Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
གསང་སྔགས་ལ་འཇུག་པའི་འགྲེལ་པ། 


 
previousགསང་སྔགས་ལ་འཇུག་པའི་འགྲེལ་པ། no next

གསང་སྔགས་ལ་འཇུག་པའི་འགྲེལ་པ།


DTG078_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མནྟྲཱ་བ་ཏ་ར་པྲྀཏྟིཿ། བོད་སྐད་དུ། གསང་སྔགས་ལ་འཇུག་པའི་འགྲེལ་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཉོན་མོངས་ཤེས་བྱའི་སྒྲིབ་པ་དག །བག་ཆགས་བཅས་པར་གཏན་སྤངས་ཀྱང༌། །ཐུགས་རྗེས་འགྲོ་བའི་དོན་བཞུགས་པའི། །སྐྱོབ་པ་རྣམས་ལ་ཕྱག་འཚལ་ནས། །དགོངས་དོན་ཟབ་མོ་བསྡུས་པའི་དོན། །ཚིག་རེ་ནས་ནི་དབྱེ་བར་བྱ། །དངོས་པོའི་དེ་ཉིད་རང་བཞིན་འོད་གསལ་མངོན་མཛད་ནས། །ཞེས་བྱ་བ་ལ་སོགས་པ་ལ། དངོས་པོ་ནི་གཟུང་བ་དང་འཛིན་པའི་མཚན་ཉིད་ཅན་རྣམས་སོ། །དེའི་དེ་ཉིད་ནི་སྐྱེ་བ་མེད་པའོ། །སེམས་རང་བཞིན་གྱིས་འོད་གསལ་བ་དེས་དེ་ཉིད་མངོན་སུམ་དུ་མཛད་པ་ནི་དེའི་བདག་ཉིད་དུ་གྱུར་པའོ། །དེ་ལྟ་བུ་མངོན་སུམ་དུ་མཛད་ན་ཡང༌། ཐུགས་རྗེ་ཆེན་པོས་གདུལ་བྱའི་དབང་གིས་སྐུའི་ཆ་བྱད་སྣ་ཚོགས་དང༌། ཚིག་དང་ཡི་གེ་དུ་མས་དེ་ཁོ་ན་ཉིད་ཇི་ལྟར་འོས་པ་སྟོན་པར་མཛད་པའི་སྐུ་དང༌། གསུང་དང༌། ཐུགས་རྡོ་རྗེ་གསུམ་མི་ཕྱེད་པའི་བདག་ཉིད་ཅན་གྱི་སྐུ་ལ་ཕྱག་འཚལ་ནས་སོ། །ཅི་ཞིག་བྱ་ཞེ་ན། རབ་ཏུ་གསང་བ་བློ་མཆོག་ཡུལ་གྱུར་གསང་སྔགས་དོན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རབ་ཏུ་གསང་བ་ནི་དངོས་པོར་མངོན་པར་ཞེན་པ་རྣམས་ལའོ། །བློ་མཆོག་ཡུལ་གྱུར་ཞེས་བྱ་བ་ནི་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་པས་སོ། །གསང་སྔགས་དོན་ཞེས་བྱ་བ་ནི་དགོངས་པ་སྣ་ཚོགས་ཀྱིས་བསྟན་པའི་ཚིག་རྣམས་སོ། །ལོག་པར་རྟོགས་པ་ནི་ཕྱིན་ཅི་ལོག་ཏུ་བཟུང་བ་དང༌། དམ་པ་མ་ཡིན་པའི་བླ་མའི་གདམས་ངག་གི་དབང་གིས་སྒྲོ་འདོགས་སྐུར་པ་འདེབས་ཤིང༌། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་དབང་གིས་སྒྲ་ཇི་བཞིན་འཇུག་པར་བྱེད་པ་རྣམས་ཕྱིན་ཅི་མ་ལོག་པའི་དོན་རྟོགས་ཤིང་གོ་བར་བྱེད་པའི་ཕྱིར་དྲིས་པའི་ལན་གདབ་པའི་ཚུལ་གྱིས། རྒྱུད་ཡང་དག་པ་རྣམས་ལས་བཏུས་ནས་ཅུང་ཟད་ཅིག་ཙམ་བདག་གིས་བྲི་བར་


DTG078_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ་ཞེས་བྱ་བའི་དོན་ཏོ། །བསྐལ་པ་ཆེན་པོ་རབ་མང་བས། །ཞེས་བྱ་བ་ལ་སོགས་པ་ལ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལམ། ལམ་གཞན་གྱིས་བསྐལ་པ་ཆེན་པོ་རབ་ཏུ་མང་པོས་བགྲོད་པར་བྱ་བའི་ས་རྣམས་དང༌། འོག་མིན་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་སུ་ཇི་ལྟར་བསྒོམ་པ་དང༌། བཟླས་པ་དང༌། མཆོད་པ་ལ་སོགས་པས་བསྡུས་པ་དམ་ཚིག་དང༌། ལྷའི་ང་རྒྱལ་ལ་སོགས་པས། སྐྱེ་བ་འདིའམ་ཞེས་བྱ་བ་ཚེ་འདི་ལའམ། གཞན་དག་ཅེས་བྱ་བ་ཚེ་གསུམ་གྱིས་སོ། །སྔགས་པ་ཞེས་བྱ་བ་ནི་སྒོ་འདིར་ཞུགས་པའི་རྣལ་འབྱོར་པའོ། །མྱུར་དུ་འཇུག་པ་ནི་ཚེ་འདིའམ། སྐྱེ་བ་འགས་སོ། །རྒྱུ་དང་རྐྱེན་ནི་གང་དང་གང་ཞེས་བྱ་བ་ནི། དེ་ལྟར་མྱུར་དུ་འཇུག་པའི་རྒྱུ་ནི་གང་ཡིན། །རྐྱེན་ནི་གང་ཡིན་ཞེས་དྲིས་པའོ། །དེ་བཞིན་དུ་འོག་མ་དག་ལ་ཡང་སྦྱར་བར་བྱ་སྟེ། བྱ་བ་དང་བཅས་པའི་བྱེད་པ་པོ་ལྟ་བུ་ནི་གང་ཡིན། དེའི་གྲུབ་པའི་དངོས་གྲུབ་ནི་གང་ཞིག་ཡིན། གྲུབ་པ་ཐོབ་པའི་སྐྱེས་བུ་དེའི་སྤྱོད་པ་ནི་ཇི་ལྟ་བུ་ཡིན། འགྲུབ་པའི་དུས་ཀྱི་ངེས་པ་ནི་ཇི་ཙམ་གྱིས་ཡིན། གསང་སྔགས་ཀྱི་ཚུལ་ལ་ཞུགས་པ་ལས། འཇིག་རྟེན་པའི་དངོས་གྲུབ་འགྲུབ་པའམ། ཉན་ཐོས་སམ་རང་སངས་རྒྱས་སུ་འགྱུར་བ་ནི་ཇི་ལྟ་བུ་ཡིན། བདག་གི་དེ་ཁོ་ན་ཉིད་ནི་ཇི་ལྟ་བུ་ཡིན། ལྷའི་དེ་ཁོ་ན་ཉིད་ནི་གང་ཡིན། སྔགས་ཀྱི་དེ་ཁོ་ན་ཉིད་ནི་ཇི་ལྟ་བུ་ཡིན། ལམ་ནི་གང་ཡིན། ལམ་མ་ཡིན་པ་ནི་གང་ཡིན། གཞིའི་དམ་ཚིག་ནི་གང་ཡིན། ཡན་ལག་གི་དམ་ཚིག་ནི་གང་ཡིན། རྟག་ཏུ་བྱ་བའི་ཆོ་གའི་རྣམ་པར་ངེས་པ་ནི་གང་ཡིན་ཞེས་དྲི་ཚིག་བཅོ་ལྔས་དྲིས་པ་དང༌། དེ་དག་རེ་རེ་ནས་ལན་གདབ་པའི་ཕྱིར། དཔེར་ན་སྐྱེས་བུ་སྟོབས་ཆུང་བའམ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་སྐྱེས་བུ་བཀྲེས་པའམ། སྐོམ་པའམ། ནད་ཀྱིས་མནར་བ་ཉམ་ཆུང་བར་གྱུར་པའམ། ཕྱུགས་ཏེ་བ་ལང་ལ་སོགས་པས་དྲངས་པ་ཤིང་རྟས་ལོའམ་ཟླ་བ་མང་པོས་བགྲོད་པར་བྱ་བའི་གནས་དེར། རྐང་མགྱོགས་གྲུབ་པའི་སྐྱེས་བུའམ་ཉི་མ་དང་ཟླ་བས་ནི་སྐད་ཅིག་མ་འགས་འགྲོ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཕ་རོལ་ཕྱིན་པའམ། །ཞེས་བྱ་བ་ལ་སོགས་པ་ལ།


DTG078_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་ཞེས་བྱ་བ་ནི་དཔེ་བཞིན་དུའོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པའམ། ལམ་གཞན་ཏེ་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ལམ་མམ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དག་ལ་བརྟེན་ནས་སོ། །ཡུན་རིངས་འཇུག་པར་ཞེས་བྱ་བ་ནི་བསྐལ་པ་གྲངས་མེད་པ་གསུམ་མམ། དེ་བས་ཀྱང་ལྷག་པར་འཇུག་པའི་གནས་དེར་རོ། །སྔགས་པ་ཞེས་བྱ་བ་ནི་བརྩོན་འགྲུས་བརྟུལ་བ་ཅན་གྱི་རྣལ་འབྱོར་པས་ཡིན་གྱི་སྔགས་ཀྱི་སྒོར་ཞུགས་པ་ཙམ་གྱིས་ནི་མ་ཡིན་ནོ། །ཚེ་འདིས་འཇུག་ཅེས་བྱ་བས་ནི། ཚེ་འདི་ཉིད་ལ་ཡོན་ཏན་འདི་དག་འཐོབ་པའོ། །དེ་ཡང་རྒྱུ་ཅི་ཞིག་ཡིན་ཞེ་ན། སྔགས་ཀྱི་ཚུལ་མ་ནོར་བར་བསྒྲུབས་པའི་མཉམ་པ་མེད་པའི་མཐུ་ལ་བརྟེན་པའི་ཕྱིར་རོ། །དེ་ཡང་འཕགས་པ་ཞི་བའི་བློ་གྲོས་ཀྱིས་དྲིས་པ་ལས་དཔེར་ན་སྐྱེས་བུ་སྟོབས་ཆུང་བའམ། ཕྱུགས་ཀྱི་ཤིང་རྟས་ཡུན་རིང་ཞིག་གིས་བགྲོད་པར་བྱ་བའི་གནས་དེར་རྐང་མགྱོགས་གྲུབ་པའམ་ཉི་མའམ། ཟླ་བས་ནི་མྱུར་དུ་འགྲོ་བར་བྱེད་དོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་རིགས་ཀྱི་བུ་དག་བསྐལ་པ་རབ་འབྱམ་དག་གིས་འདའ་བའི་ས་དེ་དག་རིག་སྔགས་འཆང་རབ་ཏུ་བརྟུལ་བས་འཇུག་པས་ཚེ་འདི་ཉིད་ལ་འཐོབ་པ་ནི་མཐུ་མི་མཉམ་པ་ལ་བརྟེན་པ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ཡང་རྒྱུ་རྐྱེན་ཕུན་ཚོགས་ཀྱིས། །ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་རྒྱུ་གང་དག་ཡིན་ཞེ་ན། རྒྱུ་ཡང་ལུས་ངག་ཡིད་ཀྱི་ལས། །ཞེས་བྱ་བ་སྟེ། སྔོན་གྱི་སྐྱེ་བ་རྣམས་སུ་སྲོག་གཅོད་པ་སྤོང་བ་ལ་སོགས་པ་དགེ་བ་བཅུ་ལ་ལེགས་པར་སྤྱད་པས། དེ་ལྟར་རྣམ་པར་སྨིན་པའི་དབང་གིས་ཐོབ་པའི་རྒྱུ་འདི་མཚན་དང་ལྡན་པའི་ལུས་ཐོབ་ཅིང་ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། ལུས་མཚན་སྣ་ཚོགས་འབར་བ་དང༌། །དག་ཆངས་པའི་དབྱངས་དང༌། ཀ་ལ་པིངྐའི་སྐད་དང༌། འབྲུག་གི་སྒྲ་དང༌། སེམས་འདོད་ཆགས་སྲབ་ཅིང་ཞེ་སྡང་གི་ཟུག་རྡུ་ཕྱུང་བ་དང༌། གཏི་མུག་གི་མུན་པ་བསལ་བ་ཡིན་ཏེ། དེ་ལྟར་ལུས་ངག་ཡིད་གསུམ་ཕུན་སུམ་ཚོགས་པ་གསུམ་དང་ལྡན་པ་ནི་སྒྲུབ་པའི་མཆོག་གི་རྟེན་དུ་འདོད་དོ། །དེ་ཡང་ཀྱེ་རྒྱལ་བའི་སྲས་འདི་ལ་རྒྱུ་ནི་རིགས་གཙོ་བོ་གསུམ་


