། ངས་ནི་སེམས་ཅན་གྱི་དོན་མི་འོང་ངོ༌། །བླང་ཟེར་ནས་བྱིན་པ་ཡང་མི་འདོད་པ་སྙམ་སྟེ། ཡི་མུག་པར་གྱུར་ནས་སྨོན་པ་དད་འཇུག་པ་གཉིས་ཀ་བཏང་བ་ལ། སངས་རྒྱས་ཀྱིས་ནམ་མཁའ་ནས་ཚིགས་སུ་བཅད་པ་གསུངས་ཏེ། ཐབས་དང་ལྡན་པ་བྱང་ཆུབ་སེམས། །ཐབས་མེད་པས་ན་ཉན་ཐོས་ཏེ། །ཁྱོད་རང་ཐབས་ལ་མི་མཁས་པས། གཡོན་པ་མི་འདོད་མགོས་སྦྱིན་མོད། །ཅེས་བརྗོད་ནས་བྲམ་ཟེ་ལག་པ་གཡོན་པ་མི་འདོད་པ་ལ་གཡོན་པས་སྟེར་བ་རང་གིས་ཉེས་ན་ཅི་ལ་ཡི་ཆད། མགོ་ཐོག་ཏུ་བཞག་ལ་སྦྱིན་མོད། དེ་ཡང་ཐབས་ལ་མཁས་པས་སངས་རྒྱས་བསྒྲུབ་པར་བྱའོ། །ཞེས་གསུངས་པས་སླར་འགྱོད་ནས་བསླངས་པས་ཐོབ། །རྒྱལ་པོ་མ་སྐྱེས་དགྲས་སེམས་བསྐྱེད་ནས་ཕ་བསད་དེ། ཡང་འགྱོད་ནས་སླར་བླངས་པས་ཐོབ་པོ། །མདོ་གཞན་ནས་ཀྱང་བལྟ་བ་སྟེ། བྱང་ཆུབ་སེམས་དཔའི་སྡོམ་པ་གསེར་དངུལ་ལྟར་བཅོས་སུ་བཏུབ་པས་ཉམས་པ་མེད་དེ། མེད་པས་སྤྲོས་པ་ལ་རྒྱུ་འབྲས་གཉིས་ལས། །འབྲས་བུའི་ཡོན་ཏན་དཔག་ཏུ་མེད་ཅིང་རྟགས་མང་བས་འདིར་བརྗོད་པས་མི་ཟད་པས་མ་བསྟན་ཏེ། མདོ་གཞན་ན་བལྟ་བར་བྱ་ཞིང་ཤེས་པར་བྱའོ། །རྒྱུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པའི་འབྲས་བུ་གཞན་ལ་བསྔོས་པས་ཚོགས་ལམ་ལ་སྦྱོར་བ་དང༌།


DTG078_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ལམ་ལ་སྦྱོར་བའོ། །དེའི་རྒྱུ་འབྲས་ཆོས་ཐམས་ཅད་རབ་ཏུ་མི་གནས་པར་ཤེས་པས་མཐོང་བའི་ལམ་ལ་སྤྱོར་བའོ། དེ་རྣམས་མི་གནས་པར་ཤེས་ནས་རྒྱུན་ཆད་པ་མེད་པས་བསྒོམ་པའི་ལམ་ལ་སྦྱོར་བའོ། །དེ་སེམས་ཅན་གྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ལྟར་སྣང་ཡང་འབྲས་བུ་ལ་རེ་བ་མེད་པས་མཐར་ཕྱིན་པའི་ལམ་ལ་སྦྱོར་བའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ལ་ཆོས་ནོར་ལ་ཆགས་པ་མེད་ན་ས་དང་པོ་ལ་སྦྱོར་རོ། །དྲུག་དང་ཆགས་པ་མེད་པ་དང༌། ཉོན་མོངས་པ་མེད་ནས་གཉིས་པ་ལ་སྦྱོར་རོ། །དྲུག་དང་མ་ཆགས་པ་དང༌། ཉོན་མོངས་པ་མེད་ནས་ཞེ་སྡང་མེད་ནས་གསུམ་པ་ལ་སྦྱོར་རོ། །དེ་ལྟར་སྙོམ་ལས་མེད་ན་བཞི་པ་ལ་སྦྱོར་རོ། །དེ་ལྟར་དང༌། དལ་བ། དབེན་པ། ཞི་བ་ན་ལྔ་པ་ལ་སྦྱོར་རོ། །དེ་ལྟར་བཅུ་གསུམ་པ་དང༌། འཁྲུལ་པ་བཅད་ན་དྲུག་པ་ལ་སྦྱོར་རོ། །དེའི་སྟེང་དུ་སྐྱོན་མེད་ན་བདུན་པ་ལ་སྦྱོར་རོ། །དེའི་སྟེང་དུ་ཞུམ་པ་མེད་ན་བརྒྱད་པ་ལ་སྦྱོར་རོ། །དེའི་སྟེང་དུ་ཐེ་ཚོམ་མེད་ན་དགུ་པ་ལ་སྦྱོར་རོ། དེའི་སྟེང་དུ་རྨོངས་པ་མེད་ན་ས་བཅུ་པ་ལ་སྦྱོར་རོ། འབྲས་བུ་ལམ་དང་གནས་པ་དངོས་ཀྱིས་མདོ་ལས་བལྟ་བར་གྱིས་ཤིག །དེ་ལྟར་སྤྱོད་ལམ་དུ་བྱ་བ་སེམས་བསྐྱེད་ནས་མདོ་སྡེ་པ་དང༌། དབུ་མ་པའི་བར་དུ་སྤྱད་པ་ལ་མེད་ན་འདོད་པ་ལ་ཁྱད་མེད་དོ། །ལྟ་བ་ལྔ་སྟེ། ལྔ་ཆར་ལ་རེ་རེ་སྟེ། མདོ་སྡེ་པ་རྟེན་འབྲེལ་དུ་ཡོད་དེ། དཔེར་ན་རས་སྔོན་པོའི་ཁར་ཤེལ་བཞག་པ་དང་འདྲ་སྟེ། ཤེས་པ་དང་རྣམ་པ་རྟེན་འབྲེལ་ཡིན། རས་ཀྱིས་ཤེལ་སྔོ་བ་སྔོ་བྱེད་རས་ཡིན། དེ་བཞིན་དུ་མ་ཡིན་ནས་ཐ་དད་ན། བྱེ་བྲག་པའི་དགེ་བས་སེམས་ལ་མི་ཕན་པ་དང༌། །སྡིག་པས་སེམས་ལ་མི་གནོད་དེ། བྱེ་བྲག་མ་ཡིན་པས་རྟེན་འབྲེལ་ཡིན་ཏེ། དགེ་བའི་རྣམ་པར་སེམས་ལ་ཕན་ལ། སེམས་རྟེན་འབྲེལ་དུ་ཡེ་ཡོད་པས་གནོད་པའི་རྣམ་པས་སྐྱེད་པར་བྱེད་པའི་རྡུལ་ཕྲ་རབ་ཆ་དང་བཅས་པ་སྐད་ཅིག་གིས་མ་རྟོགས་པའི་སིལ་བུར་འདོད་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་དེ་ཙམ་དུ་རྟོགས་པ་འབྲས་བུ་སྐུ་བཞིར་འདོད་དོ། །བསྒོམ་པ་ནི་དེ་ལྟར་རྟོགས་སམ་ཞེ་ན། དངོས་པོ་ཐམས་ཅད་དང་སེམས་རྟེན་འབྲེལ་དུ་ཡེ་ཡོད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་འབྲས་བུ་འབྱུང་སྟེ། དེ་ལྟར་དེ་མི་རྟོག་པས་དེ་ལྟར་རྟེན་འབྲེལ་


DTG078_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཡིན་པར་ཁད་ཀྱིས་ཁད་ཀྱིས་བསྒོམ་པར་འདོད་ལ། དེ་ཡང་གྲུབ་པའི་མཐའ་མ་ལུས་པར་སྟོན་པ་ཐེག་པ་ཆེན་པོའི་མདོ་ནས། རྡོ་རྗེ་སྐྱིལ་ཀྲུང་བཅས་ནས་ནི། །སྐད་ཅིག་སྐད་ཅིག་ལ་བརྟེན་ནས། །སེམས་ནི་སྣ་རྩེར་བརྟན་བྱས་ལ། །ཁྱིམ་པར་གྱུར་ཀྱང་བསྒོམ་པར་བྱ། །ཞེས་པས་རྟེན་འབྲེལ་ཤེས་པའི་རྣམ་པར་བསྒོམ་པའོ། །སྐྱོན་བསལ་བ་ལ་གསུམ་ལས་ལྟ་བའི་སྐྱོན་བསལ་བ་ནི་མུ་སྟེགས་རྒྱུ་གཙོ་བོར་འདོད་པ་ན་རེ། ཐམས་ཅད་རྒྱུ་ལ་རག་ལས་ཏེ། །པདྨ་ལ་སོགས་མེ་ཏོག་བཞིན། །འགྲོ་བ་སོ་སོའི་རྒྱུ་ཉིད་ལས། །ཐར་པ་དང་ནི་ཐམས་ཅད་མཁྱེན། ཞེས་བརྗོད་དེ། སངས་རྒྱས་པའི་རྒྱུ་སེམས་གདོད་མ་ནས་ཡོད་ལ། གདོད་མ་ནས་མེད་ན་བསྒྲུབས་པས་མི་འགྲུབ་སྟེ། པདྨ་རང་ལ་སྔོ་དཀར་དམར་པོ་སོ་སོ་ན་ཡོད་ལ། དེ་བཞིན་དུ་སེམས་ཅན་ལ་སངས་རྒྱས་པའི་རྒྱུ་ཡོད་པས་སངས་རྒྱས། རྒྱུ་མེད་ན་བཙལ་བས་མི་ཕན། ཡོད་པ་ལ་བསྒྲུབ་མི་དགོས། ཡོད་པར་ཤེས་པས་ཆོག་ཟེར་བ་དེའི་སྐྱོན་ནི་འདིར་ནི་རྒྱུ་ལ་རྩོལ་སྒྲུབ་ཀྱིས་འདོད་པའོ། །བསྒོམས་པའི་སྐྱོན་ནི་ཞི་བ་དང༌། བྱེ་བྲག་པ་སྟེ། འོང་བར་འགྱུར་བའི་བདག་ཉིད་ནི། །ཕྱི་ཡི་སྤྱོད་ཡུལ་ལས་འགགས་ནས། །གཉིས་ཀྱིས་བསྒྲུབས་པའི་ཞི་བར་གནས། །འབད་དེ་བདག་གིས་བསྒོམ་པར་བྱ། །ཞས་པས་རྣམ་པ་ལ་བློ་ལོག་སྟེ། རང་གི་སེམས་ཞི་བར་བྱིང་ནས་བདེ་བ་སྙམ་བྱེད་པ་དང༌། ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་མིན་ཏེ། མདོ་ལས། རྒྱལ་བྱེད་ཚལ་ནི་ཉམས་དགའ་བར། །བདག་ཉིད་གང་གི་གྱུར་ཀྱང་བླའི། །བྱེ་བྲག་པ་ཡི་ཐར་པ་ནི། །ནམ་ཡང་གོ་ཏམ་མི་འཚལ་ལོ། །ཞེས་པས་ནི་གོང་དུ་བསྟན་པའོ། །ཉན་ཐོས་མི་གཙང་བ་དང༌། དབུས་དང༌། བདེན་པ་བཞིས་གནས་པའི་སེམས་དེ་སྐྱོན་ནོ། །འདིར་རྟེན་འབྲེལ་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་ཅིང་གོང་ལྟར་གསལ་ལ་མི་རྟོག་པའོ། །ཐེག་པ་ཆེན་པོའི་སྐྱོན་ནི་མདོ་ལས། བྱེ་བྲག་བདག་ཆོས་ཕུང་པོ་གསུམ། གཞན་སྤངས་རང་གི་སྡུག་བསྔལ་ཞི། །བདེ་བར་འདོད་པ་དམན་པས་ཏེ། །སླར་ཡང་ཆུང་བས་འཁོར་བར་འགྱུར། ཞེས་པས་ཡུལ་བྱེ་བྲག་ཏུ་འདོད་ཅིང༌། གང་ཟག་གི་བདག་ཡོད་པ་ཡང་མིན། མེད་པ་ཡང་མིན་ཞེས་ཕུང་པོ་གསུམ་པར་འདོད་ལ། རང་འཁོར་བ་ལས་ཐར་པའི་བདེ་བ་འདོད་


DTG078_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྐལ་པ་གཅིག་ནས་སླར་འཁོར་བའོ། །འདིར་གྲུབ་པའི་མཐའ་མ་ལུས་པ་སྟོན་པར་བྱེད་པའི་ཐེག་པ་ཆེན་པོའི་མདོ་ནས། ཕ་རོལ་ཕྱིན་དྲུག་གཞན་ལ་བསྔོ། །ཐེག་ཆེན་ཆོས་ལ་རྣམ་པར་སྤྱོད། །དགེ་བ་སེམས་དང་འབྲེལ་པར་བརྗོད། །མདོ་སྡེ་དེ་ནི་ཐེག་ཆེན་བཤད། །ཅེས་པས་དེ་ལྟར་གསུམ་དང་གོང་གི་བསྒོམ་པ་སྐད་ཅིག་ཟེར་བས་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་སྐད་ཅིག་ནས་མི་རྟག་པ་ཤེས་པ་དང༌། ཁྱིམ་པར་ཤེས་པ་དང༌། སེམས་ཙམ་སྣང་བར་མི་འདོད་པས་དེ་བཞིན་ཐེག་པ་ཆེན་པོའོ། །སེམས་ཙམ་ཞེ་ན། རྣམ་པ་སེམས་ཁོ་ནར་མི་འདོད་རྟེན་འབྲེལ་དུ་འདོད་དེ། དེས་སྤྱོད་པ་སྒོམ་པ་སོ་སོའི་རྣམ་བཅས་ཀྱི་ལྟ་བ་ནི་མདོ་སྡེ་པ་ལྟར་འབྲེལ་པ་ཡིན་ཏེ། ཐམས་ཅད་སེམས་ཡིན་ལ་རྣམ་པ་ཡང་སེམས་ཀྱི་རྣམ་པར་འདོད་དེ། ལུང་ལས་ཀྱང༌། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ་ཞེས་པ་དང༌། རིགས་པ་ཡང་ཉི་ཤུ་པ་ནས། དྲུག་གིས་ཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་པས་མདོ་སྡེ་པའི་ཕྲ་རབ་བདུན་ལ་རྡུལ་ཕྲན་གཅིག་ཡིན་པས་ཕྲ་རབ་དྲུག་ཅར་ཤར་དང་ལྷོ་དང༌། ནུབ་དང་བྱང་དང༌། སྟེང་དང་འོག་གི་ཆ་དེས་སོ་སོར་དུས་གཅིག་ལ་ཕྱེ་ཞིང་བླང་དུ་བཏུབ་ན་ཕྲ་རབ་དེ་ལ་དྲུག་པོའི་ས་ནས་ཡང་དྲུག་བླངས་ཏེ་ཕྱེ་བས་ཕྲ་རབ་མེད་ན། ཤར་ཕྱོགས་གཅིག་གི་ས་ནས་གཅིག་ལེན་ན་རིའི་གོང་བུ་འདི་ཡང་རྡུལ་ཕྲན་དུ་རིགས་ཏེ། དེས་ན་སེམས་ཁོ་ན་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་སེམས་ཀྱི་རྣམ་པར་གཞན་དོན་དུ་སྤྱད་པས་འབྲས་བུ་ཐམས་ཅད་མཁྱེན་པའི་སྐུ་བཞི་དོན་དམ་དུ་འདོད་པའོ། །མདོ་སྡེ་པ་དང་ཉན་ཐོས་ཀྱང་ཀུན་རྫོབ་ཏུ་མི་འགེགས་སོ། སློབ་དཔོན་ཤེས་རབ་འབྱུང་གནས་སྦས་པ་མཉམ་གཞག་ན་མི་རྟོག །རྗེས་ལ་ཐམས་ཅད་མཁྱེན་པར་འདོད། །སྐུ་གསུམ་བདག་པོ་ཀར་འདི་འཁྲུལ་བ། སངས་རྒྱས་པས་སྣོད་གཞལ་ཡས་ཁང༌། བཅུད་ལྷ་དང་ལྷ་མོར་མི་རྟོག་སྣང་བར་འདོད་དོ། །ངག་གི་དབང་ཕྱུག་གྲགས་པ་ནི། དགག་སྒྲུབ་གང་ཡང་མེད་ལ་མཉམ་གཞག་དང་རྗེས་ཐོབ་ཡང་མེད་པར་སྣ་ཚོགས་གཉིས་མེད་དུ་འདོད། བསྒོམ་པ་ཡང་ཐམས་ཅད་


DTG078_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཡིན་པས་དེ་ལ་དང་གིས་འཇོག་པའོ། །སྐྱོན་ལ་ལྟ་བའི་སྐྱོན་རིག་བྱེད་ལྟར་སོང་བ་བསྒོམ་པའི་སྐྱོན་མདོ་སྡེ་པའོ། །རིག་བྱེད་པ་ན་རེ། དངོས་པོ་གང་དང་གང་སྣང་བ། །བྱ་བྲལ་སེམས་ཉིད་ཆོས་སྐུར་སྣང༌། །སེམས་ལས་གཞན་ཡོད་མ་ཡིན་ལ། །གསལ་ལ་མི་རྟོག་གནས་བདེ་བ། །ཚངས་པ་ལ་ཡང་ཚངས་དེ་ཉིད། །བདག་གི་ཡེ་ཤེས་ཚངས་པའི་མཆོག །ཅེས་པའི་སྣང་བས་དངོས་པོ་ཅི་སྣང་སེམས་ཡིན་ལ། །དེ་ཡང་ཡེ་ནས་ཡིན་པས། བྱ་བ་རྩལ་དང་རྟོག་པ་དང༌། ཐེ་ཚོམ་མེད་ལ་ད་ཡང་ཆོས་སྐུ་སྣང་ཡང་སེམས་ཉིད་ཡིན་ལ་མི་རྟོག་པར་གནས་པས་བདེ་སྟེ། གསལ་ལ་མི་རྟོག་པ་འདི་ནི་ལྷ་ཚངས་པ་ཞེས་བྱ། །ཆོས་སྐུ་ཞེས་བྱ། །སངས་རྒྱས་ཞེས་བྱ་སྟེ། དེ་ལས་དོན་ལྷག་པ་གཞན་མེད་ལ། །དེ་རྟོགས་པས་བདག་ལྷུན་གྱིས་གྲུབ་ཅིང་སངས་རྒྱས་དང་འདྲ་བར་འདོད་པའོ། །མདོ་སྡེ་པའི་བསྒོམ་པ་བརྟན་པར་བྱ་བ་དང༌། སྣ་རྩེར་སེམས་འཛིན་པའོ། །འདི་ལྟར་ལྟ་སྐད་ཅིག་གིས་མི་རྟག་པས་ཁྱད་པར་རོ། །བསྒོམ་པ་ལ་སེམས་ཡིན་པས་མཉམ་གཞག་རྗེས་ཐོབ་མེད་ལ་ཡེ་ནས་རང་རིག་ཡིན་པས་གོམས་སུ་མེད་པའོ། །རྣམ་པ་མེད་པའི་ལྟ་བ་ནི་རྣམ་པ་དང་བཅས་པ་མ་ཡིན་ཏེ། རྣམ་པ་འཁྲུལ་པའི་ཤེས་པ་ཡིན་ལ། དོན་དམ་དུ་རྣམ་པ་མེད་པའོ། །ལུང་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །གོང་དུ་སྣང་བ་རབ་ཏུ་འཇུག །ཅེས་པས་རླུང་གིས་དཀྲུགས་པ་ཆུ་ལས་ཆབ་རོམ་འབྱུང་སྟེ། དེ་ཆུ་ཡིན་རླུང་གིས་ལན། དེ་བཞིན་དུ་བག་ཆགས་ཀྱིས་དཀྲུགས་ནས་དངོས་པོར་ཞེན་པས་སྣང་བ་སེམས་ཀྱིས་རྣམ་པར་མཐོང་སྟེ། སེམས་རྣམ་པ་མེད་པ་ཡིན་ཏེ། རིགས་པ་རྣམ་པ་སེམས་ཡིན་ན། ཐ་དད་པ་ཡིན་ནམ་ཅིག་ཅར་ཡིན། ཐ་དད་ན་བྱེ་བྲག་པ་དང་འདྲ་ལ་འདྲེ་བ་ཡང་མེད། སེམས་རྣམ་པ་ཡིན་ནམ། གཉིས་ཀར་ཡིན། རྣམ་པ་སེམས་སུ་ཡིན་ན་མ་བཅད་པའི་ཡུལ་མི་ཤེས་པ་ཅི་སེམས་རྣམ་པར་ཡིན་ན་བེམས་པོར་འགྱུར། གཉིས་ཀར་ཡིན་ན་འདུས་པས་ཡིན་ནམ། མ་འདུས་པས་ཡིན། འདུས་པས་ཡིན་ན་མི་འདུ་བའི་རྒྱུ་མཚན་ཡོད་དམ་མེད། མེད་ན་སྔོན་དུ་འམ་ད་ལྟར་ཡང་སྣང་བ་སེམས་སུ་སྟོང་པར་རམ། སེམས་སྣང་བར་ཅིས་མ་སོང༌། ཡུལ་དབང་པོ་ཡུལ་དུ་ཅིས་


DTG078_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

མ་སོང༌། ཡོད་ན་གར་འདུས་མ་འདུས་པ་ཡིན་པར་གཉིས་སོ་སོ་ན་སེམས་ལ་རྣམ་པ་གང་ཡོད་ཅེས་སོ། །གཞན་ཡང་སློབ་དཔོན་གཞན་གྱི་འདོད་པ་དབུ་མའི་རིགས་པ་བཞིས་ཀྱང་ཁེབས་སོ། །སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་སྣ་ཚོགས་གཉིས་མེད་དུ་འདོད་པ་ནི་རྣམ་པ་སྣ་ཚོགས་སེམས་སུ་གཉིས་མེད་ཅེས་འདོད་པ་གོང་མ་དང༌། འདེས་ཀྱང་འགེགས་པའོ། །རྣམ་པ་དེ་དཀར་དམར་དང་རྟོག་གམ་མི་རྟོག །མི་རྟོག་ན་རྣམ་པ་དང་སེམས་གཉིས་མེད་དུ་ཅིས་ཤེས། །དེ་མིག་རྒྱང་རིང་པོ་བལྟས་པས་སྣ་ཚོགས་ཡོད་དེ། སེམས་སུ་གཉིས་མེད་མ་རྟོགས་པས་མན་ངག་ཏུ་འདོད་དོ། །སྣ་ཚོགས་སུ་ཤེས་པས་མངོན་སུམ་གྱིས་ད་ལྟ་ཤེས་ཞེས་ཏེ། དེ་ལ་སྐྱོན་མང་སྟེ། དེ་གདོད་ནས་སམ་ད་ལྟར་གདོད་ནས་ན་སྔོན་དུ་མ་ཤེས་པ་ཅི། ཤེས་ཀྱང་མ་ཕན་ན་དགོས་པ་མེད། །ཤེས་ཀྱང་དགོས་ན་ཐུག་པ་མེད་ནས་མ་ཤེས་ན་རང་རིག་ཉམས། ད་ལྟ་ན་སྔོན་དུ་མེད་ཕྱིས་མེད་པས་ཆད་པར་ཐལ། ཡང་ན་གཉིས་མེད་དེ་གཉིས་མེད་དུ་གང་གིས་ཤེས། གཞན་གྱིས་ཤེས་སམ་དེ་ཉིད་ཀྱིས་ཤེས། གཞན་གྱིས་ཤེས་ན་རང་རིག་ཉམས། དེ་ཉིད་ཀྱིས་དེ་ཉིད་ཤེས་སམ། དེ་ལས་འབྱུང་བས་ཤེས། དེ་ཉིད་ཀྱིས་དེ་ཉིད་ཤེས་ན། རྟག་ནས་སམ་མི་རྟག་ནས། རྟག་ན་མི་རྟག་པར་ཐལ། མི་རྟག་ན་ཤེས་རྒྱུ་མེད། སྔོན་དུ་མ་ཤས་པ་ཅི། རྐྱེན་དགོས་ན་གོང་ལྟར་དེ་ཉིད་དུ་ན་དུས་སམ་རིགས་ཡིན་ན་དེ་ལ་རྣམ་པ་ཅི་ཕན། ཡང་ན་དེ་ལས་བྱུང་བས་ཕན་ན་ཤེས་བྱའམ་ཤེས་བྱེད། །ཤེས་བྱ་ཤེས་བྱེད་གང༌། ཤེས་བྱ་གཉིས་མེད་བྱུང་ན་ཤེས་བྱེད་མེད་བར་ཤེས་བྱ་གང་ཡིན་ཤེས། ཤེས་བྱེད་བྱུང་ན་ཤེས་བྱ་མེད་པར་ཤེས་བྱེད་ཀྱིས་ཅི་བྱེད། དུས་གཅིག་ཏུ་སྐད་ཅིག་ལ་གཉིས་འོང་བ་མི་རིགས་སོ། དེས་ན་ཤེས་བྱ་མེད་པར་ཤེས་བྱེད་དུ་མི་ཤེས། ཤེས་བྱེད་མེད་པར་ཤེས་བྱ་མི་ཤེས། དེས་ན་གཉི་ག་མི་འབྱུང་ན་གཅིག་གིས་ནི་མི་ཤེས་སོ། །དེས་ན་རྣམ་པ་མེད་པའི་རང་རིག་པ་སྤྲོས་པ་མེད་པ་བསམ་དུ་མེད་པ་སྐད་ཅིག་མས་མི་རྟག །རྒྱུན་དུ་གནས་པ་དོན་དམ་མོ། །ཤཱནྟི་པ་རྗེས་ཐོབ་ལ་སྤྲུལ་སྐུར་འདོད། གཞན་མི་རྟོག་པ་ལས་སོ། །བསྒོམ་པ་ཡང་དེའི་ངང་ལ་བློ་འཇོག་པའོ། །སྐྱོན་ལ་ལྟ་བའི་དང༌། །སྒོམ་པའི་གཉིས་ལས་ལྟ་བའི་སེམས་ཙམ་རྣམ་པ་དང་བཅས་པ་དེའོ། །


DTG078_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པའི་ཉི་མ་དང་མཐུན་ཏེ། མུ་སྟེགས་ཉི་མ་པའི་རྒྱུད་ནས། རྟོག་པའི་རྒྱ་མཚོ་དང་བ་ལ། ཆུ་བུར་དབའ་རླབས་སོགས་འབྱུང་ཡང༌། ཤར་བ་དང་ནི་ནུབ་པ་དག །ཆུ་བོ་དེ་རུ་རོ་མཉམ་གཅིག །ཅེས་པས་དཔེར་ན་འོག་གི་རྒྱ་མཚོ་ནས་ཆུ་བུར་དང༌། དབའ་རླབས་དང༌། གཞན་ཡང་རྙོག་མ་དང༌། ཆུ་གཞན་དེར་འབབ་ཀྱང་རྒྱ་མཚོའི་ངང་དུ་གཅིག་པ་ལྟར། རང་གི་སེམས་ཉིད་རྣམ་པ་མེད་པ། སྤྲོས་པ་མེད་པ། མཐའ་དང་མུ་མེད་པ་བསམ་དུ་མེད་པ། ཐམས་ཅད་རྟག་པ་དེ་རྟོགས་ན་དངོས་པོ་ཅིར་སྣང༌། རྟོག་པ་ཅི་བྱུང་ཡང་སེམས་ཉིད་ལས་ཀྱང་ཚངས་པ། ཆོས་ཉིད་སངས་རྒྱས་ཡིན་ནོ་ཞེས་འདོད་དོ། །འདིར་སྐད་ཅིག་མས་མི་རྟག་ལ། རྒྱུན་གྱིས་རྟག་པར་འདོད་པའོ། སྒྱུ་མ་ལྟ་བུའི་ལྟ་བ་ནི་དེ་གཉིས་མི་བདེན་ཏེ། རྣམ་པ་སྒྱུ་མ་སྐད་ཅིག་གིས་མི་རྟག་ལ་རྒྱུན་དུ་གནས་པར་འདོད་དོ། །ལུང་གིས་ཀྱང༌། གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་ཞེས་གསུངས་ལ། རིགས་པས་ཀྱང་རྣམ་པ་སེམས་སུ་བདེན། སེམས་རྣམ་པ་ཡིན་ན་དཔྱད་པས་མ་གྲུབ་སྟེ། སྐྱོན་མེད་ན་བདེ་སྡུག་ཉམས་སུ་མྱོང་བ་ཡང་བརྫུན་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་བསགས་པ་ལ་དགོས་པ་མེད། སྐུ་བཞི་མེད་པ་དེས་ན་སྒྱུ་མ་བདེན་ཏེ་དོན་དམ་དུ་འདོད་པའོ། །སངས་རྒྱས་གསང་བ་གཟུགས་སྐུ་ཡང་རིགས་པས་སྒྱུ་མ་བག་ཆགས་ལྟར་འདོད་དོ། །ཀ་མ་ལ་རཀྵི་ཏ་མཉམ་གཞག་དང་རྗེས་ཐོབ་ཏུ་འདོད་དོ། །གཞན་མི་རྟོག་པར་གཟུགས་སྐུ་སེམས་ཅན་གྱི་སྣང་བར་འདོད་དོ། །རྣམ་པ་མེད་པ་དང༌། རིག་པར་འདོད་པ་དང༌། རིག་པ་རྣམ་པ་མེད་པ་གཉིས་འགལ་བས་སྐྱོན་གོང་བཞིན་ནོ། །བསྒོམ་པ་ཡང་སྒྱུ་མར་ཤེས་པའི་ངར་ལ་བློ་འཇོག་གོ །སྐྱོན་ལྟ་བ་དང་སྒོམ་པ་གཉིས་ཏེ། ལྟ་བ་དང༌། བསྒོམ་པ་འདྲ་སྟེ། མུ་སྟེགས་གྲངས་ཅན་པ་ནི་ལུང་ལས། དེ་ཙམ་ཉི་ཤུ་ལྔ་ཤེས་ན། །རལ་པ་སྤྱི་བོར་བཅིངས་པའང་འགྲོལ། །ཅི་དགའ་སྤྱོད་པ་བྱེད་པ་དག །བདག་ནི་དེ་ལས་ཉམས་པ་ཡིན། །ཞེས་པས་ཕུང་པོ་ལྔ། འབྱུང་བ་ལྔ། ཕྱོགས་ལྔར་འདོད་དེ། རྩ་བའི་ཉི་ཤུ་རྩ་ལྔ་ཡང་ལྔ་སྟེ། ཐམས་ཅད་སོ་སོའོ། །སེམས་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཆ་མཉམ་པ་ལས་སྣང་བ་བདེན་རྟག་པར་འདོད་པའོ། །དེ་ཡང་སེམས་སུ་བདེན་པས་དཔྱོད་པ་དང༌། རྟོག་པ་


DTG078_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྱ་བ་ཐབས་ཉེས་པ་མེད་འདོད་པའོ། །འདི་སྐད་ཅིག་མས་མི་རྟག་པ་རྒྱུན་དུ་གནས་པའོ། །རབ་ཏུ་མི་གནས་པའི་ལྟ་བ་ནི་དེ་ཐམས་ཅད་བདེན་པ་མ་ཡིན་ཏེ། ཀུན་རྫོབ་ཡིན་ལ་དོན་དམ་པ་ལ་རྣམ་གཅོད་དང་ཡོངས་གཅོད་མེད། རྣམ་གཅོད་ཡོངས་གཅོད་མེད་ཟེར་བ་རང་ཀུན་རྫོབ་པོ། །ལུང་ལས་ཀྱང་བདེན་པ་གཉིས་ཀྱི་མདོ་ནས། དོན་དམ་པའི་བདེན་པ་སངས་རྒྱས་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བ་ཕྱོགས་བཅུ་ན་བཞུགས་པ་ཐམས་ཅད་ཀྱིས་མཐོང་བ་དང༌། ཐོས་པ་དང་ཤེས་པའང་མེད་ན། རིགས་ཀྱི་བུ་ཐོབ་པའམ་ཉམས་སུ་མྱོང་དུ་ལྟ་ག་ལ་ཡོད་ཅེས་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། ཁྱོད་ཀྱི་དོན་དམ་གང་ཡིན་པ། །དེ་ནི་ང་ཡི་ཀུན་རྫོབ་ཡིན། །ཞེས་གསུངས་ལ། སློབ་དཔོན་བློ་གྲོས་མི་ཟད་པའི་ཞལ་སྔ་ནས་ཀྱང༌། དོན་དམ་བློ་སྒྲའི་སྤྱོད་ཡུལ་མིན། །བློ་དང་སྒྲ་ནི་ཀུན་རྫོབ་ཡིན། །ཞེས་གསུངས་སོ། །རིགས་པ་ཡང་གཏན་ཚིགས་ཆེན་པོ་བཞི་སྟེ། འདིར་གཏན་ཚིགས་བཞི་ཡང་གཞན་ལྟར་གསུམ་དང༌། ཤེས་བྱ་ཤེས་བྱེད་མ་གྲུབ་པ་བཞིའོ། །དེ་ཡང་རྒྱུ་མན་ཆད་དུ་འདོད་པ་ལ་རྟེན་ཅིང་འབྲེལ་འབྱུང་གིས་དོན་དམ་པ་དེ་གང་དངོས་པོ་རྣམས་རྣམ་པ་མེད་པའི་རིགས་སྒྱུ་མ་དེ་རྣམས་ཀྱང་སེམས་ཉིད་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་སྐུ་ཡང་རྟེན་འབྲེལ་ཀུན་རྫོབ་བོ། །དེ་ཡང་རྟོག་པ་སྣང་བ་ཕ་རོལ་ཏུ་ཕྱིན་པ་ལྔ། གཟུགས་སྐུ་ལ་ལྟོས་ནས་ཆོས་སྐུར་བཏགས་ཏེ། དེ་ཡང་དེ་རྣམས་སྟོང་པ་ལ་སོགས་པར་མཐོང་བ། ཆོས་སྐུ་ལ་ཆོས་སྐུར་འདོད་བ་དེ་རྣམས་མེད་ན་མེད་པའོ། །དེས་ན་རྡོ་དཀར་པོ་ཞེས་པ་དོན་དམ་དུ་མེད་ཀྱང་མི་དགེ་བ་ཀུན་རྫོབ་ཏུ། རྡོ་དང་དཀར་པོ་དང་སྲ་བ་ལྕི་བ་ཀུན་ལ་གྲགས་པས་ཡོད་པའོ། །དེས་ན་རྣམ་བཅས་རྣམ་མེད་སྒྱུ་མ་རྟེན་འབྲེལ་ཙམ་ཀུན་རྫོབ་སྒྱུ་མ་ཙམ་དུ་ཡོད་པའོ། །དོན་དམ་པར་མེད་པས་ཆོས་སྐུར་ཡང་མེད་དོ། །མུ་བཞི་སྐྱེ་འགོག་ནི་དོན་དམ་པར་འདོད་པ་ནི་ཡོད་ནས་འདོད་དམ་མེད་ནས་འདོད། ཡོད་ནས་འདོད་ན་ཡོད་པ་ནི་མེད་པ་ལ་ལྟོས་ནས་ཤེས་ཏེ། མེད་པ་མ་གྲུབ་པར་ཡོད་པ་ག་ན་གྲུབ། མེད་པ་གྲུབ་ན་ཡོད་པ་འགག་པའོ། །མེད་ནས་འདོད་ན་ཡང་མེད་པ་ཡོད་པ་ལ་ལྟོས་ནས་ཤེས་ཏེ། ཡོད་པ་གྲུབ་པར་མེད་པ་ག་ན་གྲུབ། ཡོད་


DTG078_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་གྲུབ་ན་མེད་པ་འགག་པའོ། །གཉི་ག་འདོད་ནས། ཡོད་ན་མེད་པ་འགགས་ལ་མེད་ན་ཡོད་པ་འགགས་པས་སོ། །ཕུང་པོ་གསུམ་ཡང་མི་རིགས་ལ། གཉི་ག་མེད་པ་ཡང་མི་རིགས་ཏེ། གཉིས་སྔོན་དུ་མ་གྲུབ་པར་རོ། །གྲུབ་ནས་གཉིས་མེད་ན་བདེན་ཏེ། དེས་ན་ཀུན་རྫོབ་སྒྱུ་མ་ཙམ་མོ། །རྡོ་རྗེ་གཟེགས་མ་ཐོགས་པ་མེད་པ་ཡང་དོན་དམ་དེ་བདག་ལས་སམ་གཞན་ལས་སྐྱེ། ཡོད་ན་བདག་གྲུབ་པ་ལས་སམ། མ་གྲུབ་པ་ལས། གྲུབ་པ་ལས་སྒྲུབ་ན་སངས་རྒྱས་ཀྱང་སྒྲུབ་དགོས་པས་ཐུག་པ་མེད། ཡང་ན་ཕན་གནོད་མེད་དེ། གྲུབ་ཀྱང་སྒྲུབ་དགོས་པའི་ཕྱིར་རོ། །མ་གྲུབ་པ་སྒྲུབ་ན་ནམ་མཁའི་མེ་ཏོག་དང་རི་བོང་གི་རྭ་ཡང་སྒྲུབ་པར་འགྱུར་རོ། །མི་སྒྲུབ་ན་སྒྲུབ་པ་ལ་དགོས་པ་ཅི། གཞན་ལས་སྐྱེ་ན་རྟག་པ་ལས་སམ། མི་རྟག་པ་ལས། རྟག་པ་ལས་སྐྱེ་ན་རིམ་གྱིས་སམ། ཅིག་ཅར། རིམ་གྱིས་རྐྱེན་རྟག་པ་ཉ་མས་ཏེ་ས་བོན་ལས་མྱུ་གུ་ལྟར་འགྱུར་རོ། །ཅིག་ཅར་སྐྱེ་ན་དེ་ཉིད་འགྱུར་ནས་སམ་མ་འགྱུར་ནས་འགྱུར་ན་མི་རྟག །མ་འགྱུར་ན་གཅིག་སྐྱེ་བའམ། དུ་མ་སྐྱེ། གཅིག་སྐྱེ་ན་དུ་མ་མ་གྲུབ་པར་གཅིག་མི་འགྲུབ། གཉིས་ཀ་ཡང་གོ་རིམས་བཞིན་དུ་མི་རིགས་སོ། །མི་རྟག་པ་ལས་སྐྱེ་ན་ཡང་དེ་བཞིན་དུ་གཅིག་ལས་སམ། དུ་མ་ལས་ཀྱང་མི་རིགས་ཏེ། སྐད་ཅིག་མ་སྔ་ཕྱི་ཡང་སྔ་མ་འདས། ཕྱི་མ་མ་སྐྱེས། དེ་ལྟ་བ་ལ་ཡང་འདས་པ་དང༌། ད་ལྟར་མ་འོངས་པ་གསུམ་མ་གྲུབ་པའོ། །དེས་ན་སྒྱུ་མ་ཀུན་རྫོབ་ཙམ་མོ། །ཤེས་བྱ་ཤེས་བྱེད་མ་གྲུབ་ཀྱང་ང་རྒྱལ་གྱིས་འདོད་ན་ཡང་དོན་དམ་པ་དེ་ཤེས་བྱ་བའམ། ཤེས་བྱེད་དམ། གཉི་ག་ཤེས་བྱ་གང་གི་ཤེས། ཤེས་བྱེད་ཡིན་ན་གང་ཤེས། ཤེས་བྱ་ཡོད་ན་ཤེས་བྱེད་ཉམས། གཉིས་ཀ་ན་ཤེས་བྱ་སྔོན་དུ་སྐྱེའམ། ཤེས་བྱེད་སྔོན་དུ་སྐྱེ་ཤེས་བྱ་སྔོན་དུ་སྐྱེ་ན་ཤེས་བྱེད་ཅི་དགོས། ཤེས་བྱེད་སྔོན་དུ་སྐྱེ་ན་ཤེས་བྱར་གང་གིས་ཤེས། ལྷན་ཅིག་པར་ནི་ཤེས་པ་སྐད་ཅིག་མ་ལ་ཡང་རིགས་སོ། །དེ་ལྟར་རེ་རེ་མ་གྲུབ་བར་གཉིས་ཀྱང་མི་འགྲུབ། ཤེས་རབ་ལེ་འུར་སློབ་དཔོན་བློ་གྲོས་མི་ཟད་པས་བསྟན་པའོ། །དེས་ན་སྒྱུ་མ་ཀུན་རྫོབ་ཙམ་དུ་མི་འགག་སྟེ། ཀུན་རྫོབ་སྒྱུ་མ་ཡིན་ན་སངས་རྒྱས་བསྒྲུབས་པ་ལ་ཕན་མེད། ཀུན་རྫོབ་ཡིན་པས་ཟེར་ན་


DTG078_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་པ་འདོད་ཐོག །ཀུན་རྫོབ་ལ་ཁྱབ་པ་མ་གྲུབ་སྟེ། ཀུན་རྫོབ་སྒྱུ་མར་འདྲ་བ་ལ། ཆུ་དང་མེའི་ལས་ཐ་དད། བདེ་སྡུག་ཚོར་བ་ཐ་དད། དེ་བཞིན་དུ་འཁོར་བ་དང་མྱ་ངན་ལས་འདས་པ་ཡང་ངོ༌། །དེས་ན་འདིར་ཆོས་སྐུ་དང༌། ངོ་བོ་ཉིད་ཀྱི་སྐུ་དང༌། གཟུགས་སྐུ་གཉིས་ཆར་ཡང་ཀུན་རྫོབ་པོ། །སྒྲུབ་པ་ཡང་ཀུན་རྫོབ་ཐོབ་པ་ཡང་ཀུན་རྫོབ་ཀུན་རྫོབ་ཏུ་རྒྱུན་ཆད་པར་སྐུ་བཞི་སྐུ་བཞི་སྐད་ཅིག་མར་མི་རྟག་པར་འགྱུར་བའོ། །ཁོ་ན་རེ་ཁྱོད་ལ་ཤེས་བྱེད་ཡོད་དམ་མེད་ཟེར་ན་དོན་དམ་པ་ལའམ། ཀུན་རྫོབ་ལ། དོན་དམ་པ་ལ་ཁས་ལེན་མེད་པར་ཤེས་ཅི་དགོས། ཀུན་རྫོབ་ལ་སྐད་ཅིག་གི་བྱེ་བྲག་གི་རྒྱུན་ལ་གཉིས་ཀ་ཡང་མི་སྟོ། ཤེས་བྱ་ཤེས་བྱེད་མེད་པས་ཆད་པའོ་ཟེར་ན་ཁས་མི་ལེན་པར་སྐྱོན་ཅི་གནོད་དེ། ནམ་མཁའ་ལ་སྐྱོན་ཅི་ལ་གདགས། ཡང་ཁྱོད་ལ་རྣམ་གཅོད་ཡོངས་གཅོད་མེད་ན། རྒྱུ་མན་ཆད་ལ་སྐྱོན་དེ་ཙམ་རྣམ་པར་བཅད་པས་རྣམ་གཅད་དེས་ཡོངས་སུ་གཅོད་པའི་སྒྲུབ་པ་ཡང་ཡོད་པས་ཁྱོད་ལ་ཡང་ཡོད་ལ། ཡང་དོན་དམ་དཔྱད་པས་ཡོད་ཟེར་ན། ང་ལ་དོན་དམ་རྣམ་གཅོད་ཡོངས་གཅོད་མེད་ན་ཁས་ལེན་མེད་དེ། ཁྱོད་དོན་དམ་དུ་ཡོངས་སུ་གཅད་ནས་འདོད་པ་ལ་དའི་ཀུན་རྫོབ་ཀྱི་སྤྱད་པའི་སྐྱོན་ཡོད་པ་མཐོང་ནས། རྣམ་པར་གཅོད་ལ། ཀུན་རྫོབ་ཀྱིས་དཔྱད་པས་དོན་དམ་པ་གྲུབ་པ་མེད་པར་ཡོངས་སུ་གྲུབ་ཀྱི། ཁྱེད་དེ་ལྟར་དོན་དམ་ལ་དོན་དུ་འདོད་པ་མེད་དོ། །ཡང་ཁོ་ན་རེ་འོ་ན་ཁྱོད་ཀུན་རྫོབ་ཀྱི་ཡོངས་གཅོད་ཀུན་རྫོབ་ཏུ་གྲུབ་པ་མན་ཞེ་ན་གྲུབ་སྟེ། འོ་ན་གྲུབ་པ་མེད་པ་དེ་རྣམ་གཅོད་ཡོངས་གཅོད་ཀྱིས་གྲུབ་ན་ང་དང་འདྲ་ལ། རྣམ་གཅོད་ཡོངས་གཅོད་སེལ་ན་ནི་སྒྲུབ་བྱེད་གང་གིས་བྱེད་ལ། སྒྲུབ་བྱེད་མེད་ན་ཅི་འགྲུབ་ཅེས་འདྲི་ན། ཁྱེད་དོན་དམ་དུ་འདོད་པ་རྣམ་པར་གཅོད་ཅིང༌། ཀུན་རྫོབ་ཏུ་གཅད་པས་མ་གྲུབ་པ་དེ་ཉིད་ཀུན་རྫོབ་ཏུ་གྲུབ་ལ། རྣམ་གཅོད་ཡོངས་གཅོད་ཀུན་རྫོབ་ལ་རང་བཞི་ནས། དོན་དམ་ལ་སེམས་བྱེད་མི་འདོད་ལ། མི་འདོད་ཟེར་བ་དང༌། དོན་དམ་ཟེར་བ་ཡང་དེ་ཙམ་དུ་བརྗོད་པར་ཟད་ཀྱི་མི་བརྗོད་དུ་མ་བཏུབ་པ་ལས་ཀུན་རྫོབ་བོ། །ཅི་འགྲུབ་ཟེར་བ་དོན་དམ་ལ་འདོད་ཐོག །དམ་བཅའ་མཐུན་པའོ། །ཀུན་རྫོབ་ཏུ་ཅི་ཡང་མ་ཡིན་པ་དེ་ལ་སྐད་ཅིག་གིས་སྔ་མ་རྒྱུན་མ་ཆད་པ་ཆུ་བོ་ལྟར་ཡིན་འཇིག་པའོ། །ཡང་ཁོ་ན་རེ། རྣམ་གཅོད་བ་དག་ལ་


DTG078_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་དེ་རང་ཞི་ལ། ཡོངས་གཅོད་ཁྱོད་རང་ཡོན་ཏན་དུ་མཐོང་བའི་ཁས་ལེན་མེད་པ་དེ། རྣམ་གཅོད་ནས་སམ། མཆོད་ནས། མཆོད་ན་གཉིས་སམ། ཕུང་པོ་གསུམ་པའི་སྐྱོན་ཡོད། ཆོད་ན་གཅོད་བྱེད་གཞན་ནས་འབྱུང་ངམ། དེ་ལས་ཡིན། གཅོད་བྱེད་ཤེས་པ་གཞན་ནས་འབྱུང་བ་མི་རིགས་ཏེ། སངས་རྒྱས་ལུང་རིགས་ཀུན་གྱིས་རང་ལ་འབྱུང་གིས་གཞན་གྱིས་མི་བྱེད། བྱེད་ན་སངས་རྒྱས་གཅིག་གིས་སེམས་ཅན་སངས་རྒྱས་ལ་འགོད་པར་རིགས་སོ། །དེ་ལས་བྱུང་ནས་རྣམ་པར་གཅོད་ན་དེ་གཅད་པའི་ཤེས་པ་དེ་ལ་ཡང་གཅོད་བྱེད་ཅིག་དགོས་པས་ཐུག་པ་མེད་པའམ། ཕན་མ་བཏགས་པའི་སྐྱོན་ཡོད་དོ་ཞེ་ན། དེ་ནི་དཔེར་ན་གཟུགས་སམ་སྒྲའི་ཡུལ་ཡོད་པས། མཐོང་བ་དང་ཐོས་པ་ཡོད་ལ། ཡུལ་མེད་ན་དབང་པོས་མཐོང་ཐོས་མེད་པ་ལ་རྐྱེན་མེད་དུ་རང་ཞི་ལ་ཤིང་མ་ཟད་ཀྱི་བར་ལ་མེ་འབར་ལ། ཤིང་ཟད་ནས་མེ་རང་ཞི་བ་ལ་རྐྱེན་མེད་དོ། །དེ་བཞིན་དུ་རྣམ་གཅོད་མེད་པས་དང་གིས་རབ་ཏུ་མི་གནས་སོ། །སྒོམ་པ་དེ་ལྟར་ཀུན་རྫོབ་རྣམ་གཅོད་ཡོངས་གཅོད་མེད་པ་དེ་ལ་ངང་གིས་ཀུན་རྫོབ་ཏུ་གནས་སོ། །ཀུན་རྫོབ་ལ་ཡང་གཉིས་ཏེ། དགེ་སྡིག་གཉིས་ཀྱི་རྒྱུ་འབྲས་ཀྱི་སྣང་བའོ། །སྤྱོད་འཇུག་ནས། དེ་ལ་ཀུན་རྫོབ་རྣམ་པ་གཉིས་མཐོང༌། རྣལ་འབྱོར་པ་ཡང་དེ་བཞིན་ཕལ་ཞེས་པའོ། །འཇིག་རྟེན་པའི་སྡིག་པའི་རྒྱུ་འབྲས་སྣང་བ་ལ་དབྱེ་ན་ཡང་མང་ལ། རྣལ་འབྱོར་བའི་དགེ་བའི་རྒྱུ་འབྲས་སྣང་བ་ཡང་མུ་སྟེགས་དང༌། ནང་པ་ལ་ཡང་མདོར་དབྱེ་བ་ཐེག་པ་གསུམ་དང༌། བྱེ་བྲག་ཏུ་སྨྲ་བ་ལ་སོགས་པའི་ལྟ་བ་དྲུག་གི་རིམ་པས་རྒྱུ་ཕ་རོལ་ཏུ་ཕྱིན་པ་དྲུག ། འབྲས་བུ་སྐུ་བཞི། དེ་ཡང་མཚན་ཉིད་ཀྱི་ལུགས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྐལ་བ་གྲངས་མེད་གསུམ་དུ་སྦྱངས་པས་སྐུ་བཞི་ཐོབ་ལ། དེ་ཡང་གོང་བཞིན་སེམས་བསྐྱེད་ནས་སྤྱད་པས་སྤྱིན་པ་དང༌། ཚུལ་ཁྲིམས་ལ་བརྩོན་འགྲུས་ཀྱིས་གྲོགས་བྱས་ནས་གཞན་དོན་དུ་བསྔོ་བ་བསྔོས་པས་སྤྲུལ་སྐུ་འབྱུང་ལ། བཟོད་པ་བརྩོན་འགྲུས་ཀྱིས་གྲོགས་བྱས་པས་ལོངས་སྐུ། བསམ་གཏན་ལ་གྲོགས་བྱས་པས་ངོ་བོ་ཉིད་ཀྱི་སྐུར་རྒྱུན་དུ་རང་སེམས་གནས། དེ་རྣམས་ཐམས་ཅད་གདོད་ནས་རབ་ཏུ་མི་གནས་པའི་ཤེས་རབ་ལ་བརྩོན་པས་ཆོས་སྐུའོ། །དེ་ཡང་བྱམས་པས་ཞུས་


DTG078_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མདོ་ནས། སྦྱིན་དང་ཚུལ་ཁྲིམས་བཟོད་པ་དག །བརྩོན་པས་གཟུགས་སྐུ་འབྱུང་བའོ། །བསམ་གཏན་ཤེས་རབ་ངོ་བོ་ཆོས། །སྐུ་དེ་བརྩོན་འགྲུས་ཀྱིས་འབྱུང་ངོ༌། །ཞེས་བསྟན་ཏོ། །སྔགས་ཀྱི་ལུགས་ལ་སློབ་དཔོན་ལ་ལ་དག །ལམ་བདེ་བ་ཡིན་གྱི་ཉེས་པ་ཡིན་ཏེ། དཔེར་ན་རྡོ་རྗེ་གདན་དུ་འགྲོ་བ་ལ་རྟ་རྐང་འགྲོགས་པ་ཉིན་གཅིག་གིས་མི་སླེབ་པས་རྟ་བ་དེ་མི་ཆད་རྐང་ཐང་ཆད་དེ་ཕྱིན་པ་འདྲ་བ་བཞིན་དུ། སྔགས་དང་མཚན་ཉིད་སངས་རྒྱས་པའི་དུས་དང་རྩོལ་སྒྲུབ་འདྲ་སྟེ། སྔགས་པ་ཐབས་དང་བསམ་པ་དང་ལུས་མཚན་ཉིད་པ་བཞིན་མི་སྒྲུབ་པའི་ལོངས་སྤྱོད་དང་འདོད་ཡོན་གྱིས་སྒྲུབ་ཅེས་འདོད་དོ། །འདིར་ལམ་བདེ་བ་དང་ལམ་ཉེ་བར་འདོད་དོ། ཐབས་དང་བསམ་པ་གཙོ་བོས་ཉན་ཐོས་པས་མཚན་ཉིད་ཐེག་པ་ཆེན་པོ་ཉེ་ལ། དེ་བས་སྔགས་ཉེ་བའོ། །སྐུ་བཞིའི་རྒྱུ་ཡར་དམ་ཚིག་གི་ཕྱག་རྒྱ་ལས་སྤྲུལ་སྐུ་དང༌། ལོངས་སྐུ་ལས་ཀྱི་ཕྱག་རྒྱ་ལས་འབྱུང༌། ཆོས་ཀྱི་ཕྱག་རྒྱས་བདེ་བ་ཆེན་པོའི་སྐུ་འབྱུང༌། ཕྱག་རྒྱ་ཆེན་པོ་རྩོལ་སྒྲུབ་མེད་པ་དེ་ཡེ་ནས་གནས་པས་ཆོས་སྐུའོ། །ལམ་དུ་བསྒོམ་ཐབས་ལ་སོགས་པ་རྒྱས་པར་འོག་ནས་སྔགས་ཀྱི་སྐབས་སུ་སྟོན་ནོ། །སློབ་དཔོན་ལ་ལའི་ཀུན་རྫོབ་ཡང་དག་པ་ཟླ་བ་གཅིག་གམ་ཆུ་དངོས་བྱ་བ་ནུས་པ་ཡིན་ལ། ལོག་པའི་ཀུན་རྫོབ་སྨིག་རྒྱུའི་ཆུ་དང༌། ཟླ་བ་གཉིས་པར་མཐོང་བ་ནི་འཁྲུལ་ཏེ་མི་བདེན་པར་སྣང་ཟེར་བ་འདིར་མི་འདོད་དེ། འདིར་ཀུན་རྫོབ་སྨིག་རྒྱུ་དང༌། ཆོས་སྐུ་འདྲ་བར་མི་བདེན་པར་སྣང་ལ་འཁྲུལ་པའི་སྣང་བའོ། །དེ་ཡང་འཁྲུལ་པའི་སྨིག་རྒྱུའི་ཆུ་དང་ཟླ་བ་གཉིས་འཁྲུལ་པ་ལ་སྣང་བ་ཙམ་ལས་མེད་དེ། མ་འཁྲུལ་པ་ཆུ་ངོས་དང༌། ཟླ་བ་གཅིག་བྱང་ཆུབ་སེམས་དཔའ་ལ་སྣང་བ་ཙམ་ལས་དངོས་སུ་མེད་པས་བྱང་ཆུབ་སེམས་དཔའི་སྣང་བ་ཙམ་པོ་དེ་སངས་རྒྱས་ཀྱི་ངོ་བོ་ཉིད་དང༌། བདེ་བ་ཆེན་པོ་ལ་མེད། བྱ་བ་དེ་དོན་དམ་ལ་མེད་པས་དེ་ཀུན་ལོག་པར་སོང་ཞིང་མ་ཤེས་པའོ། །སྔ་མ་ལྟར་སྣང་བ་ཙམ་པོ་ཕྱེ་ན་དགེ་སྡིག་གཉིས་གྲངས་མེད་པར་བདེན་པའོ། །རིགས་པས་གནོད་ཀྱང་ཀུན་རྫོབ་ཏུ་བདེན་པ་ཙམ་དེ་ཉིད་བདེན་པར་བརྗོད་པའོ། །སྐྱོན་ནི་མུ་སྟེགས་བྲམ་ཟེ་དེ་ཉིད་དེ། ཁོའི་རྒྱུས་ནས། ཚངས་པ་


DTG078_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་བཞི་ཀུན་དུ་བཟང༌། །སེམས་ཉིད་དོན་དམ་པར་ཤེས་ཤིང༌། །སྣང་བ་ཐམས་ཅད་ཀུན་རྫོབ་སྟེ། །དེ་ལྟར་རྟོགས་ནས་ཕན་གནོད་མེད། །ཅེས་པས་རང་གི་སེམས་འདི་ཙམ་ལས་མགོ་ནས་རྐང་པའི་བར་དུ་མིག་དང་རྣ་བ་དང་བ་སྤུ་ལ་སོགས་པ་ཡང་མེད་ལ། ཕྱི་ན་ཡང་གཟུགས་སྒྲ་ལ་སོགས་པ་གང་ཡང་མེད་ཅིང་མ་རྙེད་པ་དེ་ཁོ་ན་རྙེད་པ་སྟེ། དེ་ཉིད་ནམ་མཁའ་ལྟར་བརྗོད་པ་དང༌། བསམ་པ་དང་བྲལ་ཞི་མཐའ་དང་བར་མཚམས་དང་མུ་མེད་པ་དེ་ཉིད་ལ་རྟོགས་པ་ཞེས་བྱ། ཆོས་སྐུ་ཞེས་བྱ། ཚངས་པ་ཞེས་བྱ། དེ་ཁོ་ན་ཉིད་ཅེས་བྱ། ཀུན་དུ་བཟང་པོ་ཞེས་བྱ་སྟེ། སངས་རྒྱས་ཡིན་ལ། དེ་ལ་དགེ་བས་ཕན་འདོགས་མ་མྱོང༌། མི་འདོགས་ལ། སྡིག་པས་གནོད་མ་མྱོང་མི་གནོད་ཀྱི། གཞན་སངས་རྒྱས་པ་དང༌། མུ་སྟེགས་རྩོལ་སྒྲུབ་ལ་རེ་བ་རྣམས་སྙིང་རེ་རྗེ། དོན་དམ་པ་དེ་ལ་རྩོལ་བ་མེད་པས་འགྲུབ་པས་སོ་ཞེས་ཟེར་རོ། །དེ་ཡང་འདིར་སྐྱོན་ཡིན་ཏེ། དེ་ཉིད་དེར་རྟོགས་པས་ཆོག་པ་དེ་རྟོགས་པར་གང་གིས་ཤེས། དེ་ལས་བྱུང་བ་ཞིག་ཤེས་སམ། གཞན་གྱིས་ཤེས། གཞན་གྱིས་ཤེས་ན་ཁྱོད་ཀྱིས་བདག་ཀྱང་རྟོགས་སུ་ཆུག །ང་སངས་རྒྱས་སུ་ཆུག །ཡང་ན་རང་ལ་སངས་རྒྱས་ཡོད་པ་དང༌། ཡིན་ཟེར་བ་དང་ཉམས། དེ་ཉིད་ལས་བྱུང་ན་དེ་ཁོ་ན་འདྲ་བ་ཅིག་བྱུང་ནས་ཤེས་སམ། མི་འདྲ་བ་ཅིག་བྱུང་ནས་ཤེས། མིང་འདྲ་བས་འདྲ་བར་མི་ཤེས་ཏེ། མི་འདྲ་བ་དེ་འདྲ་བ་མིན་ཏེ། མིན་པས་ཡིན་པར་ཤེས་པ་ག་ལ་ཡོད། རྟེན་ལོང་བ་ལ་སོགས་པས་མཐོང་བ་ལ་སོགས་པ་ཡོད་ན་སྟོན། དེས་ན་མི་འདྲ་བ་ཅིག་བྱུང་བས་ཀྱང་མི་ཤེས་པས་སངས་ཇི་ལྟར་རྒྱ། དེ་ཁོ་ན་འདྲ་བ་ཅིག་བྱུང་ནས་ཤེས་ན། དེ་སྔོན་ནས་ཡོད་ནས་ཤེས་སམ་ཞར་ལ་བྱུང༌། སྔོན་ནས་ཡོད་ནས་ཤེས་སམ། ད་ལྟ་ཤེས། སྔོན་ནས་ཡོད་ནས་སྔོན་རང་དུ་ཤེས་ན་ཤེས་པ་ལ་ཕན་མེད་ཅིང༌། སྔོན་ནས་ཤེས་པས་ད་ལྟ་སེམས་ཅན་དུ་འདུག་པ་ལ་ཕན་ཏེ། སངས་རྒྱས་ཀྱང་སེམས་ཅན་དུ་ཡོད་པས་སོ། །ཡང་ན་ཐུག་པ་མེད་དེ། སྔོན་ནས་ཡོད་ཀྱང་ད་ལྟ་ཡང་ཤེས་དགོས་པས་སོ། །སངས་རྒྱས་ལ་ཡང་ཐུག་པ་མེད་དོ། །ཡང་ན་རིགས་པ་ཡོད་དགོས་ན། ལ་ལས་སངས་རྒྱས་དགེ་བ་མ་བྱས་ཀྱང་


DTG078_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའམ་སྡིག་པ་མ་བྱས་ཀྱང་ངན་སོང་དུ་འགྲོ་བ་ལ་སོགས་པའོ། །ཡང་ན་དུས་རྒྱུར་ལྟ་བ་བཞིན་དུ་དུས་ཡོད་དགོས་ཏེ་མི་རིགས་སོ། །ཞར་ལ་བྱུང་བས་ཤེས་ན་དེ་ཉིད་གཉིས་སུ་སོང་བའམ། མང་པོའི་སྐྱོན་དང་རྒྱུ་རྐྱེན་མི་དགོས་ན་སྔོན་དུ་ཡང་འབྱུང་བར་རིགས། དགོས་ན་དེ་ཁོ་ན་འདྲ་བ་འབྱུང་ན་ཐུག་པ་མེད་པ་དང༌། ཕན་མེད་ན་དང༌། ཕན་པའི་སྐྱོན་དང༌། མི་འདྲ་ན་འགྱུར་མི་རྟག་པ་དང༌། གོང་ལྟར་རང་རིག་དང་ཀུན་སངས་རྒྱས་སུ་བྱ་བར་རིགས་སོ། །དེས་ན་ཕྱི་རོལ་མུ་སྟེགས་པ་དང༌། ནང་པ་སངས་རྒྱས་པ་ཐམས་ཅད་དོན་དམ་དུ་ཁས་ལེན་པ་དང༌། སངས་རྒྱས་འདོད་པ་སྐྱོན་ནོ། །དེ་ཡང་སྐད་ཅིག་མ་དང༌། རྒྱུ་མེད་པར་རྟག་པ་དང༌། ཐེར་ཟུག་པའོ། །སྐད་ཅིག་དང་རྒྱུན་མ་ཤེས་ན་སེམས་ཙམ་རྣམ་བཅས་རྣམ་མེད་སྒྱུ་མ་པ་དང་རབ་ཏུ་མི་གནས་པར་འདོད་ཀྱང་མུ་སྟེགས་སུ་འགྲོའོ། །མཚན་ཉིད་ཀྱི་དེ་ཉིད་མཐོང་བའི་ལམ་གྱི་རིམ་པའི་ལེའུ་སྟེ་དང་པོའོ།། །།གཉིས་པ་སྔགས་ཀྱི་རིམ་པ་བཤད་པ་ལ་གཉིས་ཏེ། སྣོད་དུ་བྱ་བ་དང་བཅུད་དུ་བྱ་བའོ། །སྣོད་དུ་བྱ་བ་ལ་དབང་བཞི་སྟེ། བུམ་པའི་དབང་དང་གསང་བའི་དབང་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་དང་བཞི་པའོ། །བཅུད་ལ་ཕྱག་རྒྱ་བཞིའོ། །བུམ་པའི་དབང་ལ་གཉིས་ཏེ། སློབ་མའི་བྱ་བ་དང༌། སློབ་དཔོན་གྱི་ལས་སོ། །སློབ་མའི་བྱ་བ་ལ་གསུམ་སྟེ། བསྙེན་པའི་བྱ་བ་དང༌། སྟ་གོན་གྱི་བྱ་བ་དང༌། ཞག་གི་བྱ་བའོ། །བསྙེན་པའི་བྱ་བ་ལ་ལྔ་སྟེ། སློབ་དཔོན་གྱི་མཚན་ཉིད་བརྟག་པ་དང༌། ཞུ་དབུལ་བ་དང༌། རྫས་བསགས་པ་དང༌། བསྙེན་པ་ཞུ་བ་དང༌། སྡོམ་པ་གཟུང་བའོ། །མཚན་ཉིད་བརྟག་པ་ལ་བཞི་སྟེ། བརྒྱུད་པ་དང་ལྡན་ཞིང་དོན་དམ་མི་གནས་པར་རྟོགས་པ་དང༌། དམ་ཚིག་དང་ཞིང་བྱིན་རླབས་འབྱུང་བ་དང༌། རྒྱུད་དེ་ཤེས་ཤིང་དཀྱིལ་འཁོར་ལ་མཁས་པ་དང༌། གཞན་དོན་ལ་བརྩོན་ཞིང་ཆགས་པ་མེད་པའོ། །ཞུ་དབུལ་བ་ནི་བདག་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བའི་དོན་དུ་ཞི་བ་ལ་སོགས་ཐུན་མོང་གིས་གཞན་དོན་དང༌། མཆོག་གིས་འགྲོ་བ་ཐམས་ཅད་སངས་རྒྱས་ལ་བཀོད་པའི་དོན་གྱི་ཕྱིར་སློབ་དཔོན་བདག་ལ་བུམ་པའི་དབང་ཞུ་འཚལ་ཞེས་བརྗོད་ཅིང༌། མཎྜལ་དང་མེ་ཏོག་གི་ཕྲེང་བ་དག་


DTG078_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

དབུལ་ལོ། །རྫས་བསག་པ་ནི་རྒྱུད་ཀུན་ནས། །རིན་ཆེན་གསེར་དངུལ་མུ་ཏིག་དང༌། །མེ་ཏོག་ལ་སོགས་རྒྱལ་སྲིད་བཅས། །གཏོར་མ་ཤིང་རྟས་བསྐྱལ་བ་དང༌། །དཔའ་བོའི་སྟོན་མོས་དགའ་སྟོན་བྱ། །ཞེས་པས་འཁོར་ལོ་མཆོད་པ་ལ་ཆུ་གཙང་བརྒྱད་སྟོང་ཁྲི་འབུམ་གྱི་བར་དུ་དགྲམ། དེ་བཞིན་དུ་མེ་ཏོག་སྤོས། མར་མེ་དྲིའི་བྱེ་བྲག་དཔག་ཏུ་མེད་པ་དང༌། ཞལ་ཟས་དཔག་ཏུ་མེད་པ་དང༌། སིལ་སྙན་དཔག་ཏུ་མེད་པ་བསག་གོ །རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། བཀྲ་ཤིས་ཀྱི་རྫས་བརྒྱད། གཟུགས་སྒྲའི་བྱེ་བྲག་དབུལ་བ་དང༌། ཤ་ལྔ་དང༌། བདུད་རྩི་ལྔ་དང༌། རྡོ་རྗེའི་གླུ་གར་དང། ནང་གི་མཆོད་པ་དང༌། བཅུ་གཉིས་བཅུ་དྲུག་ཉི་ཤུས་མཛད་པ་དེ་ཁོ་ནའི་མཆོད་པ་དེས་ཁོ་ནའི་མཆོད་པ་བསག །བླ་མ་མཆོད་པ་ལ་ཨང་དེ་ལྟར་མཆོད་པ་གསུམ་དང༌། རྒྱུན་གྱི་བྱེ་བྲག་བསག་པ་དང༌། ཆོས་སྐྱོང་མཆོད་པའི་ཡོ་བྱད་འབྲས་ཆན་ལ་སོགས་པ་ཆན་གྱི་རིགས་ཇི་སྙེད་ཡོད་པ་དང༌། ཤ་དང་ཉའི་རིགས་དང༌། ཏིག་ཏས་བྲན་པའི་ཚོད་མ་ལ་སོགས་པའི་རིགས་དང༌། ཞོ་ལ་སོགས་པའི་དཀར་གྱི་རིགས་དང༌། ལ་དུ་ལ་སོགས་པ་ཁུར་བའི་རིགས་དང༌། གུར་ཀུམ་ལ་སོགས་པ་སྨན་གྱི་རིགས་དང༌། ན་རི་ཀེ་ལ་སོགས་པའི་འབྲས་བུའི་རིགས་དང༌། པོག་ཕྲན་ལ་སོགས་པ་ལ་དུའི་རིགས་དང༌། ཀ་ར་ལ་སོགས་པ་མངར་གྱི་རིགས་དང༌། ལ་ཕུག་ལ་སོགས་པ་རྩ་བའི་རིགས་དང༌། གཞན་ཡང་བཅའ་བ་དང༌། ཚ་བ་དང༌། ཁ་བ་དང༌། སྐྱུར་བའི་རིགས་ཀྱི་མཆོད་པའོ། །རྫས་བསག་པ་དང༌། དགའ་སྟོན་བྱ་བ་ཡང་རྒྱུད་ནས། །མཆོད་འོས་མ་གྱུར་གཏོར་མ་དབང༌། །སྡེ་དང་རིགས་རྣམས་དགའ་བར་བྱ། །ཞེས་པས་དབང་ཐོན་ནས་ཡོ་བྱད་ལྷག་པ་ལ་རྣལ་འབྱོར་པ་དང༌། ཀུ་སུ་ལུའི་ཚོགས་དང༌། པཎྜི་ཏ་དང༌། སློབ་མའི་འཁོར་དང༌། དགེ་འདུན་དང༌། དགེ་བསྙེན་གྱི་གཡོག་དང༌། རྒྱལ་པོ་དང༌། རྒྱལ་རིགས་དང༌། བྲམ་ཟེ་དང༌། རིག་བྱེད་ཀྱི་སྡེ་དང༌། རྗེའུ་རིགས་དང༌། གཙང་མ་རྣམས་དང༌། དམངས་རིགས་དང༌། རིགས་ངན་རྣམས་ལ་ཅི་རིགས་པས་མཆོད་པ་དང༌། སྦྱིན་པ་བྱ་བའི་ཕྱིར་བསག་གོ །བསྙེན་པ་ཞུ་བ་ནི་དེ་ལྟར་རྫས་ཚོགས་ནས་སློབ་དཔོན་བདག་གི་བསམ་པ་སྒྲུབ་པར་ཞུ་ཞེས་ལན་གསུམ་བརྗོད་ཅིང་


DTG078_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་དང་མེ་ཏོག་གི་ཕྲེང་བ་དབུལ་ལོ། །སྡོམ་པ་གཟུང་བ་ནི་བསྙེན་པའི་དུས་ཏེ་འོག་ནས་སྟོན་ཏོ། །སློབ་དཔོན་གྱིས་ལས་ལ་ཤེས་པ་དང་དབང་བསྐུར་བ་སྟེ། ཤེས་པ་ལ་བཞི་སྟེ། བརྒྱད་པ་དང་ལྡན་པས་སངས་རྒྱས་ནས་བར་མ་ཆད་པ། དོན་དམ་རྟོག་པ་རབ་ཏུ་མི་གནས་པའི་ལྟ་བ་འདོད་པ་རྟོག་པས་སྐུ་བཞི་མན་ངག་གིས་སྒྲུབ་པའི་དོན་ཤེས་པ་དང༌། བྱིན་རླབས་དམ་ཚིག་ལས་འབྱུང་བས་དམ་ཚིག་ཤེས་ནས་བསྲུང་བ་དང༌། རྒྱུད་དང་དཀྱིལ་འཁོར་གྱི་ཆོ་ག་ལ་མཁས་པས་མ་ཚང་བ་བརྒྱད་ཀྱིས་ཁ་སྐོང་བ་དང༌། སློབ་མ་ཡོངས་སུ་སྐྱོབ་པ་དང༌། གཞན་དོན་ལ་བརྩོན་ཞིང་མ་ཆགས་པས་བསྙེན་པ་དང་ལྡན་ཞིང་འབྱོར་པ་ལ་ཕན་པའོ། །ཆོ་ག་ལ་གསུམ་སྟེ། བསྙེན་པའི་ཆོ་ག་དང༌། དཀྱིལ་འཁོར་གྱི་ཆོ་ག་དང༌། དབང་བསྐུར་བའི་ཆོ་གའོ། །བསྙེན་པ་ལ་སློབ་མའི་བསྙེན་པ་དང༌། ལྷའི་བསྙེན་པ་གཉིས་ལས་སློབ་མའི་བསྙེན་པ་ལ་ཡང་སྡོམ་པ་སྦྱིན་པ་དང་བསྲུང་བ་གཉིས་སོ། །སྡོམ་པ་སྦྱིན་པ་ལ་སློབ་དཔོན་རིམ་གྱིས་བསྟན་པ་སློབ་མ་སྲུང་དུ་གཞུག་པ་གཉིས་ལས། སློབ་མ་སྲུང་དུ་གཞུག་པའི་སྡོམ་པ་ལ་ཡང་ཆུང་བ་དང༌། ཆེ་བ་གཉིས་ལས་ཆུང་བ་ནི་སྔོན་དུ་བསྟན་པའི་སྐྱབས་སུ་གསོལ་བའི་བྱེ་བྲག་བདུན་དང༌། རྟེན་དང་བསླབ་པའི་བྱེ་བྲག་རྣམས་རིམ་པས་བསྟན་ལ་སྲུང་དུ་གཞུག་པའོ། །ཐེག་པ་ཆེན་པོའི་ཡང་དེ་བཞིན་དུ་གོང་དུ་བསྟན་པ་བཞིན་དུ་སྲུང་དུ་གཞུག་པའོ། །བསྲུང་བ་ལ་ཡང་གཉིས་ཏེ། མཁའ་གསང་དུ་རྣམ་པར་སྣང་མཛད་དུ་བྱ་སྟེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ནས་གདོན་པ་དང༌། རྒྱུ་གོང་བསྙེན་གྱི་བསྲུང་བ་སྔགས་ཟློས་སུ་གཞུག་པའོ། །ལྷའི་བསྙེན་པ་ལ་བསྙེན་ཐབས་དང༌། བརྟག་གཉིས་ལས། ལྷའི་བསྙེན་པའི་ཐབས་ལ་རྫས་ཀྱིས་བསྙེན་པ་དང༌། ཏིང་ངེ་འཛིན་དང༌། སྔགས་ཀྱིས་བསྙེན་པ་དང་གསུམ་མོ། །རྫས་ལ་མཎྜལ་ཕུལ་བས་འཁོར་བས་འཁོར་ལོ་བསྙེན་པ་དང༌། གཏོར་མས་ཆོས་སྐྱོང་བསྙེན་པའོ། །ཏིང་ངེ་འཛིན་ལ་རྣལ་འབྱོར་བཞིས་འཁོར་ལོ་བསྙེན་པ་དང་དགུག་གཞུག་བསྐྱེད་པས་ཆོས་སྐྱོང་བསྙེན་པའོ། །སྔགས་ལ་གཙོ་འཁོར་གཉིས་བསྙེན་པ་དང༌། ཡི་


DTG078_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

གེ་བརྒྱ་མཚམས་སྦྱར་བའོ། །རྟགས་ལ་མངོན་སུམ་དང༌། མཚན་མ་དང༌། གྲངས་སུ་བསྐྱལ་པའོ། །དཀྱིལ་འཁོར་གྱི་ཆོ་ག་ལ་ཡང་བཞི་སྟེ། དཀྱིལ་འཁོར་རྒྱུའི་བྱ་བ་དང༌། ལྷག་གནས་དང༌། དཀྱིལ་འཁོར་གྱི་ངོ་བོ་དང༌། ཆོ་ག་དངོས་སོ། །རྒྱུའི་བྱ་བ་ལ་བདུན་ཏེ། ས་བཙལ་བ་དང༌། བརྟག་པ་དང༌། བསླང་བ་དང༌། གཟུང་བ་དང༌། གཅད་པ་དང༌། སྦྱང་བ་དང༌། བརྩིག་པའོ། །ལྷ་གནས་ལ་བཞི་སྟེ། སའི་ལྷ་མོ་དང༌། འཁོར་ལོ་དང༌། བུམ་པ་དང༌། སློབ་མ་ལྷག་པར་གནས་པའོ། །ངོ་བོ་ལ་ཐིག་གདབ་པ་དང༌། ཚོན་དགྱེ་བ་དང༌། རྒྱན་དགོད་པའོ། །ས་བཙལ་བ་ལ་ཏིང་ངེ་འཛིན་སོགས་ཀྱིས་ལུས་ལྷ། ཡིད་གང་འདོད་ཀྱི་འགྲོ་དོན་ལ་དམིགས་པ་དང༌། ངག་སྙིང་པོའི་སྦྱོར་བ་དང༌། བཙལ་བ་དངོས་ལ་ལས་དང་སྦྱར་ལ་ཕྱོགས་བཙལ་བ་དང༌། རྒྱུད་ལྟར་དབེན་པའམ་མི་འཇིགས་པའི་ས་བཙལ་བའོ། །བརྟག་པ་ལ་ཡང་སྦྱོར་བ་དངོས་སུ་སོང་བ་ལས་དང་སྦྱར་བ་ཁ་དོག་དབྱིབས་བརྟག་པ་དང༌། རྒྱུད་ལྟར་བུམ་པ་ལ་སོགས་པའི་མཚན་ཉིད་བརྟག་པའོ། །བསླང་བ་ལ་ཡང་བདག་པོ་དངོས་པོར་སྣང་བ་ལས་བསླང་བ་དང༌། དངོས་པོ་མེད་པ་ལས་བསླང་བའོ། །གཟུང་བ་ལ་ཡང་རྣལ་འབྱོར་བཞིས་གཟུང་བ་དང༌། སའི་ལྷ་མོ་དབང་བས་གཟུང་བའོ། །གཅད་པ་ལ་ཡང་ཇི་ཙམ་འདོད་པ་དེ་སའི་ལྷ་མོ་མཁའ་ལ་བཏེག་ལ་ཡིད་ཀྱིས་གཅད་པ་དང༌། ཁྲོ་བོའི་ཕུར་བུས་ཕྱོགས་མ་ནོར་བར་གཅད་པའོ། །སྦྱང་བ་ལ་རྫས་དང༌། ལུས་དང༌། ངག་དང༌། ཡིད་ཀྱིས་སྦྱང་བ་ལྔ་ལས། རྫས་ལ་ས་རོ་མང་ན་ལེགས་པར་བསལ། གཞན་གྱིས་དགང་བ་དང༌། རིན་པོ་ཆེའི་བུམ་པ་བཅུད་ཅན་སྦ་བ་དང༌། གཏོར་མ་གཏང་བའོ། །ལུས་རྐང་པ་རྡོ་རྗེ་བརྐྱང་བསྐུམ་གྱིས་བགེགས་བསལ་བའོ། །ངག་སློབ་མས། དེ་བཞིན་གཤེགས་ཀུན་ཞི་བ་དང༌། །ཞེས་པ་ལ་སོགས་པ་དང༌། ཡཀྵ་ཞེས་བརྗོད་པས་བགེགས་བསལ་བའོ། །ཡིད་དྲ་བ་དང༌། གུར་དང༌། གདོད་ནས་དག་པ་དང༌། རྡོ་རྗེའི་གདན་ལྟར་མི་འགྱུར་བར་བསམ་མོ། །རྩིག་པ་ལ་དྲི་དང་བའི་རྣམ་པ་ལྔ་བསྲེས་ལ་ཚད་དང་ལྡན་པར་བརྩིག་པ་དང༌། དྲི་དང་སྤོས་བྱུག་པའོ། །སའི་ལྷ་མོ་ལྷག་པར་གནས་པ་ལས་བསྐྱེད་པ་དང༌། ནམ་མཁའི་སྤྱན་


DTG078_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་བ་དང༌། མཆོད་པ་དང༌། གཉིས་མེད་བྱས་ལ་བསྟིམ་པའོ། །འཁོར་ལོ་ལྷག་གནས་ལས་མེ་ཏོག་དགོད་པ་དང༌། ལྷ་བསྐྱེད་པ་དང༌། གསོལ་བ་གདབ་པ་གསུམ་པ་ལས། མེ་ཏོག་དགོད་པ་ལ་རྡོ་རྗེ་སློབ་དཔོན་གྱིས་ལྷའི་གནས་སུ་མཚན་མ་གདབ་པ་དང༌། ལས་ཀྱ་སློབ་དཔོན་གྱིས་མེ་ཏོག་དགོད་པའོ། །ལྷ་བསྐྱེད་པ་ནི་སྦྱོར་བ་གསུམ་གྱི་རྣལ་འབྱོར་བཞི་སྒྲུབ་ཐབས་ཀྱི་འདོད་པས་བསྐྱེད་པའོ། །གསོལ་བ་གདབ་པ་ལ་ལྔ་སྟེ། སློབ་དཔོན་ཕྱིར་བྱུང་ལ་ཤར་ནས་ཡིད་ཀྱིས་བལྟ་བ་དང༌། འཁོར་ལོའི་ལྷ་ལ་གསོལ་བ་གདབ་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྱི་ལ་གསོལ་བ་གདབ་པ་དང༌། ཆོས་སྐྱོང་ལ་གསོལ་བ་གདབ་པ་དང༌། གསོལ་བ་བཏབ་ལ་མཁའ་ལ་གཤེགས་པའོ། །བུམ་པའི་ལྷག་གནས་ལ་མཚན་ཉིད་དང༌། ཕྱིའི་བྱ་བ་དང༌། ནང་གི་བྱ་བ་གསུམ་མོ། །མཚན་ཉིད་ལ་གྲངས་ལྷ་དང་སྦྱོར་བ་དང༌། རྒྱུ་རིན་པོ་ཆེའམ་ས་ལས་བྱས་པ་དང༌། མུ་སྟེགས་ཀྱི་མ་ཡིན་པ་བྲེ་གང་ལས་མི་ཆུང༌། བྲེ་གསུམ་ལས་མི་ཆེ་བ། རྩ་བ་མེད་ཅིང་མི་གནག་པའོ། །ཕྱིའི་བྱ་བ་ལ་ཡང་མཚན་མ་གདབ་པ་དང༌། ཁ་རྒྱན་མགུལ་རྒྱན་གྱིས་བརྒྱན་པ་དང༌། གདན་ལ་གཞག་པའོ། །ནང་གི་བྱ་བ་བཅུད་ལ་དྲུག་སྟེ། བཅུད་བླུགས་པ་དང༌། གཞལ་ཡས་ཁང་དང་ལྷར་བསྐྱེད་པ་དང༌། ཡེ་ཤེས་ཀྱི་ལྷ་དགུག་པ་དང༌། མཆོད་པ་དང༌། སྔགས་བཟླས་པ་དང༌། བཞུ་བས་བཀང་ལ་གནས་སུ་གཞག་པའོ། །སློབ་མའི་ལྷག་གནས་ལ་སློབ་དཔོན་དང༌། སློབ་མ་འབྲེལ་བའི་བྱ་བ་བདུན་ཏེ། སྤྲོ་བ་བསྐྱེད་པ་དང༌། གནང་བ་སྦྱིན་པ་དང༌། སྡོམ་པ་སྦྱིན་པ་དང༌། བསྲུང་བ་དང༌། སོ་ཤིང་དོར་བ་དང༌། ཀུ་ཤའི་སྔས་དང་སྟན་སྦྱིན་པ་དང༌། གཟེངས་བསྟོད་ལ་ཉལ་དུ་གཞུག་པའོ། །སྤྲོ་བ་བསྐྱེད་པ་ལ་གསུམ། སློབ་མས་ཁྲུས་བྱས་ལ་མཎྜལ་དབུལ་བ་དང༌། སློབ་དབོན་གྱིས་སྔགས་ཀྱི་དངོས་གྲུབ་ཅེས་པའི་ཆོས་བསྟན་པ་དང༌། སློབ་མས་ཕ་རོལ་ལ་དམིགས་ཏེ་རྒྱ་ཆེ་བར་ཤེས་པར་བྱའོ། །གནང་བ་སྦྱིན་པ་ལ་ནོད་པ་དང༌། སྦྱིན་པ་གཉིས་ལས། དགའ་ཆེན་ཞེས་སྤྲོ་བས་ནོད་པ་དང༌། བུ་ཚུར་ཞེས་བརྩེ་བས་སྦྱིན་པའོ། །སྤྲོ་བ་ལ་གསུམ་སྟེ། སངས་རྒྱས་ཞེས་སྐྱབས་སུ་གཞུག་པ་དང༌། སྐྱབས་པའི་ཡོན་ཏན་སངས་རྒྱས་


DTG078_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྐུ། ཆོས་བདེབས་བསྒྲུབ་པ་དང༌། དགེ་འདུན་གཙོ་བོའི་ངོ་བོ་བསྟན་པ་དང༌། སྡོམ་པ་དང་ལྡན་པས་སློབ་དཔོན་དེ་གསུམ་དང་ལྡན་པ་དང༌། ཁྱོད་ཀྱི་དབང་ཐོབ་ནས་ཡིན་པར་འགྱུར་རོ། །སྡོམ་པ་དངོས་ལ་གཉིས་ཏེ། མཚན་ཉིད་ཀྱི་དང་སྔགས་ཀྱིའོ། །མཚན་ཉིད་ལ་བདུན་སྔོན་དུ་སོང་བའོ། །སྔགས་ལ་གཉིས་ཏེ། སློབ་དཔོན་གྱི་དང་རིགས་ལྔའི་སྡོམ་པ་འཛིན་དུ་གཞུག་པ། འདི་ནི་སངས་རྒྱས་ཞེས་པས་གཞུག་པའོ། །བསྲུང་བ་ལ་འབྱོར་བས་བསྲུང་བ་དང༌། གདམས་པས་བསྲུང་བའོ། །འབྱོར་བ་ལ་ཞི་སོགས་ཀྱི་སྦྱིན་སྲེག་བྱའོ། །གདམས་པས་བསྲུང་བ་ལ་སློབ་མ་དང་སློབ་དཔོན་གྱི་བྱ་བ་གཉིས་ལས། སློབ་མས་བསྲུང་བ་ལ། ལུས་གུས་པས་རྐང་པ་གཡས་པའི་པུས་མོ་ས་ལ་བཙུགས་ལ་བསྡད་པ་དང༌། ཡིད་བྱ་བ་དྲན་པར་བྱའོ། །སློབ་དཔོན་གྱིས་བསྲུང་བ་ལ་ཏིང་ངེ་འཛིན་དང༌། མཆོད་པ་དང་རྫས་གསུམ་གྱིས་བསྲུང་བའོ། །ཏིང་ངེ་འཛིན་མཁའ་གསང་དུ་སློབ་མ་རྣམ་པར་སྣང་མཛད་དུ་བྱིན་གྱིས་བརླབས་ལ་གདོན་པ་དང༌། སངས་རྒྱས་ཐམས་ཅད་ལུས་ལ་གཞུག་པའོ། །མཆོད་པ་ལ་གནས་གསུམ་དུ་དྲིས་མཚན་མ་བྱ་བ་དང༌། ལྷ་བསྐྱེད་པ་དང༌། ཕྱི་ནང་གི་མཆོད་པས་དངོས་སུ་མཆོད་པའོ། །རྫས་ལ་སྐུད་པ་དང༌། གཏོར་མ་གཉིས་ལས། སྐུད་པའི་རྒྱུ་དང༌། ཏིང་ངེ་འཛིན་དང༌། སྔགས་དང༌། གདགས་ས་བཞི་ལས། རྒྱུ་རས་སམ་བལ་ལམ་རིང་ཐུང་སུམ་བསྒྲིལ་མདུད་མ་བདུན་ནམ་ལྔ་གསུམ་དུ་བྱའོ། །ཏིང་ངེ་འཛིན་ལ་བདུད་རྩི་འཁྱིལ་བ་ལ་སོགས་པར་བསྐྱེད། ཡེ་ཤེས་དགུག་མཆོད། གཉིས་མེད་དུ་བྱས་ཏེ། སྔགས་དེ་བརྒྱ་སྟོང་དུ་བཟླས་ཏེ་གོ་ཆར་བསམ་པའོ། །གདགས་ས་སྐྱེས་པའི་གཡོན། བུད་མེད་ཀྱི་གཡས་སུའོ། །གཏོར་མ་ལ་རྒྱུ་བྱིན་གྱིས་བརླབས་པ། མགྲོན་བསྔོ་བའོ། །རྒྱུ་སྣོད་ཀ་པཱ་ལ་དང༌། རིན་པོ་ཆེའམ། དེ་མེད་ན་ཤིང་དང་རྡོ་ཀྱོང་ཡང་བཟང༌། བྱིན་གྱིས་བརླབ་པ་སྣོད་དང་བཅུད་ལས། སྣོད་རླུང་མེ་བསྐྱེད་པ་ཀ་པཱ་ལར་རོ། །བཅུད་བདུད་རྩི་ལྔ་དང་ཤ་ལྔའོ། །མགྲོན་ལ་གནས་དང༌། ལྷ་གཉིས་ལ། གནས་ཆོས་འབྱུང་པདྨ་དང༌། ལྷ་ལ་བསྐྱེད་པ་དང༌། དགུག་པ་ལས། བསྐྱེད་པ་བར་དུ་ཆོས་སྐྱོང༌། སྟེང་དུ་ལྷ་ཆེན་པོ། འོག་ཏུ་ཀླུ་སྟེ་གཞན་ལྟར་རོ། །སོ་ཤིང་དོར་བ་ལ་བདུན་ཏེ། སོ་ཤིང་


DTG078_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཚན་ཉིད་དང༌། དོར་ས་དང༌། སློབ་མའི་ཁ་ལྟ་ཕྱོགས་དང༌། དོར་བའི་ཐབས་དང༌། དགོས་པ་དང༌། དེ་ལ་དགོས་པ་དང༌། ལྟས་བརྟག་པའོ། །ཀུ་ཤའི་སྔས་དང༌། སྟན་སྦྱིན་པ་ལ་ཀུ་ཤ་བསངས་ལ་གཙོ་བོའི་སྔགས་ཀྱིས་སྔགས་སུ་སྦྱིན་པ་དང༌། ལས་བུམ་གྱིས་བསངས་ལ་ལས་ཀྱི་སྔགས་ཀྱིས་སྟན་དུ་སྦྱིན་པའོ། །གཟེངས་བསྟོད་ནས་ཉལ་དུ་གཞུག་པ་ལ། གཟེངས་བསྟོད་པ་དང༌། ཉལ་པ་ལ་གཉིས་ཏེ། སློབ་དཔོན་གྱིས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཅེས་ངེས་པར་བསྟན་པ་དང༌། སློབ་མས་སྤྲོ་བས་ཡིད་ཆེས་པས་མཉན་ནས་དགའ་བར་བྱའོ། །ཉལ་བ་ལ་སྤྱོར་བ་དང༌། རྨི་ལམ་བརྟགས་པ་དང་བཟླ་བའོ། །སྦྱོར་བ་ལ་ལུས་སེང་གེའི་ཉལ་སྟབས་ཀྱིས་དཀྱིལ་འཁོར་དང་སློབ་དཔོན་ལ་སྔགས་བསྟན་ལ་ཉལ་བ་དང༌། ངག་བསྙེན་པའི་དུས་ཀྱི་སྙིང་པོ་བཟླས་པ་དང༌། ཡིད་འགྲོ་བ་དང་བདག་གི་དོན་འདོད་པས་ཐ་མལ་ལ་མ་ཡེངས་པས་ཉལ་བའོ། །རྨི་ལམ་བརྟག་པ་ནི་བདག་གི་སོ་ཤིང་གི་ལྟས་དང་མཐུན་པའི་ཐུན་མོང་དང་མཆོག་གི་ལྟས་ཤོག་ཅིག །སྟོན་ཅིག་ཅེས་བརྗོད་དོ། །རྨི་ལམ་བཟླ་བ་ལ་བཟླ་བ་དང་བརྟག་པའོ། །བཟླ་བ་བླ་མ་ལ་མཎྜལ་ཕུལ་ནས་དང་པོའམ་ཐ་མ་གང་གསལ་བཟླའོ། །བརྟག་པ་ནི་རྨི་ལམ་བཟང་བ་ལ་སོགས་པ་དང༌། ངན་པ་མར་ནག་གིས་ལུས་བྱུགས་སམ། སྤྲེའུ་དང་འབུ་སྤྲང་དང༌། སྡིག་སྤྲུལ་གྱིས་སོས་བཏབ་པ་རྨིས་ན་ཞི་སོགས་མན་ངག་གིས་སྦྱིན་སྲེག་བྱ། གཞན་ཡང་ཆུས་ཁྱེར་བ་ལ་སོགས་པ་རྨིས་ན་སྔགས་མང་དུ་བཟླ། གཞན་གྱིས་བདག་གི་ནོར་སོགས་ཁྱེར་ན་བཟང་པའོ། །གཞན་ཡང་བཟང་བ་མང༌། ངན་ཡང་སྒྱུ་མར་ཤེས་ན་ཟློགས་སོ། །ཐིག་ལ་རྒྱུ་དང༌། བྱིན་གྱིས་བརླབ་པ་དང་གདབ་པའོ། །རྒྱུ་དཀར་པོ་ལ་སོགས་པ་ལྔའོ། །བྱིན་གྱིས་བརླབས་པ་ཐིག་སྐུད་འཁལ་པ་བདག་ལྷ་གཙོ་བོའི་ངོ་བོར་གསལ། འཁལ་མཁན་ཤར་གྱི་ལྷར་གསལ། ནག་པོ་དཀར་པོ་སེར་དམར་ལྗང་གུ་གཙོ་བོའི་འོད་ཀྱིས་ལྟར་གསལ། འོད་ཀྱིས་རིགས་ཀྱི་ཐུགས་དམ་བསྐུལ་ས་སྤྱང་བ་དང་སྣོད་དུ་ལྷ་བསྐྱེད་པ་དང༌། ཡེ་ཤེས་ཀྱི་ལྷ་དགུབ་། མཆོད་བསྒྲིལ། གཉིས་མེད་ཐིག་ཏུ་གྱུར་པའོ། །གདབ་པ་ཡེ་ཤེས་ཀྱི་མཁའ་ལ་གདབ་པ་དང༌།


DTG078_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་གི་སྐུད་པས་དཀྱིལ་འཁོར་དངོས་ལ་གདབ་པ་དང༌། ཡེ་ཤེས་ཀྱི་སྐུད་བས་བསྲེ་བའོ། །ཚོན་ལ་རྒྱུ་དང་བྱིན་གྱིས་བརླབ་པ་དང་དགྱེ་བའོ། །རྒྱུ་རིན་པོ་ཆེའམ་འབྲུའམ་དུར་ཁྲོད་ཀྱི་རྫས་སམ། ས་དངོས་དང་ལྔའོ། །བྱིན་གྱིས་བརླབས་པ་ལྷའི་ཁ་དོག་གིས་ཕྱོགས་མ་ནོར་བར་སྣོད་དུ་ཡི་གེ་བྲིས་ལ་གཞག་པ་དང༌། ཡེ་ཤེས་པ་དགུག་པ་དང༌། མཆོད་པ་དང༌། མཆོད་པ་དང༌། གཉིས་མེད་ཚོན་དུ་གྱུར་པའོ། །དགྱེ་བ་ལ་བསྲུང་བ་དང༌། དགྱེ་བ་དངོས་སོ། །བསྲུང་བ་བྱང་ཤར་དུ་གཙོ་བོའི་རིམ་པས་སོར་བཞི་དགྱེ་བ་དང༌། ལྷ་ལྔ་བསྐྱེད་པ་དང༌། ཡེ་ཤེས་དགུག་པ་དང༌། མཆོད་པ་དང༌། གཉིས་མེད་དུ་གྱུར་ནས་བགེགས་མཐར་བྱེད་ཀྱིས་བསྲུངས་ཏེ་ཀ་པཱ་ལ་བཀང་ལ་གཞག་གོ །དགྱེ་བ་ཚོན་ཕྱོགས་དང་ས་ལ་མནོར་བར་དགྱེ་བ་དང༌། ཚོན་ཕྲ་བརྟག་པའོ། །རྩིག་པ་ལྔ་ནས་རེ་ཁཱ་བར་མཆོད་པར་ཕྱོགས་ནས་བྲིས་ཏེ་སྔོན་གྱིས་བསྲུང་བ་ནས་བར་ཆད་དམ་དེ་བས་སྦོམས་སམ། ཕྲས་སམ་ཕྱི་ནང་དུ་ཡོན་སློབ་དཔོན་འཆི་བ་དང༌། ནད་དང༌། ནོར་ཉམས་པ་དང༌། ཆོ་ག་འཁྲུགས་པ་ལ་སོགས་པ་རིམ་པ་བཞིན་འོང་བར་ཤེས་པར་བྱའོ། །དེ་ལས་ལོག་པ་བཟང་བའོ། །རྟོག་པ་མེད་པའམ་མི་ཤེས་བས་བྲིས་ན་ཉེས་པ་མེད། རྒྱན་དགྲམ་པ་ནི་བླ་བྲེ་ལ་སོགས་པས་དཀྱིལ་འཁོར་གྱི་ནམ་མཁའ་བརྒྱན་པ་དང༌། ཕྱི་ནང་གི་མཆོད་པས་དཀྱིལ་འཁོར་ས་གཞི་བརྒྱན་པའོ། །ཆོ་ག་དངོས་དབང་བསྐུར་བ་ལ་བཞི་ལས། བུམ་པའི་དབང་ལ། བུམ་པ་ལ་བསྒྲུབ་པ་དང༌། བསྐུར་བ་དངོས་གཉིས་ལས། བསྒྲུབ་པ་ལ་རྣལ་འབྱོར་གསུམ་བཞིའོ། བསྐུར་བ་དངོས་ལ་སློབ་དཔོན་གྱིས་བླང་བ་དང༌། སློབ་མ་ལ་བསྐུར་བ་གཉིས་ལས། སློབ་དཔོན་གྱིས་བླང་བ་ལ་དཀྱིལ་འཁོར་དུ་འཇུག་པ་དང་དབང་དངོས་གཉིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ལ་ཞུགས་པ་དང༌། ཞུགས་ནས་ཕྱིར་ཤར་སྒོར་བྱུང་བ་དང༌། ཕྱོགས་བཅུའི་སངས་རྒྱས་དང། བླ་མ་དེའི་ས་བོན་གྱི་འོད་ཀྱིས་སྤྱན་དྲངས་ཏེ། དེ་ཉིད་ལ་གཞག་པ་དང༌། བདག་གི་ས་བོན་ལས་སྤྲོས་ལ་ཕྱི་ནང་དེ་ཉིད་ཀྱི་མཆོད་པ་དབུལ་བ་དང༌། དགའ་ཆེན་ཞེས་གསོལ་བ་གདབ་པ་དང༌། བདུད་རྩི་བཏུང་བ་དང༌། མཁྱེན་པར་གསོལ་བ་དང༌། ཁྱོད་སུ་ཞེས་དྲིས་ནས། སློབ་


DTG078_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་དང་མི་བསྐྱོད་པ་སྤྱི་བོ་ན་ཡོད་པའི་ངོ་བོས་བསྐུལ་ནས་ཤར་གྱི་སྒོ་བས་ནང་དུ་བཅུག་པ་དང༌། སྡོམ་པ་སྦྱིན་པ་དང༌། བདག་གིས་ཀྱང་སངས་རྒྱས་ཆོས་དང་ཞེས་ཁས་བླང་བ་དང༌། ཕྱོགས་བཅུ་ནས་ཡང་ངོ་བོས་བསྐུལ། ཤར་སྒོར་བཀུག་མཆོད་ནས་བདག་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་འཁོར་ལོར་གྱུར་ནས་བཅུག་པ་དང༌། མཆོག་གི་ཡེ་ཤེས་བྱིན་ནས་ཐུན་མོང་དུ་ལས་རྣམས་ཀྱང་འགྲུབ་པར་ལུང་བསྟན་པ་དང༌། སྐུའི་རྡོ་རྗེ་བཀུག་ནས་བཅུག་པ་དང༌། ཐུགས་རྡོ་རྗེ་བཅུག་པ་དང༌། གསུང་རྡོ་རྗེ་བཀུག་ནས་བཅུག་པ་དང༌། དེ་ཐམས་ཅད་སློབ་དཔོན་ལས་བྱུང་བས་མཉན་པར་ཤེས་པ་དང༌། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་མན་ངག་ལྟར་དབབ་པ་དང༌། དེ་ནས་བསྐོར་བ་བྱ་བ་དང༌། ཕྱག་བྱ་བ་དང༌། དེ་ནས་ཡི་དམ་གྱི་ལྷ་ངོ་ཤེས་པ་དང༌། ལྷ་དེ་རྣམས་ངོ་བོ་གཅིག་པས་ཐ་དད་པ་མ་ཡིན་པར་ཀུན་ཤེས་པ་དང༌། བདག་ལ་དེ་རྣམས་ལེགས་པ་བརྗོད་པའོ། །དབང་ལ་བྱང་ཆུབ་ཅེས་ཞུ་བ་དང༌། བསྐུར་བ་གཉིས་ལས། བསྐུར་བ་ལ་བགེགས་ཁྲོ་བོས་བསྐྲད་པ་དང༌། བདག་ལ་པད་སོགས་གདན་དང༌། གདུགས་སོགས་རྒྱན་དང༌། བསྐུར་བ་སྟེ་གསུམ་མོ། །བསྐུར་བ་དངོས་ལ་བུམ་སོགས་སློབ་མས་བླང་བ་དང༌། རྡོ་རྗེའི་དེ་ཉིད་དང༌། དྲིལ་བུའི་དེ་ཉིད་དང༌། ཕྱག་རྒྱའི་དེ་ཉིད་བསྐུར་བ་ལྟར་མན་ངག་གིས་བྱིན་གྱིས་བརླབས་ལ་དབང་བླང་ངོ༌། །གསང་དབང་མན་ངག་བཞིན་བྱིན་གྱིས་བརླབ། གཏང༌། བླང་ངོ༌། །ཤེས་རབ་ཡེ་ཤེས་ཀྱང་དེ་བཞིན་ནོ། །བཞི་པ་ཡང་དེ་བཞིན་ནོ། །སློབ་མ་ལ་དབང་བསྐུར་བ་ཡང་དེའི་རིམ་པས་ཏེ། དེ་ཡང་དཀྱིལ་འཁོར་དུ་གཞུག་པ་དང་དབང་བསྐུར་བའོ། །གཞུག་པ་ལ་ནང་དུ་གཞུག་པ་དང༌། གསང་བ་བསྒོ་བ་དང༌། དཀྱིལ་འཁོར་དུ་གཞུག་པའོ། །ནང་དུ་གཞུག་པ་ནི་ལས་བུམ་ཆུས་བསངས་པའི་མིག་རས་ཨཱ་ཁཾ་གིས་བྱིན་གྱིས་བརླབས་ལ་བཅིང་བ་དང༌། ཨཱ་ཁཾ་ཟློས་སུ་གཞུག་པ་དང༌། དགའ་ཆེན་ཞེས་གསོལ་བ་གདབ་པ་དང༌། ལས་ཀྱི་སློབ་དཔོན་གྱིས་རྡོ་རྗེ་དང་མེ་ཏོག་སུ་ར་ཏ་སྟྭཾ། ཞེས་སྙིང་གར་སྦྱིན། ཨཱ་ཁཾ་གིས་ནང་དུ་གཞུག །གང་ཡིན་ཞེས་དྲི། ནང་དུ་གཞུག་པའོ། །གསང་བ་བསྒོ་བ་ལ་གསུམ་སྟེ། རྒྱུད་སྦྱང་བ། བསྒོ་བ་


DTG078_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་དང་ཡེ་ཤེས་དབབ་པའོ། །རྒྱུད་སྦྱང་བ་ལ་ལྔ་སྟེ། ཐོག་མ་ཞེས་པ་སྡིག་པ་སྦྱང་བ་དང༌། ཨུཏྤཱ་ད་ཡས་སེམས་བསྐྱེད་པ་དང༌། སྡོམ་པ་འཛིན་དུ་གཞུག་པ་དང༌། མཁའ་གསང་ནས་དབྱུང་བ་དང༌། བགེགས་བསལ་བའོ། །བསྒོ་བ་དངོས་ལ་བདུན་ཏེ། འདོད་ཆགས་ཆེན་པོ་ལས་བྱུང་བའི། །འཁོར་ལོའི་དེ་ཉིད་གཟུགས་བརྙན་བཞིན། །ཞེས་བྱིན་གྱིས་བརླབ་ཅིང་གནང་བ་ནོད་པ་དང༌། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བརླབས་པས་སྨྲར་མི་གཞུག་པ་དང༌། མཆོག་གི་དངོས་གྲུབ་ཐོབ་པ་དང༌། འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་ཞེས་རྡོ་རྗེར་བྱིན་གྱིས་བརླབས་པ་དང༌། རྡོ་རྗེ་སེམས་དཔའ་ཞེས་ཐུགས་རྡོ་རྗེ་དང༌། འདི་ནི་ཁྱོད་ཀྱི་དམྱལ་པའི་ཞེས་གསུང་རྡོ་རྗེར་བྱིན་གྱིས་བརླབས་ལ་སྨར་མི་རུང་བར་བསྒོ་བ་དང༌། དེ་རྣམས་སློབ་དཔོན་ལས་བྱུང་བས་བརྙས་པ་མ་བྱེད་པར་བསྒོ་བའོ། །ཡེ་ཤེས་དབབ་པ་ལ་སློབ་མས་ཡེ་ཤེས་ཞུ་བ་དང༌། སློབ་མའི་ཡེ་ཤེས་དབབ་པ་དང༌། བབས་ན་ཞེས་ལུས་ངག་ཡིད་བརྟག་པའོ། །དཀྱིལ་འཁོར་དུ་གཞུག་པ་ལ་དགུ་སྟེ། སྙིང་པོའི་ཞེས་དམ་བཅས་པ་དང༌། འཁོར་ལོ་བསྐོར་བ་དང༌། པྲ་ཏི་ཞེས་མེ་ཏོག་དོར་བ་དང༌། སྣང་བ་དྲི་བ་དང༌། གཙུག་ཏོར་ལ་སོགས་པ་དངོས་གྲུབ་རབ་འབྲིང་བརྟག་པ་དང༌། སྟོབས་པོ་ཆེ་ཞེས་མེ་ཏོག་མགོར་བཅིང་བ་དང༌། ཨོཾ་རྡོ་རྗེ་སེམས་དཔའ་ཞེས་མིག་དབྱེ་བ་དང༌། ལྟོས་ཤིག་ཅེས་དཀྱིལ་འཁོར་བསྟན་པ་དང༌། ཤར་སྒོ་ནས་དབུས་ཀྱི་བར་དུ་ལྷ་བསྟན་པའོ། །ལ་ལ་དེ་ཁོ་ན་ཉིད་འདིར་སྟོན་ཏེ་དེ་ནི་མ་ཡིན་ཏེ། སཾ་གྲ་ཧ་ནས་དབང་བསྐུར་ནས་ནི་དེ་ཉིད་བསྟན། གཞན་དུ་ན་ནི་དངོས་གྲུབ་དག། ཤིན་ཏུ་རིང་བར་འགྱུར་རོ་ཞེས། །རྡོ་རྗེ་འཛིན་པས་ཡང་དག་གསུངས། །ཞེས་པས་དབང་རྫོགས་ནས་འཁོར་ལོ་དེ་ཉིད་བསྟན་པར་བྱའོ། །དབང་བསྐུར་བ་ལ་སློབ་དཔོན་མཉེས་པར་བྱ་བ་དང་བསྐུར་བ་གཉིས་སོ། །མཉེས་པ་ལ་ཕྱི་ནང་དེ་ཉིད་གསུམ་མཆོད་པ་ལས་ཕྱིའི་མཆོད་པ་ཡོན་དུ་ལུས་ངག་ཡིད་གསུམ་དང་བཅས་པ་དབུལ་བ་མན་ངག་གིས་སོ། །ནང་ཤ་ལྔ་བདུད་རྩི་ལྔའམ་བྱིན་གྱིས་བརླབས་ལ་ནང་གི་སྤྱིན་སྲེག་ཏུ་བྱའོ། །དེ་ཁོ་ན་ཉིད་ནི་དབང་གི་ཡེ་ཤེས་པས་ག་བུར་མ་ཉམས་པའོ། །བསྐུལ་བ་ལ་བུམ་པ་ལ་སོགས་པ་བཞི་ལས་བུམ་པ་ལ་སྦྱོར་


DTG078_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། དངོས་གཉིས་ལས་སྦྱོར་བ་རྡོ་རྗེ་ཞེས་ནོད་པ་དང༌། གདན་བཤམ་པ་དང༌། རིན་པོ་ཆེ་ལ་སོགས་པའི་རྒྱན་གྱིས་བརྒྱན་པ་དང༌། གདུགས་ལ་སོགས་པ་བཀྲ་ཤིས་ཀྱི་རྫས་དང༌། མཆོད་པ་བཤམ་པ་དང༌། ཏིལ་ལ་སོགས་པས་བགེགས་བསྐྲད་པ་དང༌། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ་བཅུག་ནས་མཆོད་པ་དང༌། ཕུན་སུམ་ཞེས་བཀྲ་ཤིས་བརྗོད་པའོ། །དངོས་ལ་ཕྱི་ནང་གསང་བ་གསུམ་གྱིས་འཁོར་ལོ་མཆོད་ལྷ་མོ་ལྔ་དང་རིགས་ལྔར་གྱུར་ཏེ། སངས་རྒྱས་སྤྱན་གྱིས་ལས་བུམ་གྱིས་ཕྱི་ལྟར་ཞེས་བཀྲུས་པས་དྲི་མ་རྐང་པར་བུད་པར་བསམ་པ་དང༌། ཧེ་རུ་ཀ་དང་རྣམ་པར་སྣང་མཛད་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་གསང་བ་གསུམ་ཞེས་པས་གཙོ་བོ་དང༌། ཤར་བུམ་བསྐུར་བས་སྐུའི་རིགས་ཐམས་ཅད་དང་བཅས་པས་ལུས་ལ་བཅུག་ནས་བདུད་རྩིས་ལུས་རྒྱས་ཏེ་དཔྲལ་བར་རྣམ་སྣང་བྱོན་པའོ། །དེ་ནས་ཆུས་བསངས་ཏེ་ཅོད་པན་དང༌། ཐོར་ཚུགས་ལ་རིན་ཆེན་འབྱུང་ལྡན་བསྐྱེད་དེ། ཡེ་ཤེས་ཀྱི་འཁོར་ལོ་བཀུག་མཆོད་བསྟིམས་ནས་ཐོར་ཚུགས་སུ་གྱུར། མཱ་མ་ཀཱི་ས་ཇི་ལྟར་ཞེས་བསྐྲུས་པས་དྲི་མ་དང་སྒྲིབ་པ་རྐང་པར་བུད་པར་བསམ་པ་དང༌། ཧེ་རུ་ཀ་ར་རིན་ཆེན་འབྱུང་ལྡན་གྱིས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་གསུམ་ལས་བྱུང་པ་ཡིས། །ཞེས་གཙོ་བོ་དང་ལྷ་མོའི་བུམ་པ་ཐོགས་ནས་བསྐུར་བས་ཡོན་ཏན་གྱི་རིགས་ཐམས་ཅད་དང་བཅས་པ་ལུས་ལ་བཅུད་པས་བདུད་རྩིས་ལུས་བརྒྱན་ཏེ་རྣ་ལྟག་གཡས་སུ་རིན་ཆེན་འབྱུང་ལྡན་དུ་གྱུར་པའོ། །དེ་བཞིན་དུ་རྡོ་རྗེ་དང་བདག་པོ་དར། མིང་རྣམས་ལ་ཡང་གོ་བར་བྱའོ། །རྡོ་རྗེ་སློབ་དཔོན་གྱི་དབང་ནི་སློབ་དཔོན་ཁ་ཅིག་འདིར་འདོད་མོད་ཀྱི། རྗེ་རི་ཁྲོད་ཞབས་ཀྱིས་འདིར་བཞི་པ་ཡན་ཆད་བསྐུར་ནས་སོ། །དེ་ལ་འདིར་རྡོ་རྗེའི་དེ་ཉིད་སྤྱིན་པ་ནི། རྡོ་རྗེ་ལ་གོང་ལྟར་བྱིན་གྱིས་བརླབས་པ་རྡོ་རྗེར་གྱུར་པ་དེ་ཚིགས་བཅད་དང་སྔགས་ཀྱིས་སྦྱིན་ཏེ། སློབ་མའི་ལག་པ་གཡས་སུ་མ་ལས་ཉི་མ་ཧཱུཾ་གསེར་གྱི་རྡོ་རྗེར་གྱུར་པར་བསྒོམ་དུ་བཅུག་ལ་དེ་གཉིས་མེད་དུ་གཟུང་ཞེས་པས་སྦྱིན་པའོ། །དྲིལ་བུའི་དེ་ཉིད་ཀྱང་དེ་བཞིན་ཉིད་དུ་བྱས་ལ། ལག་པ་གཡོན་པར་ཨ་དང་ཁཾ་


DTG078_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཟླ་བ་དང་དྲིལ་བུར་གྱུར་པ་དང་གཉིས་མེད་དུ་སྦྱིན་ནོ། །ཐོག་མཐའ་མེད་ཅེས་པ་དང༌། འདི་ནི་སངས་རྒྱས་ཞེས་པས་གསོར་བ་དང་དཀྲོལ་བ་གསུམ་གསུམ་བྱེད་དུ་གཞུག་གོ །ཕྱག་རྒྱའི་དེ་ཉིད་དངོས་སམ་བསྐྱེད་པ་ཡང་དམ་ཚིག་དང་ཡེ་ཤེས་པ་མཆོད་པ་དང་གཉིས་མེད་དུ་གྱུར་ནས་སྦྱིན་ནོ། །རིགས་གང་ཡིན་པ་བསྒོམ་དུ་ཡང་གཞུག་གོ །དེ་ནས་ཕྱི་ནང་དེ་ཉིད་ཀྱིས་མཆོད་དོ། །དེ་ནས་གསང་དབང་དང་ཤེས་རབ་ཡེ་ཤེས་དང༌། བཞི་པ་བརྒྱུད་པའི་མན་ངག་ལས་བླང་བའོ། །དེ་ནས་རྗེས་གནང་རིགས་ལྔ་སྦྱིན་དེ་ནས་ལུང་བསྟན་ཏེ། སློབ་དཔོན་སྐུ་ཆ་ལུགས་ཕྱག་རྒྱ་སྔགས་དེས་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་ཅིང་ལུང་སྟོན་པའོ། །དེ་ནས་གསང་བ་བསྒྲག །དེ་ནས་དབུགས་དབྱུང་བ་དང༌། དེ་ནས་དེ་ཉིད་བསྟན་པའོ། །བཅུད་དུ་བྱ་བ་ལ་ཕྱག་རྒྱ་བཞིའི་དོན་ཤེས་པར་བྱ་བ་དང༌། བསྒོམ་པར་བྱ་བ་དང༌། བསྲུང་བར་བྱ་བ་དང༌། སྤྱད་པར་བྱ་བ་དང་བཞིའོ། །ཕྱག་རྒྱ་བཞིའི་དོན་ཤེས་པར་བྱ་བ་དང༌། དབང་གི་དགོས་པ་ཤེས་པར་བྱ་བ་དང༌། རྒྱུད་ཀྱི་དོན་དང་དཀྱིལ་འཁོར་གྱི་ཆོ་ག་ཤེས་པར་བྱ་བའོ། །དབང་གི་དགོས་པ་ལ་བཞི། བུམ་པའི་དབང་བརྟགས་པ། རིག་པའི་ལྷ་མོས་བཀྲུས་པ་དང༌། མ་རིག་པ་བྱང་ནས་ཡེ་ཤེས་ལྔ་སྐྱེས་པ་དང༌། ཕུང་པོ་ལ་ལྷ་ལྔར་རིག་པའོ། །བུམ་པ་ཟླུམ་པས་དབྱེ་བ་མེད་པ་ཆོས་སྐུ་འབྱུང་བ་དང༌། ཆུ་འཛིན་པས་བདེ་བ་ཆེན་པོའི་སྐུ་འབྱུང་བ་དང༌། ཁ་ཁྱེར་ཆེ་བས་ལོངས་སྐུ་འབྱུང་བ་དང༌། དྲི་མ་མེད་པས་སྤྲུལ་སྐུ་འབྱུང་བ་དང༌། བཅུད་མགུལ་རྒྱན་མཚན་མ་གསུམ་རིགས་གསུམ་གྱི་བདག་ཉིད་འབྱུང་བ་དང༌། ཁ་རྒྱན་གཟུངས་ཐག་གཉིས་མེད་ཀྱིས་འགྲོ་བ་འདྲེན་པ་དང༌། ཐོར་ཚུགས་རིགས་ལྔ་བྱུང་ནས་ལས་ལྔ་བྱེད་པ་དང༌། ཅོད་པན་གྱིས་ངོ་བོ་གཅིག་ཅིང་རྟོག་པ་མེད་པའོ། །རྡོ་རྗེ་དྲིལ་བུ་དང༌། བདག་པོ་དང་མིང་ནི་དབང་ནས་ཤེས་པར་བྱའོ། །དེ་ཉིད་གསུམ་ཡང་ཚིག་གི་དོན་ལྟར་ཉིད་དོ། །དེས་ལུས་ཀྱི་ཉེས་པ་དག་སྤྲུལ་སྐུ་ཐོབ་པའི་རྟེན་བྱེད་པའོ། །གསང་དབང་གིས་ངག་གི་ཉེས་པ་དག །སངས་རྒྱས་ནས་བརྒྱུད་པས་ལོངས་སྐུའི་རྟེན་བྱེད་པའོ། །ཤེས་རབ་ཡེ་ཤེས་ཀྱིས་ཡིད་ཀྱི་ཉེས་པ་དག །ཤེས་རབ་ལ་བརྟེན་པས་


DTG078_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་སྐུའི་རྟེན་བྱེད་པའོ། །བཞི་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག །ཆོས་སྐུའི་ངོ་བོ་རྟོགས་བརྡས་བསྟན་ཏེ་བླ་མ་ལས་བྱུང་བས་སོ། །རྒྱུད་དོན་ཤེས་པར་བྱ་བ་ནི་ལྟ་བ་སྟེ། འདི་རབ་ཏུ་མི་གནས་པ་ཡིན་ཏེ། སེམས་ཙམ་དུ་འདོད་པ་དང༌། སྒྱུ་མར་འདོད་པ་ཡང་ཉེས་པ་མེད་པར་བརྗོད་དོ། །དེ་ལ་རྒལ་བ་བྱེ་བྲག་ཏུ་སྨྲ་བ་དང༌། གཞན་དོན་བྱེད་མ་བཏུབ་ན་མདོ་སྡེ་བ་ཐེག་པ་ཆེན་པོར་འདོད་ལ་སྔགས་སུ་ཅིས་མ་བཏུབ་ཅེ་ན། ཡུལ་སེམས་སོ་སོར་འདོད་པས་ཞེའོ། །འོ་ན་ཟླ་བ་གྲགས་པས་སྒྲོན་གསལ་དུ་གཉིས་བཤད་པ་ཞེ་ན། དེ་ཀུན་རྫོབ་ཏུ་བསྟན་ཞེའོ། །འོ་ན་དངོས་པོར་འཛིན་པ་སྐྱོན་ནམ་དོན་དམ་སྐྱོན་རྣམ་པ་བཅས་ཀྱང་ཞེ་ན། དེ་རྣམས་སེམས་སུ་འདོད་པས་ཞེས་སོ། །འོ་ན་མདོ་སྡེ་པ་རྣམས་དང༌། སེམས་ཙམ་པ་རྟེན་འབྲེལ་ཟེར་བ་ཞེ་ན། རྟེན་འབྲེལ་དུ་འདོད་པ་ཐ་དད་ཅེས་སོ། །རྒྱུད་ཀྱི་རྒྱུ་མཚན་གཞན་ལྟར་ཡང་ཤེས་པར་བྱ་བ། འདིར་རྒྱུའི་རྒྱུད་སེམས་ཅན། ཐབས་ཀྱི་རྒྱུད་རྒྱུད་སྡེ་བཞི། འབྲས་བུའི་རྒྱུད་སྐུ་བཞིའོ། །དེ་ཡང་བརྒྱུད་པས་རྒྱུད་དེ། སེམས་ཅན་ལས་བརྒྱུད་པས་སྐུ་བཞི། འབྲེལ་པས་རྒྱུད། ཐབས་རྒྱུ་དེས་འབྲེལ་ནས་མ་ནོར་བས་རྒྱུད་སྐུ་བཞི་འདོད་པ་འབྱུང་ལ། །དེ་ལྟར་རྒྱུ་ཐབས་དང་འབྲས་བུར་བརྒྱུད་ནས་འབྲེལ་ཞིང་མ་ནོར་བར་འདུས་པས་རྒྱུད་དུ་གདགས་སོ། །འདུས་པ་ལས་འབྲས་བུ་འདུས་པ་ནི་འདི་ལྟ་སྟེ། རྡོ་རྗེ་མཁའ་འགྲོ་ནས། རྒྱུད་ཀྱི་དོན་ནི་གཉིས་ཡིན་ཏེ། །དོན་དམ་པ་དང་ཀུན་རྫོབ་བདེན། །དོན་དམ་བརྗོད་དུ་མི་ནུས་ཏེ། །ཀུན་རྫོབ་ཆུ་ཡི་ཟླ་ལྟར་བསྟན། །ཞེས་པས་དོན་དམ་ལ་བརྗོད་དུ་མེད་དོ། །ཀུན་རྫོབ་ལ་ཀུན་རྫོབ་དངོས་དང༌། དོན་དམ་ལ་སྤྱང་དུ་མེད་པའོ། །ཀུན་རྫོབ་དངོས་ལ་གཉིས་ཏེ། ཀུན་རྫོབ་ལ་གོང་བཞིན་གཉིས། རྣལ་འབྱོར་པའི་ཡང་སྔགས་དང་མཚན་ཉིད་གཉིས། སྔགས་ལ་ཡང་གཟུགས་སྐུ་དང༌། ཆོས་སྐུ་གཉིས། ཆོས་སྐུ་ལ་ཡང་བདེ་བ་ཆེན་པོ་དང༌། སྟོང་པ་གཉིས་སོ། །དེ་ཡང་ཀུན་སྤྱོད་ནས། འགྲོ་པ་འདི་ཀུན་སངས་རྒྱས་ལྔ་བདག་ཉིད། །གར་མཁན་དག་དང་རི་མོ་བཟང་ལྟར་སྣང༌། །གང་དུ་བདེ་ཆེན་ཞེས་པ་གཅིག་པོ་ཉིད། །གཅིག་པོ་ཉམས་ནི་


DTG078_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མས་གར་མཛད་དོ། །ཞེས་པས་སོ། །དེས་དོན་དམ་བརྗོད་དུ་མེད་ཀྱང༌། ཀུན་རྫོབ་ཏུ་བདེ་བ་ཆེན་པོའི་ངོ་བོ་ཁོ་ན་ཡིན་ལ། ཆོས་ཐམས་ཅད་གསང་སྔགས་ཡིན་ལ། གསང་སྔགས་ཀྱིས་འཚང་རྒྱ་བའོ། །དེ་ལྟར་ན་ཤཱཀྱ་ཐུབ་པ་དང༌། དེ་བཞིན་གཤེགས་པ་གཞན་ཡང་སངས་རྒྱས་པ་སྔགས་ཀྱིས་ཡིན་པར་བསྟན་ལ། བསྐལ་པ་གྲངས་མེད་གསུམ་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་སྟོན་པས་སངས་རྒྱས་སོ་ཞེ་ན། ཀུན་སྤྱོད་ནས། རྒྱུད་རྣམས་ཀུན་དུ་གསང་བ་ཡང༌། །རྒྱུད་འདི་ཡིས་ནི་རྣལ་འབྱོར་བ། །བདེན་པ་གཉིས་ལ་ཡང་དག་བསྟེན། །སྤྲུལ་པ་དངོས་ལ་དེ་ཉིད་བསྟན། །ཞེས་པས་བདེ་བ་ཆེན་པོ་བརྗོད་དུ་མེད་པ་མུ་བཞི་དང་བྲལ་ཏེ། ཕྱི་རབས་ལ་བདེན་གཉིས་ཞེས་ཕ་རོལ་ཏུ་ཕྱིན་པར་སྤྲུལ་སྐུར་བསྟན་ཡང༌། སྤྲུལ་སྐུ་ཉིད་སེམས་ཅན་ལ་སྔགས་དང༌། ཕ་རོལ་ཏུ་ཕྱིན་པར་སྣང་སྟེ། སྤྲུལ་སྐུ་ཉིད་བདེ་བ་ཆེན་པོ་ཉིད་དོ། །སྣང་བ་དེ་སྔོན་དུ་རྒྱུ་དང༌། རྐྱེན་སོང་བས་འབྱུང་སྟེ། ཙ་རི་ཀ་པ་བཞིན་མཁའ་ལྟར་ཡས་ཕུབ་ཅེས་རྒྱུ་མེད་མིན་ནོ། །དེས་ན་བདེ་བ་ཆེན་པོ་ཡིན་ཡང་སེམས་ཅན་གྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་བསྟན་ནས་བདེ་བ་ཆེན་པོ་ཐོབ་ནས་ཚོགས་ཆུང་ཞིང་སངས་རྒྱས་པའོ། །ཐམས་ཅད་གསང་བའི་རྒྱུད་ནས། དཔེར་ན་སྒྲ་ཡི་མཁན་པོ་དག །སྒྲ་ཡི་སྐྱོན་མེད་དོན་ཚོལ་ཏེ། །མ་ཤེས་པ་ལ་ཀ་ཀཱ་དང༌། །ཀི་ཀཱི་དབྱངས་ཡིག་སྟོན་པར་བྱེད། །ཅེས་པས་འདིར་ཡང་སངས་རྒྱས་ཐམས་ཅད་བདེ་བ་ཆེན་པོར་གནས་ལ་འགྲོ་པའི་ཁྱད་པར་གྱི་ཐེག་པའི་རིམ་པར་བསྟན་པའོ། །ལམ་འདུས་པར་བསྟན་པའོ། །ཆོས་ཀྱི་ཕུང་པོར་འདུས་པ་ཡང༌། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང༌། །བཞི་སྟོང་གི་ནི་གྲངས་སྙེད་ཀུན། །ཡི་གེ་གཉིས་སུ་དེ་བཞིན་འདུས། །ཞེས་པས་གསང་སྔགས་ཀྱང་ཐབས་གཟུགས་སྐུ་བསྐྱེད་རིམ་དམ་ཚིག་གི་ཕྱག་རྒྱ་དང༌། ལས་ཀྱི་ཕྱག་རྒྱར་འདུས་ལ། ཤེས་རབ་ཆོས་སྐུ་དང་བདེ་བ་ཆེན་པོར་འབྱུང་བས་ཕྱག་རྒྱ་ཆེན་པོར་འདུས་པས་སོ། །དེ་ཡང་ཨ་ཝཾ་མ་ཡཱ་ཤྲུ་ཏ་མེ་ཀསྨིན། ཞེས་པ་དང༌། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་རྒྱུད་སྡེ་བཞི། ཕྱག་རྒྱ་བཞི་སྐུ་བཞིའོ། །དེ་ཡང་ཨེ་ལས་ཀྱི་ཕྱག་རྒྱ། འདི་སྐད་ཅེས་དངོས་མིན་ཏེ་ལས་ཀྱི་ཕྱག་རྒྱས་དཔེ་མཚོན་པའོ། །བཾ་ཆོས་ཀྱི་ཕྱག་རྒྱ་འདི་ལྟ་སྟེ། དོན་ཆོས་ཀྱི་ཕྱག་


DTG078_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་རྙེད་པའོ། །མ་ཕྱག་རྒྱ་ཆེན་པོ་སྐད་ཅེས་པས་བརྡས་མཚོན་པའོ། །རིགས་པས་མི་རྙེད་པའོ། །ཡཱ་དམ་ཚིག་གི་ཕྱག་རྒྱས་འདི་སྐད་ཅེས་པས་སྤྲུལ་པ་སྒྱུ་མར་སྣང་བའོ། །དེ་བཞིན་དང་སྒྲའི་སྟོབས་ཀྱིས། ཤྲཱུ་ཏ་མེ་ཀ་སྨིན་བདག་གིས་ཐོས་པའི་དུས་གཅིག་ལ་སྦྱར་ནས་དྷརྨ་ཀཱ་ཡ། སཾ་བྷོ་ག་ཀཱ་ཡ། ནིར་མ་ཎ་ཀཱ་ཡ། མ་ཧཱ་སུ་ཁ་ཀཱ་ཡ་ནི་རིམ་པ་ལྟར་ཆོས་དང༌། ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པ་དང༌། བདེ་བ་ཆེན་པོའི་སྐུར་འབྱུང་བའོ། །རྒྱུ་འདུས་པས་སེམས་ཅན་གྱི་བསམ་པས་འདུལ་བ་དང༌། ཐེག་པ་ཆུང་བ་ཀྲྀ་ཡོག་ཏུ་འདུས་ལ། མངོན་པ་དང་ཐེག་པ་ཆེན་པོ་ནང་པར་འདུས་སོ། །རྡོ་རྗེ་ཕྲེང་བ་ནས། ཐབས་ཆུང་བྱ་མང་དོན་རིང་བས། །ཕྱི་པ་ཀྲྀ་ཡོག་སྤྱོད་ལམ་སྟེ། །ཐབས་ཆེ་བྱ་ཉུང་དོན་ཉེ་བས། །དེ་ཕྱིར་ནང་སྟེ་བླ་ན་མེད། །ཅེས་སོ། །དེ་ཡང་དྲང་དོན་ངེས་དོན་དུ་འདུས་ཏེ། འཇམ་དཔལ་གྱིས་ཞུས་པའི་མདོ་ནས། འོག་མ་གོང་དུ་འགྲོ་བས་དྲང་བ་སྟེ། །མ་ནོར་དེ་ཉིད་འབྱུང་བས་ངེས་པ་ཡིན། ཞེས་པས་དེ་ཡང་མཚན་ཉིད་ཐམས་ཅད་དྲང་དོན། སངས་རྒྱས་བདེ་བ་ཆེན་པོར་འགྲོ་བས་གསང་སྔགས་ཐམས་ཅད་ངེས་དོན། སངས་རྒྱས་ཐམས་ཅད་བདེ་བ་ཆེན་པོར་གནས་པས་འདུལ་བ་དང༌། ཐེག་པ་ཆུང་ངུའི་མདོ་དྲང་དོན་ཆེན་པོ་དང་མངོན་པར་འགྲོ་བས་མངོན་པ་དང༌། ཐེག་པ་ཆེན་པོའི་མདོ་ཐམས་ཅད་ངེས་དོན། འགྲོ་དོན་དུ་ངེས་པས་འདུལ་བ་དྲང་དོན། ཆུང་བའི་མདོ་སྡེ་ངེས་དོན། རྒྱུ་ལས་དང་འབྲས་བུ་སྟོན་པས་ཕ་རོལ་ཏུ་ཕྱིན་པ་ལྔ་གོང་དུ་འགྲོ་བས་ཐེག་པ་ཆེན་པོའི་དྲང་དོན། རྒྱུ་དེ་རྣམས་ཤེས་རབ་ཀྱི་པ་རོལ་ཏུ་ཕྱིན་པར་ངེས་དོན་ནོ། །རྒྱུ་ལས་དང་འབྲས་བུར་འདོད་པས་ཀྲྀ་ཡོག་དྲང་དོན། མ་ནོར་བའི་འབྲས་བུ་ཉིད་ལ་སྤྱོད་པས་ནང་པ་ངེས་དོན། ཐབས་ལ་བརྟེན་ནས་འགྲོ་བས་ཕ་རྒྱུད་དྲང་དོན། ཤེས་རབ་རྒྱུད་ལ་གཏོགས་པས་མ་རྒྱུད་ངེས་དོན། དེ་རྣམས་རིམ་པར་བརྒྱུད་པས་རྒྱུད་རྣམས་དྲང་དོན། རྒྱུད་དོན་སྐུ་བཞིར་ངེས་པས་ངེས་དོན་ཏེ། སྐུ་བཞི་སྒྱུ་མ་ཀུན་རྫོབ་ཡིན་པས་དྲང་བའི་དོན། །དོན་དམ་མཚོན་དུ་མེད་པས་ངེས་པར་ཤེས་པར་གྱིས། །ཞེས་མཚོན་པས་གྲུབ་མེད་ཉམས་དགའ་ཙམ་སྐུ་བཞི་འགྲུབ་པར་རིག་པར་བྱའོ། །དཀྱིལ་འཁོར་གྱི་ཆོ་ག་ཤེས་པར་བྱ་བ་ལ་སྒྲ་དོན་


DTG078_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལས། སྒྲ་ལ་བསྙེན་པ་དང༌། དཀྱིལ་འཁོར་གྱི་ཆོ་ག་དང༌། དབང་བསྐུར་གྱི་ཆོ་ག་དང༌། དབང་བསྐུར་བ་གོང་ལྟར་རམ། གཞན་ལྟར་ཤེས་པར་བྱའོ། །དོན་གྱི་ཁྱད་པར་ལ་ངེས་དོན་དང་དྲང་དོན་དུ་ཤེས་པར་བྱ་བ་དང༌། དྲང་དོན་ངེས་དོན་དུ་སྒྲུབ་པ་ལ་གཉིས་ལས་ངེས་དོན་དང་དྲང་དོན་དུ་ཤེས་པར་བྱ་བ་ལ་གཉིས་ཏེ། ངེས་དོན་ནི་དཀྱིལ་ཞེས་བྱ། དབུ་མ་ཞེས་བྱ་བ་དང༌། མ་དྷྱ་མ་སྟེ། དབུ་མ་མུ་བཞི་དང་བྲལ་བ་ལ། གང་མུ་བཞི་དང་བྲལ་ན་འཁོར་ཞེས་བྱ། གཡོག་ཅེས་བྱའོ། །ཀ་བྱ་དྷ་ར་སྟེ། དངོས་པོར་འཛིན་པ་མུ་བཞི་དང་བྲལ་ལ། ཆེ་གེ་ཞེས་བྱ། སྒྲུབ་པ་ཞེས་བྱའོ། །སཱ་དྷ་ས་ཧ་ཛ་སྟེ། ལྷན་ཅིག་གདོད་ནས་གཉིས་མེད་དུ་ཡོད་པར་ཤེས་པའོ། །དྲང་དོན་དུ་སྣོད་དུ་བྱ་བ་ཤེས་པ་དང༌། བཅུད་དུ་བྱ་བ་ལ་ཡང་བསྙེན་པ་དང་དཀྱིལ་འཁོར་ཆོ་ག་དང༌། དབང་བསྐུར་བ་ཤེས་པར་བྱའོ། །ངེས་དོན་དང་དྲང་དོན་དུ་ཤེས་པར་བྱ་བ་དེ་ཡང་དགྱེས་པའི་རྡོ་རྗེ་ནས། སྟོན་པ་པོ་ང་ཆོས་ཀྱང་ང། །ཉན་པའི་ཚོགས་ལྡན་ཞུ་བ་ང༌། །ཞེས་པས་དེ་དག་ཐམས་ཅད་ངེས་པར་བཅོམ་ལྡན་འདས་ཉིད་སེམས་ཅན་དྲང་བའི་དོན་དུ་མཛད་པ་སྟེ། ཉན་ཐོས་དང༌། སོ་སོའི་སྐྱེ་བོ་དང་མུ་སྟེགས་པ་རྣམས་ལ་ནི་མདོ་དང་འདུལ་བ་ལྟར་ཡང་སྣང་སྟེ། བྱང་ཆུབ་སེམས་དཔའ་རྣམས་ལ་གོང་ལྟར་སྡོམ་པ་གསུམ་ལྡན་དེ་སྣང་བའོ། །བསྙེན་པའི་དུས་ན་སློབ་དཔོན་གྱི་མཚན་ཉིད་བཞིར་བརྟག་ཅེས་པ་སྐུ་བཞི་དང་ལྡན་པའོ། །བརྒྱུད་པ་དང་ལྡན་ཞེས་པ་ཆོས་སྐུར་གནས་པའོ། །དམ་ཚིག་ཅེས་པ་བདེ་བ་ཆེན་པོའི་སྐུར་གནས་པའོ། །རྒྱུད་སྡེ་ཞེས་པ་ལོངས་སྐུར་གནས་པའོ། །གཞན་དོན་ཞེས་པ་སྤྲུལ་སྐུར་སྟོན་པའོ། །ཞུ་འབུལ་ཞེས་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ། །འོག་མིན་དུ་ལོངས་སྐུ་ལ་ཞུ་བ་ཕུལ་བ་བུམ་པའི་དབང་བསྐུར་བའི་སྣང་བ་དེ་རྒྱལ་པོ་ཟས་གཙང་གི་སྲས་བཙས་ནས་ཁྲུས་གསོལ་བ་ན་བླ་མེ་ཏོག་ཅེས་པ་ནི་ཆོས་སྐུ་བདེ་བ་ཆེན་པོ་ལས་མ་གཡོས་པར་སྤྲུལ་སྐུ་སྟོན་པའོ། །རྫས་བྱམས་པའི་སྟོབས་ཕན་ཆད་ཀྱིས་བསགས་ཏེ་སྤོས་ཀྱི་གླང་པོ་ལ་སོགས་པ་སྐོར་མང་བ་ལ་ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། ཆོས་སྐྱོང་ཐམས་ཅད་ཀྱིས་མཆོད་ནས་འཛམ་བུའི་གླིང་དུ་ལུང་བསྟན་པ་དེ་ཕྱིའི་མཆོད་པའོ། །ཡབ་ཡུམ་གྱི་


DTG078_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་བཅས་ནས་ཡི་གེ་ལྔ་ལས་མངོན་བྱང་ལྔར་ཉམས་སུ་མྱོང་བ་དེ་ནང་མཆོད་དོ། །དེའི་དུས་ན་ཡུམ་གྱི་ལྷུམས་ན་བཞུགས་པ་དེ་དེ་ཁོ་ནའི་མཆོད་པའོ། །ཡབ་ཡུམ་གྱི་སྐོར་སྤོས་ཀྱི་གླང་པོ་ལ་སོགས་པར་སྣང་བ་དེ་ཆོས་སྐྱོང་ལ་གཏོར་མ་སྟེར་བའོ། །རིགས་བཞི་ལ་ནོར་ཟས་ཀྱི་སྤྱིན་པ་གཏོང་བར་སྣང་བ་དེ་སློབ་མ་ཡོངས་སུ་སྐྱོབ་པ་ཡིན་ལ། དམངས་ལ་ཉེ་རིང་མེད་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་སྤྱོད་པར་སྣང་བ་དེ་དང་གཞན་རྗེས་སུ་སྨོན་པ་དེ་གཉིས་ཀ་སློབ་དཔོན་ལས་སྡོམ་པ་ལེན་པའོ། །སྐུ་སྐྱོ་ནས་གྲོང་ཁྱེར་དུ་འཆག་པ་ལ་སྐྱེ་རྒ་ལ་སོགས་པའི་སྣང་བ་མཐོང་བ་ལ་དེ་འཁོར་བ་ལ་ཡི་མུག་པར་སྟོན་པ་དེ་སོ་སོ་ཐར་པའི་བསླབ་པ་སྲུང་བའོ། །དེའི་དུས་སུ་རྒྱལ་བུ་མིང་སྲིང་ཕན་ཆད་སྤྱིན་པ་བྱས་པའི་སྣང་བ་དེ་ཐེག་པ་ཆེན་པོའི་སྡོམ་པ་སྲུང་བའོ། །ཡུམ་ལས་བལྟམས་པར་སྣང་བ་དེ་མཁའ་གསང་བྱིན་གྱིས་བརླབ་པའོ། །རྒྱལ་རིགས་དང་བྲམ་ཟེའི་རིགས་ཆེ་བས་བསྟོད་པའི་སྣང་བ་དེ་རྒྱུ་གང་བསྙེན་གྱི་སྔགས་ཟློ་བའོ། །རྫས་ཀྱི་བྱེ་བྲག་ལམ་ཆགས་པའི་སྣང་བ་དེ། དཔའ་བོ་དགའ་སྟོན་བྱེད་པའོ། །དེ་ནས་ཁྱིམ་སྤོང་ཞེས་ཡབ་ཡུམ་ལ་ཞུ་བའི་སྣང་བ་དེ་སངས་རྒྱས་འདས་པ་ལ་ཞུ་བའོ། །མཎྜལ་གོང་ལྟར་རོ། །ལོངས་སྐུ་ལ་ཞུ་བའི་སྣང་བ་དེ་སློབ་དཔོན། ཤེས་པ་ལ་ཞུ་བ་དེ་འདས་པའི་སངས་རྒྱས་སོ། །བརྒྱུད་པ་ཞེས་པ་འདས་པའི་སངས་རྒྱས་དེ་ཡང་སྐུ་བཞི་དང་ལྡན་པའོ། །དེར་རྒྱལ་སྲིད་གཟུང་པའི་སྣང་བ་དེ་རྫས་ཀྱིས་ལྷ་བསྙེན་པའོ། །རྒྱལ་པོ་ཆེན་པོ་བཞིས་བཏེག་པའི་སྣང་བ་དེ་རྣལ་འབྱོར་བཞིས་ལྷ་བསྙེན་པའོ། །དཔལ་ལྷ་ལས་བབས་པའི་རྩེར་ཕྱིན་པའི་སྣང་བ་དེ་ཆོས་སྐྱོང་བསྙེན་པའོ། །མཆོད་རྟེན་ལ་མཁན་པོ་བྱས་པ་དང༌། བཅོམ་ལྡན་འདས་ཉིད་ལས་མེད་ལ། སྡོམ་པ་ལེན་པའི་རྗོད་བྱེད་གཙོ་བོ་དང་འཁོར་ལ་བསྙེན་པའོ། །དབུ་སྐྲ་ཉིད་ཀྱིས་བཞར་བའི་སྣང་བ་དེ་ཡི་གེ་བརྒྱ་བས་མཚམས་སྦྱར་བའོ། །དེར་ཆོས་གོས་དང་ཁྱིམ་པའི་རྟགས་སྤངས་ཤིང་སྔོམ་པ་དང་ལྡན་པའི་སྣང་བ་དེ་བསྙེན་པའི་རྟགས། མཚན་མ་གྲངས་ཀྱི་བསྙེན་པ་སྔོན་དུ་སྐྱེལ་བའོ། དེ་ནས་ཤར་དུ་མ་ག་དྷཱར་བྱོན་པའི་སྣང་བ་དེ་དཀྱིལ་འཁོར་གྱི་ས་བསླང་བའོ། །དེ་ཡང་མིས་མ་མཐོང་བར་


DTG078_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྣང་བ་ལ་འཁོར་གྱིས་བསྐོར་ཞེས་གྲགས་པ་ཏིང་ངེ་འཛིན་དང་ལྡན་པའོ། །ཤར་དུ་གཟིགས་ནས་བྱོན་པའི་སྣང་བ་དེ་སངས་རྒྱས་ཞི་བས་སྒྲུབ་པའོ། །ཐམས་ཅད་སྤངས་པར་སྣང་བ་དེ་དཔེན་པ་བཙལ་བའོ། །ཕི་ལི་པར་པ་ཏར་བཞུགས་པའི་སྣང་བ་དེ་ཕྱི་རབས་ལ་བརྟགས་པ་དགོས་པར་བསྟན་པའོ། །བྲམ་ཟེ་མོ་བཟང་ལྡན་ལ་དྲིས་ནས་བྲམ་ཟེ་ག་ཡ་ལས་གཡར་བ་དེ་བདག་པོ་ལ་བསླང་བའོ། །ལྷ་མ་ཡིན་གྱིས་བར་ཆོད་བྱེད་པར་བསྒྲགས་པ་དེ་བདག་པོ་དངོས་སྣང་བ་མེད་པ་ལ་བསླང་བའོ། །བར་མ་ཆོད་པར་སྣང་བ་དེ་རྣལ་འབྱོར་བ་ཞིས་གཟུང་བའོ། །སའི་ལྷ་མོ་སྐུ་སྟོད་བཏོན་པ་དེ་དཔང་དུ་གསོལ་བའོ། །དེར་འགྱུར་བ་མང་དུ་སྣང་བ་དེ་ཇི་ཅམ་འདོད་པ་ཐུགས་ཀྱིས་བཅད་པའོ། །དེའི་ཟུར་བཞིར་རྡོ་རྗེ་ཕུར་པ་བཞི་བཏབ་སྟེ་ཁྲོ་བོས་མཚམས་བསྲུང་བའོ། །ལྷུང་བཟེད་བསྒྱུར་བས་ས་ལ་ཐིམ་པའི་སྣང་བ་དེས་གཏར་བཅུག་པའོ། །ཀླུ་ཨུ་བི་ཀ་གཉིད་སད་པ་ལ་ལྷུང་བཟེད་དུ་ཤེས་ནས་ཉལ་བའི་སྣང་བ་དེ། ས་བདག་མ་དགའ་ནས་ས་བཏའ་མ་ཆགས་པའོ། །བདུད་རྣམས་ཀྱི་མདའ་མཚོན་མེ་ཏོག་ཏུ་སོང་བའི་སྣང་བ་དེ་གཏོར་མས་ལན་ཆགས་འཇལ་ཞིང་བར་ཆད་ཟློག་པའོ། །རྒྱལ་པོ་བཞིས་བཞེངས་པར་བསྐུལ་བའི་སྣང་བ་དེ་སློབ་མ་རིགས་བཞིས་བསྐུལ་བའོ། །བཞེངས་ནས་སྤྱན་བལྟས་པས་བདུད་མོ་རྣམས་འདོད་པས་སྟེག་པར་མཐོང་སྟེ། སྤྱན་གཡས་པ་བསྟན་ནས་སེ་གོལ་གཏོགས་པས་རྒན་མོར་སོང་བའི་སྣང་བ་དེ་སྤྱན་གཡས་པའི་ཊ་ལས་ཉི་མ་བསྐལ་བའི་མེ་ལྟར་སྲེག་པའོ། །འགྱོད་ནས་བདུད་མོས་གུས་པ་ཕུལ་པས་སྔར་བཞིན་སོང་པའི་སྣང་བ་དེ་སྤྱན་གཡོན་པ་ཨ་ལས་ཟླ་བའི་འོད་ཀྱིས་སྙིང་རྗེས་ཉམས་པ་གསོས་པའོ། །དེ་ནས་དབང་ལྡན་ནས་ཕུར་པའི་མཚམས་ནས་ཕྱོགས་བཞིར་གཡས་སྐོར་དུ་བྱང་ཆུབ་ཤིང་ལ་དབྱངས་དང་ལྡན་པས་ལན་གསུམ་བསྐོར་བས་རྡོ་རྗེ་ལ་སོགས་པ་བཞི་ཞབས་རྗེས་ལ་བྱུང་པའི་སྣང་བ་དེ། རྡོ་རྗེ་བརྒྱང་བསྐུམ་གྱི་དྲ་གུར་དུ་བྱས་པའོ། །དབྱངས་རཀྵ་སྟེ། རྡོ་རྗེའི་མདའི་དྲ་བར་གྱུར་པའོ། །དོ་རྗེའི་གདན་མི་འགྱུར་ཞེས་གྲགས་པ་དེ། དེ་ལྟར་བསྲུང་པའི་བྱིན་རླབས་དང་བསམ་པའོ། །ས་ཡུལ་དེ་ཕྱོགས་གཞན་པས་མཐོ་བར་གྲགས་པ་དེ་ཚད་ལྡན་དུ་བརྩིགས་པ་ལ་


DTG078_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའོ། །ཤིན་ཏུ་དྲི་ཞིམ་ཞིང་ཉམས་དགའ་བ་དེ་དྲི་དང་བའི་རྣམ་ལྔས་བྱུག་པའོ། །སའི་ལྷ་མོ་དེ་ཉིད་དུ་ཐིམ་པའི་སྣང་བ་དེ་སའི་ལྷ་མོ་ལྷག་པར་གནས་པའོ། །བྱང་ཆུབ་ཀྱི་ཤིང་དེ་སངས་རྒྱས་ཐམས་ཅད་ཀྱི་རྟེན་ཡིན་པའི་སྣང་བ་དེ་མེ་ཏོག་བཀོད་པའོ། །འདས་པ་དང་མ་འོངས་པ་ཀུན་གྱི་ཡང་རྟེན་པའི་ཡང་རྟེན་ཞེས་གྲགས་པའི་སྣང་བ་དེ་ལྷ་གྲངས་ཀྱི་མེ་ཏོག་བཀོད་པའོ། །བྱང་ཆུབ་ཀྱི་ཤིང་ལས་འོད་ཟེར་བྱུང་ནས་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་གྲགས་པ་དེ་མཎྜལ་བཀོད་པ་ལ་རྣལ་འབྱོར་བཞིས་བསྐྱེད་པའོ། །དེ་ལ་སངས་རྒྱས་ཀྱི་ཚིགས་བཅད་བཞི་འདོན་པའི་སྣང་བ་དེ་འཁོར་ལོ་དང༌། གཞན་ལ་གསོལ་བ་གདབ་པའོ། །དེས་འཁོར་གྱི་མུ་སྟེགས་ཀུན་དགའ་ནས་ཡི་རང་བ་དེ་ཆོས་ཀྱིས་སྐྱོང་བ་གསོལ་གདབ་པའོ། །འོད་ཟེར་དེ་སངས་རྒྱས་པའི་སྣང་བ་དེ་འཁོར་ལོ་མཁན་ལ་བརྟེན་པའོ། །ཕྱོགས་སྐྱོང་བཞིས་བུམ་པ་ཕུལ་བའི་སྣང་བ་དེ་བུམ་པ་སྟ་གོན་ནོ། །བུམ་པ་གཅིག་ཏུ་བྱིན་གྱིས་བརླབས་པའི་སྣང་བ་དེ་དཀར་པོས་བྱུགས་པའོ། །ཁོང་རང་གིས་སོ་སོར་མཐོང་ལ་གཞན་གྱིས་གཅིག་ཏུ་མཐོང་བའི་སྣང་བ་དེ་རིན་པོ་ཆེ་དང་ས་ལས་བྱས་པའོ། །བྱིན་གྱིས་བརླབས་པས་མཛེས་ཤིང་ཆེ་བའི་སྣང་བ་དེ་མུ་སྟེགས་ཀྱིས་སྤངས་པའོ། །ཚངས་པ་ལ་སོགས་པས་རང་རང་གི་ནོར་གྱིས་དོགས་པས་མཚན་མ་བཏབ་པ་དེ་མཚན་མ་བཏབ་པའོ། །ཕྱི་དྲོ་གསོལ་དུ་མ་རུང་ནས་རས་བཀང་ནས་ཀུ་ཤའི་ཁར་གཞག་པའི་སྣང་བ་དེ་མགུལ་ཆིངས་དང་གདན་ལ་གཞག་པའོ། །ཁྱིམ་བདག་གི་བུ་མོས་འོ་མ་དྲངས་པ་ཡང་དེར་བླུགས་པའི་སྣང་བ་དེ་བཅུད་བླུགས་པའོ། །དེ་བླུགས་པས་བྱང་ཆུབ་ཀྱི་ཤིང་གི་གཟུགས་དེར་ཤར་བའི་སྣང་བ་དེ་ལྷ་བསྐྱེད་པའོ། །དེ་ལས་བླངས་པ་བྱུང་ནས། བྱང་ཆུབ་ཀྱི་ཤིང་ལ་ཕོག་པས་འདབ་མ་གཅིག་དེར་ལྷུང་བའི་སྣང་བ་དེ་ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་པའོ། །དེ་ལ་ཀུན་ངོ་མཚར་སྐྱེས་ནས་མཆོད་པའི་སྣང་བ་དེ་སྤྱན་དྲངས་པ་དེ་ལ་མཆོད་པའོ། །བཅོམ་ལྡན་འདས་ཀྱིས་ན་མོ་བུདྷཱ་ཡ། ཞེས་བརྗོད་ནས་ཤིང་ལོ་དེར་བཅུག་ནས་ཐམས་ཅད་འོ་མར་གྱུར་ཏེ་གཞག་པའི་སྣང་བ་དེ་ལྷ་མཆོད་བསྙེན་བསྒྲུབ་ཏུ་ཞུ་བའོ། །དེ་ལ་ཀུན་དགའ་ནས་སྤྲོ་ལ་སངས་རྒྱས་ཉིད་ཀྱང་དགྱེས་པའི་སྣང་བ་དེ་སྟ་གོན་ལ་འཇུག་པས་དགའ་


DTG078_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །བཅོམ་ལྡན་འདས་ཀྱིས་བཀྱེད་ནས་ཤིང་ལ་གཟིགས་པའི་སྣང་བ་དེ་དགའ་ཆེན་ཞུས་པའོ། །ཤིང་ལས་ཡང་འོད་ཟེར་བྱུང་བས་བཅོམ་ལྡན་འདས་དང་བུམ་པ་ལ་ཕོག་པའི་སྣང་བ་དེ་བུ་ཚུར་ཞེས་པ་དང༌། བུམ་པ་སྔགས་ཀྱི་གཟུངས་ཐག་གདགས་པའོ། །སངས་རྒྱས་ཀྱིས་ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་དྷཱ་ཡ། ཞེས་བརྗོད་པས་ཕྱོགས་སྐྱོང་ལ་སོགས་པས་ཕྱག་བྱས་པ་དང༌། ནེརཉྫ་ནའི་ཉ་ཆེ་ཆུང་དང་ཕྲད་ཅིང་མུ་སྟེགས་རྣམས་འཁོར་དུ་གྱུར་པའི་སྣང་བ་དེས་སངས་རྒྱས་སྤྲུལ་པའི་སྐུ་སྟེ། དེ་ལྟར་སྣང་བ་དང༌། རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུང་བ་དང༌། ཤྲཱི་ད་ན་ཕ་རྒྱུད་གསུངས་པ་ལ་སོགས་པ་གཅིག་ཡིན་པས་སངས་རྒྱས་རྡོ་རྗེ་སེམས་དཔའི་རྣམ་འཕྲུལ་རྒྱུད་རེ་རེ་ཉིད་ལ་ཆོས་རྒྱུད་ལྟར་ལ་དེ་ལྟར་ཡོ་གསུངས་པ་ཡོ་རྒྱུད་དོ། །དགེ་འདུན་འཁོར་དེ་ཡོ་འཁོར་ལོའི་ལྷར་སྟོན་པ་ཉིད་དོ། །གོང་ན་སྟོན་པ་པོ་ཞེས་པས་སོ། །དེ་ལྟར་ཡང་ལྡན་སྔགས་སུ་ཤེས་པས་ཐམས་ཅད་སངས་རྒྱས་འཇིག་རྟེན་ན་བཞུགས་པ་དང༌། ཐམས་ཅད་ཆོས་ལྟར་གྱུར་པས་སྲོག་མི་གཅོད་པ་དང༌། ཐམས་ཅད་གྲོགས་དང་དགེ་འདུན་ཡིན་པས་ཕྱིར་མི་ལྡོག་པའི་ཡོན་ཏན་སྟོན་པའོ། །དེ་ནས་སངས་རྒྱས་འཁོར་རྣམ་བཞི་ལ་རང་རང་གི་སྤྱོད་ལམ་གྱིས་ཆོས་སྟོན་པ་རིགས་ཀྱི་སྡེམ་པ་འཛིན་པའོ། །ཀླུ་ཁ་ལ་མེ་འབར་གྱིས་སངས་རྒྱས་བསྡིགས་པས་སངས་རྒྱས་ཀྱི་སྐུ་ལས་མེ་དཔུང་དཔག་ཏུ་མེད་པས་ཀླུ་བྲེད་པ་དེ་ཞི་སོགས་ཀྱི་སྦྱིན་སྲེག་བྱེད་པའོ། །རྩྭ་ཀུ་ཤ་ལ་མཉེལ་བསོ་བ་དེ་མཁའ་གསང་བྱིན་གྱིས་བརླབས་པའོ། །ཚངས་པས་མེ་ཏོག་གཏོར་བ་དང༌། མཆོད་པའི་སྣང་བ་དེ་མཆོད་པའི་གནས་སུ་མཛད་པའོ། །པདྨའི་སྐུད་པ་གཡས་ཀྱི་དཔུང་བ་ལ་བཅིངས་པས་རླུང་ཞི་བ་དང༌། ཁྱིམ་བདག་གི་བུ་མོའི་གཡོན་ལ་བཏགས་པས་རླུང་ཞི་བའི་སྣང་བ་དེ་སྲུང་སྐུད་གཡོན་དུ་བཏགས་པའོ། །ཁྱིམ་བདག་གི་བུ་མོས་འོ་ཐུག་གི་ལྷུང་བཟེད་བླངས་ནས་དྲངས་པས་གསོལ་བའི་ལྷག་མ་འཁོར་ལ་བྱིན་པའི་སྣང་བ་དེ་གཏེར་མ་གཏོང་བའོ། །ཞལ་དུ་ཚེམས་ཤིང་གིས་དྲི་མ་ཕྱིས་ནས་དོར་བས་ནྱ་གྲོ་དྷར་གྱུར་པ་དེ་སོ་ཤིང་དོར་བའོ། །ཀུ་ཤ་སྔོན་དུ་བོར་བས་སྔ་ཕྱིར་བྱིན་གྱིས་བརླབས་ནས། སྟན་བྱས་པའི་སྣང་བ་དེ་ཀུ་ཤའི་སྔས་ལ་གཙོ་བོའི་སྔགས་