DTG078_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ། སྔོན་ཤིན་ཏུ་ལས་ལེགས་པར་སྤྱད་ཅིང་བྱས་པས་འཕགས་པ་ཅན་ཡིན་ནོ་ཞེས་རྒྱུད་ལས་གསུངས་པ་ཡིན་ནོ། །དེ་ལྟར་རྒྱུ་ཕུན་སུམ་ཚོགས་པ་བསྟན་ནས། རྐྱེན་ཕུན་སུམ་ཚོགས་པ་བསྟན་པར་འདོད་ནས། རྐྱེན་ཡང་རྣམ་པ་གསུམ་ཉིད་དེ། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །གསུམ་པོ་དེ་དག་ཀྱང་གང་ཞེ་ན། འཇུག་དང་སྦྱོར་དང་སྒྲུབ་པ་ཡི། །སྤྱོད་པ་རྣམ་པ་གསུམ་ཉིད་དོ། །ཞེས་བྱ་བས་སྨྲས་སོ། །དེ་དག་རེ་རེ་ནས་བསྟན་པར་འདོད་ནས། དེ་ལ་འཇུག་པའི་སྤྱོད་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོར་ཇི་ལྟར་བྱ་ཞེ་ན། སྔགས་ལ་དད་པའི་སློབ་མ་ཡིས། །ཞེས་བྱ་བ་ནི་གསང་སྔགས་ཀྱི་ཚུལ་ལ་མོས་ཤིང་ཡིད་ཆེས་པའི་སློབ་མས། བླ་མ་ཡོན་ཏན་དང་ལྡན་པ། །ཞེས་བྱ་བ་ནི་ཤེས་རབ་དང་སྙིང་རྗེ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ལའོ། །དུས་རིང་བསྙེན་པ་སྔོན་འགྲོ་བས། །ཞེས་བྱ་བ་ལ་ལོ་འམ་ཟླ་བ་མང་པོར་དུས་གསུམ་དུ་མཎྜལ་བྱ་བ་དང༌། ཕྱག་འཚལ་བ་དང༌། གོས་དང༌། ཟས་དང༌། སོ་རྩི་ལ་སོགས་པ་འབུལ་ཞིང་མཉེས་པར་བྱས་ནས་བླ་མའི་བྱ་བ་བསྒྲུབ་པའོ། །མཉེས་ནས་གསོལ་བ་གདབ་བྱས་ལ། །ཞེས་བྱ་བ་ནི་དེ་ལ་དུས་རིང་པོར་བསྙེན་བཀུར་ལ་སོགས་པ་བྱས་པས་བླ་མའི་ཐུགས་མཉེས་པ་དང་གསོལ་བ་གདབ་པར་བྱ་སྟེ། ཅིའི་ཕྱིར་གསོལ་བ་གདབ་ཅེ་ན། དཀྱིལ་འཁོར་འཇུག་དང་དབང་བསྐུར་ཞིང༌། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་དོན་དུ་གཉེར་བའི་སློབ་མ་ལ་དཀྱིལ་འཁོར་དུ་གཞུག་པ་དང༌། དབང་བསྐུར་བ་དང༌། དམ་ཚིག་དང་སྔོམ་པ་ལ་སོགས་པ་བླ་མས་བྱིན་ལ་རང་གང་འདོད་པའི་ལྷ་བཟུང་ནས་བཟླས་པ་བྱེད་པ་ནི། རང་གི་འདོད་ལྷ་གཟུང་བ་སྟེ། །ཞེས་པའོ། །ད་ནི་རྐྱེན་རྣམ་པ་གསུམ་ལས་གཞིའི་རྐྱེན་ཞེས་བྱ་བ་ལ། དེ་ལྟར་འཇུག་པའི་སྤྱོད་པས་བདག་ཉིད་ཞིང་ས་གཤིན་པ་ལྟར་བསྒྲུབ་པའི་སྣོད་དུ་རུང་བར་བྱས་ནས་དངོས་གྲུབ་སྒྲུབ་པར་འདོད་ན། དེ་ལ་སྦྱོར་བའི་འདོད་པ་ནི། །མཐུན་པའི་གནས་སོགས་དེ་དང་དེར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕུག་གམ། ལྷ་ཁང་སྟོང་པའམ། སྨན་ལྗོངས་སམ། སྔར་གྲུབ་པ་ཐོབ་པའི་གནས་ལ་སོགས་པར་གནས་ལ། འཇིག་རྟེན་པའི་ལས་ཀྱི་མཐའ་ངན་པ་རྣམ་པར་གཡེངས་པའི་རྒྱུ་ཐམས་ཅད་སྤངས་ནས། རང་གི་འདོད་པའི་


DTG078_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་རས་བྲིས་ལ་སོགས་པ་བྲིས་ནས། དང་པོར་སྭ་བྷཱ་བ་ཤུདྡྷཿ་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་ལ། སྟོང་པ་ཉིད་དུ་སྒོམ་ཞིང༌། བྱམས་པ་ལ་སོགས་པ་ཚད་མེད་པ་རྣམས་བསྒོམ་པ་དང༌། རང་གི་འདོད་པའི་ལྷ་དཔའ་བོ་གཅིག་བུའམ། དཀྱིལ་འཁོར་གྱི་ལྷ་ཡང་རུང༌། ཆོ་ག་བཞིན་དུ་ཐུན་གསུམ་མམ། ཐུན་བཞིར་བསྒོམ་པ་དང་བཟླས་པ་བྱས་ལ། ལངས་པའི་དུས་སུ་ཡང་ཁ་ཏོན་དང༌། གཏོར་མ་གཏང་བ་དང༌། དཀོན་མཆོག་ལ་མཆོད་པ་དང༌། སྦྱིན་པ་གཏང་བ་ལ་སོགས་པ་བྱའོ། །དེ་ལྟར་སྤྱད་པས་ཅིར་འགྱུར་ཞེ་ན། སྡིག་ཆེན་ཀུན་ལས་གྲོལ་ནས་ནི། །ཞེས་བྱ་བ་སྨྲས་ཏེ། མཚམས་མེད་པ་ལྔ་ལ་སོགས་པ་བྱས་པའི་སྡིག་རྣམས་བྱང་བར་འགྱུར་རོ། །དེ་ཙམ་དུ་ཟད་དམ་ཞེ་ན། བསྐལ་བ་དུ་མར་སྤྱད་པ་ཡི། །བྱང་ཆུབ་སེམས་དཔའ་དང་མཚུངས་འགྱུར། །ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐལ་པ་མང་པོར་འབད་པ་བྱས་པ་དང༌། ཚེ་འདི་ཉིད་ལ་མཚུངས་པར་འགྱུར་རོ། །འདི་ནི་ཡོངས་འགྱུར་རུང་བའི་རྐྱེན། །གཉིས་པ་ཡིན་པར་བསྟན་པ་ཡིན། །ཞེས་བྱ་བ་ལ། འདི་ནི་ཞེས་བྱ་བ་ནི་སྦྱོར་བའི་སྤྱོད་པ་འདིའོ། །ཡོངས་འགྱུར་རུང་བའི་རྐྱེན་ཞེས་བྱ་བ་ནི་མིང་དང༌། རུས་དང༌། རིགས་དང༌། བདག་འཛིན་ལ་སོགས་པ་དང་ལྡན་པའི་སེམས་ཅན་གྱི་རྒྱུ་འདི་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་དང༌། ཡོན་ཏན་དཔག་ཏུ་མེད་པར་འགྱུར་དུ་རུང་བའི་རྐྱེན་གྱིས་སྦྱོར་བའི་སྤྱོད་པ་ཡིན་པས་ཡོངས་འགྱུར་དུ་རུང་བའི་རྐྱེན་ཞེས་བྱ་བའོ། །གཉིས་པ་ཞེས་བྱ་བ་ནི། འཇུག་པའི་སྤྱོད་པ་ལ་ལྟོས་ནས་སོ། །དེ་ལྟར་སྦྱོར་བའི་སྤྱོད་པ་བསྟན་ནས། ད་ནི་བསྒྲུབ་པའི་སྤྱོད་པ་བསྟན་པའི་ཕྱིར། དེ་ལ་སྒྲུབ་པའི་སྤྱོད་པ་ནི། །དཔེར་ན་ལེགས་པར་བཀྲུས་པའི་རས། །ཁ་དོག་རྣམས་སུ་བསྒྱུར་བ་ན། །ཚེགས་ནི་ཆུང་སྟེ་གཟབ་འོས་ལྟར། །སྒྲུབ་བའི་སྤྱོད་པ་བསྒྲིམས་དགོས་ཀྱི། །ཧ་ཅང་དཀའ་བ་འང་མ་ཡིན་ནོ། །ཞེས་བྱ་བ་སྨོས་ཏེ། སྒྲུབ་པའི་སྤྱོད་པ་ནི་དཔེར་ན་ལེགས་པར་བཀྲུ་བཤལ་བྱས་པའི་རས་དང༌། སྣམ་བུ་ལ་སོགས་པ་ཚོན་རྣམས་སུ་ཁ་དོག་བསྒྱུར་བ་ན། དཀའ་བླས་ནི་ཆུང་ལ་གཟབ་ནི་དགོས་པ་ཡིན་པ་ལྟར་སྒྲུབ་པའི་སྤྱོད་པ་ཡང་ཤིན་ཏུ་བསྒྲིམས་ཤིང་མ་ཡེངས་པར་ནི་བྱ་དགོས་ལ། ཧ་ཅང་དཀའ་ཞིང་ཚེགས་ཆེ་བ་ནི་མ་ཡིན་ནོ། །