DTG078_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པ་དང༌། སྟན་ལ་སྔགས་ཀྱིས་བཏབ་བ་གདིང་བའོ། །ཡོ་བསྐྲད་ནས་བྱང་ཆུབ་ཀྱི་ཤིང་ལ་དབུ་གཏད་ནས་གཡས་ས་ལ་ཕབ་ནས་གཟིམས་པར་སྣང་བ་དེ་ལུས་ངག་ཡིད་ཐ་མལ་མིན་པས་འཁོར་ལོ་མགོ་གཏད་སེང་གེའི་ཉལ་སྟབས་སུ་གཟིམས་པའོ། །སྲོད་ལ་བདུད་ཀྱིས་སྤྲུལ་པ་བྱས་པ་ལས། འོད་ཟེར་སྐུ་ལས་བྱུང་བའི་སྣང་བ་དེ་རྨི་ལམ་ངན་པ་བཟློག་པའོ། །ལྷ་མོ་རྣམས་ཀྱི་མཆོད་པ་བཞེས་ནས་མཉེས་པའི་སྣང་བ་དེ་རྨི་ལམ་བཟང་ནས་མཉེས་པའོ། །དེ་ནས་ཤིང་དྲུང་དུ་གཤེགས་པས་སྐུ་ལས་འོད་ལྔ་བྱུང་བའི་སྣང་བ་དེ་ཐིག་སྐུད་ལྔ་བཀལ་བའོ། །འོད་ཚུར་འདུས་བྱང་ཆུབ་ཤིང་ལས་འོད་ལྔ་བྱུང་བ་ནི་ཐིག་སྐུད་སྣོད་དུ་བཅུག་ནས་ལྷ་ལྔ་བསྐྱེད་པའོ། །འོད་དེས་ཕྱོགས་བཅུར་ཁྱབ་ནས་སངས་རྒྱས་ཐམས་ཅད་བཀུག་པའི་སྣང་བ་དེ་ཡེ་ཤེས་ཀྱི་ལྷ་བཀུག་པའོ། །ཕྱོགས་བཅུའི་སངས་རྒྱས་བྱོན་ནས་ནམ་མཁའི་མདུན་ན་བཞུགས་པ་ལ་མཆོད་ནས་ཤིང་ལ་བཞུགས་པའི་སྣང་བ་དེ་ཐིག་སྐུད་ཀྱི་ལྷ་མཆོད་ནས་ཐིག་སྐུད་དུ་བྱས་པའོ། །ཤིན་ཏུ་བསལ་ནས་སངས་རྒྱས་གནས་སུ་གཤེགས་པའི་སྣང་བ་དེ་ཐིག་བཏབ་ནས་སྐུད་པ་བསལ་བའོ། །ཚོན་ཡང་དེ་བཞིན་དུ་འོད་ལྔ་པོ་ཕྱོགས་ཀྱི་སྣང་བ་ཚིག་ལྔའི་རྒྱུ་འོད་ལྔ་ཕྱོགས་ནས་སྤྲོས། ཕྱོགས་ཕྱོགས་སུ་ཐིམ། ཕྱོགས་ཕྱོགས་སུ་གསལ། རིགས་ལྔར་གྲགས་པ་དང༌། བཅོམ་ལྡན་འདས་ཉིད་དབུས་ན་གནས་པའི་སྣང་བ་དེ་ལྷ་བསྐྱེད་བཀུག་མཆོད་བསམས་བཀྱེ་གསལ་བདག་གི་ཏིང་ངེ་འཛིན་གྱིས་གཙོ་བོར་གསལ་བས་བསྲུང་བའོ། །འོད་ཟེར་གྱི་སྣང་བ་ལ་འཁོར་གྱི་རྟོགས་ཚད་ནི་པྲ་བརྟགས་པའོ། །བྱང་ཆུབ་ཀྱི་ཤིང་གི་ཤར་ནས་གཟིགས་པའི་ཞབས་རྗེས་ཡོད་པ་དེ་དཀྱིལ་འཁོར་དུ་བཅུག་པའི་བྱེ་བྲག །ལྷོ་ཕྱོགས་སུ་ཀུ་ཤའི་སྟན་ལ་བཞུགས་པ་དང༌། ཤར་གྱི་ཞབས་རྗེས་ལ་བཀྲ་ཤིས་རྫས་བརྒྱད་མངའ་བའི་སྣང་བ་དེ་དབང་སྟེགས་ལ་གདུགས་སྩོགས་ཀྱིས་མཆོད་པའོ། །སྐུ་ལ་མེ་དཔུང་ཕྱུང་བས་བདུད་དང་མུ་སྟེགས་བྱེད་བྲོས་པའི་སྣང་བ་དེ་བགེགས་བསྐྲད་ཕྱིར་སྦྱིན་སྲེག་དང་ཏིལ་བསྔགས་པའོ། །བྱང་ཕྱོགས་སུ་གཤེགས་པས་པདྨ་བཅུ་གསུམ་བྱུང་བ་དེ་དབང་ལ་བུམ་པ་


DTG078_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཅོད་པན་དང༌། རྡོ་རྗེ་དང༌། བདག་པོ་དང༌། མིང་དང༌། དེ་ཉིད་དང༌། གསང་དབང་དང༌། ཤེས་རབ་ཡེ་ཤེས་དང༌། བཞི་པ་དང༌། རྗེས་སུ་གནང་བ་དང༌། ལུང་བསྟན་པ་དང༌། གསང་བ་བསྒྲགས་པ་དང༌། དབུགས་དབྱུང་བར་བསྐུར་བའོ། །བྱང་ཆུབ་ཀྱི་ཤིང་ལ་ཟླ་བ་གཅིག་ཏུ་གཟིགས་པའི་སྣང་བ་དེ་དཀྱིལ་འཁོར་དང༌། ལྷའི་དེ་ཁོ་ན་ཉིད་ལྟ་བའོ། །ནུབ་ནས་ཤར་དུ་གཟིགས་ནས་འོད་ཟེར་བཀྱེ་བའི་སྣང་བ་དེ་དབང་རྫོགས་པས་འགྲོ་དོན་བྱེད་པར་ཤེས་པའོ། །ལྷའི་དབང་པོས་ཟེའུ་ཕྲོག་ལྔ་པ་ཕུལ་བས་དབུ་ལ་གསོལ་བའི་སྣང་བ་དེ་རིག་པའི་དབང་ལྔ་ཐོབ་པའོ། །ཚངས་པས་གསེག་ཤང་དང་པར་བུ་ཕུལ་བ་ཕྱག་གཡས་གཡོན་དུ་གཟུང་བའི་སྣང་བ་དེ་རྡོ་རྗེ་དང་དྲིལ་བུའི་དེ་ཉིད་ཐོབ་པའི་རྟགས། སྒྲོལ་མས་ཆོས་གོས་གསོལ་བའི་སྣང་བ་དེ་ཕྱག་རྒྱའི་དེ་ཉིད་ཐོབ་པའི་རྟགས། ལེགས་སྐྱེས་མས་འོ་ཐུག་དྲངས་པ་གསོལ་ནས་སྐུ་གསེར་དུ་གྱུར་པ་དེ་གསང་དབང་ཐོབ་པའི་རྟགས། ལེགས་སྐྱེས་མས་སྦྱིན་ལེན་ནོར་ལ་སྟོན་པས་གསུངས་པ་དེ་ཤེས་རབ་ཡེ་ཤེས་ཐོབ་པའི་རྟགས། མེ་ལོང་སྒྲ་སོགས་ཕུལ་བ་ལ་ལྟས་སོགས་བྱས་ནས་སླར་གཏད་པ་དེ་བཞི་པ་ཐོབ་པའི་རྟགས། ལྷ་ཚངས་པས་གསེར་གྱི་འཁོར་ལོ་ཕུལ་བ་དེ་རྗེས་གནང་ཐོབ་པའི་རྟགས། དེ་ལྟར་ཕུལ་ཡང་ཆོས་མ་གསུངས་པས་ནམ་མཁའ་ལ་སངས་རྒྱས་ཐམས་ཅད་མངོན་སུམ་དུ་མཐོང་ནས་ཁྱོད་མངོན་པར་རྫོགས་ནས་སངས་རྒྱས་པས་ཆོས་སྟོན་ཞེས་པ་དེ་ལུང་བསྟན་ཏོ། །མྱ་ངན་ལས་འདས་པར་བཞེད་པ་ལ། ཚངས་པས་ཞུས་པ་དེ་གསང་བ་བསྒྲགས་པའི་རྟགས། དེ་ནས་ཤཱཀྱའི་རིགས་ཤིང་གི་ལྷོ་ཕྱོགས་སུ་རབ་ཏུ་བྱུང་བའི་སྣང་བ་དེ་དབུགས་ཕྱིན་པའི་རྟགས། དེ་ནས་བྱ་བ་གཏོང་གསུངས་པ་དེ་དཀྱིལ་འཁོར་གྱི་དེ་ཉིད་གོ་བའི་རྟགས། བཅུད་དུ་བྱ་བ་ལ་ཕྱག་རྒྱ་བཞི་ངེས་དོན་དང་དྲང་དོན་དུ་ཤེས་པར་བྱ་བ་ལ་ཡང་བཞི་སྟེ། དམ་ཚིག་གི་ཕྱག་རྒྱ་ཤེས་པར་བྱ་བ་དང༌། སངས་རྒྱས་དེ་ཆོས་གོས་ལ་སོགས་པར་བཏང་བ་འབྱོར་བའི་ཚོགས་སོགས་པའོ། །པོ་ཀ་རིར་སྐུ་ཁྲུས་མཛད་ནས་མྱ་ངན་ལས་འདའ་བར་བཞེད་པ་ལ་ཚངས་པས་གསོལ་བ་ཡན་ཆད་གདམས་པས་ཚོགས་བསག་པའོ། །རྒྱལ་པོ་བཞིས་ཆོས་སྟོན་དྲངས་པ་བཞེས་ནས་


DTG078_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་བྱས་ཚོགས་པ་ལ་བཀྱེ་བས་ཚད་མེད་བཞི་བསྟན། ཐམས་ཅད་བཞག་ནས་ཤིང་དྲུང་དུ་གཤེགས་ནས་བདུད་སྐྱེས་པས་བསྲུང་བའི་གྲྭ་གུར་ཡན་ཆད་བསྟན་ཏོ། །ཤིང་ལ་སྐུ་བརྟེན་ནས་ཞལ་ཤར་དུ་གཟིགས་པས་མངོན་བྱང་ལྔ་ལས་རྒྱུའི་རྡོ་རྗེ་འཆང་སྦྱོར་དང་པོའི་རྣལ་འབྱོར་རོ། །སྐུ་དེ་ལས་འོད་ཕྱོགས་བཞིར་སྤྲོས་སླར་འདུས་ཏེ་ཤིང་གི་ཟིལ་བ་དབུ་གཙུག་ལ་ཕོག་པས་ཐུགས་མཉམ་པར་གནས་པ་དེ་རྒྱུའི་རྡོ་རྗེ་འཆང་ཞུ་བ་གོ་ལ། སྒྲོལ་མ་ལ་སོགས་པ་ལྷ་མོ་བཞེས་བསྐུལ་བས་དེ་ལས་བཞེངས་ནས་སྒྲོལ་མ་ལ་སོགས་པ་ལ་བལྟས་ཏེ། ལྷ་མོ་བཞིས་བསྐུལ་ནས་རྡོ་རྗེ་འཆང་བཞེངས་པ་གོ་སྟེ་རྗེས་ཀྱི་རྣལ་འབྱོར་རོ། །སྐུ་ལས་འོད་བྱུང་ཕྱོགས་བཅུར་སྤྲོས་པས་སངས་རྒྱས་ཐམས་ཅད་མདུན་དུ་སྣང་བར་གྱུར་ནས། བཅོམ་ལྡན་འདས་ཀྱི་སྐུ་ལ་ཐིམ་པ་དེ་འཁོར་ལོ་རྫོགས་པར་བསྐྱེད་པ་སྟེ། རྫོགས་པའི་རྣལ་འབྱོར་ར་མ། དཀྱིལ་འཁོར་རྒྱལ་མཆོག་ཏུ་གོ་བའོ། །དེ་ནས་ཐུགས་ཀ་ནས་འོད་འཕྲོས་ནས་སྣང་བས་ཁྱབ་ནས་སླར་ཐིམ་པ་དེ་ཡེ་ཤེས་སེམས་དཔའ་བཅུག་བའོ། །དེ་ནས་དབང་པོ་རྣམས་ནས་འོང་བྱུང་སྣང་བར་བྱས་སླར་འདུས་སྐྱེ་མཆེད་བྱིན་གྱིས་བརླབས་པའོ། །ཡང་མཛོད་སྤུ་དང༌། ལྗགས་དང༌། ཐུགས་ཀ་ནས་དེ་བཞིན་དུ་རིམ་གྱིས་འོད་འཕྲོས་སླར་བསྡུས་པ་དེ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའོ། །གཙུག་ནས་འོད་བྱུང་ནས་སྣང་བ་ནི་དབང་བསྐུར་བའོ། །ཁྱིམ་བདག་གི་བུ་མོས་ཡད་འོ་ཐུག་དྲངས་པ་མ་གསོལ་བར་མདུན་དུ་གཞག་པས་སྐུ་གསལ་བར་གྱུར་པ་དེ་བདུད་རྩི་མྱང་བའོ། །འོན་ཀྱང་ཐུགས་ཀ་ནས་འཕྲོས་འདུས་ལྷ་མིའི་ཚོགས་ཀྱིས་མཆོད་ཕ་བྱེད་དེ་ཕྱི་ནང་གསང་བའི་མཆོད་པར་གོ་ལ། དེ་ནས་ཚངས་པ་ལ་སོགས་པས་བསྟོད་པར་གོ་བའོ། །དེ་ནས་འོད་ཟེར་དེ་ཐམས་ཅད་སྐུ་ལ་ཐིམ་ནས་གནས་པ་བསྐྱེད་པ་རྫོགས་པར་གོའོ། །དེ་ལྟར་མཉམ་པར་གནས་པ་དེ་དམ་ཚིག་གི་ཕྱག་རྒྱར་བསྒོམ་པར་གོ །ལས་ཀྱི་ཕྱག་རྒྱ་ངེས་དོན་དང་དྲང་དོན་དུ་ཤེས་པར་བྱ་བ་ནི་དེ་ལྟར་གནས་པ་ཤིང་ལ་སྐུ་རྒྱབ་གཏད་པང་ཨཝ་དྷཱུ་ཏཱི་ལ་དབུགས་ཡོད་ལ་ས་ལ་བ་ན་ཡོད་པའོ། །རྩ་བ་མེ་རླུང་ལ་ཟུག་པ་ཡང༌། རྩ་དེའི་ཞབས་གོ་བའོ། །རྩེ་མོ་ལྟོ་ནུབ་ཏུ་འོང་ཞིང་ཟིལ་པ་འབབ་པ་དེ་


DTG078_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིར་ས་ནཱ་གཡས་ནས་འབབ་པའོ། །ཡན་ལག་བྱང་ཆུབ་ན་ཡར་འོང་བ་ལ་ལ་ནཱའོ། །ཡལ་ག་ཕྲ་ལ་མང་བ་དེ་རྩ་ཕྲན་མང་པོའོ། །དུད་དེ་ལོ་མ་བརྗེ་བ་དེ་ཉོན་མོངས་ཡེ་ཤེས་སུ་སོང་བའོ། །མེ་ཏོག་ནུབ་མོ་གསལ་བ་ཀུན་ལ་གསང་བའོ། །འབྲས་བུ་ཕྲ་ཞིང་ཤིང་ལ་ཐང་ཆུ་མེད་པ་ནི་རོ་ཉམས་སུ་མྱོང་ཞིང་ཉོན་མོངས་པ་མེད་པའོ། །སྐུ་དེ་གྲིབ་མ་ལ་ཞུགས་བདེ་མི་སྤོང་བའོ། །ཆོས་ཀྱི་ཕྱག་རྒྱའི་ངེས་དོན་དང་དྲང་དོན་དུ་ཤེས་པར་བྱ་བ་ནི་སྐུ་དྲང་པོར་ཞལ་ཤར་དུ་གཟིགས་ནས་བཞུགས་པ་དེ་བརྒྱུད་པའི་མན་ངག་ཡོད་ཅིང་ཉམས་སུ་ལོན་པའོ། །ཕྱག་རྒྱ་ཆེན་པོ་སྐུ་མི་སྣང་བར་མཛད་ནས་འོད་དང་སྤྲུལ་པས་ཀུན་དུ་ཉིད་ནི་རྟེན་འབྲེལ་ཐབས་ཤེས་རབ་མཉམ་གཞག་དང་རྗེས་ཐོབ་ཏུ་བསྒོམ་པའོ། །སྤྱན་སྣ་རྩེར་གཏད་པ་དེ་དཔེས་དོན་མཚོན་ཅིང་རྙེད་པའོ། །ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ་དེ་ཡེ་ཤེས་གོ་ཞིང་གདེང་དང་ལྡན་པའོ། །ཕྱག་རྒྱ་ཆེན་པོ་སྐུ་མི་སྣང་བར་མཛད་ནས་འོད་དང་སྤྲུལ་པས་ཀུན་དུ་ཁྱབ་པའོ། །དེ་ཡང་དམ་ཚིག་གི་ཕྱག་རྒྱ་ཅི་དགོས་ཤེ་ན། འབྱོར་བ་དང༌། གདམས་པས་བསོད་ནམས་ཀྱི་ཚོགས་བསག་པ་ནི་རྒྱུ་ལས་འབྲས་བུ་འབྱུང་བས་སངས་རྒྱས་ལྟར་སྤྲུལ་སྐུ་འབྱུང་ངོ༌། །དེ་ཡང་ཆད་མེད་བཞི་དང་ཡེ་ཤེས་ཀྱི་ཚོགས་སོགས་པས་མ་ཉམས་ཤིང་འབྱུང་བའོ། །དེ་གཉིས་རྒྱུ་བསོད་ནམས་མེད་ན་མི་འབྱུང་བས་དེའི་རྒྱུའི་དུས་སོ། །འབྲས་བུ་རྟེན་དང་བརྟེན་པ་སངས་རྒྱས་རེ་རེའི་སྣང་བ་དེ་བསྲུངས་པས་བདུད་མེད་པའོ། །དེ་ཡང་སྟོང་པས་འཆི་བདག་བཅོམ། །མེས་ཉོན་མོངས་བཅོམ། དྲ་གུར་གྱིས་ཕུང་པོ་བཅོམ། ཁྲོ་བོས་ལྷའི་བུའི་བདུད་བཅོམ། དེ་ལྟར་བདུད་མེད་པས་གཞལ་ཡས་ཁང་ཇི་ཙམ་འདོད་པར་རང་རང་གིས་བསྟན་པའོ། །མངོན་བྱང་ལྔ་ལས་སྐུ་བཞེངས་པ་སྤྲུལ་སྐུ། ཕ་དང་མའི་སི་ལ་དང་ག་པུར་ཟླ་ཉི་ཧཱུཾ་ཟླུམ་པོ། འཕྲོ་འདུའི་ཚོགས་ཀྱི་རྒྱུ་མཐུན་དེ་ལས་སྐུ་བཞེངས་པ་སྔོན་སྟོང་པ་ཡི་གེ་ལྔར་བྱས་པ་འོག་མིན་ལས་ཆད་པ་མི་འདོད་པ་ཐམས་ཅད་རང་གི་སེམས་སུ་འདོད་པས་འཇིག་རྟེན་པའི་སྣང་བ་ལ་ཕ་མ་ལས་རང་གི་མངོན་བྱང་ལྔ་ལས་སྐུ་བྱུང་བའོ། །ཞུ་ནས་བསྐུལ་བས་བསྐྱེད་པས་འདོད་ཆགས་འདུལ་བ་དང་བསྐུལ་ནས་ཡབ་ཡུམ་བཞེངས་པ། ཞུ་བར་གྱུར་བ་མི་རྟོག་པ། བཞེངས་པ་


DTG078_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་གདུལ་བྱར་བྱ་བ་གཞན་མཛད་པའོ། །དཀྱིལ་འཁོར་རྫོགས་བ་སྲས་བལྟམས་པའོ། །ཡེ་ཤེས་སེམས་དཔའ་བཀུག་བཅུག་གཉིས་མེད་དགྱེས་པ། བདག་དང་སངས་རྒྱས་ཐམས་ཅད་ངོ་བོ་གཅིག་པ། དུས་མི་ཉམས་པས་བཀུག་པ། དུས་མི་ཉམས་པས་བཀུག་པ། ཐ་དང་མེད་པས་བཅུག་ལ། མི་རྟོག་པས་གཉིས་མེད་བྱས་པའོ། །འགྲོ་དོན་ནུས་པས་མཉེས་པའོ། །སྐྱེ་མཆེད་ལ་མངོན་ཤེས་འབྱུང་བའོ། །རིགས་གསུམ་འདུས་ན་འདུལ་བས་སྐུ་གསུམ་བྱིན་གྱིས་བརླབ་པའོ། །སངས་རྒྱས་ལ་དབྱེ་བ་མེད་ཅིང་མེ་རྟོག་པས་དབང་ངོ༌། །བདེ་བ་ཆེན་པོར་གནས་པས་བདུད་རྩི་མྱང་བའོ། །འཇིག་རྟེན་པ་ཐམས་ཅད་ཀྱིས་ཤཱཀྱ་ཐུབ་པ་ལ་སོགས་པ་མཆོད་པའོ། །སེམས་ཅན་འདྲེན་པས་བསྟོད་པའོ། །མི་རྟོག་པའི་རང་བཞིན་གྱི་ངོ་བོས་རྫོགས་རིམ་མོ། །ཡང་ན་དེ་ལྟར་བྱས་པས་ཡེ་ཤེས་སེམས་དཔའ་ལ་སོགས་བ་ལ་སེམས་ཅན་གྱི་སྣང་བས་རྡོ་རྗེ་གདན་དུ་འོད་ལ་སོགས་པ་གོང་བཞིན་ཤེས་པར་བྱའོ། །གསང་སྔགས་བཞིན་བྱས་པས་སྒྱུ་མ་སོགས་ཀྱིས་ད་ལྟར་བསྒོམ་པ་དེ་ལྟར་བསྐྱེད་པར་ཤེས་པར་བྱའོ། །འདིར་རབ་ཏུ་མི་གནས་པས་བྱང་ཆུབ་སེམས་དཔའི་སྣང་བ་ལ་བརྟེན་ནས་བརྟེན་པའི་རྣལ་འབྱོར་པར་སྣང་བ་སེམས་ལ་རྡོ་རྗེ་གདན་ལྟར་སྣང་བའོ། །དེ་ཡང་ལས་ཀྱི་ཕྱག་རྒྱའི་རྩ་ཡོད་པས་སངས་རྒྱས་ཐམས་ཅད་ཀྱི་ལམ་རྒྱབ་ན་གནས་པས་སངས་རྒྱས་ཐམས་ཅད་ཀྱིས་བརྟེན་པ། མེ་རླུང་ཡོད་པས་ཐབས་དགོས་པ་ལ་ལ་ནཱ་དང་ར་ས་ནཱ་སངས་རྒྱས། དགོས་པ་སྤྱི་བོ་ནས་འབབ་པ་སངས་རྒྱས་རྒྱུད་པའི་གསུང་གི་ཡེ་ཤེས་ཐོབ་པ་དང་ཉམས་སུ་མྱོང་བའོ། །རྩ་བྲན་དང་ཉོན་མོངས་པ་མེད་པ་ལ་སོགས་པ་ལོངས་སྤྱོད་རྫོགས་པའི་སྐུ་བྱུང་བ་དངོས། ཆོས་ཀྱི་ཕྱག་རྒྱའི་བདེ་བ་ཆེན་པོ་གནས་པ་ལ་སྐུ་གཉིས་འབྱུང་བ་དང༌། ཕ་རོལ་ཏུ་ཕྱིན་པའི་ལུགས་གོང་གི་ལྟར་རྡོ་རྗེ་གདན་དུ་བྱུང་བའོ། །ཕྱག་རྒྱ་ཆེན་པོས་སྐུ་གདོད་ནས་མུ་བཞི་དང་བྲལ་བ་དེ་རྣམས་འབྱུང་ཞིང་དེ་ཉིད་ཡིན་པར་ཕ་རོལ་ཏུ་ཕྱིན་པའི་གོང་ལྟར་མི་སྣང་བ་འོད་དུ་གྱུར་པའོ། །དེ་ཡང་སྤྲུལ་སྐུ་ཤཱཀྱ་ཐུབ་པ་དང༌། ཧེ་རུ་ཀ་སེམས་ཅན་གྱི་སྣང་བ་ལོངས་སྐུར་བྱང་ཆུབ་སེམས་དཔའི་སྣང་བ།


DTG078_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཆེན་པོ་རང་གི་བདེ་བ་མྱོང་བ་ཆོས་ཀུན་ལ་ཁྱབ་པའོ། །དྲང་དོན་དང་ངེས་དོན་དུ་བསྒྲུབ་པ་ལ་སྣོད་བསྒྲུབ་པ་དང་བཅུད་བསྒྲུབ་པའོ། །སྣོད་བསྒྲུབ་པ་ནི་རྡོ་རྗེ་མཁའ་འགྲོ་ནས། །ལུས་ཉིད་དཀྱིལ་འཁོར་དག་ཏུ་བསྒྲུབ། །འབྲས་བུ་དེ་ལས་འབྱུང་བའོ། །བསྙེན་པ་གོང་འོག་ལྟར་བསྒྲུབས་ཏེ། །ཞེས་འབྱུང་བ་དཀྱིལ་འཁོར་ཆོ་ག་ལས་བཙལ་བ་བསོད་ནམས་ཀྱི་ཚོགས་སོགས་པ། བརྟག་པ་ཡེ་ཤེས་ཀྱི་ཚོགས་བསགས་པ། བསླང་བ་གཞལ་ཡས་ཁང་དང་རྒྱུ་བསྐྱེད་པ། འབྲས་བུ་རྫོགས་པ་ཡེ་ཤེས་བཅུག་པའོ། །གཟུང་བ་སྐྱེ་མཆེད་ནས་བསྟོད་པ་ཡན་ཆད་དོ། །བཅད་པ་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་གང་འདོད་གདོད་ནས་ཡོད་པའོ། །སྦྱང་བ་རྣམ་དག་ཤེས་པའོ། །རྩིག་པ་ལུས་གྲུབ་བཞིར་བྱུང་བས་ཕུང་པོར་ཆགས་པའོ། །ཐིག་འཁོར་ལོ་བཞི་ལ་སོགས་པའི་རྩ། ཚོན་ག་པུར་སྣང་བས་ཁྲག་འབབ་པའོ། །རྐྱེན་གནས་སྙིང་དབུས་ན། མིང་ཡང་ཨ་ཝ་དྷཱུ་ཏཱི་གཟུགས་ཡི་གེ་ཧཱུཾ། ལྷ་གཙོ་བོ། དབྱིབས་ཐིག་ལེ། ངོ་བོ་ཁུ་བ། ལས་ཅན་གྱི་རྒྱུ་སེམས་ཀྱི་འཕྲུལ་པ། བདེ་བའི་རང་བཞིན་མི་རྟོག་པ། ཉམས་སྟོང་པའི་ངང༌། རྟོགས་པ་དང་ལྡན་པས་ཕུན་སུམ་ཚོགས་པ་ལྔ་དང༌། སྐུ་བཞི་དེ་ལས་འབྱུང་བས་གནས་བརྒྱན་ལ། མི་རྟག་པའི་འཁོར་བ་དེ་ལས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན། ཕ་རོལ་ཏུ་ཕྱིན་པ་དྲུག །སྟོང་པ་བཅོ་བརྒྱད་ཡིན་ལ། མངོན་བྱང་ལྔ་ལས་འཁོར་ལོ་བྱུང་བའོ། །མ་རྟོགས་པ་འཁོར་བའི་གཟུགས་སོགས་དང༌། ཁྲག་དང་ཁུ་བ་ལ་སོགས་པ་སེམས་ཅན་གྱི་ལུས་འབྱུང་བའོ། །དབང་བསྒྲུབ་པ་རྒྱུད་ལྟར་མན་ངག་གི་རྩ་དང་རླུང་དང་མེ་བསྒོམ་པ་དཀྱིལ་འཁོར་གྱི་སྟ་གོན་ནོ། །ཉམས་སུ་མྱོང་བའི་སྒྲུབ་པའོ། །རང་ལས་བྱུང་བའི་དཀྱིལ་འཁོར་དུ་བཅུག་པ་མཐོང་བའོ། །ལུས་རྒྱ་ནས་འབྱུང་བས་མི་གནོད་པ་བུམ་དབང་ཐོབ་ལུས་ཀྱི་ཉེས་པ་དག་པའོ། །སྤྱི་བོ་ནས་བབས་པས་གསང་དབང་ཐོབ་ངག་གི་ཉེས་པ་དག་པའོ། །ཡིད་མཉམ་པར་གཞག་པས་དབང་གསུམ་པ་ཐོབ་ཡིད་ཀྱི་ཉེས་པ་དག་པའོ། །ཐམས་ཅད་དེ་ལྟར་རྟོགས་པས་ལུས་ངག་གི་ཉེས་པ་ཞི་དབང་བཞི་ཐོབ་པའོ། །བཅུད་བསྒྲུབ་པ་ལ་ཕྱག་རྒྱ་བཞིའི་ཚུལ་དང༌།


DTG078_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་དོན་ངེས་དོན་དུ་བསྒྲུབ་པ་ལ་ཐེག་པ་ཆེ་ཆུང་གཉིས། ཆུང་བའི་སྐྱབས་དཀོན་མཆོག་གསུམ་ཞེས་བ་གོང་དུ་བསྟན་པའི་ཧེ་རུ་ཀ་ཕྱི་ནང་ཡོར་སྣང་བ་དེ་དང༌། རྒྱུད་འཁོར་ལོར་གྱུར་པས་སོ། །མཆོད་པ་དངོས་པོ་ཐམས་ཅད་ལྷར་ཤེས་པའོ། །དུས་ཤེས་པ་དེ་ཉིད་དོ། །ཡོན་ཏན་དེ་ལྟར་གནས་པས་སོ། །ཐམས་ཅད་ལྷ་གསལ་བས་དགེ་འདུན་དང་འགྲོགས། །ལྷ་ལ་ལྷས་སྲོག་མི་གཅོད་པ་བདག་ཉིད་ལྷ་ཡིན་ནས་ཕྱག་གང་ལ་འཚལ་ཏེ་མི་ཉམས་པའོ། །རྟེན་གཞན་སློབ་དཔོན་ཡི་དམ་ལྷ་སྤྱི་ཁྱད་པར་འཕགས་པ་དྲུག་འགྲོ་དྲུག་དང་བྱེ་བྲག་བདུན་ལས་བྱུང་བའོ། །སློབ་དཔོན་པས་ལྷག་པ་མེད། སྔགས་ལས་ལྷག་པའི་ཆོས་མེད། །རིགས་ལྔའི་སྔོམ་པ་ལས་ལྷག་པ་མེད་པས་འགྲུབ་པའོ། །སོ་སོ་ཐར་པའི་རིས་བདུན་དག་པའོ། །རྩ་བ་ཚད་མེད་པ་བཞི། རང་བཞིན་ཡེ་ཤེས་ཀྱི་ཚོགས། ཡན་ལག་རྣམ་པར་སྣང་མཛད་གཞལ་ཡས་ཁང་རྟེན་དང་བཅས་པ་ལྷ་གཙོ་ངོར་བརྟེན་པའོ། །རྩ་བ་བཞི་དང་ཡན་ལག་བཞི་སྟེ། བརྒྱད་གཞལ་ཡས་ཁང་དུར་ཁྲོད་བརྒྱད་དང་བཅས་པའོ། །སྲོག་མི་གཅོད་པ་དང༌། རྩ་བ་གསུམ་ས་བོན་ཕྱག་འཚལ་འཕྲོས་འདུས་གཅིག་ཏུ་གྱུར་པས་ཡོངས་སུ་རྫོགས་པའི་སྐུ་བཞེངས་པའོ། །ཆང་དང་ལྷ་བསྲུང་བ་མངོན་བྱང་ལྔ་ལས་གྲུབ་པའོ། །ཁྱིམ་པའི་རྟགས་སྤངས་པས་སངས་རྒྱས་ཀྱི་སྐུ་གསལ་བར་བསྒོམ་པ། རབ་ཏུ་བྱུང་བའི་རྟགས་རྡོ་རྗེ་པདྨ་བྱིན་གྱིས་བརླབས་པ། མུ་སྟེགས་ཀྱི་རྟགས་སྤངས་པ་ཡེ་ཤེས་ཀྱི་འཁོར་ལོ་གཞུག་པ། སངས་རྒྱས་པའི་རྟགས་བསྒྲུབས་པ་བདུད་རྩི་ཞལ་དུ་ཞུགས་པ། དགེ་བའི་རྟགས་སྤངས་པ་བསྒྲུབ་པ་དགེ་བའི་རྟགས་འཁོར་ལོ་ལྔར་གྱུར་པའོ། །རྩ་བ་བཞི་དང་ཡན་ལག་བདུན་སྔོན་དུ་ཚད་མེད་བཞི་བདུན་དག་པ་བསགས་པས་ལྷ་མོ་བཞི་འབྱུང་བའོ། །ཆང་གླུ་ཞེས་པ་གླུས་བསྐུལ་བའོ། །དགེ་སློང་གི་རྩ་བ་བཞི་བླངས་པའོ། །ལྷག་མ་བཅུ་གསུམ་གྱིས་ཡབ་ཡུམ་གྱི་སྐུ་རྫོགས་པར་བསྒོམ་པའོ། །མ་ངེས་པ་ལ་སོགས་པའི་སྔོམ་པ་དྲུག་ཡབ་ཀྱི་ཐུགས་ཀྱིས་བོན་དང༌། ཡུམ་གྱི་ཐུགས་ཀའི་བོན་གསལ་བ་དང༌། ས་བོན་དེ་སྤྲོ་བ་དང༌། རིགས་ཀྱི་ཐུགས་དམ་བསྐུལ་བ་དང༌། ལས་སྦྱང་བ་དང༌། གཉིས་མེད་དུ་སྤྱན་དྲང་བ་དང༌། ཡི་གེ་ལྔ་དང་འདྲེས་ནས་ཞུ་བ་དང༌། ཞལ་དུ་ཞུགས་པ་དང༌། རྩ་རྣམས་


DTG078_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བབས་པ་དང༌། བསྲུབས་པ་དང༌། གཞལ་ཡས་ཁང་བསྐྱེད་པ་དང༌། གཙོ་བོ་ལ་སོགས་པའི་གདན་བསྐྱེད་པ་དང༌། གཙོ་བོ་དང༌། འཁོར་བསྐྱེད་པ་དང༌། གཙོ་བོ་དང་རིགས་ལྔའི་ལས་བྱས་ནས་གཞག་པའོ། །རྩ་བ་ལྔ་ཞེས་པ་འཁོར་ལོ་རྫོགས་པར་བསྒོམས་པ་རྒྱུ་འབྲས་མངོན་བྱང་ལྔ་ལས་བསྐྱེད་པའོ། །རྩ་བའི་སྦྱོར་བ་དབང་མ་བསྐུར་བ། དངོས་མ་མཉན་པ། མཇུག་མ་བསྒོམས་པའོ། །དེ་གསུམ་ཀ་མེད་པ་ལས་ཉན་ཐོས་ཀྱི་སྔོམ་པ་མེད་ན་ཉམས་པ་ཆེན་པོའོ། །མ་མཉམ་པ་སྒོམ་ན་ཉམས་པ་སྦོམ་པོའོ། །དབང་མེད་པར་ཉམས་པ་ཆུང་དུའོ། །མ་མཉན་ན་ཉམས་པ་སྦོམ་པོའོ། །དབང་དང་བསྒོམ་པ་མེད་ན་ཕྲ་མོའོ། །གཅིག་ལས་མེད་ན་ལྟུང་བྱེད་དོ། །ཡན་ལག་བསོད་ནམས་ཀྱི་ཚོགས་དང་རྣལ་འབྱོར་བཞི་རྫོགས་རིམ་སྦྱོར་བ་དངོས་མཇུག་གོ །དེའི་ཉེས་པ་ཡང་གོང་བཞིན་ནོ། །རྩ་བའི་ཉེས་པ་དབང་སྔོམ་པ་དང༌། བསླབ་པ་གསུམ་ཆར་བླངས་ན་སྦོམ་པོ། །མཉན་ལ་བསྒོམས་ནས་ཆུང་དུ་བྱུང་བ་དབང་བསྐུར་བ་མ་ཉན། ཕྲ་མོ་དང་དབང་བསྐུར་ལ་བསྒོམ། ལྟུང་བྱེད་རེ་རེ་མེད་པར་བླང༌། །ཉེས་པ་ལ་སོགས་གང་སྤྱད་དེ་བསླང་པའོ། །དེ་ཡང་དབང་དང་སློབ་དཔོན་ལ་ཚོགས་དབུལ་བ་དང༌། མཎྜལ་གྱིས་བཤགས། །ཕྱིན་མི་བྱེད་པར་བསྡམས་པས་ཐུབ་པའོ། །ཆང་ཞེས་པ་བདུད་རྩི་མྱང་བ་དང༌། ག་བུར་མ་ཤོག་བའོ། །གཏང་སེམས་ཞེས་པ་སྔགས་གཞག་པའོ། །རྒས་ཞེས་པ་མ་ནུས་པའོ། །བསྙེན་གནས་ཞེས་པ་ཡེ་ཤེས་སེམས་དཔའ་གཞུག་པ་དང༌། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། དབང་བདུད་རྩི་བཞི་དང། དགེ་བསྙེན་བཞི་དང༌། དགེ་ཚུལ་དང་དགེ་སློང་ཆོས་བསྟོད་བ་སྟེ། སྐབས་ཞེས་པ་ལོང་ཡོད་ན་ལེགས་པར་བཅོས། མེད་ན་བསྒོམ་བྱའོ། །བཅོས་ཐབས་ངེས་པར་བསྐྱེད་ཅེས་པ། དེ་ལྟར་ཤེས་པའི་སྔགས་པ་ལ་འདུལ་བའི་རྩ་བ་ཡན་ལག་རེ་རེ་མི་གནོད། ཐབས་དེས་སླར་གསོས་པས་ཐོབ་བོ།། སྔོན་ཡང་སངས་རྒྱས་ཀྱང་ཧེ་རུ་ཀ་དང༌། རྒྱུད་སྟོན་པར་འཁོར་ལ་སྣང་ལ། འཁོར་ཡང་སྔོམ་པ་གསུམ་དང་ལྡན་པའོ། །དེས་ཉམས་པ་བཅོས་སུ་བཏུབ་སྔགས་གཙོ་བོའོ། །དེས་ན་སྔགས་སྒྲུབ་པ་ལ་བློ་སྐྱེད་ཅིང་བརྩོན་པར་བྱའོ། །དུས་ངེས་ཞེས་སྔགས་ལས། ཨིནྡྲ་བྷཱུ་ཏི་དང༌། ཌོམྦི་ལ་སོགས་པ་


DTG078_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཕྲད་མ་ཐོག་དང༌། རང་ཞིག་དང༌། ངེས་པ་མེད་པར་ཐོབ་ལ། མ་གྲུབ་བར་དུ་ངན་འགྲོར་མི་སྐྱེ་བས་ཇི་སྲིད་དོ། །ཡོན་ཏན་ཡང་ཡི་དགས་སྟོན་པའི་རྒྱུད་ནས། དམ་ཚིག་ཕྱག་རྒྱ་ལེགས་བསྒོམས་ན། །རྣལ་འབྱོར་བ་ཡིས་གཟུགས་གཉིས་འཐོབ། །ཅེས་པས་མིའི་ནང་ནས་བྲམ་ཟེར་སྐྱེ་ལ། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པས་སྡོམ་པ་གསུམ་ཡང་དེས་ཐུབ་ཅིང་སྐུ་བཞི་ཡང་དེ་ལས་བྱུང་བའོ། །ཡོན་ཏན་ཆེ་བ་ལ་སོགས་པ་དེ་ལྟར་གནས་པའོ། །ཐོབ་ནས་དབང་ཐོབ་མཉན་བསྒོམས་བསོད་ནམས་ཀྱི་ཚོགས་བསགས་རྣལ་འབྱོར་བཞི་རྫོགས་རིམ་ཞེས་བསྒོམས་པས་དེ་ཉིད་ནའོ། །དེ་ལྟར་ཡོན་ཏན་ཤེས་ན་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། ལུས་ངག་ཡིད་ཀྱི་སྡིག་པ་བཤགས་ལ། ཆོས་འགྲོ་བའི་དོན་དུ་སྣ་ཚོགས་སྤྱོད་ཀྱང་རང་ཉིད་སྔགས་དོན་ཤེས་པས་གཞན་དུ་བྱེད་པའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཉིད་ལ་རྟོག་པ་མེད་པར་གཞན་ལ་དོན་མཛད་པའོ། །གསོ་སྤྱོང་ཞེས་པ་གོང་ལྟར་སྦྱོར་བ་དངོས་མཇུག་ལ་དུས་ཐམས་ཅད་དམ་དུས་ཁྱད་པར་ཅན་རྒྱུད་ནས་དོན་བསྟན་པ་ལ་སྤྱོད་པའོ། །དུས་མཆོག་དང་ཐུན་མོང་ཞག་ཟླ་བ་ན་ཡང་འོང་བའོ། །ཆོས་ཞེས་པ་བདག་གིས་གོང་ལྟར་ཉེས་པས་འགྲོ་དོན་དུ་ལུས་ངག་ཡིད་ཀྱིས་དེ་རྣམས་སུ་ཧ་ཅང་ཆེས་ཏེ། འབྱོར་ནུས་ཡོད་ན་ལྷ་ཁང་ལ་སོགས་པ་བཞེངས་ཤིང་གོས་བ་དང༌། རྒྱུད་དང་མདོ་དང༌། འདུལ་བ་དང༌། མངོན་པ་དང༌། བསྟན་བཅོས་བྲི་པ་དང༌། མཆོད་པར་བྱའོ། །མ་འབྱོར་ན་ཡང་ཡིད་ཀྱིས་སྤྱོད་ལམ་བཞི་ལ་མི་དོག་པས་ཐུན་པ་ཞིར་ཉམས་སུ་བླང་བར་བྱའོ། །ཐེག་པ་ཆེན་པོའི་ཡང་སྐྱབས་པའི་ཡོན་ཏན་གོང་ལྟར་སངས་རྒྱས་སྤྲུལ་སྐུ་དེ་ཧེ་རུ་ཀའི་བཞུ་བཏུལ་སྤྲོ་བ་སྤུ་ཡོད་པ་ཡིན་ཞིང་ཆོས་ཀྱང་སེམས་ལས་ཤེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། དགེ་འདུན་ཡང་རང་ལ་ཡོད་པས་འཁོར་ལོ། །དེ་ལྟར་ཤེས་པས་ཐམས་ཅད་རང་བཞིན་གྱིས་དོན་སངས་རྒྱས་ཀྱི་ལས་ཡིན་ན། སྤྱོར་དངོས་མཇུག་གོང་ལྟར་དང༌། དེ་ལྟར་ཡང་མཐར་ཐུག་དཔུང་བཟང་ངོ༌། །ཤེས་རབ་དང༌། ལས་དང༌། སྨོན་ལམ་དང༌། སྔོན་གྱི་སྐལ་བ་ལ་མ་རྨོངས་པས་དེ་ལྟར་སྤྱད་པ་ཤེས་པར་བྱའོ། །བློ་དེ་ལྟར་མེད་པ་ལ་སོགས་པས་རེ་རེ་འདྲ་བས་སྤྱད་དེ། ཕན་


DTG078_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དད་དམ་ཚིག་ཐུབ་ན་བྱང་ཆུབ་ཀྱི་ཕྱོགས་དང་སྔགས་འགྲུབ་བོ། །ཕྱག་རྒྱ་བཞིའི་ཚུལ་དུ་དྲང་དོན་དང༌། ངེས་དོན་དུ་བསྒྲུབ་པ་ལ་ཡང་བཞི་སྟེ། དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པའི་ཡོན་ཏན་དེ་ལྟར་ཤེས་པས་སྤྱད་དགོས་པ་དང༌། ཞེན་པ་རྣམས་སྙིང་རྗེ་བར་མཐོང་ཞིང་བྱ་བ་བཏང་བ་འབྱོར་བའི་ཚོགས་ཡིན་ལ། དགེ་བ་ཅི་བྱས་པ་བྱ་ཐམས་ཅད་སེམས་ཅན་གྱི་ཆེད་དུ་སངས་རྒྱས་སུ་བསྔོ་ཞིང༌། བདུན་དག་པ་ཡིད་ཀྱིས་བྱེད་པ་བསོད་ནམས་ཀྱི་ཚོགས་དང༌། བདག་དོན་ལ་མི་རེ་གཞན་ལ་མི་སྤྱོད་པ་ཉིད་ཚད་མེད་པ་བཞི་དང༌། ཐམས་ཅད་སེམས་སྟོང་པར་ཤེས་པ་ཡེ་ཤེས་ཀྱི་ཚོགས་དང༌། དེ་ལྟར་ཤེས་པས་གཞན་མེད་པས་བསྲུང་པ་དང༌། དེ་ལྟར་སེམས་གཙོ་བས་གཞལ་ཡས་ཁང༌། ཤེས་རབ་སྐྱེ་བས་རྒྱུའི་རྡོ་རྗེ་འཆང་ཡིན་པ་སེམས་སུ་དྲན་པས། སེམས་ལ་སྤྲོས་པ་ཡེ་ཤེས་སེམས་དཔའ་བསྟིམ་པའོ། །དེའི་དུས་དབང་པོ་ཡུལ་དུ་སྣང་བས་སྐྱེ་མཆེད་ཀྱི་ལྷ་དང༌། དེ་ཡང་བདག་གཞན་གཉིས་སུ་མེད་པར་བྱས་པས་སྐུ་གསུམ་དང༌། དེས་འགྲོ་དོན་ནུས་པས་དབང་དང༌། ཉམས་སུ་མྱོང་བས་བདུད་རྩི་མྱང་བ་དང༌། བཀག་པ་མེད་པས་མཆོད་པ་དང༌། ངོ་མཚར་ཆེ་བས་བསྟོད་པར་ཤེས་པའོ། །ཐམས་ཅད་གསང་བའི་རྒྱུད་ནས། དེ་ལས་བྱུང་པ་དེ་ཉིད་པ། །ཞེས་པས་དེ་ལ་ཞེས་པས་དམ་ཚིག་གི་ཕྱག་རྒྱ་བསྒོམ་པའོ། །དེ་ཡང་སྐུ་ལས་འབྱུང་ཞིང་རྟོག་པ་མེད་པ་མ་ཟད་པའོ། །བརྒྱུད་ནས་འགྲོ་དོན་སྣང་བས་དམ་ཚིག་ཡིན་ལ། ཟད་པ་མེད་པས་ཕྱག་རྒྱའོ། །ལས་ཀྱི་ཕྱག་རྒྱ་ཡང་དེ་ལྟར་དུ་ཤེས་པས་བདེ་བ་ལ་བདག་གཞན་གཉིས་ལས་འབྱུང་བས་རྩོལ་བའི་ལས་དང༌། བདེན་པའི་ཕྱག་རྒྱའོ། །ཐམས་ཅད་གསང་བའི་རྒྱུད་ནས། ལས་ནི་བདག་གཞན་བྱ་བ་སྟེ། །ཉམས་མེད་གནས་པ་རྒྱ་རུ་བཤད། །ཅེས་པའོ། །ཆོས་ཀྱི་ཕྱག་རྒྱ་ཡང་དེ་ལས་ཤེས་པས་ཐམས་ཅད་ཆོས་སུ་གྱུར་པ་རེ་དོགས་མེད་པས་མ་ཡེངས་པའོ། །རྒྱུད་ལས། ཆོས་ལས་སེམས་འབྱུང་འཁྲུལ་པ་ཚད་མཉམ་མམ་ལངས་ཀྱང་མི་གཡོ་བ། ཞེས་པས་སོ། །ཕྱག་རྒྱ་ཆེན་པོ་ཡང་དེ་ལྟར་གསུམ་པོ་ཤེས་པས་བདག་ལ་དུས་དང་རིས་མེད་པར་སྐུ་བཞི་འབྱུང་བའི་ཕྱག་རྒྱ་བཞི་ལ་གནས་པའོ། །རྒྱུད་ལས། ཕྱག་རྒྱ་ཆེན་པོ་མཆོག་ཆེན་པོ། །དུས་གསུམ་


DTG078_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཉམ་ཆོས་ཀྱི་སྐུ། །ཞེས་སོ། །དེ་ཤེས་པས་མི་ཕན་པས་བསྒོམ་པར་བྱའོ། །ཡི་དགས་སྟོན་པའི་རྒྱུད་ནས། སྐུ་བཞི་འདོད་པས་ཕྱག་རྒྱ་བཞི། །མ་བསྒྲུབས་ཐོབ་པ་མ་ཡིན་ཏེ། །རྒྱུ་རྐྱེན་མེད་པར་ས་བཅུས་ཀྱང༌། །རྒྱུ་མེད་བྱང་ཆུབ་སྤྲུལ་མི་ནུས། །ཞེས་པས་སོ། །ལས་ཀྱི་ཕྱག་རྒྱ་རྩ་དང་རླུང་དང་ངག་གིས་བསྒོམ་པའོ། །ཆོས་ཀྱི་སྐུ་མ་ཡེངས་པར་བསྒོམ་པའོ། །ཕྱག་རྒྱ་ཆེན་པོ་མི་འཛིན་པར་བསྒོམ་པའོ། །དེ་ཡང་སློབ་དཔོན་གཞན་དག་དཀྱིལ་འཁོར་འཁོར་ལོ་རྫོགས་ནས་ལྷ་བསྡུས་ནས་ནཱ་ད་དང༌། ཕྲ་མོ་ཐིག་ལེ་བསྒོམ་ཞིང་མི་རྟོག་པར་འདོད་ལ། རྗེས་ཐོབ་མེད་པར་ཕྱག་རྒྱ་ཆེན་པོར་འདོད་དེ། དེ་ཡང་མ་ཡིན་ཏེ། རིམ་གྱིས་འོག་མ་འགགས་ཏེ་དགོས་པ་མེད་པའི་སྐྱོན་ནི་ལ་ལ་མི་དགོས་བརྟན་བྱེད་དུ་འདོད་དེ། ཡང་མི་བདེན་ཏེ། གསུམ་ལ་སློབ་པ་བས་གཅིག་ཉེད་ལ་བརྟེན་ན་སྐྱེད་པར་ངེས་ཏེ། འདིར་དབང་བཞི་སྔོན་དུ་སོང་ནས་ལམ་ཕྱག་རྒྱ་བཞི་ཀ་དགོས་ལ་སྐད་ཅིག་ལ་བསྒོམས་ཏེ་འབྲས་བུ་ཡང་སྐུ་བཞི་འབྱུང་བས་བླ་མ་བརྒྱུད་པ་ཡང་དབང་བཞི་བསྐུར་ནས་ཤེས་པར་བྱ། བསྟན་པར་བྱ་སྟེ། དེ་ཉིད་ནས་བཞི་ཀ་དགོས་པར་དམ་ཚིག་ཕྱག་རྒྱ་གཅིག་བསྒོམས་ན། རྣལ་འབྱོར་བ་དེ་གཟུགས་གཉིས་འཐོབ། །ལས་ཀྱི་ཕྱག་རྒྱ་གཅིག་བསྒོམས་ན། །རྣལ་འབྱོར་པ་དེ་འདོད་ཁམས་སྐྱེ། །ཆོས་ཀྱི་ཕྱག་རྒྱ་གཅིག་བསྒོམས་ན། །རྣལ་འབྱོར་པ་དེ་གཟུགས་ཁམས་སྐྱེ། །ཕྱག་རྒྱ་ཆེན་པོ་གཅིག་བསྒོམས་ན། །རྣལ་འབྱོར་པ་དེ་གཟུགས་མེད་ཁམས། །དེ་བས་སྔགས་དང་ཕྱག་རྒྱ་བཞི། །ལམ་བཞི་སྐུ་བཞི་བཅུ་གཉིས་ཟངས། །ཞེས་པས་མན་ངག་ལས་ངེས་པར་འབྱུང་བར་བསྒོམ་མོ། །དེ་ལྟར་བསྒྲུབས་པའི་འབྲས་བུ་ལ་གཉིས་ཏེ། མཐར་ཕྱིན་ན་སྐུ་བཞི་འབྱུང་བ་ལ་ལམ་མ་ནོར་བ་བཞི་སྟེ། བུམ་པའི་དབང་ཐོབ། ལུས་ཀྱི་ཉེས་པ་དག །རིག་པའི་དབང་ཐོབ། ལྷ་ལྔར་གྱུར་པས་དམ་ཚིག་གི་ཕྱག་རྒྱ་བསྒོམ་དུ་རུང་སྟེ། དེ་ལྟར་སྐུར་ཤེས་ཤིང༌། བསྒོམས་པས་ཤ་ཐམས་ཅད་སྒྱུ་མར་སྣང་བས་མེ་ལོང་ལྟ་བུའི་ཡེ་ཤེས་རིག་སྟེ། སའི་ཁམས་དངོས་པོ་མེད་དེ། སངས་རྒྱས་སྤྱན་ལྟར་མཐོང་བས་སངས་རྒྱས་སྤྱན་གྱིས་སྒྲུབ་པའི་གྲོགས་དང༌། གྲུབ་ནས་སེམས་ཅན་གྱི་སྣང་བ་ལ་སའི་ཁམས་སངས་རྒྱས་སྤྱན་དུ་འབྱུང་བའོ། །སྒྱུ་མའི་སྣང་བས་


DTG078_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དོན་མ་འགགས་པར་མཛད་ལ། གཟུགས་ཙམ་པོར་ཤེས་པས་གཟུགས་རྣམ་པར་སྣང་མཛད་ཀྱིས་སྒྲུབ་བའི་གྲོགས་བྱེད་ལ། གྲུབ་ནས་སེམས་ཅན་གྱི་སྣང་བ་ལ་གཟུགས་རྣམ་པར་སྣང་མཛད་དུ་བྱུང༌། ཁྲག་གིས་ལུས་ཁྱབ་ཅིང་སྡུད་ལ་རྣམ་པ་དེ་ཐམས་ཅད་ལ་སྟོང་པའི་རྒྱས་ཐེབས་པས་མཉམ་བ་ཉིད་ཀྱི་ཡེ་ཤེས་རིག་པ་སྟེ། ཆུའི་ཁམས་སྡུད་པས་མཱ་མ་ཀཱི་དང་ལྷ་ལྟར་ཟ་མཉམ་སྟེ། མཱ་མ་ཀཱིས་སྒྲུབ་པའི་གྲོགས་དང༌། གྲུབ་ནས་སེམས་ཅན་གྱི་སྣང་བ་ལ་ཆུའི་ཁམས་མཱ་མ་ཀཱིར་འབྱུང་ངོ༌། །སྐྱེ་མེད་དུ་མཉམ་པར་འགྲོ་དོན་རྟོག་མེད་དུ་བྱེད་པས་ཚོར་བ་ལ་ཁྱད་མེད་དགོས་པ་འབྱུང་བས་རིན་ཆེན་འབྱུང་ལྡན་དུ་གྲུབ་ལ་གྲུབ་ནས་སེམས་ཅན་གྱི་སྣང་བ་ལ་ཚོར་བ་རིན་ཆེན་འབྱུང་ལྡན་དུ་སྣང་བའོ། །མེས་དངོས་པོ་བསྲེག་ཅིང་རྣམ་པ་དེ་རྣམས་མ་འདྲེས་པར་ཤེས་པས་སོ་སོར་རྟོག་པའི་ཡེ་ཤེས་རིག་སྟེ། མེས་ཐམས་ཅད་གསལ་བས། གོས་དཀར་མོ་སྒྲུབ་པའི་གྲོགས་དང༌། གྲུབ་ནས་སེམས་ཅན་གྱི་སྣང་བ་ལ་གེས་དཀར་མོར་བྱུང་བའོ། །འདུ་ཤེས་ཚད་མེད་ཅིང་འགྲོ་དོན་མི་འཆད་པས་འདུ་ཤེས་སྣང་བ་མཐའ་ཡས་སུ་གྲུབ་ཅིང་གྲུབ་ནས་སེམས་ཅན་གྱི་སྣང་བ་ལ་འདུ་ཤེས་སྣང་བ་མཐའ་ཡས་སུ་བྱུང་བའོ། །རླུང་གི་གནས་སུ་སྐྱེལ་བ་དེ་ཐམས་ཅད་སྤྱད་པས་བྱ་བ་ནན་ཏན་གྱི་ཡེ་ཤེས་རིག་སྟེ། རླུང་གི་ཁམས་བསྐྱོད་པས་སྒྲོལ་མར་གྱུར་ཏེ། སྒྲུབ་པའི་གྲོགས་དང་གྲུབ་ནས་རླུང་གི་ཁམས་སྒྲོལ་མར་འབྱུང་བའོ། །འགྲོ་བ་ཡང་ཡེ་ཤེས་གོང་ནས་གོང་དུ་འདུས་བྱས་ཡོད་པས་དོན་ཡོད་གྲུབ་པའི་གྲོགས་སུ་འདུ་བྱེད་ཅིང་གྲུབ་ནས་འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པར་འབྱུང་བའོ། །ནམ་མཁའི་ཁམས་རྒྱ་ཆད་པས་དངོས་པོར་སྣང་བ་ཐམས་ཅད་སྟོང་ཞིང་བདག་མེད་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རིག་སྟེ། ནམ་མཁའི་ཁམས་ཀྱིས་ཁྱབ་པ་རེག་བྱ་རྡོ་རྗེ་མར་གྱུར་ཏེ་སྒྲུབ་པའི་གྲོགས་ནམ་མཁའི་ཁམས་རེག་བྱ་རྡོ་རྗེས་བྱེད་ལ་གྲུབ་ནས་ནམ་མཁའི་ཁམས་རེག་བྱ་རྡོ་རྗེར་འབྱུང་བའོ། །ཐམས་ཅད་རང་གི་སེམས་ཡིན་ཞིང་སྟོང་པར་རིག་པས་འབྱུང་ལ་དེ་ལྟར་གསལ་བས་རྣམ་པར་ཤེས་པ་དེས་གྲོགས་བྱས་ནས་རྡོ་རྗེ་སེམས་དཔར་སྒྲུབ་ལ་གྲུབ་ནས་སེམས་ཅན་གྱི་སྣང་བ་ལ་རྣམ་པར་ཤེས་པའི་ཕུང་པོ་རྡོ་རྗེ་སེམས་དཔར་འབྱུང་བའོ། །དེ་ལྟར་ཤེས་ཙམ་ན་ཡུལ་ཐམས་ཅད་ལོངས་སྤྱད་དུ་བཏུབ་པས་མཆོད་པའི་ལྷ་


DTG078_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དང་ཡེ་ཤེས་སུ་འགྱུར་བས་མན་ངག་གིས་དེ་ལྷ་དང་བདེ་བ་དང་མི་རྟོག་པའི་ངང་སྟོང་པར་ཡུལ་རྣམས་སོང་བས་སྐྱེ་མཆེད་ལྷར་འགྱུར་པའོ། །དེ་ཡང་དངོས་པོ་གསལ་བ་མྱོང་བ་བདེ་བ་གཉིས་མེད་མི་རྟོག་པས་སྐུ་གསུང་ཐུགས་སུ་འགྱུར་པའོ། །བདག་ཏུ་གནས་པ་མི་བསྐྱོད་པ་དབང་དུ་གྱུར་པའོ། །ཉམས་སུ་མྱོང་བ་རྡོ་རྗེ་འཛིན་པ་སྣང་བ་མཐའ་ཡས་བདུད་རྩིར་གྱུར་པའོ། །དེ་བཞིན་ལོངས་སྤྱོད་ངོ་མཚར་བ་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པ་མཆོད་བསྟོད་དུ་གྱུར་པའོ། །དེ་ལྟར་གཅིག་ཉིད་རྣམ་ཤེས་ལྔ་ཕུང་པོ་ལྔ་རྒྱུ་ཁམས་ལྔ་དང་དེ་བཞིན་བརྒྱ་སྟོང་ཁྲི་འབུམ་དུ་གྲུབ་ནས་སེམས་ཅན་གྱི་སྣང་བ་ལ་བྱུང་པའོ། །དེ་ལྟར་ལུས་ཀྱི་ཉེས་པ་དག་རིག་པའི་ལྷ་མོས་བཀྲུས་ལྷ་ལྔར་གྱུར་པས་དམ་ཚིག་གི་ཕྱག་རྒྱ་མཐའ་ཕྱིན་པའོ། །གསང་དབང་ཐོབ་པས་ངག་གི་ཉེས་པ་དག་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ལོངས་སྤྱོད་ལས་ཀྱི་ཕྱག་རྒྱ་བསྒོམ་དུ་རུང་སྟེ། སངས་རྒྱས་ཀྱི་ཡེ་ཤེས་བྱང་ཆུབ་སེམས་དཔས་གཏོར་མ་བྱིན་ཏེ་ལྕེ་ལ་གཞག་པས་ཨ་ཝ་དྷཱུ་ཏཱིར་ཕྱིན་འཁོར་ལོ་རྒྱས་ཏེ། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པས་ངག་གི་ཉེས་པ་དག་ལ། ཡེ་ཤེས་ཉམས་སུ་མྱོང་ཞིང་འདོད་ཡོན་སྤྱད་པས་ཡེ་ཤེས་ཐོབ་ལ། ལོངས་སྐུར་གྱུར་ནས་ལས་ཀྱི་ཕྱག་རྒྱ་མཐར་ཕྱིན་པའོ། །དེ་བཞིན་དུ་ཀླུ་སྒྲུབ་ནས་བརྒྱུད་པས། དེ་ལྟར་དག་ཐོབ་གྱུར་ནས་མཐར་ཕྱིན་པའོ། །གཞན་ནས་བརྒྱུད་པ་ཡང་དེ་བཞིན་ནོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ནས་ཡིད་ཀྱི་ཉེས་པ་དག །ཤེས་རབ་ཀྱི་དབང་གིས་མི་རྟོག་པར་གྱུར་ནས་ཆོས་ཀྱི་ཕྱག་རྒྱ་བསྒོམ་དུ་རུང་སྟེ། སེམས་ཉིད་ཤེས་པ་དེ་ལས་འབྱུང་ཞིང་སྨྲར་མེད་པས་གོང་མ་རྣམས་དེར་བསྡུ་འདུས་པས་མཐར་ཕྱིན་པའོ། །བཞི་པས་ལུས་དང༌། ངག་དང་ཡིད་ཀྱི་སྒྲིབ་པ་དག །ཚིག་གི་དབང་བརྗོད་དུ་མེད་པ་བརྡར་བསྒོམ་དུ་རུང་སྟེ། དེ་ལྟར་དེ་བཞིན་བཞི་པའོ། །ཞེས་གསུངས་པས་དེར་བཞིའོ། །རྒྱས་པར་མན་ངག་ལས་ཤེས་པར་བྱའོ། །སྣང་བའི་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཀྱང་དེ་ལྟར་ཤེས་པ་ཙམ་ན་ཕྱོགས་ཁ་དོག་རྟེན་དང༌། ཕྲ་རབ་ཏུ་སྣང་བ་གཟུགས་ལ་སོགས་ས་སོགས་མན་ངག་ལ་བརྟེན་པ་དང༌། འགྲོ་བ་རེ་རེ་ལ་ཡང་དེ་བཞིན་གནས་ཤིང་སྣང་བ་འབྱུང་བའོ། །དེ་བཞིན་དུ་བཞི་པ་དཀྱིལ་འཁོར་གྱི་ཆོ་ག་དང་


DTG078_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་དབང་བཅུ་བཞིར་ཤེས་པར་བྱའོ། །བསྲུང་བར་བྱ་བ་ལ་ཡང་རྩ་བ་དང་ཡན་ལག་སྟེ། གཤིན་རྗེའི་རྒྱུད་ནས་བསྟན་པའི་རྩ་བ་བཅུ་བཞི་བསྲུང་སྟེ། སློབ་དཔོན་དབང་བསྐུར་བ་དང༌། ཆོས་སྟོན་ཕ་གཉིས་དང༌། དབང་ལ་ལས་ཀྱི་དང༌། རྡོ་རྗེ་སློབ་དཔོན་དང༌། གསང་བ་ལ་སོགས་པ་ལྔའོ། །བསྲུང་བྱ་ཁྱོད་ཀྱི་ཆོས་དེ་མི་བྱེད་ཁྱེད་རང་ཁྱེར། དེ་ནས་ཁྱོད་ཀྱི་སློབ་མ་ང་མིན་ཞེས་པ་དང༌། བསྟན་པ་མི་ཉན་པར་སྡིག་ལས་བྱེད་པ་དང༌། འབྱོར་པ་ལ་གནོད་པ་དང༌། རྐུ་བ་དང༌། བཙུན་མོ་ལ་སྤྱོད་པ་དང༌། བརྙས་སེམས་དང༌། ཉེས་པ་བརྗོད་པ་དང༌། མང་པོའི་གསེབ་ཏུ་མི་མཛེས་པའོ། །བཀའ་ནི་སངས་རྒྱས་ཀྱིས་གསུངས་པ་སྟེ། བསྲུང་བ་བཀའ་ལྟར་མི་བྱེད་པ་དང༌། མ་མཉན་པར་རང་དགར་འཆད་པའོ། །རྡོ་རྗེ་སྤུན་ནི་དབང་དང་རྒྱུད་དང་མན་ངག་སློབ་དཔོན་གཅིག་པའམ། དུས་གཅིག་པའོ། །བསྲུང་བྱ་ཞེས་སྡང་གིས་ཉེས་པ་བརྗོད་ཅིང་ཉེས་པ་བསྒྲགས་ན་རུང་སེམས་སོ། །བྱང་ཆུབ་སེམས་ནི་གོང་ལྟར་སེམས་ཅན་ཐམས་ཅད་ལ་བསྐྱེད་པ་དང༌། ཀུན་རྫོབ་ལུས་ལ་བསྐྱེད་པའོ། །བསྲུང་བ་ནི་དེ་དག་དོན་དུ་སེམས་པ་དང༌། ཏིང་ངེ་འཛིན་ཉམས་པར་བྱེད་པའོ། །སེམས་ཅན་རྣམས་ཞེས་པ་འགྲོ་དྲུག །བྱམས་སེམས་སྤོང་ཞེས་པ་ཕན་མི་འདོགས་པ་དང༌། བདག་མེད་པ་དང༌། དགེ་བ་མི་བསྔོ་བ་དང༌། སེམས་ཅན་གྱི་སྡུག་བསྔལ་མ་ཤེས་པས་རང་འདོད་བྱེད་པའོ། །མ་སྨིན་ཞེས་པ་དབང་མ་ཐོབ་པ་དང༌། མི་གོ་བ་ལ་བསྲུང་བྱ་སྔགས་དང༌། གདམས་ངག་ཟབ་མོ་སྟོན་པའོ། །རང་ངམ་ཞེས་པ་སངས་རྒྱས་པ་དང༌། མུ་སྟེགས་དང་གཉིས། བསྲུང་བྱ་དང་པོ་མི་སྨད་པར་མཉན་རབ་ཏུ་ལམ་ཡིན་མིན་གྱིས་གྲུབ་མཐའ་བཅད་དེ། རབ་ཏུ་མི་གནས་པས་མི་སྨད་དོ། །ཐ་མ་ཕྱག་རྒྱ་བཞིར་རང་གི་སྣང་བ་མེད་པས་མི་སྨད་དོ། །སངས་རྒྱས་ཞེས་པས་གོང་ལྟར་སྒྲུབ་ཤེས་ཙམ་ནའོ། །བསྒྲུབ་བྱ་སངས་རྒྱས་སུ་མི་བསྒྲུབ་པ་དང༌། སྲོག་བཏང་བ་དང༌། སྡིག་པའི་ལས་ཀྱིས་ལུས་སྡུག་བསྔལ་བར་སྤྱོད་པའོ། །རང་བཞིན་དག་པ་ཞེས་པ་ཆོས་ཐམས་ཅད་རབ་ཏུ་མི་གནས་པ། བསྲུང་བྱ་རྟག་པའམ་ཆད་པའམ། ཕུང་པོ་གསུམ་པའམ། རྟེན་འབྲེལ་ལམ། རྣམ་པ་དང་བཅས་པའམ། རྣམ་མེད་དམ་སྒྱུ་མ་དོན་དམ་དུ་འདོད་པའོ། །


DTG078_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་ལ་ཞེས་པ་བསྟན་པ་དང༌། བླ་མ་ལ་སྡང་བ་དང༌། བདག་གྲོགས་པོ་ལ་བྱམས་ལྡན་ཞེས་པ། བསྲུང་བྱ་ཚར་མི་གཅོད་པ་ནི་བྱམས་པ་དང༌། ཤེས་པར་དགའ་ཞིང་ཁ་སྦྱང་གིས་གྲོགས་བྱེད་པའོ། །མིང་སོགས་ཞེས་པ་དང༌། བདུད་རྩི་སོགས། བསྲུང་བྱ་དེར་ཞེས་པ་མི་གཙང་བ་དང༌། དོན་ཡོད་པ་མི་ཤེས་པའོ། །དད་ལྡན་ཞེས་པ་ཕྱིར་མི་ལྡོག་པ་སེམས་སུ་ཞེས་པ་བསྲུང་བྱ་སྟེ། བློ་ཆོས་དང་མ་སྦྱར་བ་གོང་འོག་ལ་སུན་འབྱིན་པར་བྱེད་པ་དང༌། སྔགས་ལ་དད་པའི་རིགས་ངན་དང༌། བཙུན་པ་དང་བུད་མེད་མི་འཇུག་པའོ། །ཇི་བཞིན་རྙེད་ཅེས་པ་ནི་རྡོ་རྗེའི་རིགས་ལ་སོགས་པའོ། །མི་སྟེན་ཞེས་པ་བསྲུང་བྱ་འདོད་ངོ་བླ་གཞན་དབང་སྤྱོད་པ་དང་གྲོགས་སུ་གྱུར་པའོ། །བུད་མེད་ཅེས་ཐམས་ཅད་བསྲུང་བྱ་མི་ལུས་རྟེན་བཟང་བ་ལ་མ་བརྟེན་པ་དང༌། ཡེ་ཤེས་ཀྱི་རྟེན་ཡིན་པ་དང༌། སྤྲུལ་སྐུ་ལྷུ་མས་སུ་བལྟམས་པ་དང༌། མངོན་བྱང་ལྔ་ལས་བྱུང་བ་དང༌། ལོངས་སྐུ་དེ་ལས་བྱུང་བའི་ཡེ་ཤེས་ཀྱི་སྣང་བ་ཡིན་ལ། བདེ་ཆེན་གནས་པ་ཞེས་པ་ནི་སྨད་པ་ཙམ་མོ། །རྩ་བ་དང༌། ཡན་ལག་དང༌། བླ་མ་ལྔ་བཅུ་པ་ཡང་བལྟ་ཞིང་བསྲུང་ངོ༌། །ཉམས་ན་སྐྱོན་ཏེ། རྩ་བ་ཉམས་ན་དབང་བསྐུར་བ་དང། ཚོགས་འཁོར་བྱ་ཞིང་དེ་ཉིད་བསླང༌། །ཡན་ལག་ཉམས་ན་བཤགས་པ་དང༌། །མཎྜལ་འབྱོར་པས་བླ་མ་དང༌། །ཡི་དམ་མཆོད་ཅིང་དེ་ཉིད་བསྲུང༌། །རྩ་བར་ཤེས་དང་བསྒོམ་དང་བསྲུང༌། །སྤྱད་པར་བྱ་བ་བཞི་བོ་འདི། །མ་ཡེངས་གུས་པར་བྱ་བ་དང༌། །གཞན་དོན་གཏང་བར་མི་བྱའོ། །སྤྱད་པར་བྱ་བ་ལ་གོང་མ་ལྟར་ཤེས་པས། སྣོད་དང༌། གནས་དང༌། རྒྱལ་པོ་དང༌། དུས་དང་ལྡན་ཞིང་བླ་མ་ལ་མི་གནོད་པ་དང༌། བསྟན་པ་ལ་མི་གནོད་པ་དང༌། རང་ལ་མི་གནོད་པས་ཞི་སོགས་དང༌། དབང་དང་ཆོས་དང༌། གཏོར་མ་དང༌། སྦྱིན་སྲེག་དག་བདག་གི་ཚེ་འདི་དང༌། ཕྱི་མའི་དོན་མིན་པར་གཞན་སྒྲོལ་བའི་བསམ་པས་སྦྱིན་པ་དང༌། སྤྱོད་པ་དང༌། འགྲོ་བ་འདུལ་བས་འདུལ་བ་དང༌། །འགྲོ་བ་སྦྱོར་བས་བྱང་ཆུབ་སེམས། །རིགས་ལ་སྦྱོར་བས་དམ་ཚིག་ནི། །མ་ཡེངས་སྤྱོད་ལམ་བཞིས་སྤྱད་བྱའོ། །བདག་བློ་རྨོངས་པས་གུས་པ་ཡིས། །ཡུན་རིངས་མགོན་པོ་བསྙེན་པ་ལས། །བརྒྱུད་པའི་རྒྱུད་དོན་ཉམས་མྱོང་ནས། །བྱམས་པའི་སེམས་ཀྱིས་ནན་ཏན་


DTG078_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། །ཡི་གེས་གསོལ་བཏབ་དཔལ་མོ་ཡིས། །དེ་ཉིད་མཐོང་བའི་ལམ་འདི་བྱས། །འདི་ལས་བསོད་ནམས་ཅི་ཐོབ་དེས་།འགྲོ་བས་སྐུ་བཞི་མྱུར་ཐོབ་ཤོག །དེ་ཉིད་མཐོང་བའི་ལམ་དཔལ་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཔལ་དེ་ཉིད་དང༌། ལོ་ཙཱ་བ་རྡོག་བུདྡྷ་པཱ་ལས་བསྒྱུར་ཏེ་གཏན་ལ་ཕབ་པའོ།། །།དཔལ་ཤིང་ཀུན་དུ་ཚོགས་འཁོར་སར་གསོལ་བ་བཏབ་ནས་ལྷ་ཁང་བི་ཧ་རར་བསྒྱུར་བའོ།།

བླ་མ་བརྒྱུད་པའི་རིམ་པའི་མན་ངག་ཅེས་བྱ་བ།


DTG078_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། གུ་རུ་པ་རཾ་པ་ར་ཀྲ་མོ་པ་དེ་ཤ་ནཱ་མ། བོད་སྐད་དུ། བླ་མ་བརྒྱུད་པའི་རིམ་པའི་མན་ངག་ཅེས་བྱ་བ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དངོས་ཀུན་རང་བཞིན་ཟུང་འཇུག་པའི། །འོད་གསལ་སྟོང་པའི་བདག་ཉིད་ཀྱི། །ལྷུན་གྲུབ་དེ་ལ་ཕྱག་འཚལ་ཏེ། །དེ་ནས་ཅུང་ཟད་བྲི་བར་བྱ། །ཤིན་ཏུ་བསྡུས་པར་འདོད་རྣམས་དང༌། །བློ་དམན་སྐྱེ་བོས་རྟོགས་བྱའི་ཕྱིར། །དེ་ཉིད་ཐམས་ཅད་མདོར་བསྡུས་ནས། །ཅུང་ཟད་ཙམ་ཞིག་བྲི་བར་བྱ། །རེ་ཞིག་གད་ཟག་ནི་གཉིས་ཏེ། སྤྲེའུ་ལྟ་བུ་དང་ཁྭ་ལྟ་བུའོ། །སྤྲེའུ་ལྟ་བུ་ནི་རིམ་གྱིས་འཇུག་པའོ། །ཁྭ་ལྟ་བུ་ནི་ཅིག་ཅར་འཇུག་པའོ། །རིམ་གྱིས་འཇུག་པའི་དབང་དུ་བྱས་ན་ཐེག་པ་ནི་གསུམ་སྟེ། ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང༌། ཐེག་པ་ཆེན་པོའོ། །ཐེག་པ་གསུམ་ནི་གནས་པ་བཞི་ལ་གནས་ཏེ། གནས་པ་བཞི་ནི་བྱེ་བྲག་ཏུ་སྨྲ་བར་གནས་པ་དང༌། མདོ་སྡེ་པར་གནས་པ་དང༌། རྣལ་འབྱོར་སྤྱོད་པར་གནས་པ་དང༌། དབུ་མ་པར་གནས་པའོ། །ཉན་ཐོས་དང་རང་སངས་རྒྱས་ནི་བྱེ་བྲག་ཏུ་སྨྲ་བ་ལ་གནས་སོ། །བྱེ་བྲག་ཏུ་སྨྲ་བ་ལ་ཡང་གཉིས་ཏེ། ནུབ་ཕྱོགས་བྱེ་བྲག་ཏུ་སྨྲ་བ་དང༌། ཁ་ཆེ་བྱེ་བྲག་ཏུ་སྨྲ་བའོ། །ཉན་ཐོས་ལ་གསུམ་སྟེ། དབང་པོ་ཐ་མ་དང༌། འབྲིང་དང་རབ་པོ། དེ་ལ་ཐ་མ་དང་འབྲིང་བོ་ནི་ནུབ་ཕྱོགས་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ལ་གནས་སོ། །རབ་དང་རྐྱེན་རྟོག་ནི་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ལ་གནས་སོ། །ཐེག་པ་ཆེན་པོ་ལ་ཡང་གཉིས་ཏེ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང༌། འབྲས་བུ་རྡོ་རྗེའི་ཐེག་པའོ། །དེ་ལ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལ་གསུམ་སྟེ། ཐ་མ་དང༌། འབྲིང་དང༌། རབ་བོ། །ཐ་མ་ནི་མདོ་སྡེ་པའོ། །འབྲིང་ནི་རྣལ་འབྱོར་སྤྱོད་པའོ། །རབ་ནི་དབུ་མ་པའོ། །རྣལ་འབྱོར་སྤྱོད་པ་ལ་གཉིས་ཏེ།


DTG078_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་དང་བཅས་མ་དང༌། རྣམ་པ་མེད་པའོ། །དབུ་མ་པ་ལ་ཡང་གཉིས་ཏེ། སྒྱུ་མ་ལྟ་བུ་གཉིས་སུ་མེད་པར་སྨྲ་བ་དང༌། ཆོས་ཐམས་ཅད་རབ་ཏུ་མི་གནས་པར་སྨྲ་བའོ། །དེ་ལྟར་ན་སྦྱོར་བ་དགུ་ལ་དབྱེ་བ་བཞི་བཞི་སྟེ། སོ་སོར་རྟོག་པ་དང༌། སྒོམ་པ་དང༌། སྒོམ་པའི་དྲི་མ་དང༌། ལྟ་བའོ། །དེ་ལ་དང་པོར་རེ་ཞིག་འཇིག་རྟེན་པའི་གྲུབ་པའི་མཐས་བདག་གཅིག་པུ། རྟག་པ། ཁྱབ་པ། ཚངས་པར་ཁས་ལེན་པའོ། །མ་རྟོགས་པའི་བློ་ལ་དེ་ལྟར་སྣང་ན་ཡང་ཡང་དག་པར་གྲུབ་པར་མི་འགྱུར་ཏེ། བདག་གཅིག་པུ་ཡིན་ན་གཅིག་ཤིའམ་སྐྱེས་པ་ཐམས་ཅད་ཤིའམ། སྐྱེས་པར་ཐལ་བ་དང༌། གཅིག་ཡིན་པའི་ཕྱིར་སྐད་ཅིག་མ་ཡང་རྟག་པར་ཁས་ལེན་ན་འཆི་འཕོ་དང་སྐྱེ་བ་མེད་པར་ཐལ་བར་འགྱུར་ཏེ། རྟག་པ་ཡིན་པའི་ཕྱིར་རོ། །ཁྱབ་པ་ཡིན་ན་གཅིག་བདེ་བ་དང༌། སྡུག་བསྔལ་བས་ཐམས་ཅད་བདེ་བ་དང་སྡུག་བསྔལ་གྱིས་ཁྱབ་པར་ཐལ་བར་འགྱུར་ཏེ། ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །དེ་ལྟར་རིགས་པས་བརྟགས་ན་བདག་ཡོད་པ་མ་ཡིན་པས་དེ་དག་ལས་དྲང་བའི་དོན་དུ་ཉན་ཐོས་ཀྱི་ཐེག་པ་བསྟན་ཏོ། །དེ་ལ་རེ་ཞིག་ཉན་ཐོས་ཐ་མའི་སོ་སོར་རྟོག་པ་ནི་ཕྱིའི་དོན་དམིགས་པའི་རྐྱེན་མཚན་ཉིད་པར་ཁས་ལེན་ཞིང༌། གང་ཟག་ལ་བདག་མེད་པ་ཞེས་བྱ་བའི་ཁུར་ཁུར་བའི་གང་ཟག་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པའོ། །རྟག་པ་མ་ཡིན་པ་ནི་སྐད་ཅིག་མས་མི་རྟག་པའོ། །མི་རྟག་པ་མ་ཡིན་པ་ནི་རྒྱུན་གྱིས་རྟག་པའོ། །དེ་ལྟ་བུའི་གང་ཟག་རྟག་པ་དང་མི་རྟག་པ་ལས་འདས་པར་འདོད་པ་ནི་སོ་སོར་རྟོག་པའོ། །ལུས་ནི་འདོད་ཆགས་མ་སྤངས་ན་འཁོར་བར་འཁོར་བར་འགྱུར། སྤངས་ན་ནི་གྲོལ་བས་ལུས་ཀྱི་འདོད་ཆགས་སྤང་པའི་ཕྱིར་ལུས་ལ་མི་གཙང་བ་དང༌། མི་སྡུག་པ་དང༌། དུར་ཁྲོད་ལྟར་ཡན་ལག་འཐོར་པར་ལྟ་བ་ནི་བསྒོམ་པའོ། །ལུས་ལ་གཙང་བར་ལྟ་བ་དང༌། གང་ཟག་རྟག་པར་ལྟ་བ་ནི་སྒོམ་པའི་དྲི་མའོ།། དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། དགེ་བའི་རྩ་བ་ཅི་མཆིས་པ་བདག་ཉིད་ཀྱི་དོན་དུ་བསྔོ་བ་དང༌། སྙིང་རྗེ་དང་མ་བྲལ་བ་དང༌། རྒན་པ་དང༌། བདེ་བ་གཤེགས་པ་གཉིས་ལ་ཕྱག་བྱེད་པ་ནི་ལྟ་བའོ། །འབྲིང་པོའི་སོ་སོར་རྟོག་པ་དང་ལྟ་བ་ནི་སྔ་མ་བཞིན་ནོ།།


DTG078_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ཁྱད་པར་ཅུང་ཟད་ཅིག་ཙམ་སེམས་ཅན་གྱི་དོན་བྱེད་པའོ། །སྒོམ་པ་ནི་དབུགས་ལ་སློབ་སྟེ། ཁ་དོག་དང༌། དབྱིབས་དང༌། རེག་བྱ་ལ་སློབ་པའོ། །ཁ་དོག་ལ་སློབ་པ་ནི་དབུགས་དཀར་པོ་སྤ་ལྕག་གི་ཚད་སོར་བརྒྱད་དམ། བཅུ་གཉིས་སམ། སོར་བཅུ་དྲུག་གམ། ཉི་ཤུ་རྩ་བཞིའམ། བརྒྱད་ཅུའམ། ཇི་ཙམ་འདོད་ཀྱི་བར་དུ་བགྲངས་ལ། ཚུར་འོང་ལྟེ་བར་ཕྱིན་པར་སློབ་པོ། །དབྱིབས་ལ་སློབ་པ་ནི་ཨུཏྤ་ལ་འམ། རྡོ་རྗེ་ལྟ་བུ་ལ་བྱའོ། །རེག་བྱ་ལ་སློབ་པ་ནི་ལྟེ་བ་དང༌། སྣ་སྒོར་གྲང་བའི་རེག་བྱ་ལ་སློབ་ཅིང་བསྒོམ་པའོ། །བུམ་པ་གང་བ་ལྟར་གང་བའི་རླུང་གིས་སྲོག་དང་རྩོལ་བ་བཀག་ནས་སེམས་དྲན་པ་མེད་པར་གྱུར་པ་ནི་སྒོམ་པའི་དྲི་མའོ། །དེ་ནི་ནུབ་ཕྱོགས་བྱེ་བྲག་ཏུ་སྨྲ་བར་བསྟན་པའོ། །ཉན་ཐོས་དབང་པོ་རབ་ཀྱི་སོ་སོར་རྟོག་པ་ནི་ཕྱིའི་དོན་ཁས་ལེན་པ་སྔོན་དུ་འགྲོ་བས་ལུས་བདག་མེད་པར་ལྟ་ཞིང་འཕགས་པའི་བདེན་པ་བཞི་བསྒོམ་པས། གང་ཟག་ཀྱང་སྟོང་པ་ཉིད་དུ་འདོད་ཅིང་ཕྱི་གཟུང་བ་ནི་སྟོང་པ་ནང་འཛིན་པའི་སེམས་སུ་འདོད་པ་ནི་སོ་སོར་རྟོག་པའོ། །དེ་ལ་སྡུག་བསྔལ་བ་ནི་ཕུང་པོའི་རང་བཞིན་ཏེ་ཤེས་པར་བྱའོ། །ཀུན་འབྱུང་བ་ནི་རྣམ་པར་རྟོག་པ་སྟེ་སྤང་བར་བྱ་བའོ། །འགོག་པ་ནི་དབང་པོ་ཡུལ་ལས་ལོག་པ་སྟེ་མངོན་དུ་བྱའོ། །ཁམས་གསུམ་སྟོང་པ་ཉིད་ནི་མར་མ་བསད་པ་ལྟར་བཀག་ནས་ཅི་ཡང་མི་དམིགས་པ་ནི་སྒོམ་པའོ། །སྟོང་པ་ཉིད་དང་རྟག་པར་སྒྲོ་འདོགས་པ་ནི་བསམ་གཏང་ཡི་དྲི་མའོ། །གཞན་གྱི་དོན་བྱེད་པའི་ཁྱད་པར་ནི་ལྟ་བའོ། །འདིའི་འབྲས་བུ་ཡང་ཕུང་པོ་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པའོ། །ལྷག་མ་དང་བཅས་བ་ནི་འདོད་ཆགས་སྤངས་ལ་ལུས་ཉིད་མ་སྤངས་པའོ། །ལྷག་མ་མེད་པ་ནི་འདོད་ཆགས་པ་དང་ལུས་གཉིས་ཀ་སྤངས་པའོ། །འདི་ནི་ཉན་ཐོས་ཀྱི་བྱང་ཆུབ་བོ། །རང་སངས་རྒྱས་ཀྱི་སོ་སོར་རྟོག་པ་ནི་ཉན་ཐོས་རབ་འབྲིང་བཞིན་ནོ། །ཡང་འདིའི་ཁྱད་པར་ནི་སློབ་དཔོན་མེད་པར་རང་འབྱུང་གི་ཡེ་ཤེས་ངང་བསམ་གྱིས་མི་ཁྱབ་པའོ། །དེ་ཡང༌། རྫོགས་སངས་རྒྱས་ནི་མི་འབྱུང་ཞིང༌། །ཉན་ཐོས་རྣམས་དང་འདས་པ་དང༌། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བརྟེན་པ་མེད་པར་འབྱུང་བར་འགྱུར། །ཞེའོ། །འདིའི་བསམ་གཏན་ནི་ཞི་གནས་དང༌། ལྷག་མཐོང་ངོ༌། །ལྷག་མཐོང་ནི་དབང་པོ་


DTG078_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གྱི་གྲོང་ལས་བཟློག་པའོ། །ཞི་གནས་ནི་ལུས་དང༌། ངག་དང༌། ཡིད་ཡང་དག་པར་སྔོམ་པ་འདི་ནི་དེའི་སྒོམ་པའོ། །གཉིད་ཡུར་བ་ལྟ་བུར་ཕྱིའི་སྤྱོད་ཡུལ་འགགས་པ་དང༌། གཉིད་སྟུག་པོ་སེམས་དང་སེམས་ལས་བྱུང་བ་ཤིན་ཏུ་འགགས་པ་ནི་སྒོམ་པའི་དྲི་མའོ། །ལྟ་བ་ནི་སྔ་མ་བཞིན་ནོ། །འདིའི་འབྲས་བུ་ནི་ཚོགས་ན་སྤྱོད་པ་དང་བསེ་རུ་ལྟ་བུའོ། །ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྙིང་རྗེ་ཡང་སེམས་ཅན་ལ་དམིགས་པའི་སྙིང་རྫེ་སྟེ། འདུ་བྱེད་ཀྱི་སྡུག་བསྔལ་དང༌། སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་པའི་སྡུག་བསྔལ་ལོ། །འདུ་བྱེད་ཀྱི་སྡུག་བསྔལ་ནི་ཚོར་བ་བཏང་སྙོམས་ཀྱི་ངོ་བོའོ། །སྡུག་བསྔལ་གྱི་སྡུག་བསྔལ་ནི་ཚོར་བ་སྡུག་བསྔལ་གྱི་ངོ་བོ་ཉིད་དོ། །འགྱུར་བའི་སྡུག་བསྔལ་ནི་ཚོར་བ་བདེ་བའི་ངོ་བོ་ཉིད་དེ། འདི་ལ་དམིགས་ཤིང་སྙིང་རྗེ་བྱེད་པ་ནི་སེམས་ཅན་ལ་དམིགས་པའི་སྙིང་རྗེའོ། །ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་བསྟན་པ་དེ་སྟེ་ཐེག་པ་ཆུང་དུ་མདོར་བསྟན་པའོ། །དེ་ནས་གཞན་ཡང་ཐེག་པ་ཆེན་པོ་བསྟན་པར་བྱ་སྟེ། དེ་ལ་རྒྱུ་མཚན་ཉིད་ཀྱི་ཐེག་པའི་དབང་པོ་ཐ་མ་ནི་མདོ་སྡེ་པའོ། །དེའི་སོ་སོར་རྟོག་པ་ནི་ཕྱི་རོལ་གྱི་ཡུལ་ཆ་ཤས་དྲུག་གིས་གཞིགས་ན། རགས་སྣང་གི་ངོ་བོ་མེད་དེ། དྲུག་ཆས་གཞིགས་ན་རྡུལ་ལོ། །ཉི་ཟེར་གྱི་རྡུལ་བདུན་ཆ་ལ་གླང་རྡུལ། གླང་རྡུལ་བདུན་ཆ་ལ་ལུག་གི་རྡུལ། ལུག་རྡུལ་བདུན་ཆ་ལ་རི་བོང་གི་རྡུལ། རི་བོང་གི་རྡུལ་བདུན་ཆ་ལ་ཆུ་རྡུལ། ཆུ་རྡུལ་བདུན་ཆ་ལ་ལྕགས་རྡུལ། ལྕགས་རྡུལ་བདུན་ཆ་ལ་རྡུལ་ཕྲ་མོ། རྡུལ་ཕྲ་མོ་བདུན་ཆ་ལ་རྡུལ་ཕྲ་རབ་བོ། །དེ་ལྟར་གཞིགས་པས་ཕྱི་རོལ་གྱི་དངོས་པོ་ཐམས་ཅད་རྫས་སུ་མ་གྲུབ་པར་འདོད་དོ། །དེ་ལ་ཕྱོགས་སྔ་མ་མུ་སྟེགས་པའི་གཞུང་གི་རྡུལ་ཕྲ་རབ་ཐམས་ཅད་འདུས་པ་ཆ་ཤས་གཅིག་ཏུ་འདོད་དོ། རྡུལ་ཕྲ་རབ་ཆ་ཤས་ཅན་གཅིག་ཡིན་ན་ཡུལ་ཁ་དོག་སྔོན་པོ་ལ་དམིགས་ནས་ཤེས་པ་སྔོན་པོར་སྐྱེ་བའི་དུས་སུ་དཀར་པོ་དང༌། སེར་པོའི་ཁ་དོག་ཐམས་ཅད་གཅིག་པར་ཐལ་བར་འགྱུར་ཏེ། གཅིག་པ་ཡིན་པའི་ཕྱིར་རོ། །དེ་བས་ན་རྡུལ་ཕྲ་རབ་མ་འདྲེས་པ་ཆ་ཤས་ཅན་གཡག་རྔ་ནེའུ་གསིང་དེའི་འདབ་འབྱོར་བ་མི་སྣང་བའི་ངོ་བོར་འདོད་དོ། །འོན་ཏེ་མི་སྣང་ན་ཡོད་པར་ཅིས་མངོན་ཞེ་ན། འདི་མངོན་སུམ་དུ་རྣམ་པ་དང་བཅས་པའི་ཤེས་པ་ཡུལ་གྱིས་


DTG078_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཅིང་འདུག་པའི་ཕྱིར་རྡུལ་ཕྲ་རབ་ཡོད་པར་ཤེས་སོ། །དེ་ལྟར་ན་ཕྱིའི་དོན་ནི་རྡུལ་ཕྲ་རབ་རྫས་སུ་མི་གྲུབ་པ་དེས་སྐྱེས་པའི་ཤེས་པ་ནི་རྣམ་པ་དང་བཅས་པའི་ཤེས་པ་སྐད་ཅིག་མར་འདོད་པ་ནི་སོ་སོར་རྟོག་པའོ། །བསྒོམ་པ་གཉིས་ཏེ། གོམས་པར་བྱ་བའི་དུས་དང༌། མངོན་དུ་བྱ་བའི་དུས་སོ། །དེ་ལ་གོམས་པར་བྱ་བའི་དུས་ནི་དང་པོར་དབང་པོ་ཡུལ་གྱི་གྲོང་ལས་བཟློག་པ་ལ་བསམ་གྱིས་མི་ཁྱབ་པའོ། །དེ་ལ་བསམ་གྱིས་མི་ཁྱབ་པ་ནི་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོའི་ཐུགས་ཀ་རུ་ཉི་མར་རྡོ་རྗེའི་ལྟེ་བར་ཧཱུཾ་བསམ་མོ། །དེ་ནས་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཉི་མ་ལ་བསྡུའོ། །ཉི་མ་ཡང་རྡོ་རྗེ་ལའོ། །རྡོ་རྗེ་ཧཱུཾ་ལའོ། །ཧཱུཾ་ཡང་དེ་བཞིན་གཤེགས་པ་དྲུག་གི་རང་བཞིན་ནོ། །ཞབས་སྐྱེད་ཨུ་ནི་དོན་ཡོད་གྲུབ་པའི་རང་བཞིན་ནོ། །ལུས་པོ་ཧ་ནི་འོད་དཔག་ཏུ་མེད་པའོ། །མགོ་བོ་རིན་ཆེན་འབྱུང་ལྡན་ནོ། །ཟླ་ཚེས་རྣམ་པར་སྣང་མཛད་དོ། །ཐིག་ལེ་མི་བསྐྱོད་པའོ། །སྒྲ་ནི་རྡོ་རྗེ་སེམས་དཔའོ། །དེ་ལྟར་ཧཱུཾ་གི་ཞབས་བསྐྱེད་པའོ། །ཧ་སྒྲའི་བར་དུ་རིམ་པར་ཐིམ་པས་སྒྲ་དངོས་པོ་མེད་པར་བསྒོམ། དེ་ནི་གོམས་པར་བྱ་བའི་དུས་སོ། །མངོན་དུ་བྱ་བ་ནི་སྐད་ཅིག་ལ་བརྟེན་ནས། རྡོ་རྗེ་སྐྱིལ་ཀྲུང་བཅས་ནས་ནི། །སྣ་རྩེར་གཡོ་བའི་ཡིད་གཏང་ལ། །ཁྱིམ་པར་གྱུར་ཀྱང་བསྒོམ་པར་བྱ། །ཞེའོ། །དེ་བས་ན་མིག་གཉིས་དང་སེམས་སྣའི་རྩེ་མོར་གཏད་ནས་བལྟས་པས་ཅིར་ཡང་མི་དམིགས་པ་དེ་ཉིད་བསྒོམ་པའོ། །དྲི་མ་ནི་རང་སངས་རྒྱས་ལྟ་བུའོ། །རྡུལ་ཕྲ་རབ་ལྟ་བུར་ཆོས་ཐམས་ཅད་མི་དམིགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེས་ཕ་རོལ་ཏུ་ཕྱིན་པ་ལྔ་མི་དམིགས་པ་གསུམ་གྱིས་འཁོར་གསུམ་ཡོངས་སུ་དག་པར་བྱས་ནས་འབྲས་བུ་ལ་རེ་བ་མེད་པར་སེམས་ཅན་གྱི་དོན་བྱེད་པ་ནི་ལྟ་བའོ། །ཕ་རོལ་ཏུ་ཕྱིན་པའི་དབང་པོ་ཐམ་མདོར་བསྡུས་པའོ། །འབྲིང་པོ་ནི་རྣལ་འབྱོར་སྤྱོད་པ་སྟེ། །དྲུག་གིས་ཅིག་ཅར་སྦྱར་བས་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་པའི་རྡུལ་ཕྲ་རབ་དག་ཆ་ཤས་དྲུག་གིས་གཞིགས་ན་རྡུལ་དུ་འགྱུར་ཏེ། རྡུལ་ཕྲ་རབ་ནི་ཁས་ལེན་པར་ནུས་པ་མ་ཡིན་པ་དེ་བས་ན་འདི་དག་ཐམས་ཅད་སེམས་ཙམ་སྟེ། སེམས་ལས་ཕྱི་རོལ་གྱི་དོན་ལོགས་ན་ཡོད་པ་མ་ཡིན་པས་སེམས་དང་སྣ་ཚོགས་གཉིས་སུ་མེད་པར་རིགས་པས་


DTG078_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བརྟགས་པ་ལ་ཀུན་དུ་བརྟགས་པའི་ངོ་བོ་གཟུང་བ་དང་འཛིན་པས་སྟོང་ཞིང་དབེན་པའི་ཤེས་པ་སྐད་ཅིག་མས་མི་རྟག་པ་དང༌། རྒྱུན་གྱིས་རྟག་པ་སྐད་ཅིག་མ་སྔ་མ་ཕྱི་མ་ལས་རྒྱུ་འབྲས་བུར་སྐྱེ་བ་དང་བཅས་པ་རང་རིག་པའི་མངོན་སུམ་གྱིས་གྲུབ་པའོ། །ལུང་ལས་ཀྱང་ཀྱེ་རྒྱལ་པའི་སྲས་དག་ཁམས་གསུམ་པོ་འདི་དག་སེམས་ཙམ་མོ་ཞེས་ལུང་གིས་གྲུབ་པ་རྣམ་པ་དང་བཅས་པའི་སོ་སོར་རྟོག་པའོ། །ཤེས་བྱ་གང་དང་གང་དག་ལ། །ཡིད་མི་གཡོ་བ་དེར་སྤྱར་ན། །གང་དུ་གཡོ་ཞིང་འགྲོ་འགྱུར་པ། །ཐམས་ཅད་དེ་ཡི་རང་བཞིན་ནོ། །ཞེས་བྱ་བས་སེམས་ཉིད་སྣ་ཚོགས་སུ་སྣང་བ་གཉིས་སུ་མེད་པས་རྟོག་པ་མ་ལུས་པ་སྤང་པར་ཡིད་ལ་བྱེད་པ་ནི་སྒོམ་པའོ། །སེམས་ཉིད་སྐད་ཅིག་མ་རྟོག་པར་འདོད་པ་ནི་ལེགས་ལྡན་པའི་གཞུང་སྟེ། ཏིང་ངེ་འཛིན་གྱི་དྲི་མའོ། །རྣམ་པ་དང་བཅས་པའི་རྣམ་པར་རིག་པ་ཙམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཕ་རོལ་ཏུ་ཕྱིན་པ་ལྔ་མི་དམིགས་པ་གསུམ་གྱིས་འཁོར་གསུམ་ཡོངས་སུ་དག་པར་བྱས་ནས་བླ་མེད་བྱང་ཆུབ་སེམས་ཅན་གྱི་དོན་དུ་སྤྱོད་པ་ནི་ལྟ་བའོ། །རྣམ་པ་མེད་པའི་སེམས་ཙམ་གྱི་སོ་སོར་རྟོག་པ་ནི། རྣམ་པ་དང་བཅས་པའི་ཤེས་པ་ནི། འོན་ཏེ་རྣམ་པ་བེམས་པོ་ཡིན་ན་ཤེས་པ་རིག་པ་མ་ཡིན་ལ། དཔེར་ན་ནམ་མཁའ་རང་བཞིན་མེད་པ་ཡིན་ན་བུམ་པ་མ་ཡིན། བུམ་པ་ཡིན་ན་ནམ་མཁའ་མ་ཡིན། གཟུགས་ཅན་དང་གཟུགས་མེད་འགལ་བ་བཞིན་དུ་རྣམ་པ་བེམས་པོ་ཡིན་ན་ཤེས་པ་མ་ཡིན་ལ། ཤེས་པ་རིག་པ་ཡིན་ན་རྣམ་པ་བེམས་པོ་མ་ཡིན་ཏེ། རྣམ་པ་ཉིད་ཤེས་པ་དང་ཐ་མི་དད་ན་རྣམ་པ་འདུས་བྱས་མི་རྟག་པའི་དུས་སུ་ཡེ་ཤེས་ཀྱང་མི་རྟག་པ་སྟེ། འདུས་བྱས་སུ་ཐལ་བར་འགྱུར་རོ། །དེ་བས་ན་རྣམ་པ་དང་བཅས་པའི་ཤེས་པ་འཐད་པ་མ་ཡིན་ནོ། །ད་ནི་རྣམ་པ་མེད་པ་དཔྱད་པར་བྱ་སྟེ། མཉམ་པར་གཞག་པའི་ཤེས་པ་དང༌། རྗེས་ཐོབ་ཀྱི་ཤེས་པའོ། །མཉམ་པར་གཞག་པའི་ཤེས་པ་ནི་ཀུན་དུ་བརྟགས་པ་དང༌། གཞན་དབང་གིས་སྟོང་པ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་སྟོན་ཀའི་ཉི་མ་ཕྱེད་ཀྱི་ནམ་མཁའི་དཀྱིལ་ལྟར་རྣམ་པ་དང༌། སྤྲོས་པ་ལ་སྩོགས་པའི་དྲི་མ་མེད་པར་རིག་པ་བུམ་པའི་ནང་གི་མར་མེ་ལྟར་གསལ་བ་ལུང་དང་རིགས་པས་གྲུབ་པའི་རང་རིག་


DTG078_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་རང་རིག་པའི་མངོན་སུམ་གྱིས་གྲུབ་པའོ། །ལུང་ནི། ཇི་ལྟར་བྱིས་པས་བརྟགས་པ་ཡི། །ཕྱི་ཡི་དོན་ཡོད་མ་ཡིན་ན། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འཇུག །གང་ཞིག་ཇི་སྲིད་སྣང་འགྱུར་བ། །དེ་སྲིད་སྒྱུ་མ་བཞིན་དུ་སྣང༌། །སྣང་བ་མེད་པའི་སེམས་ཉིད་ནི། །ནམ་མཁའ་མཐའ་མེད་དག་པ་བཞིན། །ཐུབ་པ་ཆེན་པོའི་ཆོས་སྐུ་ནི། །སྤྲོས་མ་མེད་ཅིང་སྣང་བ་མེད། །དེ་ལས་བྱུང་བའི་གཟུགས་སྐུ་ནི། །རྗེས་ལ་སྒྱུ་མ་བཞིན་དུ་གནས། །ཞེས་བྱ་བས། མཉམ་པར་གཞག་པ་ཆོས་ཀྱི་སྐུའི་རང་བཞིན་ནི་རྣམ་པ་ལ་སྩོགས་པ་ཕྱིའི་དོན་གྱི་སྤྲོས་པ་མེད་པ་མི་རྟོག་པ། རྒྱུན་གྱིས་རྟག་པ་སྐད་ཅིག་མས་རྒྱུ་དང་འབྲས་བུར་འདོད་དོ། །རྗེས་ཐོབ་ནི་རྣམ་པར་རྟོག་པའི་བག་ཆགས་ཀྱི་སྟོབས་ཀྱིས་འཁྲུལ་ནས། ཕྱིན་ཅི་ལོག་ཏུ་སྣང་བའི་སྣ་ཚོགས་ཉིད་ཡང་དག་པ་མ་ཡིན་པ་སྒྱུ་མ་ལྟ་བུ་སྟེ་རྗེས་ལ་ཐོབ་པའོ། །དེ་ལྟ་བུའི་མཉམ་གཞག་དང་རྗེས་ཐོབ་ཏུ་འདོད་པ་ནི་སོ་སོར་རྟོག་པའོ། །ཡང༌། འདི་དག་ཐམས་ཅད་སེམས་ཙམ་ཞེས། །དེ་ལྟར་དུ་ནི་ཤེས་ནས་སུ། །ཅི་ཡང་རུང་སྟེ་མདུན་འཇོག་ན། །དེ་ཉིད་ཙམ་ལ་མི་གནས་སོ། །ཞེས་བྱ་བའི་ཚིག་གིས་སེམས་ཉིད་གཉིས་སུ་མེད་པར་རང་རིག་པ་སྤྲོས་པ་དང་སྣང་བ་མེད་པ་མངོན་དུ་བྱེད་པ་སྒོམ་པའོ། །སྤྲོས་པ་མེད་པ་རྣམ་པ་སྣང་བ་མེད་པའི་ཤེས་བ་རྟག་པར་འདོད་པ་ནི་ཉི་མའི་གཞུང་སྟེ། ཏིང་ངེ་འཛིན་གྱི་དྲི་མའོ། །རྣམ་པ་སྣང་བ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་མི་དམིགས་པ་གསུམ་གྱིས་འཁོར་གསུམ་ཡོངས་སུ་དག་པར་བྱས་ནས་སེམས་ཅན་གྱི་དོན་བྱེད་པ་ནི་ལྟ་བའོ། །འདིར་མདོ་སྡེ་པ་དང་རྣལ་འབྱོར་སྤྱོད་པའི་སྙིང་རྗེ་ཡང་ཆོས་ལ་དམིགས་པའི་སྙིང་རྗེ་སྟེ། དཔེ་ཆུའི་ཟླ་བ་རླུང་གིས་བསྐྱོད་ནས་མི་རྟག་པ་ལྟར་ཆོས་ཐམས་ཅད་མི་རྟག་པའི་རླུང་གིས་བསྐྱོད་ནས། ཆོས་ཐམས་ཅད་མི་རྟག་པ་ལ་དམིགས་ནས་སྙིང་རྗེ་བྱེད་པའོ། །རྣལ་འབྱོར་སྤྱོད་པའི་གྲུབ་མཐའ་མདོར་བསྟན་པའོ། །ད་ནི་ཐེག་པ་ཆེན་པོ་དབུ་མའི་གྲུབ་མཐའ་ནི་རྣམ་པར་རིག་པ་ཙམ་ཉིད་དང་དོན་དུ་གྲུབ་པ་མ་ཡིན་ཏེ། རྣམ་པ་དང་ཤེས་པ་ཐ་མི་དད་ན་རྣམ་པ་གཅིག་དང་དུ་མས་གཞིགས་ན་མ་གྲུབ་པ་བཞིན་དུ་སེམས་ཉིད་ཀྱང་ཡང་དག་པར་གྲུབ་པར་མི་འགྱུར་རོ། །གཞན་ཡང་ཡོད་པ་དང་མེད་པ་ལས་སྐྱེ་བ་མི་


DTG078_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

འཐད་དེ། ཡོད་པ་ལས་སྐྱེས་པའི་འབྲས་བུ་ཡང་སྐྱེ་བར་ཐལ་བའམ། མེད་པ་སྐྱེན་ནམ་མཁའི་མེ་ཏོག་ལ་སྩོགས་པ་ཡང་སྐྱེ་བར་ཐལ་བར་འགྱུར་རོ། །དེ་བཞིན་དུ་སྐད་ཅིག་མ་སྔ་མ་དང་ཕྱི་མ་ལས་ཀྱང་སྐྱེ་བ་མི་འཐད་དེ། སྔ་མ་རྒྱུ་ཡོད་པའི་དུས་སུ་ཕྱི་མ་འབྲས་བུ་མེད་དེ། ཕྱི་མ་འབྲས་བུ་ཡོད་པའི་དུས་སུ་སྔ་མ་རྒྱུ་འགག་སྟེ། རྡོ་རྗེ་གཟེགས་མས་གཞིགས་ནས་ཀྱང་རྒྱུ་འབྲས་འབྲེལ་པ་མེད་པའི་ཉེས་པ་ཡོད་པས་སྐྱེ་བ་མི་རིགས་སོ། །ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཀྱང༌། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པ་ཡིན། །གང་གིས་སྟོང་ཉིད་ཤེས་ན་མཁས་པ་ཡིན། །ཞེའོ། །དེས་ན་རང་རིག་པ་ཉམས་སུ་མྱོང་བ་ཉིད་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཕྱིར་མ་སྐྱེས་པའོ། །ངོ་བོ་ཉིད་ཀྱིས་སྐྱེ་བ་ཡོད་ན་རྐྱེན་ལ་རག་མ་ལུས་པར་སྐྱེ་བར་ཐལ་བ་ལས་སྐྱེ་བར་མ་ནུས་པའི་ཕྱིར་རོ། །གཞན་ཡང༌། རྣམ་པ་མེད་པའི་ཤེས་པ་ནི། །ཡུལ་ལ་འཛིན་པར་མི་རིགས་ཏེ། །ཞེས་བྱ་བའི་ཚིག་གིས་རྣམ་པ་མེད་པའི་ཤེས་པ་སྐྱེ་རུ་མི་རུང་སྟེ། ཤེས་པ་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །དཔེར་ན་སྐྱེ་མོ་མིག་མ་དག་ལ་མི་མཁས་པས་ནམ་མཁའ་ལ་བལྟས་ན་མ་དག་པའི་སྟོབས་ཀྱིས་སྐྲ་ཤད་ལ་སོགས་པར་སྣང་ལ་མི་མཁས་པས་ཡང་དག་པར་འཛིན་ཏོ། །དེ་བཞིན་དུ་རྣམ་པར་རེག་པ་ཙམ་ཡང་འཁྲུལ་པའི་ཤེས་པ་སྟེ། མ་རིག་པའི་སྟོབས་ཀྱིས་སེམས་སུ་སྣང་བ་མི་མཁས་པ་ཡང་དག་པར་འཛིན་ཏེ། འཁྲུལ་པའི་ཤེས་པ་ནི་སེམས་སུ་སྣང་ན་ཡང་དོན་དུ་ཡོད་པ་མ་ཡིན་ནོ། །དཔེར་ན་རྨི་ལམ་སྒྱུ་མ་ཉམས་སུ་མྱོང་བས་གོང་གི་རྨི་ལམ་སྔ་མ་བརྫུན་པ་བཞིན་དུ་ཡང་དག་པར་སད་ན་ཕྱི་མ་ཉིད་ཀྱང་བརྫུན་ནོ། །དེ་བཞིན་དུ་ཕྱི་རོལ་གྱི་དོན་སྣ་ཚོགས་ཐམས་ཅད་སེམས་ལས་ལོགས་ཤིག་ཏུ་མ་གྲུབ་སྟེ། བརྫུན་པ་བཞིན་ཡང་དག་པར་བརྟགས་ན་སེམས་ལ་རང་བཞིན་མེད་དེ་བརྫུན་པ་ཉིད་དོ། །ད་ནི་སྒྱུ་མ་ལྟ་བུའི་གཞུང་བཤད་པར་བྱ་སྟེ། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀ་མིན་པའང་མ་ཡིན་པ། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་བྱ་བས། ཡོད་པ་མ་ཡིན་པ་ནི་གཅིག་དང་དུ་མའི་སྦྱོར་བས་


DTG078_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པའི་ཕྱིར་རོ། །མེད་པ་མ་ཡིན་པ་ནི་སྣང་བ་ཉམས་སུ་མྱོང་བ་ཡོད་པའི་ཕྱིར་རོ། །གཉིས་ཀ་མ་ཡིན་པ་ནི་གཉིས་ཀ་ལ་སྐྱོན་ཡོད་པའི་ཕྱིར་རོ། །གཉིས་ཀ་མ་ཡིན་པ་ཡང་མ་ཡིན་པ་ནི་རྒྱུ་མེད་པ་མི་སྲིད་པ་དང༌། ཕུང་པོ་གསུམ་པ་མེད་པའི་ཕྱིར་རོ། །དེ་བས་ན་མཐའ་བཞི་ལས་གྲོལ་བའི་སྒྱུ་མ་ལྟ་བའི་ཤེས་པ་འོད་གསལ་བར་འདོད་དེ། དེ་ཡང་མྱ་ངན་ལས་འདས་པའི་ཆོས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་མྱ་ངན་ལས་འདས་པ་ལས་ཆེས་ལྷག་པའི་ཆོས་ཡོད་ན་ཡང་དེ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་གསུངས་པས། སྣ་ཚོགས་དང་སེམས་ཉིད་སྒྱུ་མ་ལྟ་བུར་གཉིས་སུ་མེད་པ་ནི་སོ་སོར་རྟོག་པའོ། སྣ་ཚོགས་ཐམས་ཅད་ཆུ་ཟླའམ་མེ་ལོང་གི་གཟུགས་བརྙན་ལྟར་བདེན་པ་མ་ཡིན་ལ་བརྫུན་པ་ཡང་མ་ཡིན་པར་སྒྱུ་མ་ལྟ་བུར་གཉིས་སུ་མེད་པར་འཇིག་པ་ནི་བསྒོམ་པའོ། །ཆད་པར་ཞེན་པ་ནི་སྒོམ་པའི་དྲི་མའོ། །སྒྱུ་མ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཕ་རོལ་ཏུ་ཕྱིན་པ་ལྔ་མི་དམིགས་པ་གསུམ་གྱིས་འཁོར་གསུམ་ཡོངས་སུ་དག་པར་སྤྱད་ནས་སེམས་ཅན་གྱི་དོན་བྱེད་པ་ནི་ལྟ་བའོ། །གཞན་ཡང་ཆོས་ཐམས་ཅད་རབ་ཏུ་མི་དམིགས་པས་སྒྱུ་མ་ལྟ་བུ་ཉིད་མ་གྲུབ་པར་འདོད་དེ། དེ་ཡང་འདི་སྐད་དུ། གསལ་ལམ་མི་གསལ་ཡང་རུང་སྟེ། །སུས་ཀྱང་ཇི་བཞིན་མ་མཐོང་བས། །མོ་གཤམ་གྱི་ནི་བུ་བཞིན་དུ། །བརྗོད་དུ་ཟིན་ཀྱང་དོན་མེད་དེ། །ཞེས་བྱ་བས་སྒྱུ་མ་ལྟ་བུ་ཉིད་འོད་གསལ་ལམ། འོན་ཏེ་སེམས་ལས་གཞན་ཞེ་ན། སེམས་ལས་གཞན་པའི་ཆོས་ནི་མ་གྲུབ་ལ། སེམས་ཉིད་ཡིན་ན་སེམས་ཉིད་མ་གྲུབ་པའི་དུས་སུ་སྒྱུ་མ་ཉིད་ཀྱང་མི་འགྲུབ་པོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཉིད་ལས་གཞན་མེད་པའི་ཕྱིར་རོ། །སྒྱུ་མ་ལྟ་བུ་ཡང་མི་མཁས་པའི་ཤེས་པ་སྟེ། སྒྲོ་འདོགས་སྐུར་བ་འདེབས་པ་སྟེ། དཔེར་ན་སྐྱེས་བུ་མ་དག་པས་མིག་ནམ་མཁའ་ལ་བལྟས་ན་མིག་མ་དག་པའི་སྟོབས་ཀྱིས་ཟླ་བ་གཉིས་པ་དང༌། སྐྲའི་འཁོར་ལོ་ལ་སོགས་པ་སྣང་ཞེས་སྒྲོ་འདོགས་ལ་མཁས་པའི་ཤེས་པས་སྣང་མ་ཐག་ཏུ་མེད་པར་ཤེས་ཏེ། མེད་དོ་ཞེས་སྐུར་བ་འདེབས་སོ། །དེ་བཞིན་དུ་སྒྱུ་མ་ལྟ་བུ་ཡང་ལས་དང་མ་རིག་པའི་དབང་གིས་སྣང་ཚོགས་སུ་སྣང་ངོ་ཞེས་སྒྲོ་བཏགས་ལ། མཁས་པའི་སྟོབས་ཀྱིས་སྣང་མ་ཐག་ཏུ་སྟོང་སྟེ། སྒྱུ་མ་ལྟ་བུ་ཞེས་སྐུར་པ་འདེབས་སོ། །


DTG078_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་ན་སྒྲོ་འདོགས་པ་དང་སྐུར་བ་འདེབས་པའི་མཐའ་ལ་གནས་སོ། །དེ་ནས་གཞན་ཡང་ཆོས་ཐམས་ཅད་རབ་ཏུ་མི་གནས་པའི་མཐར་སྨྲ་བར་འདོད་པས་འདི་སྐད་དུ། སྣ་ཚོགས་རྟག་པ་མ་ཡིན་ཏེ། །ཆད་པར་ཡང་ནི་ཁས་མི་ལེན། །རྟག་དང་ཆད་པ་གཉིས་ཀ་དང༌། །གཉིས་ཀ་མིན་པའང་མ་ཡིན་ནོ། །འདིར་ནི་ཐམས་ཅད་མི་གནས་པར། །དངོས་པོའི་དེ་ཉིད་མཁས་པས་རིག །དེས་ན་འདི་ལྟའི་རྣམ་རྟོག་གི །སེམས་ནི་སེམས་ཀྱིས་རིག་མ་ཡིན། །ཇི་སྲིད་སྒྲོ་འདོགས་ཐམས་ཅད་ནི། །དེ་ཀུན་ཐམས་ཅད་དུ་མེད་པས། །དབུ་མའི་དོན་ལ་སྒྲོ་འདོགས་མེད། །དེས་ན་དགག་དང་སྒྲུབ་པ་མེད། །ཅེས་བྱ་བ་དང༌། གཞན་ནས་ཀྱང༌། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་གང་ཡང་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་བྱ་བས་ཡོད་པའི་སྒྲོ་འདོགས་དང་མེད་པའི་སྐུར་པ་འདེབས་པ་ལ་མི་གནས་ཏེ། སེམས་ཉིད་སྣ་ཚོགས་སུ་མྱོང་བ་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བས་ན་མ་སྐྱེས་པ་སྟེ། མ་སྐྱེས་པ་ཉིད་སྐྱེ་བ་ལྟར་སྣང་སྟེ། སྐྱེ་བ་དང་སྐྱེ་བ་མེད་པ་གཉི་ག་ཐ་མི་དད་དོ། །དེ་བཞིན་དུ་སྣང་བ་ཉིད་རིགས་པས་བརྟགས་ན་སྟོང་པ་ཡིན་ལ། སྟོང་པ་མ་གྲུབ་པ་རིགས་པས་བརྟག་མི་བཟོད་པ་ཉིད་སྣང་བའོ།། སྣང་བ་ཉིད་ལས་ཀྱང་སྟོང་པ་གཞན་མ་ཡིན་ལ། སྟོང་པ་ཉིད་ལས་ཀྱང་སྣང་བ་གཞན་མ་ཡིན་ནོ། །དཔེར་ན་སྨིག་རྒྱུ་ལ་ཆུར་སྣང་བ་ཉིད་ལ་ཆུ་ཡིས་སྟོང་ལ། ཆུ་མེད་པ་ཉིད་ཆུར་སྣང་སྟེ། ཆུར་སྣང་བ་དང་ཆུ་མེད་པ་གཉིས་ཐ་དད་པ་མ་ཡིན་ན། །དེ་བཞིན་དུ་སྣང་བ་ཉིད་ན་རང་བཞིན་མེད་ལ། རང་བཞིན་མེད་པ་ཉིད་སྣང་བའོ། །སྣང་བ་དང་རང་བཞིན་མེད་པ་སྟོང་པ་ཉིད་ནི་ཐ་མི་དད་དོ། །དཔེར་ན་བུད་ཤིང་དུ་མ་མེས་བསྲེགས་ན་མེའི་ངོ་བོར་གཅིག་སྟེ། དེ་ནས་བུད་ཤིང་ཟད་པ་དང་མེ་ཉིད་མི་གནས་སོ། །དེ་བཞིན་དུ་སྣ་ཚོགས་སུ་སྣང་བ་ཉིད་རིགས་པས་སྟོང་པ་ཉིད་དུ་བྱས་ནས་དངོས་ངོ་མ་གྲུབ་པ་དང་སྟོང་པ་ཉིད་ཀྱང་མི་གནས་སོ། །དེ་བཞིན་དུ་གཉིས་སུ་མི་གནས་པ་ཡང་གཉིས་སུ་མ་གྲུབ་པའི་ཚེ་ན་གཉིས་སུ་མེད་པ་ཡང་མི་འགྲུབ་བོ། །དེ་བས་ན་གཞན་གྱི་ཞེན་པ་བཟློག་པའམ། སྒྲོ་སྐུར་གཅད་པའམ། དྲད་བའི་དོན་དུ་སྟོང་པ་དང་སྐྱེ་བ་མེད་པ་ཞེས་བརྗོད་ཀྱི།


DTG078_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པས་བཙལ་བའམ། ངེས་པའི་དོན་དུ་དི་ཉིད་མི་གནས་ཏེ། རྣམ་གཅོད་དང༌། ཡོངས་གཅོད་དང༌། སྒྲོ་འདོགས་དང༌། སྐུར་བ་འདེབས་པ་ཡང་མི་གནས་ལ། ཞེན་པ་མེད་ཅིང་དགག་པ་དང༌། སྒྲུབ་པ་མེད་ལ་མཉམ་གཞག་དང་རྗེས་ཐོབ་གཉིས་སུ་མེད་ཅིང་མི་གནས་པ་ནི་སོ་སོར་རྟོག་པའོ། །སྒྲོ་སྐུར་དང་ཞེན་པ་མེད་པར་ཡིད་ལ་བྱེད་པ་མེད་པ་ནི་སྒོམ་པའོ། །དོན་ཐམས་ཅད་ཆད་པར་ལྟ་ཞིང་ཉམས་སུ་མྱོང་བ་མེད་པས་བེམས་པོར་གྱུར་པ་ནི་སྒོམ་པའི་དྲི་མའོ། །སྒྲོ་སྐུར་མེད་པ་དང༌། ཞེན་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཕ་རོལ་ཏུ་ཕྱིན་པ་ལྔ་མི་དམིགས་པ་གསུམ་གྱིས་འཁོར་གསུམ་ཡོངས་སུ་དག་བས་སེམས་ཅན་གྱི་དོན་བྱེད་པ་ནི་ལྟ་བའོ། །དཔེར་ན་སྐྱེ་བོ་མིག་དག་བ་མཁས་པ་ཅིག་ནམ་མཁའ་ལ་ལྟ་བ་ན་མིག་དག་པས་སྐྲའི་འཁོར་ལོ་ལ་སོགས་པ་ཅི་ཡང་མི་དམིགས་ལ། མཁས་པས་ཡོད་ཅེས་བྱ་བའམ་མེད་ཅེས་བྱ་བར་སྒྲོ་འདོགས་པའམ་སྐུར་བ་འདེབས་པར་མི་བྱེད་དོ། །དེ་བཞིན་དུ་ཆོས་ཐམས་ཅད་རང་བཞིན་དུ་མ་སྐྱེས་པའི་ངོ་བོ་ཉིད་ཀྱིས་ཡོད་མེད་གང་ཡང་མི་གནས་པས་ཡོད་མེད་ཀྱི་སྒྲོ་སྐུར་གད་དུ་ཡང་མི་གནས་པ་ནི་དེ་ཁོ་ན་ཉིད་ཀྱི་ཤེས་པའོ། །སྒྱུ་མ་ལྟ་བུ་དང་རབ་ཏུ་མི་གནས་པའི་སྙིང་རྗེ་ཡང་དམིགས་པ་མེད་པའི་སྙིང་རྗེ་སྟེ། ཆོས་ཐམས་ཅད་ཅིར་ཡང་མི་དམིགས་པར་ཡིད་ལ་བྱེད་པས་ན་མི་དམིགས་པའི་སྙིང་རྗེའོ། །ཐེག་པ་ཆེན་པོ་མདོར་བསྟན་པའོ། །ཕ་རོལ་ཏུ་ཕྱིན་པའི་གྲུབ་པའི་མཐའ་མ་ལུས་པར་མདོར་བསྡུས་ཏེ་བསྟན་པའོ། །དེ་ནས་གཞན་ཡང་འབྲས་བུ་རྡོ་རྗེའི་ཐེག་པ་བརྗོད་པར་བྱ་སྟེ། དེ་ཡང་འདི་སྐད་དུ། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པས་དོན་དེ་ཁོ་ན་ཉིད་ལ་དབྱེ་བ་མེད་ཀྱང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནི་རྨོངས་པ་སྟེ། ལུང་དང་རེགས་པས་གཏན་ལ་ཕབ་སྟེ་རྟོགས་པའོ། །རྡོ་རྗེ་ཐེག་པ་ནི་མ་རྨོངས་པ་སྟེ། ལུང་དང་རིགས་པ་དང༌། བླ་མའི་མན་ངག་གིས་ཉམས་སུ་མྱོང་བའོ། །གཞན་ཡང་དཀའ་བ་མེད་པ་སྟེ། བདེ་བ་ཆེན་པོ་ལམ་དུ་བྱེད་པའོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནི་བཏང་སྙོམས་པ་དང་ཉམས་སུ་མྱོང་བ་


DTG078_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའོ། །རྒྱུ་ལམ་དུ་བྱེད་པས་ན་རྒྱུའི་ཐེག་པའོ། །འབྲས་བུ་ལམ་དུ་བྱེད་པས་ན་འབྲས་བུའི་ཐེག་པ་ཁྱད་དུ་འཕགས་སོ། །རྡོ་རྗེ་ཐེག་པ་ལ་ཡང་གསུམ་སྟེ། རྒྱུའི་རྒྱུད་དང༌། ཐབས་ཀྱི་རྒྱུད་དང༌། འབྲས་བུའི་རྒྱུད་དོ། །དེ་ཡང་འདི་སྐད་དུ། རྒྱུད་ཅེས་བྱ་བ་རྒྱུན་ཡིན་ཏེ། རྒྱུད་ཀྱི་དོན་ནི་གསུམ་ཡིན་ཏེ། །རྒྱུ་དང་རང་བཞིན་འབྲས་བུ་དང༌། །ཐབས་དང་རྣམ་པ་གསུམ་ཡིན་ཏེ། །ཞེས་གསུངས་སོ། །རྒྱུའི་རྒྱུད་ནི་རྡོ་རྗེ་འཆང་གི་རིགས་ཅན་གྱི་སེམས་ཅན་ནོ། །འབྲས་བུའི་རྒྱུད་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །ཐབས་ཀྱི་རྒྱུད་ལ་ལྔ་སྟེ། བྱ་བའི་རྒྱུད་དང༌། སྤྱོད་པའི་རྒྱུད་དང། རྣལ་འབྱོར་གྱི་རྒྱུད་དང། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང༌། རྣལ་འབྱོར་གོང་ན་མེད་པའི་རྒྱུད་དོ། །དེ་དག་ལས་རྣལ་འབྱོར་གྱི་རྒྱུད་དང༌། རྣལ་འབྱོར་བླ་ན་མད་པའི་རྒྱུད་ལ་སོགས་པ་ནས་རིམ་པ་གཉིས་སུ་གསུངས་སོ། །དེ་ཡང་དགྱེས་པའི་རྡོ་རྗེ་ལས། བསྐྱེད་པ་ཡི་ནི་རིམ་པ་དང༌། །རྫོགས་པ་ཡི་ནི་རིམ་པ་གཉིས། །རིམ་པ་གཉིས་ལ་བརྟེན་ནས་ནི། །རྡོ་རྗེ་འཆང་གིས་ཆོས་བཤད་དོ། །ཞེས་གསུངས་པས། བསྐྱེད་པའི་རིམ་པ་གཉིས་ཏེ། ཕྱི་བསྐྱེད་པའི་རིམ་པ་དང། ནང་ཟབ་མོ་བསྐྱེད་པའི་རིམ་པའོ། །རྫོགས་པའི་རིམ་པ་གསུམ་སྟེ། རྫོགས་པའི་རིམ་པ་དང༌། ཡོངས་སུ་རྫོགས་པའི་རིམ་པ་དང༌། ངོ་བོ་ཉིད་ཀྱི་རིམ་པའོ། །དེ་བཞིན་དུ་དབང་ལ་ཡང་གཉིས་ཏེ། འཇིག་རྟེན་པའི་དབང་བཅོས་མ་དང༌། འཇིག་རྟེན་ལས་འདས་པའི་དབང་མ་བཅོས་པའོ། །བཅོས་མ་ལ་གསུམ་སྟེ། སློབ་དཔོན་གྱི་དབང་དང༌། གསང་བའི་དབང་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། མ་བཅོས་པ་ལ་གཉིས་ཏེ། ཆོས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོ་བཞི་པའོ། །དེ་ཡང་འདི་སྐད་དུ། སློབ་དཔོན་དབང་ནི་དང་པོ་སྟེ། །གསད་བ་མཆོག་ནི་གཉིས་པ་ཡིན། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་གསུངས་ཏེ། སློབ་དཔོན་གྱི་དབང་ནི་ལུས་དག་པར་བྱེད་པའོ། །གསང་བའི་དབང་ནི་ངག་དག་པར་བྱེད་པའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ནི་ཡིད་དག་པར་བྱེད་པའོ། །བཞི་པ་ནི་མན་ངག་སྟེ། བྱང་ཆུབ་སེམས་ཀྱི་ས་བོན་ནོ། །དེ་ལ་དབང་པོ་རབ་འབྲིང་ཐ་མའི་དབང་དུ་བྱས་ནས། ཕྱི་བསྐྱེད་པའི་རིམ་པ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། སློབ་


DTG078_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གྱི་དབང་དང༌། བསྐྱེད་པའི་རིམ་པ་ལྷའི་རྣལ་འབྱོར་རོ། །དབང་པོ་ཐ་མའི་ལས་ཀྱི་ཕྱག་རྒྱ་ལ་གཉིས་ཏེ། དེ་བཞིན་གཤེགས་པའི་དབུགས་དབྱུང་བ་དང༌། རྡོ་རྗེ་འཆང་གི་དབུགས་དབྱུང་བའོ། །གསང་བའི་དབང་དང། དེ་བཞིན་གཤེགས་པའི་དབུགས་དབྱུང་བ་ནི་ནང་ཟབ་མོ་བསྐྱེད་པའི་རིམ་པའོ། །རྡོ་རྗེ་འཆང་གི་དབུགས་དབྱུང་བ་ནི་རྫོགས་པའི་རིམ་པའོ། །དེ་བཞིན་གཤེགས་པའི་དབུགས་དབྱུང་བ་དང༌། རྡོ་རྗེ་འཆང་གི་དབྱུགས་དབྱུང་བ་ནི་ལས་ཀྱི་ཕྱག་རྒྱ་སྟེ། དབང་པོ་འབྲིང་པོའོ། །ཡོངས་སུ་རྫོགས་པའི་རིམ་པ་ནི་ཆོས་ཀྱི་ཕྱག་རྒྱ་སྟེ། དབང་པོ་རབ་བོ། ངོ་བོ་ཉིད་ཀྱི་རིམ་པ་ནི་ཕྱག་རྒྱ་ཆེན་པོ་སྟེ། དབང་པོ་རབ་ཀྱི་ཡང་རབ་པོ། དེ་ནས་ཕྱི་བསྐྱེད་པའི་རིམ་པ་རྡོ་རྗེ་སློབ་དཔོན་གྱི་དབང་ལུས་རྣམ་པར་དག་པ་བཤད་པར་བྱ་སྟེ། ཆུའི་དབང་དང༌། ཅོད་པན་དང༌། རྡོ་རྗེ་དང༌། དྲིལ་བུ་དང༌། མིང་དང༌། རིགས་གསུམ་གྱི་དམ་ཚིག་དང༌། སྣོད་དུ་བྱ་བ་དང༌། རྗེས་སུ་གནང་བ་དང༌། རྡོ་རྗེའི་བརྟུལ་ཞུགས་དང༌། ལུང་བསྟན་དང༌། དབུགས་དབྱུང་བ་དང་བཅུ་གཅིག་གོ །དེ་ལ་ཆུའི་དབང་ནི་མི་བསྐྱོད་པའི་ངོ་བོ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་འོད་དུ་ཞུ་བའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་དབང་བསྐུར་བ་ནི་དཔེར་ན་ཕྱི་རོལ་གྱི་དྲི་མ་དག་པར་བྱེད་པ་ལྟར་འདིར་ཡང་ཡེ་ཤེས་ཀྱི་ཆུས་མ་རིག་པའི་དྲི་མ་དག་པ་དང་ཉོན་མོངས་པའི་སྒྲིབ་པ་དག་པར་བྱེད་པ་དང༌། ཤེས་བྱའི་སྒྲིབ་པ་དག་པར་བྱེད་པ་སྟེ། དེས་ཁྱོད་ཀྱིས་མ་རིག་པ་ཡེ་ཤེས་གང་གིས་དག་པར་བྱེད་པའོ་ཞེས་ཁོང་དུ་ཆུད་པར་བྱའོ། །ཅོད་པན་ནི་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱིས་དབང་བསྐུར་བ་ནི་མ་འོངས་པའི་དུས་ན་སངས་རྒྱས་ཀྱི་དབུའི་གཙུག་ཏོར་གྱི་ས་བོན་ནམ་ཆེ་བའི་ཡོན་ཏན་ཡིད་བཞིན་གྱི་ནོར་བུ་ལྟར་འབྱུང་བའི་ས་བོན་དུ་སྟེར་བའོ། །རྡོ་རྗེའི་དབང་བསྐུར་བ་ནི་འོད་དཔག་ཏུ་མེད་པའི་ངོ་བོས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཀྱི་འཁོར་ལོ་རྣམ་པར་དག་པའི་ཚུལ་དུ་རྡོ་རྗེ་སོར་བཅུ་གཉིས་པ་ལྟེ་བ་ཟླུམ་པོ་ཆོས་ཀྱི་དབྱིངས་མཐའ་ཐམས་ཅད་དང་བྲལ་བའོ། །ལྟེ་བའི་ཡི་གེ་ཧཱུཾ་ནི་ཆོས་ཉིད་མཚོན་པར་བྱེད་པ་སྟེ། ཧ་ནི་ཧེ་ཏུ་ཡོག་ཞེས་བྱ་སྟེ། རྒྱུ་དང་བྲལ་པ་སྟེ་མ་སྐྱེས་པའོ། །ཨའུ་ནི་རྟོག་པ་དང་བྲལ་བའོ། །ཨ་ནི་


DTG078_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་པྲ་ཏི་ཧ་ཏ་ཞེས་བྱ་བ་སྟེ་མི་གནས་པའོ། །པདྨའི་ཁ་ནས་སྐྱེས་པའི་རྡོ་རྗེའི་རྩེ་མོ་ལྔ་ནི་པདྨ་ལས་སྐྱེ་བ་བཞིན་དུ་འཁོར་བའི་ཆོས་ལ་ཡང་འདོད་པ་སྐྱེ་བས་འཁོར་བ་ལས་སྐྱེ་བའི་ཕུང་པོ་ལྔ་རྣམ་པར་དག་པའོ། །ཕྱོགས་ཀྱི་རྩེ་མོ་བཞི་དབུས་ཀྱི་རྩེ་མོ་ལ་ཕྱོགས་པ་ནི་ཆོས་ཐམས་ཅད་སེམས་ཀྱི་ངོ་བོ་སྟེ། སེམས་ལས་ལོགས་ཤིག་ན་ཕྱིའི་དོན་མེད་དོ། །སེམས་ཉིད་གཟུང་བ་དང་འཛིན་པས་སྟོང་པའོ། །རང་རིག་པ་ཉིད་དེ་དེ་བཞིན་གཤེགས་པའི་དབུགས་དབྱུང་བའོ། །མེ་ཏོག་གསུམ་གྱིས་ར་རྣམས་ལ་མཚོན་པ་ནི་རྣམ་པར་ཐར་པའི་སྒོ་གསུམ་སྟེ། སེམས་ཉིད་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་སྟོན་པ་ཉིད་དུ་བྱེད་པ་སྟེ། རྡོ་རྗེ་འཆང་གི་དབུགས་དབྱུང་བའོ། །དེ་ལྟ་བུའི་རྡོ་རྗེ་སློབ་མའི་ལག་ཏུ་གཏང་པ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་མཚོན་པར་བྱེད་པ་སྟེ། དབྱེར་མི་ཕྱེད་པའི་ཡེ་ཤེས་ཀྱི་ངོ་བོ་སྟེར་བ་དང༌། ངས་ཁྱོད་ལ་གཉིས་སུ་མེད་པའི་ཡེ་ཤེས་སྦྱིན་ནོ་ཞེས་བྱ་བའི་དོན་ཏོ། །དྲིལ་བུའི་དབང་བསྐུར་བ་ནི་དོན་ཡོད་གྲུབ་བའི་ངོ་བོ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་རང་བཞིན་ཏེ། དགོངས་པ་སྔ་མའི་ཚུལ་གྱིས་རྟེན་ཅིང་འབྲེལ་པར་འབྱུང་བར་བཅུ་གཉིས་ཀྱི་འཁོར་ལོ་རྣམ་པར་དག་པའི་ཚུལ་གྱིས་སོར་བཅུ་གཉིས་པའོ། །ཁ་ཐུར་དུ་བལྟས་པ་ནི་ཤེས་རབ་ཀྱི་པདྨ་མཚོན་པར་བྱེད་པའོ། །དབྱེར་མི་བྱེད་པའི་གནས་ཆོས་ཀྱི་འབྱུང་གནས་རྟོགས་པའི་ཕྱིར་དྲིལ་བུའི་སྟེང་དང་འོག་གི་ཆ་ལ་རྡོ་རྗེའི་ཕྲེང་བ་ཟུང་གིས་མཛེས་པའོ། །སྒྲ་དཀྲོལ་བ་ནི་ཐབས་དང་ཤེས་རབ་ཀྱི་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་སྟེ། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བས་ན་རང་གི་ངོ་བོ་མ་སྐྱེས་པ་སྟེ། སྒྲ་དེ་ཡང་བཙལ་ན་གང་ནས་ཀྱང་མི་རྙེད་པ་སྟེ། ཡང་དག་པར་རང་བཞིན་མེད་ལ། དེ་བཞིན་དུ་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པར་བྱེད་པའོ། །ཁམས་གསུམ་ཐམས་ཅད་ཀྱི་ངོ་བོ་དཀྱིལ་འཁོར་དུ་བསྟན་པའི་ཕྱིར་དྲ་བ་དང་དྲ་བ་ཕྱེད་པ་སྟེ། དེ་ལ་དྲ་བ་དང་དྲ་བ་ཕྱེད་པ་ཞེས་བྱ་བ་ནི། ཧར་དང་ཧར་ཨརྡྷ་ཞེས་བྱ་སྟེ། འཕྲོག་པ་དང་འཕྲོག་པར་བྱེད་པ་ཞེས་བྱའོ། །དྲ་བ་ནི་ཉོན་མོངས་པ་ཆེན་པོ་བཅོམ་པའི་རྟགས་སོ། །དྲ་བ་ཕྱེད་པ་ནི་ཉོན་མོངས་པ་ཆུང་ངུ་བཅོམ་པའི་རྟགས་སོ། །རྟེན་གཞལ་ཡས་ཁང་དེར་བརྟེན་པ་ལྷའི་


DTG078_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་བསྟན་པ་དང༌། ཕུང་པོ་དང་ཁམས་ལ་སོགས་པ་དེ་བཞིན་གཤེགས་པར་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ལྔ་དང་ལྷ་མོ་རྣམས་ཀྱི་ཕྱག་མཚན་བཀོད་པའོ། །སྟོང་པ་དང་སྙིང་རྗེ་དབྱེར་མི་ཕྱེད་པའི་རང་བཞིན་ནམ་རྒྱུ་བསྟན་པའི་ཕྱིར་དེ་སྟེང་དུ་ཤེས་རབ་ཀྱི་གདོང་བསྟན་པའོ། །པདྨོ་ལས་སྐྱེས་པའི་རྩེ་མོ་ལྔ་ནི་སྲིད་པ་ལས་སྐྱེས་པའི་ཕུང་པོའམ། ས་ལ་སོགས་པ་འབྱུང་བ་ལྔ་རྣམ་པར་དག་པའི་ཡེ་ཤེས་ལྔའི་ངོ་བོ་དེ་བཞིན་གཤེགས་པ་ལྔའོ། །ཕྱོགས་ཀྱི་རྩེ་མོ་རྣམས་དབུས་ཀྱི་རྩེ་མོ་ལ་ཕྱོགས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་ཐམས་ཅད་སེམས་ལས་ཕྱི་རོལ་དུ་མེད་དེ། སེམས་ཀྱི་ངོ་བོ་གཟུང་བ་དང་འཛིན་པའི་རྟོག་པས་སྟོང་པ་རང་རིག་པའི་ཡེ་ཤེས་ཏེ། དེ་བཞིན་གཤེགས་པའི་དབུགས་དབྱུང་བའོ། །ར་རྣམས་ལ་མེ་ཏོག་གསུམ་མཚན་པ་ནི་རྣམ་པར་ཐར་པའི་སྒོ་གསུམ་སྟེ། སེམས་ཉིད་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པས་སེམས་ཉིད་རང་བཞིན་མེད་པ་སྟེ། རྡོ་རྗེ་འཆང་གི་དབུགས་དབྱུང་བའོ། །དེ་ལྟ་བུའི་དྲིལ་བུ་སློབ་མའི་ལག་ཏུ་གཏད་པ་ནི་རྗོད་པར་བྱེད་བའི་སྒྲ་དང་ཆོས་ཉིད་རྟོགས་པར་བྱེད་པའི་རྒྱུ་སྟེར་བའོ། །མིག་གི་དབང་བསྐུར་བ་ནི་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཏེ། ཆོས་ཐམས་ཅད་སྒྲོམ་བཏགས་པ་དང༌། མིང་མེད་མཚོན་པར་བྱེད་པའི་ཕྱིར་སྔར་ཀྱི་མིང་དོར་བའོ། །ཕྱིས་ཀྱི་མིང་འདོགས་པ་ནི་མེ་ཏོག་གར་ལྷུང་བའི་རང་གི་རིགས་ཀྱི་ལྷ་ལས་མིང་དྲངས་ནས་འདོགས་པ་སྟེ། བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལ་འོས་པའམ་སྐལ་བ་དང་ལྡན་ནོ་ཞེས་བྱ་བའོ། །དེ་ལྟར་དབང་ལྔ་པོ་དེ་དག་ནི་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཡིན་བས་རིགས་ལྔའི་དབང་ཞེས་བྱའོ། །དེ་བཞིན་གཤེགས་པ་ལྔ་དང་ཡེ་ཤེས་ལྔའི་རང་བཞིན་གྱིས་མ་རིག་པ་བཀག་ནས་རིག་པའི་ངོ་བོར་བྱས་པས་ན་རིག་པའི་དབང་ལྔ་ཞེས་བྱའོ། །རྗེས་སུ་གནང་བ་དང༌། དེ་ནས་གཞན་ཡང་དྲུག་པ་ནི་རྡོ་རྗེ་སེམས་དཔའི་དབང་ཞེས་བྱ་སྟེ། རྡོ་རྗེ་རིགས་ཀྱི་དམ་ཚིག་རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཟུང་དུ་འཇུག་པ་བརྗོད་པར་བྱ་བ་ཡིན་པས་ཁྱོད་ཀྱིས་ནམ་ཡང་མི་འབྲལ་བར་བྱ་ཞིང་རྟོགས་པར་བྱ་བའི་དམ་ཚིག་གོ །དྲིལ་བུའི་དབང་རིགས་ཀྱི་དམ་ཚིག་ལ་དྲིལ་


DTG078_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་རང་བཞིན་ཏེ། རྗོད་བར་བྱེད་པ་ཡིན་པས་ཁྱོད་ཀྱིས་སེམས་ཅན་རྣམས་ལ་བསྒྲག་པར་བྱའོ་ཞེས་རྟོགས་པར་བྱ་བ་ནི་དམ་ཚིག་གོ །ཕྱག་རྒྱ་རིགས་ཀྱི་དམ་ཚིག་ཞི་རང་ཉིད་ཡི་དམ་ལྷའི་ངོ་བོར་རྟོགས་པར་བྱ་བ་ནི་དམ་ཚིག་གོ །དེ་དག་ནི་རིགས་གསུམ་གྱི་དམ་ཚིག་གོ །སྣོད་དུ་བྱ་བ་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང༌། དཀྱིལ་འཁོར་གྱི་རྣམ་པར་དག་པ་དང༌། ལྷའི་དེ་ཁོ་ན་ཉིད་དང༌། ལྷའི་རྣམ་པར་དག་པ། སློབ་དཔོན་གྱི་ལས་དང༌། དཀྱིལ་འཁོར་བསྒྲུབ་པའི་ལས་དང༌། བཟའ་བ་ལ་སོགས་པའི་དམ་ཚིག་གོ །རྗེས་སུ་གནང་བ་ནི། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སེམས་ཅན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་འདུལ་བ་སྣ་ཚོགས་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཁྱོད་ཀྱིས་སེམས་ཅན་རྣམས་ལ་ཆོས་བཤད་པ་དང༌། དབང་བསྐུར་བར་གྱིས་ཤིག་པའི་གནང་བ་སྟེ། དེ་དག་བྱ་བའི་སྐལ་བ་དང་ལྡན་པར་རྟོགས་པར་བྱ་བའོ། །རྡོ་རྗེའི་བརྟུལ་ཞུགས་ཀྱི་དབང་ནི་ཕྱི་རོལ་གྱི་དཀའ་ཐུབ་ཀྱི་བརྟུལ་ཞུགས་སྤངས་ཏེ་གཉིས་སུ་མེད་པ་འདི་ནི་ཁྱོད་ཀྱི་བརྟུལ་ཞུགས་ཡིན་པས་ཟུང་ཤིག་པའི་དོན་དུ་རྡོ་རྗེ་སྟེར་བའོ། །ལུང་བསྟན་པ་ནི་ཁྱོད་ཉིད་རྡོ་རྗེ་སེམས་དཔའ་སྟེ། སངས་རྒྱས་ཀུན་དང་མཚུངས་པའོ་ཞེས་ཁོང་དུ་ཆུད་པར་བྱའོ། །དབུགས་དབྱུང་བ་ནི་འདི་ནས་བཟུང་ནས་སླར་ངན་སོང་དུ་མི་ལྟུང་ངོ་ཞེས་བྱའོ། །དྲུག་པོ་འདི་དག་ནི་རྡོ་རྗེ་སེམས་དཔའི་ངོ་བོ་ཡིན་པས་ན་རྡོ་རྗེ་སེམས་དཔའི་དབང་ཞེས་བྱའོ། །བུམ་པའི་བྱ་བ་ཐམས་ཅད་ལ་འཇུག་པ་ཡིན་པས་ན་བུམ་པའི་དབང་ཞེས་བྱའོ། །སླར་ངན་སོང་དུ་མི་སྐྱེ་བས་ན་ཕྱིར་མི་ལྡོག་པའི་དབང་ཞེས་བྱའོ། །ཆོས་བཤད་པའི་སྐལ་བ་དང་ལྡན་པས་ན་སློབ་དཔོན་གྱི་དབང་ཞེས་བྱའོ། །ཡེ་ཤེས་ལྔའམ་རིགས་ལྔའི་ངོ་བོར་ལུས་དག་པར་བྱེད་པས་ན་ལུས་རྣམ་པར་དག་པ་ཞེས་བྱའོ། །དེ་དག་ནི་བསྐྱེད་པའི་རིམ་པའི་རྡོ་རྗེ་སློབ་དཔོན་གྱི་དབང་མདོར་བསྡུས་ཏེ་བསྟན་པའོ། །ད་ནི་གཞན་ཡང་ལྷའི་སྒོ་ནས་རྟོགས་པར་བྱ་བ་ནི་ཕུང་པོ་ལ་སོགས་པའི་ཀུན་བརྟགས་རྣམས་གཞན་དབང་ལྷའི་ངོ་བོ་སྟེ། དེ་ཡང་འདི་སྐད་དུ། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་སྔར་ནི་རབ་ཏུ་གྲགས། །ཁམས་དང་སྐྱེ་མཆེད་ཐམས་ཅད་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་གསུངས་པས་ན་ཕུང་པོ་


DTG078_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ནི་སངས་རྒྱས་ལྔའི་ངོ་བོ་ཡིན་ཏེ། དེ་ལ་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་ནོ། །འདུ་ཤེས་ཀྱི་ཕུང་པོ་འོད་དཔག་མེད་དོ། །འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པའོ། །རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པ་ཞེས་བྱ་སྟེ། ཕུང་པོ་ལ་སོགས་པའི་ཞེན་པ་སྤང་བའི་ཕྱིར་ཀུན་བརྟགས་ཕུང་པོ་ལ་གཞན་དབང་དེ་བཞིན་གཤེགས་པ་ལྔས་རྒྱས་བཏབ་སྟེ། དེ་ཡང༌། གང་ལ་གང་གིས་རྒྱས་བཏབ་པ། དེ་དང་དེ་ཡི་ངོ་བོར་གྲགས། །ཞེས་བྱ་བས་ཕུང་པོ་ལྔ་དེ་བཞིན་གཤེགས་པ་ལྔས་རྒྱས་བཏབ་པའི་དུས་ན་ཕུང་པོ་ལྔར་འཛིན་པའི་ཞེན་པ་དང་བྲལ་ཏེ་དེ་བཞིན་གཤེགས་པ་ལྔར་རྟོགས་པར་བྱེད་དོ། །དེ་བཞིན་གཤེགས་པ་ལྔ་ཡང་ཐ་དད་མ་ཡིན་ཏེ། རྣམ་པར་སྣང་མཛད་ནི་སྐུ། འོད་དཔག་ཏུ་མེད་པ་ནི་གསུང༌། མི་བསྐྱོད་པ་ནི་ཐུགས། རིན་ཆེན་འབྱུང་ལྡན་ནི་ཡོན་ཏན། དོན་ཡོད་གྲུབ་པ་ནི་ཕྲིན་ལས་སོ། །དེ་ལྟར་ཐ་དད་མ་ཡིན་པ་ལ་ཐ་དད་གཞན་དབང་ལྷའི་རྣམ་པར་འཛིན་པའི་ཞེན་པ་བཟློག་པའི་ཕྱིར་དང༌། རྣམ་པར་རིག་པ་ཙམ་དུ་རྟོགས་པར་བྱ་བའི་ཕྱིར་བཞི་ལ་མི་བསྐྱོད་པས་བཏབ་སྟེ། དེ་ཡང༌། གང་དང་གང་ལ་རྒྱས་བཏབ་པ། །དེ་དང་དེ་ཡི་ངོ་བོར་འགྲོ། །ཞེས་གསུངས་པས་རྣམ་པར་སྣང་མཛད་ལ་སོགས་པ་བཞི་ལ་མི་བསྐྱོད་པ་རྣམ་པར་ཤེས་པའི་ཕུང་པོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་རྒྱས་བཏབ་པས་གཞན་དབང་ལྷར་འཛིན་པའི་ཞེན་པ་སྤངས་ནས་གཟུང་བ་དང་འཛིན་པའི་རྟོག་པ་སྤངས་ཏེ་གཟུངས་བ་དང་འཛིན་པའི་རྟོག་པས། སྟོང་པ་ཡོངས་སུ་གྲུབ་བས་སེམས་ཉིད་རང་རིག་པར་རྟོག་པ་སྟེ། དེ་བཞིན་གཤེགས་པའི་དབུགས་དབྱུང་བའོ། །དེ་ལ་ད་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང༌། རིན་ཆེན་འབྱུང་ལྡན་ལ་སོགས་པ་དང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ལ་སོགས་པར་འཛིན་ཅིང་རྟོག་པས་སྐྱོ་ཞིང་དུབ་པའི་སྡུག་བསྔལ་བར་གྱུར་བ་རྣམས་མི་བསྐྱོད་པ་སེམས་ཀྱི་ངོ་བོ་དང་རིག་པར་བྱ་སྟེ། རྟོག་པ་དང་གཟུང་འཛིན་གྱི་ཞེན་པ་མེད་པར་ངལ་སོས་པའམ་དབུགས་དབྱུང་བས་ན་དེ་བཞིན་གཤེགས་པའི་དབུགས་དབྱུང་བ་ཞེས་བྱའོ། །དེ་ཡང་གཟུད་བ་དང་འཛིན་པའི་རྣམ་པར་རྟོག་པ་མེད་ཀྱང་རིག་པ་ཙམ་དུ་འཛིན་པའི་ཞེན་པ་ཡོད་པས་རྣམ་པར་རྟོག་པའི་ཟུག་རྡུལ་ཁྱད་པར་མེད་དེ། དཔེར་ན་ལྕགས་


DTG078_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱས་པའི་སྒྲོག་དང༌། གསེར་ལས་བྱས་པའི་སྒྲོག་ལ་རྒྱུ་ལ་ཁྱད་པར་ཡོད་ཀྱང་འཆིང་བ་ལ་ཁྱད་པར་མེད་དོ། །དེ་ལྟར་ཕྱི་རོལ་དུ་འཛིན་པ་དང༌། ནང་སེམས་ཉིད་རང་རིག་པར་འཛིན་པ་ལ་བཟང་དན་ཡོད་ཀྱང་མངོན་པར་ཞེན་པའི་རྣམ་པར་རྟོག་པའི་ཟུག་རྡུ་ལ་ཁྱད་མེད་པས་དེ་ཉིད་ཀྱི་ཞེན་པ་སྤང་བའི་ཕྱིར་རྣམ་པར་ཤེས་བའི་ཕུང་པོའི་རང་བཞིན་མི་བསྐྱོད་པ་ལ་རྡོ་རྗེ་སེམས་དཔའི་རྒྱས་བཏབ་སྟེ། དེ་ཡང༌། གང་ལ་གང་གིས་རྒྱས་བཏབ་པ། །དེ་དང་དེ་ཡི་ངོ་བོར་འགྲོ། །ཞེས་གསུངས་ཏེ། རྡོ་རྗེ་སེམས་དཔའ་སྟོང་པ་ཉིད་ཀྱིས་མི་བསྐྱོད་པ་ལ་རྒྱས་བཏབ་པས་སེམས་ཉིད་སྟོང་པ་ཉིད་དུ་རྟོགས་པར་བྱའོ། །དེ་ཡང་འདི་སྐད་དུ། སྙིང་པོ་བརྟན་ཕྱིར་ཁོང་སྟོང་མིན། །མི་ཆོད་མི་ཕྱེད་མཚན་ཉིད་ཅན། །མི་ཚིག་པ་ངང་མི་ཉམས་པས། །སྟོང་པ་རྡོ་རྗེ་ཞེས་བརྗོད་དོ། །ཞེས་གསུངས་སོ། །རྡོ་རྗེ་སེམས་དཔའ་སྟོང་པ་ཉིད་ཀྱིས་ནི་རྟོག་པའི་མཐའ་བསལ་ལ། མི་བསྐྱོད་པས་ནི་ཆད་པའི་མཐའ་བསལ་ཏེ་ཟུང་དུ་འཇུག་པ་ནི་རྡོ་རྗེ་འཆང་གི་དབུགས་དབྱུང་པ་སྟེ། སེམས་ཉིད་རང་རིག་པའི་ཞེན་པ་ཉིད་རང་བཞིན་མེད་པར་བྱས་ཏེ་དབུགས་དབྱུང་བ་ལ་རྡོ་རྗེ་འཆང་གི་དབུགས་དབྱུང་བ་ཞེས་བྱའོ། །ཕྱི་བསྐྱེད་པའི་རིམ་པ་སྟེ་དབང་པོ་ཐ་མ་མདོར་བསྟན་པའོ།། དེ་ནས་གཞན་ཡང་ཟབ་མོ་བསྐྱེད་པའི་རིམ་པ་ལ་གསང་བའི་དབང་གིས་ངག་རྣམ་པར་དག་བར་བྱེད་པ་བསྟན་པར་བྱ་སྟེ། དེ་ལ་གསང་བའི་དབང་ནི་དང་པོ་སློབ་དཔོན་གྱི་གསང་བའོ། །ཡུམ་དང་གཉིས་བསྐྱེད་པའི་རིམ་པ་ལྷའི་ང་རྒྱལ་དུ་བྱས་ཏེ། མཁའ་གསང་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་ཏེ་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་སྤྲོས་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ་དེ་ཉིད་དུ་ཐིམ་པ་ལས་འོད་དུ་ཞུ་བའི་གཉིས་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་སློབ་མ་ལ་སྦྱིན་པར་བྱའོ། །དེ་ལ་གསང་བའི་དབང་ལ་གཉིས་ཏེ། རྗེ་བཙུན་གྱི་གསང་བའི་དཔང་དང༌། རྗེ་བཙུན་མའི་གསང་བའི་དབང་ངོ༌། །རྗེ་བཙུན་གྱི་གསང་བའི་དབང་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལས་ལྕེས་བླང་བར་བྱའོ། །རྗེ་བཙུན་མའི་གསང་བའི་དབང་ནི་བྱང་ཆུབ་ཀྱི་སེམས་པདྨ་ནས་ལྕེས་བླང་བར་བྱའོ། །དེ་ཡང་འདི་སྐད་དུ། ལག་ཏུ་བླང་