DTG078_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་དྲིས་པ་ལས་འདི་ལྟ་སྟེ་དཔེར་ན་ཡོངས་སུ་སྦྱངས་པའི་རས་ལ་ཚོན་གྱིས་ཁ་བསྒྱུར་བ་ནི་རབ་ཏུ་གཟབ་པར་རིགས་ལ། ཚེགས་ཆེ་བས་ནི་མ་ཡིན་ནོ། །དེ་བཞིན་དུ་བསྒྲུབ་པའི་སྤྱོད་པ་འདི་ཡང་རབ་ཏུ་བསྒྲིམས་པས་འཇུག་དགོས་ཀྱི་ཆེས་དཀའ་བར་ནི་མི་བརྗོད་དོ་ཞེས་གསུངས་པ་ཡིན་ནོ། །དེ་ཡང་ཅིའི་ཕྱིར་ཞེ་ན། སྦྱོར་བའི་སྤྱོད་པས་རྒྱུད་སྨིན་པའི། །གང་ཟག་བསྒྲུབ་ལ་འཇུག་པ་ནི། །ཞེས་བྱ་བ་སྨོས་ཏེ། འདི་ལྟར་སྔར་སྦྱོར་བའི་དུས་སུ་ཚོགས་ཁྱད་པར་ཅན་རིང་དུ་བསགས་པས་རྒྱུད་སྨིན་པར་བྱས་པའི་སྒྲུབ་པ་པོ་ཡིན་པས་སོ། །དེ་ལྟ་བུའི་གང་ཟག་དེ་ཡང་བསྒྲུབ་པ་ལ་འཇུག་པ་ན། ཇི་ལྟར་བྱ་ཞེ་ན། གནས་དང་གྲོགས་དང་ལོངས་སྤྱོད་དང༌། །བསམ་པ་མ་ཡིན་པ་རྣམས་སྤང༌། །ཞེས་བྱ་བ་སྨྲས་ཏེ། གནས་མ་ཡིན་པ་ནི་བྱང་ཆུབ་ཆེན་པོ་ལ་སོགས་པ་བསྒྲུབ་པའི་གནས་བསྟན་པ་ལས་གཞན་པ་མུ་སྟེགས་བྱེད་ཀྱི་གནས་དང༌། ཚོང་འདུས་དང་སྐྱེ་བོ་མང་པོ་འདུ་བའི་ས་རྣམས་སྤངས་པའོ། །གྲོགས་མ་ཡིན་པ་ནི་འདོད་པ་དང་གཉིད་དང༌། རྨུགས་པ་ལ་དགའ་བ་དང༌། ཞེ་སྡང་དང་ཕྲག་དོག་ཆེ་བ་དང༌། དབང་མ་བསྐུར་བ་དང༌། གསང་སྔགས་ལ་དད་པ་མེད་པ་རྣམས་སྤངས་ལ། བདག་པས་ཡོན་ཏན་ལྷག་པར་གྱུར་པའམ། བདག་དང་མཉམ་པ་དང་ལྷན་ཅིག་གནས་པའོ། །ལོངས་སྤྱོད་མ་ཡིན་པ་ནི་སྔགས་བ་སེམས་རྣམ་པར་གཡེང་བར་བྱེད་པའི་རྒྱུ་བུད་མེད་དང༌། ཆང་ལ་སོགས་པ་ལྷག་པར་ཞེན་པ་སྐྱེ་བའི་གནས་སུ་གྱུར་པ་རྣམས་སྤང་བའོ། །བསམ་པ་མ་ཡིན་པ་ནི་འདོད་ཆགས་དད། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། ཕྲག་དོག་ལ་སོགས་པ་སྔོན་དུ་སོང་བའི་སེམས་ཀྱི་འཇུག་པ་སྤང་བའོ། །དེ་ཡང་རྒྱུད་ལས་རང་རྒྱུད་རབ་ཏུ་སྨིན་པར་བྱ་བའི་སྔགས་པ་བསྒྲུབ་པའི་སྤྱོད་པ་ལ་འཇུག་པ་ན། གནས་མི་མཐུན་པ་དང༌། གྲོགས་མ་ཡིན་པ་དང༌། རྫས་མ་ཡིན་པ་དང། བསམ་པ་མ་ཡིན་པ་རྣམས་སྤང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དམིགས་པའི་དོན་ལ་རྩེ་གཅིག་གཞག །ཅེས་བྱ་བ་ནི་མཉམ་པར་གཞག་པའི་ཚེ་ནི་བདག་གི་དེ་ཉིད་དམ། ལྷའི་དེ་ཉིད་ལ་རྩེ་གཅིག་ཏུ་བྱས་ལ། ལངས་པའི་ཚེ་ནི་ཐམས་ཅད་སྒྱུ་མ་ལྟ་བུར་མོས་པས་སྤྱོད་


DTG078_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ། །འདི་ནི་མྱུར་དུ་འཕགས་པའི་རྐྱེན། །གསུམ་པ་ཡིན་པར་བསྟན་པ་ཡིན། །ཞེས་བྱ་བ་ལ་འདི་ནི་ཞེས་བྱ་བ་ནི་བསྒྲུབ་པའི་སྤྱོད་པ་འདིའོ། །མྱུར་དུ་འཕགས་པའི་རྐྱེན་ཞེས་བྱ་བ་ནི་གྲུབ་པ་མངོན་སུམ་དུ་བྱེད་པའི་རྐྱེན་ཡིན་པའོ། །གསུམ་པ་ཞེས་བྱ་བ་ནི་འཇུག་པ་དང་སྦྱོར་བའི་སྤྱོད་པ་ལ་ལྟོས་ནས་གསུམ་པ་ཡིན་པས་སོ། །ད་ནི་སྤྱོད་པ་གསུམ་པོ་དག་གི་ངོ་བོ་ཇི་ལྟ་བུ་ཡིན་པ་དང༌། རྒྱུའི་གཙོ་བོ་གང་ཡིན་པ་བསྟན་པའི་ཕྱིར། དེ་ལ་འཇུག་པའི་སྤྱོད་པ་ནི། །དངོས་གྲུབ་སྐྱེ་བ་ཞིང་དང་འདྲ། །དེ་ལ་སྦྱོར་པའི་སྤྱོད་པ་ནི། །དངོས་གྲུབ་འབྱུང་བ་མྱུ་གུ་འདྲ། །དེ་ལ་བསྒྲུབ་པའི་སྤྱོད་པ་ནི། །འབྲུ་ཡི་ཚོགས་རྣམས་སྨན་པ་བཞིན། །དེ་དག་ཀུན་ལའང་གཙོ་བོ་ནི། །ལས་བཟང་དུ་མས་སྨིན་བྱས་པའི། །སེམས་ནི་ས་བོན་འདྲ་བའི་ཕྱིར། །ཕུལ་དུ་བྱུང་བའི་རྒྱུར་རབ་གནས། །ཞེས་བྱ་བས་བསྟན་ཏེ་སྔར་རྐྱེན་རྣམ་པ་གསུམ་རྒྱས་པར་བསྟན་པའི་འཇུག་པའི་སྤྱོད་པས་ནི་ཞིང་ས་བཟང་པོ་ལྟར་སེམས་དངོས་གྲུབ་སྐྱེ་བའི་ཞིང་དུ་བྱས་པ་ཡིན་ལ། སྦྱོར་བའི་སྤྱོད་པས་ནི་ས་བོན་དང་བཅས་པའི་ཞིང་ས་བཟང་པོ་ལས་མྱུ་གུ་འབྱུང་བ་ལྟ་བུ་ཡིན་ནོ། །བསྒྲུབ་པའི་སྤྱོད་པ་ནི་རིམ་གྱིས་འབྲུའི་ཚོགས་སྨིན་པ་ལྟ་བུ་ཡིན་ཏེ། སྤྱོད་པ་དེ་དག་ཀུན་ལའང་གཙོ་བོ་ནི་སྔོན་གྱི་ཚེ་རབས་དག་ཏུ་ལས་བཟང་པོ་དུ་མས་སྨིན་པར་བྱས་པའི་སེམས་ཁོ་ན་ས་བོན་དང་འདྲ་བ་ཡིན་པའི་ཕྱིར། ཕུལ་དུ་བྱུང་བའི་རྒྱུར་རབ་ཏུ་གནས་པ་ཡིན་ཏེ། རྒྱས་པར་གོང་དུ་བསྟན་པས་ཡང་མ་སྦྲོས་པ་ཡིན་ནོ། །དེ་ལྟར་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་དང་ལྡན་པའི་སྔགས་པས་འབྲས་བུ་ཅི་ཞིག་འཐོབ་པར་འགྱུར་ཞེ་ན། སྔགས་པས་ས་རྣམས་རབ་གནོན་ཅིང༌། །མངོན་པར་ཤེས་པ་ལྔས་རྩེ་ལ། །དག་པའི་སངས་རྒྱས་ཞིང་དུ་འགྲོ། །ཞེས་བྱ་བ་སྨྲས་ཏེ། དེ་ལྟར་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་དང་ལྡན་པའི་སྔགས་པ་དེ་ནི་སྐྱེ་བ་འདི་ལས་རྣམས་རབ་ཏུ་གནོན་ཅིང་མངོན་པར་ཤེས་པ་ལྔས་རྩེ་ཞིང་འོག་མིན་གྱི་འཇིག་རྟེན་ནམ། མངོན་པར་དགའ་བ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་སུ་ཡང་ཚེ་འདི་ཉིད་ལ་འགྲོ་བར་ནུས་པར་འགྱུར་རོ། །འོ་ན་དེ་ལྟར་རྒྱུ་རྐྱེན་ཕུན་སུམ་ཚོགས་པའི་སྤྱོད་པ་དེ་དག་ཐམས་ཅད་ལ་གཙོ་བོར་གྱུར་པའི་བྱེད་པ་བོ་གང་ཞིག་ཡིན་ཞེ་ན། དེ་ལ་བྱ་བ་དང་