DTG078_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་བྱ་ཞིང༌། །ཉ་ཕྱིས་དུང་ཆོས་དག་ཏུ་མིན། །མི་འཆི་ལྕེ་ཡིས་བླང་བར་བྱའོ། །ཞེས་སོ། །དེ་བས་ན་ལྕེ་ཁོ་ནས་བླང་བར་བྱའོ། །ངག་དག་པར་བྱེད་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་འོད་དུ་ཞུ་བའི་བྱང་ཆུབ་ཀྱི་སེམས་སློབ་མའི་ལྕེ་ལ་གཞག་པས་ཞི་རྒྱས་ལ་སོགས་པའི་སྔགས་ནུས་པ་དང་ལྡན་པར་གྲུབ་པར་བྱེད་པའམ། བཟའ་བྱ་དང་བཟའ་བྱ་མ་ཡིན་པའི་རྟོག་པ་དང༌། བཏུང་བྱ་དང་བཏུང་བྱ་མ་ཡིན་པའི་རྟོག་པ་བཅོམ་སྟེ། རང་བཞིན་མེད་པར་བྱེད་པའོ། །གསང་བ་ནི་ཐབས་དང་ཤེས་རབ་གཉིས་ཀྱི་གསང་བ་ལས་བྱུང་བས་ན་གསང་བའོ། །འདིའི་དོན་གཉིས་ཀྱི་སྙིང་པོ་བྱིན་པས་ཐབས་དང་ཤེས་རབ་གཉིས་སུ་མེད་པ་འབྱིན་ནོ་ཞེས་རྟོགས་པར་བྱའོ། །ད་ནི་དེ་བཞིན་གཤེགས་པའི་དབུགས་དབྱུང་བའི་ཟབ་མོ་བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པ་ལ་སོགས་པ་བསྟན་པའི་ཕྱིར་རིམ་པ་བཞིར་འདུས་ཏེ། ལས་ཀྱི་ཕྱག་རྒྱ་དང༌། ཆོས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོ་དང་དམ་ཚིག་གི་ཕྱག་རྒྱའོ། །དེ་ལ་དབང་པོ་རབ་ཀྱི་དབང་དུ་བྱས་ཏེ་ལས་ཀྱི་ཕྱག་རྒྱ་ལ་རིམ་པ་གཉིས་འདུས་ཏེ། ལས་ཀྱི་ཕྱག་རྒྱའི་དུས་སུ་ཐ་མལ་པའི་འདུ་ཤེས་ཀྱིས་གསུངས་པས་ལྷའི་ངོ་བོར་བསྒོམ་ཞིང་མཁའ་གསང་བྱིན་གྱིས་བརླབས་པ་ནི་ཕྱི་བསྐྱེད་པའི་རིམ་པའོ། །དེ་ནས་བོ་ལ་དང་ཀཀྐོ་ལ་སྲུབ་ཅིང་བསྲུབ་པའི་སྤྱོར་བས་དེ་བཞིན་གཤེགས་པའི་དབུགས་དབྱུང་བའང་རྡོ་རྗེ་འཆང་གི་དབུགས་དབྱུང་བ་ལྔ་རུང་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རིག་པ་ཉམས་སུ་མྱོང་བ་ནི་ནང་ཟབ་མོ་བསྐྱེད་པའི་རིམ་པའོ། །དེ་ལྟར་ལས་ཀྱི་ཕྱག་རྒྱ་ལ་རིམ་པ་གཉིས་དང་ལྡན་པས་ན་རིམ་པ་བཞིར་འདུས་ཏེ་ལས་ཀྱི་ཕྱག་རྒྱ་ནི་དཔེའོ། །ཆོས་ཀྱི་ཕྱག་རྒྱ་ནི་རྫོགས་པའི་རིམ་པ་སྟེ་ལམ་མོ། །ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པའི་རིམ་པ་སྟེ་འབྲས་བུའོ། །དམ་ཚིག་ཕྱག་རྒྱ་ནི་མཉམ་གཞག་དང་རྗེས་ཐོབ་དང༌། ཆོས་སྐུ་དང་གཟུགས་སྐུ་གཉིས་སུ་མེད་ཅིང་ཟུང་དུ་འཇུག་པར་སྟོན་པ་ནི་ངོ་བོ་ཉིད་ཀྱི་རིམ་པ་སྟེ་གཞན་གྱི་དོན་དུ་བྱུང་བའོ། །དེ་ལ་རེ་ཞིག་ལས་ཀྱི་ཕྱག་རྒྱ་ལ་ལུས་རྣམ་པར་དག་པར་བྱེད་པ་བསྟན་པར་བྱའོ། །དེ་ལ། ལས་ཀྱི་ཕྱག་རྒྱ་ལུས་ལས་བྱུང༌། །ཆོས་ཀྱི་ཕྱག་རྒྱ་ངག་ལས་ཏེ། །ཕྱག་རྒྱ་ཆེན་པོ་ཡིད་ལས་སོ། །དམ་ཚིག་ཕྱག་རྒྱ་ཀུན་དུ་འགྲོ་།ཞེས་གསུངས་


DTG078_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ལུས་ཀྱི་ལས་སོ། །ཕྱག་རྒྱ་ནི་དེས་མཚོན་པར་བྱེད་པས་སོ། །ལས་ཀྱི་ཕྱག་རྒྱ་དེ་ཡང་གསུམ་སྟེ། དྲག་པོའི་དབང་དང༌། དབང་བསྐུར་ངན་པ་དང༌། ཡང་དག་པའི་དབང་བསྐུར་རོ། །དེ་ལ་དྲག་པོའི་དབང་ནི་ཕྱི་རོལ་གྱིའོ་བྱེད་པ་དང་འཁྱུད་པ་ལ་སོགས་པའི་ཆའི་སྐབས་སུ་གཟུང་བ་དང་འཛིན་པའི་རྟོག་པ་ཡོད་པ་ལ་རྣམ་པ་སྣ་ཚོགས་ཀྱི་སྐད་ཅིག་མ་སྟེ་དགའ་བའོ། །དེ་ལ་སྲུབ་དང་བསྲུབ་པའི་སྦྱོར་བ་ལ་ཕྱི་གཟུང་བའི་རྟོག་པས་སྟོང་ལ་ནང་འཛིན་པའི་ཤེས་པ་ནི་རྣམ་པར་སྨིན་པའི་སྐད་ཅིག་མ་སྟེ་མཆོག་ཏུ་དགའ་བའོ། །བྱང་ཆུབ་ཀྱི་སེམས་ནོར་ངུའོ་གྲོང་དུ་ཕྱིན་པ་ལས་གཟུང་འཛིན་གྱིས་སྟོང་པའི་ཤེས་པ་ཡོངས་སུ་གྲུབ་པ་ནི་རྣམ་པར་ཉེད་པའི་སྐད་ཅིག་མ་སྟེ་དགའ་བྲལ་ལོ། །དེ་ནས་བྱང་ཆུབ་ཀྱི་སེམས་ལྟུང་བ་ལས་གཟུང་འཛིན་གྱི་ཤེས་པ་རྟོག་པ་དང་བཅས་པ་ནི་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་སྟེ། ལྷན་ཅིག་སྐྱེས་པའི་དགའ་བའོ། །འདིར་ཡང༌། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་བྱ་བས་རྟོག་པ་དང་བཅས་པ་དང་མི་རྟོག་པ་དེ་བཞིན་ཉིད་དུ་ཤེས་པར་བྱའོ་ཞེ་ན། འོ་ན་དེ་ལྟ་ན། མཆོག་དང་དགའ་བྲལ་དབུས་སུ་ནི། །མཚོན་བྱ་ཤེས་ནས་བརྟག་པར་གྱིས། །ཞེས་གསུངས་པས་ནི་མཆོག་དགའ་དང་དགའ་བྲལ་གྱི་དབུས་སུ་ལྷན་ཅིག་སྐྱེས་པའི་དགའ་བ་མཚོན་ནས་འདོར་བའོ། །དེས་ན་ཁྱོད་ཀྱི་གཞུང་དང་འགལ་ལོ། །དེ་ཡང་དྲག་པོའི་གཞུང་གིས་འདི་ལྟར་འདོད་དེ། སྒྲའི་ངེས་པར་གཟུང་བ་དྲུག་པས་གཉིས་ཀྱི་བར་ནས་གང་གཙོ་བོར་གྱུར་པ་གཟུང་བ་སྟེ། མཆོག་དགའ་དང་དགའ་བྲལ་གཉིས་ཀྱི་ནང་ངམ་དབུས་ནས་གཙོ་བོར་གྱུར་བ་ནི་དགའ་བྲལ་ལོ། །དེ་བས་ན་དགའ་བྲལ་ཉིད་གཙོ་བོ་ཡིན་ཞེ་ན། མཆོག་གི་མཐའ་དང་དགའ་བྲལ་དབུས། །སྟོང་དང་སྟོང་མིན་ཧེ་རུ་ཀ །ཞེས་གསུངས་པས་ལྷན་ཅིག་སྐྱེས་པ་ནི་མཆོག་དགའ་དང་དགའ་བྲལ་གཉིས་ཀྱི་དབུས་སུ་ཤེས་པར་བྱའོ། །ཡང་དྲག་པོའི་སྦྱོར་བའི་གཞུང་གིས་དེ་ལྟ་བུ་ནི་མ་ཡིན་ཏེ། འདི་ཡང་མཆོག་ཏུ་དགའ་བའི་མཐའ་མ་ལྷན་ཅིག་སྐྱེས་པ་ལ་ལྟོས་ནས་དང་པོ་དགའ་བྲལ་ཏེ། དེས་ན་དགའ་བྲལ་ཡང་ཡིན་ལ་དང་པོ་ཡང་ཡིན་ནོ་ཞེ་ན། ལྷན་ཅིག་སྐྱེས་པའི་རང་བཞིན་མཆོག །མཐའ་དགའ་དང་པོ་ཉིད་དང་ནི། །མུན་པ་ལ་ནི་མར་མེ་


DTG078_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། །དེ་བཞིན་བུས་ཀྱང་ཡིད་ཆེས་གྱིས། །ཞེས་གསུངས་པ་ནི་ལྷན་ཅིག་སྐྱེས་པ་རྡོ་རྗེ་འཆང་གི་ངོ་བོ་སྟེ། དཔེར་ན་མར་མེས་མུན་བ་བཅོམ་ནས་གསལ་བར་བྱས་པ་བཞིན་དུ་མཚོན་བྱེད་དཔེའི་ལྷན་ཅིག་སྐྱེས་བས་མ་རིག་པའི་མུན་བ་བཅོམ་སྟེ། མཚོན་བྱ་དོན་གྱི་ལྷན་ཅིག་སྐྱེས་པ་གསལ་བར་བྱེད་པ་ནི་མཆོག་ཏུ་དགའ་བའི་མཐའ་མ་དགའ་བྲལ། དགའ་བྲལ་གྱི་དང་པོར་ལྷན་ཅིག་སྐྱེས་པ་ཤེས་པར་བྱའོ། །གཞན་ཡང༌། འཁྱུད་དང་འོ་བྱེད་ལ་སོགས་པ། །སྣ་ཚོགས་རྣམ་པས་སྣ་ཚོགས་བཤད། །རྣམ་པར་སྨིན་པ་དེ་ལས་བཟློག །བདེ་བའི་ཡེ་ཤེས་ཟ་བ་ཉིད། །བདག་གིས་བདེ་བ་ཟོས་བ་ཡི། །རོས་ནི་རྣམ་པར་ཉེད་པ་བརྗོད། །མཚན་ཉིད་བྲལ་བ་གསུམ་ལ་ལས་གཞན། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །ཞེས་གསུངས་པའི་ཚིག་གིས་ནི་གོང་དུ་གསུངས་པ་ལྷན་ཅིག་སྐྱེས་པ་ཟོས་པ་ནི་ཉམས་སུ་མྱོང་བ་སྟེ། ཕྱིས་བཞི་པ་དགའ་བྲལ་གྱི་དུས་ན་གྲོགས་ནི་གོང་མ་ལ་རྟོག་ཅིང་དཔྱོད་པ་སྟེ། རྟོག་པ་ཉིད་ཡིན་གྱིས་མི་རྟོག་པར་གྲུབ་པ་མ་ཡིན་ནོ། །ཡང་དྲག་པོའི་སྦྱོར་བའི་གཞུང་གིས་རྣམ་པར་ཉེད་པ་ཉིད་རྟོག་པ་དང་བཅས་པ་ཡིན་ཡང་གནོད་པར་མི་འགྱུར་ཏེ་བསྒྲུབ་པར་བྱ་བ་དགའ་བྲལ་ནི་མི་རྟོག་པ་ཡིན་ནོ་ཞེ་ན། འདི་སྐད་དུ། སྣ་ཚོགས་དང་པོ་དགའ་བ་ཉིད། །རྣམ་སྨིན་ལ་ནི་མཆོག་དགའ་ཉིད། །རྣམ་ཉེད་དགའ་བྲལ་དགའ་བ་ཉིད། །མཚན་བྲལ་ལྷན་ཅིག་སྐྱེས་པ་ཉིད། །ཅེས་གསུངས་པ་དེས་དགའ་བྲལ་ནི་རྣམ་པར་ཉེད་པའི་སྐད་ཅིག་མ་ཉིད་དུ་གསུངས་སོ། །རྣམ་པར་ཉེད་པ་རྟོག་པ་དང་བཅས་པ་ཡིན་པས་དགའ་བྲལ་ཡང་རྟོག་པ་དང་བཅས་པ་ཡིན་པར་ཤེས་པར་བྱའོ། །དེ་བཞིན་དུ་གཞན་ཡང༌། དང་པོར་དགའ་བ་འགྲོ་བའི་གཟུགས། །དེ་བཞིན་མཆོག་དགའ་འགྲོ་པ་ཉིད། །དགའ་བྲལ་དགའ་འགྲོ་བ་ཉིད། །གསུམ་པ་ལྷན་ཅིག་སྐྱེས་པ་མེད། །ཅེས་བྱ་བ་ཡང་གནོད་པ་སྟེ། འགྲོ་བ་ནི་འཁོར་བའོ། །འཁོར་བ་ནི་རྟོག་པའི་ངོ་བོ་འཁྲུལ་པ་ཡིན་པས་ན་དགའ་བྲལ་ཡང་རྟོག་པ་དང་བཅས་པ་ཉིད་དུ་ཤེས་པར་བྱའོ། །དེས་ན་དྲག་པོའི་གཞུང་གིས་བསྒྲུབ་བྱ་དགའ་བྲལ་ཉིད་ཀྱང་ཉམས་པར་འགྱུར་རོ། །དེས་ན་དགའ་བྲལ་གྱི་དགའ་བ་བརྒྱུད་ནས་གྲངས་ཀྱི་གསུམ་པ་ལ་


DTG078_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ཀྱང་དོན་གྱིས་བཞི་པ་ལ་གོ་བར་བྱའོ། །ལྷན་ཅིག་སྐྱེས་པ་གྲངས་ཀྱི་བཞི་པ་ལ་བཤད་ཀྱང་དོན་གྱིས་གསུམ་པ་ལ་རིག་པར་བྱའོ། །འོ་ན་ཅིའི་ཕྱིར་རྒྱུད་དག་ལས་ཡང་དག་དབང་བསྐུར་གྱི་རིམ་པ་ལྷན་ཅིག་སྐྱེས་པ་གསུམ་པ་ལ་མ་བཤད་པ་ཅིའི་ཕྱིར་ཞེ་ན། དེ་ནི་མ་ཡིན་ཏེ། གླེགས་བམ་ལ་མཁས་པ་ཕྱི་རོལ་ལ་སོགས་པའི་མཁས་པ་རྣམས་བླ་མ་ལ་མི་ལྟོས་པར་སྒྲ་ཡིས་ཚིག་གཏན་ལ་ཕབ་སྟེ། ཚད་མའི་དོན་གཏན་ལ་ཕབ་ནས་སྔགས་ཀྱི་དོན་ཟབ་མོ་དབང་ཟ་བར་བྱེད་པ་དེ་རྣམས་དགག་པའི་ཕྱིར་རྒྱུད་དུ་དཀྲུགས་པའོ། །བླ་མ་ལ་མ་ལྟོས་ན་སྐྱོན་ཅིར་འགྱུར་ཞེ་ན། དེ་ཡང་འདི་སྐད་དུ། དངོས་གྲུབ་བླ་མའི་རྗེས་འབྲངས་གསུངས། །ཞེས་བྱ་བ་དང༌། བླ་མ་མཉེས་བྱས་ཡང་དག་འདོད་པ་བླ། །ཞེས་བྱ་བའི་ཚིག་གིས་སོ། །དྲག་པོའི་སྦྱོར་བ་དགག་པ་བསྟན་པའོ། །དེ་ནས་གཞན་ཡང་དབང་བསྐུར་ངན་པ་བསྟན་པར་བྱའོ། །དེ་ལ་ཕྱི་རོལ་གྱི་འོ་བྱེད་པ་དང་འཁྱུད་པ་ལས་གཟུང་བ་དང༌། འཛིན་པའི་རྟོག་པ་ཡོད་པ་ནི་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་སྟེ་དགའ་བའོ། །དེ་ནས་པོ་ལ་དང་ཀཀྐོ་ལ་མཉམ་པར་སྦྱོར་བ་ལས་ཕྱི་གཟུང་བའི་རྟོག་པས་སྟོང་ལ་ནང་འཛིན་པའི་ངོ་བོ་ནི་རྣམ་པར་སྨིན་པའི་སྐད་ཅིག་མ་སྟེ་མཆོག་ཏུ་དགའ་བའོ། །རྡོ་རྗེ་ནོར་བུའི་དཀྱིལ་དུ་ཀུན་རྫོབ་ཀུནད་ལྟ་བུ་དོན་དམ་པ་བདེ་བའི་རང་བཞིན་གྱིས་ཁྱབ་པའོ། །བྱང་ཆུབ་སེམས་ཀྱིས་སླེབ་པར་གྱུར་པ་ལས་གཟུང་བ་དང་འཛིན་པ་སྟོང་པའི་སེམས་ཡོངས་སུ་གྲུབ་པར་རིག་པ་ཉིད་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་སྟེ་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ནས་བྱང་ཆུབ་སེམས་ཀྱི་ཁུ་བ་ལྷུང་བ་ལས་བདེ་བ་ཉམས་ཏེ་རྟོག་པ་དང་བཅས་པར་གྱུར་པ་ལས་གཟུང་འཛིན་ཤེས་པའི་རྣམ་པར་ཉེད་པའི་སྐད་ཅིག་མ་སྟེ། དགའ་བྲལ་གྱི་དགའ་བའོ། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་བྱ་བའི་བཞི་པ་དགའ་བྲལ་རྟོག་བཅས་དང་གསུམ་པ་ལྷན་ཅིག་སྐྱེས་པ་མི་རྟོག་པ་བཞིན་དུ་ཤེས་པར་བྱའོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་དབུགས་དབྱུང་བ་སྟེ། ཟབ་མོ་བསྐྱེད་པའི་རིམ་པའོ། །དེ་བཞིན་གཤེགས་པའི་དབུགས་དབྱུང་བ་ཡང་རྣམ་པར་རིག་པ་ཙམ་དུ་འདོད་པ་སྟེ་དམན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཕྱི་རོལ་པའི་གཞུང་


DTG078_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བ་དང་རིག་བྱེད་པ་དང་མཐུན་པའི་ཕྱིར་རོ། །ཅི་ཞི་བ་ལ་སོགས་པ་ལ་འདི་ལྟ་བུ་ཡོད་དམ་ཞེ་ན། ཡོད་དེ། ཞི་བ་ངེས་པར་བསྒྲགས་པའི་ལྷ་མོས་ཞུས་པ་ཞེས་བྱ་བའི་རྒྱུད་ལས། ལྷ་མོ་རིན་ཆེན་གྲོང་ཁྱེར་འདིར། །པདྨའི་ཟེའུ་འབྲུར་ཞུ་བར་འགྱུར། །མཉམ་འདུས་དྲག་པོ་ཞི་བ་མཆོག །དེ་ཉིད་ནུས་པ་མཆོག་གི་མཆོག །ཅེས་བྱ་བ་ལ་སོགས་པ་དབང་བསྐུར་བར་ངེས་ནས་གསུངས་སོ། །དེ་བས་ན་མུ་སྟེགས་པ་དང་ཐུན་མོང་གི་གྲུབ་མཐའ་སྟེ། སངས་རྒྱས་པའི་གཞུང་ནི་མ་ཡིན་ནོ། །དེས་ན་དབང་བསྐུར་བའམ་དམན་པ་ཞེས་བྱའོ། །འོན་ཡང་དག་པ་མ་ཡིན་ན་ཅིའི་ཕྱིར་དེ་བཞིན་གཤེགས་པས་དབུགས་དབྱུང་བའི་དབང་བསྐུར་ངན་པ་བསྟན་ཞེ་ན་མ་ཡིན་ཏེ། འདི་ནི་སེམས་ཅན་བློ་དམན་པའི་ལས་དང་པོ་པ་དྲང་བའི་དོན་དུ་སྟོན་པའོ། །དེ་བས་ན་དྲང་བའི་དོན་ཡིན་གྱི་ངེས་པའི་དོན་ནི་མ་ཡིན་ནོ། །དེ་ནས་གཞན་ཡང་ངེས་པའི་དོན་ཡང་དག་པའི་དབང་བསྐུར་བའི་རིམ་བ་རྡོ་རྗེ་འཆང་གི་དབུགས་དབྱུང་བ་བསྟན་པར་བྱ་སྟེ། ཐོག་མར་ཕྱི་རོལ་གྱི་བྱ་བའོ་བྱེད་པ་དང་འཁྱུད་པ་ནས་བརྩམས་ཏེ་བོ་ལ་དང་ཀཀྐོ་ལ་མཉམ་པར་སྦྱོར་བའི་སྲུབ་པ་དང་བསྲུབ་པའི་སྦྱོར་བའི་དུས་སུ་གཟུང་བ་དང་འཛིན་པའི་རྟོག་པའི་ཤེས་པ་ནི་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་སྟེ། དགའ་བ་དང་པོའོ། །དེ་ཡང་འདི་སྐད་དུ། ཨེ་ཡི་ཆ་བྱད་བཟང་པོ་གང༌། །དབུས་སུ་ཝཾ་གྱིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་གསུངས་པས། དགའ་བ་ཐམས་ཅད་ཆོས་ཀྱི་འབྱུང་གནས་སུ་ཤེས་པར་བྱ་བའི་ཕྱིར་འོ་བྱེད་འཁྱུད་པའི་བྱ་བ་གཅིག་པུ་ལ་དགའ་བ་ནི་མ་ཡིན་ནོ། །དེ་ཡང་འདོད་རྒྱལ་མ་ཡིན་ཏེ། ལུང་ལས་མདོར་བསྟན་པ་དང༌། རྒྱས་པར་བསྟན་པ་དང༌། རབ་ཏུ་རྒྱས་པར་བསྟན་པའོ། །དེ་ལ་མདོར་བསྟན་པ་ནི། འཁྱུད་དང་འོ་བྱེད་ལ་སོགས་པ། །སྣ་ཚོགས་རྣམ་པ་སྣ་ཚོགས་བཤད། །ཅེས་བྱ་བ་ནི་འཁྱུད་པ་དང་འོ་བྱེད་པ་ནས་བརྩམས་ཏེ། དེ་ལ་སོགས་པའི་སྒྲས་བྷ་ག་དང་ལིངྒ་མཉམ་པར་སྦྱོར་པས་སྲུབ་དང་བསྲུབ་པའི་སྦྱོར་བ་ནི་དགའ་བར་རིག་པར་བྱའོ། །འོ་ན་ཅི་སོགས་པའི་སྒྲའི་མཉམ་པར་སྦྱོར་བ་ཇི་ལྟར་རྟོགས་པར་བྱ་ཞེ་ན། རྟོགས་པར་བྱ་བའི་ཕྱིར་རྒྱས་པར་བཤད་པ། ཤེས་རབ་བཅུ་དྲུག་ལོན་


DTG078_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། །ལག་པ་གཉིས་ཀྱིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བས། །སློབ་དཔོན་དབང་དུ་རབ་ཏུ་བརྗོད། །ཅེས་གསུངས་པས་སློབ་དཔོན་གྱི་དབང་ནི་དགའ་བ་དང་པོ་སྟེ། རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །ཞེས་བྱ་བ་ནི་བོ་ལ་དང་ཀཀྐོ་ལ་མཉམ་སྦྱོར་བའོ། །དེས་ན་དགའ་བ་དང་པོ་ཡང་མཉམ་པར་སྦྱོར་བ་ལས་རྟོགས་པར་བྱའོ། །འོ་ན་ཅི་དགའ་བ་དང་པོ་སྒྲུབ་པར་བྱེད་པ་ལ་སློབ་དཔོན་གྱི་དབང་གི་ཚིགས་སུ་བཅད་པས་ཇི་ལྟར་རྟོགས་པར་བྱ་ཞེ་ན། དེ་ཉིད་ཀྱི་ཕྱིར་རབ་ཏུ་རྒྱས་པར་བཤད་པ། སློབ་དཔོན་གསང་བ་ཤེས་རབ་དང༌། །བཞི་པ་དེ་ཡང་དེ་བཞིན་ནོ། །དབང་ནི་བཞི་ཡི་གྲངས་ཀྱིས་ནི། །དགའ་བ་ལ་སོགས་རིམ་ཤེས་བྱ། །ཞེས་གསུངས་པས། སློབ་དཔོན་གྱི་དབང་ནི་དགའ་བ་སྟེ། བོ་ལ་དང་ཀཀྐོ་ལ་མཉམ་པར་སྦྱོར་བ་ལབ་རིག་པར་བྱའོ། །འོ་ན་ཆུའི་དབང་ལ་སོགས་པ་སློབ་དཔོན་གྱི་དབང་དུ་བཤད་པ་དེ་དགོས་པར་མི་འགྱུར་རམ་ཞེ་ན་མ་ཡིན་ཏེ། དེ་ནི་ཕྱི་བསྐྱེད་པའི་རིམ་པ་སྟེ། རྫོགས་པའི་རིམ་པ་མ་ཡིན་ནོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་ཀུནདའི་ཁ་དོག་ལྟ་བུ་ལ་དོན་དམ་བདེ་བའི་རང་བཞིན་གྱིས་རྡོ་རྗེ་ནོར་བུའི་དཀྱིལ་ན་གནས་པ་ལ་གཟུང་བ་དང་འཛིན་པས་སྟོང་པའི་ཤེས་པ་རང་རིག་པ་ཡོངས་སུ་གྲུབ་པ་ཉམས་སུ་མྱོང་བ་ནི་རྣམ་པར་སྨིན་པ་སྐད་ཅིག་མ་ལ་མཆོག་ཏུ་དགའ་བ་འགྲུབ་པའོ། །དེ་ཡང་མདོར་བསྟན་པ་དང༌། རྒྱས་པར་བསྟན་པ་རྣམ་པ་གཉིས་ཀྱིས་རྟོགས་པར་བྱའོ། །དེ་ལ་མདོར་བསྟན་པ་ནི། རྣམ་པར་སྨིན་པ་དེ་ལས་བཟློག །བདེ་བའི་ཡེ་ཤེས་ཟབ་པ་ཉིད། །ཅེས་གསུངས་པས་རྣམ་པར་སྨིན་པ་དེ་ལས་བཟློག་པ་སྟེ། དེ་ཞེས་བྱ་བ་ནི་རྣམ་པ་སྣ་ཚོགས་ཏེ་གཟུང་འཛིན་ནོ། །གཟུང་འཛིན་ལས་བཟློག་པ་ནི་གཟུང་འཛིན་གྱིས་སྟོང་པ་ཡོངས་སུ་གྲུབ་པ་རང་རིག་པ་ནི་རྣམ་པར་སྨིན་པའི་སྐད་ཅིག་མ་སྟེ། མཆོག་ཏུ་དགའ་བའོ། །འོན་ཏེ་འདི་ཡང་རྣམ་པར་སྨིན་པའི་སྐད་ཅིག་མ་སྟེ། མཆོག་ཏུ་དགའ་བ་ནི་མ་ཡིན་ནོ་ཞེ་ན། མཆོག་ཏུ་དགའ་བ་རྟོགས་པར་བྱ་བའི་ཕྱིར་རྒྱས་པར་བཤད་པ། མཆོག་ཏུ་དགའ་བ་ཡང་དག་ཐོབ། །སྣ་ཚོགས་སྤངས་པའི་སྐད་ཅིག་ལ། །སྟོན་པས་སྨྲས་པ་སེམས་དཔའ་ཆེ། །བདེ་བ་ཆེན་པོ་རྣམ་པར་ཟུང༌། །ཞེས་གསུངས་པ་ནི་སྣ་ཚོགས་སྤངས་པ་ཡིན་ཏེ།


DTG078_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ནི་རྣམ་པ་སྣ་ཚོགས་སོ། །དེ་སྤངས་པའི་སྐད་ཅིག་མ་ནི་རྣམ་པར་སྨིན་པ་སྟེ་མཆོག་ཏུ་དགའ་བའོ། །ད་ནི་ལྷན་ཅིག་སྐྱེས་པ་བསྟན་པའི་ཕྱིར། རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཡན་ལག་མེད་པའི་རྩིས་ལས་འདས། །ཞེས་གསུངས་ཏེ། བདེ་བ་ཆེན་བོའི་འཁོར་ལོའི་ཡི་གེ་ཧཾ་འོད་དུ་ཞུ་ནས་བཅུ་དྲུག་གི་ཕྱེད་བརྒྱད། བརྒྱད་ཀྱི་ཕྱེད་ཐིག་ལེ་བཞི་སྟེ། གཉིས་ཀཀྐོ་ལར་ལྷུང་ནས། གཉིས་རིགས་ཀྱི་བདག་པོའི་ཁ་དང༌། མཛེས་མའི་སྤྱི་བོ་ན་མཉམ་པར་གནས་སོ། །དེ་ཡང་འདི་སྐད་དུ། གཉིས་གནས་གཉིས་ནི་མཉམ་པའི་དབུས། །རྡོ་རྗེ་ནས་ལྷུང་པདྨར་རེག །མི་བསྐྱོད་རྡོ་རྗེ་ནས་ལྷུང་བ། །རྡོ་རྗེ་པདྨ་ལ་རེག་པ། །རྒྱུ་ལ་འབྲས་བུས་རྒྱས་བཏབ་ཅིང༌། །འབྲས་བུ་ལ་ཡང་རྒྱུས་རྒྱས་གདབ། །འདི་ནི་བདེ་ཆེན་རྒྱལ་པོ་ཡིན། །ཞེས་གསུངས་པས་ཐིག་ལེ་གཉིས་ལྷུང་ནས་གཉིས་མཉམ་པར་གནས་ཏེ། དེ་ཡང་རིགས་ཀྱི་བདག་པོའི་ཁ་ན་གནས་པ་མི་བསྐྱོད་པ་སྟེ། རང་རིག་པ་ཉིད་ཉམས་སུ་མྱོང་བ་ནི་ཐབས་སོ། །མཛེས་མའི་སྤྱི་བོ་ན་གནས་པ་རྡོ་རྗེ་སེམས་དཔའ་སྟེ། སྟོང་པ་ཉིད་རང་བཞིན་མེད་པ་ནི་ཤེས་རབ་པོ། །འབྲས་བུ་རྡོ་རྗེ་སེམས་དཔས་རྒྱུ་མི་བསྐྱོད་པ་ལ་རྒྱས་བཏབ་བས་རྟག་པའི་མཐའ་བསལ་ནས་ཉམས་སུ་མྱོང་བ་ཉིད་རང་བཞིན་མེད་པར་བྱེད་དོ། །ཡང་མི་བསྐྱོད་པས་རྡོ་རྗེ་སེམས་དཔའ་ལ་རྒྱས་བཏབ་པས་ཆད་པའི་མཐའ་བསལ་ནས་རང་བཞིན་མེད་པ་ཉིད་ཉམས་སུ་མྱོང་བར་བྱེད་དོ། །དེ་ལྟར་ན་ཉམས་སུ་མྱོང་བ་དང༌། སྟོང་པ་ཉིད་ཟུང་དུ་འཇུག་པའོ། །དེ་ཉིད་ལ་རྡོ་རྗེ་སེམས་དཔའ་སྟོང་པ་ཉིད་དང་སྙིང་རྗེ་དང་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ཞེས་བྱ་སྟེ། མཐའ་གཉིས་ལ་མི་གནས་པའོ། །དེ་ཉིད་གཞན་གྱིས་བསྒྲུབ་པའི་ཕྱིར་མདོར་བསྟན་པ་དང༌། རྒྱས་པར་བསྟན་པ་དང༌། རབ་ཏུ་རྒྱས་པར་བསྟན་པའོ། །བཅོ་ལྔ་ཆ་ཡི་བདག་ཉིད་ཀྱི། །ཟླ་བ་བྱང་ཆུབ་སེམས་སུ་འགྱུར། །བདེ་བ་ཆེན་པོ་ཨཱ་ལིའི་གཟུགས། །རྣལ་འབྱོར་མ་རྣམས་དེ་ཡི་ཆ། །ཞེས་གསུངས་པ་ནི་ཟླ་བ་ཡོངས་སུ་གང་བ་བཅུ་དྲུག་ལ་བཅོ་ལྔའི་ཡོན་ཏན་དང་ཡང་ལྡན་པས་ནི་བྱང་ཆུབ་ཀྱི་སེམས་མཚོན་ཏེ། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་སྟེ། ཨཱ་ལི་ཀཱ་ལའི་གཟུགས་སོ། །ཨཱ་ལི་ལས་ཡི་གེ་ཨ་ནི་རྗེ་བཙུན་ཀྱེའི་


DTG078_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའོ། །ལྷག་མ་བཅོ་ལྔ་ནི་ལྷ་མོ་རྣམས་ཀྱི་ས་བོན་ནོ། །དེས་ན་བཅུ་དྲུག་པའི་ཨཿནི་ཚེག་དྲག་སྟེ། ཐིག་ལེ་གཉིས་སུ་འགྱུར་རོ། །དེ་བས་ན་ཟླ་བ་ནི་བྱང་ཆུབ་ཀྱི་སེམས། བདེ་བ་ཆེན་པོ་ནི་ཨ་ལིའོ། །ཨཱ་ལི་བཅུ་དྲུག་པ་ནི་ཐིག་ལེ་གཉིས་གཉིས་སུ་ཤེས་པར་བྱའོ། །འོ་ན་ཅིའི་ཕྱིར་ཨཱ་ལི་བཅུ་དྲུག་ལ་རྗེ་བཙུན་ཀྱེའི་རྡོ་རྗེའི་རང་བཞིན་བདེ་བ་ཆེན་པོ་ཡིན་ཞེ་ན། དེ་ཉིད་གསལ་བར་བསྟན་པའི་ཕྱིར་རྒྱས་པར་བསྟན་པ། གང་ཕྱིར་བཅུ་དྲུག་ཆ་མེད་པ། །འབད་པས་ཀུན་གྱི་ལྷག་མ་སྤངས། །དོན་གྱི་བྱ་བ་མི་བྱེད་ཕྱིར། །ཞེས་གསུངས་ཏེ། ཨཱ་ལི་བཅོ་ལྔས་ལྷ་མོ་རྣམས་ཀྱི་ས་བོན་བྱེད་ལ་བཅུ་དྲུག་པའི་ཨཱ་ལི་ནི་སྐྱེ་བ་མེད་པ་སྟེ། དོན་གྱི་བྱ་བའམ་འགག་པ་མེད་དོ། །དེས་ན་སྐྱེ་བ་མེད་པ་ནི་རྗེ་བཙུན་ཀྱེའི་རྡོ་རྗེའོ། །དེ་ནས་རྗེ་བཙུན་ཀྱེའི་རྡོ་རྗེ་ཉིད་ཀྱིས་ཐིག་ལེ་གཉིས་སུ་ཇི་ལྟར་ཤེས་ཤེ་ན། གཉིས་སུ་བསྒྲུབ་པར་བྱ་བའི་ཕྱིར་རབ་ཏུ་རྒྱས་པར་བསྟན་པ། མཆོག་གི་མཐའ་དང་དགའ་བྲལ་དབུས། །སྟོང་དང་སྟོང་མིན་ཧེ་རུ་ཀ །ཞེས་གསུངས་སོ། །དེ་བས་ན་མཆོག་ཏུ་དགའ་བ་དང༌། དགའ་བྲལ་གྱི་དབུས་སུ་རྗེ་བཙུན་ཧེ་རུ་ཀ་ནི་ཀྱེའི་རྡོ་རྗེ་ཐིག་ལེ་གཉིས་སོ། །འོ་ན་སྟོང་པའི་སྒྲས་ཐིག་ལེ་ཇི་ལྟར་ཤེས་ཤེ་ན། དེ་ཡང་སྔགས་བཏུ་བའི་ལེའུ་ལས། ཨུཤྨ་རྣམས་ཀྱི་བཞི་པ་ལ། །རྡོ་རྗེ་མཁའ་འགྲོ་མ་ཡིས་བརྒྱན། །སྟོང་པས་མནན་ཅིང་སུམ་འགྱུར་ཉིད། །ཅེས་གསུངས་པས་ཨུཤྨའི་བཞི་པ་ནི་ཧའོ། །རྡོ་རྗེ་མཁའ་འགྲོ་མ་ནི་ཨཱུའོ། །སྟོང་པས་མནན་པ་ནི་ཐིག་ལེའོ། །དེ་བས་ན་ཐིག་ལེ་གཉིས་ནི་སྟོང་པ་དང་སྟོང་པ་མ་ཡིན་པ་སྟེ། དངོས་པོ་མ་ཡིན་པ་སྟོང་པ་ནི་རྡོ་རྗེ་སེམས་དཔའི་ཐིག་ལེའི་རྒྱ་དང་ལྡན་པའོ། །སྟོང་པ་མ་ཡིན་པ་ནི་མི་བསྐྱོད་པའི་ཐིག་ལེའི་རྒྱ་དང་ལྡན་པའོ། །དེ་བས་ན་ཟུང་དུ་འཇུག་པ་སྟེ་ཧེ་རུ་ཀའོ། །དེ་ཡང་འདི་སྐད་དུ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སྩོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་ཉིད།། ཀ་ནི་གང་དུའང་མི་གནས་པའོ། །ཞེས་གསུངས་སོ། །དེས་ན་ཤྲཱི་ནི་གཉིས་སུ་མེད་པ་སྟེ། །དེ་ནི་ཧེ་རུ་ཀའོ། །ཧེ་ནི་ཧེ་ཏུ་ཡོ་ག་ཞེས་བྱ་སྟེ། རྒྱུ་མེད་པས་ན་མ་སྐྱེས་པའོ། །རུ་ནི་རུ་པ་ཀ་ཞེས་བྱ་སྟེ། རང་བཞིན་མེད་པའམ། རྣམ་པར་རྟོག་པའི་ཚོགས་དང་བྲལ་བའོ། །ཀ་ནི་ཀ་ཀོ་ཏི་སྟི་ཞེས་བྱ་


DTG078_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། རྟག་ཆད་ལ་སོགས་པའི་མཐའ་གང་ལ་ཡང་མི་གནས་པའོ། །དེ་ལྟ་བུའི་ཟུང་དུ་འཇུག་པ་གཉིས་སུ་མེད་པའི་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་ལ་ལྷན་ཅིག་སྐྱེས་པའོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཁུ་བ་ལྟུང་བར་གྱུར་པ་ལས་བདེ་བ་ཉམས་པ་སྟེ། གཟུང་འཛིན་གྱི་རྟོག་པ་དང་བཅས་བར་གྱུར་པ་ལ་རྣམ་པར་ཉེད་པའི་སྐད་ཅིག་མ་སྟེ། དགའ་བྲལ་གྱི་དགའ་བའོ། །དགའ་བྲལ་ནི་དགའ་བ་རྟོག་པ་དང་བཅས་པ་དང༌། ལྷན་ཅིག་སྐྱེས་པ་མི་རྟོག་པ་གཉིས་གཉིས་སུ་མེད་པར་བསྟན་པའི་ཕྱིར། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་གསུངས་པས་བཞི་པ་ནི་དགའ་བྲལ་ལོ། །དེ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའོ། །ཡང་ཞེས་བྱ་བ་ནི་དགའ་བྲལ་གྱི་དགའ་བའོ། །རྟོག་པ་དང་བཅས་པ་དང་རིགས་པས་དཔྱད་ན་མཐའ་བཞི་ལས་གྲོལ་བ་མི་རྟོག་པར་བསྡུ་བར་བྱའོ། །དེ་བཞིན་ནོ་ཞེས་བྱ་བ་ནི་དགའ་བྲལ་གྱི་དགའ་བ་རྟོག་པ་དང་བཅས་པ་ཡང་ལྷན་ཅིག་སྐྱེས་པ་མི་རྟོག་པ་བཞིན་དུ་ཤེས་པར་བྱའོ། །དེ་བས་ན་རྟོག་པ་དང་མི་རྟོག་པ་གཉིས་ནི་ཐ་མི་དད་པར་ཤེས་པར་བྱའོ། །རྡོ་རྗེ་འཆང་གི་དབུགས་དབྱུང་བ་རྫོགས་པའི་རིམ་པའོ། །ལས་ཀྱི་ཕྱག་རྒྱའི་དགའ་བ་རྣམས་ལྷན་ཅིག་སྐྱེས་པར་རོ་གཅིག་སྟེ། དེ་ཡང་འདི་སྐད་དུ། དགའ་བ་ཆེན་པོ་གཅིག་ཉིད་ལ། །ཕྱེ་བས་རྣམ་བ་བཞི་རུ་འགྱུར། །ཞེའོ། །དེ་བས་ན་དགའ་བ་རྣམས་ནི་ངོ་བོ་གཅིག་པ་སྟེ། མ་རྟོགས་པའི་གང་ཟག་ལ་དེ་རྟོགས་པར་བྱ་བའི་ཕྱིར་ལས་ཀྱི་ཕྱག་རྒྱ་བསྟན་པ་ལས་བདེ་བ་མི་རྟོག་པ་སྐྱེས་པ་དང་རྟོགས་པ་སྟོང་པའི་སེམས་ཀྱི་ཁྱད་པར་གྱི་སྐད་ཅིག་མ་སྟེ། སྐད་ཅིག་མས་ཕྱེ་བས་དགའ་བ་བཞིའོ། །དེས་ན་དགའ་བ་ཐམས་ཅད་སྐད་ཅིག་སྟེ། རྒྱུ་མཐུན་པའི་འབྲས་བུ་ཞེས་བྱའོ། །དཔེ་ལས་ཀྱི་ཕྱག་རྒྱ་མདོར་བསྡུས་ཏེ་བསྟན་པའོ། །ལས་ཀྱི་ཕྱག་རྒྱ་བཅོས་མ་ལས་མ་བཅོས་པའི་ཕྱག་རྒྱ་ཆེན་པོ་མི་འབྱུང་སྟེ། དྲ་བའི་རྒྱུ་ལས་འདྲ་བའི་འབྲས་བུ་འབྱུང་སྟེ། མེ་འདྲ་བ་ལས་མ་ཡིན་པ་བཞིན་དུ་ཆོས་ཀྱི་ཕྱག་རྒྱ་མ་བཅོས་པ་ལས་ཕྱག་རྒྱ་ཆེན་པོ་འབྱུང་གི །བཅོས་མ་ལས་ཀྱི་ཕྱག་རྒྱ་ལས་ནི་མ་ཡིན་ནོ། །དེ་ཡང་འདི་སྐད་དུ། མི་ཡི་ཕྱག་རྒྱ་དང་གིས་འཇིག །དེ་ཡི་ཡེ་ཤེས་ཀྱང་ནི་འཇིག །ཅེས་གསུངས་སོ། །དེས་ན་ལས་ཀྱི་ཕྱག་རྒྱ་ལས་ནི་མ་ཡིན་ནོ། །དེ་ནས་གཞན་ཡང་ཆོས་ཀྱི་


DTG078_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་བསྟན་པར་བྱ་སྟེ། དེ་ལ་ཆོས་ཀྱི་ཕྱག་རྒྱའི་རང་གི་ངོ་བོ་ནི་ཆོས་ཀྱི་ཕུང་པོ་དང་ཁམས་དང༌། སྐྱེ་མཆེད་ལ་སོགས་པ་འགྲོ་བ་སྣ་ཚོགས་ཡིན་ལ། ཕྱག་རྒྱ་ནི་དེ་དག་གི་རང་བཞིན་ལྷན་ཅིག་སྐྱེས་པ་ལས་མ་འདས་པའོ། །དེ་ལ་རེ་ཞིག་དཔེ་ལས་ཀྱི་ཕྱག་རྒྱ་ལ་དགའ་བ་བཞི་བསྟན་པ་བཞིན་དུ་ལམ་ཆོས་ཀྱི་ཕྱག་རྒྱ་ལ་ཡང་དགའ་བ་བཞིར་ཤེས་པར་བྱའོ། །དེ་ལ་དགའ་བ་བཞི་ནི་དཔེ་ལས་ཀྱི་ཕྱག་རྒྱ་ལས་སྐད་ཅིག་མ་གསུམ་པ་ལ་མཚོན་བྱེད་དཔེའི་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བ་ཇི་ལྟ་བ་དེས་མཚོན་བྱ་དོན་གྱི་ལྷན་ཅིག་སྐྱེས་པ་སྟེ། དེ་འདི་སྐད་དུ། ལྷ་དང་མི་ཡི་བདེ་བ་ཡིས། །བསྡུས་བྱས་རྡོ་རྗེ་འཛིན་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པས་ལས་ཀྱི་ཕྱག་རྒྱ་ལས་མཚོན་བྱེད་དཔེའི་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བ་ལས་ཁྱད་པར་དུ་འཕགས་པའི་མཚོན་བྱ་དོན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མི་རྟོག་པ་གཉིས་སུ་མེད་པ་ཉིད་རྐྱེན་ལས་དང་མ་རིག་པའི་སྟོབས་ཀྱིས་མ་རྟོགས་ཀྱང་ལྷན་ཅིག་སྐྱེས་པ་དེ་ཉིད་འགྲོ་བ་སྣ་ཚོགས་ཀྱི་རང་བཞིན་དུ་སྣང་གི །དེ་ལས་གཞན་པ་རྣམས་མ་ཡིན་པར་ཤེས་པ་ནི་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་ལ་དགའ་བའོ། །དེས་ན། འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་གསུངས་པས། འགྲོ་བ་སྤངས་པའི་ཕ་རོལ་ནས་ལྷན་ཅིག་སྐྱེས་པ་རྙེད་པར་མི་འགྱུར་ཏེ། འགྲོ་བའི་རང་བཞིན་ཡོངས་སུ་ཤེས་ན་དེ་ཉིད་ལྷན་ཅིག་སྐྱེས་པ་ཡིན་པས་ན་འགྲོ་བར་འཛིན་པའི་ཞེན་པ་སྤང་བའི་ཕྱིར་འགྲོ་བའི་རང་བཞིན་ལྷན་ཅིག་སྐྱེས་པར་ཤེས་ནས་དེ་བཞིན་ཉིད་ལ་གོམས་པར་བྱས་ན་གོམས་པ་རབ་ཀྱི་མཐར་ཕྱིན་པ་ཙམ་ན་འགྲོ་བ་སྣ་ཚོགས་ཀྱི་ཞེན་པ་སྤངས་ནས་ཐམས་ཅད་ལྷན་ཅིག་སྐྱེས་པར་རྟོགས་པ་ནི་རྣམ་པར་སྨིན་པའི་སྐད་ཅིག་མ་ལ་མཆོག་ཏུ་དགའ་བའོ། །འགྲོ་བ་སྣ་ཚོགས་ཀྱི་ཞེན་པ་སྤངས་ཀྱང་ལྷན་ཅིག་སྐྱེས་པའི་འཛིན་པའི་ཞེན་པ་ཕྲ་མོ་ཡོད་པས་དེ་ཡང་ཁྱད་པར་མ་དམིགས་ན་དཔེར་ན་ལྕགས་ལས་བྱས་པའི་སྒྲོག་དང༌། གསེར་ལས་བྱས་པའི་སྒྲོག་གཉིས་རྒྱུ་ལ་ཁྱད་པར་ཡོད་ཀྱང་འཆིང་བ་ལ་ཁྱད་པར་མེད་དོ། །དེ་བཞིན་དུ་ཐ་མལ་པའི་འགྲོ་བ་སྣ་ཚོགས་སུ་འཛིན་པའི་རྟོག་པ་དང༌། གྱ་ནོམ་པ་ལ་ལྷན་


DTG078_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་སྐྱེས་པ་ཙམ་དུ་འཛིན་པའི་རྟོག་པ་ལ་བཟང་རྟོག་ངན་རྟོག་ཁྱད་པར་ཡོད་ཀྱང་ཞེན་པའི་རྣམ་པར་རྟོག་པའི་ཟུག་རྔུའི་རང་བཞིན་དུ་ཁྱད་པར་མེད་པས་ལྷན་ཅིག་སྐྱེས་པ་ཉིད་དུ་འཛིན་པའི་ཞེན་པ་ལ་འཇུག་པ་ལས་སླར་ལྡོག་པར་བྱ་སྟེ། ཡང་དག་ཏུ་ན་འགྲོ་བ་སྤང་བར་བྱ་བའམ། ལྷན་ཅིག་སྐྱེས་པ་བསྒྲུབ་པར་བྱ་བར་མ་གྲུབ་སྟེ། འགྲོ་བ་སྤངས་པ་ལས་ལྷན་ཅིག་སྐྱེས་པ་གཞན་མ་ཡིད་ནོ། །མ་རྟོགས་པའི་བློ་ལ་ཐ་དད་དུ་སྣང་ཡང་རྟོགས་ན་འགྲོ་བ་ཉིད་ལྷན་ཅིག་སྐྱེས་པ་ཉིད་འགྲོ་བའོ། །དེ་ལྟར་འགྲོ་པ་དང་ལྷན་ཅིག་སྐྱེས་པ་གཉིས་ཀྱི་ཞེན་པ་སྤངས་ཏེ་གཉིས་སུ་མེད་པའི་ཤེས་པ་ཟུང་དུ་འཇུག་པ་ནི་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་ལ་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ལྟར་མཉམ་པར་གཞག་པའི་ཤེས་པ་ལ་གཉིས་སུ་མེད་ཀྱང་རྗེས་ལས་ཐོབ་པ་ལ་སྣ་ཚོགས་ཀྱི་རྟོག་པ་གཟུང་བ་དང་འཛིན་པ་དང་བཅས་པ་ནི་རྣམ་པར་ཉེད་པའི་སྐད་ཅིག་མ་ལ་དགའ་བྲལ་ལོ། །མཉམ་པར་གཞག་པའི་ཤེས་པ་དང༌། རྗེས་ལ་ཐོབ་པའི་ཤེས་པ་གཉིས་སུ་བསྟན་པའི་ཕྱིར། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་བྱ་བ་ལ། བཞི་པ་ཞེས་བྱ་བ་ནི་དགའ་བྲལ་དང་རྗེས་ཐོབ་པོ། །དེ་ནི་ལྷན་ཅིག་སྐྱེས་པ་སྟེ། མཉམ་པར་གཞག་པའི་ཤེས་པའོ། །ཡང་ན་རྗེས་ཐོབ་ཀྱི་རྟོག་པ་ཉིད་མཐའ་བཞི་ལས་གྲོལ་བ་སྟེ། རང་བཞིན་མེད་པའོ། །དེ་བཞིན་ནོ་ཞེས་བྱ་བ་ནི་རྗེས་ཐོབ་ཀྱི་རྟོག་པ་ཡང་མཉམ་གཞག་གི་རྟོག་པ་བཞིན་ནོ། །དེ་བས་ན་མཉམ་གཞག་དང་རྗེས་ཐོབ་གཉིས་སུ་མེད་དེ་ཟུང་དུ་འཇུག་པའོ། །ཆོས་ཀྱི་ཕྱག་རྒྱའི་དགའ་བ་བཞི་ཡང་དགོངས་པ་སྔ་མ་བཞིན་དུ་དགའ་བ་རྣམས་གཅིག་གི་ངོ་བོ་སྟེ། རྣམ་པར་སྨིན་པའི་འབྲས་བུའོ། །དེ་ཡང༌། རྒྱུ་ཆུང་འབྲས་བུ་ཆེ་བའི་ཕྱིར། །རྣམ་པར་སྨིན་པ་རྗེས་སུ་བརྗོད། །ཅེའོ། །དེ་བས་ན་རྒྱུ་ལས་ཀྱི་ཕྱག་རྒྱ་བས་དགའ་བ་ཆུང་ལ་འབྲས་བུ་ཕྱག་རྒྱ་ཆེན་པོ་ཐོབ་ཏུ་རུང་བས་ནི་རྣམ་པར་སྨིན་པའི་འབྲས་བུ་སྟེ། རྣམ་པར་སྨིན་པའི་སྐད་ཅིག་མ་ལ་མཆོག་ཏུ་དགའ་བ་ཞེས་བྱའོ། །ལམ་ཆོས་ཀྱི་ཕྱག་རྒྱ་ཡོངས་སུ་རྫོགས་པའི་རིམ་པ་མདོར་བསྡུས་ཏེ་བསྟན་པའོ། །ཆོས་ཀྱི་ཕྱག་རྒྱ་ཡང་ལས་ཀྱི་ཕྱག་རྒྱ་ལ་ལྟོས་ན་མ་བཅོས་པ་ཡིན་ལ། ཕྱག་རྒྱ་ཆེན་པོ་ལ་ལྟོས་ན་བཅོས་མ་ཡིན་ཏེ། དགག་པ་དང་སྒྲུབ་པ་


DTG078_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་སྟེ་བཅོས་མའོ། །གཞན་ཡང་དཔེ་ལས་ཀྱི་ཕྱག་རྒྱ་ལས་མཚོན་བྱེད་དཔེའི་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བ་ཡང་མཚོན་བྱ་དོན་གྱི་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བ་མེད་པས་ན་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་ཡན་ལག་མ་ཡིན་ནོ། །ད་ནི་ཕྱག་རྒྱ་ཆེན་པོ་ཉིད་བསྟན་པར་བྱ་སྟེ། ཕྱག་རྒྱ་ཆེན་པོའི་རང་གི་ངོ་བོའི་ཕྱག་རྒྱ་ནི་མི་འདའ་བས་ན་ཕྱག་རྒྱ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོའི་བཀའ་རྟགས་ཀྱི་ཕྱག་རྒྱ་ལས་མཐའ་ཁོབ་ཀྱི་རྒྱལ་ཕྲན་དང་བློན་པོ་གང་གིས་ཀྱང་འདའ་མི་ནུས་པ་བཞིན་དུ། ཕྱི་ནང་གི་ཆོས་སྣ་ཚོགས་པ་རྣམས་ཕྱག་རྒྱ་ཆེན་པོ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཟུང་དུ་འཇུག་པའི་ངོ་བོ་ལས་མི་འདའ་བས་ན་ཕྱག་རྒྱ་ཡིན་ལ། ཆེན་པོ་ནི་ལས་ཀྱི་ཕྱག་རྒྱ་དང༌། ཆོས་ཀྱི་ཕྱག་རྒྱ་དང༌། དམ་ཚིག་གི་ཕྱག་རྒྱ་གསུམ་གྱི་ངོ་བོ་ཡིན་པས་ན་ཆེན་པོའོ། །ཅི་ཕྱག་རྒྱ་ཆེན་པོ་ལ་ཡང་དགའ་བ་བཞིར་དབྱེའམ་ཅི་ཞེ་ན། དེ་ནི་མ་ཡིན་ཏེ། ཕྱག་རྒྱ་གསུམ་ལ་དགའ་བ་བཞིར་དབྱེའི་ཕྱག་རྒྱ་ཆེན་པོ་ལ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཕྱག་རྒྱ་ཆེན་པོ་ནི་དྲི་མ་དང་བྲལ་བའི་འབྲས་བུ་སྟེ། དེ་བས་ན་སྐད་ཅིག་མ་གསུམ་དྲི་མ་དང་བཅས་པ་འདིར་མི་འབྱུང་བས་དེས་ཕྱེ་བའི་དགའ་བ་གསུམ་ཡང་འདིར་མི་འབྱུང་ངོ༌། །དེས་ན་དགའ་བ་བཞིར་མི་དབྱེའོ། །རྒྱུ་མཚན་ཡང་ཕྱག་རྒྱ་ཆེན་པོ་ནི་འབྲས་བུ་ལམ་དུ་བྱེད་པའོ། །འབྲས་བུ་ནི་ཕྱག་རྒྱ་ཆེན་པོ་སྟེ། དངོས་པོའི་དེ་ཁོ་ན་ཇི་ལྟ་བར་རྟོག་པ་དེ་ཉིད་དེ། དེ་ལ་དགག་པ་དང་སྒྲུབ་པ་མེད་དེ། དེ་བས་ན་དགའ་བ་བཞི་རུ་མི་དབྱེའོ། །དེ་ཡང་འདི་སྐད་དུ། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་གསུངས་པས་གང་གི་ཚེ་མ་རྟོགས་ན་འཁོར་བ་ཡིན་ལ། རྟོགས་ན་དེ་ཉིད་ཕྱག་རྒྱ་ཆེན་པོ་ཡིན་ལ་དགག་བྱ་དང་བསྒྲུབ་བྱ་མེད་དོ། །དེས་ན་དགའ་བ་བཞི་རུ་དབྱེ་བ་ནི་མ་ཡིན་ནོ། །དེ་ལ་ཕྱག་རྒྱ་ཆེན་པོ་ནི་གཉེན་པོ་དང༌། དེ་ཁོ་ན་ཉིད་དང༌། འབྲས་བུ་གསུམ་ལ་རེ་བ་མེད་པའོ། །དེ་ལ་གཉེན་པོ་ལ་རེ་བ་མེད་པ་ནི་མི་མཐུན་པའི་ཕྱོགས་སེར་སྣ་དང༌། འཆལ་བའི་ཚུལ་ཁྲིམས་དང༌། ཁོང་ཁྲོ་དང༌། ལེ་ལོ་དང༌། རྣམ་པར་གཡེང་བ་དང༌། མ་རིག་པ་སྤང་བའི་ཕྱིར་གཉེན་པོའི་ཕྱོགས་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་སྤང་བྱ་སྤོང་བྱེད་གང་ལ་ཡང་ཞེན་པ་མེད་པའོ། །


DTG078_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཁོ་ན་ཉིད་ལ་རེ་བ་མེད་པ་ནི་དེ་ཁོ་ན་གང་གིས་ཐར་བ་དང༌། ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་དོ་སྙམ་པའི་ཞེན་པ་མེད་པའོ། །འབྲས་བུ་ལ་རེ་བ་མེད་པ་ནི་འཁོར་བ་ལས་གཞན་པའི་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་རོ་སྙམ་དུ་སེམས་པའི་ཞེན་པའི་རྟོག་པ་མེད་པ་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་ཉིད་དོན་ལྔ་དང་ལྡན་པའོ། །ལྔ་ནི་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་དང༌། རང་བཞིན་མེད་པ་དང༌། ཐམས་ཅད་དུ་ཁྱབ་པ་དང༌། མི་འགྱུར་བ་དང༌། དུས་ཐམས་ཅད་པའོ། །དེ་ལ་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་ནི་ཆོས་ཐམས་ཅད་སེམས་ལས་ཕྱི་རོལ་གྱི་དོན་ལོགས་སུ་མ་གྲུབ་པ་སྟེ། རིགས་པས་བརྟགས་ན་ཕྱིའི་དོན་གཅིག་ཀྱང་ཡོད་པ་མ་ཡིན་ནོ། །འོ་ན་སྣང་བ་ཅིའི་ཕྱིར་ཞེ་ན། སེམས་ཉིད་ལས་དང་མ་རིག་པའི་དབང་གིས་སྣ་ཚོགས་སུ་སྣང་ངོ༌། །དེས་ན་སེམས་ལས་གཞན་པ་ཕྱི་རོལ་གྱི་དོན་ཡོད་པ་མ་ཡིན་ཏེ། སེམས་ཉིད་རབ་ཏུ་སྣང་བའོ། །སེམས་ཉིད་ཀྱང་ཡང་དག་པར་བརྟགས་ན་རང་རིག་པ་ཉམས་སུ་མྱོང་བ་ཉིད་རྐྱེན་གཞན་ལ་རག་ལས་ནས་རྟེན་ཅིང་འབྲེལ་པར་འབྱུང་སྟེ་སྐྱེ་བའི་ཕྱིར་ཡང་དག་པར་ན་ངོ་བོ་ཉིད་ཀྱིས་མ་སྐྱེས་པའོ། །དེ་ཡང༌། གང་གི་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལས་སྐྱེས་པའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པ་སྟེ། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་པས་སེམས་ཉིད་ཀྱང་རྐྱེན་གཞན་ལ་རག་ལས་ནས་ཉམས་སུ་མྱོང་བ་སྐྱེ་བས་ན་རང་གི་ངོ་བོས་མ་སྐྱེས་པའོ། །གཞན་ཡང་ཡོད་པ་དང་མེད་པ་གཉིས་ཀ་ལས་སྐྱེ་བ་མི་འཐད་དོ། །ཡོད་པ་སྐྱེ་ན་སྔར་སྐྱེས་པ་ཡང་སྐྱེ་ལ། མེད་པ་སྐྱེ་ན་ནམ་མཁའི་མེ་ཏོག་ཀྱང་སྐྱེ་བར་ཐལ་བས་སོ། །དེ་བས་ན་མ་སྐྱེས་པ་ནི་ངོ་བོ་ཉིད་ཀྱི་སྐྱེ་བ་ཡོད་པ་མ་ཡིན་ནོ། །རང་བཞིན་མེད་པ་ནི་ཡོད་པ་དང་མེད་པ་དང༌། གཉིས་ཀ་དང༌། གཉིས་ཀ་མེད་པའི་ངོ་བོར་མི་གནས་པའོ། །དེ་ལ་ཡོད་པ་མ་ཡིན་པ་ནི་གཅིག་དང་དུ་མ་ལ་སོགས་པའི་རིགས་བས་བརྟགས་ན་གང་གི་ངོ་བོར་ཡང་མ་གྲུབ་པ་ཉིད་དོ། །མེད་པ་མ་ཡིན་པ་ནི་ཉམས་སུ་མྱོང་བ་ཡོད་པའི་ཕྱིར་དང༌། མེད་པའི་དགག་བྱ་གྲུབ་པའོ། །གཉིས་ཀ་མ་ཡིན་པ་ནི། ཡོད་པའི་དངོས་པོ་ཉིད་ལ་རང་བཞིན་མེད་དེ། དེ་ལས་གཞན་པའི་མེད་པ་མི་འགྲུབ་ལ། རང་བཞིན་མེད་པ་མ་གྲུབ་པ་ཉིད་སྣང་གི །རིགས་པས་གྲུབ་པ་སྣང་བ་ནི་མ་ཡིན་ནོ། །དེས་ན་སྣང་བ་


DTG078_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྟོང་པ་ཡིན་ལ་སྟོང་པ་ཉིད་སྣང་བའོ། །གཉིས་ཀ་མེད་པ་མ་ཡིན་པ་ནི་གཉིས་མ་གྲུབ་པས་ན་གཉིས་སུ་མེད་པ་ཉིད་ཀྱང་མ་ཡིན་ནོ། །ཐམས་ཅད་དུ་ཁྱབ་པ་ནི་ཆོས་ཐམས་ཅད་དེའི་ངོ་བོ་ལས་མ་འདས་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་གཅིག་པའི་ངང་བཞིན་ཏེ་ཐ་མི་དད་དོ། །དཔེར་ན་རྒྱ་མཚོ་ཆེན་པོ་ལ་རླབས་དུ་མ་སྣང་ཡང་གཞི་རྒྱ་མཚོ་ཆེན་པོའི་ཆུའི་རང་བཞིན་དུ་རོ་གཅིག་གོ །དེ་བཞིན་དུ་ཆོས་སྣ་ཚོགས་དུ་མར་སྣང་ཡང་དོན་དུ་ན་གཉིས་སུ་མེད་པའི་རང་བཞིན་ལས་མ་འདས་སོ། །དེ་བས་ན་དངོས་པོ་ཐམས་ཅད་ཀྱི་རང་བཞིན་དེ་ཉིད་ཡིན་གྱི་དེ་ལས་གཞན་པ་ནི་མ་ཡིན་ནོ། །མི་འགྱུར་བ་ནི་འགྲོ་འོང་མེད་པ་སྟེ། རྟོགས་པ་དང་མ་རྟོགས་པའི་ཁྱད་པར་གྱིས་འཁོར་བ་དང་མྱ་ངན་ལས་འདས་པ་དང༌། རྟོགས་པ་དང་མ་རྟོགས་པའི་ཡེ་ཤེས་ཞེས་བརྗོད་ཀྱི། དོན་ཡང་དག་པར་ན་ཐ་དད་པ་མ་ཡིན་ཏེ། དཔེར་ན་ཐ་གུ་སྤྲུལ་དུ་སྣང་བ་ནི་ཐ་གུར་མ་རྟོགས་པར་སྤྲུལ་དུ་སྣང་གི་རྟོགས་ན་སྦྲུལ་དུ་སྣང་བའི་རང་བཞིན་ཉིད་ཐ་གུ་ཡིན་ལ་ཐ་གུ་ཉིད་སྤྲུལ་ལོ། །སྦྲུལ་གསལ་བར་བྱ་བའམ་ཐ་གུ་གཞག་པར་བྱ་བ་ཅི་ཡང་མེད་དོ། །དེ་བཞིན་དུ་ཕྱག་རྒྱ་ཆེན་པོ་ཟུང་དུ་འཇུག་པའི་རང་བཞིན་མ་རྟོགས་ན་སྣ་ཚོགས་སུ་སྣང་སྟེ། ཡང་དག་པར་རྟོགས་ན་རྟོག་པ་སྣ་ཚོགས་ཀྱི་རང་བཞིན་ཉིད་མི་རྟོགས་པའི་རང་བཞིན་ཟུང་དུ་འཇུག་པ་ཡིན་ལ། མི་རྟོགས་པ་ཉིད་རྟོག་པ་སྣ་ཚོགས་སུ་སྣང་སྟེ། འདིར་རྟོག་པ་བསལ་བར་བྱ་བའམ། མི་རྟོགས་པ་གཞག་པར་བྱ་བ་ཅི་ཡང་མེད་དོ། །དེ་ཡང་འདི་སྐད་དུ། འདི་རྣམས་ཆོས་ནི་མྱ་ངན་འདས། །རྨོངས་པ་ལ་ནི་འཁོར་བའི་ཚུལ།། རྨོངས་མེད་འཁོར་བ་ངག་པས་ནི། །འཁོར་བ་མྱ་ངན་འདས་པར་འགྱུར། །ཞེས་གསུངས་སོ། །དུས་ཐམས་ཅད་པ་ནི་རྟོགས་ཀྱང་རུང་མ་རྟོགས་ཀྱང་རུང་རང་གི་ངོ་བོ་གཉིས་སུ་མེད་པ་ལས་གཞན་དུ་འགྱུར་བ་མེད་པའོ། །གཞན་ཡང་ཕྱག་རྒྱ་ཆེན་པོ་ལ་སྐུ་གསུམ་དུ་གཞག་པ་ནི་ཉམས་སུ་མྱོང་བའི་ཤེས་པ་ཉིད་ལ་གཞག་སྟེ། དེ་ཡང༌། འདུས་མ་བྱས་པ་ཆོས་ཀྱི་སྐུ། །རྟོགས་པ་ལོངས་སྤྱོད་རྫོགས་མཚན་ཉིད། །སྣ་ཚོགས་འབྱུང་བ་སྤྲུལ་པའི་སྐུ། །གཉུག་མ་ངོ་བོ་ཉིད་ཀྱི་སྐུ། །ཞེས་གསུངས་སོ། །དེས་ན་རྟོག་པ་གང་གིས་ཀྱང་མ་བསླད་པའི་ཤེས་པ་ནི་ཡོད་མེད་ཅེས་བྱ་བ་དང༌།


DTG078_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དང་གཉིས་སུ་མེད་པ་ཞེས་བྱ་བའི་སྒྲོ་སྐུར་གང་མེད་པ་སྟེ་ཆོས་ཀྱི་སྐུའོ། །གཉིས་སུ་མེད་པའི་རང་བཞིན་རྟོགས་ནས་བདེ་བ་ཆེན་པོ་ཉམས་སུ་མྱོང་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །རང་གི་ངོ་བོ་ལས་མ་གཡོས་ཀྱང་སྣ་ཚོགས་སུ་སྣང་བ་ནི་སྤྲུལ་པའི་སྐུའོ། །དེ་ལྟར་ཐ་སྙད་ཙམ་དུ་གསུམ་དུ་དབྱེ་བ་ཡོད་ན་ཡང་དེ་ཁོ་ན་ཉིད་ཀྱི་ཤེས་པ་ལ་དབྱེ་བ་མེད་དེ། ངོ་བོ་གཅིག་པ་ནི་ངོ་བོ་ཉིད་ཀྱི་སྐུའོ། །ཐེག་པ་ཐུན་མོང་གི་སྐུ་གསུམ་རྣམ་པར་གཞག་པ་ནི་ངོ་བོ་ཉིད་ལ་དབྱེ་བ་མེད་དེ། ཆོས་ཚུལ་གྱིས་བརྩིས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་རྣམ་པར་མི་རྟོག་པ་ཅིར་ཡང་མི་འཛིན་པ་ནི་ཆོས་ཀྱི་སྐུའོ། །ས་ཆེན་པོ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་དུ་སྣང་བ་ནི་རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷའི་དཀྱིལ་འཁོར་མཚན་དང་དཔེ་བྱད་དང༌། མི་འཇིགས་པ་ལ་སོག་པས་བརྒྱན་པར་སྣང་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ལྷ་དང་མིའི་མཐོང་བ་མ་དག་པ་ལ་ནི་ཕྱིན་ཅི་ལོག་ཏུ་སྣང༌། མཐོང་བ་དག་པ་ལ་ནི་གང་དང་གང་གིས་འདུལ་བ་ལ་དེ་དང་དེའི་ངོ་བོར་སྐུ་སྣ་ཚོགས་སུ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོའི་བྱིན་རླབས་དང༌། སྔོན་གྱི་སྨོན་ལམ་དང་སེམས་ཅན་གྱི་མོས་པའི་དབང་གིས་སྣང་བ་ནི་སྤྲུལ་པའི་སྐུའོ། །འདི་རྣམས་ཐ་སྙད་ཙམ་དུ་བཤད་ཀྱང་རང་གི་ངོ་བོ་ལ་ཐ་སྙད་ཀྱི་དབྱེ་བ་མེད་དེ། ངོ་བོ་ལྷུན་གྱིས་གྲུབ་པར་གཅིག་པས་ན་ངོ་བོ་ཉིད་སྐུའོ། །དེའི་ཡང་འདི་སྐད་དུ། འཆད་པ་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པ་ང༌། །འཇིག་རྟེན་སྟོན་པ་བསྒྲུབ་བྱ་ང༌། །འཇིག་རྟེན་འཇིག་རྟེན་འདས་པར། །ཞེས་གསུངས་པས། འཆད་པ་པོ་ནི་ལོངས་སྤྱོད་རྫོགས་པའི་སྐུ། ཆོས་ནི་ཆོས་ཀྱི་སྐུ། རང་གི་ཚོགས་ལྡན་ཉན་པ་ནི་སྤྲུལ་པའི་སྐུའོ། །དེས་ན་ཐམས་ཅད་ཀྱི་ངོ་བོ་ཡིན་པས་ན་ངོ་བོ་ཉིད་ཀྱི་སྐུའོ། །དེ་ལྟ་བུའི་རིམ་པ་ནི་ཟུང་དུ་འཇུག་པ་ནི་འོད་གསལ་བ་དང༌། སྟོང་པ་ཉིད་སུ་མེད་པ་སྟེ། ངོ་བོ་ཉིད་ལ་དབྱེར་མེད་ཀྱང་ཆོས་ཚུལ་གྱིས་བརྩིས་ན་འོད་གསལ་བ་དང་སྟོང་པའོ། །རིགས་པས་ཡང་དག་པར་བརྟགས་ན་དངོས་པོ་མེད་པ་ནི་སྟོང་པ་ཡིན་ལ། མཉམ་པར་ཉམས་སུ་མྱོང་བ་ནི་འོད་གསལ་པའོ། །འོད་གསལ་


DTG078_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱང་སྟོང་པ་གཞན་མ་ཡིན་ལ་སྟོང་པ་ལས་ཀྱང་འོད་གསལ་བ་གཞན་མ་ཡིན་ཏེ། དཔེར་ན་སྨིག་རྒྱུ་ལས་ཆུར་སྣང་ཡང་ཡང་དག་པར་ན་ཆུའི་དངོས་པོ་མེད་དོ། །དེ་བཞིན་དུ་འོད་གསལ་བ་ཉིད་ལ་རྣམ་པར་དཔྱད་ན་རང་བཞིན་མེད་པ་སྟོང་པ་ཡིན་ཡང་གཏན་མ་གྲུབ་པ་རི་བོང་གི་རྭ་ལྟ་བུའི་སྟོང་པ་ནི་མ་ཡིན་ནོ། །རང་བཞིན་མེད་པ་སྟོང་པ་ཉིད་འོད་གསལ་བ་ཉམས་སུ་མྱོང་པ་སྟེ། དངོས་པོ་ཡོད་པར་རིགས་པས་གྲུབ་པ་སྣང་བ་ནི་མ་ཡིན་ནོ། །དེ་བས་ན་འོད་གསལ་བ་ཉིད་སྟོང་པ་ཉིད་འོད་གསལ་བའོ། །ཐ་དད་མ་ཡིན་པས་གཉིས་མེད་ཟུང་དུ་འཇུག་པའོ། །ཟུང་དུ་འཇུག་པ་ཡང་གཞན་གྱིས་གཉིས་སུ་སྣང་བའི་ཞེན་པ་བཟློག་པའི་ཕྱིར་ཟུང་དུ་འཇུག་པ་དང་གཉིས་སུ་མེད་པ་ཞེས་བརྗོད་ཀྱི། རང་གི་མཚན་ཉིད་ལ་ཟུང་དུ་འཇུག་པ་དང་གཉིས་སུ་མེད་པ་གཉིས་མ་གྲུབ་པས་ན་ཟུང་དུ་འཇུག་པ་དང༌། གཉིས་སུ་མེད་པ་ཉིད་ཀྱང་མི་གནས་སོ། །དེས་ན་འདི་ལ་མིང་དང་ངོས་གཟུང་བའམ། འདི་ཞེས་བྱ་བ་ནི་གཞག་པ་མེད་དོ། །ལྷུན་གྱིས་གྲུབ་པ་ནི་དཔེར་ན་མཐོ་ཡོར་ལ་མིར་ཤེས་པ་འཁྲུལ་ནས་སྣང་སྟེ། མ་རྟོགས་ན་མིར་སྣང་ཞིང༌། རྟོགས་ན་དེ་ཉིད་མཐོ་ཡོར་ཡིན་ལ། དེས་མི་གསལ་བ་བྱ་བའམ། མཐོ་ཡོར་བསྒྲུབ་པར་བྱ་བ་ཅི་ཡང་མེད་དོ། །དེ་བཞིན་དུ་དོན་རང་གི་ངོ་བོ་གཉིས་སུ་མེད་པའི་རང་བཞིན་མ་རྟོགས་ན་གཉིས་སུ་སྣང་སྟེ། རྟོགས་ཙམ་ན་དེ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་སོ། །འདིར་ཡང་རྟོགས་པ་དང་མ་རྟོགས་པའི་ཁྱད་པར་གྱིས་གཉིས་སུ་སྣང་བའི་རྟོག་པ་དང༌། གཉིས་སུ་མེད་པའི་མི་རྟོག་པ་ཞེས་དགག་སྒྲུབ་བྱེད་ཀྱང་དེ་ཁོ་ན་ཉིད་ཀྱི་ཤེས་པ་ལ་མ་རྟོགས་པའི་དུས་ན་ཡང་དོན་རང་གི་ངོ་བོ་དང་གཉིས་སུ་མེད་དེ་ཟུང་དུ་འཇུག་པའོ། །བླ་མ་དམ་པའི་ཞལ་ནས་རྟོགས་པའི་དུས་ན་ཡང་ཟུང་དུ་འཇུག་པའོ། །འབྲས་བུ་ཕྱག་རྒྱ་ཆེན་པོ་ཐོབ་པའི་དུས་ན་ཡང་དེ་ཉིད་དོ། །དེས་ན་དུས་ཐམས་ཅད་དུ་མི་འགྱུར་བ་ནི་མ་བཅོས་པའོ། །དེ་ལྟ་བུ་དང་ལྡན་པའི་ཕྱག་རྒྱ་ཆེན་པོ་སྟེ། དེ་ལྟར་རྟོགས་པ་ནི་ལྟ་བའོ། །སྒོམ་པ་ནི་དུས་དེ་ཉིད་ལས་སེམས་མ་ཡེངས་པར་འཇོག་པ་ཡིན་ཏེ། དེ་ཡང༌། སྒོམ་པ་པོ་མེད་སྒོམ་པའང་མད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལས། །ལྷ་དང་སྔགས་ཀྱང་ཡང་དག་གནས། །


DTG078_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པས་ན་ཕྱག་རྒྱ་ཆེན་པོ་ཉིད་མི་རྟོག་པ་ནི་བཅོས་མའི་སྒོམ་པ་ཆེད་དུ་གཏད་པ་གང་ཡང་མི་འདོད་དེ། དེ་ཉིད་ཀུན་གྱི་ངོ་བོ་ཡིན་པས་ན། བར་མ་ཆོད་པར་སྤྱོད་ལམ་བཞིར་མ་ཡེངས་པར་བསྒོམ་པར་བྱའོ། །དེ་ཡང་འདི་སྐད་དུ། ཆུ་བོ་ཀླུང་འབབ་གཞུང་དང་ནི། །མར་མེ་འབར་བའི་རྩེ་མོ་ལྟར། །སྔགས་ཀྱི་དེ་ཉིད་རྗེས་འབྲངས་ནས། །རྒྱུན་མི་འཆད་པའི་བསམ་གཏན་ཐོབ། །ཅེས་གསུངས་པས་མཉམ་པར་གཞག་པ་དང་རྗེས་ཐོབ་མེད་པར་ཆོས་ཐམས་ཅད་དེ་ཉིད་ཀྱི་ངོ་བོར་ཤེས་པར་བྱ། གོམས་པར་བྱའོ། །གཞན་ཡང༌། གང་ཡང་སྒོམ་པ་པོ་ཉིད་མེད། །གང་ཡང་རྣམ་པར་སྒོམ་པ་མེད། །བསྒོམ་བྱ་ཉིད་ཀྱང་ཡོད་མ་ཡིན། །དེ་ཡི་དེ་ཉིད་བསྒོམ་པར་བྱ། །ཞེས་གསུངས་པས་སྒོམ་པ་པོ་དང༌། བསྒོམ་པར་བྱ་བ་དང་སྒོམ་པའི་ཆེད་དུ་བྱ་བ་མེད་དེ། དེ་ཉིད་ལ་མ་ཡེངས་པར་གཞག་གོ །དེ་ཉིད་ལ་མ་ཡེངས་པར་བསྒོམས་པ་ཡང་རྟོག་པ་ཐམས་ཅད་གློ་བུར་དུ་རྐྱེན་གཞན་ལ་བརྟེན་ནས་བསྐྱེད་དེ། རང་བཞིན་ངོ་བོས་ནི་མ་སྐྱེས་ལ། །གོང་དུ་རྟོག་པའི་རྐྱེན་མ་ཚོགས་པ་ན། ཤེས་པ་རྐྱེན་གྱིས་མ་བསླད་པ་མ་བཅོས་པའི་གཉུག་མ་སྒྲོ་སྐུར་དང་བྲལ་བ་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་ལས་ཕྱིས་ཤེས་པ་སྐྱེ་བ་རྐྱེན་གྱིས་བསླད་པ་ནི་བརྟགས་ན་ངོས་གཟུང་དུ་མེད་པས་ན། བཞི་པ་དེ་ཡང་དེ་བཞིན་ནོ་ཞེས་བྱ་བས་གོང་བཞིན་དུ་ཤེས་པར་བྱ་སྟེ། བཞི་པ་ནི་ཕྱིས་ཀྱི་རྟོགས་པའི་རྐྱེན་གྱིས་བསླད་པའོ། །དེ་ཞེས་བྱ་བ་ནི་ཤེས་པ་གཉུག་མ་མ་བཅོས་པ་རྐྱེན་གྱིས་མ་བསླད་པའོ། །ཡང་ཞེས་བྱ་བ་ནི་ཕྱིས་ཀྱི་ཤེས་པ་རྟོག་པ་དང་བཅས་པ་ནི་གོང་མར་བསྡུའོ། །དེ་བཞིན་ནོ་ཞེས་བྱ་བ་ནི་སྣང་བའམ་རྟོག་པ་སྐྱེས་མ་ཐག་ཏུ་གོང་མའི་རང་བཞིན་དུ་ཤེས་པར་བྱའོ། །དེ་བས་ན་དབང་པོ་རྣམས་ཡུལ་ལ་མི་དགག་སྟེ། ཅི་དང་ཅི་སྣང་བ་ཐམས་ཅད་དེའི་རང་བཞིན་དུ་ཤེས་པར་བྱའོ། །དེ་ལ་རྟོག་པ་ཅི་སྐྱེས་པ་ལ་རིགས་པས་བརྟགས་ཤིང་རང་བཞིན་མེད་པར་བྱེད་པ་ནི་དམན་པར་འགྱུར་རོ། །དཔེར་ན་སྐྱུར་དུ་རའི་རོ་ཉམས་སུ་མྱོང་ནས་མཐོང་མ་ཐག་ཏུ་སྐྱུར་མོར་ཤེས་ཏེ། སྐྱུར་མོ་ཉིད་ཀྱང་སྐྱུ་རུང་ཡིན་ལ་སྐྱུ་རུ་ར་ཉིད་ཀྱང་སྐྱུར་མོར་ཤེས་སོ། །དེ་བཞིན་དུ་གོང་དུ་ལུང་དང༌། རིགས་པ་དང༌། བླ་མའི་མན་ངག་གིས་ཉམས་སུ་བླངས་ནས་རྟོགས་པས་ཕྱིས་དངོས་པོ་སྣང་བ་ཉིད་སྟོང་པར་ཤེས་ལ། སྟོང་པ་ཉིད་སྣང་བར་ཤེས་སོ། །