DTG078_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི། །བྱེད་པ་པོ་དང་འདྲ་བར་ནི། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །ཞེས་བྱ་བ་སྨྲས་སོ། །གསུམ་པོ་ཉིད་གང་དང་གང་ཡིན་ཞེ་ན། བརྩོན་འགྲུས་ཤིན་ཏུ་འབར་བ་དང༌། །སེམས་ནི་དམིགས་ལ་རྩེ་གཅིག་དང༌། །ཡང་དག་ལྟ་དང་ལྡན་པའོ། །དེ་ལ་བརྩོན་འགྲུས་ཤིན་ཏུ་འབར་བ་ནི་མགོ་ལ་མེ་འབར་བ་གསད་པ་ལ་ཤིན་ཏུ་བརྩོན་པ་ལྟར་དགེ་བའི་ཕྱོགས་ལ་གཅིག་ཏུ་བརྩོན་པའོ། །སེམས་དམིགས་པ་ལ་རྩེ་གཅིག་པ་ནི་དམིགས་པ་ལ་མཉམ་པར་གཞག་པའི་ཚེ་ཆར་དང༌། ཉི་མ་དང༌། རླུང་དང༌། རྔ་དང༌། དུང་གི་སྒྲ་ལ་སོགས་པས་ཀྱང་མི་གཡོ་བའོ།། ཡང་དག་པའི་ལྟ་བ་དང་ལྡན་པ་ནི་རྒྱུ་དང་འབྲས་བུ་ལ་སྐུར་པ་མི་འདེབས་ཤིང་རྣམ་པར་སྨིན་པ་ལ་ཡིད་ཆེས་པའོ། །དེ་ལྟའི་བྱ་བ་དང་ལྡན་པའི། །གྲུབ་པའི་དངོས་གྲུབ་གང་ཞེ་ན། །ཞེས་བྱ་བ་ནི། འོ་ན་དེ་ལྟར་དཀའ་བ་སྣ་ཚོགས་དང་ལྡན་པའི་བྱ་བ་སྒྲུབ་པའི་དངོས་གྲུབ་དེ་ཇི་ལྟ་བུ་ཞིག་ཡིན་ཞེས་དྲིས་པ་དང༌། ལུས་དང་གནས་དང་ལོངས་སྤྱོད་དག །ཅེས་བྱ་བ་ལ་སོགས་པས་བསྟན་ཏོ། །མི་ལས་ཁྱད་པར་འཕགས་པ་སྟེ། །ཞེས་བྱ་བ་ལ་ལུས་མི་ལས་ཁྱད་པར་དུ་འཕགས་པ་ནི་གསེར་གྱི་ཁ་དོག་དང༌། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ལ་སོགས་པ་ལའོ། །གནས་དང་ལོངས་སྤྱོད་ནི་ལྷའི་གཞལ་ཡས་ཁང་ལ་སོགས་པ་དང༌། ཆོས་ཀྱི་ལོངས་སྤྱོད་པ་ལ་སོགས་པ་དག་གོ །ཚེ་ལ་དབང་སྒྱུར་བ་ནི་འདོད་ན་བསྐལ་པར་ཡང་གནས་ཤིང་སེམས་ཅན་གྱི་དོན་མཐོང་ན་ལུས་གཞན་ལེན་པའོ། །མི་ཁོམ་པར་སྐྱེ་བ་ལས་གཏན་དུ་གྲོལ་ཞེས་བྱ་བ་མི་ཁོམ་པ་བརྒྱད་པོ་དེ་དག་ཏུ་སེམས་ཅན་གྱི་དོན་མཐོང་ནས་རང་གི་འདོད་པའི་དབང་གིས་སྐྱེ་བ་ལེན་པ་ནི་སྲིད་ཀྱི། ལས་དང་ཉོན་མོངས་པའི་རྒྱུས་དེ་དག་ཏུ་མི་སྐྱེ་བའོ། །སངས་རྒྱས་འབྱུང་དང་ཕྲད་སོགས་དང༌། །ཞེས་བྱ་བ་ནི་ཚེ་རབས་ཐམས་ཅད་དུ་སངས་རྒྱས་འབྱུང་བ་དང་ཕྲད་པའམ། དེའི་དམ་པའི་ཆོས་གནས་པ་དང་ཕྲད་པའོ། །སོགས་པས་བསྡུ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་དང་འགྲོགས་པ་དང་མི་འབྲལ་བའོ། །འདོད་ཡོན་ལྔ་པོ་ཤེས་བཞིན་དུ། །སྤྱོད་ལ་འཆིང་བར་མི་འགྱུར་དང༌། །ཞེས་བྱ་བ་ལ་འདོད་པའི་ཡོན་ཏན་ལྔ་པོ་རང་གི་སེམས་གཟུང་བར་སྣང་བ་ཉིད་གཟུགས་རྡོ་རྗེ་ལ་སོགས་པ་ལོངས་སྤྱོད་


DTG078_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཤེས་ཤིང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔར་རྟོགས་པས་མཆོད་པ་དང༌། མཆོད་པའི་གནས་རྣམས་སེམས་གཟུང་འཛིན་གྱི་རྣམ་པ་ཅན་དུ་རོ་གཅིག་པར་ཤེས་པས་ལོངས་སྤྱོད་ཀྱང་འཆིང་བར་ཡང་མི་འགྱུར་ལ་བསོད་ནམས་ཆེན་པོར་ཡང་འགྱུར་བའོ། །བདག་གཞན་ཕན་སྐྱེད་ནུས་པའོ། །ཞེས་བྱ་བ་ནི། མ་འོངས་པའི་དུས་རིང་པོ་དག་ཏུ་བདག་དང་གཞན་གྱི་མཐོ་རིས་དང༌། ཐར་པའི་བདེ་བ་སྐྱེད་ནུས་པའོ། །གྲུབ་པའི་སྤྱོད་པ་གང་ཞེ་ན་ཞེས་བྱ་བ་ལ་དེ་ལྟ་བུའི་གྲུབ་པ་ཐོབ་པའི་གྲུབ་པའི་སྐྱེས་བུ་དེ་སྤྱོད་པ་ཇི་ལྟ་བུ་ཡིན་ཞེ་ན། ཡུལ་དང་དུས་ནི་དེ་དང་དེར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་སམ་ལྷའི་གནས་ལ་སོགས་པ་དེ་དང་དེར་རོ། །འབྱོར་པའི་བདེ་བ་ལ་སྤྱོད་ཅིང༌། །ཞེས་བྱ་བ་ལ། མི་ལས་ཁྱད་པར་དུ་འཕགས་པའི་གཟུགས་ལ་སོགས་པའི་ལོངས་སྤྱོད་ཀྱི་བདེ་བ་གྱ་ནོམ་པ་ལ་བདག་ཉིད་སྤྱོད་པའོ། །དེ་བཞིན་འཕགས་པ་རྣམས་ལ་ཡང༌། །ཅི་ནུས་པར་ནི་ཆོད་པ་དང༌། །ཞེས་བྱ་བ་ལ། བདག་སྤྱོད་པ་དེ་བཞིན་དུ་འཕགས་པ་རྣམས་ལ་ཡང་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང༌། དགྲ་བཅོམ་པ་དང༌། རང་སངས་རྒྱས་རྣམས་ལ་ཡང་མཆོད་པའི་སྤྲིན་རབ་འབྱམས་དཔག་ཏུ་མེད་པ་དབུལ་ཞིང༌། རང་འདོད་པའི་ལྷ་མཉེས་པར་བྱེད་པ་ལ་ཡང་སྐད་ཅིག་རེ་རེས་ཀྱང་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པར་འཇུག་པའོ། །ཕན་གདགས་ཚར་གཅོད་ཀྱིས་འདུལ་བའི། །ཞེས་བྱ་བ་ལ་སོགས་པ་ལ་ནད་དང་འཚེ་བ་སྣ་ཚོགས་ཀྱི་གནོད་པ་རྣམས་ལ་ནི་སྡུག་བསྔལ་སྣ་ཚོགས་ཞི་བར་བྱེད་ཅིང་ཚེ་དང་ལོངས་སྤྱོད་ལ་སོགས་པ་རྒྱས་པར་བྱེད་དོ། །ཤིན་ཏུ་གདུག་ཅིང་གཏུམ་ལ་རང་བཞིན་དན་པ་གཞན་ལ་འཚེ་བ་རྣམས་ལ་ནི་ཁྲོ་བོ་ཤིན་ཏུ་མི་བཟད་པ་ལག་ན་མཚོན་ཆ་སྣ་ཚོགས་འཛིན་ཅིང་གསོད་པ་ལ་དགའ་བ་ལྟ་བུར་སྤྲུལ་ནས་འདུལ་བར་བྱེད་དོ། །གཞན་ཡང་སེམས་ཅན་རྣམས་དང་རྗེས་སུ་མཐུན་པར་ནམ་མཁའ་ལ་འགྲོ་བ་དང༌། མེ་འབར་བ་དང༌། ཆུ་འབེབས་པ་ལ་སོགས་པ་རྫུ་འཕྲུལ་སྣ་ཚོགས་བསྟན་པས་འདུལ་བར་བྱེད་དོ། །དམྱལ་ལ་སོགས་པར་ཡུད་ཙམ་ལའང༌། །བསིལ་དང་དྲོད་སོགས་སྦྱིན་པ་


DTG078_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

དང། །ཞེས་བྱ་བ་ན། ཚ་བའི་དམྱལ་བ་རྣམས་སུ་སེར་བུའི་བསིལ་བ་དང་སྤོས་ཀྱི་ཆར་ལ་སོགས་པ་འབེབས་པས་བསིལ་བ་སྦྱིན་པར་བྱེད་དོ། །གྲང་བའི་དམྱལ་བ་རྣམས་ལ་ནི་མེའི་ཕུང་པོ་ལ་སོགས་པ་སྤྲུལ་ནས་དྲོ་བ་སྦྱིན་པར་བྱེད་དོ། །དེ་བཞིན་སེམས་ཅན་སྣ་ཚོགས་ལ།། ཆོས་རྣམས་སྣ་ཚོགས་སྟོན་པ་སྟེ། །ཞེས་བྱ་བ་ལ། ལྷ་དང༌། མི་དང༌། ལྷ་མ་ཡིན་ལ་སོགས་པ་སེམས་ཅན་མོས་པ་དང༌། སྐད་སྣ་ཚོགས་ཅན་རྣམས་ལ་སོ་སོའི་སྐད་ཀྱིས་མོས་པ་བཞིན་དུ་ཆོས་སྣ་ཚོགས་སྟོན་པའོ། །སྨན་གྱི་ལྗོན་ཤིང་ཆེན་པོ་ལྟར། །མཐོང་དང་ཐོས་དང་རེག་པ་དང། །དྲན་པས་ཀུན་ལ་ཕན་འགྱུར་བའོ། །ཞེས་བྱ་བ་ལ། དཔེར་ན་སྨན་གྱི་ལྗོན་ཤིང་ཆེན་པོ་ལ་ཞེ་སྡང་གིས་གཅད་དམ་དགའ་བས་བཅད་ཀྱང་རུང་ཇི་ལྟར་ཡང་ཕན་འདོགས་པར་བྱེད་པ་ཡིན་པ་ལྟར་གྲུབ་པའི་སྐྱེས་བུ་དེ་ལ་ཡང་སེམས་ཅན་རྣམས་ཀྱི་ཆགས་པའི་སེམས་སམ། སྡང་བའི་སེམས་ཀྱིས་ཀྱང་རུང༌། མིག་གིས་མཐོང་ངམ། རྣ་བས་ཐོས་སམ། ལུས་ཀྱིས་རེག་གམ། སེམས་ཀྱིས་དྲན་ཡང་རུང༌། ཅི་ནས་ཀྱང་ཕན་པ་འབྱུང་བར་འགྱུར་བ་ཡིན་ནོ། །དེ་ལྟར་དངོས་གྲུབ་ཐོབ་པའི་སྤྱོད་པ་ཇི་ལྟ་བུ་ཡིན་པ་བསྟན་ནས། དུས་ཇི་ཙམ་གྱིས་འགྲུབ་པར་བསྟན་པའི་ཕྱིར། གྲུབ་པའི་དུས་ནི་གང་ཞེ་ན། །ཞེས་བྱ་བ་དྲིས་པ་དང༌། རྒྱུ་དང་རྐྱེན་རྣམས་ཕུན་ཚོགས་ཤིང༌། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རྒྱུ་སྔོན་གྱི་ལས་བཟང་པོ་དུ་མས་བསྐྱེད་པའི་ལུས་དང༌། ངག་དང༌། སེམས་ཡོན་ཏན་མང་པོ་འབྱུང་བའི་རྟེན་དུ་རུང་བ་དང་ལྡན་པ་དང༌། རྐྱེན་སྤྱོད་པ་རྣམ་པ་གསུམ་ལ་གོ་རིམས་བཞིན་དུ་ལེགས་པར་སློབ་པ་ནི། རྒྱུ་དང་རྐྱེན་ཕུན་སུམ་ཚོགས་པའོ། །དེ་ཡང་རྒྱུན་དུ་བཟླས་པ་དང༌། བསྒོམ་པ་དང་ལྡན་ཞིང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དད་པའི་དཀའ་ཐུབ་ཅན་ཡིན་ན། དེའི་དངོས་གྲུབ་ནི་ཚེ་འདི་ཉིད་ལ་འགྲུབ་པར་འགྱུར་རོ། །དེའི་ཕྱིར། རྒྱུན་དུ་བཟླས་དང་བསྒོམ་པ་དང༌། །རྒྱལ་བ་སྲས་བཅས་ལ་དད་པའི། །དཀའ་ཐུབ་ཅན་གྱིས་དངོས་གྲུབ་ནི། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ཞེས་སྨྲས་པ་ཡིན་ནོ། །རྒྱུ་དང་ལྡན་ཡང་རྐྱེན་འགའ་ཞིག །སྨན་གྱི་ལྗོན་


DTG078_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཆེན་པོ་ལྟར། །མ་ཚང་བ་ནི་ཚེ་གསུམ་གྱིས། །སྟོང་ཉིད་ལེགས་མཐོང་དུས་མེད་གྲོལ། །ཞེས་བྱ་བ་ལ། ལས་བཟང་པོ་དུ་མས་བསྐྱེད་པའི་རྒྱུ་སྐྱེ་མཆེད་ཁྱད་པར་ཅན་ཡོད་ཅིང༌། སྤྱོད་པ་འགའ་ཞིག་ལས་སྤྱད་ཀྱང་སྒྲུབ་པའི་སྤྱོད་པས་མ་བསྒྲུབས་ན་ནི། ཚེ་གསུམ་ནས་འགྲུབ་པའོ། །སྟོང་པ་ཉིད་ལ་ལེགས་པར་མཐོང་བའི་སྒྲུབ་པ་པོ་ལ་ནི་གྲོལ་བ་ལ་དུས་ངེས་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་གྲུབ་པའི་ངོ་བོ་དང༌། །གྲུབ་པ་ཐོབ་པའི་སྤྱོད་པ་དང༌། འགྲུབ་པའི་དུས་ངེས་པ་བསྟན་ནས། ད་ནི་འདིར་དཔྱད་པར་བྱའོ། །གསང་སྔགས་ཀྱི་ཚུལ་ལ་ཞུགས་ཤིང་དབྱད་པར་འདྲ་བ་ལས་ཁ་ཅིག་གིས་ནི་ཞི་བ་དང་རྒྱས་པ་ལ་སོགས་པ་དང༌། འཇིག་རྟེན་པའི་དངོས་གྲུབ་ཆེན་པོ་བརྒྱད་འགྲུབ་ལ། ཁ་ཅིག་གིས་ནི་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་འབྲས་བུ་འགྲུབ་པ་ཇི་ལྟར་ཡིན་སྙམ་དུ་སེམས་ན། དེའི་ཕྱིར། འབྲས་བུ་དམན་པ་རྣམ་མང་ལས། །ཉན་ཐོས་རང་རྒྱལ་འགྲུབ་པ་ནི། །ཞེས་སྨྲས་ཏེ། འབྲས་བུ་དམན་པ་ནི་འཇིག་རྟེན་པའི་དངོས་གྲུབ་ལ་སོགས་པ་སྔར་བསྟན་པ་རྣམས་སོ། །དེ་རྣམས་ཀྱི་ནང་ནས་ཉན་ཐོས་ལ་སོགས་པ་འགྲུབ་པ་ཇི་ལྟ་བུ་ཡིན་ཞེ་ན། ཙནྡན་ཤིང་ནི་བསིལ་མོད་ཀྱང། །བྱུག་པའི་སྦྱོར་བས་མ་བསྟེན་པར། །བུད་ཤིང་སྦྱོར་པས་བསྟེན་ན་ནི། །ཤིན་ཏུ་སྲེག་ཅིང་གདུང་བར་འགྱུར། །ཞེས་བྱ་སྟེ། དཔེར་ན་ཙནྡན་གྱི་ཤིང་ཤིན་ཏུ་བསིལ་བ་ཡིན་ན་ཡང་བརྡར་ནས་ལུས་ལ་བསྐུ་ཞིང་བྱུག་པའི་ཚུལ་གྱིས་མ་བསྟེན་པར་བུད་ཤིང་དུ་བྱས་ནས་མེ་སྤར་ན་སྲེག་ཅིང་གདུང་བར་འགྱུར་རོ། །དཔེས་མཚོན་པའི་དོན་བསྟན་པའི་ཕྱིར། དེ་བཞིན་གསང་སྔགས་སྒོར་སྤྱོད་པས། །སེམས་ཅན་ཀུན་གྱི་ཉོན་མོངས་པའི། །གདུང་བ་ཞི་བྱེད་ཡིན་ན་ཡང༌། །སྙིང་རྗེའི་ལྕགས་ཀྱུ་དང་བྲལ་ཞིང༌། །མཚན་མེད་དགོན་པར་ཞུགས་གྱུར་ན། །ཐེག་པ་དམན་པས་མྱ་ངན་འདའ། །དེས་ན་འབྲས་བུ་དམན་ཞེས་བྱ། །ཞེས་བྱ་བ་སྨོས་ཏེ། དཔེ་བསྟན་པ་དེ་བཞིན་དུ་གསང་སྔགས་ཀྱི་སྒོར་ཞུགས་ཤིང༌། སྤྱོད་པ་ཡང་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་གདུང་བ་ཐམས་


DTG078_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཞི་བར་བྱ་བའི་ཕྱིར་ཞུགས་ཤིང་སེམས་བསྐྱེད་པ་ཡིན་ན་ཡང་སྙིང་རྗེ་ཆེན་པོས་སེམས་ཅན་ཡོངས་སུ་མི་གཏོང་བའི་ལྕགས་ཀྱུ་དང་བྲལ་ཞིང༌། བྱང་ཆུབ་སེམས་དཔའ་ཆེན་པོའི་སེམས་དང་བྲལ་བས་འཁོར་བས་སྐྱོལ་མཚན་མ་མེད་པའི་དགོན་པར་འཇུག་པར་གྱུར་ན། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཐེག་པས་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་བཞིན་དུ་འཇིག་རྟེན་པའི་འབྲས་བུ་དོན་དུ་གཉེར་བ་རྣམས་ཀྱང་དེ་ཙམ་ཞིག་ཐོབ་ནས་ཟད་པར་འགྱུར་རོ། །དེ་བཞིན་དུ་ཞེ་སྡང་སྔོན་དུ་སོང་བས་མ་གནང་བའི་མངོན་སྤྱོད་བྱེད་ཅིང༌། སྲོག་གཅོད་པ་ལ་དགའ་བ་རྣམས་ནི་དམྱལ་བའམ། སྲིན་པོའམ། གནོད་སྦྱིན་ལ་སོགས་པར་སྐྱེ་བར་འགྱུར་རོ། །དེ་ལྟར་བསམ་པ་དང་ལས་ཀྱི་ཁྱད་པར་གྱིས་གཞན་ཡང་མཚོན་པར་བྱའོ། །དེ་ཡང་འོག་ནས་རྒྱས་པར་སྟོན་པས་འདིར་མ་བརྗོད་དོ། །དེའི་ཕྱིར་གསང་སྔགས་ཀྱི་སྒོར་ཞུགས་སོ་ཅོག་ཐམས་ཅད་ཀྱིས་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་མ་ཡིན་གྱི། འགལ་བར་སྤྱོད་པ་ཁ་ཅིག་ནི་ངན་སོང་དུ་སྐྱེ་བར་ཡང་ངེས་སོ། །དེས་ན་གསང་སྔགས་ཀྱི་སྒོར་ཞུགས་ཀྱང་དམན་པའི་གནས་ཐོབ་པར་འགྱུར་བས་ན་འབྲས་བུ་དམན་པ་ཞེས་བྱའོ། །ད་ནི་བདག་གི་དེ་ཁོ་ན་ཉིད་གང་ཡིན། ལྷ་ཡི་དེ་ཁོ་ན་ཉིད་གང་ཡིན་སྙམ་པ་ལ། དེ་ལ་དང་པོར་བདག་གི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། བདག་ལུས་ཤ་ཁྲག་རུས་པ་དང༌། །རྩ་རྒྱུས་སྤུ་སོགས་འདུས་པ་ཙམ། །བདག་ཏུ་བརྗོད་པར་བྱ་བ་ཡིན། །ཞེས་སྨྲས་ཏེ། རྟོག་པ་རྩིང་བ་དག་བདག་ཅེས་འདོགས་པའི་གཞི་ནི། བདག་གི་ལུས་ཤ་དང༌། ཁྲག་དང༌། རུས་པ་དང༌། རྩ་རྒྱུས་དང༌། མི་གཙང་བ་ལ་སོགས་པ་འདུས་པ་ཙམ་ལ་བདག་ཏུ་ང་རྒྱལ་བྱེད་ཅིང་བདག་ཅེས་བརྗོད་པ་ཡིན་ནོ། །ཆོས་དབྱིངས་སྦྱོར་བའི་གསང་སྔགས་དང༌། །དེ་ཉིད་ལ་ནི་མོས་པའི་མཐུས། །ལྷ་ཡི་གཟུགས་སུ་འབྱུང་བའི་རྟེན། །ཁྱད་པར་ཅན་དུ་གནས་པ་ནི། །རགས་པའི་བདག་གི་དེ་ཉིད་ཡིན། །ཞེས་བྱ་བ་ནི། དེ་ལྟར་རྟོག་པ་རྩིང་བས་བདག་ཏུ་བརྟགས་པ་དེ་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ ཧཾ། ཞེས་བྱ་བ་ཆོས་ཀྱི་དབྱིངས་ལ་སྦྱོར་བའི་གསང་


DTG078_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དང༌། དེ་ཁོ་ན་ཉིད་ལ་མོས་པའི་མཐུས། ཕྱིས་ལྷའི་གཟུགས་ཁྱད་པར་ཅན་འབྱུང་བའི་རྟེན་སྟོང་པ་ཉིད་ཀྱི་རྣམ་པ་ཅན་དུ་གནས་པའི་བློས་ཁྱད་པར་ཅན་གྱི་རགས་པའི་བདག་གི་དེ་ཁོ་ན་ཉིད་ཅེས་བྱའོ། །གཞན་ཡང་རྟོག་པ་ཞིབ་པ་དག །འཁོར་བར་མངོན་པར་ཕྱོགས་པའི་སེམས། །ལུས་དང་གནས་དང་ལོངས་སྤྱོད་དང༌། །དཔའ་རླབས་ལྡན་པ་འདི་ཁོ་ན། །བདག་ཏུ་བརྗོད་པའི་གཞིར་འདོད་དོ། །ཞེས་བྱ་བ་ནི། གཞན་ཡང་རྟོག་པ་ཞིབ་པ་དག་ནི་འཁོར་བ་ལ་མངོན་པར་ཕྱོགས་པའི་སེམས་ལུས་དང་གནས་དང༌། ལོངས་སྤྱོད་ཀྱི་དབའ་རླབས་དང་ལྡན་པ་འདི་ཁོ་ན་བདག་ཅེས་བརྗོད་པའི་གཞིར་འདོད་དོ། །དེ་བདག་གི་དེ་ཁོ་ན་ཉིད་གང་ཡིན་ཞེ་ན། དེ་ནི་གཟུང་འཛིན་དང་བྲལ་ཞིང༌། །རང་རིག་འོད་གསལ་དངོས་གྱུར་པ། །བདག་གི་དེ་ཉིད་ཅེས་བརྗོད་དོ། །ཞེས་བྱ་བ་སྨྲས་ཏེ། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ཐམས་ཅད་ཀྱི་རང་བཞིན་གཅིག་ལ་གཟུང་འཛིན་དང་བྲལ་བ། རང་རིག་པ་འོད་གསལ་བ་ཉིད་ནི་བདག་གི་དེ་ཁོ་ན་ཉིད་ཅེས་བརྗོད་དོ། །འོ་ན་ལྷའི་དེ་ཁོ་ན་ཉིད་གང་ཡིན་ཞེ་ན། བྱེ་བྲག་ཏུ་དབྱེ་ན་མང་དུ་ཡོད་ན་ཡང་སྤྱིར་ཕྱོགས་གཅིག་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ལ་ལྷ་ཡི་དེ་ཉིད་ནི། །རང་སྔགས་ཆོས་དབྱིངས་ཐུགས་ཆུད་ཅིང༌། །ནམ་མཁའི་ངོས་ལྟར་གྱུར་པ་ལས། །ཀླུ་རྣམས་ཀྱི་ནི་བྱིན་རླབས་ཀྱིས། །མདོག་དང་དབྱིབས་ནི་ཐ་དད་པའི། །སྤྲིན་རྣམས་ནམ་མཁར་འབྱུང་བ་ལྟར། །ལྷ་ཡི་སྐུ་ནི་འབྱུང་བ་ཡིན། །ཞེས་བྱ་བ་ལ་ལྷའི་དེ་ཁོ་ན་ཉིད་ནི་སྔར་བསྟན་པའི་སྔགས་བརྗོད་ཅིང་དེའི་དོན་ལ་མོས་པའི་མཐུས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་རྟོགས་ཤིང་ཁོང་དུ་ཆུད་པ་ལས་སྔོན་དུ་བསོད་ནམས་ཀྱི་ཚོགས་བསགས་པ་དང༌། སྨོན་ལམ་ཁྱད་པར་ཅན་གྱི་མཐུས། ལྷའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་འབྱུང་བར་འགྱུར་ཏེ། དཔེར་ན་ཀླུ་རྣམས་ཀྱི་བྱིན་གྱི་རླབས་ཀྱིས་རྣམ་པར་རྟོག་པ་མེད་བཞིན་དུ་ནམ་མཁའི་དཀྱིལ་དུ་མདོག་དང༌། དབྱིབས་ཐ་དད་པའི་སྤྲིན་གྱི་ཕུང་པོ་འབྱུང་བ་བཞིན་ནོ། །དེ་ལྟ་བུའི་བདག་གི་དེ་ཁོ་ན་ཉིད་དེ་དང༌། ལྷའི་དེ་ཉིད་ཟུང་དུ་འཇུག་པ་བསྟན་པའི་ཕྱིར། རྣམ་ཐར་སྒོ་གསུམ་གྱིས་བརྟགས་པས། །ཡོད་མེད་གཉིས་ལས་འདས་