DTG078_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་ན་དབྱེར་མེད་པར་བྱའོ། །དེ་ཡང་འདི་སྐད་དུ། གང་ཕྱིར་ཡིད་ཀྱིས་མི་སྒོམ་པར། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཐམས་ཅད་ཆོས་ནི་ཡོངས་ཤེས་ན། །སྒོམ་པ་ཉིད་ནི་སྒོམ་པ་མིན། །ཞེས་གསུངས་པས་དེ་ཉིད་ལ་མ་ཡེངས་པར་འཇོག་པ་ནི་སྒོམ་པའོ། །དེ་ཡང་དོ་ཧ་ལས། མདའ་བསྣུན་གྱིས་སྨྲས་པ། ཀྱེ་ལགས་གང་ཞིག་བརྫུན་པ་དེ་བོར་ལ། །གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང༌། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་པ་སུས་ཀྱང་ཤེས་མི་འགྱུར། །ཞེའོ། །དེས་ན་སྣ་ཚོགས་སུ་སྣང་བ་ཐམས་ཅད་སེམས་ཉིད་ཡིན་ལ། སེམས་ཉིད་ཞེན་པ་ཐམས་ཅད་མེད་པར་རྟོགས་པ་ན་ཅི་བྱུང་པ་ཐམས་ཅད་དེ་ལྟར་ཤེས་པར་བྱས་ལ་བསྒོམ་མོ། །སྒོམ་པ་ལ་ཡང་དཔེ་གསུམ་སྟེ། ཆུ་དངས་པ་དང༌། ནོར་བུ་ཆུ་འདོང་བཅུག་པ་དང༌། མ་རྙོགས་པར་གཞག་པས་དངས་པར་འགྱུར་ཏེ། དེ་བཞིན་དུ་རྟོག་པ་ཐམས་ཅད་འགེགས་པ་དང༌། མི་མཐུན་པའི་ཕྱོགས་ཀྱི་རྟོག་པ་སྤང་པའི་ཕྱིར་གཉེན་པོ་ཡེ་ཤེས་བསྒོམ་པ་ནི་བཅོས་མའི་སྒོམ་པའོ། །ཆུ་མ་རྙོགས་པར་བཞག་ན་རང་དངས་པ་བཞིན་དུ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཤེས་པར་བྱས་ནས་མ་བཅོས་པར་འཇོག་པ་ནི་ཕྱག་རྒྱ་ཆེན་པོའི་སྒོམ་པའོ། །དེ་ལྟ་བུའི་ཤེས་པས་ཅི་དང་ཅི་བྱེད་པ་ཐམས་ཅད་དེའི་རང་བཞིན་དུ་བྱེད་པ་ནི་སྤྱོད་པ་སྟེ། དེ་ཡང་སྤྱོད་པ་ནི་གསུམ་སྟེ། སྤྲོས་པ་དང་བཅས་པའི་སྤྱོད་པ་དང༌། སྤྲོས་པ་མེད་པའི་སྤྱོད་པ་དང༌། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པའོ། །དེ་ལ་སྤྲོས་པ་དང་བཅས་པའི་སྤྱོད་པ་ནི་མཚན་མ་དང་བཅས་པའོ། །སྤྲོས་པ་མེད་པའི་སྤྱོད་པ་ནི་གསང་བ་ལ་སྩོགས་པའི་སྤྱོད་པའོ། །ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ནི་ཕྱག་རྒྱ་ཆེན་པོ་ལས་གཞན་དུ་མ་བསྟན་ཏེ། དེས་ཟིན་པའི་སྤྱོད་པ་ཅི་བྱས་པ་ཐམས་ཅད་ནི་སྤྱོད་པའོ། །དེ་ལྟ་བུ་ལ་གོམས་པར་གྱུར་པས་ལྷུན་གྱིས་གྲུབ་སྟེ། མངོན་དུ་གྱུར་པ་ནི་འབྲས་བུའོ། །དེ་ལྟ་བུའི་ཕྱག་རྒྱ་ཆེན་པོ་ནི་དྲི་མ་དང་བྲལ་བའི་འབྲས་བུ་སྟེ། དྲི་མ་ནི་དགག་པ་དང་སྒྲུབ་པ་ལ་སོགས་པའི་རྟོག་པ་རྣམས་མེད་པ་ནི་དྲི་མ་དང་བྲལ་བའི་འབྲས་བུ་སྟེ། མཚན་ཉིད་དང་བྲལ་བའི་ལྷན་ཅིག་སྐྱེས་པའི་དགའ་བའོ། །འབྲས་བུ་ཕྱག་རྒྱ་ཆེན་པོ་མ་བཅོས་པར་ལྷུན་གྱིས་གྲུབ་ཕ་ངོ་བོ་ཉིད་ཀྱི་རིམ་པ་


DTG078_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྟན་པའོ། །དེ་ལྟ་བུའི་ཕྱག་རྒྱ་ཆེན་པོ་ལས་སེམས་ཅན་གྱི་དོན་དུ་འབྲས་བུ་གཟུགས་ཀྱི་སྐུ་གཉིས་འབྱུང་བ་ནི་དམ་ཚིག་གི་ཕྱག་རྒྱར་བཤད་དེ། དེ་ལ་དམ་ཚིག་ནི་ས་མ་ཡ་འབུམ་སྔེ་སྟེ། ས་ལས་དྲངས་ནས་ས་སཾ་ཀེ་ཏེ་ཞེས་བྱ་བ་སྟེ་བརྡ་ཡིན་ལ། ཕྱག་རྒྱ་ནི་མཚོན་པ་སྟེ། ཧེ་རུ་ཀའི་བརྡའི་སྒོ་ནས་ཐབས་སྣང་བ་མཚོན་ཅིང་བཙུན་མོའི་བརྡའི་སྒོ་ནས་ཤེས་རབ་སྟོང་པ་ཉིད་མཚོན་པར་བྱེད་ལ། གཉིས་པ་འཁྱུད་པའི་བརྡའི་སྒོ་ནས་གཉིས་སུ་མེད་པའི་ཡེ་ཤེས་ཟུང་དུ་འཇུག་པ་མཚོན་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །དམ་ཚིག་གི་ཕྱག་རྒྱ་ལ་ཡང་ལས་ཀྱི་ཕྱག་རྒྱ་བཞིན་དུ་དགའ་བ་བཞིར་དབྱེ་སྟེ། དེ་ལ་དང་པོ་རྒྱུ་བསོད་ནམས་ཀྱི་ཚོགས་ནས་བརྩམས་ཏེ་རྒྱུའི་ཧེ་རུ་ཀ་མངོན་པར་བྱང་ཆུབ་པ་ལྡས་བསྐྱེད་པ་ནི་སྣ་ཚོགས་ཀྱི་རྟོག་པ་ཡོད་པས་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་ལ་དགའ་བའོ། །ལྷ་མའི་འཁོར་ལོ་དབྱུང་པའི་ཕྱིར་མཁའ་གསང་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་ནས་རྡོ་རྗེ་ནོར་བུའི་གྲོང་གི་དཀྱིལ་དུ་བྱང་ཆུབ་ཀྱི་སེམས་ཁུ་བའི་རྣམ་པ་ལས་བདེ་བའི་ངོ་བོ་ཉམས་སུ་མྱོང་བ་ནི་རྣམ་པར་སྨིན་པའི་སྐད་ཅིག་མ་ལ་མཆོག་ཏུ་དགའ་བའོ། །དེ་ནས་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་འདོད་ཆགས་ཆེན་པོའི་རང་བཞིན་ཧོ་དམར་པོ་གཉིས་ཀྱི་བར་དུ་ཆུད་པའི་དྲི་ཟའི་སྲོག་ཆགས་ཞལ་དུ་ཆུད་པས་རྗེ་བཙུན་དང་རྗེ་བཙུན་མ་གཉིས་འོད་དུ་ཞུ་སྟེ། ཟླ་བ་དང་ཉི་མའི་དབུས་ན་གནས་པའི་ཐིག་ལེ་གཉིས་ནི་འོད་གསལ་བ་དང་སྟོང་བའོ། །དེ་ཟླ་བ་ལ་རེག་པའི་ཐིག་ལེ་ནི་ཤེས་རབ་སྟེ་སྟོང་པའོ། །སྟེང་ཉི་མ་ལ་རེག་པ་ནི་འོད་གསལ་བ་སྟེ་ཐབས་སོ། །གཉིས་དབྱེར་མེད་པ་ནི་ཕན་ཚུན་གཅིག་ལ་གཅིག་རྒྱས་བཏབ་པ་སྟེ་ཟུང་དུ་འཇུག་པའོ། །དེ་ནི་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་ལ་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ནས་སྨོན་ལམ་གྱི་དབང་གིས་པུ་ཀྐ་སཱི་ལ་སོགས་པའི་ཆོད་མེད་པའི་ལྷ་མོ་བཞིའི་རྡོ་རྗེ་གླུས་བཞེངས་སུ་གསོལ་ནས་འབྲས་བུའི་ཧེ་རུ་ཀ་གཟུགས་ཀྱི་སྐུར་བཞེངས་པ་ནི་རྣམ་པར་ཉེད་པའི་སྐད་ཅིག་མ་ལ་དགའ་བྲལ་གྱི་དགའ་བའོ། །འདིར་ཡང༌། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་བྱ་བས་སྔ་མ་བཞིན་དུ་ཤེས་པར་བྱའོ། །དགོངས་པ་སྔ་མ་བཞིན་དུ་དམ་ཚིག་གི་ཕྱག་རྒྱའི་དགའ་བ་བཞི་ཡང་


DTG078_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་བྱས་ནས། སྐྱེས་བུའི་བྱེད་པའི་འབྲས་བུ་ཞེས་བྱ་སྟེ། སེམས་ཅན་གྱི་དོན་བྱེད་པས་ན་གཟུགས་ཀྱི་སྐུ་ནི་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་ཏེ། རྣམ་པར་ཉེད་པའི་སྐད་ཅིག་མ་ལ་དགའ་བྲལ་གྱི་དགའ་བར་གཞག་གོ །དེ་ལྟར་ན་དགའ་བ་བཅུ་དྲུག་གོ །འདིར་ཡང་ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་གི་ཕྱག་རྒྱ་གཉིས། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་བྱ་བས་གོང་མ་བཞིན་དུ་གཉིས་སུ་མེད་པར་ཤེས་པར་བྱའོ། །དམ་ཚིག་གི་ཕྱག་རྒྱ་མདོར་བསྡུས་ཏེ་བསྟན་པའོ། །གང་ཞིག་བརྒྱུད་པའི་རིམ་པ་འདི། །བླ་མའི་ཞབས་ལ་ཡུན་རིངས་སུ། །བསྙེན་བཀུར་ལས་བྱུང་གོམས་པ་ཡིས། །བདག་ཉིད་དྲན་ཕྱིར་བྲིས་པ་ཡིན། །གཞན་ཡང་སེམས་ཅན་བདག་འདྲ་དང༌། །དོན་དུ་གཉེར་བ་གཞན་དག་དང༌། །དད་ལྡན་བྱང་ཆུབ་དོན་གཉེར་བའི། །དོན་དུ་བདག་གིས་ཅུང་ཞིག་བྲིས། །གང་ཡང་བདག་བློ་གཏི་མུག་པས། །ལེགས་བཤད་གང་ཡིན་ཉེས་གྱུར་པ། །མ་རྟོགས་དབང་གིས་ནོར་ན་ཡང༌། །མཁས་པ་རྣམས་ཀྱིས་བཟོད་པར་མཛོད། །བླ་མ་བརྒྱུད་པའི་རིམ་པ་འདི། །འབད་པས་བདག་གིས་བྲིས་པ་ལས། །དེས་ནི་དགེ་བ་ཅི་ཐོབ་པས། །སེམས་ཅན་ཕྱག་རྒྱ་ཆེན་པོར་ཤོག །བླ་མ་བརྒྱུད་པའི་རིམ་པའི་མན་ངག་ཅེས་བྱ་བ་ཕྱག་རྒྱ་ཆེན་པོ་རྣལ་དུ་མཚོན་པར་བྱེད་པ། སློབ་དཔོན་ཆེན་པོ་བཛྲ་པཱ་ཎིའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷི་རོཥྐྲྀ་ཛྙཱ་ནའི་ཞབས་དང༌། བོད་ཀྱི་ལོ་ཙཱ་བ་འབྲོག་མི་ཇོ་སྲས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

ཐེག་པ་ཆེན་པོའི་ལམ་གྱི་རིམ་པ།
སྐལ་པ་བཟང་པོའི་རྡོ་རྗེ།


DTG078_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་པ་ཐ་ཀྲ་མ། བོད་སྐད་དུ། ཐེག་པ་ཆེན་པོའི་ལམ་གྱི་རིམ་པ། དཔལ་འཇམ་པའི་མགོན་ལ་ཕྱག་འཚལ་ལོ། །དཔལ་ལྡན་མགོན་པོ་ཀུན་རང་བཞིན། །རྣམ་སྣང་མཇད་ལ་ཕྱག་འཚལ་ཏེ། །སྐལ་ཆེན་དང་ལྡན་དགའ་བའི་ཕྱིར། །ཐག་ཆེན་ལམ་རིམ་བཤད་པར་བྱ། །གང་ཞིག་མི་ཁོམ་གནས་སྤངས་ཏེ། །ཆོས་སྤྱོད་སྐལ་བ་ལྡན་པའི་ཚེ། །བདག་ཉིད་བརྩོན་པར་མི་བྱེད་པ། །འཆི་བའི་སྡུག་བསྔལ་གྱིས་ཉེན་ཅིང༌། །བཞིན་གྱུར་མདངས་ཡལ་བཀྲག་བོར་ཚེ། །བདག་ལ་འགྱོད་པར་ཅིས་མི་འགྱུར། །འཚོ་བ་ཕྲ་མོའི་


DTG078_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཆེད་དག་ཏུ། །སྡུག་བསྔལ་ཆེན་པོ་བཟོད་གྱུར་ན། །སྡུག་བསྔལ་ཀུན་དང་བྲལ་འདོད་པས། །བཟོད་པ་ཆེན་པོ་ཅིས་མི་བསྟེན། །དེ་བས་སྡུག་བསྔལ་འདོར་འདོད་རྣམས། །ཐེག་ཆེན་ལམ་ལ་བརྩོན་པ་དང༌། །དགེ་པའི་བཤེས་ལ་བསྙེན་བཀུར་ཞེས། །བདག་ནི་ཁྱེད་ལ་དེ་སྐད་གདམས། །ལྔ་བརྒྱ་ཐ་མའི་དུས་ཀྱི་ཚེ། །སྙིགས་མ་ལྔ་ཡི་སེམས་ཅན་རྣམས། །ཐེག་ཆེན་སྐལ་ལྡན་ངོ་མཚར་ཆེ། །དེ་བས་སྤྲོ་བ་ཆེན་པོ་བསྐྱེད། །དེ་ལ་ཐེག་ཆེན་རྣམ་གཉིས་ཏེ། །ཕ་རོལ་ཕྱིན་སོགས་ཐེག་ཆེན་དང༌། །ཐེག་པ་ཆེན་པོ་གསང་སྔགས་ཏེ། །དེ་དོན་བསྡུས་རྒྱས་ཤིན་ཏུ་རྒྱས། །ངོ་བོ་ལ་སོགས་བརྗོད་པར་བྱ། །དད་སོགས་བཅས་རྣམས་མཉན་པར་གྱིས། །གང་ཞིག་ཕ་རོལ་ཕྱིན་འདོད་པ། །ཆོ་ག་ལྔ་ཡི་རིམ་པ་ཡིས། །ལམ་རྣམས་ལ་ནི་བགྲོད་བྱ་སྟེ། །ཕ་རོལ་ཕྱིན་སོགས་ལྡན་པར་རོ། །སེམས་བསྐྱེད་སྡོམ་པ་ནོད་པ་དང༌། །དེ་བསྲུང་མཚན་ཉིད་ཤེས་བྱ་དང༌། །སེམས་བསྐྱེད་སྤྱོད་པ་དག་པ་སྟེ། །འདི་ནི་ཆོ་ག་ལྔར་འདོད་དོ། །བསྡུས་པའི་ཚིགས་སུ་བཅད་པའོ། །ད་ནི་དེ་ཉིད་རྒྱས་པར་བསྟན་པར་བྱ་སྟེ། དེ་ཡང་དང་པོ་རིགས་དང་ལྡན་པའི་གང་ཟག་གིས། ཡང་དག་པའི་དགེ་བའི་བཤེས་གཉེན་ལ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱ་ཞིང་སྔོམ་པ་ནོད་པར་བྱའོ། །དེ་ནས་དེ་མི་ཉམས་པར་བསྲུང་བ་ལ་འབད་པར་བྱའོ། །དེ་ལྟར་སྣོད་དུ་རུང་བ་དང་ཐོས་པའི་ཤེས་རབ་ཀྱིས་ཐེག་པ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མཉན་ནས། སྤང་པར་བྱ་བ་དང༌། སྤོང་བྱེད་དང༌། སྤང་བའི་ཐབས་དང༌། སྤངས་པའི་འབྲས་བུ་ལ་སོགས་པའི་མཚན་ཉིད་ཤེས་པར་བྱའོ། །དེ་ནས་སེམས་བསྐྱེད་པར་བྱ་སྟེ། དེ་ཡང་ཡན་ལག་རྣམ་པ་ལྔའོ། །དེ་ལ་ཡན་ལག་ལྔ་ནི། ལམ་དང་ལམ་གྱི་གྲོགས་རྒྱུད་ལ་བསྐྱེད་པ་དང༌། དེའི་ཡུལ་དང༌། སྤང་བར་བྱ་བ་དང༌། སྤོང་པའི་ཐབས་དང༌། ལམ་དེས་སྤངས་པའི་འབྲས་བུའོ། །དེ་ལ་ལམ་ནི་ཚོགས་ཀྱི་ལམ་དང༌། སྦྱོར་བའི་ལམ་དང༌། མཐོང་བའི་ལམ་དང༌། བསྒོམ་པའི་ལམ་མོ། །ལམ་གྱི་ཡན་ལག་ནི་ཞི་གནས་དང༌། ལྷག་མཐོང་རྣམ་པ་གཉིས་སོ། །ཡུལ་ནི་འཇུག་པའི་ཡུལ་དང༌། དམིགས་པའི་ཡུལ་རྣམ་པ་གཉིས་སོ། །སྤང་བར་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པའོ། །སྤང་


DTG078_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཐབས་ནི་ལམ་གྱི་རིམ་པ་བཞིན་དུ་བྱ་སྟེ། སྤྱང་བྱ་ཆེན་པོ་གཉེན་པོ་ཆུང་དུས་སྤང་ལ། སྤང་བྱ་ཆུང་དུ་གཉེན་པོས་སྤོང་བའོ། །སྤངས་པ་ལས་འབྲས་བུ་རྣམ་པ་གཉིས་འབྱུང་ངོ༌། །སྤྱོད་པ་དག་པར་བྱ་བ་ནི་རྣམ་པ་གཉིས་ཏེ། འགྲོ་བ་ལ་སོགས་པའི་གནས་སྐབས་དང༌། མཉམ་པར་མ་བཞག་པའི་གནས་སྐབས་སོ། །དེ་ལྟར་རྒྱས་པར་བསྟན་ནས་ཤིན་ཏུ་རྒྱས་པར་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ངོ་བོ་ལ་སོགས་པ་བརྗོད་པར་བྱ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཡུལ་ནི་གཞན་གྱི་དོན་ནོ། །ངོ་བོ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའོ། །དབྱེ་བ་ནི་རྒྱས་པར་དབྱེ་ན་ཉི་ཤུ་དང་གཉིས་སོ། །བསྡུ་ན་རྣམ་པ་བཞིའོ། །ཤིན་ཏུ་བསྡུ་ན་རྣམ་པ་གཉིས་སོ། །དེ་ལ་ཉི་ཤུ་རྩ་གཉིས་ནི་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་འདོད་པས། འདུན་པ་ས་ལྟ་བུ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པའི་མཚན་ཉིད་དེ་དུས་ཐམས་ཅད་དུ་མི་འགྱུར་བར་འདོད་པས་ན་བསམ་པ་གསེར་ལྟ་བུ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་སོགས་པ་དེ་དག་འཕེལ་པར་འདོད་པས། ལྷག་པའི་བསམ་པ་ཟླ་བ་ཚེས་པ་ལྟ་བུ་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་མིའི་ཁྱད་པར་དང་འདྲ་བ་རྟོགས་པས་སྦྱོར་པ་མེ་ལྟ་བུ་དང༌། སེམས་ཅན་ཚད་མེད་པའི་རྒྱུད་ཚིམ་པར་མཛད་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཏེར་ལྟ་བུ་དང༌། ཡོན་ཏན་རིན་པོ་ཆེ་རྣམས་དེ་ལས་འབྱུང་པས་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེའི་འབྱུང་གནས་ལྟ་བུ་དང༌། མི་སྡུག་པའི་མཚན་མ་ཐམས་ཅད་ཀྱིས་མི་བསྐྱོད་པས་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་ཆེན་པོ་ལྟ་བུ་དང༌། ཡང་དག་པའི་ཤེས་པ་ལ་བརྟེན་པ་མི་ཕྱེད་པའི་ཕྱིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་ལྟ་བུ་དང༌། དམིགས་པ་ཐམས་ཅད་ཀྱི་རྣམ་པར་གཡེང་བས་བསྒུལ་བར་མི་ནུས་པས་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རི་བོ་ལྟ་བུ་དང༌། སྒྲིབ་པ་གཉིས་ཀྱི་ནད་རབ་ཏུ་ཞི་བར་མཛད་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨན་ལྟ་བུ་དང༌། གནས་སྐབས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་ཡོངས་སུ་མི་སྤོང་བས་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་མ་ལྟ་བུ་དང༌། སྨོན་ལམ་ཇི་ལྟ་བུའི་འབྲས་བུས་དོན་མཛད་པས་ན་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་


DTG078_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

དང། གདུལ་བྱའི་སྐྱེ་བོ་རྣམས་ཡོངས་སུ་སྨིན་པར་བྱེད་པས་ན་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་མ་ལྟ་བུ་དང༌། གདུལ་བྱའི་སྐྱེ་བོ་རྣམས་ཀྱི་ཡིད་དགའ་བར་བྱེད་པའི་ཆོས་སྟོན་པས་ན་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དབྱངས་སྙན་པ་ལྟ་བུ་དང༌། མཐུ་ཐོགས་པ་མེད་པའི་མངོན་པར་ཤེས་པ་དང་ལྷན་ཅིག་པར་རྟོགས་པ་ནི། །གཞན་གྱི་དོན་ལྷུར་མཛད་པས་ན་རྒྱལ་པོ་ཆེན་པོ་ལྟ་བུ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྷན་ཅིག་པར་རྟོགས་པ་ནི། མཛོད་ལྟ་བུ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་ལྷན་ཅིག་པར་རྟོགས་པ་ནི། འཕགས་པ་ཐམས་ཅད་ཀྱི་རྗེས་སུ་འགྲོ་ཞིང་བཞུད་པས་ལམ་ཆེན་པོ་ལྟ་བུ་དང༌། །ཞི་གནས་དང་ལྷག་མ་ཐོང་དང་ལྷན་ཅིག་པར་རྟོགས་པ་ནི། །འཁོར་བ་དང་མྱ་ངན་ལས་འདས་པར་མི་ལྟུང་བར་བདེ་བླག་ཏུ་འགྲོ་བས་བཞོན་པ་ལྟ་བུ་དང༌། །གཟུངས་དང་སྤོབས་པ་དང་ལྷན་ཅིག་བར་རྟོགས་པ་ནི། བསྟན་པ་མཐའ་ཡས་པ་འཛིན་ཅིང་མི་ཟད་པས་བཀོད་མ་ལྟ་བུ་དང༌། ཆོས་ཀྱི་དབྱིངས་དང་ལྷན་ཅིག་པར་རྟོགས་པ་ནི། ཐར་པ་འདོད་པ་རྣམས་ཀྱིས་ཐོས་ན་དགའ་བ་ཡིན་པས་སྒྲ་བརྙན་ལྟ་བུ་དང༌། བགྲོད་པ་གཅིག་པའི་ལམ་དང་ལྷན་ཅིག་བར་རྟོགས་པ་ནི། ཐམས་ཅད་ཀྱི་རྒྱུ་གཅིག་བུ་ཡིན་པའི་ཕྱིར། རང་གི་ངང་གིས་འཇུག་པའི་ཕྱིར་ཆུ་བོའི་རྒྱུན་ལྟ་བུ་དང༌། ཆོས་ཀྱི་སྐུ་དང་ལྷན་ཅིག་པར་རྟོགས་པ་ནི། །དོན་གྱི་བྱ་བ་ཐམས་ཅད་དེ་ལ་རིག་ལས་པས་སྤྲིན་ལྟ་བུའོ། །དེ་ལྟར་ཉི་ཤུ་རྩ་གཅིག་པོ་དེ་ཉིད་བཞིར་བསྡུ་སྟེ། དེ་ཡང་འདུན་པ་ལ་སོགས་པ་གསུམ་ནི། ལས་དང་པོ་པའི་གནས་སྐབས་ཏེ། ཆུང་དང་འབྲིང་དང་ཆེན་པའོ། །སྦྱོར་བ་ནི་ངེས་པར་འབྱེད་པའི་གནས་སྐབས་སོ། །སྦྱིན་པ་ལ་སོགས་པ་བཅུ་ནི་རྒྱུའི་གནས་སྐབས་སོ། །མངོན་པར་ཤེས་པ་ལ་སོགས་པ་བརྒྱད་ཀྱིས་ནི་འབྲས་བུ་སྟེ། དེ་ཡང་དང་པོ་ལྔ་ནི་ཁྱད་པར་གྱི་ལམ་མོ། །འོག་མ་གསུམ་ནི་སྦྱོར་བ་དང༌། དངོས་དང་མཇུག་གི་སྒོ་ནས་སངས་རྒྱས་ཀྱི་སས་བསྡུས་པ་སྟེ། སེམས་གང་གིས་དང་པོའི་ལས་ལ་མངོན་པར་སྦྱོར་བ་དང༌། གང་གི་ལས་རྫོགས་པར་བྱེད་པ་དང༌། ལས་རྫོགས་པར་བྱས་པ་ལས་ལེགས་པར་བྱས་པས་སོ་ཞེས་བྱ་བ་ལ་སོགས་པ་དང་གོ་རིམས་བཞིན་ནོ། །དེ་དག་ཉིད་གཉིས་སུ་བསྡུས་ཏེ། །དང་


DTG078_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གསུམ་ནི་སྨོན་པའི་སེམས་སོ། །ལྷག་མ་བཅུ་དགུ་ནི་འཇུག་པའི་སེམས་ཏེ། །དེ་ལ་སྨོན་པ་ནི་དོན་དུ་གཉེར་པའི་རྒྱུ་སྟེ། །དེས་ན་འདིར་གཞན་གྱི་དོན་གྱི་ཕྱིར་སངས་རྒྱས་སུ་འགྲུབ་པར་གྱུར་ཅིག་ཅེས་གསོལ་པ་འདེབས་པ་ནི་སྨོན་པའོ། །འཇུག་པའི་སེམས་ནི་སྡོམ་པ་འཛིན་པ་སྔོན་དུ་འགྲོ་བས་སྤྱིན་པ་ལ་སོགས་པ་ཉམས་སུ་ལེན་པ་ནི་འཇུག་པའི་དོན་ཡིན་ནོ། །དེ་ལ་སྡོམ་པའི་སེམས་པ་སྟེ། ལྔ་ཀུན་དུ་འགྲོ་བའི་སེམས་པ་ཉིད་དོ། །དེའི་མཚན་ཉིད་ནི་བསྟན་དུ་མེད་པ་ཐོགས་པ་མེད་པའོ། །དབྱེ་བ་ནི་ཐུན་མོང་སྟེ། སྲོག་གཅོད་པ་སྤོང་བ་ལ་སོགས་པ་དང༌། ཐུན་མོང་མ་ཡིན་པ་སྟེ། གནོད་སེམས་ལ་སོགས་པ་སྤོང་ཞིང་གཞན་གྱི་དོན་ལ་འབད་པ་ལ་སོགས་པ་ཐམས་ཅད་དོ། །སྡོམ་པའི་སེམས་བ་དེས་ལུས་ངག་ཡིད་གསུམ་བྱ་བ་མ་ཡིན་པའི་ལས་ལ་མི་འཇུག་པས་སྡོམ་པའོ། །སེམས་བསྐྱེད་ཅིང་སྡོམ་པ་མནོད་པ་ཡང༌། བླ་མ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང༌། སྡོམ་པ་ལ་གནས་པ་མཁས་པ་ནུས་པ་དང་ལྡན་པ་ལས་བླང་ངོ༌། །དེ་མེད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡིད་ཀྱིས་དམིགས་ལ་བླང་བར་བྱའོ། །སེམས་བསྐྱེད་ཅིང་སྡོམ་བ་ནོད་པའི་ཆོ་གའོ། །དེ་ནས་བསྲུང་བར་བྱ་སྟེ་སྲོག་གི་ཕྱིར་ཡང་སྡོམ་པ་ཉམས་པར་མི་བྱ་སྟེ། བདག་ཉིད་ཤི་བ་ནི་བླའི་ཚེ་རབས་ཐམས་ཅད་དུ་ཤ་བསགས་ན་ནི་རི་རབ་བས་ཆེ་ལ། ཁྲག་བསགས་ན་ནི་རྒྱ་མཚོ་བས་མང་ཞིང༌། རུས་བསགས་པར་གྱུར་ན་ནི་རྩི་ཤིང་བས་མང་ཞིང༌། དོན་མེད་པར་འཁྱམས་ནས་ཚེ་འདིའི་བར་དུ་མི་གཙང་བའི་ཕུང་པོ་སྣ་ཚོགས་པ་བླངས་ཤིང༌། འཁོར་བའི་སྡུག་བསྔལ་ཆེན་པོ་ཡང་དང་ཡང་དུ་ཉམས་སུ་མྱོང་པར་གྱུར་པས། །སྡོམ་པ་ནི་ཉམས་པར་མི་བྱའོ། །སྡོམ་པ་ཡང་ཇི་ལྟར་བླ་མ་ལས་བླངས་པ་བཞིན་དུ་བསྲུང་བ་ལ་འབད་པར་བྱའོ། །དེ་མི་ཉམས་པར་བསྲུང་བའི་ཆོ་གའོ། །དེ་ལྟར་ཐེག་པ་ཆེན་པོའི་སྣོད་དུ་རུང་བ་དེ་ཐེག་པ་ཆེན་པོའི་གདམས་ངག་མཉན་ནས། ཐེག་པ་ཐུན་མོང་གི་ཆོས་དང༌། ཐུན་མོང་མ་ཡིན་པའི་ཆོས་ཀྱི་སྤང་བྱ་ལ་སོགས་པའི་མཚན་ཉིད་ཐམས་ཅད་ཤེས་པར་བྱ་སྟེ། མཚན་ཉིད་མ་ཤེས་པར་ནི་བསྒྲུབ་པར་མི་ནུས་ཏེ། དམུས་ལོང་གིས་མར་ལ་སོགས་པ་བཞིན་ནོ། །དེ་བས་ན་ཐོས་པའི་ཤེས་རབ་


DTG078_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་དུ་སོང་བས་མཚན་ཉིད་ཤེས་པར་བྱའོ། །མཚན་ཉིད་ཡོངས་སུ་ཤེས་པར་བྱ་བའི་ཆོ་གའོ། །དེ་ལྟར་སྣོད་དུ་རུང་ཞིང་མཚན་ཉིད་ཤེས་པར་བྱས་པ་དེས་སེམས་སྦྱང་བའི་ཕྱིར་ཏིང་ངེ་འཛིན་བསྐྱེད་པར་བྱ་སྟེ། ཐོས་བ་ཙམ་གྱིས་འགྲུབ་པར་མི་འགྱུར་རོ། །དེ་བས་ན་བསྒོམ་པའི་ཤེས་རབ་ཀྱིས་སེམས་སྦྱང་བར་བྱའོ། །དེ་ཡང་ཡན་ལག་རྣམ་པ་ལྔ་སྟེ། རིགས་དང་ལྡན་པའི་གང་ཟག་གིས་ལམ་རྒྱུད་ལ་བསྐྱེད་པ་དང༌། དེ་ཡི་ཡུལ་དང༌། སྤང་བར་བྱ་བ་དང༌། སྤང་བའི་ཐབས་དང༌། སྤངས་པའི་འབྲས་བུའོ། །ལམ་རྒྱུད་ལ་བསྐྱེད་པ་ལ་ཡང་ལམ་གྱི་གྲོགས་ཞིག་ནས་དང༌། །ལྷག་མཐོང་ལ་བསླབ་པ་དང༌། །དེ་ནས་ལམ་དངོས་ཏེ་ཐབས་དང་ཤེས་རབ་ལ་བསླབ་པའོ། །དེ་ལ་ཞི་གནས་ནི་དངོས་པོ་གང་ཡང་རུང་བ་ཅིག་ལ་ངེས་པར་བྱ་སྟེ། སེམས་ཀྱི་རྒྱུན་གྱི་སྐད་ཅིག་མ་དེ་ཉིད་དུ་ཡང་དང་ཡང་གཏད་པར་བྱའོ། །གང་གི་ཡུལ་དེ་ལ་སེམས་གནས་པར་གྱུར་པ་དེའི་ཚེ། ཞི་གནས་རྫོགས་པ་ཡིན་པར་ཤེས་པར་བྱའོ། །ལྷག་མཐོང་ནི་ཞི་གནས་ཀྱི་འབྲས་བུ་ཡིན་ཏེ། དོན་དེ་ཉིད་ལ་དཔྱོད་པའོ། །ལྷག་མཐོང་གི་འབྲས་བུ་ནི་ཟུང་དུ་འབྲེལ་བ་སྟེ། ཡུལ་གང་ལ་ཡང་མི་གནས་པས་ཡུལ་དེ་ཉིད་བྱེ་བྲག་ཏུ་མཐོང་ལ། དེ་ཉིད་ཀྱི་ཚེ་སེམས་རྩེ་གཅིག་ཏུ་གྱུར་པས་དམིགས་པ་དུ་མ་ལ་རྒྱུག་པ་རབ་ཏུ་ཞི་བར་གནས་པའོ། །གལ་ཏེ་རྣལ་འབྱོར་པ་དེ་འདོད་ཆགས་ལ་སོགས་པས་སེམས་གཡེང་བར་གྱུར་ན་འདོད་ཆགས་ཀྱི་གཉེན་པོར་ནི་མི་སྡུག་པ་སྟེ། མི་གཙང་བ་ལ་སོགས་པ་སྒོམ་པའོ། །དེ་བཞིན་དུ་ཞེ་སྡང་གི་གཉེན་པོར་ནི་བྱམས་པའོ། །གཏི་མུག་གི་གཉེན་པོར་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །ང་རྒྱལ་གྱི་གཉེན་པོར་ནི་ཁམས་ཀྱི་རབ་ཏུ་དབྱེ་བའོ། །བྱིང་བའི་གཉེན་པོར་སྣང་བའི་འདུ་ཤེས་དང༌། སངས་རྒྱས་ལ་སོགས་པའི་ཡོན་ཏན་ཡིད་ལ་བྱེད་པའོ། །རྒོད་པའི་གཉེན་པོར་ནི་མི་རྟག་པ་ཡིད་ལ་བྱེད་པས་སྔོན་དགོད་པ་དང་རྩེ་ཞིང་དགའ་བ་རྗེས་སུ་དྲན་བ་དེ་ཡང་ཞི་བར་བྱའོ། །སེམས་དེར་མི་དགའ་བར་གྱུར་པའི་ཚེ་ནི་མི་དགའ་བའི་སྐྱོན་བསམ་ཞིང་ཏིང་ངེ་འཛིན་གྱི་ཡོན་ཏན་ལ་བསམས་པས་དེ་ཡང་ཞི་བར་བྱའོ། །བྱིང་རྒོད་ལ་སོགས་པ་དང་བྲལ་ནས་སེམས་ཆ་མཉམ་པར་འཇུག་ཅིང་གནས་པར་གྱུར་པའི་ཚེ། །བསྒྲིམས་པ་གློད་ལ་


DTG078_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་སྙོམས་སུ་བྱ་སྟེ། སེམས་མཉམ་པར་འཇུག་པ་ལ་བསྒྲིམས་པར་བྱས་ན་གཡེང་བར་འགྱུར་རོ། །དེ་ལྟར་ཞི་གནས་དང་ལྷག་མཐོང་ལ་སློབ་པའི་གང་ཟག་དེས་གོང་ནས་གོང་དུ་གྱུར་པའི་ལས་ནི་མཚན་མ་མེད་པའི་ཞི་གནས་སོ་སོར་རྟོག་པའི་ཤེས་རབ་ལས་མཚན་མ་མེད་པའི་ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་ཡང་ལམ་དངོས་ཏེ་ཐབས་དང་ཤེས་རབ་བསྒོམས་པས་སོ། །བསྒོམ་པ་ཡང་རྣམ་པར་དབྱེ་བས་ལྔ་སྟེ། ཚོགས་ཀྱི་ལམ་དང༌། སྦྱོར་བའི་ལམ་དང༌། མཐོང་བའི་ལམ་དང༌། སྒོམ་པའི་ལམ་ས་གཉིས་པ་ནས་བདུན་པ་དང༌། བརྒྱད་པ་ནས་བཅུ་པ་སྟེ། མོས་པས་སྤྱོད་པའི་ས་གསུམ་མོ། །འདིར་མོས་པ་ཞེས་བྱ་བའི་སྒྲ་ནི། བདག་དང་གཞན་གྱི་དོན་ལ་མོས་པ་དང༌། བརྩོན་པ་ཆེ་ཐང་དུ་བྱེད་པས་མོས་པ་སྟེ། སྦྱོར་བའི་ལམ་ནི་མ་ཡིན་པར་དགོངས་སོ། །ཁྱད་པར་གྱི་ལམ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ། །དེ་ལ་ཐབས་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་གཞན་རྣམས་དང༌། ཚད་མེད་པ་དང༌། དགེ་བའི་ཆོས་ཐམས་ཅད་དོ། །ཤེས་རབ་ནི་ཐབས་དེ་ཕྱིན་ཅི་མ་ལོག་པར་བྱེད་པ་སྟེ། ཆོས་ཐམས་ཅད་སྐྱེ་བ་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ཤེས་པའོ། །དེ་ལ་ཚོགས་ཀྱི་ལམ་ཐར་པའི་ཆ་དང་མཐུན་པའི་སྐབས་སུ། ལུས་དྲན་པ་ཉེ་བར་གཞག་པ་དང༌། དེ་བཞིན་དུ་ཚོར་བ་དང༌། སེམས་དང་ཆོས་དྲན་པ་ཉེ་པར་གཞག་པ་བཞི་བསྒོམ་པ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང༌། མི་དགེ་བའི་ཆོས་ཐམས་ཅད་སྐྱེས་པ་མེད་པར་བྱས་པ་དང༌། མ་སྐྱེས་པ་མི་སྐྱེད་པ་དང༌། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པར་བྱ་བ་དང༌། སྐྱེས་པ་རྣམས་འཕེལ་བར་བྱ་སྟེ། ཡང་དག་པར་སྤོངས་བ་བཞི་དང༌། འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང༌། དེ་བཞིན་དུ་བརྩོན་འགྲུས་དང༌། སེམས་དང་དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པར་བྱའོ། །དེ་ནས་སྦྱོར་བའི་ལམ་ངེས་པར་འབྱེད་པའི་སྐབས་སུ་དབང་པོ་ལྔ་དང༌། སྟོབས་ལྔ་སྟེ། དེ་ཡང་དྲོད་དང་རྩེ་མོའི་དུས་སུ་དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་


DTG078_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབང་པོ་སྟེ་ལྔའོ། །དེའི་འོག་ཏུ་བཟོད་པ་དང༌། ཆོས་ཀྱི་མཆོག་གི་དུས་སུ་དད་པ་ལ་སོགས་པ་དེ་ཉིད་སྟོབས་དང་ལྡན་པར་འགྱུར་བ་ལ་སྟོབས་ཞེས་བྱ་སྟེ། དད་པའི་སྟོབས་ལ་སོགས་པ་བསྒོམ་པར་བྱའོ། །དེའི་འོག་ཏུ་མཐོང་བའི་ལམ་སྟེ། བྱང་ཆུབ་ཀྱི་ཡན་ལག་གིས་ཕྱེ་བའོ། །དེ་ཡང་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། དེ་བཞིན་དུ་ཆོས་རྣམ་པར་འབྱེད་པ་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། དེ་ལ་སྡུག་བསྔལ་གྱི་བདེན་པ་དང༌། ཀུན་འབྱུང་གི་བདེན་པ་དང། འགོག་པའི་བདེན་པ་དང༌། ལམ་གྱི་བདེན་པ་སྟེ། བདེན་པ་རྣམ་པ་བཞི་ཆོས་བཅུ་དྲུག་ཏུ་དམིགས་པ་མེད་པར་བསྒོམས་པས་ཤེས་བཟོད་བཅུ་དྲུག་ཏུ་རྟོགས་ནས་མཐོང་བའི་ལམ་ཐོབ་བའོ། །དེའི་འོག་ཏུ་བསྒོམ་པའི་ལམ་སྟེ། ལམ་གྱི་ཡན་ལག་རྣམས་སོ། །དེ་ཡང་ཡང་དག་པའི་ལྟ་བ་དང༌། དེ་བཞིན་དུ་ཡང་དག་པའི་རྟོག་པ་དང༌། ངག་དང་ལས་ཀྱི་མཐའ་དང༌། འཚོ་བ་དང་རྩོལ་བ་དང་དྲན་པ་དང་ཡང་དག་པའི་ཏིང་ངེ་འཛིན་ཏེ། བསྒོམ་པའི་ལམ་ས་གཉིས་ནས་བཅུ་པའི་བར་དུ་རྟོགས་པའོ། །དེ་དག་ཀྱང་ཀུན་རྫོབ་སྒྱུ་མ་ཙམ་དུ་སྤྱོད་པ་ནི་ཐབས་སོ། །དོན་དམ་པར་དེ་དག་ཀྱང་རང་བཞིན་མེད་པར་བསྒོམ་པ་ནི་ཤེས་རབ་པོ། །དེ་བར་ཆད་མེད་པའི་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་ཀྱང་བྱ། མིང་གི་རྣམ་གྲངས་གཞན་ཡང་ཀུན་དུ་བཟང་པོ་ཞེས་བྱ་བ་ལ་སོགས་པ་སྐྱེད་པར་བྱེད་པའོ། །ལམ་ཞེས་བྱ་བའི་ངོ་བོ་ནི་ཡིད་ཀྱི་རྣམ་པར་ཤེས་པ་སེམས་ལས་བྱུང་བ་དང་བཅས་པ་སྟེ། དེ་ཡང་ཤེས་རབ་ལ་སོགས་པའོ། །འཕགས་པ་ཐམས་ཅད་གཤེགས་པའམ། ཡང་ན་འཕགས་པའི་སར་ཕྱིན་པར་བྱེད་པའི་ཕྱིར་ལམ་ཞེས་བྱའོ། །དེ་ལ་དྲན་པ་ཉེ་བར་གཞག་པ་ནི་ཤེས་རབ་ཀྱི་རང་བཞིན་ནོ། །འདི་དག་གིས་དྲན་པ་ཉེ་བར་གནས་པས་དྲན་པ་ཉེ་བར་གཞག་པའོ། །ཡང་དག་པར་སྤོང་བ་ནི་བརྩོན་འགྲུས་ཀྱི་རང་བཞིན་ནོ། །མི་མཐུན་པའི་ཕྱོགས་ཡང་དག་པར་སྤོང་བ་སྟེ། འདིས་ནང་གི་སེམས་ཡང་དག་པར་འཇོག་པས་ན་ཡང་དག་པར་སྤོང་བ་སྟེ། སྤང་བྱའི་མིང་སྤོང་བྱེད་ལའོ། །རྫུ་འཕྲུལ་གྱི་རྐང་པ་


DTG078_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །རྫུ་འཕྲུལ་གྱི་རྒྱུར་གྱུར་པས་རྫུ་འཕྲུལ་གྱི་རྐང་བ་སྟེ། མངོན་པར་ཤེས་པ་ལ་སོགས་པའི་རྒྱུ་ཞེས་བྱའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ནི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པའི་རང་བཞིན་ནོ། །ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པ་ལ་དབང་བྱེད་པས་དབང་པོའོ། །མི་མཐུན་པའི་ཕྱོགས་བསྲབས་པའི་ཕྱིར་དེ་དག་ཉིད་སྟོབས་སོ། །དེ་ལ་མི་མཐུན་པའི་ཕྱོགས་ནི་མ་དད་པ་དང༌། ལེ་ལོ་དང༌། བརྗེད་ངས་པ་དང༌། རྣམ་པར་གཡེང་བ་དང༌། ཤེས་བཞིན་མད་པ་རྣམས་སོ། །དབང་པོའི་སྐབས་ནི་མ་བསྲབས་པས་འདྲེའོ། །འདི་ནི་འདྲེ་བ་མེད་པའོ། །དེ་ཡང་དད་པ་ལ་སོགས་པ་ནི་གསུམ་སྟེ། ཆུང་དུ་དང༌། འབྲིང་བོ་དང༌། ཆེན་པོའོ། །དེ་ཡང་ཆུང་དུ་ནི་དྲོད་ཀྱི་གནས་སྐབས་སོ། །འབྲིང་པོའི་རྩེ་མོའི་དུས་སོ། །ཆེན་པོ་ཡང་བཞིན་དབྱེ་སྟེ། ཆུང་ངུ་དང༌། འབྲིང་པོ་དང༌། ཆེན་པོའི་བཟོད་པ་ཆུང་དུ་དང༌། འབྲིང་དང༌། ཆེན་པོ་དང༌། གོ་རིམས་སུ་སྦྱར་རོ། །ཤིན་ཏུ་ཡང་ཆེན་པོ་ནི་འཇིག་རྟེན་ཆོས་ཀྱི་མཆོག་གོ །དེ་ལ་དྲོ་བར་གྱུར་པ་ནི། དཔེར་ན་གཙུབ་ཤིང་གཙུབས་པ་ལས་ཐོག་མར་མེའི་མཚན་མ་དྲོ་བ་འབྱུང་ངོ༌། །དེ་བཞིན་དུ་འཕགས་པའི་མེ་ལྟ་བུ་སྐྱེ་པའི་དང་པོ་ཡིན་པས་དྲོ་བ་ཞས་བྱ་སྟེ། དཔེའི་སྒོ་ནས་སོ། །དགེ་བའི་རྩ་བརྒྱ་ཆེན་པོ་གཡོ་བའི་རྩེ་མོར་ཕྱིན་པས་རྩེ་མོའོ། །བདེན་པའི་དོན་ལ་བཟོད་པས་བཟོད་པའོ། །ཟག་པ་དང་བཅས་པས་འཇིག་རྟེན་ནོ། །ཟག་པ་དང་བཅས་པ་གཞན་པས་མཆོག་ཏུ་གྱུར་པས་མཆོག་སྟེ། དེ་མ་ཐག་ཏུ་མཐོང་བའི་ལམ་སྒྱེ་བས་སོ། །མཐོང་བའི་ལམ་ནི་མ་དམིགས་པའི་ཏིང་ངེ་འཛིན་ལ་སོགས་པ་བྱང་ཆུབ་ཀྱི་ཡན་ལག་དང་མཚུངས་པ་ཉིད་རང་བཞིན་ཏེ། དེ་ཡང་རྣམ་པར་གྲོལ་བ་ནི་བྱང་ཆུབ་པོ། །ཆོས་རྣམ་པར་འབྱེད་པ་ནི་བྱང་ཆུབ་ཀྱི་ཡན་ལག་སྟེ། བར་ཆད་མེད་པའི་ལམ་དུ་གཏོགས་པའོ། །དྲན་པ་ལ་སོགས་པ་དྲུག་ནི་བྱང་ཆུབ་དང་མཐུན་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་གོ །དེ་ལ་དྲན་པ་ནི་གནས་ཀྱི་ཡན་ལག་ཆོས་རྣམ་པར་འབྱེད་པ་ནི་རང་བཞིན་གྱི་ཡན་ལག་བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་དགའ་བ་ནི་ཕན་ཡོན་གྱི་ཡན་ལག་ཤིན་ཏུ་སྦྱངས་པ་ནི་ཉོན་མོངས་པ་མེད་


DTG078_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཞིའི་ཡན་ལག །ཏིང་ངེ་འཛིན་ནི་ཉོན་མོངས་པ་མེད་པའི་གནས་ཀྱི་ཡན་ལག །བཏང་སྙོམས་ནི་ཉོན་མོངས་པ་མེད་པའི་ངོ་བོའི་ཡན་ལག་སྟེ། གོ་རིམས་བཞིན་དུ་སྟེ། དམིགས་པ་དེ་ལས་མི་གཡེང་བའི་ཕྱིར་དང༌། བྱང་ཆུབ་ནི་ཤེས་པ་རྣམ་པར་གྲོལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་དང༌། སོ་སོའི་སྐྱེ་བོའི་ས་ལས་འདའ་བའི་ཕྱིར་དང༌། ལུས་དང་སེམས་ལ་ཕན་འདོགས་པའི་ཕྱིར་དང༌། ཀུན་ནས་ཉོན་མོངས་པའི་གཞིའི་གཉེན་པོར་གྱུར་པའི་ཕྱིར་དང༌། སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་ཉོན་མོངས་པ་སྤོང་བའི་ཕྱིར་དང༌། བྱིང་བ་དང་རྒོད་པའི་གཉེན་པོ་སྟེ། སེམས་མཉམ་པ་དང༌། རྣལ་དུ་འཇུག་པ་དང༌། ལྷུན་གྱིས་གྲུབ་པའི་ཕྱིར་རོ། །དེ་ལ་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་སྟེ། ཡོན་ཏན་གྱི་སྒོ་ནས་སོ། །སྐད་ཅིག་མ་བཞི་སྟེ་ཆོས་ཙམ་གྱིས་སོ། །སྐད་ཅིག་མ་གཅིག་སྟེ་ངོ་བོ་ཉིད་ཀྱི་སྒོ་ནས་སོ། །དེ་ལ་སྐད་ཅིག་མ་བཅུ་དྲུག་ནི། སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང་ལམ་རྣམས་ལ་ཆོས་ཤེས་པའི་བཟོད་པ་དང༌། ཆོས་ཤེས་པ་དང༌། རྗེས་སུ་ཤེས་པའི་བཟོད་པ་དང༌། རྗེས་སུ་ཆོས་ཤེས་པ་སྟེ། བཞི་བཞིར་བྱས་པས་བཅུ་དྲུག་གོ །དེ་ཡང་སྡུག་བསྔལ་གྱི་ཆོས་ནི་མི་རྟག་པ་ལ་སོགས་པའོ། ཀུན་འབྱུང་གི་ཆོས་ནི་རྒྱུ་ལ་སོགས་པའོ། །འགོག་པ་ནི་ཞི་བ་ལ་སོགས་པའོ། །ལམ་ནི་རིགས་པའི་སོགས་པ་སྟེ། དེ་དག་ལ་རྟག་པ་དང༌། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྡུག་བསྔལ་ཡང་མ་ཡིན་པ་དང༌། སྟོང་པ་དང༌། མི་སྟོང་པ་དང༌། བདག་དང་བདག་མེད་པ་མི་དམིགས་པ་དང༌། དེ་བཞིན་དུ་ཀུན་འབྱུང་བ་དང༌། ཀུན་འབྱུང་བ་མ་ཡིན་པ་ལ་སོགས་པ་མི་དམིགས་པའི་རྣམ་པར་ཤེས་ཤིང་བཟོད་པས་སོ། །ཆོས་ཤེས་པ་ནི་བདག་གིས་སྤང་བྱ་སྤངས་ནས་ཐོབ་བྱ་ཐོབ་སྙམ་སྟེ། རྣམ་པར་གྲོལ་བ་མངོན་དུ་བྱེད་པའོ། །རྗེས་ཀྱི་བཟོད་ཤེས་གཉིས་ཀྱིས་ནི་ཇི་ལྟར་ན་ཡུལ་མི་དམིགས་པ་བཞིན་དུ། དེ་ལ་མི་དམིགས་པའི་ཤེས་པ་ཡང་དེ་བཞིན་དུ་ཤེས་ཤིང་བཟོད་པ་དང༌། ཤེས་པ་དེ་ངེས་པར་འཛིན་པ་སྟེ། བདེན་པར་རྟོགས་པའོ། །མདོར་ན་དང་པོ་གཉིས་ནི་ཡུལ་ལ་དམིགས་པའི་སྒོ་ནས་ཡུལ་མི་དམིགས་པའི་རྣམ་པར་མཐོང་བ་དང་དེ་ངེས་པར་འཛིན་པའོ། །


DTG078_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཀྱི་གཉིས་ཀྱིས་ནི་ཡུལ་ཇི་ལྟ་བའི་རྗེས་སུ་ཡུལ་ཅན་ཡང་དེ་བཞིན་དུ་རྟོགས་པ་དང༌། དེ་ངེས་པར་འཛིན་པའོ། །མཐོང་བའི་ལམ་སྐད་ཅིག་མ་བཞི་ནི། དག་པ་དང༌། དག་པ་བརྟན་པ་དང༌། གྲོལ་བ་དང༌། གྲོལ་བ་འཛིན་པ་སྟེ། ཤེས་བཟོད་བཞི་དང་གོ་རིམས་བཞིན་ནོ། །གཅིག་ནི་ཆོས་ཀྱི་མཆོག་གི་སྐད་ཅིག་མ་གཅིག་ལ་མཐོང་བའི་ལམ་མངོན་དུ་གྱུར་པའོ། །སྤྱིར་སྦྱོར་བ་དང༌། མཉམ་པར་གཞག་པ་དང༌། རྗེས་ཀྱི་ཤེས་པའམ། ཡེ་ཤེས་ཞེས་གསུམ་དུ་ཤེས་པར་བྱའོ། །སྔོན་དུ་དེ་ཁོ་ན་ཉིད་མ་མཐོང་བ་གཟོད་མཐོང་བས་སོ། །ངེས་པར་འབྱེད་པའི་གནས་སྐབས་ན་ནི་དར་ལས་ཆོད་པ་ལྟ་བུར་བདེན་པ་རྣམས་རྟོགས་སོ། །མཐོང་བའི་ལམ་གྱིས་ནི་དེ་བསལ་བ་ལྟ་བུར་རྟོགས་སོ། །བསྒོམ་པའི་ལམ་གྱིས་ནི་མི་དམིགས་པའི་ཏིང་ངེ་འཛིན་ཡང་དག་པའི་ལྟ་བ་ལ་སོགས་པ་དང་མཚུངས་པར་བཅས་པའོ། །བསྒོམ་པའི་ལམ་ཆུང་ངུ་དང༌། འབྲིང་པོ་དང་ཆེན་པོའི་དབྱེ་བས་རྣམ་པ་དགུའོ། །དེ་ཡང་ཡང་དག་པའི་ལྟ་བས་ནི་མཐོང་བའི་ལམ་གྱིས་རྟོགས་པའི་དོན་བདག་གིས་འདི་ལྟ་བུ་རྟོགས་སོ་ཞེས་དཔྱོད་ཅིང༌། མཐོང་བའི་ལམ་ལ་ལྟ་བས་ཡང་དག་པར་ལྟ་བའོ། །ཡང་དག་པའི་རྟོག་པ་ནི་ཇི་ལྟར་རྟོགས་པ་བཞིན་དུ་རྣམ་པར་འཇོག་པ་སྟེ། ཡང་དག་པའི་ངག་ཀུན་ནས་སློང་བས་གཞན་ལ་རྟོགས་པའི་དོན་དེ་ཉིད་སྟོན་པའོ། །ལས་ཀྱི་མཐའ་ལ་སོགས་པས་ནི་སྲོག་གི་ཕྱིར་ཡང་བྱ་བ་མ་ཡིན་པ་མི་བྱེད་པས། ཚུལ་ཁྲིམས་རྣམ་པར་དག་པ་དང༌། གོས་ལ་གོས་པ་རིགས་པ་དང༌། ཆོད་ཟིན་པར་ཚོལ་བ་དང་མི་མཐུན་པའི་གཉེན་པོར་ལམ་བསྒོམ་པ་དང༌། དྲན་པ་ཤིན་ཏུ་ཉེ་བར་གནས་པ་དང༌། བྱིང་རྒོད་མེད་པ་དང༌། མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་གྱི་རང་བཞིན་གྱི་མི་མཐུན་པའི་ཕྱོགས་སྤང་བ་སྟེ། གོ་རིམས་བཞིན་ནོ། །མཐོང་བའི་དོན་ཉིད་གོང་ནས་གོང་དུ་བསྒོམ་པའོ། །ཁྱད་བར་གྱི་ལམ་ནི་སྤྱིར་ཀུན་དུ་ཡང་བརྩི་བར་བྱ་སྟེ། དེ་ཡང་སྦྱོར་བའི་ལམ་དང་བར་ཆད་མེད་པའི་ལམ་དང༌། ཁྱད་པར་གྱི་ལམ་སྟེ་བཞིའོ། །དེ་ལ་གང་གིས་ཉོན་མོངས་པ་སྤང་བར་སྦྱོར་བ་དང༌། སྤང་བ་ལ་བར་ཆད་མེད་པ་དང༌། སྤངས་ནས་རྣམ་པར་གྲོལ་བ་མངོན་དུ་བྱེད་པ་དང༌། དེ་ཉིད་


DTG078_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པས་ཁྱད་པར་དུ་གྱུར་པ་ཡིན་པ་སྟེ་གོ་རིམས་བཞིན་ནོ། །འོན་ཀྱང་འདི་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་སྐབས་མོས་པས་སྤྱོད་པའི་ས་བཞི་པ་དང་སྦྱར་བར་བྱའོ། །ཡུལ་ནི་རྣམ་པ་གཉིས་ཏེ། འཇུག་པའི་ཡུལ་དང༌། དམིགས་པའི་ཡུལ་ལོ། །དེ་ལ་འཇུག་པའི་ཡུལ་ནི་སྟོན་པའི་བྱུང་ཚུལ་ལ་སྤྱོད་པའོ། །དམིགས་པའི་ཡུལ་ཡང་རྣམ་པ་གཉིས་ཏེ། ཐུན་མོང་སྟེ་བདེན་པ་བཞི་དང༌། ཐུན་མོང་མ་ཡིན་པ་ནི་གཉིས་ཏེ། མཚན་མ་ཅན་དང༌། དེ་བཞིན་ཉིད་ཀྱི་ངོ་བོའོ། །སྤང་བར་བྱ་བ་ནི། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་དང༌། ཉོན་མོངས་པ་མང་བའོ།། དེ་ཡང་སྔར་ནི་སྤང་བྱ་ཆེན་པོ་ལ་སོགས་པ་གཉེན་པོ་ཆུང་དུ་ལ་སོགས་པས་རིམ་པ་བཞིན་དུ་སྤངས་ནས། ཐ་མར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཕྲ་མོའི་ཡང་ཕྲ་མོ་སྤང་བ་སྟེ་མིང་གི་དབྱེ་བ་མེད་དོ། །གཉིས་པ་ནི་མིང་གི་དབྱེ་བ་ཡང་ཡོད་ལ། གནས་སྐབས་ཀྱིས་སྤང་བར་བྱ་བ་ཡང་ཡོད་དེ། དེ་ཡང་དྲན་པ་ཉེ་བར་གཞག་པས་ནི་ལོག་པར་ལྟ་བ་སྟེ། གཙང་བ་དང༌། རྟག་པ་དང་ཡོད་པ་སྟེ། བདག་དང་བདེ་བར་ལྟ་པ་ལ་སོགས་པ་སྤང་ངོ༌། །ཡང་དག་སྤང་བས་ལེ་ལོ་སྤང་ངོ༌། །རྫུ་འཕྲུལ་གྱི་རྐང་པས་ནི་ཉེས་པ་ལྔ་སྤོང་སྟེ། ལེ་ལོ་དང༌། བརྗེད་ངས་པ་དང༌། བྱིང་རྒོད་དང༌། སྐྱོན་བྱུང་བའི་ཚེ་མངོན་པར་འདུ་མི་བྱེད་པ་དང༌། སྐྱོན་མེད་པའི་ཚེ་མངོན་པར་འདུ་བྱེད་པ་སྟེ། སྐྱོན་ནི་བྱིང་རྒོད་གཉིས་སོ། །དེ་སྤོང་བའི་གཉེན་པོ་ནི་བརྒྱད་དེ། ལེ་ལོའི་གཉེན་པོ་ནི་བརྩོན་འགྲུས་སོ། །དེའི་གནས་ནི་འདུན་པའོ། །འདུན་པའི་རྒྱུ་ནི་དད་པའོ། །བརྩོན་འགྲུས་ཀྱི་འབྲས་བུ་ནི་ཤིན་ཏུ་སྦྱངས་པ་སྟེ། ཡིད་ཆེས་པས་ནི་འདོད་པ་སྐྱེ་ལ། འདོད་པས་ནི་བརྩོན་འགྲུས་བརྩམས་ལ། བརྩོན་འགྲུས་ཀྱིས་ཏིང་ངེ་འཛིན་ཁྱད་པར་ཅན་བརྩམས་པས་ནི། ལུས་དང་སེམས་གཉིས་ལས་སུ་རུང་བ་སྟེ། དེ་ལྟར་བཞིའོ། །དྲན་པ་ནི་བརྗེད་ངས་པའོ། །ཤེས་བཞིན་ནི་བྱིང་རྒོད་ཀྱིའོ། །སེམས་པ་ནི་འདུ་མི་བྱེད་པའིའོ། །བཏང་སྙོམས་ནི་འདུ་བྱེད་པའིའོ། །དེ་ཡང་དྲན་པ་ཉེ་བར་གནས་པས་ཤེས་བཞིན་དང་ལྡན་ལ། དེ་སེམས་མངོན་པར་འདུ་བྱེད་ཅིང་ཉེས་པ་མེད་ནས་བཏང་སྙོམས་སུ་གནས་པ་སྟེ་གོ་རིམས་བཞིན་ནོ། །དབང་པོ་དང་


DTG078_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཀྱིས་ནི་མ་དད་པ་ལ་སོགས་པ་ལྔའོ། །མཐོང་བའི་ལམ་ལ་སྡུག་བསྔལ་བ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་གྱི་བདེན་པས་འདོད་ཁམས་ན་སྤང་བྱ་བཅུ་བཅུ་ཡོད་པས་བཞི་བཅུའོ། །དེ་བཞིན་ཁམས་གོང་མ་གཉིས་ན། ཁོང་ཁྲོ་བ་མེད་པས་དགུ་དགུ་སྟེ་བདུན་ཅུ་རྩ་གཉིས་ཏེ་སྤྱིར་བརྒྱ་རྩ་བཅུ་གཉིས་སྤོང་ངོ༌། །བསྒོམ་པའི་ལམ་གྱིས་ནི་འདོད་ཁམས་ན་འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་ལྷན་ཅིག་སྐྱེས་པ་དང༌། འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་དང་དྲུག་སྤོང་ངོ༌། །དེ་ལྟར་ཁམས་གོང་མ་གཉིས་ན་ཁོང་ཁྲོ་མ་གཏོགས་པ་ལྔ་ལྔ་སྟེ་བཅུ་སྤོང་ངོ༌། །དེ་ལྟར་མདོར་བསྡུ་ན་བསྒོམ་པས་སྤང་བར་བྱ་བ་ནི་ཉོན་མོངས་པ་བཅུ་དྲུག་གོ །སྤང་བའི་ཐབས་ནི་གོང་དུ་བསྟན་པའི་ལམ་དེས་རིམ་པ་བཞིན་དུ་སྤོང་སྟེ། ལྷན་ཅིག་ཏུ་མི་གནས་པའི་འགལ་བ་སྣང་བ་དང་མུན་པའི་ཚུལ་དུ་གཉེན་པོ་ཆུང་དུས་སྤང་བྱ་ཆེན་པོ་སྤོང་ཞིང༌། གཉེན་པོ་ཆེན་པོས་སྤང་བྱ་ཆུང་དུ་སྤང་བའོ། །སྤངས་པའི་འབྲས་བུ་ནི། དེ་ལྟར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བག་ཆགས་ཆ་ཕྲ་མོ་སྤངས་པའི་སྐད་ཅིག་མ་གཉིས་པ་ལ་ནི་སངས་རྒྱས་ཞེས་བྱའོ། །དེ་ནས་སྐད་ཅིག་མ་གསུམ་པ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་སྟེ། ཆོས་ཀྱི་སྐུ་ཡོན་ཏན་ཐམས་ཅད་ནི་རྫོགས་པ་ནུས་པ་ཐམས་ཅད་དང་ལྡན་པར་འགྱུར་རོ། །དེ་ལས་སྔོན་གྱི་སྨོན་ལམ་དང་ཐུགས་རྗེས་གཟུགས་སྐུ་རྣམ་པ་གཉིས་སུ་བྱུང༌། དེ་ཡང་འོག་མིན་གྱི་གནས་སྟུག་པོ་བཀོད་པའི་ཞིང་ཁམས་ན། ལོངས་སྤྱོད་རྫོགས་པའི་སྐུ་བསྟན་པ་དང༌། སྤྲུལ་པའི་སྐུ་ཅི་ལ་ཅིས་འདུལ་བ་བཞིན་དུ་རྣམ་པ་སྣ་ཚོགས་པའི་སྐུ་བསྟན་པ་སྟེ། དེ་ལ་སྔ་མ་ནི་འཁོར་ཉེ་བ་ལ་དགོངས་པའོ། །ཕྱི་མ་ནི་རིང་བ་ལ་དངོས་པའོ། །སྤྱོད་པ་དག་པར་བྱ་བ་ནི་གཉིས་ཏེ། འགྲོ་བ་ལ་སོགས་པའི་དུས་སུ་དྲན་པ་བཞིན་དུ་འགྲོ་བ་ལ་སོགས་པ་དང༌། གནས་སྐབས་སུ་བྱ་བའི་ཆོ་ག་ལ་ཕྱག་འཚལ་བ་ལ་སོགས་པ་དང༌། བསྐོར་བ་བྱ་བ་དང༌། མཎྜལ་ལ་སོགས་པ་བྱ་བའོ། །ཐེག་པ་ཆེན་པོ་ལམ་གྱི་རིམ་པ་ལས། ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་རིམ་པའི་ལེའུར་ཕྱེ་བ་སྟེ་དང་


DTG078_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

པོའོ།། །།ཕ་རོལ་ཕྱིན་པའི་ཐེག་པ་ཡི། །ལམ་གྱི་རིམ་པ་བསྟན་བྱས་ནས། །གསང་སྔགས་ཐེག་པའི་ལམ་གྱི་ནི། །རིམ་བ་ཡང་དག་བཤད་པར་བྱ། །དེ་ལ་ཐེག་ཆེན་གསང་སྔགས་ནི། །ཁྱད་པར་གྱུར་ཕྱིར་ཁྱད་པར་ཏེ། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོ་མཆོག་གྱུར་དང༌། །དོན་གཅིག་ཕྱིར་ནའང་རྨོངས་པས། །སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། །དེ་ཕྱིར་དམ་ཚིག་སོགས་ལྡན་གཞུག །དམ་ཚིག་མི་ལྡན་སྤང་བར་བྱ། །དམ་ཚིག་དང་ལྡན་བཟློག་པ་ནི། །མཁའ་འགྲོ་མ་ཡིས་འཚེ་བ་དང༌། །དུས་མ་ཡིན་པར་འཆི་བ་དང༌། །ཤི་ནས་དམྱལ་བར་འགྲོ་བའོ། །དམ་ཚིག་མི་ལྡན་བཅུག་པ་ཡང༌། །ཚུལ་དེ་ཉིད་དུ་ཤེས་པར་བྱ། །ཐེག་ཆེན་སྔགས་ཀྱི་སྤྱོད་པ་ལ། །སྐྱོན་འདོགས་སྨོད་པར་བྱེད་པ་ནི། །མཁའ་འགྲོ་མ་ཡིས་མྱུར་དུ་གསེད། །དེ་ནས་དམྱལ་བར་སྐྱེ་བར་འགྱུར། །དེ་བས་ཟབ་མོའི་སྤྱོད་པ་ལ། །སྐྱོན་འདོགས་སྨོད་པ་སྤང་བྱ་སྟེ། །སྐལ་པ་དང་ལྡན་གང་ཟག་གིས། །བླ་མ་དམ་པར་གྱུར་པ་ལ། །སེམས་བསྐྱེད་སྡོམ་བླང་དབང་ནོད་ཅིང༌། །དེ་ཉིད་བསྲུང་དང་མཚན་ཉིད་ཤེས། །སེམས་སྦྱང་སྤྱོད་པ་དག་པ་དང༌། །ཆོ་ག་ལྔ་ཡི་མཚན་ཉིད་དེ། །ཐེག་པ་དམན་ལའང་ཡོད་པ་སྟེ། །སྐབས་མ་ཡིན་པས་འདི་མི་བརྗོད། །བསྡུས་པའི་ཚིགས་སུ་བཅད་པའོ། །ད་ནི་དེ་ཉིད་རྒྱས་པར་བསྟན་པར་བྱ་སྟེ། །དེ་ཡང་དང་པོར་སྐལ་བ་དང་ལྡན་པའི་གང་ཟག་གིས། བླ་མ་དམ་པ་ཐེག་པ་མཐའ་དག་གི་གྲུབ་པའི་མཐའ་ལམ་རྨོངས་ཤིང༌། རྒྱུད་ཀྱི་དགོངས་པ་ཤེས་པ་དང༌། །དཀྱིལ་འཁོར་གྱི་ཆོ་ག་ལ་སོགས་པ་ལ་མཁས་ཤིང༌། སྙིང་རྗེ་ཆེན་པོ་དང་ལྡན་པ་བླ་བའི་བཀའ་ཐོབ་པ་ལ་ཚོགས་ཀྱི་དགའ་སྟོན་བྱ་སྟེ། ཡོན་ཕུལ་ནས་གསོལ་བ་གདབ་པར་བྱའོ། །དེ་ལྟར་གསོལ་བ་བཏབ་པ་དང༌། བླ་མས་ཀྱང་བསྙེན་པ་དང༌། སའི་ཆོ་ག་དང༌། ལྷག་པར་གནས་པའི་ཆོ་ག་དང༌། དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་དང༌། འཇུག་པ་དང༌། དབང་བསྐུར་བ་དང༌། ཡོན་བླང་བར་བྱའོ། །དེ་ནས་སྲུང་བ་ལ་འབད་པར་བྱ་སྟེ། བསྲུངས་པའི་ཡོན་ཏན་དང༌། མ་བསྲུང་བའི་སྐྱོན་ནི་གཞན་ལས་གསལ་བས་བདག་གིས་བརྗོད་དོ། །དེ་ལྟར་སྣོད་དུ་རུང་བ་དང༌། བླ་མ་དམ་པ་ལས་སྔགས་ཀྱི་མཚན་ཉིད་ཤེས་


DTG078_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །དེ་ཤེས་ནས་སེམས་སྦྱང་བར་བྱ་སྟེ། སེམས་མ་སྦྱངས་པར་ནི་བྱང་ཆུབ་མི་འགྲུབ་ལ། དེ་མ་གྲུབ་པར་ནི་གཞན་གྱི་དོན་མི་འགྲུབ་པས་སེམས་སྦྱང་བར་བྱའོ། །དེ་ཡང་ཡན་ལག་རྣམ་པ་ལྔ་སྟེ། ལམ་རྒྱུད་ལ་བསྐྱེད་པ་དང༌། དེའི་ཡུལ་དང༌། སྤང་བར་བྱ་བ་དང༌། སྤང་བའི་ཐབས་དང༌། སྤངས་པའི་འབྲས་བུའོ།།དེ་ལ་ལམ་ལ་རྣམ་པར་གསུམ་སྟེ། །ལམ་དངོས་དང༌། དེའི་གྲོགས་དང༌། ཉེ་བའི་གྲོགས་སོ། །དེ་ལ་ལམ་དངོས་ནི་བྱ་བའི་རྒྱུད་དང༌། སྤྱོད་པའི་རྒྱུད་དང༌། རྣལ་འབྱོར་གྱི་རྒྱུད་ཀྱིས་ནི་མཚན་མ་དང་བཅས་པའི་སྒྲུབ་པའི་ཐབས་དང་མཚན་མ་མེད་པའི་སྒྲུབ་པའི་ཐབས་ཞེས་བྱ་བར་གསུངས་སོ། །རྣལ་འབྱོར་ཆེན་པོས་ནི་བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པ་ཞེས་བྱ་སྟེ། དེ་ཉིད་ནི་ལམ་མོ། །གྲོགས་ནི་ལྔ་སྟེ། བདག་དང་གཞན་གྱི་བར་ཆད་ཉེ་བར་ཞི་བར་བྱ་བའི་ཕྱིར་གཏོར་མའི་ཆོ་ག་དང༌། ལྷ་ཚིམ་ཞིང་བགེགས་ལ་སོགས་པ་ཞི་བར་བྱ་བ་ལ་སོགས་པའི་ཕྱིར་སྦྱིན་སྲེག་གི་ཆོ་ག་དང༌། དངོས་གྲུབ་མྱང་ཞིང་ལྷ་ལ་སོགས་པ་ཁྱད་པར་དུ་བྱ་བའི་ཕྱིར་རབ་གནས་ཀྱི་ཆོ་ག་དང༌། བསོད་ནམས་ཁྱད་པར་ཅན་བསགས་པའི་ཕྱིར་ཚ་ཚའི་ཆོ་ག་དང༌། བག་ཆགས་སྦྱང་བ་དང༌། དབང་བསྐུར་བའི་ཕྱིར་བུམ་པའི་ཆོ་ག་བྱའོ། །ཉེ་བའི་གྲོགས་ཀྱང་ལྔ་སྟེ། སྒྲུབ་པའི་གནས་དང༌། ཤིས་པའི་དུས་དང༌། མཚན་དང་ལྡན་པའི་གྲོགས་དང༌། གཞུང་དང་མཐུན་པའི་རྫས་དང༌། ཆོས་དང་མཐུན་པའི་འཚོ་བའི་ཡོ་བྱད་དང་ལྔའོ། །རྫས་ལ་གསུམ་སྟེ། མཆོད་རྫས་དང༌། སྔགས་རྫས་དང༌། སྒྲུང་རྫས་སོ། །ཡུལ་ནི་རྣམ་པ་གཉིས་ཏེ། འཇུག་པའི་ཡུལ་དང༌། དམིགས་པའི་ཡུལ་ལོ། །དེ་ལ་འཇུག་པའི་ཡུལ་ནི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་ནོ། །དམིགས་པའི་ཡུལ་ནི་རྣམ་པ་གཉིས་ཏེ། ཡི་གེ་ལ་སོགས་པ་མཚན་མ་ཅན་དང༌། མཚན་མ་མེད་པ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་ལ་དམིགས་པ་མེད་པའི་ཚུལ་གྱིས་དམིགས་པའོ། །སྤང་བར་བྱ་བ་ནི་རྣམ་པ་གཉིས་ཏེ། ངན་རྟོག་དང༌། བཟང་རྟོག་གོ །སྤང་བའི་ཐབས་ནི་ངན་རྟོག་ནི་བཟང་རྟོག་གིས་སྤོང་ལ། བཟང་རྟོག་ནི་མི་རྟོག་པས་སྤང་བར་བྱའོ། །སྤངས་པའི་འབྲས་བུ་ནི་གཉིས་ཏེ། ཐུན་མོང་དང༌། ཐུན་