DTG078_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར། །ཞེས་བྱ་བ་སྨོས་ཏེ། དེ་ལྟར་བདག་ཏུ་བརྟགས་པའི་གཞི་ལུས་སམ། སེམས་སམ། འབྱིན་པ་པོའི་མཚན་དང་དཔེ་བྱད་ཀྱི་རྣམ་པ་ཅན་གྱི་ལྷའི་སྐུ་ལ་དཔྱད་པ་ན། དངོས་པོ་འགའ་ཡང་མ་རྙེད་པས། དངོས་པོར་འཛིན་པའི་བློ་ལོག་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དོ། །དེ་བཞིན་དུ་དེ་དག་གི་རྒྱུ་ཅི་ཞིག་ཡིན་ཞེས་དཔྱད་པ་ན། ངོ་བོ་འགའ་ཡང་མ་མཐོང་བ་ནི་མཚན་མ་མེད་པའོ། །དེ་བཞིན་དུ་རྒྱུ་དང་བཅས་པའི་འབྲས་བུ་ལ་སྨོན་པར་བྱ་བའི་གནས་འགའ་ཡང་ལེགས་པར་བརྟགས་ན་མ་མཐོང་བ་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ། །དེ་ལྟ་བུའི་ཚུལ་གྱིས་ཡོད་མེད་གཉིས་ལས་འདས་པ་དེ་ནི་ཟུང་དུ་འཇུག་པའི་གཉིས་སུ་མེད་པའི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ད་ནི་སྔགས་ཀྱི་དེ་ཉིད་བསྟན་པར་འདོད་ནས། དེ་ལ་སྔགས་ཀྱི་དེ་ཉིད་ནི། །ཐབས་དང་ཤེས་རབ་ཚུལ་གནས་ལྷ། །མི་རྟོག་བཞིན་དུ་དེར་སྟོན་ཅིང༌། །སྤྱན་དྲངས་མཆོད་ནས་གཤེགས་གསོལ་བའོ། །ཞེས་སྨྲས་ཏེ། སྔགས་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་བྱུང་བའི་ལྷ་རྣམས་སོ། །དེའི་དེ་ཉིད་ནི་མི་རྟོག་བཞིན་དུ་ཡུལ་དང་དུས་དེ་དང་དེར་གདུལ་བྱའི་བསམ་པ་སྨིན་པའི་དབང་གིས་ཐོགས་པ་མེད་པར་སྐུ་སྣ་ཚོགས་ཀྱི་སྣང་བ་སྟོན་ཅིང་ཡིད་ལ་རེ་བ་རྫོགས་པར་བྱ་བའི་ཕྱིར་བརྟན་པ་དང༌། གཡོ་བ་དང༌། སྐྱེས་པ་དང༌། བུད་མེད་ཀྱི་གཟུགས་སུ་སྟོན་པ་ལ། རང་རང་གི་ཆོ་ག་ཇི་ལྟ་བ་བཞིན་དུ་སྤྱན་དྲངས་ཤིང་བཞུགས་སུ་གསོལ་ཏེ་མཆོད་ནས། བཟླས་པ་བྱས་ལ་གཤེགས་སུ་གསོལ་བ་ནི། འདིའི་གོ་རིམས་ཡིན་ནོ། །ད་ནི་ལམ་དང་ལམ་མ་ཡིན་པ་བསྟན་པར་འདོད་ནས། ལམ་ནི་སྤྱོད་པ་རྣམ་གསུམ་སོགས། །ཇི་སྐད་གོང་དུ་སྔར་བསྟན་པའོ། །ཞེས་བྱ་བ་སྨྲས་ཏེ། དེ་ལ་ལམ་ནི་འཇུག་པ་དང༌། སྦྱོར་བ་དང༌། བསྒྲུབ་པའི་སྤྱོད་པ་ལ་སོགས་པ་སྔར་བསྟན་པ་ཐམས་ཅད་དེ། ཕྱི་ནང་གི་སྡེ་སྣོད་ཐམས་ཅད་དང་མི་འགལ་བར་བསྟན་པ་རྣམས་སོ། །ལམ་མ་ཡིན་པ་གང་ཞེ་ན། ལམ་མ་ཡིན་པ་འདི་ལྟ་སྟེ། །ལོག་པར་འཇུག་ཅིང་ཚོལ་བ་སྟེ། །བཀག་པའི་མི་དགེ་བཅུ་སྤྱོད་པའོ། །དཔེར་ན་མུ་སྟེགས་ཅན་ཁ་ཅིག །འཇུག་པའི་སྤྱོད་


DTG078_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུས་ན་ཡང༌། །བུད་མེད་བསྟེན་པའི་དབང་བསྐུར་བཞིན། །ཞེས་བྱ་བ་སྨྲས་ཏེ། ལམ་མ་ཡིན་པ་ནི་དགེ་བ་བཅུ་ལས་བཟློག་པ་མ་གནང་བའི་མི་དགེ་བ་རྣམས་སྤྱོད་པ་དང༌། གཞན་ཡང་དཔེར་ན་གཞན་མུ་སྟེགས་ཅན་ཁ་ཅིག་དང་པོ་འཇུག་པའི་དུས་ན་ཡང༌། བུད་མེད་བསྟེན་པའི་མངོན་པར་དབང་བསྐུར་བ་ལེན་པར་བྱེད་པ་ལྟ་བུའོ། །ཐོག་མ་མེད་ནས་དེར་ཞེན་པས། །ཞེས་བྱ་བ་ལ། དེ་དག་བུད་མེད་ཀྱི་ལུས་ལ་ཐོག་མ་མེད་པའི་དུས་ནས་ཞེན་པ་དམ་པོས་བཅིངས་ཤིང་རང་གི་སེམས་ཀྱི་དབའ་རླབས་སུ་མ་ཤེས་ནས། ལྷག་པར་ཆགས་པས་དེ་ལ་བརྟེན་པའི་ལམ་དུ་འགྲོ་ཞིང༌། ལོག་པའི་ལམ་དབང་བསྐུར་བས་དབང་བསྐུར་ཏེ་དུས་དེའི་ཕྱི་ནས། སྦྱོར་བའི་སྤྱོད་པའི་དུས་སུ་ཡང་སྒྲུབ་པ་པོ་དེ་དག་བུད་མེད་ཀྱི་མགུལ་ནས་འཁྱུད་ཅིང༌། སྒོམ་པ་དང༌། བཟླས་བརྗོད་བྱེད་ན་ཡང་རིམ་གྱིས་འདོད་ཆགས་འཕེལ་བར་འགྱུར་རོ། །དེའི་ཕྱིར། དེ་ལ་འཁྱུད་ཅིང་ཞེན་པ་ཡིས། །བསྒོམ་དང་བཟླས་བརྗོད་བྱེད་ན་ཡང༌། །ཆགས་པ་ཕྱིར་ཞིང་འཕེལ་བར་འགྱུར། །ཞེས་བྱ་བ་སྨྲས་སོ། །བསྒྲུབ་པའི་སྤྱོད་པའི་དུས་ན་ཡང༌། །དེ་ཡི་ཐ་སྙད་ལ་དགའ་ཞིང༌། །ཚུལ་བཞིན་མ་ཡིན་ཡིད་བྱེད་པས། །འདོད་ཁམས་འདའ་བར་ཡང་མི་ནུས། །རྨད་བྱུང་ཐོབ་པར་ག་ལ་འགྱུར། །ཞེས་བྱ་བ་སྨོས་ཏེ། དེ་བཞིན་དུ་བསྒྲུབ་པའི་སྤྱོད་པའི་དུས་ན་ཡང་འཁྲིག་པའི་ཐ་སྙད་ཀྱིས་སྒོམ་པར་བྱེད་པས་འདོད་ཆགས་ཕྱིར་ཞིང་བརྟས་པར་འགྱུར་ཏེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལྡན་པའི་ཕྱིར་རོ། །དེས་ན་འདོད་པའི་ཁམས་ལས་ཀྱང་འདའ་བར་ནུས་པ་མ་ཡིན་ན་རྨད་བྱུང་ཞེས་བྱ་བ་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པར་ལྟ་ག་ལ་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཞེ་སྡང་གཏི་མུག་སོགས། །སྔོན་དུ་སོང་བས་བྱས་པའི་ལས། །སྲོག་གཅོད་མ་བྱིན་ལེན་པ་དང༌། །བརྫུན་དུ་སྨྲ་དང་ཕྲ་མ་སོགས། །དེ་དག་ཐམས་ཅད་ལམ་མིན་བསྟན། །དེ་བཞིན་དུ་ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། ཕྲག་དོག་དང༌། ལྟ་བ་ལ་སོགས་པ་སྔོན་དུ་སོང་བས་བྱས་པའི་ལས་སྔགས་དང་སྨན་ལ་སོགས་པའི་མཐུས་སྲོག་གཅད་དམ། ཐབས་གཞན་གྱིས་ཀྱང་རུང་སྟེ།


DTG078_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། བརྫུན་དང་ཕྲ་མ་ལ་སོགས་པ་ཅི་བྱས་པ་ཐམས་ཅད་ལམ་མ་ཡིན་པར་བསྟན་པ་ཡིན་ནོ། །འོ་ན་རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པ་ལ་སོགས་པ་ལས། བུ་མོ་ལོ་ནི་བཅུ་དྲུག་པ། །བྱིན་གྱི་རླབས་ཀྱིས་གནས་བསམས་ཏེ། །དབེན་པར་མཆོད་པ་བརྩམ་པར་བྱ། །ཞེས་གསུངས་པ་དང༌། དེ་བཞིན་དུ། བྷ་ག་ལ་ནི་ལིངྒ་གཞག །དབང་པོ་གཉིས་ནི་མཉམ་སྦྱོར་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དང༌། ཁྱོད་ཀྱིས་སྲོག་ཆགས་གསང་བར་བྱ། །མ་བྱིན་པར་ཡང་བླང་བར་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །གཞན་གྱི་བུད་མེད་སྤྱད་པར་བྱ། །ཞེས་གསུངས་པ་ཅི་ལྟ་བུ་ཡིན་ཞེ་ན། དེ་དག་ནི་སྒྲ་ཇི་བཞིན་པ་དང༌། ཅི་བཞིན་པ་མ་ཡིན་པར་ཤེས་པར་བྱ་སྟེ། སྒྲ་ཇི་བཞིན་པ་ནི་གཅིག་ཏུ་བུད་མེད་ཀྱི་ཡུལ་ལ་སྲེད་ཅིང་ཞེན་པ་རྣམས་དེ་ལ་མ་བརྟེན་པར་ཡེ་ཤེས་ཚོལ་བའི་སྐབས་མེད་པའི་ཁྱིམ་པ་རྣམས་རིམ་གྱིས་དྲང་བའི་ཕྱིར་གསང་བའི་དབང་བསྐུར་ལ་སོགས་པ་བསྟན་པ་ཡིན་ཏེ། དཔེར་ན་ནད་པའི་ནད་ལ་གནོད་པའི་ཉ་ལ་སྲེད་པ་ལ་སྨན་པ་མཁས་པས་ཉི་མའི་ཁ་དོག་དང་རོ་དང་ལྡན་པར་བཅོས་པའི་སྨན་དང་པོར་བྱིན་ནས་དེ་ལ་གོམས་པ་དང༌། ཕྱིས་སྨན་དངོས་སྟེར་བར་བྱེད་པ་ལྟར། བུད་མེད་ཀྱི་ཡུལ་ལ་ལྷག་པར་ཞེན་པ་རྣམས་ལ་དང་པོ་དེ་དང་བསྟེན་པའི་བདེ་བ་དམིགས་པ་ལ་སེམས་གོམས་པར་བསླབས་ནས་ཕྱིས་དེ་ཁོ་ན་ཉིད་དངོས་སུ་སྟོན་པར་བྱེད་པ་ཡིན་ནོ། །སྒྲ་ཅི་བཞིན་མ་ཡིན་པ་ནི་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ནང་སྟོང་ལ་སོགས་བཅུ་དྲུག་པ། །མ་སྐྱེས་པ་ཡི་ཞི་བ་གང༌། །དེ་ནི་བུད་མེད་ཡིན་པར་གསུངས། །ཞེས་གསུངས་པས། སྟོང་པ་ཉིད་བཅུ་དྲུག་གམ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་སྐད་ཅིག་མ་བཅུ་དྲུག་གིས་རྟོགས་པར་བྱ་བའི་སྐྱེ་བའི་སྐྱེ་བ་མེད་པའི་དོན་དེ་ཉིད་བུད་མེད་ཀྱི་སྒྲས་བསྟན་པ་ཡིན་ནོ། །བྷ་ག་ལ་ནི་ལིངྒ་གཞག །ཅེས་བྱ་བའི་དོན་ཡང་འདི་ཡིན་ནོ། །བྷ་ག་ནི་དོན་དམ་པར་བདེན་པའོ། །ལིངྒ་ནི་ཀུན་རྫོབ་ཀྱི་བདེན་པའོ། །བཞག་པ་ནི་བདེན་པ་གཉིས་གཉིས་སུ་མེད་པར་དམིགས་པ་ཡིན་


DTG078_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དབང་པོ་གཉིས་སྦྱང་བ་ལ་ནི་མི་བྱའོ། །འཇམ་དཔལ་གྱི་རྒྱུད་ཆེན་པོ་ལས་ཀྱང༌། གང་ཚེ་ཐུབ་པ་ནོད་པ་དང༌། །འཕགས་པའི་སྐྱེ་བོ་ཆེན་པོ་ཟད། །ས་སྟེང་མུན་པས་ཁྱབ་པ་སྟེ། །དེ་ཚེ་འཇིག་རྟེན་རབ་ཏུ་མདོངས། །རྒྱལ་བའི་སྲས་པོ་ཁྱོད་ལྟོས་ཤིག །ཡང་དག་ལམ་རྣམས་རབ་གཅོད་ཅིང༌། །དགེ་སློང་དགེ་སློང་མ་རྣམས་དོར། །ང་ཡི་དཀའ་ཐུབ་མི་ཟད་པར། །དོན་ཆེན་བྱེད་པར་མི་ནུས་པས། །ཡང་དག་དཀའ་ཐུབ་རབ་སུན་འབྱིན། །དེ་དག་འཁྲིག་པར་དགའ་བ་ཡིས། །ལོག་པའི་ལམ་ནི་འཛིན་བྱེད་ཅིང༌། །འཇུག་པར་བྱེད་བཅས་དུས་ཀུན་དུ། །བུད་མེད་བསྟེན་པའི་ལམ་འཇུག་བྱེད། །དེ་ཚེ་རྟོག་གེ་པ་དག་དང༌། །གཅེར་བུ་གསང་ཚིག་ལ་བརྟེན་པའི། །སྔགས་ཀྱི་གཞུང་སྤྱོད་དུ་མ་དག །ལོག་པའི་ལམ་ཆེན་འདྲེན་པ་འབྱུང༌། །ཞེས་གསུངས་པས། དེ་ལྟ་བུ་དག་ནི་ཕྱི་རོལ་པའི་ལུགས་ལ་བརྟེན་པའི་འཁྲུལ་པ་དང་བཅས་པའི་ལམ་ཡིན་པར་བསྟན་པ་ཡིན་ནོ། །དེ་བཞིན་དུ་རྡོ་རྗེའི་ཚིག་གཞན་དག་གི་དོན་ལ་འཁྲུལ་པར་སྤྱོད་པ་འབྱུང་བ་དག་ཀྱང་ལུང་གིས་ཅུང་ཞིག་བསྟན་པར་བྱའོ། །དེ་ཡང་དགོངས་པ་ལུང་སྟོན་པ་ལས། དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །འོད་ཆེན་ལྡན་པས་བཀའ་སྩལ་པ། །མ་འོངས་སྐྱེ་བོ་མཐོང་ནས་ནི། །གང་ཞིག་ཁྱོད་ཀྱིས་ང་དྲིས་པས། །ལེགས་སོ་ལེགས་སོ་དཔའ་བོ་ཆེ། །གསང་བའི་བདག་པོ་ཁྱོད་ལེགས་སོ། །ཞུས་དོན་དེ་ནི་ཅི་ལྟ་བ་དང༌། །དེ་ལྟར་སྤྱོད་ལ་ལུང་བསྟན་བྱ། །མ་འོངས་དུས་ན་མི་རྣམས་ནི། །འཇིག་རྟེན་རྒྱང་འཕེན་མཆོག་གཞོལ་འགྱུར། །ལོག་པར་ལྟ་ལ་གནས་པ་སྟེ། །ཅི་དགའ་བ་ཡང་གནས་པར་བྱེད། །ལ་ལ་གླུ་དང་གར་ལ་དགའ། །དགོད་དང་སྒེག་ལ་མཆོག་ཏུ་གཞོལ། །དྲི་དང་ཕྲེང་བ་ལ་དགའ་ཞིང༌། །དེ་བཞིན་འཁྲིག་པ་ལ་དགའ་འགྱུར། །རྨོངས་པ་ལ་ལ་སྡང་བ་དང༌། །དེ་བཞིན་གཏི་མུག་ལ་རབ་གཞོལ། །ལ་ལ་དེ་བཞིན་འདོད་ཆགས་ཞེན། །ཤེས་པ་གཞན་དག་འདོད་པར་འགྱུར། །ཉ་དང་ཤ་དང་དེ་བཞིན་ཆང༌། །བཤང་གཅི་ཁུ་བ་ཁྲག་རྣམས་ནི། །སྐྱེས་བུ་གླེན་པས་ཟ་བར་བྱེད། །མེད་པར་སྨྲ་བ་ཆོས་སུ་སྒྲོགས། །མ་དང་སྲིད་མོ་ལ་སོགས་པ། །བགྲོད་


DTG078_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ལ་ནི་བགྲོད་པ་དང༌། །ཕ་མ་ལ་ཡང་གསོད་པ་དང༌། །དེ་བཞིན་སྲོག་ཆགས་གཞན་རྣམས་གསོད། །བརྫུན་གྱི་ཚིག་ནི་སྨྲ་བ་དང༌། །ཁྱད་པར་དུ་ཡང་རྐུ་བ་དང༌། །གཞན་གྱི་ཆུང་མའི་ཐད་འགྲོ་བ། །སྨད་པ་གཞན་ཡང་མེད་པར་འགྱུར། །ལ་ལ་དམ་ཚིག་སྤོང་བ་དང༌། །དེ་བཞིན་མཚམས་མེད་བྱེད་པ་དང༌། །སྣ་ཚོགས་སྡིག་པ་བྱས་ནས་ཀྱང༌། །སྔགས་པས་དངོས་གྲུབ་པ་འདོད་པར་འགྱུར། །རབ་ཏུ་དགའ་བ་དང་ལྡན་པ་ཡིས། །རྣལ་འབྱོར་པ་ནི་བདག་ཅེས་སྨྲས། །མངོན་པའི་ང་རྒྱལ་ལ་རྟག་དགའ། །རྒྱུ་དང་བཅོས་མའི་ཆོས་ལ་དགའ། །གསང་སྔགས་སྨྲ་བ་ལ་བརྟེན་ནས། །གཅིག་ལ་གཅིག་ནི་རྩོད་པར་འགྱུར། །ཚོགས་པའི་ནང་དུ་རྩོད་པ་དང༌། །ཁྱི་བཞིན་ཁ་ཟས་ལ་སྤྱོད་འགྱུར། །ཁྱི་དང་ཕག་དང་ཁྭ་རྣམས་ཀྱི། །སྤྱོད་པ་དག་ནི་སྟོན་པར་བྱེད། །གསང་བ་འདུས་པ་མི་ཤེས་པར། །དམ་ཚིག་ལ་སོགས་སྤྱོད་པར་བྱེད། །གསང་བ་སྲུང་བར་མི་བྱེད་པར། །ཐམས་ཅད་དུ་ནི་སྟོན་པར་བྱེད། །བདག་ཉིས་པ་བར་མི་བྱེད་པས། །དམ་ཚིག་འདས་པར་བྱེད་པར་འགྱུར། །ཉེས་པ་ཅུང་ཟད་ཙམ་གྱི་ཕྱིར། །མངོན་སྤྱོད་རབ་ཏུ་བྱེད་པར་འགྱུར། །རང་གི་དམ་ཚིག་ཡོངས་སྤངས་ནས། །ལྕགས་ཀྱུ་མེད་པ་བཞིན་དུ་སྤྱོད། །སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡིས། །དེ་རྣམས་འཚོ་བ་བསྒྲུབ་པར་འགྱུར། །གང་དུ་རྙེད་པར་ཐོབ་འགྱུར་བ། །དམ་པའི་ཆོས་ནི་སྟོན་པར་བྱེད། །དེ་རྣམས་ཡང་དག་འདུལ་བའི་ཕྱིར། །གསང་བའི་དགོངས་པ་བཤད་པ་ཡིན། །དམ་ཚིག་ཉམས་ཏེ་བཤད་པ་རྣམས། །འདི་ཡིས་ཐམས་ཅད་དགུག་པར་བྱ། །ཞེས་གསུངས་པ་དང༌། །ཡང་དེ་ཁོ་ན་ཉིད་བཅུ་པ་ལས། ཆགས་དང་ཞེ་སྡང་གཏི་མུག་གིས། །གང་གིས་ལོག་པར་བཟུང་འགྱུར་ནས། །འགྲོ་བ་རྣམས་ནི་གསད་བྱས་ནས། །འོག་ཏུ་བལྟས་ཏེ་མནར་མེད་འགྲོ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་བརྫུན་དུ་སྨྲ་བ་ལ་སོགས་པ་བསྟན་པའི་དགོངས་པ་ཡང་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ནང་དང་དེ་བཞིན་ཕྱི་རོལ་དག །རྟེན་འབྱུང་གཉིས་སུ་བསྟན་པ་ནི། །དེ་ནི་བརྫུན་སྨྲ་དགའ་བ་སྟེ། །གནས་