DTG078_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

མོང་མ་ཡིན་པའོ། །དེ་ལ་ཐུན་མོང་བ་ནི་མངོན་པར་ཤེས་པ་ལ་སོགས་སོ། །ཐུན་མོང་མ་ཡིན་པ་ལ་གཉིས་ཏེ། མཐར་ཐུག་སྟེ་སྐུ་གསུམ་དང་མཐར་ཐུག་མ་ཡིན་པ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ། མཐོང་བའི་ལམ་སྐྱེས་པའོ། །སྤྱོད་པ་ནི་གཉིས་ཏེ། འགྲོ་བ་ལ་སོགས་པའི་དུས་སུ་ལྷའི་རྣམ་པར་བྱ་བ་དང༌། གནས་སྐབས་སུ་བྱ་བའོ། །ལྷའི་རྣམ་པར་བྱ་བ་ལ་ཡང་ལྷག་པའི་ལྷའམ། རིགས་གསུམ་མམ། ལྔའམ། གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པར་བྱ་བའོ། །གནས་སྐབས་སུ་བྱ་བ་ནི། ཁྲུས་བྱས་ནས་ཕྱག་འཚལ་བ་ལ་སོགས་པ་དང༌། བསྐོར་བ་དང༌། མཎྜལ་དབུལ་བ་དང༌། ཡི་དམ་བཀླགས་པ་ལ་སོགས་པ་བྱ་བའོ། །དེ་ལྟར་རྒྱས་པར་བཤད་ནས་ཤིན་ཏུ་རྒྱས་པར་བྱ་བའི་ཕྱིར། ཆོ་གའི་རིམ་པ་དང༌། དོན་གྱི་རིམ་པ་དང༌། དགོས་པའི་རིམ་པ་དང༌། ངོ་བོ་དང༌། ངེས་ཚིག་དང༌། དབྱེ་བ་ལ་སོགས་པ་བཤད་པར་བྱ་སྟེ། དེ་ཡང་དང་པོར་བླ་མ་དམ་པ་ལས་སྔོམ་པ་ལ་སོགས་པ་ཐོབ་པ་དེས་བསྲུང་བ་ལ་འབད་ཅིང༌། གདམས་ངག་མཉན་པར་བྱའོ། །དེ་ནས་གནས་ཡིད་དུ་འོང་བར་གྲོགས་ཆོས་དང་མཐུན་པའམ། བདག་ཉིད་གཅིག་པུ་དུས་ཚིགས་བཟང་པོ་ལ་འདུག་ལ། གཏོར་མ་བྱ་བ་དང༌། སཱཙྪ་གདབ་པ་དང༌། སྦྱིན་སྲེག་དང༌། ཡི་དམ་བཀླག་པར་ཡང་བྱའོ། །དེ་ནས་ཁྲུས་བྱས་ནས། མཎྜལ་བྱས་ལ་མེ་ཏོག་བཀྲམ་ནས་སྲུང་བའི་འཁོར་ལོ་བསྒོམ་པར་བྱའོ། །དེ་ནས་སྙིང་རྗེ་བསྒོམ་པར་བྱའོ། །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་འདོད་པའོ། །དེ་ནས་བྱམས་པ་སྟེ། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་འདོད་པའོ། །དེ་ནས་དགའ་བ་སྟེ། བདག་གིས་བྱང་ཆུབ་ཆེན་པོ་ཐོབ་པར་བྱས་ལ། སེམས་ཅན་གྱི་དོན་བྱའོ་ཞེས་སྤྲོ་བར་བྱའོ། །དེ་ནས་བཏང་སྙོམས་ཏེ། དེ་གསུམ་མི་དམིགས་པར་བསྒོམ་པའོ། །དེ་ཡང་སྙིང་རྗེ་ནི་རྩ་བ་ལྟ་བུའོ། །བྱམས་པ་ནི་སྡོང་བུ་ལྟ་བུའོ། །དགའ་བ་ནི་ཡལ་ག་ལྟ་བུའོ། །ཚོགས་གཉིས་ནི་ལོ་མ་ལྟ་བུའོ། །རྣལ་འབྱོར་གཞན་རྣམས་ནི་མེ་ཏོག་ལྟ་བུའོ། །རྣལ་འབྱོར་པ་རྒྱུད་ཡོངས་སུ་སྨིན་པ་ནི་འབྲས་བུ་ལྟ་བུ་སྟེ། རྩ་བ་མེད་པར་སྡོང་བུ་ལ་སོགས་པ་མི་འབྱུང་བ་དང་འདྲ་བར་སྙིང་རྗེ་མེད་པར་བྱམས་པ་ལ་སོགས་པ་མི་འབྱུང་ངོ༌། །དེ་ནས་ལྷ་དང་


DTG078_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་སྤྲུལ་པ་ལ་ཕྱག་འཚལ་བ་ལ་སོགས་པ་བྱ་སྟེ། བསོད་ནམས་ཀྱི་ཚོགས་སོ། །དེ་ནས་སྟོང་པ་ཉིད་ཀྱི་སྔགས་བརྗོད་པའི་སྒོ་ནས་སྟོང་པ་ཉིད་ཀྱི་རང་བཞིན་མངོན་དུ་བྱ་བ་སྟེ། ཡེ་ཤེས་ཀྱི་ཚོགས་སོ། །དེ་ནས་སོ་སོའི་གཞུང་བཞིན་དུ་བདག་དམ་ཚིག་སེམས་དཔར་བསྐྱེད་པ་དང༌། མདུན་དུ་དམ་ཚིག་སེམས་དཔའ་སྤྲུལ་པ་དང༌། ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ་ལ་སོགས་པ་བྱས་ནས། མཆོད་པ་དང་བསྟོད་པ་བྱས་ལ། ཡི་གེའམ། ཕྱག་མཚན་ནམ། སྐུའམ་ཐིག་ལེའམ། ཕྲ་མོའམ། སྤྲོ་བསྡུ་ལ་སོགས་པ་ལ་དམིགས་ནས་བསྒོམ་པར་བྱའོ། །སྐྱོ་བར་གྱུར་ན་ངག་གིས་བཟླས་པ་བྱའོ། །ཤིན་ཏུ་སྐྱོ་བར་གྱུར་ན་ལྷ་མོ་ལ་སོགས་པས་མཆོད་པ་ལ་སོགས་པ་བྱས་ནས་སྤྱན་དྲངས་པ་རྣམས་གཤེགས་སུ་གསོལ་བར་བྱའོ། །སྤྲུལ་པ་རྣམས་ནི་བསྡུ་བར་བྱའོ། །ཡང་ན་བདག་ཉིད་ལྷར་བསྐྱེད་ལ་འཁོར་གྱི་དཀྱིལ་འཁོར་སྤྲུལ་ནས་མར་མེའི་འོད་གྱེས་པའི་ཚུལ་དུ་གཉིས་སུ་བྱས་ལ། གཅིག་དཀྱིལ་འཁོར་གྱི་གཙོ་བོར་སྣང་ལ། གཅིག་ལས་ཀྱི་ལྷར་བྱས་ལ་མཆོད་པ་ལ་སོགས་པ་དེ་བཞིན་དུ་ཐམས་ཅད་བྱའོ། །ཡང་ན་བདག་ལྷར་བྱས་ནས་ཡེ་ཤེས་དཔའ་སྤྱན་དྲང་བ་ལ་སོགས་པ་བདག་ཉིད་ལ་བྱས་ལ། བདག་གི་སྙིང་ག་ནས་ལྷ་མོ་སྤྲུལ་པའམ། འཁོར་གྱི་ལྷ་མོས་བདག་ལ་མཆོད་བསྟོད་བྱས་ནས། ཡང་བདག་གི་སྙིང་གའམ། སྐུ་ལ་བསྡུས་ལ་གོང་དུ་བསྟན་པ་ལྟར་བྱའོ། །བཟླས་པའི་དུས་སུ་ཐབས་ནི། མགལ་མེ་བསྐོར་བ་ལྟ་བུའམ། ཐག་མདུང་འཕེན་པ་ལྟ་བུའམ། སྒྲོའི་ཆུན་པོ་ལྟ་བུའམ། ཐི་གུ་བསྒྲིལ་བ་ལྟ་བུའམ། ལྕགས་སྒྲོག་སྦྲེལ་བ་ལྟ་བུ་བྱ་སྟེ། སྐབས་ཀྱི་སྟོབས་ཀྱིས་ཤེས་པར་བྱའོ། །དེ་ལྟར་བསྒོམས་པ་ལས་མཚན་མ་བརྟན་པོ་འབྱུང་བར་འགྱུར་རོ། །མཚན་མ་ཐོབ་ནས་མཚན་མ་མེད་པ་བསྒོམ་པར་བྱའོ། །མཚན་མ་མེད་པ་མངོན་དུ་གྱུར་པ་ལ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཅེས་བྱའོ། །དེ་ཡན་ཆད་ལམ་གྱི་ཐུན་མོང་སྟེ་གཉིས་སུ་མེད་དོ། །ཆོ་གའི་རིམ་པའོ། །དོན་གྱི་རིམ་པ་ནི་དེ་བཞིན་གཤེགས་པས་ཚད་མེད་པ་བསྒོམས་པ་དང༌། ཚོགས་གཉིས་བསགས་པ་དང༌། བདུད་ཐམས་ཅད་འདུལ་བ་དང༌།


DTG078_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་མ་ཆགས་པ་དང༌། སྔ་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ཐོས་པའི་ཤེས་རབ་དང༌། བསམས་པའི་ཤེས་རབ་དང༌། བསྒོམས་པའི་ཤེས་རབ་མཐར་ཕྱིན་པ་རྣམས་བྱིན་གྱིས་བརླབས་ནས། གོ་རིམས་བཞིན་དུ་ཚད་མེད་པ་དང༌། ཚོགས་གཉིས་དང༌། སྲུང་བའི་འཁོར་ལོ་དང༌། པདྨ་དང༌། ཟླ་བ་དང༌། ཡི་གེ་དང༌། ཕྱག་མཚན་དང༌། སྐུར་གྱུར་པ་བསྟན་ཏོ། །ཡང་དེ་བཞིན་གཤེགས་པས་ཚོགས་ཀྱི་ལམ་དང༌། སྦྱོར་བའི་ལམ་དང༌། མཐོང་བའི་ལམ་དང༌། བསྒོམ་པའི་ལམ་དང༌། མི་སློབ་པའི་ལམ་དང༌། གཞན་གྱི་དོན་དུ་གཟུགས་རྣམ་པ་གཉིས་བྱུང་བ་དེ་ཉིད་བྱིན་གྱིས་བརླབས་ནས་རིམ་པ་བཞིན་དུ་བསོད་ནམས་ཀྱི་ཚོགས་བསགས་པ་དང༌། ཡེ་ཤེས་ཀྱི་ཚོགས་བསགས་པ་དང༌། ཡི་གེའམ། ཟླ་བ་ཚེས་པའམ། ཟླ་བ་རྒྱས་པའམ། ཡི་གེའི་འཕྲོ་འདུའམ། ཟླ་བའམ། ཟླ་བ་གཉིས་པ་དང༌། ཕྱག་མཚན་དང༌། སྐུ་དག་ཏུ་བསྟན་ཏོ། །དེ་བཞིན་གཤེགས་པའི་འདུ་བ་མཛད་པ་ནི་སྤྲོ་བ་དང༌། བསྡུ་བ་དང༌། བྱིན་གྱིས་བརླབ་པར་བསྟན་ཏོ། །དོན་གྱི་རིམ་པའོ། །དགོས་པའི་རིམ་པ་ནི། དང་པོར་དེ་བཞིན་གཤེགས་པས་བདེན་པ་གཉིས་ལམ་བཞིར་བསྒོམས་ཤིང༌། ཚོགས་བསགས་པས་སྐུ་གསུམ་ཐོབ་པ་དེ་བཞིན་དུ། དེ་ལྟར་རྣལ་འབྱོར་པས་ཐུན་གཅིག་ལ་བསྒོམས་པས་ཀྱང་ཚུལ་དེ་བཞིན་དུ་སྣང་ལ། གོམས་པ་ལས་ཕྱིས་དེ་བཞིན་དུ་འགྲུབ་པར་འགྱུར་ཏེ། དེ་བས་ན་ཐབས་ཁྱད་པར་ཅན་འབྲས་བུ་ལམ་དུ་གྱུར་པ་ཞེས་བྱའོ། །དགོས་པའི་རིམ་པའོ།། ད་ནི་སྔགས་ལ་སོགས་པའི་རང་གི་ངོ་བོ་ལ་སོགས་པ་བརྗོད་པར་བྱ་སྟེ། དེ་ལ་ངོ་བོ་ནི་ཐམས་ཅད་ཀྱི་མཐུན་པར་ཐབས་དང་ཤེས་རབ་གཉིས་སོ། །གཞན་དུ་ནི་བདེན་པ་གཉིས་ཀྱི་མིང་ཅན་ནོ། །དེ་ལ་ཐབས་ནི་ཀུན་རྫོབ་སྒྱུ་མ་ཙམ་དུ་སྣང་བའོ། །ཤེས་རབ་ནི་དོན་དམ་པར་སྐྱེ་བ་མེད་པ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་ནོ། །གཞན་དག་གི་ངོ་བོ་ལ་སོགས་པ་བརྗོད་པ་ནི། དོན་གྱི་ཕྱོགས་རེ་ཙམ་གཟུང་བ་སྟེ། བདག་གིས་ནི་ཁྱབ་པ་སྤྱིར་བཏང་བའོ། །ངེས་པའི་ཚིག་ནི་སྐྱོབ་པའི་ཕྱིར་ན་སྔགས་ཏེ། ཡིད་སྐྱོབ་པར་བྱེད་པའི་དོན་ཏོ། །དབྱེ་ན་རྣམ་པ་གཉིས་ཏེ། དོན་དམ་པའི་སྔགས་


DTG078_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཀུན་རྫོབ་ཀྱི་སྔགས་སོ། །དེ་ལ་དོན་དམ་པའི་སྔགས་ནི་གཉིས་སུ་མེད་པའི་རང་བཞིན་སྟོང་པ་ཆེན་པོའི་ཡེ་ཤེས་དང༌། དེ་ཡུལ་དུ་བྱེད་པའི་ཡེ་ཤེས་ཏེ། དེ་ངེས་པར་རྟོགས་པས་འཁོར་བ་ལས་སྐྱོབ་པའི་ཕྱིར་རོ། །དེ་ལ་ངོ་བོའི་དབང་དུ་བྱས་ན་དབྱེ་བ་མེད་དོ། །ཡུལ་ཅན་གྱི་དབང་དུ་དབྱེ་བ་ཡོད་དེ། རྣལ་འབྱོར་པའི་ཤེས་པའི་དབྱེ་བས་གཞག་གོ །ཡུལ་ཅན་གྱི་སྒོ་ནས་དབྱེ་ན་དེ་ཡང་རྣམ་པ་གཉིས་ཏེ། གཟུངས་སྔགས་དང༌། རིག་སྔགས་སོ། །གཟུངས་ལ་བཞི་སྟེ། བཟོད་པ་ཐོབ་པའི་རྒྱུར་གྱུར་པའི་གཟུངས་དང༌། གསང་སྔགས་ཀྱི་གཟུངས་དང༌། ཆོས་ཀྱི་གཟུངས་དང༌། དོན་གྱི་གཟུངས་སོ། །དེ་ལ་བཟོད་པའི་གཟུངས་ནི། བསྐྱེད་པའི་རིམ་པ་མཐར་ཕྱིན་པའི་རྣལ་འབྱོར་པའམ། མཚན་མ་དང་བཅས་པའི་རྣལ་འབྱོར་མཐར་ཕྱིན་པས་རྫོགས་པའི་རིམ་པའམ། མཚན་མ་མེད་པའི་རྣལ་འབྱོར་གྱི་སྐབས་སུ་ཡི་གེ་ཨ་ལ་སོགས་པ་དེ་དག་བརྗོད་བྱ་དང༌། རྗོད་བྱེད་རང་བཞིན་མེད་པར་སེམས་སོ། །དེ་ལྟར་དེས་རང་བཞིན་མེད་པ་དེ་རྟོགས་པ་ལ་ནི་དགའ་བ་དང༌། མཆོག་ཏུ་དགའ་བ་ཆེན་པོ་སྐྱེས་ཏེ་གཟུངས་ཐོབ་པ་ཞེས་བྱའོ། །དྲན་པ་དང་ཤེས་རབ་གཅིག་ཏུ་བྱས་པས་བཟོད་པ་འཛིན་པར་བྱེད་པས་ན་གཟུངས་ཞེས་བྱའོ། །གཟུངས་ཐོབ་པ་དེས་དེ་མ་ཐག་ཏུ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སྐྱེ་བ་དང་མཐུན་པའི་བཟོད་པ་ཆེན་པོ་སྐྱེ་སྟེ། དོན་དམ་པའི་ཆོས་རྣམས་ལ་བཟོད་པས་ན་བཟོད་པའོ། །བཟོད་པ་དེ་སྐྱེས་ནས་རིང་པོ་མི་ཐོགས་པར་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་འཐོབ་པར་འགྱུར་རོ། །དེ་བས་ན་གཟུངས་དེ་ནི་རྫོགས་པའི་རིམ་པའམ། མཚན་མ་མེད་པ་བསྒོམ་པའི་སྐབས་སོ། །ཕ་རོལ་ཏུ་ཕྱིན་པའི་གཟུང་ལྟར་ན་ངེས་པར་འབྱེད་པའི་སྐབས་སོ། །བསྐྱེད་པའི་རིམ་པའམ་མཚན་མ་དང་བཅས་པའི་རྣལ་འབྱོར་ནི་ཐར་པའི་ཆ་དང་མཐུན་པའོ། །གཟུངས་གསུམ་ནི་ཕྱག་རྒྱ་ཆེན་པོ་ཐོབ་པ་ཡན་ཆད་དུ་འཐོབ་པའོ། །དེ་ཡང་ཕྱག་རྒྱ་ཆེན་པོ་ཐོབ་པ་དེ་ཡན་ཆད་དེས་ཏིང་ངེ་འཛིན་དང༌། སྔོན་གྱི་སྨོན་ལམ་གྱི་སྟོབས་བསྐྱེད་པས་གསང་སྔགས་ཀྱི་ཚིག་དེ་དག་གིས་སེམས་ཅན་ཐམས་ཅད་ཀྱི་ནད་ལ་སོགས་པ་མེད་པར་གྱུར་ཅིག་ཅེས་ཏིང་ངེ་འཛིན་གྱི་དབང་གི་སྟོབས་ཀྱིས་སེམས་ཅན་རྣམས་ཀྱི་


DTG078_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཡམས་ཀྱི་ནད་ལ་སོགས་པ་མེད་ཅིང་བྱིན་གྱིས་བརླབས་པ་ལྟར་འགྲུབ་པར་འགྱུར་རོ། །དེ་བས་ན་ཏིང་ངེ་འཛིན་གྱི་དབང་དེ་ལྟར་གྱུར་པས་གསང་སྔགས་རྣམས་འཛིན་པར་བྱེད་པས་ན་གསང་སྔགས་ཀྱི་གཟུངས་ཞེས་བྱའོ། །གསང་ཞེས་བྱ་བ་ནི་སྣོད་མ་ཡིན་པ་ལ་ཐབས་དེ་གསང་བའི་ཕྱིར་རམ། རྟོགས་པར་དཀའ་བའི་ཕྱིར་གསང་བའོ། །ཆོས་ཀྱི་གཟུངས་ནི་ཕྱག་རྒྱ་ཆེན་པོ་ཐོབ་པའམ། ཕ་རོལ་ཏུ་ཕྱིན་པའི་ལྟར་ན་ས་དང་པོ་ཐོབ་པ་ཡན་ཆད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འམ། མཁའ་འགྲོ་མ་ལ་ཆོས་ཉན་པས་སྔོན་མ་ཐོས་ཤིང་མི་ཤེས་པའི་ཆོས་ཚད་མེད་པ་གྲངས་མེད་པ་དཔག་ཏུ་མེད་པ་ཐོས་པ་ཙམ་གྱིས་མི་བརྗེད་པར་འཛིན་པའི་དྲན་པ་དང༌། ཤེས་རབ་ནི་ཆོས་ཀྱི་གཟུངས་ཞེས་བྱའོ། །དོན་གྱི་གཟུངས་ནི་དེ་བཞིན་དུ་གསུངས་པའི་ཆོས་དེ་དག་གི་དོན་གང་དང་གང་ཡིན་པ་དེ་དག་མི་བརྗེད་པར་འཛིན་པའི་དྲན་པ་དང་ཤེས་རབ་ནི་དོན་གྱི་གཟུངས་སོ་ཞེས་བྱའོ། །དེ་ལ་རིག་སྔགས་ནི་སྟོང་པ་ཆེན་པོའི་ཡེ་ཤེས་དེས་ཡུལ་དུ་བྱས་ཤིང་རྟོགས་པས་མ་རིག་པ་སྤོང་ཞིང་རིག་པ་སྐྱེད་པའི་ཕྱིར་རིག་སྔགས་ཞེས་བྱའོ། །ཡང་ན་སྟོང་པ་ཆེན་པོའི་ཡེ་ཤེས་དེ་ཉིད་ལ་གཟུངས་ཞེས་བྱ་སྟེ། གནོད་པའི་འཚེ་བ་ཐམས་ཅད་ནུབ་པས་ན་མི་བཟོད་པ་མེད་པས་བཟོད་པ་དང༌། དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་མ་རྟོགས་པ་རྟོག་པ་ཅན་གྱི་ཡུལ་མ་ཡིན་པས་གསང་བ་དང༌། ཚིག་དང་ཡི་གེ་དང་མིང་དུ་བརྗོད་པ་ཐམས་ཅད་དེ་རྟོགས་པ་ལས་བྱུང་བའི་ཕྱིར་ཆོས་དང༌། བཟོད་པ་ཐམས་ཅད་ཀྱི་དོན་ཤེས་པར་བྱ་བའི་དོན་གྱི་ངོ་བོ་དེ་ཡིན་པའི་ཕྱིར་དོན་ཞེས་བྱའོ། །གཟུངས་ནི་འཛིན་པའི་ཕྱིར་ཞེས་བྱ་སྟེ། ཐམས་ཅད་མཁྱེན་པའི་སངས་རྒྱས་བཅོམ་ལྡན་འདས་མན་ཆད་ནས། དམྱལ་བའི་སེམས་ཅན་ཡན་ཆད་ཀུན་དེས་ཁྱབ་ཅིང་འཛིན་པས་སོ། །ཡང་ན་དྲན་པ་དང་ཤེས་རབ་གཉིས་ཀྱིས་འཛིན་ཅིང་མི་བརྗེད་པར་བྱ་བས་ན་གཟུངས་སོ། །དེ་བས་ན་ཡུལ་དེ་ལྟར་གྲུབ་པས་ཡུལ་ཅན་ལ་ཡང་གྲུབ་ལ། དེ་རྟོགས་པའི་ཐབས་ལ་ཡང་གྲུབ་པ་དེ་སྟོན་པར་བྱེད་པའི་ཚིག་ལ་གྲུབ་སྟེ། གཅིག་གི་མིང་གཅིག་ལ་བཏགས་པའོ། །ཀུན་རྫོབ་ཀྱི་སྔགས་ནི་དེ་ཐོབ་པའི་ཐབས་ཏེ། དེ་ཡང་སྔགས་ཀྱི་གཟུངས་དང༌། སྔགས་


DTG078_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མིང་དང༌། བརྡ་དང༌། ཚིག་ལ་སོགས་པ་ཐམས་ཅད་དོ། །རྒྱུད་ཅེས་བྱ་བ་ནི་འབྲེལ་བའི་ཕྱིར་རྒྱུད་དེ། དེ་ཡང་གཞི་དང༌། ཐབས་དང༌། འབྲས་བུ་རྣམ་པ་གསུམ་འབྲེལ་པའི་ཕྱིར་རོ། །དབྱེ་བ་རྣམ་པ་གཉིས་ཏེ། ཚིག་གི་རྒྱུད་དང༌། དོན་གྱི་རྒྱུད་དོ། །ཚིག་ནི་སྒྲའོ། །དོན་ལ་རྣམ་པ་གསུམ་སྟེ། གཞིའི་རྒྱུད་དང༌། ཐབས་ཀྱི་རྒྱུད་དང༌། འབྲས་བུའི་རྒྱུད་དོ། །དེ་ལ་གཞིའི་རྒྱུད་ནི་བདེན་པ་གཉིས་ཀྱི་རང་བཞིན་དུ་གནས་པའོ། །ཐབས་ནི་སྒྲུབ་པའི་རིམ་པ་གཉིས་སོ། །འབྲས་བུ་ནི་སྐུ་གཉིས་ཏེ། ཆོས་ཀྱི་སྐུ་དང༌། གཟུགས་ཀྱི་སྐུའོ། །དེ་བས་ན་གཞི་ལ་བརྟེན་ནས་ཐབས་བསྒོམས། །འབྲས་བུ་ཐོབ་པས་ན་འབྲེལ་པའི་ཕྱིར་རྒྱུད་ཅེས་དེ་ལ་བྱའོ། །བསྐྱེད་པ་ནི་ཟླ་བ་ལ་སོགས་པ་བསྐྱེད་པས་ན་བསྐྱེད་པའོ། །གཞན་ནི་རིམ་པའོ། །རྫོགས་པ་ནི་སྟོང་པ་ཆེན་པོའི་ཡེ་ཤེས་ཏེ། དེ་ནི་ཐབས་ལ་རྫོགས་པར་ཡོད་པའམ། ཡང་ན་དེ་རྫོགས་པས་ཡོན་ཏན་རྫོགས་པའི་ཕྱིར་རྫོགས་པའོ། །གཞན་ནི་རིམ་པའོ། །མ་ཆགས་པར་གཏོང་བས་ནི་གཏོར་མའོ། །རྟོག་པ་ལ་སོགས་པ་སྲེག་ཅིང་གང་འདོད་པའི་དོན་སྦྱིན་པས་ན་སྦྱིན་སྲེག་གོ །མཆོད་པའི་ཡུལ་དུ་གྱུར་པས་ན་སཱཙྪའོ། །ཁྱད་པར་དུ་གྱུར་པས་ན་རབ་ཏུ་གནས་པའོ། །ཡོན་ཏན་ཐམས་ཅད་འདུས་པས་ན་དགོས་པ་བྱེད་པའི་ཕྱིར་བུམ་པའོ། །དགའ་བར་བྱེད་པས་ན་མཆོད་པའོ། །ཡོན་ཏན་བརྗོད་པས་ན་བསྟོད་པའོ། །གཏོར་མ་ནི་གཉིས་ཏེ། འབྱུང་པོ་སྤྱིའི་གཏོར་མ་དང༌། སོ་སོའི་གཏོར་མའོ། །སྦྱིན་སྲེག་ལ་ཡང་གཉིས་ཏེ། དོན་དམ་པའི་སྦྱིན་སྲེག་མི་རྟོག་པ་བསྒོམ་པ་དང༌། ཀུན་རྫོབ་ཀྱི་སྦྱིན་སྲེག་གོ །དེ་ལ་རྣམ་པ་གཉིས་ཏེ། ནང་གི་དང་ཕྱིའིའོ། །ནང་གི་ནི་ཁ་ཐབ་ཁུང་དུ་བསམ་པ་ལ་སོགས་པ་དེ་ཉིད་དོ། །ཕྱིའི་སྦྱིན་སྲེག་ལ་ཡང་གཉིས་ཏེ། ལས་ཐམས་ཅད་པའི་སྦྱིན་སྲེག་དང༌། ལས་སོ་སོའི་སྦྱིན་སྲེག་གོ །སོ་སོའི་སྦྱིན་སྲེག་ནི་མོས་པ་དང༌། རིགས་དང༌། ལས་དང་དབང་དུ་བྱས་པས་ཅི་རིགས་སུ་བརྩི་བར་བྱའོ། །སཱཙྪ་ཡང་རྣམ་པ་གཉིས་ཏེ། ཆོ་ག་རྒྱས་པ་དང༌། འཕྲལ་དུ་བྱ་བའོ། །རབ་ཏུ་གནས་པ་ནི་རྣམ་པ་གསུམ་སྟེ། དེ་བཞིན་གཤེགས་པའི་སྐུའམ་རྟེན་རབ་གནས་


DTG078_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་དང༌། གླེགས་བམ་རབ་ཏུ་གནས་པར་བྱ་བ་དང༌། རྡོ་རྗེ་ལ་སོགས་པ་རབ་ཏུ་གནས་པའོ། །བུམ་པ་ལ་གཉིས་ཏེ། གནས་སྐབས་སུ་བྱ་བ་དང༌། དཀྱིལ་འཁོར་བཞེངས་པའི་དུས་སུ་བྱ་བའོ། །དཀྱིལ་འཁོར་བྱེད་པའི་དུས་སུ་ནི་བུམ་པ་གསུམ་སྟེ། དབང་གི་བུམ་པ་དང༌། ཁྲུས་ཀྱི་བུམ་པ་དང༌། མཆོད་པའི་བུམ་པའོ། །སྤྱིར་བུམ་པ་ནི་མང་སྟེ། ཕྱིའི་བུམ་པ་དང༌། ནང་གི་བུམ་པ་དང༌། གསང་བའི་བུམ་པ་ཞེས་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལ་སོགས་པས་བཤད་པས་དེར་ཤེས་པར་བྱའོ། །བདག་གིས་མི་སྤྲོའོ། །མཆོད་པ་ནི་སོ་སོའི་གཞུང་གིས་མི་མཐུན་ཏེ། འོན་ཀྱང་རྣམ་པ་གསུམ་དུ་འདུས་སོ། །དེ་ཡང་དངོས་སུ་བཤམས་པ་དང༌། ཡོངས་སུ་གཟུང་བ་མེད་པ་དང༌། ཏིང་ངེ་འཛིན་གྱིས་སྤྲུལ་པའོ། །དེ་ལྟར་ངོ་བོ་ལ་སོགས་པ་བདག་གིས་སྤྱིར་ཁྱབ་ཆེ་བར་བརྗོད་པ་ནི། བླ་མའི་མན་ངག་བཟུང་ཞིང་རྒྱུད་ཐམས་ཅད་དང་མཐུན་པར་བྱ་སྟེ། བདག་གིས་རྟོགས་པ་ཙམ་ནི་མ་ཡིན་ནོ། །སློབ་དཔོན་གཞན་དག་གིས་གཞན་དུ་བརྗོད་པ་ནི་དོན་གྱི་ཕྱོགས་རེ་ཙམ་བླངས་ནས་གསུངས་ཏེ། འོན་ཀྱང་བདག་གིས་བླ་མའི་མན་ངག་བརྒྱུད་ནས་བརྗོད་པའི་ནང་དུ་འདུས་པས་འགལ་བ་མེད་པར་ཤེས་པར་བྱའོ། །དེ་ལྟར་སྐལ་བ་དང་ལྡན་པ་རྣམས་ཀྱིས་ཤེས་པར་བྱས་ལ་འཇུག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་གཞིག་ཡུལ་གཞན་མཐོང་འདོད་པས། །མ་གྲོལ་བར་དུ་མཐོང་མི་འགྱུར། །དེ་བཞིན་ནད་རྣམས་སེལ་བ་ཡང༌། །སྨན་སོགས་མེད་པར་སེལ་མི་ནུས། །དེ་བཞིན་བདག་གཞན་དོན་འདོད་པས། །དངོས་གྲུང་རྣམ་གཉིས་མ་ཐོབ་པར། །དོན་རྣམས་གྲུབ་པར་མི་འགྱུར་ཏེ། །དེ་བས་དངོས་གྲུབ་གཉིས་ལ་འབད། །དེ་རྒྱུ་ཐབས་ནི་རྣམ་པ་གཉིས། །དེ་རྒྱུ་གདམས་ངག་ཐོབ་པའོ། །དེ་རྒྱུ་འཇུག་པ་ལ་སོགས་པ། །དེ་རྒྱུ་སྙིང་རྗེ་ཆེན་པོ་ཡིན། །གང་ཞིག་ཤེས་རབ་སྙིང་རྗེ་མེད། །ཐེག་པ་དམན་པ་སྤང་བར་བྱ། །ཤེས་རབ་སྙིང་རྗེ་ཆ་ལྡན་པ། །ཐེག་པ་ཆེ་སྟེ་གཟུང་བར་བྱ། །སྤྱིར་ན་ཐེག་པ་གཉིས་མེད་དོ། །སེམས་དང་སེམས་བྱུང་ཁྱད་པར་རོ། །གང་ཞིག་ཤེས་རབ་སྙིང་རྗེ་མེད། །སྡོམ་དང་དམ་ཚིག་ལ་མ་གནས། །འཇུག་དང་དབང་བསྐུར་མ་ཐོབ་ལ། །གསང་སྔགས་


DTG078_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པར་མི་བྱའོ། །དེ་བཞིན་དབང་བསྐུར་མེད་པ་དང༌། །དབང་བསྐུར་དམན་དེ་མི་གནས་པས། །ལས་རྣམས་མཁས་ཀྱང་མི་བྱ་སྟེ། །འབྲས་བུ་མེད་ཅིང་བདག་ལ་འཚེ། །དེ་བས་སྡོམ་གནས་དབང་ཐོབ་ནི། །གཅེས་པར་སངས་རྒྱས་ཀུན་དག་དང༌། །བླ་མ་ཀུན་གྱིས་མཐུན་པར་གསུངས། །དད་སོགས་ལྡན་རྣམས་ཤེས་པར་མཛོད། །ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ལས་སྔགས་ཀྱི་ལམ་གྱི་རིམ་པ་བསྟན་པའི་ལེའུར་ཕྱེ་བ་སྟེ་གཉིས་པའོ།། །།བདག་གིས་དད་སོགས་སྣོད་ལྡན་ཕྱིར། །ཐེག་ཆེན་ལམ་རིམ་མདོར་བསྡུས་བྱས། །འདི་ཡི་བསོད་ནམས་གང་ཡིན་པས། །ཀུན་གྱིས་བྱང་ཆུབ་ཐོབ་པར་ཤོག །ཐེག་པ་ཆེན་པོ་ལམ་གྱི་རིམ་པ་ཞེས་བྱ་བ་སློབ་དཔོན་སྐལ་བ་བཟང་པོའི་རྡོ་རྗེ་ཞེས་བྱ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང༌། སྒྲ་བསྒྱུར་གྱི་ལོ་ཙཱ་བ་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།

གསང་སྔགས་ལ་འཇུག་པ།


DTG078_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མནྟ་ཨ་བ་ཏ་ར། བོད་སྐད་དུ། གསང་སྔགས་ལ་འཇུག་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དངོས་པོའི་དེ་ཉིད་རང་བཞིན་འོད་གསལ་མངོན་མཛད་ནས། །གདུལ་བྱའི་དབང་གིས་སྐུ་ཡི་ཆ་བྱད་སྣ་ཚོགས་དང༌། །ཚིག་དང་ཡི་གེ་དག་གིས་དེ་ཉི་དེ་སྟོན་མཛད་པ། །རྡོ་རྗེ་མི་ཕྱེད་གསུམ་དངོས་སྐུ་ལ་ཕྱག་འཚལ་ནས། །རབ་ཏུ་གསང་བ་བློ་མཆོག་ཡུལ་གྱུར་གསང་སྔགས་དོན། །ལོག་པར་རྟོགས་པའི་དབང་གིས་སྒྲོ་འདོགས་སྐུར་འདེབས་ཤིང༌། །ཉོན་མོངས་དབང་གིས་སྒྲ་བཞིན་འཇུག་པར་བྱེད་པ་རྣམས། །གོ་བར་བྱ་ཕྱིར་མདོར་བསྡུས་ཅུང་ཞིག་བདག་གིས་བྲིས། །བསྐལ་པ་ཆེན་པོ་རབ་མང་བས། །བགྲོད་པར་བྱ་བའི་ས་རྣམས་དང༌། །འོག་མིན་ལ་སོགས་ཞིང་དག་པར། །བསྒོམ་དང་བཟླས་དང་མཆོད་སྩོགས་ཀྱིས། །སྐྱེ་བ་འདི་འམ་གཞན་དག་ལ། །སྔགས་པ་མྱུར་དུ་འཇུག་འགྱུར་བའི། །རྒྱུ་དང་རྐྱེན་ནི་གང་དང་གང༌། །བྱ་བ་དང་བཅས་བྱེད་པ་གང༌། །དེ་ཡི་གྲུབ་པ་གང་ཞིག་ཡིན། །གྲུབ་པ་དེ་ཡིས་སྤྱོད་པ་གང༌། །གྲུབ་པའི་དུས་ནི་ངེས་པ་གང༌། །འབྲས་བུ་དམན་འགྲུབ་ཅི་ལྟ་བུ། །བདག་དང་ལྷ་དེའི་བདག་ཉིད་གང༌།།


DTG078_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་དེ་ཉིད་ཇི་ལྟ་བུ། །ལམ་དང་ལམ་མིན་གང་དང་གང༌། །གཞི་དང་ཡན་ལག་དམ་ཚིག་དང༌། །ཆོ་གའི་བྱ་བ་རྣམ་ངེས་གང༌། །དཔེར་ན་སྐྱེས་བུ་སྟོབས་ཆུང་བའམ། །ཕྱུགས་ཀྱི་ཤིང་རྟས་དུས་རིང་གིས། །བགྲོད་པར་བྱ་བའི་གནས་དེར་ནི། །རྐང་མགྱོགས་གྲུབ་པའམ་ཉི་ཟླས་ནི། །མྱུར་བ་ཉིད་དུ་འགྲོ་བར་འགྱུར། །དེ་བཞིན་ཕ་རོལ་ཕྱིན་པའམ། །ལམ་གཞན་དག་ལ་བརྟེན་ནས་ནི། །ཡུན་རིངས་འཇུག་པར་གྱུར་པ་དེང༌། །སྔགས་པས་ཚེ་འདྲི་འཇུག་པ་ན། །མཉམ་མེད་མཐུ་ལ་བརྟེན་ཕྱིར་རོ། །དེ་ཡང་རྒྱུ་རྐྱེན་ཕུན་ཚོགས་ཀྱིས། །རྒྱུ་དང་ལུས་ངག་ཡིད་ཀྱི་ལས། །སྔོན་ཚེ་ལེགས་པར་སྤྱད་པ་ཡིས། །ད་ལྟར་རྣམ་པར་སྨིན་པའི་རྒྱུད། །མཚན་དང་ལྡན་པའི་ལུས་ཐོབ་ཅིང༌། །ཚངས་དབྱངས་ཀ་ལ་པིངྐའི་ངག །འདོད་ཆགས་ཞེ་སྡང་གཏི་མུག་ཚོགས། །ཉོན་མོངས་བསྲབས་པའི་སེམས་ལྡན་པའོ། །རྐྱེན་ཡང་རྣམ་པ་གསུམ་ཉིད་དེ། །འཇུག་དང་སྦྱོར་དང་སྒྲུབ་པ་ཡི། །སྤྱོད་པ་རྣམ་པ་གསུམ་ཉིད་དོ། །དེ་ལ་འཇུག་པའི་སྤྱོད་པ་ནི། །སྔགས་ལ་དད་པའི་སློབ་མ་ཡིས། །བླ་མ་ཡོན་ཏན་ལྡན་པ་ལ། །དུས་རིང་བསྙེན་པ་སྔོན་འགྲོ་བས། །མཉེས་ནས་གསོལ་བ་གདབ་བྱས་ལ། །དཀྱིལ་འཁོར་འཇུག་དང་དབང་བསྐུར་ཞིང༌། །རང་གི་འདོད་ལྷ་གཟུང་བ་སྟེ། །དེ་ནི་གཞི་ཡི་རྐྱེན་ཞེས་བྱ། །དེ་ལ་སྦྱོར་བའི་སྤྱོད་པ་ནི། །མཐུན་པའི་གནས་སྩོགས་དེ་དང་དེར། །དང་པོར་སྟོང་ཉིད་བྱམས་སྩོགས་དང༌། །རང་འདོད་ལྷ་ཡི་ཆོ་ག་ཡིས། །ཐུན་གསུམ་མམ་ནི་ཐུན་བཞི་རུ། །བསྒོམ་དང་བཟླས་དང་ཁ་དོན་དང༌། །གཏོར་མ་སྦྱིན་པའམ་མཆོད་སྩོགས་བརྩོན། །སྡིག་ཆེན་ཀུན་ལས་གྲོལ་ནས་ནི། །བསྐལ་པ་དུ་མར་སྤྱད་པ་ཡིས། །བྱང་ཆུབ་སེམས་དཔའ་དང་མཚུངས་འགྱུར། །འདི་ནི་ཡོངས་འགྱུར་རུང་བའི་རྐྱེན། །གཉིས་པ་ཡིན་པར་བསྟན་པ་ཡིན། །དེ་ལ་སྒྲུབ་པའི་སྤྱོད་པ་ནི། །དཔེར་ན་ལེགས་པར་བཀྲུས་པའི་རས། །ཁ་དོག་རྣམས་སུ་བསྒྱུར་བ་ན། །ཚིགས་ནི་ཆུང་སྟེ་གཟབ་འོས་ལྟར། །སྒྲུབ་པའི་སྤྱོད་པའམ་བསྒྲིམས་དགོས་ཀྱི། །ཧ་ཅང་དཀའ་བའང་མ་ཡིན་ནོ། །སྦྱོར་བའི་སྤྱོད་པས་རྒྱུད་སྨིན་པའི། །གང་ཟག་བསྒྲུབ་ལ་འཇུག་པ་ནི། །གནས་དང་གྲོགས་དང་ལོངས་སྤྱོད་དང༌། །བསམ་པ་མ་ཡིན་པ་རྣམས་སྤངས། །དམིགས་པའི་དོན་ལ་རྩེ་གཅིག་


DTG078_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

གཞག །འདི་ནི་མྱུར་དུ་འཕགས་པའི་རྐྱེན། །གསུམ་པ་ཡིན་པར་བསྟན་པ་ཡིན། །དེ་ལ་འཇུག་པའི་སྤྱོད་པ་ནི། །དངོས་གྲུབ་སྐྱེ་བ་ཞིང་དང་འདྲ། །དེ་ལ་སྦྱོར་བའི་སྤྱོད་པ་ནི། །དངོས་གྲུབ་འབྱུང་བ་མྱུ་གུ་འདྲ། །དེ་ལ་སྒྲུབ་པའི་སྤྱོད་པ་ནི། །འབྲུ་ཡི་ཚོགས་རྣམས་སྨིན་པ་བཞིན། །དེ་དག་ཀུན་ལའང་གཙོ་བོ་ནི། །ལས་བཟང་དུ་མས་སྨིན་བྱས་པའི། །སེམས་ནི་ས་བོན་འདྲ་བའི་ཕྱིར། །ཕུལ་དུ་བྱུང་བའི་རྒྱུར་རབ་གནས། །དེ་ལྟར་རྒྱུ་རྐྱེན་ཕུན་ཚོགས་པའི། །སྔགས་པས་ས་རྣམས་རབ་གནོན་ཅིང༌། །མངོན་པར་ཤེས་པ་ལྔས་རྩེ་ལ། །དག་པའི་སངས་རྒྱས་ཞིང་དུ་འགྲོ་།དེ་ལ་བྱ་བ་དང་བཅས་པའི། །བྱེད་པ་པོ་དང་འདྲ་བར་ནི། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །བརྩོན་འགྲུས་ཤིན་ཏུ་འབར་བ་དང༌། །སེམས་ནི་དམིགས་ལ་རྩེ་གཅིག་དང༌། །ཡང་དག་ལྟ་དང་ལྡན་པའོ། །དེ་ལྟའི་བྱ་བ་དང་ལྡན་པའི། །གྲུབ་པའི་དངོས་གྲུབ་གང་ཞེ་ན། །ལུས་དང་གནས་དང་ལོངས་སྤྱོད་དག །མི་ལས་ཁྱད་པར་འཕགས་པ་སྟེ། །ཚེ་ལ་དབང་བསྒྱུར་མི་ཁོམ་པར། །སྐྱེ་ལས་གཏན་དུ་གྲོལ་བ་དང༌། །སངས་རྒྱས་འབྱུང་དང་ཕྲད་སྩོགས་དང༌། །འདོད་ཡོན་ལྔ་པོ་ཤེས་བཞིན་དུ། །སྤྱོད་ལ་འབྱིང་བར་མི་འགྱུར་དང༌། །བདག་གཞན་ཕན་པ་བསྐྱེད་ནུས་པའོ། །གྲུབ་པའི་སྤྱོད་པ་གང་ཞེ་ན། །ཡུལ་དང་དུས་ནི་དེ་དང་དེར། །འབྱོར་པའི་བདེ་བ་ལ་སྤྱོད་ཅིང༌། །དེ་བཞིན་འཕགས་པ་རྣམས་ལ་ཡང༌། །ཅི་ནུས་པར་ནི་མཆོད་པ་དང༌། །ཕན་གདགས་ཚར་གཅོད་ཀྱིས་འདུལ་བའི། །སེམས་ཅན་རྣམས་ལ་རྗེས་མཐུན་པར། །རྫུ་འཕྲུལ་སྣ་ཚོགས་ཀྱིས་འདུལ་ཞིང༌། །དམྱལ་ལ་སོགས་པར་ཡུད་ཙམ་ལའང༌། །བསིལ་དང་དྲོད་སོགས་སྦྱིན་པ་དང༌། །དེ་བཞིན་སེམས་ཅན་སྣ་ཆོགས་ལ། །ཆོས་རྣམས་སྣ་ཚོགས་སྟོན་པ་སྟེ། །སྨན་གྱི་ལྗོན་ཤིང་ཆེན་པོ་ལྟར། །མཐོང་དང་ཐོས་དང་རེག་པ་དང༌། །དྲན་པས་ཀུན་ལ་ཕན་གྱུར་པའོ། །གྲུབ་པའི་དུས་ནི་གང་ཞེ་ན། །རྒྱུ་དང་རྐྱེན་ནེ་ཕུན་ཚོགས་ཤིང༌། །རྒྱུན་དུ་བཟླས་དང་བསྒོམ་པ་དང༌། །རྒྱལ་བ་སྲས་བཅས་ལ་དད་པའི། །དཀའ་ཐུབ་ཅན་གྱིས་དངོས་གྲུབ་ནི། །ཚེ་འདི་ཉིད་ལའང་འགྲུབ་པར་འགྱུར། །རྒྱུ་དང་ལྡན་ཡང་རྐྱེན་འགའ་ཞིག །མ་ཚང་བ་ནི་ཚེ་གསུམ་གྱིས། །སྟོང་ཉིད་ལེགས་མཐོང་དུས་མེད་གྲོལ།།


DTG078_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་དམན་པ་རྣམ་མང་ལས། །ཉན་ཐོས་རང་རྒྱལ་འགྲུབ་པ་ནི། །ཙནྡན་ཤིང་ནི་བསིལ་མོད་ཀྱང༌། །བྱུག་པའི་སྦྱོར་བས་མ་བསྟེན་པར། །བུད་ཤིང་སྦྱོར་བས་བསྟེན་ན་ནི། །ཤིན་ཏུ་སྲེག་ཅིང་གདུང་པར་འགྱུར། །དེ་བཞིན་གསང་སྔགས་སྒོར་སྤྱོད་པས། །སེམས་ཅན་ཀུན་གྱི་ཉོན་མོངས་པའི།། གདུང་པ་ཞི་བྱེད་ཡིན་ན་ཡང༌། །སྙིང་རྗེའི་ལྕགས་ཀྱུ་དང་བྲལ་ཞིང༌། །མཚན་མེད་དགོན་པར་ཞུགས་གྱུར་ན། །ཐེག་པ་དམན་པས་མྱ་ངན་འདའ། །དེས་ན་འབྲས་བུ་དམན་ཞེས་བྱ། །བདག་ལུས་ཤ་ཁྲག་རུས་པ་དང༌། །རྩ་རྒྱུས་སྤུ་སོགས་འདུས་པ་ཙམ། །བདག་ཏུ་བརྗོད་པར་བྱ་བ་ཡིན། །ཆོས་དབྱིངས་སྦྱོར་བའི་གསང་སྔགས་དང༌། །དེ་ཉིད་ལ་ནི་མོས་པའི་མཐུས། །ལྷ་ཡིས་གཟུགས་སུ་འབྱུང་བའི་རྟེན། །ཁྱད་པར་ཅན་དུ་གནས་པ་ནི། །རགས་པའི་བདག་གི་དེ་ཉིད་ཡིན། །གཞན་ཡང་རྟོག་པ་ཞིབ་པ་དག །འཁོར་བར་མངོན་པར་ཕྱོགས་པའི་སེམས། །ལུས་དང་གནས་དང་ལོངས་སྤྱོད་དང༌། །དབའ་རླབས་ལྡན་པ་འདི་ཁོ་ན། །བདག་ཏུ་བརྗོད་པ་བཞི་རུ་འདོད། །དེ་ནི་གཟུང་འཛིན་དང་བྲལ་ཞིང༌། །རང་རིག་འོད་གསལ་དངོས་གྱུར་པ། །བདག་གི་དེ་ཉིད་ཅེས་བརྗོད་དོ། །དེ་ལ་ལྷ་ཡི་དེ་ཉིད་ནི། །རང་སྔགས་ཚེས་དབྱིངས་ཐུགས་ཆུད་ཅིང༌། །ནམ་མཁའི་ངོས་ལྟར་གུར་པ་ལས། །ཀླུ་རྣམས་ཀྱི་ནི་བྱིན་རླབས་ཀྱིས། །མདོག་དང་དབྱིབས་ནི་ཐ་དད་པའི། །སྤྲིན་རྣམས་ནམ་མཁར་འབྱུང་བ་ལྟར། །ལྷ་ཡི་སྐུ་རུ་འབྱུང་བ་ཡིན། །རྣམ་ཐར་སྒོ་གསུམ་གྱིས་བརྟགས་པས། །ཡོད་མེད་གཉིས་ལས་འདའ་བར་འགྱུར། །དེ་ལ་སྔགས་ཀྱི་དེ་ཉིད་ནི། །ཐབས་དང་ཤེས་རབ་ཆུལ་གནས་ལྷ། །མི་རྟོག་བཞིན་དུ་དེར་སྟོན་ཅིང༌། །སྤྱན་དྲངས་མཆོད་ནས་གཤེགས་གསོལ་པའོ། །ལམ་ནི་སྤྱོད་པ་རྣམ་གསུམ་སོགས། །ཇི་སྐད་གོང་དུ་སྔར་བསྟན་པའོ། །ལམ་མ་ཡིན་པ་འདི་ལྟ་སྟེ། །ལོག་པར་འཇུག་ཅིང་ཚོལ་བ་སྟེ། །བཀག་པའི་མི་དགེ་བཅུ་སྤྱོད་པའོ། །དཔེར་ན་མུ་སྟེགས་ཅན་འགའ་ཞིག །འཇུག་པའི་སྤྱོད་པའི་དུས་ན་ཡང༌། །བུད་མེད་བསྟེན་པའི་དབང་བསྐུར་བཞིན། །ཐོག་མ་མེ་ནས་དེར་ཞེན་པས། །སྦྱོར་བའི་སྤྱོད་པའི་དུས་ན་ཡང༌། །དེ་ལ་འཁྱུད་ཅིང་ཞེན་པ་ཡིས། །བསྒོམ་དང་བཟླས་སོགས་བྱེད་ན་ཡང༌། །ཆགས་པ་


DTG078_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཞིང་འཕེལ་བར་འགྱུར། །སྒྲུབ་པའི་སྤྱོད་པའི་དུས་ན་ཡང༌། །དེ་ཡི་ཐ་སྙད་ལ་དགའ་ཞིང༌། །ཚུལ་བཞིན་མ་ཡིན་ཡིད་བྱེད་པས། །འདོད་ཁམས་འདའ་བའང་མི་ནུས་ན། །རྨད་བྱུང་ཐོབ་པར་ག་ལ་འགྱུར། །དེ་བཞིན་ཞེ་སྡང་གཏི་མུག་སོགས། །སྔོན་དུ་སོང་བས་བྱས་པའི་ལས། །སྲོག་གཅོད་མ་བྱིན་ལེན་པ་དང༌། །བརྫུན་དུ་སྨྲ་དང་ཕྲ་མ་སོགས། །དེ་དག་ཐམས་ཅད་ལམ་མིན་བསྟན། །དེ་ལ་གཞི་ཡི་དམ་ཚིག་ནི། །རྣམ་པ་བཞིར་ནི་ཤེས་བྱ་སྟེ། །ཡང་དག་ལྟ་དང་ལྡན་པ་དང༌། །དཀོན་མཆོག་གསུམ་པོ་མི་སྤོང་དང༌། །བྱང་ཆུབ་སེམས་དང་ལྡན་པ་དང༌། །དབང་བསྐུར་ཡང་དག་མི་སྤོང་བའོ། །དེ་ལ་ཡན་ལག་དམ་ཚིག་ནི། །བཞི་པོ་དེ་ལ་བརྟེན་པ་ཡིས། །ཐུན་མོང་ཐུན་མོང་མ་ཡིན་པའི། །བྱེ་བྲག་ལྷག་པ་ཐམས་ཅད་དོ། །ཆོ་གའི་བྱ་བ་རྣམ་ངེས་ནི། །ཡང་དག་ལྟ་སོགས་གསུམ་ལྡན་ཞིང༌། །བླ་མ་མཉེས་བྱེད་བསླབ་ལ་གུས། །དུས་གསུམ་ལྷ་མཆོད་ཀློག་འདོན་ཟློས། །རྣམ་ཐར་སྒོ་གསུམ་ལ་གཞོལ་ཞིང༌། །དམིགས་པ་གཅིག་ལ་བརྟན་པར་བྱ། །བྱང་ཆུབ་སེམས་དཔའ་རབ་བྱུང་བས། །རང་གི་འདུལ་དང་ཆོ་ག་ལས། །མ་འདས་པར་ནི་འབད་པ་ཡིས། །སྔགས་ཀྱི་དངོས་གྲུབ་ལ་རེག་བྱ། །ཁྱིམ་པར་གྱུར་པའི་སྔགས་པ་ཡིས། །རབ་ཏུ་བྱུང་བའི་སྔགས་པ་དག །བདག་གི་སློབ་མར་གྱུར་པ་ན། །རྐང་པ་བཀྲུ་དང་ཕྱག་ལ་སོགས། །ནམ་ཡང་བདག་གིར་མི་བྱའོ། །རྟག་ཏུ་རབ་ཏུ་བྱུང་བ་ལ། །ཤཱཀྱའི་དབང་པོ་ལྟར་འཛིན་པས། །གུས་པས་བསྙེན་བཀུར་བྱ་བ་ཡིན། །སངས་རྒྱས་བསྟན་པ་རིན་ཆེན་སྒྲོན། །འབར་བའི་སྣོད་ནི་དཀའ་ཐུབ་ཅན། །ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས། །དགེ་སློང་རྣམས་ནི་ཡིན་ཕྱིར་རོ། །དེ་ལྟར་དགོངས་པ་ཅན་གྱི་གསུང༌། །དགོངས་བཅས་དགོངས་མིན་ཇི་ལྟ་བར། །མདོར་བསྡུས་བདག་གིས་བྲིས་པ་ལས། །སྟོན་ཀའི་ཟླ་བ་ལྟར་དཀར་བའི། །དགེ་བ་ཅུང་ཞིག་གང་ཐོབ་དེས། །འགྲོ་བས་མ་ནོར་ལམ་རྟོགས་ཤོག །མ་ནོར་རྒྱུད་ཀྱི་དོན་བརྟེན་ནས། །བློ་ཆུང་རྣམས་ཕྱིར་བྲིས་པ་ལ། །ཚིག་དང་དོན་ལ་འཁྲུལ་པ་དག །མཁས་པ་རྣམས་ཀྱིས་བཟོད་པར་མཛོད། །གསང་སྔགས་ལ་འཇུག་པའི་རབ་ཏུ་


DTG078_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་དྲུག་ཅུ་པ་སློབ་དཔོན་ཛྙཱ་ན་ཨཱ་ཀ་རས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཛྙཱ་ན་ཨཱ་ཀ་ར་ཉིད་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།

གསང་སྔགས་ལ་འཇུག་པའི་འགྲེལ་པ།


DTG078_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མནྟྲཱ་བ་ཏ་ར་པྲྀཏྟིཿ། བོད་སྐད་དུ། གསང་སྔགས་ལ་འཇུག་པའི་འགྲེལ་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཉོན་མོངས་ཤེས་བྱའི་སྒྲིབ་པ་དག །བག་ཆགས་བཅས་པར་གཏན་སྤངས་ཀྱང༌། །ཐུགས་རྗེས་འགྲོ་བའི་དོན་བཞུགས་པའི། །སྐྱོབ་པ་རྣམས་ལ་ཕྱག་འཚལ་ནས། །དགོངས་དོན་ཟབ་མོ་བསྡུས་པའི་དོན། །ཚིག་རེ་ནས་ནི་དབྱེ་བར་བྱ། །དངོས་པོའི་དེ་ཉིད་རང་བཞིན་འོད་གསལ་མངོན་མཛད་ནས། །ཞེས་བྱ་བ་ལ་སོགས་པ་ལ། དངོས་པོ་ནི་གཟུང་བ་དང་འཛིན་པའི་མཚན་ཉིད་ཅན་རྣམས་སོ། །དེའི་དེ་ཉིད་ནི་སྐྱེ་བ་མེད་པའོ། །སེམས་རང་བཞིན་གྱིས་འོད་གསལ་བ་དེས་དེ་ཉིད་མངོན་སུམ་དུ་མཛད་པ་ནི་དེའི་བདག་ཉིད་དུ་གྱུར་པའོ། །དེ་ལྟ་བུ་མངོན་སུམ་དུ་མཛད་ན་ཡང༌། ཐུགས་རྗེ་ཆེན་པོས་གདུལ་བྱའི་དབང་གིས་སྐུའི་ཆ་བྱད་སྣ་ཚོགས་དང༌། ཚིག་དང་ཡི་གེ་དུ་མས་དེ་ཁོ་ན་ཉིད་ཇི་ལྟར་འོས་པ་སྟོན་པར་མཛད་པའི་སྐུ་དང༌། གསུང་དང༌། ཐུགས་རྡོ་རྗེ་གསུམ་མི་ཕྱེད་པའི་བདག་ཉིད་ཅན་གྱི་སྐུ་ལ་ཕྱག་འཚལ་ནས་སོ། །ཅི་ཞིག་བྱ་ཞེ་ན། རབ་ཏུ་གསང་བ་བློ་མཆོག་ཡུལ་གྱུར་གསང་སྔགས་དོན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རབ་ཏུ་གསང་བ་ནི་དངོས་པོར་མངོན་པར་ཞེན་པ་རྣམས་ལའོ། །བློ་མཆོག་ཡུལ་གྱུར་ཞེས་བྱ་བ་ནི་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་པས་སོ། །གསང་སྔགས་དོན་ཞེས་བྱ་བ་ནི་དགོངས་པ་སྣ་ཚོགས་ཀྱིས་བསྟན་པའི་ཚིག་རྣམས་སོ། །ལོག་པར་རྟོགས་པ་ནི་ཕྱིན་ཅི་ལོག་ཏུ་བཟུང་བ་དང༌། དམ་པ་མ་ཡིན་པའི་བླ་མའི་གདམས་ངག་གི་དབང་གིས་སྒྲོ་འདོགས་སྐུར་པ་འདེབས་ཤིང༌། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་དབང་གིས་སྒྲ་ཇི་བཞིན་འཇུག་པར་བྱེད་པ་རྣམས་ཕྱིན་ཅི་མ་ལོག་པའི་དོན་རྟོགས་ཤིང་གོ་བར་བྱེད་པའི་ཕྱིར་དྲིས་པའི་ལན་གདབ་པའི་ཚུལ་གྱིས། རྒྱུད་ཡང་དག་པ་རྣམས་ལས་བཏུས་ནས་ཅུང་ཟད་ཅིག་ཙམ་བདག་གིས་བྲི་བར་


DTG078_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ་ཞེས་བྱ་བའི་དོན་ཏོ། །བསྐལ་པ་ཆེན་པོ་རབ་མང་བས། །ཞེས་བྱ་བ་ལ་སོགས་པ་ལ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལམ། ལམ་གཞན་གྱིས་བསྐལ་པ་ཆེན་པོ་རབ་ཏུ་མང་པོས་བགྲོད་པར་བྱ་བའི་ས་རྣམས་དང༌། འོག་མིན་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་སུ་ཇི་ལྟར་བསྒོམ་པ་དང༌། བཟླས་པ་དང༌། མཆོད་པ་ལ་སོགས་པས་བསྡུས་པ་དམ་ཚིག་དང༌། ལྷའི་ང་རྒྱལ་ལ་སོགས་པས། སྐྱེ་བ་འདིའམ་ཞེས་བྱ་བ་ཚེ་འདི་ལའམ། གཞན་དག་ཅེས་བྱ་བ་ཚེ་གསུམ་གྱིས་སོ། །སྔགས་པ་ཞེས་བྱ་བ་ནི་སྒོ་འདིར་ཞུགས་པའི་རྣལ་འབྱོར་པའོ། །མྱུར་དུ་འཇུག་པ་ནི་ཚེ་འདིའམ། སྐྱེ་བ་འགས་སོ། །རྒྱུ་དང་རྐྱེན་ནི་གང་དང་གང་ཞེས་བྱ་བ་ནི། དེ་ལྟར་མྱུར་དུ་འཇུག་པའི་རྒྱུ་ནི་གང་ཡིན། །རྐྱེན་ནི་གང་ཡིན་ཞེས་དྲིས་པའོ། །དེ་བཞིན་དུ་འོག་མ་དག་ལ་ཡང་སྦྱར་བར་བྱ་སྟེ། བྱ་བ་དང་བཅས་པའི་བྱེད་པ་པོ་ལྟ་བུ་ནི་གང་ཡིན། དེའི་གྲུབ་པའི་དངོས་གྲུབ་ནི་གང་ཞིག་ཡིན། གྲུབ་པ་ཐོབ་པའི་སྐྱེས་བུ་དེའི་སྤྱོད་པ་ནི་ཇི་ལྟ་བུ་ཡིན། འགྲུབ་པའི་དུས་ཀྱི་ངེས་པ་ནི་ཇི་ཙམ་གྱིས་ཡིན། གསང་སྔགས་ཀྱི་ཚུལ་ལ་ཞུགས་པ་ལས། འཇིག་རྟེན་པའི་དངོས་གྲུབ་འགྲུབ་པའམ། ཉན་ཐོས་སམ་རང་སངས་རྒྱས་སུ་འགྱུར་བ་ནི་ཇི་ལྟ་བུ་ཡིན། བདག་གི་དེ་ཁོ་ན་ཉིད་ནི་ཇི་ལྟ་བུ་ཡིན། ལྷའི་དེ་ཁོ་ན་ཉིད་ནི་གང་ཡིན། སྔགས་ཀྱི་དེ་ཁོ་ན་ཉིད་ནི་ཇི་ལྟ་བུ་ཡིན། ལམ་ནི་གང་ཡིན། ལམ་མ་ཡིན་པ་ནི་གང་ཡིན། གཞིའི་དམ་ཚིག་ནི་གང་ཡིན། ཡན་ལག་གི་དམ་ཚིག་ནི་གང་ཡིན། རྟག་ཏུ་བྱ་བའི་ཆོ་གའི་རྣམ་པར་ངེས་པ་ནི་གང་ཡིན་ཞེས་དྲི་ཚིག་བཅོ་ལྔས་དྲིས་པ་དང༌། དེ་དག་རེ་རེ་ནས་ལན་གདབ་པའི་ཕྱིར། དཔེར་ན་སྐྱེས་བུ་སྟོབས་ཆུང་བའམ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་སྐྱེས་བུ་བཀྲེས་པའམ། སྐོམ་པའམ། ནད་ཀྱིས་མནར་བ་ཉམ་ཆུང་བར་གྱུར་པའམ། ཕྱུགས་ཏེ་བ་ལང་ལ་སོགས་པས་དྲངས་པ་ཤིང་རྟས་ལོའམ་ཟླ་བ་མང་པོས་བགྲོད་པར་བྱ་བའི་གནས་དེར། རྐང་མགྱོགས་གྲུབ་པའི་སྐྱེས་བུའམ་ཉི་མ་དང་ཟླ་བས་ནི་སྐད་ཅིག་མ་འགས་འགྲོ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཕ་རོལ་ཕྱིན་པའམ། །ཞེས་བྱ་བ་ལ་སོགས་པ་ལ།


DTG078_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་ཞེས་བྱ་བ་ནི་དཔེ་བཞིན་དུའོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པའམ། ལམ་གཞན་ཏེ་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ལམ་མམ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དག་ལ་བརྟེན་ནས་སོ། །ཡུན་རིངས་འཇུག་པར་ཞེས་བྱ་བ་ནི་བསྐལ་པ་གྲངས་མེད་པ་གསུམ་མམ། དེ་བས་ཀྱང་ལྷག་པར་འཇུག་པའི་གནས་དེར་རོ། །སྔགས་པ་ཞེས་བྱ་བ་ནི་བརྩོན་འགྲུས་བརྟུལ་བ་ཅན་གྱི་རྣལ་འབྱོར་པས་ཡིན་གྱི་སྔགས་ཀྱི་སྒོར་ཞུགས་པ་ཙམ་གྱིས་ནི་མ་ཡིན་ནོ། །ཚེ་འདིས་འཇུག་ཅེས་བྱ་བས་ནི། ཚེ་འདི་ཉིད་ལ་ཡོན་ཏན་འདི་དག་འཐོབ་པའོ། །དེ་ཡང་རྒྱུ་ཅི་ཞིག་ཡིན་ཞེ་ན། སྔགས་ཀྱི་ཚུལ་མ་ནོར་བར་བསྒྲུབས་པའི་མཉམ་པ་མེད་པའི་མཐུ་ལ་བརྟེན་པའི་ཕྱིར་རོ། །དེ་ཡང་འཕགས་པ་ཞི་བའི་བློ་གྲོས་ཀྱིས་དྲིས་པ་ལས་དཔེར་ན་སྐྱེས་བུ་སྟོབས་ཆུང་བའམ། ཕྱུགས་ཀྱི་ཤིང་རྟས་ཡུན་རིང་ཞིག་གིས་བགྲོད་པར་བྱ་བའི་གནས་དེར་རྐང་མགྱོགས་གྲུབ་པའམ་ཉི་མའམ། ཟླ་བས་ནི་མྱུར་དུ་འགྲོ་བར་བྱེད་དོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་རིགས་ཀྱི་བུ་དག་བསྐལ་པ་རབ་འབྱམ་དག་གིས་འདའ་བའི་ས་དེ་དག་རིག་སྔགས་འཆང་རབ་ཏུ་བརྟུལ་བས་འཇུག་པས་ཚེ་འདི་ཉིད་ལ་འཐོབ་པ་ནི་མཐུ་མི་མཉམ་པ་ལ་བརྟེན་པ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ཡང་རྒྱུ་རྐྱེན་ཕུན་ཚོགས་ཀྱིས། །ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་རྒྱུ་གང་དག་ཡིན་ཞེ་ན། རྒྱུ་ཡང་ལུས་ངག་ཡིད་ཀྱི་ལས། །ཞེས་བྱ་བ་སྟེ། སྔོན་གྱི་སྐྱེ་བ་རྣམས་སུ་སྲོག་གཅོད་པ་སྤོང་བ་ལ་སོགས་པ་དགེ་བ་བཅུ་ལ་ལེགས་པར་སྤྱད་པས། དེ་ལྟར་རྣམ་པར་སྨིན་པའི་དབང་གིས་ཐོབ་པའི་རྒྱུ་འདི་མཚན་དང་ལྡན་པའི་ལུས་ཐོབ་ཅིང་ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། ལུས་མཚན་སྣ་ཚོགས་འབར་བ་དང༌། །དག་ཆངས་པའི་དབྱངས་དང༌། ཀ་ལ་པིངྐའི་སྐད་དང༌། འབྲུག་གི་སྒྲ་དང༌། སེམས་འདོད་ཆགས་སྲབ་ཅིང་ཞེ་སྡང་གི་ཟུག་རྡུ་ཕྱུང་བ་དང༌། གཏི་མུག་གི་མུན་པ་བསལ་བ་ཡིན་ཏེ། དེ་ལྟར་ལུས་ངག་ཡིད་གསུམ་ཕུན་སུམ་ཚོགས་པ་གསུམ་དང་ལྡན་པ་ནི་སྒྲུབ་པའི་མཆོག་གི་རྟེན་དུ་འདོད་དོ། །དེ་ཡང་ཀྱེ་རྒྱལ་བའི་སྲས་འདི་ལ་རྒྱུ་ནི་རིགས་གཙོ་བོ་གསུམ་


DTG078_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ། སྔོན་ཤིན་ཏུ་ལས་ལེགས་པར་སྤྱད་ཅིང་བྱས་པས་འཕགས་པ་ཅན་ཡིན་ནོ་ཞེས་རྒྱུད་ལས་གསུངས་པ་ཡིན་ནོ། །དེ་ལྟར་རྒྱུ་ཕུན་སུམ་ཚོགས་པ་བསྟན་ནས། རྐྱེན་ཕུན་སུམ་ཚོགས་པ་བསྟན་པར་འདོད་ནས། རྐྱེན་ཡང་རྣམ་པ་གསུམ་ཉིད་དེ། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །གསུམ་པོ་དེ་དག་ཀྱང་གང་ཞེ་ན། འཇུག་དང་སྦྱོར་དང་སྒྲུབ་པ་ཡི། །སྤྱོད་པ་རྣམ་པ་གསུམ་ཉིད་དོ། །ཞེས་བྱ་བས་སྨྲས་སོ། །དེ་དག་རེ་རེ་ནས་བསྟན་པར་འདོད་ནས། དེ་ལ་འཇུག་པའི་སྤྱོད་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོར་ཇི་ལྟར་བྱ་ཞེ་ན། སྔགས་ལ་དད་པའི་སློབ་མ་ཡིས། །ཞེས་བྱ་བ་ནི་གསང་སྔགས་ཀྱི་ཚུལ་ལ་མོས་ཤིང་ཡིད་ཆེས་པའི་སློབ་མས། བླ་མ་ཡོན་ཏན་དང་ལྡན་པ། །ཞེས་བྱ་བ་ནི་ཤེས་རབ་དང་སྙིང་རྗེ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ལའོ། །དུས་རིང་བསྙེན་པ་སྔོན་འགྲོ་བས། །ཞེས་བྱ་བ་ལ་ལོ་འམ་ཟླ་བ་མང་པོར་དུས་གསུམ་དུ་མཎྜལ་བྱ་བ་དང༌། ཕྱག་འཚལ་བ་དང༌། གོས་དང༌། ཟས་དང༌། སོ་རྩི་ལ་སོགས་པ་འབུལ་ཞིང་མཉེས་པར་བྱས་ནས་བླ་མའི་བྱ་བ་བསྒྲུབ་པའོ། །མཉེས་ནས་གསོལ་བ་གདབ་བྱས་ལ། །ཞེས་བྱ་བ་ནི་དེ་ལ་དུས་རིང་པོར་བསྙེན་བཀུར་ལ་སོགས་པ་བྱས་པས་བླ་མའི་ཐུགས་མཉེས་པ་དང་གསོལ་བ་གདབ་པར་བྱ་སྟེ། ཅིའི་ཕྱིར་གསོལ་བ་གདབ་ཅེ་ན། དཀྱིལ་འཁོར་འཇུག་དང་དབང་བསྐུར་ཞིང༌། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་དོན་དུ་གཉེར་བའི་སློབ་མ་ལ་དཀྱིལ་འཁོར་དུ་གཞུག་པ་དང༌། དབང་བསྐུར་བ་དང༌། དམ་ཚིག་དང་སྔོམ་པ་ལ་སོགས་པ་བླ་མས་བྱིན་ལ་རང་གང་འདོད་པའི་ལྷ་བཟུང་ནས་བཟླས་པ་བྱེད་པ་ནི། རང་གི་འདོད་ལྷ་གཟུང་བ་སྟེ། །ཞེས་པའོ། །ད་ནི་རྐྱེན་རྣམ་པ་གསུམ་ལས་གཞིའི་རྐྱེན་ཞེས་བྱ་བ་ལ། དེ་ལྟར་འཇུག་པའི་སྤྱོད་པས་བདག་ཉིད་ཞིང་ས་གཤིན་པ་ལྟར་བསྒྲུབ་པའི་སྣོད་དུ་རུང་བར་བྱས་ནས་དངོས་གྲུབ་སྒྲུབ་པར་འདོད་ན། དེ་ལ་སྦྱོར་བའི་འདོད་པ་ནི། །མཐུན་པའི་གནས་སོགས་དེ་དང་དེར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕུག་གམ། ལྷ་ཁང་སྟོང་པའམ། སྨན་ལྗོངས་སམ། སྔར་གྲུབ་པ་ཐོབ་པའི་གནས་ལ་སོགས་པར་གནས་ལ། འཇིག་རྟེན་པའི་ལས་ཀྱི་མཐའ་ངན་པ་རྣམ་པར་གཡེངས་པའི་རྒྱུ་ཐམས་ཅད་སྤངས་ནས། རང་གི་འདོད་པའི་


DTG078_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་རས་བྲིས་ལ་སོགས་པ་བྲིས་ནས། དང་པོར་སྭ་བྷཱ་བ་ཤུདྡྷཿ་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་ལ། སྟོང་པ་ཉིད་དུ་སྒོམ་ཞིང༌། བྱམས་པ་ལ་སོགས་པ་ཚད་མེད་པ་རྣམས་བསྒོམ་པ་དང༌། རང་གི་འདོད་པའི་ལྷ་དཔའ་བོ་གཅིག་བུའམ། དཀྱིལ་འཁོར་གྱི་ལྷ་ཡང་རུང༌། ཆོ་ག་བཞིན་དུ་ཐུན་གསུམ་མམ། ཐུན་བཞིར་བསྒོམ་པ་དང་བཟླས་པ་བྱས་ལ། ལངས་པའི་དུས་སུ་ཡང་ཁ་ཏོན་དང༌། གཏོར་མ་གཏང་བ་དང༌། དཀོན་མཆོག་ལ་མཆོད་པ་དང༌། སྦྱིན་པ་གཏང་བ་ལ་སོགས་པ་བྱའོ། །དེ་ལྟར་སྤྱད་པས་ཅིར་འགྱུར་ཞེ་ན། སྡིག་ཆེན་ཀུན་ལས་གྲོལ་ནས་ནི། །ཞེས་བྱ་བ་སྨྲས་ཏེ། མཚམས་མེད་པ་ལྔ་ལ་སོགས་པ་བྱས་པའི་སྡིག་རྣམས་བྱང་བར་འགྱུར་རོ། །དེ་ཙམ་དུ་ཟད་དམ་ཞེ་ན། བསྐལ་བ་དུ་མར་སྤྱད་པ་ཡི། །བྱང་ཆུབ་སེམས་དཔའ་དང་མཚུངས་འགྱུར། །ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐལ་པ་མང་པོར་འབད་པ་བྱས་པ་དང༌། ཚེ་འདི་ཉིད་ལ་མཚུངས་པར་འགྱུར་རོ། །འདི་ནི་ཡོངས་འགྱུར་རུང་བའི་རྐྱེན། །གཉིས་པ་ཡིན་པར་བསྟན་པ་ཡིན། །ཞེས་བྱ་བ་ལ། འདི་ནི་ཞེས་བྱ་བ་ནི་སྦྱོར་བའི་སྤྱོད་པ་འདིའོ། །ཡོངས་འགྱུར་རུང་བའི་རྐྱེན་ཞེས་བྱ་བ་ནི་མིང་དང༌། རུས་དང༌། རིགས་དང༌། བདག་འཛིན་ལ་སོགས་པ་དང་ལྡན་པའི་སེམས་ཅན་གྱི་རྒྱུ་འདི་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་དང༌། ཡོན་ཏན་དཔག་ཏུ་མེད་པར་འགྱུར་དུ་རུང་བའི་རྐྱེན་གྱིས་སྦྱོར་བའི་སྤྱོད་པ་ཡིན་པས་ཡོངས་འགྱུར་དུ་རུང་བའི་རྐྱེན་ཞེས་བྱ་བའོ། །གཉིས་པ་ཞེས་བྱ་བ་ནི། འཇུག་པའི་སྤྱོད་པ་ལ་ལྟོས་ནས་སོ། །དེ་ལྟར་སྦྱོར་བའི་སྤྱོད་པ་བསྟན་ནས། ད་ནི་བསྒྲུབ་པའི་སྤྱོད་པ་བསྟན་པའི་ཕྱིར། དེ་ལ་སྒྲུབ་པའི་སྤྱོད་པ་ནི། །དཔེར་ན་ལེགས་པར་བཀྲུས་པའི་རས། །ཁ་དོག་རྣམས་སུ་བསྒྱུར་བ་ན། །ཚེགས་ནི་ཆུང་སྟེ་གཟབ་འོས་ལྟར། །སྒྲུབ་བའི་སྤྱོད་པ་བསྒྲིམས་དགོས་ཀྱི། །ཧ་ཅང་དཀའ་བ་འང་མ་ཡིན་ནོ། །ཞེས་བྱ་བ་སྨོས་ཏེ། སྒྲུབ་པའི་སྤྱོད་པ་ནི་དཔེར་ན་ལེགས་པར་བཀྲུ་བཤལ་བྱས་པའི་རས་དང༌། སྣམ་བུ་ལ་སོགས་པ་ཚོན་རྣམས་སུ་ཁ་དོག་བསྒྱུར་བ་ན། དཀའ་བླས་ནི་ཆུང་ལ་གཟབ་ནི་དགོས་པ་ཡིན་པ་ལྟར་སྒྲུབ་པའི་སྤྱོད་པ་ཡང་ཤིན་ཏུ་བསྒྲིམས་ཤིང་མ་ཡེངས་པར་ནི་བྱ་དགོས་ལ། ཧ་ཅང་དཀའ་ཞིང་ཚེགས་ཆེ་བ་ནི་མ་ཡིན་ནོ། །


DTG078_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་དྲིས་པ་ལས་འདི་ལྟ་སྟེ་དཔེར་ན་ཡོངས་སུ་སྦྱངས་པའི་རས་ལ་ཚོན་གྱིས་ཁ་བསྒྱུར་བ་ནི་རབ་ཏུ་གཟབ་པར་རིགས་ལ། ཚེགས་ཆེ་བས་ནི་མ་ཡིན་ནོ། །དེ་བཞིན་དུ་བསྒྲུབ་པའི་སྤྱོད་པ་འདི་ཡང་རབ་ཏུ་བསྒྲིམས་པས་འཇུག་དགོས་ཀྱི་ཆེས་དཀའ་བར་ནི་མི་བརྗོད་དོ་ཞེས་གསུངས་པ་ཡིན་ནོ། །དེ་ཡང་ཅིའི་ཕྱིར་ཞེ་ན། སྦྱོར་བའི་སྤྱོད་པས་རྒྱུད་སྨིན་པའི། །གང་ཟག་བསྒྲུབ་ལ་འཇུག་པ་ནི། །ཞེས་བྱ་བ་སྨོས་ཏེ། འདི་ལྟར་སྔར་སྦྱོར་བའི་དུས་སུ་ཚོགས་ཁྱད་པར་ཅན་རིང་དུ་བསགས་པས་རྒྱུད་སྨིན་པར་བྱས་པའི་སྒྲུབ་པ་པོ་ཡིན་པས་སོ། །དེ་ལྟ་བུའི་གང་ཟག་དེ་ཡང་བསྒྲུབ་པ་ལ་འཇུག་པ་ན། ཇི་ལྟར་བྱ་ཞེ་ན། གནས་དང་གྲོགས་དང་ལོངས་སྤྱོད་དང༌། །བསམ་པ་མ་ཡིན་པ་རྣམས་སྤང༌། །ཞེས་བྱ་བ་སྨྲས་ཏེ། གནས་མ་ཡིན་པ་ནི་བྱང་ཆུབ་ཆེན་པོ་ལ་སོགས་པ་བསྒྲུབ་པའི་གནས་བསྟན་པ་ལས་གཞན་པ་མུ་སྟེགས་བྱེད་ཀྱི་གནས་དང༌། ཚོང་འདུས་དང་སྐྱེ་བོ་མང་པོ་འདུ་བའི་ས་རྣམས་སྤངས་པའོ། །གྲོགས་མ་ཡིན་པ་ནི་འདོད་པ་དང་གཉིད་དང༌། རྨུགས་པ་ལ་དགའ་བ་དང༌། ཞེ་སྡང་དང་ཕྲག་དོག་ཆེ་བ་དང༌། དབང་མ་བསྐུར་བ་དང༌། གསང་སྔགས་ལ་དད་པ་མེད་པ་རྣམས་སྤངས་ལ། བདག་པས་ཡོན་ཏན་ལྷག་པར་གྱུར་པའམ། བདག་དང་མཉམ་པ་དང་ལྷན་ཅིག་གནས་པའོ། །ལོངས་སྤྱོད་མ་ཡིན་པ་ནི་སྔགས་བ་སེམས་རྣམ་པར་གཡེང་བར་བྱེད་པའི་རྒྱུ་བུད་མེད་དང༌། ཆང་ལ་སོགས་པ་ལྷག་པར་ཞེན་པ་སྐྱེ་བའི་གནས་སུ་གྱུར་པ་རྣམས་སྤང་བའོ། །བསམ་པ་མ་ཡིན་པ་ནི་འདོད་ཆགས་དད། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། ཕྲག་དོག་ལ་སོགས་པ་སྔོན་དུ་སོང་བའི་སེམས་ཀྱི་འཇུག་པ་སྤང་བའོ། །དེ་ཡང་རྒྱུད་ལས་རང་རྒྱུད་རབ་ཏུ་སྨིན་པར་བྱ་བའི་སྔགས་པ་བསྒྲུབ་པའི་སྤྱོད་པ་ལ་འཇུག་པ་ན། གནས་མི་མཐུན་པ་དང༌། གྲོགས་མ་ཡིན་པ་དང༌། རྫས་མ་ཡིན་པ་དང། བསམ་པ་མ་ཡིན་པ་རྣམས་སྤང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དམིགས་པའི་དོན་ལ་རྩེ་གཅིག་གཞག །ཅེས་བྱ་བ་ནི་མཉམ་པར་གཞག་པའི་ཚེ་ནི་བདག་གི་དེ་ཉིད་དམ། ལྷའི་དེ་ཉིད་ལ་རྩེ་གཅིག་ཏུ་བྱས་ལ། ལངས་པའི་ཚེ་ནི་ཐམས་ཅད་སྒྱུ་མ་ལྟ་བུར་མོས་པས་སྤྱོད་


DTG078_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ། །འདི་ནི་མྱུར་དུ་འཕགས་པའི་རྐྱེན། །གསུམ་པ་ཡིན་པར་བསྟན་པ་ཡིན། །ཞེས་བྱ་བ་ལ་འདི་ནི་ཞེས་བྱ་བ་ནི་བསྒྲུབ་པའི་སྤྱོད་པ་འདིའོ། །མྱུར་དུ་འཕགས་པའི་རྐྱེན་ཞེས་བྱ་བ་ནི་གྲུབ་པ་མངོན་སུམ་དུ་བྱེད་པའི་རྐྱེན་ཡིན་པའོ། །གསུམ་པ་ཞེས་བྱ་བ་ནི་འཇུག་པ་དང་སྦྱོར་བའི་སྤྱོད་པ་ལ་ལྟོས་ནས་གསུམ་པ་ཡིན་པས་སོ། །ད་ནི་སྤྱོད་པ་གསུམ་པོ་དག་གི་ངོ་བོ་ཇི་ལྟ་བུ་ཡིན་པ་དང༌། རྒྱུའི་གཙོ་བོ་གང་ཡིན་པ་བསྟན་པའི་ཕྱིར། དེ་ལ་འཇུག་པའི་སྤྱོད་པ་ནི། །དངོས་གྲུབ་སྐྱེ་བ་ཞིང་དང་འདྲ། །དེ་ལ་སྦྱོར་པའི་སྤྱོད་པ་ནི། །དངོས་གྲུབ་འབྱུང་བ་མྱུ་གུ་འདྲ། །དེ་ལ་བསྒྲུབ་པའི་སྤྱོད་པ་ནི། །འབྲུ་ཡི་ཚོགས་རྣམས་སྨན་པ་བཞིན། །དེ་དག་ཀུན་ལའང་གཙོ་བོ་ནི། །ལས་བཟང་དུ་མས་སྨིན་བྱས་པའི། །སེམས་ནི་ས་བོན་འདྲ་བའི་ཕྱིར། །ཕུལ་དུ་བྱུང་བའི་རྒྱུར་རབ་གནས། །ཞེས་བྱ་བས་བསྟན་ཏེ་སྔར་རྐྱེན་རྣམ་པ་གསུམ་རྒྱས་པར་བསྟན་པའི་འཇུག་པའི་སྤྱོད་པས་ནི་ཞིང་ས་བཟང་པོ་ལྟར་སེམས་དངོས་གྲུབ་སྐྱེ་བའི་ཞིང་དུ་བྱས་པ་ཡིན་ལ། སྦྱོར་བའི་སྤྱོད་པས་ནི་ས་བོན་དང་བཅས་པའི་ཞིང་ས་བཟང་པོ་ལས་མྱུ་གུ་འབྱུང་བ་ལྟ་བུ་ཡིན་ནོ། །བསྒྲུབ་པའི་སྤྱོད་པ་ནི་རིམ་གྱིས་འབྲུའི་ཚོགས་སྨིན་པ་ལྟ་བུ་ཡིན་ཏེ། སྤྱོད་པ་དེ་དག་ཀུན་ལའང་གཙོ་བོ་ནི་སྔོན་གྱི་ཚེ་རབས་དག་ཏུ་ལས་བཟང་པོ་དུ་མས་སྨིན་པར་བྱས་པའི་སེམས་ཁོ་ན་ས་བོན་དང་འདྲ་བ་ཡིན་པའི་ཕྱིར། ཕུལ་དུ་བྱུང་བའི་རྒྱུར་རབ་ཏུ་གནས་པ་ཡིན་ཏེ། རྒྱས་པར་གོང་དུ་བསྟན་པས་ཡང་མ་སྦྲོས་པ་ཡིན་ནོ། །དེ་ལྟར་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་དང་ལྡན་པའི་སྔགས་པས་འབྲས་བུ་ཅི་ཞིག་འཐོབ་པར་འགྱུར་ཞེ་ན། སྔགས་པས་ས་རྣམས་རབ་གནོན་ཅིང༌། །མངོན་པར་ཤེས་པ་ལྔས་རྩེ་ལ། །དག་པའི་སངས་རྒྱས་ཞིང་དུ་འགྲོ། །ཞེས་བྱ་བ་སྨྲས་ཏེ། དེ་ལྟར་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་དང་ལྡན་པའི་སྔགས་པ་དེ་ནི་སྐྱེ་བ་འདི་ལས་རྣམས་རབ་ཏུ་གནོན་ཅིང་མངོན་པར་ཤེས་པ་ལྔས་རྩེ་ཞིང་འོག་མིན་གྱི་འཇིག་རྟེན་ནམ། མངོན་པར་དགའ་བ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་སུ་ཡང་ཚེ་འདི་ཉིད་ལ་འགྲོ་བར་ནུས་པར་འགྱུར་རོ། །འོ་ན་དེ་ལྟར་རྒྱུ་རྐྱེན་ཕུན་སུམ་ཚོགས་པའི་སྤྱོད་པ་དེ་དག་ཐམས་ཅད་ལ་གཙོ་བོར་གྱུར་པའི་བྱེད་པ་བོ་གང་ཞིག་ཡིན་ཞེ་ན། དེ་ལ་བྱ་བ་དང་


DTG078_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི། །བྱེད་པ་པོ་དང་འདྲ་བར་ནི། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །ཞེས་བྱ་བ་སྨྲས་སོ། །གསུམ་པོ་ཉིད་གང་དང་གང་ཡིན་ཞེ་ན། བརྩོན་འགྲུས་ཤིན་ཏུ་འབར་བ་དང༌། །སེམས་ནི་དམིགས་ལ་རྩེ་གཅིག་དང༌། །ཡང་དག་ལྟ་དང་ལྡན་པའོ། །དེ་ལ་བརྩོན་འགྲུས་ཤིན་ཏུ་འབར་བ་ནི་མགོ་ལ་མེ་འབར་བ་གསད་པ་ལ་ཤིན་ཏུ་བརྩོན་པ་ལྟར་དགེ་བའི་ཕྱོགས་ལ་གཅིག་ཏུ་བརྩོན་པའོ། །སེམས་དམིགས་པ་ལ་རྩེ་གཅིག་པ་ནི་དམིགས་པ་ལ་མཉམ་པར་གཞག་པའི་ཚེ་ཆར་དང༌། ཉི་མ་དང༌། རླུང་དང༌། རྔ་དང༌། དུང་གི་སྒྲ་ལ་སོགས་པས་ཀྱང་མི་གཡོ་བའོ།། ཡང་དག་པའི་ལྟ་བ་དང་ལྡན་པ་ནི་རྒྱུ་དང་འབྲས་བུ་ལ་སྐུར་པ་མི་འདེབས་ཤིང་རྣམ་པར་སྨིན་པ་ལ་ཡིད་ཆེས་པའོ། །དེ་ལྟའི་བྱ་བ་དང་ལྡན་པའི། །གྲུབ་པའི་དངོས་གྲུབ་གང་ཞེ་ན། །ཞེས་བྱ་བ་ནི། འོ་ན་དེ་ལྟར་དཀའ་བ་སྣ་ཚོགས་དང་ལྡན་པའི་བྱ་བ་སྒྲུབ་པའི་དངོས་གྲུབ་དེ་ཇི་ལྟ་བུ་ཞིག་ཡིན་ཞེས་དྲིས་པ་དང༌། ལུས་དང་གནས་དང་ལོངས་སྤྱོད་དག །ཅེས་བྱ་བ་ལ་སོགས་པས་བསྟན་ཏོ། །མི་ལས་ཁྱད་པར་འཕགས་པ་སྟེ། །ཞེས་བྱ་བ་ལ་ལུས་མི་ལས་ཁྱད་པར་དུ་འཕགས་པ་ནི་གསེར་གྱི་ཁ་དོག་དང༌། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ལ་སོགས་པ་ལའོ། །གནས་དང་ལོངས་སྤྱོད་ནི་ལྷའི་གཞལ་ཡས་ཁང་ལ་སོགས་པ་དང༌། ཆོས་ཀྱི་ལོངས་སྤྱོད་པ་ལ་སོགས་པ་དག་གོ །ཚེ་ལ་དབང་སྒྱུར་བ་ནི་འདོད་ན་བསྐལ་པར་ཡང་གནས་ཤིང་སེམས་ཅན་གྱི་དོན་མཐོང་ན་ལུས་གཞན་ལེན་པའོ། །མི་ཁོམ་པར་སྐྱེ་བ་ལས་གཏན་དུ་གྲོལ་ཞེས་བྱ་བ་མི་ཁོམ་པ་བརྒྱད་པོ་དེ་དག་ཏུ་སེམས་ཅན་གྱི་དོན་མཐོང་ནས་རང་གི་འདོད་པའི་དབང་གིས་སྐྱེ་བ་ལེན་པ་ནི་སྲིད་ཀྱི། ལས་དང་ཉོན་མོངས་པའི་རྒྱུས་དེ་དག་ཏུ་མི་སྐྱེ་བའོ། །སངས་རྒྱས་འབྱུང་དང་ཕྲད་སོགས་དང༌། །ཞེས་བྱ་བ་ནི་ཚེ་རབས་ཐམས་ཅད་དུ་སངས་རྒྱས་འབྱུང་བ་དང་ཕྲད་པའམ། དེའི་དམ་པའི་ཆོས་གནས་པ་དང་ཕྲད་པའོ། །སོགས་པས་བསྡུ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་དང་འགྲོགས་པ་དང་མི་འབྲལ་བའོ། །འདོད་ཡོན་ལྔ་པོ་ཤེས་བཞིན་དུ། །སྤྱོད་ལ་འཆིང་བར་མི་འགྱུར་དང༌། །ཞེས་བྱ་བ་ལ་འདོད་པའི་ཡོན་ཏན་ལྔ་པོ་རང་གི་སེམས་གཟུང་བར་སྣང་བ་ཉིད་གཟུགས་རྡོ་རྗེ་ལ་སོགས་པ་ལོངས་སྤྱོད་


DTG078_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཤེས་ཤིང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔར་རྟོགས་པས་མཆོད་པ་དང༌། མཆོད་པའི་གནས་རྣམས་སེམས་གཟུང་འཛིན་གྱི་རྣམ་པ་ཅན་དུ་རོ་གཅིག་པར་ཤེས་པས་ལོངས་སྤྱོད་ཀྱང་འཆིང་བར་ཡང་མི་འགྱུར་ལ་བསོད་ནམས་ཆེན་པོར་ཡང་འགྱུར་བའོ། །བདག་གཞན་ཕན་སྐྱེད་ནུས་པའོ། །ཞེས་བྱ་བ་ནི། མ་འོངས་པའི་དུས་རིང་པོ་དག་ཏུ་བདག་དང་གཞན་གྱི་མཐོ་རིས་དང༌། ཐར་པའི་བདེ་བ་སྐྱེད་ནུས་པའོ། །གྲུབ་པའི་སྤྱོད་པ་གང་ཞེ་ན་ཞེས་བྱ་བ་ལ་དེ་ལྟ་བུའི་གྲུབ་པ་ཐོབ་པའི་གྲུབ་པའི་སྐྱེས་བུ་དེ་སྤྱོད་པ་ཇི་ལྟ་བུ་ཡིན་ཞེ་ན། ཡུལ་དང་དུས་ནི་དེ་དང་དེར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་སམ་ལྷའི་གནས་ལ་སོགས་པ་དེ་དང་དེར་རོ། །འབྱོར་པའི་བདེ་བ་ལ་སྤྱོད་ཅིང༌། །ཞེས་བྱ་བ་ལ། མི་ལས་ཁྱད་པར་དུ་འཕགས་པའི་གཟུགས་ལ་སོགས་པའི་ལོངས་སྤྱོད་ཀྱི་བདེ་བ་གྱ་ནོམ་པ་ལ་བདག་ཉིད་སྤྱོད་པའོ། །དེ་བཞིན་འཕགས་པ་རྣམས་ལ་ཡང༌། །ཅི་ནུས་པར་ནི་ཆོད་པ་དང༌། །ཞེས་བྱ་བ་ལ། བདག་སྤྱོད་པ་དེ་བཞིན་དུ་འཕགས་པ་རྣམས་ལ་ཡང་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང༌། དགྲ་བཅོམ་པ་དང༌། རང་སངས་རྒྱས་རྣམས་ལ་ཡང་མཆོད་པའི་སྤྲིན་རབ་འབྱམས་དཔག་ཏུ་མེད་པ་དབུལ་ཞིང༌། རང་འདོད་པའི་ལྷ་མཉེས་པར་བྱེད་པ་ལ་ཡང་སྐད་ཅིག་རེ་རེས་ཀྱང་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པར་འཇུག་པའོ། །ཕན་གདགས་ཚར་གཅོད་ཀྱིས་འདུལ་བའི། །ཞེས་བྱ་བ་ལ་སོགས་པ་ལ་ནད་དང་འཚེ་བ་སྣ་ཚོགས་ཀྱི་གནོད་པ་རྣམས་ལ་ནི་སྡུག་བསྔལ་སྣ་ཚོགས་ཞི་བར་བྱེད་ཅིང་ཚེ་དང་ལོངས་སྤྱོད་ལ་སོགས་པ་རྒྱས་པར་བྱེད་དོ། །ཤིན་ཏུ་གདུག་ཅིང་གཏུམ་ལ་རང་བཞིན་དན་པ་གཞན་ལ་འཚེ་བ་རྣམས་ལ་ནི་ཁྲོ་བོ་ཤིན་ཏུ་མི་བཟད་པ་ལག་ན་མཚོན་ཆ་སྣ་ཚོགས་འཛིན་ཅིང་གསོད་པ་ལ་དགའ་བ་ལྟ་བུར་སྤྲུལ་ནས་འདུལ་བར་བྱེད་དོ། །གཞན་ཡང་སེམས་ཅན་རྣམས་དང་རྗེས་སུ་མཐུན་པར་ནམ་མཁའ་ལ་འགྲོ་བ་དང༌། མེ་འབར་བ་དང༌། ཆུ་འབེབས་པ་ལ་སོགས་པ་རྫུ་འཕྲུལ་སྣ་ཚོགས་བསྟན་པས་འདུལ་བར་བྱེད་དོ། །དམྱལ་ལ་སོགས་པར་ཡུད་ཙམ་ལའང༌། །བསིལ་དང་དྲོད་སོགས་སྦྱིན་པ་


DTG078_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

དང། །ཞེས་བྱ་བ་ན། ཚ་བའི་དམྱལ་བ་རྣམས་སུ་སེར་བུའི་བསིལ་བ་དང་སྤོས་ཀྱི་ཆར་ལ་སོགས་པ་འབེབས་པས་བསིལ་བ་སྦྱིན་པར་བྱེད་དོ། །གྲང་བའི་དམྱལ་བ་རྣམས་ལ་ནི་མེའི་ཕུང་པོ་ལ་སོགས་པ་སྤྲུལ་ནས་དྲོ་བ་སྦྱིན་པར་བྱེད་དོ། །དེ་བཞིན་སེམས་ཅན་སྣ་ཚོགས་ལ།། ཆོས་རྣམས་སྣ་ཚོགས་སྟོན་པ་སྟེ། །ཞེས་བྱ་བ་ལ། ལྷ་དང༌། མི་དང༌། ལྷ་མ་ཡིན་ལ་སོགས་པ་སེམས་ཅན་མོས་པ་དང༌། སྐད་སྣ་ཚོགས་ཅན་རྣམས་ལ་སོ་སོའི་སྐད་ཀྱིས་མོས་པ་བཞིན་དུ་ཆོས་སྣ་ཚོགས་སྟོན་པའོ། །སྨན་གྱི་ལྗོན་ཤིང་ཆེན་པོ་ལྟར། །མཐོང་དང་ཐོས་དང་རེག་པ་དང། །དྲན་པས་ཀུན་ལ་ཕན་འགྱུར་བའོ། །ཞེས་བྱ་བ་ལ། དཔེར་ན་སྨན་གྱི་ལྗོན་ཤིང་ཆེན་པོ་ལ་ཞེ་སྡང་གིས་གཅད་དམ་དགའ་བས་བཅད་ཀྱང་རུང་ཇི་ལྟར་ཡང་ཕན་འདོགས་པར་བྱེད་པ་ཡིན་པ་ལྟར་གྲུབ་པའི་སྐྱེས་བུ་དེ་ལ་ཡང་སེམས་ཅན་རྣམས་ཀྱི་ཆགས་པའི་སེམས་སམ། སྡང་བའི་སེམས་ཀྱིས་ཀྱང་རུང༌། མིག་གིས་མཐོང་ངམ། རྣ་བས་ཐོས་སམ། ལུས་ཀྱིས་རེག་གམ། སེམས་ཀྱིས་དྲན་ཡང་རུང༌། ཅི་ནས་ཀྱང་ཕན་པ་འབྱུང་བར་འགྱུར་བ་ཡིན་ནོ། །དེ་ལྟར་དངོས་གྲུབ་ཐོབ་པའི་སྤྱོད་པ་ཇི་ལྟ་བུ་ཡིན་པ་བསྟན་ནས། དུས་ཇི་ཙམ་གྱིས་འགྲུབ་པར་བསྟན་པའི་ཕྱིར། གྲུབ་པའི་དུས་ནི་གང་ཞེ་ན། །ཞེས་བྱ་བ་དྲིས་པ་དང༌། རྒྱུ་དང་རྐྱེན་རྣམས་ཕུན་ཚོགས་ཤིང༌། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རྒྱུ་སྔོན་གྱི་ལས་བཟང་པོ་དུ་མས་བསྐྱེད་པའི་ལུས་དང༌། ངག་དང༌། སེམས་ཡོན་ཏན་མང་པོ་འབྱུང་བའི་རྟེན་དུ་རུང་བ་དང་ལྡན་པ་དང༌། རྐྱེན་སྤྱོད་པ་རྣམ་པ་གསུམ་ལ་གོ་རིམས་བཞིན་དུ་ལེགས་པར་སློབ་པ་ནི། རྒྱུ་དང་རྐྱེན་ཕུན་སུམ་ཚོགས་པའོ། །དེ་ཡང་རྒྱུན་དུ་བཟླས་པ་དང༌། བསྒོམ་པ་དང་ལྡན་ཞིང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དད་པའི་དཀའ་ཐུབ་ཅན་ཡིན་ན། དེའི་དངོས་གྲུབ་ནི་ཚེ་འདི་ཉིད་ལ་འགྲུབ་པར་འགྱུར་རོ། །དེའི་ཕྱིར། རྒྱུན་དུ་བཟླས་དང་བསྒོམ་པ་དང༌། །རྒྱལ་བ་སྲས་བཅས་ལ་དད་པའི། །དཀའ་ཐུབ་ཅན་གྱིས་དངོས་གྲུབ་ནི། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ཞེས་སྨྲས་པ་ཡིན་ནོ། །རྒྱུ་དང་ལྡན་ཡང་རྐྱེན་འགའ་ཞིག །སྨན་གྱི་ལྗོན་


DTG078_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཆེན་པོ་ལྟར། །མ་ཚང་བ་ནི་ཚེ་གསུམ་གྱིས། །སྟོང་ཉིད་ལེགས་མཐོང་དུས་མེད་གྲོལ། །ཞེས་བྱ་བ་ལ། ལས་བཟང་པོ་དུ་མས་བསྐྱེད་པའི་རྒྱུ་སྐྱེ་མཆེད་ཁྱད་པར་ཅན་ཡོད་ཅིང༌། སྤྱོད་པ་འགའ་ཞིག་ལས་སྤྱད་ཀྱང་སྒྲུབ་པའི་སྤྱོད་པས་མ་བསྒྲུབས་ན་ནི། ཚེ་གསུམ་ནས་འགྲུབ་པའོ། །སྟོང་པ་ཉིད་ལ་ལེགས་པར་མཐོང་བའི་སྒྲུབ་པ་པོ་ལ་ནི་གྲོལ་བ་ལ་དུས་ངེས་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་གྲུབ་པའི་ངོ་བོ་དང༌། །གྲུབ་པ་ཐོབ་པའི་སྤྱོད་པ་དང༌། འགྲུབ་པའི་དུས་ངེས་པ་བསྟན་ནས། ད་ནི་འདིར་དཔྱད་པར་བྱའོ། །གསང་སྔགས་ཀྱི་ཚུལ་ལ་ཞུགས་ཤིང་དབྱད་པར་འདྲ་བ་ལས་ཁ་ཅིག་གིས་ནི་ཞི་བ་དང་རྒྱས་པ་ལ་སོགས་པ་དང༌། འཇིག་རྟེན་པའི་དངོས་གྲུབ་ཆེན་པོ་བརྒྱད་འགྲུབ་ལ། ཁ་ཅིག་གིས་ནི་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་འབྲས་བུ་འགྲུབ་པ་ཇི་ལྟར་ཡིན་སྙམ་དུ་སེམས་ན། དེའི་ཕྱིར། འབྲས་བུ་དམན་པ་རྣམ་མང་ལས། །ཉན་ཐོས་རང་རྒྱལ་འགྲུབ་པ་ནི། །ཞེས་སྨྲས་ཏེ། འབྲས་བུ་དམན་པ་ནི་འཇིག་རྟེན་པའི་དངོས་གྲུབ་ལ་སོགས་པ་སྔར་བསྟན་པ་རྣམས་སོ། །དེ་རྣམས་ཀྱི་ནང་ནས་ཉན་ཐོས་ལ་སོགས་པ་འགྲུབ་པ་ཇི་ལྟ་བུ་ཡིན་ཞེ་ན། ཙནྡན་ཤིང་ནི་བསིལ་མོད་ཀྱང། །བྱུག་པའི་སྦྱོར་བས་མ་བསྟེན་པར། །བུད་ཤིང་སྦྱོར་པས་བསྟེན་ན་ནི། །ཤིན་ཏུ་སྲེག་ཅིང་གདུང་བར་འགྱུར། །ཞེས་བྱ་སྟེ། དཔེར་ན་ཙནྡན་གྱི་ཤིང་ཤིན་ཏུ་བསིལ་བ་ཡིན་ན་ཡང་བརྡར་ནས་ལུས་ལ་བསྐུ་ཞིང་བྱུག་པའི་ཚུལ་གྱིས་མ་བསྟེན་པར་བུད་ཤིང་དུ་བྱས་ནས་མེ་སྤར་ན་སྲེག་ཅིང་གདུང་བར་འགྱུར་རོ། །དཔེས་མཚོན་པའི་དོན་བསྟན་པའི་ཕྱིར། དེ་བཞིན་གསང་སྔགས་སྒོར་སྤྱོད་པས། །སེམས་ཅན་ཀུན་གྱི་ཉོན་མོངས་པའི། །གདུང་བ་ཞི་བྱེད་ཡིན་ན་ཡང༌། །སྙིང་རྗེའི་ལྕགས་ཀྱུ་དང་བྲལ་ཞིང༌། །མཚན་མེད་དགོན་པར་ཞུགས་གྱུར་ན། །ཐེག་པ་དམན་པས་མྱ་ངན་འདའ། །དེས་ན་འབྲས་བུ་དམན་ཞེས་བྱ། །ཞེས་བྱ་བ་སྨོས་ཏེ། དཔེ་བསྟན་པ་དེ་བཞིན་དུ་གསང་སྔགས་ཀྱི་སྒོར་ཞུགས་ཤིང༌། སྤྱོད་པ་ཡང་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་གདུང་བ་ཐམས་


DTG078_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཞི་བར་བྱ་བའི་ཕྱིར་ཞུགས་ཤིང་སེམས་བསྐྱེད་པ་ཡིན་ན་ཡང་སྙིང་རྗེ་ཆེན་པོས་སེམས་ཅན་ཡོངས་སུ་མི་གཏོང་བའི་ལྕགས་ཀྱུ་དང་བྲལ་ཞིང༌། བྱང་ཆུབ་སེམས་དཔའ་ཆེན་པོའི་སེམས་དང་བྲལ་བས་འཁོར་བས་སྐྱོལ་མཚན་མ་མེད་པའི་དགོན་པར་འཇུག་པར་གྱུར་ན། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཐེག་པས་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་བཞིན་དུ་འཇིག་རྟེན་པའི་འབྲས་བུ་དོན་དུ་གཉེར་བ་རྣམས་ཀྱང་དེ་ཙམ་ཞིག་ཐོབ་ནས་ཟད་པར་འགྱུར་རོ། །དེ་བཞིན་དུ་ཞེ་སྡང་སྔོན་དུ་སོང་བས་མ་གནང་བའི་མངོན་སྤྱོད་བྱེད་ཅིང༌། སྲོག་གཅོད་པ་ལ་དགའ་བ་རྣམས་ནི་དམྱལ་བའམ། སྲིན་པོའམ། གནོད་སྦྱིན་ལ་སོགས་པར་སྐྱེ་བར་འགྱུར་རོ། །དེ་ལྟར་བསམ་པ་དང་ལས་ཀྱི་ཁྱད་པར་གྱིས་གཞན་ཡང་མཚོན་པར་བྱའོ། །དེ་ཡང་འོག་ནས་རྒྱས་པར་སྟོན་པས་འདིར་མ་བརྗོད་དོ། །དེའི་ཕྱིར་གསང་སྔགས་ཀྱི་སྒོར་ཞུགས་སོ་ཅོག་ཐམས་ཅད་ཀྱིས་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་མ་ཡིན་གྱི། འགལ་བར་སྤྱོད་པ་ཁ་ཅིག་ནི་ངན་སོང་དུ་སྐྱེ་བར་ཡང་ངེས་སོ། །དེས་ན་གསང་སྔགས་ཀྱི་སྒོར་ཞུགས་ཀྱང་དམན་པའི་གནས་ཐོབ་པར་འགྱུར་བས་ན་འབྲས་བུ་དམན་པ་ཞེས་བྱའོ། །ད་ནི་བདག་གི་དེ་ཁོ་ན་ཉིད་གང་ཡིན། ལྷ་ཡི་དེ་ཁོ་ན་ཉིད་གང་ཡིན་སྙམ་པ་ལ། དེ་ལ་དང་པོར་བདག་གི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། བདག་ལུས་ཤ་ཁྲག་རུས་པ་དང༌། །རྩ་རྒྱུས་སྤུ་སོགས་འདུས་པ་ཙམ། །བདག་ཏུ་བརྗོད་པར་བྱ་བ་ཡིན། །ཞེས་སྨྲས་ཏེ། རྟོག་པ་རྩིང་བ་དག་བདག་ཅེས་འདོགས་པའི་གཞི་ནི། བདག་གི་ལུས་ཤ་དང༌། ཁྲག་དང༌། རུས་པ་དང༌། རྩ་རྒྱུས་དང༌། མི་གཙང་བ་ལ་སོགས་པ་འདུས་པ་ཙམ་ལ་བདག་ཏུ་ང་རྒྱལ་བྱེད་ཅིང་བདག་ཅེས་བརྗོད་པ་ཡིན་ནོ། །ཆོས་དབྱིངས་སྦྱོར་བའི་གསང་སྔགས་དང༌། །དེ་ཉིད་ལ་ནི་མོས་པའི་མཐུས། །ལྷ་ཡི་གཟུགས་སུ་འབྱུང་བའི་རྟེན། །ཁྱད་པར་ཅན་དུ་གནས་པ་ནི། །རགས་པའི་བདག་གི་དེ་ཉིད་ཡིན། །ཞེས་བྱ་བ་ནི། དེ་ལྟར་རྟོག་པ་རྩིང་བས་བདག་ཏུ་བརྟགས་པ་དེ་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ ཧཾ། ཞེས་བྱ་བ་ཆོས་ཀྱི་དབྱིངས་ལ་སྦྱོར་བའི་གསང་


DTG078_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དང༌། དེ་ཁོ་ན་ཉིད་ལ་མོས་པའི་མཐུས། ཕྱིས་ལྷའི་གཟུགས་ཁྱད་པར་ཅན་འབྱུང་བའི་རྟེན་སྟོང་པ་ཉིད་ཀྱི་རྣམ་པ་ཅན་དུ་གནས་པའི་བློས་ཁྱད་པར་ཅན་གྱི་རགས་པའི་བདག་གི་དེ་ཁོ་ན་ཉིད་ཅེས་བྱའོ། །གཞན་ཡང་རྟོག་པ་ཞིབ་པ་དག །འཁོར་བར་མངོན་པར་ཕྱོགས་པའི་སེམས། །ལུས་དང་གནས་དང་ལོངས་སྤྱོད་དང༌། །དཔའ་རླབས་ལྡན་པ་འདི་ཁོ་ན། །བདག་ཏུ་བརྗོད་པའི་གཞིར་འདོད་དོ། །ཞེས་བྱ་བ་ནི། གཞན་ཡང་རྟོག་པ་ཞིབ་པ་དག་ནི་འཁོར་བ་ལ་མངོན་པར་ཕྱོགས་པའི་སེམས་ལུས་དང་གནས་དང༌། ལོངས་སྤྱོད་ཀྱི་དབའ་རླབས་དང་ལྡན་པ་འདི་ཁོ་ན་བདག་ཅེས་བརྗོད་པའི་གཞིར་འདོད་དོ། །དེ་བདག་གི་དེ་ཁོ་ན་ཉིད་གང་ཡིན་ཞེ་ན། དེ་ནི་གཟུང་འཛིན་དང་བྲལ་ཞིང༌། །རང་རིག་འོད་གསལ་དངོས་གྱུར་པ། །བདག་གི་དེ་ཉིད་ཅེས་བརྗོད་དོ། །ཞེས་བྱ་བ་སྨྲས་ཏེ། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ཐམས་ཅད་ཀྱི་རང་བཞིན་གཅིག་ལ་གཟུང་འཛིན་དང་བྲལ་བ། རང་རིག་པ་འོད་གསལ་བ་ཉིད་ནི་བདག་གི་དེ་ཁོ་ན་ཉིད་ཅེས་བརྗོད་དོ། །འོ་ན་ལྷའི་དེ་ཁོ་ན་ཉིད་གང་ཡིན་ཞེ་ན། བྱེ་བྲག་ཏུ་དབྱེ་ན་མང་དུ་ཡོད་ན་ཡང་སྤྱིར་ཕྱོགས་གཅིག་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ལ་ལྷ་ཡི་དེ་ཉིད་ནི། །རང་སྔགས་ཆོས་དབྱིངས་ཐུགས་ཆུད་ཅིང༌། །ནམ་མཁའི་ངོས་ལྟར་གྱུར་པ་ལས། །ཀླུ་རྣམས་ཀྱི་ནི་བྱིན་རླབས་ཀྱིས། །མདོག་དང་དབྱིབས་ནི་ཐ་དད་པའི། །སྤྲིན་རྣམས་ནམ་མཁར་འབྱུང་བ་ལྟར། །ལྷ་ཡི་སྐུ་ནི་འབྱུང་བ་ཡིན། །ཞེས་བྱ་བ་ལ་ལྷའི་དེ་ཁོ་ན་ཉིད་ནི་སྔར་བསྟན་པའི་སྔགས་བརྗོད་ཅིང་དེའི་དོན་ལ་མོས་པའི་མཐུས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་རྟོགས་ཤིང་ཁོང་དུ་ཆུད་པ་ལས་སྔོན་དུ་བསོད་ནམས་ཀྱི་ཚོགས་བསགས་པ་དང༌། སྨོན་ལམ་ཁྱད་པར་ཅན་གྱི་མཐུས། ལྷའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་འབྱུང་བར་འགྱུར་ཏེ། དཔེར་ན་ཀླུ་རྣམས་ཀྱི་བྱིན་གྱི་རླབས་ཀྱིས་རྣམ་པར་རྟོག་པ་མེད་བཞིན་དུ་ནམ་མཁའི་དཀྱིལ་དུ་མདོག་དང༌། དབྱིབས་ཐ་དད་པའི་སྤྲིན་གྱི་ཕུང་པོ་འབྱུང་བ་བཞིན་ནོ། །དེ་ལྟ་བུའི་བདག་གི་དེ་ཁོ་ན་ཉིད་དེ་དང༌། ལྷའི་དེ་ཉིད་ཟུང་དུ་འཇུག་པ་བསྟན་པའི་ཕྱིར། རྣམ་ཐར་སྒོ་གསུམ་གྱིས་བརྟགས་པས། །ཡོད་མེད་གཉིས་ལས་འདས་


DTG078_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར། །ཞེས་བྱ་བ་སྨོས་ཏེ། དེ་ལྟར་བདག་ཏུ་བརྟགས་པའི་གཞི་ལུས་སམ། སེམས་སམ། འབྱིན་པ་པོའི་མཚན་དང་དཔེ་བྱད་ཀྱི་རྣམ་པ་ཅན་གྱི་ལྷའི་སྐུ་ལ་དཔྱད་པ་ན། དངོས་པོ་འགའ་ཡང་མ་རྙེད་པས། དངོས་པོར་འཛིན་པའི་བློ་ལོག་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དོ། །དེ་བཞིན་དུ་དེ་དག་གི་རྒྱུ་ཅི་ཞིག་ཡིན་ཞེས་དཔྱད་པ་ན། ངོ་བོ་འགའ་ཡང་མ་མཐོང་བ་ནི་མཚན་མ་མེད་པའོ། །དེ་བཞིན་དུ་རྒྱུ་དང་བཅས་པའི་འབྲས་བུ་ལ་སྨོན་པར་བྱ་བའི་གནས་འགའ་ཡང་ལེགས་པར་བརྟགས་ན་མ་མཐོང་བ་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ། །དེ་ལྟ་བུའི་ཚུལ་གྱིས་ཡོད་མེད་གཉིས་ལས་འདས་པ་དེ་ནི་ཟུང་དུ་འཇུག་པའི་གཉིས་སུ་མེད་པའི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ད་ནི་སྔགས་ཀྱི་དེ་ཉིད་བསྟན་པར་འདོད་ནས། དེ་ལ་སྔགས་ཀྱི་དེ་ཉིད་ནི། །ཐབས་དང་ཤེས་རབ་ཚུལ་གནས་ལྷ། །མི་རྟོག་བཞིན་དུ་དེར་སྟོན་ཅིང༌། །སྤྱན་དྲངས་མཆོད་ནས་གཤེགས་གསོལ་བའོ། །ཞེས་སྨྲས་ཏེ། སྔགས་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་བྱུང་བའི་ལྷ་རྣམས་སོ། །དེའི་དེ་ཉིད་ནི་མི་རྟོག་བཞིན་དུ་ཡུལ་དང་དུས་དེ་དང་དེར་གདུལ་བྱའི་བསམ་པ་སྨིན་པའི་དབང་གིས་ཐོགས་པ་མེད་པར་སྐུ་སྣ་ཚོགས་ཀྱི་སྣང་བ་སྟོན་ཅིང་ཡིད་ལ་རེ་བ་རྫོགས་པར་བྱ་བའི་ཕྱིར་བརྟན་པ་དང༌། གཡོ་བ་དང༌། སྐྱེས་པ་དང༌། བུད་མེད་ཀྱི་གཟུགས་སུ་སྟོན་པ་ལ། རང་རང་གི་ཆོ་ག་ཇི་ལྟ་བ་བཞིན་དུ་སྤྱན་དྲངས་ཤིང་བཞུགས་སུ་གསོལ་ཏེ་མཆོད་ནས། བཟླས་པ་བྱས་ལ་གཤེགས་སུ་གསོལ་བ་ནི། འདིའི་གོ་རིམས་ཡིན་ནོ། །ད་ནི་ལམ་དང་ལམ་མ་ཡིན་པ་བསྟན་པར་འདོད་ནས། ལམ་ནི་སྤྱོད་པ་རྣམ་གསུམ་སོགས། །ཇི་སྐད་གོང་དུ་སྔར་བསྟན་པའོ། །ཞེས་བྱ་བ་སྨྲས་ཏེ། དེ་ལ་ལམ་ནི་འཇུག་པ་དང༌། སྦྱོར་བ་དང༌། བསྒྲུབ་པའི་སྤྱོད་པ་ལ་སོགས་པ་སྔར་བསྟན་པ་ཐམས་ཅད་དེ། ཕྱི་ནང་གི་སྡེ་སྣོད་ཐམས་ཅད་དང་མི་འགལ་བར་བསྟན་པ་རྣམས་སོ། །ལམ་མ་ཡིན་པ་གང་ཞེ་ན། ལམ་མ་ཡིན་པ་འདི་ལྟ་སྟེ། །ལོག་པར་འཇུག་ཅིང་ཚོལ་བ་སྟེ། །བཀག་པའི་མི་དགེ་བཅུ་སྤྱོད་པའོ། །དཔེར་ན་མུ་སྟེགས་ཅན་ཁ་ཅིག །འཇུག་པའི་སྤྱོད་


DTG078_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུས་ན་ཡང༌། །བུད་མེད་བསྟེན་པའི་དབང་བསྐུར་བཞིན། །ཞེས་བྱ་བ་སྨྲས་ཏེ། ལམ་མ་ཡིན་པ་ནི་དགེ་བ་བཅུ་ལས་བཟློག་པ་མ་གནང་བའི་མི་དགེ་བ་རྣམས་སྤྱོད་པ་དང༌། གཞན་ཡང་དཔེར་ན་གཞན་མུ་སྟེགས་ཅན་ཁ་ཅིག་དང་པོ་འཇུག་པའི་དུས་ན་ཡང༌། བུད་མེད་བསྟེན་པའི་མངོན་པར་དབང་བསྐུར་བ་ལེན་པར་བྱེད་པ་ལྟ་བུའོ། །ཐོག་མ་མེད་ནས་དེར་ཞེན་པས། །ཞེས་བྱ་བ་ལ། དེ་དག་བུད་མེད་ཀྱི་ལུས་ལ་ཐོག་མ་མེད་པའི་དུས་ནས་ཞེན་པ་དམ་པོས་བཅིངས་ཤིང་རང་གི་སེམས་ཀྱི་དབའ་རླབས་སུ་མ་ཤེས་ནས། ལྷག་པར་ཆགས་པས་དེ་ལ་བརྟེན་པའི་ལམ་དུ་འགྲོ་ཞིང༌། ལོག་པའི་ལམ་དབང་བསྐུར་བས་དབང་བསྐུར་ཏེ་དུས་དེའི་ཕྱི་ནས། སྦྱོར་བའི་སྤྱོད་པའི་དུས་སུ་ཡང་སྒྲུབ་པ་པོ་དེ་དག་བུད་མེད་ཀྱི་མགུལ་ནས་འཁྱུད་ཅིང༌། སྒོམ་པ་དང༌། བཟླས་བརྗོད་བྱེད་ན་ཡང་རིམ་གྱིས་འདོད་ཆགས་འཕེལ་བར་འགྱུར་རོ། །དེའི་ཕྱིར། དེ་ལ་འཁྱུད་ཅིང་ཞེན་པ་ཡིས། །བསྒོམ་དང་བཟླས་བརྗོད་བྱེད་ན་ཡང༌། །ཆགས་པ་ཕྱིར་ཞིང་འཕེལ་བར་འགྱུར། །ཞེས་བྱ་བ་སྨྲས་སོ། །བསྒྲུབ་པའི་སྤྱོད་པའི་དུས་ན་ཡང༌། །དེ་ཡི་ཐ་སྙད་ལ་དགའ་ཞིང༌། །ཚུལ་བཞིན་མ་ཡིན་ཡིད་བྱེད་པས། །འདོད་ཁམས་འདའ་བར་ཡང་མི་ནུས། །རྨད་བྱུང་ཐོབ་པར་ག་ལ་འགྱུར། །ཞེས་བྱ་བ་སྨོས་ཏེ། དེ་བཞིན་དུ་བསྒྲུབ་པའི་སྤྱོད་པའི་དུས་ན་ཡང་འཁྲིག་པའི་ཐ་སྙད་ཀྱིས་སྒོམ་པར་བྱེད་པས་འདོད་ཆགས་ཕྱིར་ཞིང་བརྟས་པར་འགྱུར་ཏེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལྡན་པའི་ཕྱིར་རོ། །དེས་ན་འདོད་པའི་ཁམས་ལས་ཀྱང་འདའ་བར་ནུས་པ་མ་ཡིན་ན་རྨད་བྱུང་ཞེས་བྱ་བ་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པར་ལྟ་ག་ལ་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཞེ་སྡང་གཏི་མུག་སོགས། །སྔོན་དུ་སོང་བས་བྱས་པའི་ལས། །སྲོག་གཅོད་མ་བྱིན་ལེན་པ་དང༌། །བརྫུན་དུ་སྨྲ་དང་ཕྲ་མ་སོགས། །དེ་དག་ཐམས་ཅད་ལམ་མིན་བསྟན། །དེ་བཞིན་དུ་ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། ཕྲག་དོག་དང༌། ལྟ་བ་ལ་སོགས་པ་སྔོན་དུ་སོང་བས་བྱས་པའི་ལས་སྔགས་དང་སྨན་ལ་སོགས་པའི་མཐུས་སྲོག་གཅད་དམ། ཐབས་གཞན་གྱིས་ཀྱང་རུང་སྟེ།


DTG078_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། བརྫུན་དང་ཕྲ་མ་ལ་སོགས་པ་ཅི་བྱས་པ་ཐམས་ཅད་ལམ་མ་ཡིན་པར་བསྟན་པ་ཡིན་ནོ། །འོ་ན་རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པ་ལ་སོགས་པ་ལས། བུ་མོ་ལོ་ནི་བཅུ་དྲུག་པ། །བྱིན་གྱི་རླབས་ཀྱིས་གནས་བསམས་ཏེ། །དབེན་པར་མཆོད་པ་བརྩམ་པར་བྱ། །ཞེས་གསུངས་པ་དང༌། དེ་བཞིན་དུ། བྷ་ག་ལ་ནི་ལིངྒ་གཞག །དབང་པོ་གཉིས་ནི་མཉམ་སྦྱོར་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དང༌། ཁྱོད་ཀྱིས་སྲོག་ཆགས་གསང་བར་བྱ། །མ་བྱིན་པར་ཡང་བླང་བར་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །གཞན་གྱི་བུད་མེད་སྤྱད་པར་བྱ། །ཞེས་གསུངས་པ་ཅི་ལྟ་བུ་ཡིན་ཞེ་ན། དེ་དག་ནི་སྒྲ་ཇི་བཞིན་པ་དང༌། ཅི་བཞིན་པ་མ་ཡིན་པར་ཤེས་པར་བྱ་སྟེ། སྒྲ་ཇི་བཞིན་པ་ནི་གཅིག་ཏུ་བུད་མེད་ཀྱི་ཡུལ་ལ་སྲེད་ཅིང་ཞེན་པ་རྣམས་དེ་ལ་མ་བརྟེན་པར་ཡེ་ཤེས་ཚོལ་བའི་སྐབས་མེད་པའི་ཁྱིམ་པ་རྣམས་རིམ་གྱིས་དྲང་བའི་ཕྱིར་གསང་བའི་དབང་བསྐུར་ལ་སོགས་པ་བསྟན་པ་ཡིན་ཏེ། དཔེར་ན་ནད་པའི་ནད་ལ་གནོད་པའི་ཉ་ལ་སྲེད་པ་ལ་སྨན་པ་མཁས་པས་ཉི་མའི་ཁ་དོག་དང་རོ་དང་ལྡན་པར་བཅོས་པའི་སྨན་དང་པོར་བྱིན་ནས་དེ་ལ་གོམས་པ་དང༌། ཕྱིས་སྨན་དངོས་སྟེར་བར་བྱེད་པ་ལྟར། བུད་མེད་ཀྱི་ཡུལ་ལ་ལྷག་པར་ཞེན་པ་རྣམས་ལ་དང་པོ་དེ་དང་བསྟེན་པའི་བདེ་བ་དམིགས་པ་ལ་སེམས་གོམས་པར་བསླབས་ནས་ཕྱིས་དེ་ཁོ་ན་ཉིད་དངོས་སུ་སྟོན་པར་བྱེད་པ་ཡིན་ནོ། །སྒྲ་ཅི་བཞིན་མ་ཡིན་པ་ནི་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ནང་སྟོང་ལ་སོགས་བཅུ་དྲུག་པ། །མ་སྐྱེས་པ་ཡི་ཞི་བ་གང༌། །དེ་ནི་བུད་མེད་ཡིན་པར་གསུངས། །ཞེས་གསུངས་པས། སྟོང་པ་ཉིད་བཅུ་དྲུག་གམ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་སྐད་ཅིག་མ་བཅུ་དྲུག་གིས་རྟོགས་པར་བྱ་བའི་སྐྱེ་བའི་སྐྱེ་བ་མེད་པའི་དོན་དེ་ཉིད་བུད་མེད་ཀྱི་སྒྲས་བསྟན་པ་ཡིན་ནོ། །བྷ་ག་ལ་ནི་ལིངྒ་གཞག །ཅེས་བྱ་བའི་དོན་ཡང་འདི་ཡིན་ནོ། །བྷ་ག་ནི་དོན་དམ་པར་བདེན་པའོ། །ལིངྒ་ནི་ཀུན་རྫོབ་ཀྱི་བདེན་པའོ། །བཞག་པ་ནི་བདེན་པ་གཉིས་གཉིས་སུ་མེད་པར་དམིགས་པ་ཡིན་


DTG078_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དབང་པོ་གཉིས་སྦྱང་བ་ལ་ནི་མི་བྱའོ། །འཇམ་དཔལ་གྱི་རྒྱུད་ཆེན་པོ་ལས་ཀྱང༌། གང་ཚེ་ཐུབ་པ་ནོད་པ་དང༌། །འཕགས་པའི་སྐྱེ་བོ་ཆེན་པོ་ཟད། །ས་སྟེང་མུན་པས་ཁྱབ་པ་སྟེ། །དེ་ཚེ་འཇིག་རྟེན་རབ་ཏུ་མདོངས། །རྒྱལ་བའི་སྲས་པོ་ཁྱོད་ལྟོས་ཤིག །ཡང་དག་ལམ་རྣམས་རབ་གཅོད་ཅིང༌། །དགེ་སློང་དགེ་སློང་མ་རྣམས་དོར། །ང་ཡི་དཀའ་ཐུབ་མི་ཟད་པར། །དོན་ཆེན་བྱེད་པར་མི་ནུས་པས། །ཡང་དག་དཀའ་ཐུབ་རབ་སུན་འབྱིན། །དེ་དག་འཁྲིག་པར་དགའ་བ་ཡིས། །ལོག་པའི་ལམ་ནི་འཛིན་བྱེད་ཅིང༌། །འཇུག་པར་བྱེད་བཅས་དུས་ཀུན་དུ། །བུད་མེད་བསྟེན་པའི་ལམ་འཇུག་བྱེད། །དེ་ཚེ་རྟོག་གེ་པ་དག་དང༌། །གཅེར་བུ་གསང་ཚིག་ལ་བརྟེན་པའི། །སྔགས་ཀྱི་གཞུང་སྤྱོད་དུ་མ་དག །ལོག་པའི་ལམ་ཆེན་འདྲེན་པ་འབྱུང༌། །ཞེས་གསུངས་པས། དེ་ལྟ་བུ་དག་ནི་ཕྱི་རོལ་པའི་ལུགས་ལ་བརྟེན་པའི་འཁྲུལ་པ་དང་བཅས་པའི་ལམ་ཡིན་པར་བསྟན་པ་ཡིན་ནོ། །དེ་བཞིན་དུ་རྡོ་རྗེའི་ཚིག་གཞན་དག་གི་དོན་ལ་འཁྲུལ་པར་སྤྱོད་པ་འབྱུང་བ་དག་ཀྱང་ལུང་གིས་ཅུང་ཞིག་བསྟན་པར་བྱའོ། །དེ་ཡང་དགོངས་པ་ལུང་སྟོན་པ་ལས། དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །འོད་ཆེན་ལྡན་པས་བཀའ་སྩལ་པ། །མ་འོངས་སྐྱེ་བོ་མཐོང་ནས་ནི། །གང་ཞིག་ཁྱོད་ཀྱིས་ང་དྲིས་པས། །ལེགས་སོ་ལེགས་སོ་དཔའ་བོ་ཆེ། །གསང་བའི་བདག་པོ་ཁྱོད་ལེགས་སོ། །ཞུས་དོན་དེ་ནི་ཅི་ལྟ་བ་དང༌། །དེ་ལྟར་སྤྱོད་ལ་ལུང་བསྟན་བྱ། །མ་འོངས་དུས་ན་མི་རྣམས་ནི། །འཇིག་རྟེན་རྒྱང་འཕེན་མཆོག་གཞོལ་འགྱུར། །ལོག་པར་ལྟ་ལ་གནས་པ་སྟེ། །ཅི་དགའ་བ་ཡང་གནས་པར་བྱེད། །ལ་ལ་གླུ་དང་གར་ལ་དགའ། །དགོད་དང་སྒེག་ལ་མཆོག་ཏུ་གཞོལ། །དྲི་དང་ཕྲེང་བ་ལ་དགའ་ཞིང༌། །དེ་བཞིན་འཁྲིག་པ་ལ་དགའ་འགྱུར། །རྨོངས་པ་ལ་ལ་སྡང་བ་དང༌། །དེ་བཞིན་གཏི་མུག་ལ་རབ་གཞོལ། །ལ་ལ་དེ་བཞིན་འདོད་ཆགས་ཞེན། །ཤེས་པ་གཞན་དག་འདོད་པར་འགྱུར། །ཉ་དང་ཤ་དང་དེ་བཞིན་ཆང༌། །བཤང་གཅི་ཁུ་བ་ཁྲག་རྣམས་ནི། །སྐྱེས་བུ་གླེན་པས་ཟ་བར་བྱེད། །མེད་པར་སྨྲ་བ་ཆོས་སུ་སྒྲོགས། །མ་དང་སྲིད་མོ་ལ་སོགས་པ། །བགྲོད་


DTG078_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ལ་ནི་བགྲོད་པ་དང༌། །ཕ་མ་ལ་ཡང་གསོད་པ་དང༌། །དེ་བཞིན་སྲོག་ཆགས་གཞན་རྣམས་གསོད། །བརྫུན་གྱི་ཚིག་ནི་སྨྲ་བ་དང༌། །ཁྱད་པར་དུ་ཡང་རྐུ་བ་དང༌། །གཞན་གྱི་ཆུང་མའི་ཐད་འགྲོ་བ། །སྨད་པ་གཞན་ཡང་མེད་པར་འགྱུར། །ལ་ལ་དམ་ཚིག་སྤོང་བ་དང༌། །དེ་བཞིན་མཚམས་མེད་བྱེད་པ་དང༌། །སྣ་ཚོགས་སྡིག་པ་བྱས་ནས་ཀྱང༌། །སྔགས་པས་དངོས་གྲུབ་པ་འདོད་པར་འགྱུར། །རབ་ཏུ་དགའ་བ་དང་ལྡན་པ་ཡིས། །རྣལ་འབྱོར་པ་ནི་བདག་ཅེས་སྨྲས། །མངོན་པའི་ང་རྒྱལ་ལ་རྟག་དགའ། །རྒྱུ་དང་བཅོས་མའི་ཆོས་ལ་དགའ། །གསང་སྔགས་སྨྲ་བ་ལ་བརྟེན་ནས། །གཅིག་ལ་གཅིག་ནི་རྩོད་པར་འགྱུར། །ཚོགས་པའི་ནང་དུ་རྩོད་པ་དང༌། །ཁྱི་བཞིན་ཁ་ཟས་ལ་སྤྱོད་འགྱུར། །ཁྱི་དང་ཕག་དང་ཁྭ་རྣམས་ཀྱི། །སྤྱོད་པ་དག་ནི་སྟོན་པར་བྱེད། །གསང་བ་འདུས་པ་མི་ཤེས་པར། །དམ་ཚིག་ལ་སོགས་སྤྱོད་པར་བྱེད། །གསང་བ་སྲུང་བར་མི་བྱེད་པར། །ཐམས་ཅད་དུ་ནི་སྟོན་པར་བྱེད། །བདག་ཉིས་པ་བར་མི་བྱེད་པས། །དམ་ཚིག་འདས་པར་བྱེད་པར་འགྱུར། །ཉེས་པ་ཅུང་ཟད་ཙམ་གྱི་ཕྱིར། །མངོན་སྤྱོད་རབ་ཏུ་བྱེད་པར་འགྱུར། །རང་གི་དམ་ཚིག་ཡོངས་སྤངས་ནས། །ལྕགས་ཀྱུ་མེད་པ་བཞིན་དུ་སྤྱོད། །སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡིས། །དེ་རྣམས་འཚོ་བ་བསྒྲུབ་པར་འགྱུར། །གང་དུ་རྙེད་པར་ཐོབ་འགྱུར་བ། །དམ་པའི་ཆོས་ནི་སྟོན་པར་བྱེད། །དེ་རྣམས་ཡང་དག་འདུལ་བའི་ཕྱིར། །གསང་བའི་དགོངས་པ་བཤད་པ་ཡིན། །དམ་ཚིག་ཉམས་ཏེ་བཤད་པ་རྣམས། །འདི་ཡིས་ཐམས་ཅད་དགུག་པར་བྱ། །ཞེས་གསུངས་པ་དང༌། །ཡང་དེ་ཁོ་ན་ཉིད་བཅུ་པ་ལས། ཆགས་དང་ཞེ་སྡང་གཏི་མུག་གིས། །གང་གིས་ལོག་པར་བཟུང་འགྱུར་ནས། །འགྲོ་བ་རྣམས་ནི་གསད་བྱས་ནས། །འོག་ཏུ་བལྟས་ཏེ་མནར་མེད་འགྲོ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་བརྫུན་དུ་སྨྲ་བ་ལ་སོགས་པ་བསྟན་པའི་དགོངས་པ་ཡང་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ནང་དང་དེ་བཞིན་ཕྱི་རོལ་དག །རྟེན་འབྱུང་གཉིས་སུ་བསྟན་པ་ནི། །དེ་ནི་བརྫུན་སྨྲ་དགའ་བ་སྟེ། །གནས་


DTG078_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལ་གནས་རྣལ་འབྱོར་པའོ། །རྫོགས་སངས་རྒྱས་ཀྱི་ཡེ་ཤེས་གང༌། །དེ་ནི་རྗེས་སུ་ཤེས་བྱ་སྟེ། །དེ་འཕྲོག་དང་ཚུལ་གང་ཡིན་པ། །གཞན་གྱི་ནོར་ལ་ཆགས་པར་འདོད། །གང་ཞིག་དེ་ཉིད་དངོས་གཅིག་པུ། །དེ་བཞིན་ཉིད་ལ་རྟག་སྦྱོར་པ། །སེམས་ཅན་དེ་དེ་འདོད་ལ་དགའ། །བསྒྲུབ་པ་མཆོག་ལ་དམ་པར་འགྱུར། །ཕུང་པོ་ལ་སོགས་མེད་སྟོན་ཚིག །མཉམ་མིན་གང་ཡིན་ངག་རྩུབ་སོགས། །དེ་དོན་རྣལ་འབྱོར་པས་བསླབས་ན། །མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར། །ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལྟ་བུའི་དགོངས་པ་ཅན་གྱི་དོན་མི་ཤེས་བཞིན་དུ་སྒྲ་ཙམ་གྱི་རྗེས་སུ་ཞུགས་ནས་སྤྱད་པའི་ཉེས་པ་ནི། སློབ་དཔོན་ཡེ་ཤེས་གྲགས་པས་ཀྱང༌། །ཚིག་ཙམ་ལ་ནི་བརྟེན་ནས་སུ། །ཆགས་སོགས་ཞེན་པའི་སེམས་ཀྱིས་ནི། །བསོད་ནམས་མ་ཡིན་བྱེད་པ་གང༌། །དེ་དག་འོག་ནས་འོག་ཏུ་འགྲོ་།ཞེས་བཤད་པ་ཡིན་ནོ། །འོ་ན་དེ་བཞིན་གཤེགས་པས་ཀྱང༌། །བཙུན་མོ་དང་སྲས་ལ་སོགས་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་བཟུང་ནས། །ལོངས་སྤྱོད་པའི་ཚུལ་བསྟན་པ་ཇི་ལྟ་བུ་ཡིན་ཞེ་ན། དེ་ནི་དེ་བཞིན་གཤེགས་པ་ཉོན་མོངས་པའི་དབང་དུ་གྱུར་ནས། སྲས་དང་བཙུན་མོ་ལ་སོགས་པ་འཁོར་གྱི་ནང་ན་འདོད་པ་ལ་དངོས་སུ་ལོངས་སྤྱོད་པ་མ་ཡིན་གྱི། །འདོད་པའི་དབང་ཕྱུག་ལ་སོགས་པའི་ལྷ་རྣམས་བུ་དང་ཆུང་མ་ལ་སོགས་པ་ལོངས་སྤྱོད་ཀྱིས་དྲེགས་པ་རྣམས་ཀྱི་ང་རྒྱལ་བསལ་བའི་ཕྱིར། ལྷ་དེ་བས་ཀྱང་ཆོས་ཁྱད་པར་དུ་འཕགས་པའི་འཁོར་དང་ལོངས་སྤྱོད་ལ་སོགས་པ་བསྟན་པས། དེ་དག་ཡིད་བྱུང་ཞིང་ང་རྒྱལ་དང་བྲལ་ནས། དེ་བཞིན་གཤེགས་པའི་ཕུན་སུམ་ཚོགས་པ་ལ་འདོད་པ་སྐྱེས་ནས། དེའི་རྒྱུ་ཚད་མེད་པ་བཞིན་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་ནན་ཏན་དུ་བྱས་ནས་དེ་ཐོབ་པར་བྱ་བའི་ཕྱིར་བསྟན་པ་ཡིན་གྱི། དེ་བཞིན་གཤེགས་པ་ཆགས་སྡང་ངམ། རྨོངས་པས་དེ་ལྟར་སྤྱོད་པ་ནི་མ་ཡིན་ནོ། །ད་ནི་དམ་ཚིག་རྣམས་བསྟན་པར་འདོད་ནས། དེ་ལ་གཞི་ཡི་དམ་ཚིག་ནི། །རྣམ་པ་བཞིར་ནི་ཤེས་པར་བྱ། ཞེས་


DTG078_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་ཏེ། དེ་དག་ཀྱང་གང་ཞེ་ན། ཡང་དག་ལྟ་དང་ལྡན་པ་དང༌། །དཀོན་མཆོག་གསུམ་པོ་མི་སྤོང་དང༌། །བྱང་ཆུབ་སེམས་དང་ལྡན་པ་དང༌། །དབང་བསྐུར་ཡང་དག་མི་སྤོང་བའོ། །ཞེས་བྱ་བ་སྨྲས་སོ། །དེ་ལ་རྒྱུ་དང་འབྲས་བུ་ལ་སྐུར་པ་མི་འདེབས་ཤིང༌། རྣམ་པར་སྨིན་པ་ལ་ཡིད་ཆེས་པ་ནི་ཆོས་འདི་པའམ། ཕྱི་རོལ་པ་ཡང་རུང༌། མཐོ་རིས་དང་ཐར་པ་འདོད་པ་ཐམས་ཅད་ཀྱི་དམ་ཚིག་ཡིན་པས་གཞི་ཞེས་བྱའོ། །དེས་ན་ཡང་དག་པའི་ལྟ་བ་དང་བྲལ་བར་གྱུར་ན། དམ་ཚིག་ཐམས་ཅད་ཉམས་ཤིང་བཅོམ་པར་བརྗོད་པར་བྱའོ། །དེ་ལས་གཞན་ཡང༌། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང༌། ལྷ་གཞན་མི་འཛིན་པ་འདི་ནི་བསྟན་པ་འདི་ལ་ཞུགས་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་དམ་ཚིག་སྟེ། དེས་གང་གི་ཚེ་དཀོན་མཆོག་གསུམ་བཏང་མ། དེའི་ཚེ་དེའི་ཆོས་འདིའི་དམ་ཚིག་ཐམས་ཅད་ཉམས་ཤིང་ཞིག་པར་བརྗོད་པར་བྱའོ། །གཞན་ཡང་གཞི་ཁྱད་པར་ཅན་ལ་གནས་པ་དེས། དེ་ནས་གོང་དུ་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་གྱུར་ན། དེའི་ཚེ་གཞི་ཤིན་ཏུ་ཁྱད་པར་ཅན་གྱི་དམ་ཚིག་བླངས་པ་ཡིན་ནོ། །གང་གི་ཚེ་དེས་བྱང་ཆུབ་ཀྱི་སེམས་བཏང་ན། དེའི་ཚེ་ཐེག་པ་ཆེན་པོའི་དམ་ཚིག་ཐམས་ཅད་རྩ་བ་ནས་ཉམས་པར་བརྗོད་པར་བྱའོ། །དེའི་ཕྱིར་རབ་ཏུ་བྱུང་བའི་བསླབ་པ་ཐམས་ཅད་རབ་ཏུ་བྱུང་བ་ཉིད་ལ་བརྟེན་པ་ཡིན་པ་བཞིན་དུ། གསང་སྔགས་ཀྱི་སྒོ་ནས་སྤྱོད་པའི་དམ་ཚིག་ཐམས་ཅད་ཀྱང་སྔར་བསྟན་པའི་ཆོས་གསུམ་པོ་དེ་ལ་བརྟེན་པ་ཡིན་པས། དམ་ཚིག་གསུམ་པོ་དེ་དག་སྲོག་གི་ཕྱིར་ཡང་གཏང་བར་མི་བྱའོ། །དེའི་སྟེང་དུ་འཇུག་པའི་སྤྱོད་པའི་ཚུལ་གྱིས་མངོན་པར་དབང་བསྐུར་བ་ནི་གཞི་ཁྱད་པར་ཅན་གྱི་དམ་ཚིག་སྟེ། དབང་མ་བསྐུར་བ་ལ་སྔགས་པ་ཞེས་བྱ་བ་ཐ་སྙད་མེད་པའི་ཕྱིར་རོ། །དེ་ཉམས་པ་ནི་སྔར་ཆོས་གསུམ་པོ་སྤངས་པ་དང༌། བླ་མས་ནང་དབང་བསྐུར་བ་ཉིད་སྤངས་པས་ཉམས་པར་འགྱུར་རོ། །དེ་ནི་ཡན་ལག་གི་དམ་ཚིག་བསྟན་པའི་ཕྱིར། དེ་ལ་ཡན་ལག་


DTG078_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ནི། །བཞི་པོ་དེ་ལ་བརྟེན་པ་ཡིས། །ཐུན་མོང་ཐུན་མོང་མ་ཡིན་པའི། །བྱེ་བྲག་ལྷག་པ་ཐམས་ཅད་དོ། །ཞེས་བྱ་བ་སྨོས་སོ། །དེ་ལ་ཡན་ལག་གི་དམ་ཚིག་ཐུན་མོང་བ་ཉིད་གང་ཞེ་ན། ཁྱིམ་པ་དང༌། རབ་ཏུ་བྱུང་བ་དང༌། སྐྱེས་པ་དང༌། བུད་མེད་ཐམས་ཅད་ལ་ཁྱད་པར་མེད་པར་བསྟན་པ་བཞི་པོའམ། སྲོག་གཅོད་པ་སྤོང་བ་ལ་སོགས་པའོ། །དེ་ལ་ཐུན་མོང་མ་ཡིན་པ་བྱེ་བྲག་གི་དམ་ཚིག་གང་ཞེ་ན། གང་དག་ཡུལ་ཐ་དད་པ་ལ་གསུངས་པ་སྟེ། རབ་ཏུ་བྱུང་བ་དང༌། ཁྱིམ་པ་དང༌། སྐྱེས་པ་དང༌། བུད་མེད་དག་ལ་སོ་སོར་བཅས་པའམ། རིགས་དང་ལྷའི་བྱེ་བྲག་གིས་བསྒོམ་པ་དང༌། བཟླས་པ་དང༌། བསམ་རྒྱུད་ཐ་དད་དུ་བསྟན་པ་རྣམས་སོ། །དེ་ལ་ལྷག་པའི་དམ་ཚིག་གང་ཞེ་ན། ཡུལ་དང་དུས་ཐམས་ཅད་དུ་གང་ཟག་ཐམས་ཅད་ལ་བསྟན་པ་ནི་མ་ཡིན་གྱི། ཡུལ་དང་དུས་ལ་ལར་གང་ཟག་འགའ་ལ་བསྟན་པ་ནི་ལྷག་པའི་དམ་ཚིག་ཅེས་བྱའོ། །ད་ནི་དུས་ཐམས་ཅད་དུ་བྱ་བའི་ལས་བསྟན་པའི་ཕྱིར། ཆོ་གའི་བྱ་བ་རྣམ་ངེས་ནི། །ཡང་དག་ལྟ་སོགས་གསུམ་ལྡན་ཞིང༌། །བླ་མ་མཉེས་བྱེད་བསླབ་ལ་གུས། །དུས་གསུམ་ལྷ་མཆོད་ཀློག་འདོན་ཟློས། །རྣམ་ཐར་སྒོ་གསུམ་ལ་གཞོལ་ཞིང༌། །དམིགས་པ་གཅིག་ལ་བརྟན་པར་བྱ། །ཞེས་བྱ་བ་སྨོས་ཏེ། དེ་ལ་ཆོ་གའི་བྱ་བ་རྣམ་པར་ངེས་པ་ནི་འདི་དག་སྟེ། ཡང་དག་པའི་ལྟ་བ་ལ་སོགས་པ་གསུམ་ནི་སྔར་བསྟན་པ་དག་གོ །བླ་མ་མཉེས་པར་བྱེད་པ་ནི་ཡོད་ཅིང་བདོག་ན་རྒྱལ་སྲིད་དམ། རྒྱལ་སྲིད་ཀྱི་ཕྱེད་དམ། བུ་དང༌། བུ་མོ་དང༌། ཆུང་མ་དང༌། བདག་ཉིད་དམ། རྟའམ། གླང་པོའམ། གོས་སམ། ཟས་སམ། ལུས་ཀྱི་བསྙེན་བཀུར་གྱིས་ཀྱང་བསྙེན་བཀུར་བྱེད་པའོ། །བསླབ་པ་གུས་པ་ནི་སྔར་བསྟན་པའི་དམ་ཚིག་རྣམས་སམ། སོ་སོར་ཐར་པའི་སྔོམ་པའམ། འོག་ནས་བསྟན་པ་རྣམས་ལ་གུས་པས་ནན་ཏན་བྱེད་པའོ། །དུས་གསུམ་དུ་ལྷ་མཆོད་པ་ནི། སྔ་དྲོ་དང༌། ཕྱི་དྲོ་དང༌། ཉི་མ་གུང་ལ་ཡི་དམ་


DTG078_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལྷ་བསྒོམ་པ་དང༌། བཟླས་པ་དང༌། མཆོད་པ་ལ་སོགས་པ་བྱེད་ཅིང་དེ་དག་རྫོགས་པའི་མཐར། རྒྱལ་པོ་དང་ནི་ཡོན་བདག་དང༌། །སེམས་ཅན་ཕུང་པོ་གཞན་དག་ཀྱང༌། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་བ་ཐོབ་གྱུར་ཅིག། ཅེས་བྱ་བ་ལ་སོགས་པའི་སྨོན་ལམ་དག་ཀྱང་བརྗོད་པར་བྱའོ། །རྣམ་པར་ཐར་པའི་སྒོ་གསུམ་ནི་སྔར་བསྟན་པ་རྣམས་སོ། །དེ་ལ་གཞོལ་བ་ནི་ལྷའི་རྣལ་འབྱོར་ལ་འཇུག་པའི་སྔོན་དང་ཕྱིས་ཀྱང་དེའི་རང་བཞིན་དུ་ལྟ་བའོ། །དམིགས་པ་གཅིག་ལ་བརྟན་པ་ནི་དང་པོར་དམིགས་པ་གཅིག་ལ་ཞི་གནས་བརྟན་པར་བྱ་བའམ། འདོད་པའི་ལྷ་ཡང་དང་ཡང་སྤོང་བར་མི་བྱ་བའམ། རེས་འགའ་ནི་ལྷའི་སྐུ་བསྒོམ། རེས་འགའ་ནི་སྟོང་པ་ཉིད་བསྒོམ་པ་ལ་ཡང་དང་ཡང་མི་སྤོང་བའོ། །བྱང་ཆུབ་སེམས་དཔའ་རབ་བྱུང་བས། །རང་གི་འདུལ་དང་ཆོ་ག་ལས། །མ་འདས་པར་ནི་འབད་པ་ཡིས། །སྔགས་ཀྱི་དངོས་གྲུབ་ལ་རེག་བྱ། །ཞེས་བྱ་བ་འདིས་ནི། སྡོམ་པ་གསུམ་ལ་གནས་པར་བྱས་ལ་དངོས་གྲུབ་བསྒྲུབ་པར་བསྟན་ཏེ། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དེས་སོ་སོར་ཐར་པའི་སྡོམ་པ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པ་དང༌། སྔགས་ཀྱི་དམ་ཚིག་གསུམ་ལ་གནས་ཏེ། དེ་དག་ལས་མ་འདས་པར་འབད་ལ་གསང་སྔགས་ཀྱི་དངོས་གྲུབ་མྱུར་དུ་བསྒྲུབ་པར་བྱའོ། །གལ་ཏེ་རྡོ་རྗེ་སློབ་དཔོན་ཁྱིམ་པ་ཡིན་ལ་སློབ་མ་རབ་ཏུ་བྱུང་བ་ཡིན་ན། ཇི་ལྟར་བྱ་ཞེ་ན། ཁྱིམ་པར་གྱུར་པའི་སྔགས་པ་ཡིས། །རབ་ཏུ་བྱུང་བའི་སྔགས་པ་དག །བདག་གི་སློབ་མར་གྱུར་པ་ན། །རྐང་པ་བཀྲུ་དང་ཕྱག་ལ་སོགས། །ནམ་ཡང་བདག་གིར་མི་བྱའོ། །དེ་དག་ནི་གོ་སླ་བའི་ཕྱིར་མ་བཤད་དོ། །འོ་ན་ཅི་ལྟར་བྱ་ཞེ་ན། རྟག་ཏུ་རབ་ཏུ་བྱུང་བ་ལ། །ཤཱཀྱའི་དབང་པོ་ལྟར་འཛིན་པས། །གུས་པས་བསྙེན་བཀུར་བྱ་བ་ཡིན། །ཞེས་བྱ་བ་སྨོས་ཏེ། རྟག་ཏུ་ཞེས་བྱ་བ་དུས་ཐམས་ཅད་དུའོ། །ཤཱཀྱའི་དབང་པོ་ནི་ཤཱཀྱའི་རིགས་ཀྱི་གཙོ་བོ་སྟེ། བཅོམ་ལྡན་འདས་ཤཱཀྱ་


DTG078_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་པའོ། །དེ་དང་འདྲ་བར་བལྟས་ལ་གུས་པ་དང་བཅས་པས་བསྙེན་བཀུར་ཐམས་ཅད་བྱ་བའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བསྟན་པ་རིན་ཆེན་སྒྲོན། །འབར་བའི་སྣོད་ནི་དཀའ་ཐུབ་ཅན། །ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས། །དགེ་སློང་རྣམས་ནི་ཡིན་ཕྱིར་རོ། །ཞེས་བྱ་བ་སྨྲས་ཏེ། སངས་རྒྱས་ཀྱི་བསྟན་པ་དམ་པའི་ཆོས་ནི་ནོར་བུ་རིན་པོ་ཆེ་དང་འདྲ་བ་ཡིན་ཏེ། དེ་ལ་བརྟེན་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཐམས་ཅད་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་དེ་ནི་ནོར་བུ་རིན་པོ་ཆེ་འོད་འབར་བ་ལྟ་བུ་ཡིན་ལ། དེ་འཛིན་ཅིང་འཆང་བའི་སྣོད་གསེར་གྱི་ཟ་མ་ཏོག་ལྟ་བུ་ནི་ཤཱཀྱའི་སྲས་ཏེ། བཅོམ་ལྡན་འདས་ཀྱི་སློབ་མ་དཀའ་ཐུབ་ཅན་དུར་སྨྲིག་གྱོན་པའི་དགེ་སློང་རྣམས་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཀྱང༌། བསྟན་རྩ་དགེ་སློང་ཉིད་ཡིན་ན། །དགེ་སློང་ཉིད་ཀྱང་དགའ་བར་གནས། །ཞེས་བསྟན་པས། དགེ་སློང་ནི་བསྟན་པ་འཛིན་པའི་རྩ་བ་ཡིན་པར་བསྟན་པ་ཡིན་ནོ། །གཞན་ཡང་རྟག་ཏུ་བྱ་བའི་ཆོ་ག་ནི། གཏོར་མ་གཏང་བ་དང༌། སཱཙྪ་གདབ་པ་དང༌། བཟང་པོ་སྤྱོད་པ་ལ་སོགས་པ་སྨོན་ལམ་རྒྱ་ཆེན་པོ་གདབ་པ་དང༌། ཚད་མེད་པ་བཞི་སྒོམ་པ་ལ་སོགས་པ་དགེ་བའི་ལས་ཐམས་ཅད་བྱ་བ་ཁོ་ནའོ། །དེ་ལྟར་དགོངས་པ་ཅན་གྱི་གསུང༌། །དགོངས་བཅས་དགོངས་མིན་ཇི་ལྟ་བར། །བསྡུས་ནས་བདག་གིས་བྲིས་པ་ལས། །སྟོན་ཀའི་ཟླ་བ་དཀར་བའི། །དགེ་བ་ཅུང་ཞིག་གར་ཐོབ་དེས། །འགྲོ་བསམ་ནོར་ལམ་རྟོགས་ཤོག །ཅེས་བྱ་ལ་དགོངས་པ་ཅན་གྱི་གསུང་ཞེས་བྱ་བ་ནི། རྡོ་རྗེའི་ཚིག་དོན་སྣ་ཚོགས་སྟོན་པ་རྣམས་སོ། །དགོངས་བཅས་དགོངས་མིན་ཇི་ལྟ་བར། །ཞེས་བྱ་བ་ལ། དགོངས་བཅས་ནི་གསང་བའི་རྒྱན་ཞེས་བྱ་བའི་རྒྱུད་ལས། སངས་རྒྱས་ཐམས་ཅད་ཆགས་ལས་འཁྲུངས། །དེ་བཞིན་སྡང་དང་རྨོངས་ལས་འཁྲུངས། །ཞེས་གསུངས་པ་དང༌། ཟླ་གསང་ཐིག་ལེ་ལས་ཀྱང༌། འདོད་ཆགས་ཞེ་སྡང་


DTG078_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

གཏི་མུག་རྣམས། །བསྟེན་ན་དངོས་གྲུབ་མྱུར་དུ་འཐོབ། །ཅེས་གསུངས་པ་ལྟ་བུའོ། །དགོངས་པ་ཅན་མ་ཡིན་པ་ནི། སྲོག་ཆགས་དག་ནི་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ༌། །འདོད་སྤྱོད་དག་ནི་མི་བྱ་ཞིང༌། །བརྫུན་དུ་སྨྲ་བར་མི་བྱའོ། །གནོད་པ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །ཞེས་གསུངས་པ་ལྟ་བུའོ། །གཞན་ཡང་སྒྲ་ཇི་བཞིན་པར་བསྟན་པ་དང༌། སྒྲ་ཇི་བཞིན་མ་ཡིན་པར་བསྟན་པ་རྣམས་སོ། །མདོར་བསྡུས་པ་ནི་རྒྱས་པར་བསྟན་པའོ། །སྟོན་ཀའི་ཟླ་བ་ལྟར་དཀར་བའི། །ཞེས་བྱ་བ་ལ་སོགས་པ་ནི་གོ་བླའོ། །མ་ནོར་རྒྱུད་ཀྱི་དོན་བརྟན་ནས། །བློ་ཆུང་རྣམས་ཕྱིར་བྲིས་པ་ལ། །ཚིག་དང་དོན་ལ་འཁྲུལ་པ་དང༌། །མཁས་པ་རྣམས་ཀྱིས་བཟོད་པར་མཛོད། །ཅེས་བྱ་བ་རྒྱུད་མ་ནོར་བ་གསང་བ་འདུས་པ་དང༌། དགོངས་པ་ལུང་སྟོན་པ་དང༌། འཇམ་དཔལ་གྱི་རྒྱུད་ལ་སོགས་པའོ། །དེ་དག་གི་དོན་ཕྱིན་ཅི་མ་ལོག་པ་ལ་བརྟེན་ནས་བདག་ལས་བློ་ཆུང་བ་དང༌། ཤེས་རབ་དམན་པ་རྣམས་ཀྱི་ཕྱིར་བྲིས་པ་སྟེ་བསྟན་པ་ལ་ཚིག་དང་དོན་ལ་འཁྲུལ་པ་སྟེ། ཚིག་སྡེབས་མ་ལེགས་པ་དང༌། དོན་ལོག་པར་བསྟན་པ་ཡོད་ན་མཁས་པ་རྣམས་ཀྱིས་ཏེ། མང་དུ་ཐོས་ཤིང་མཁྱེན་པ་ཆེ་བ་རྣམས་ཀྱིས་བཟོད་པར་མཛོད་ཅིག་ཅེས་བྱ་བ་ནི། སོ་སོའི་སྐྱེ་བོ་ལ་འཁྲུལ་པ་འབྱུང་བ་ངོ་མཚར་མི་ཆེ་བས་བཟོད་པ་མཛད་པར་འོས་སོ་ཞེས་བྱ་བའི་དོན་ཏེ། །འཇིག་རྟེན་གསུམ་གཙོ་ཐམས་ཅད་མཁྱེན་པའི་གསུང༌། །བདུད་རྩི་ལྟ་བུའི་ཚིག་འབྲུ་འགའ་བསྟན་པས། །གཞན་ལ་ཕན་པ་བྱུང་ན་དགེ་བ་དེས། །འགྲོ་བ་ཀུན་གྱིས་སངས་རྒྱས་ཐོབ་པར་ཤོག །གསང་སྔགས་ལ་འཇུག་པའི་རབ་ཏུ་བྱེད་པ་དྲུག་ཅུ་པའི་འགྲེལ་པ་པཎྜི་ཏ་ཨཱ་ཙཪྻ་ཛྙཱ་ན་ཨཱ་ཀ་རས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་ཨཱ་ཀ་ར་ཉིད་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།