DTG078_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལ་གནས་རྣལ་འབྱོར་པའོ། །རྫོགས་སངས་རྒྱས་ཀྱི་ཡེ་ཤེས་གང༌། །དེ་ནི་རྗེས་སུ་ཤེས་བྱ་སྟེ། །དེ་འཕྲོག་དང་ཚུལ་གང་ཡིན་པ། །གཞན་གྱི་ནོར་ལ་ཆགས་པར་འདོད། །གང་ཞིག་དེ་ཉིད་དངོས་གཅིག་པུ། །དེ་བཞིན་ཉིད་ལ་རྟག་སྦྱོར་པ། །སེམས་ཅན་དེ་དེ་འདོད་ལ་དགའ། །བསྒྲུབ་པ་མཆོག་ལ་དམ་པར་འགྱུར། །ཕུང་པོ་ལ་སོགས་མེད་སྟོན་ཚིག །མཉམ་མིན་གང་ཡིན་ངག་རྩུབ་སོགས། །དེ་དོན་རྣལ་འབྱོར་པས་བསླབས་ན། །མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར། །ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལྟ་བུའི་དགོངས་པ་ཅན་གྱི་དོན་མི་ཤེས་བཞིན་དུ་སྒྲ་ཙམ་གྱི་རྗེས་སུ་ཞུགས་ནས་སྤྱད་པའི་ཉེས་པ་ནི། སློབ་དཔོན་ཡེ་ཤེས་གྲགས་པས་ཀྱང༌། །ཚིག་ཙམ་ལ་ནི་བརྟེན་ནས་སུ། །ཆགས་སོགས་ཞེན་པའི་སེམས་ཀྱིས་ནི། །བསོད་ནམས་མ་ཡིན་བྱེད་པ་གང༌། །དེ་དག་འོག་ནས་འོག་ཏུ་འགྲོ་།ཞེས་བཤད་པ་ཡིན་ནོ། །འོ་ན་དེ་བཞིན་གཤེགས་པས་ཀྱང༌། །བཙུན་མོ་དང་སྲས་ལ་སོགས་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་བཟུང་ནས། །ལོངས་སྤྱོད་པའི་ཚུལ་བསྟན་པ་ཇི་ལྟ་བུ་ཡིན་ཞེ་ན། དེ་ནི་དེ་བཞིན་གཤེགས་པ་ཉོན་མོངས་པའི་དབང་དུ་གྱུར་ནས། སྲས་དང་བཙུན་མོ་ལ་སོགས་པ་འཁོར་གྱི་ནང་ན་འདོད་པ་ལ་དངོས་སུ་ལོངས་སྤྱོད་པ་མ་ཡིན་གྱི། །འདོད་པའི་དབང་ཕྱུག་ལ་སོགས་པའི་ལྷ་རྣམས་བུ་དང་ཆུང་མ་ལ་སོགས་པ་ལོངས་སྤྱོད་ཀྱིས་དྲེགས་པ་རྣམས་ཀྱི་ང་རྒྱལ་བསལ་བའི་ཕྱིར། ལྷ་དེ་བས་ཀྱང་ཆོས་ཁྱད་པར་དུ་འཕགས་པའི་འཁོར་དང་ལོངས་སྤྱོད་ལ་སོགས་པ་བསྟན་པས། དེ་དག་ཡིད་བྱུང་ཞིང་ང་རྒྱལ་དང་བྲལ་ནས། དེ་བཞིན་གཤེགས་པའི་ཕུན་སུམ་ཚོགས་པ་ལ་འདོད་པ་སྐྱེས་ནས། དེའི་རྒྱུ་ཚད་མེད་པ་བཞིན་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་ནན་ཏན་དུ་བྱས་ནས་དེ་ཐོབ་པར་བྱ་བའི་ཕྱིར་བསྟན་པ་ཡིན་གྱི། དེ་བཞིན་གཤེགས་པ་ཆགས་སྡང་ངམ། རྨོངས་པས་དེ་ལྟར་སྤྱོད་པ་ནི་མ་ཡིན་ནོ། །ད་ནི་དམ་ཚིག་རྣམས་བསྟན་པར་འདོད་ནས། དེ་ལ་གཞི་ཡི་དམ་ཚིག་ནི། །རྣམ་པ་བཞིར་ནི་ཤེས་པར་བྱ། ཞེས་


DTG078_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་ཏེ། དེ་དག་ཀྱང་གང་ཞེ་ན། ཡང་དག་ལྟ་དང་ལྡན་པ་དང༌། །དཀོན་མཆོག་གསུམ་པོ་མི་སྤོང་དང༌། །བྱང་ཆུབ་སེམས་དང་ལྡན་པ་དང༌། །དབང་བསྐུར་ཡང་དག་མི་སྤོང་བའོ། །ཞེས་བྱ་བ་སྨྲས་སོ། །དེ་ལ་རྒྱུ་དང་འབྲས་བུ་ལ་སྐུར་པ་མི་འདེབས་ཤིང༌། རྣམ་པར་སྨིན་པ་ལ་ཡིད་ཆེས་པ་ནི་ཆོས་འདི་པའམ། ཕྱི་རོལ་པ་ཡང་རུང༌། མཐོ་རིས་དང་ཐར་པ་འདོད་པ་ཐམས་ཅད་ཀྱི་དམ་ཚིག་ཡིན་པས་གཞི་ཞེས་བྱའོ། །དེས་ན་ཡང་དག་པའི་ལྟ་བ་དང་བྲལ་བར་གྱུར་ན། དམ་ཚིག་ཐམས་ཅད་ཉམས་ཤིང་བཅོམ་པར་བརྗོད་པར་བྱའོ། །དེ་ལས་གཞན་ཡང༌། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང༌། ལྷ་གཞན་མི་འཛིན་པ་འདི་ནི་བསྟན་པ་འདི་ལ་ཞུགས་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་དམ་ཚིག་སྟེ། དེས་གང་གི་ཚེ་དཀོན་མཆོག་གསུམ་བཏང་མ། དེའི་ཚེ་དེའི་ཆོས་འདིའི་དམ་ཚིག་ཐམས་ཅད་ཉམས་ཤིང་ཞིག་པར་བརྗོད་པར་བྱའོ། །གཞན་ཡང་གཞི་ཁྱད་པར་ཅན་ལ་གནས་པ་དེས། དེ་ནས་གོང་དུ་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་གྱུར་ན། དེའི་ཚེ་གཞི་ཤིན་ཏུ་ཁྱད་པར་ཅན་གྱི་དམ་ཚིག་བླངས་པ་ཡིན་ནོ། །གང་གི་ཚེ་དེས་བྱང་ཆུབ་ཀྱི་སེམས་བཏང་ན། དེའི་ཚེ་ཐེག་པ་ཆེན་པོའི་དམ་ཚིག་ཐམས་ཅད་རྩ་བ་ནས་ཉམས་པར་བརྗོད་པར་བྱའོ། །དེའི་ཕྱིར་རབ་ཏུ་བྱུང་བའི་བསླབ་པ་ཐམས་ཅད་རབ་ཏུ་བྱུང་བ་ཉིད་ལ་བརྟེན་པ་ཡིན་པ་བཞིན་དུ། གསང་སྔགས་ཀྱི་སྒོ་ནས་སྤྱོད་པའི་དམ་ཚིག་ཐམས་ཅད་ཀྱང་སྔར་བསྟན་པའི་ཆོས་གསུམ་པོ་དེ་ལ་བརྟེན་པ་ཡིན་པས། དམ་ཚིག་གསུམ་པོ་དེ་དག་སྲོག་གི་ཕྱིར་ཡང་གཏང་བར་མི་བྱའོ། །དེའི་སྟེང་དུ་འཇུག་པའི་སྤྱོད་པའི་ཚུལ་གྱིས་མངོན་པར་དབང་བསྐུར་བ་ནི་གཞི་ཁྱད་པར་ཅན་གྱི་དམ་ཚིག་སྟེ། དབང་མ་བསྐུར་བ་ལ་སྔགས་པ་ཞེས་བྱ་བ་ཐ་སྙད་མེད་པའི་ཕྱིར་རོ། །དེ་ཉམས་པ་ནི་སྔར་ཆོས་གསུམ་པོ་སྤངས་པ་དང༌། བླ་མས་ནང་དབང་བསྐུར་བ་ཉིད་སྤངས་པས་ཉམས་པར་འགྱུར་རོ། །དེ་ནི་ཡན་ལག་གི་དམ་ཚིག་བསྟན་པའི་ཕྱིར། དེ་ལ་ཡན་ལག་


DTG078_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ནི། །བཞི་པོ་དེ་ལ་བརྟེན་པ་ཡིས། །ཐུན་མོང་ཐུན་མོང་མ་ཡིན་པའི། །བྱེ་བྲག་ལྷག་པ་ཐམས་ཅད་དོ། །ཞེས་བྱ་བ་སྨོས་སོ། །དེ་ལ་ཡན་ལག་གི་དམ་ཚིག་ཐུན་མོང་བ་ཉིད་གང་ཞེ་ན། ཁྱིམ་པ་དང༌། རབ་ཏུ་བྱུང་བ་དང༌། སྐྱེས་པ་དང༌། བུད་མེད་ཐམས་ཅད་ལ་ཁྱད་པར་མེད་པར་བསྟན་པ་བཞི་པོའམ། སྲོག་གཅོད་པ་སྤོང་བ་ལ་སོགས་པའོ། །དེ་ལ་ཐུན་མོང་མ་ཡིན་པ་བྱེ་བྲག་གི་དམ་ཚིག་གང་ཞེ་ན། གང་དག་ཡུལ་ཐ་དད་པ་ལ་གསུངས་པ་སྟེ། རབ་ཏུ་བྱུང་བ་དང༌། ཁྱིམ་པ་དང༌། སྐྱེས་པ་དང༌། བུད་མེད་དག་ལ་སོ་སོར་བཅས་པའམ། རིགས་དང་ལྷའི་བྱེ་བྲག་གིས་བསྒོམ་པ་དང༌། བཟླས་པ་དང༌། བསམ་རྒྱུད་ཐ་དད་དུ་བསྟན་པ་རྣམས་སོ། །དེ་ལ་ལྷག་པའི་དམ་ཚིག་གང་ཞེ་ན། ཡུལ་དང་དུས་ཐམས་ཅད་དུ་གང་ཟག་ཐམས་ཅད་ལ་བསྟན་པ་ནི་མ་ཡིན་གྱི། ཡུལ་དང་དུས་ལ་ལར་གང་ཟག་འགའ་ལ་བསྟན་པ་ནི་ལྷག་པའི་དམ་ཚིག་ཅེས་བྱའོ། །ད་ནི་དུས་ཐམས་ཅད་དུ་བྱ་བའི་ལས་བསྟན་པའི་ཕྱིར། ཆོ་གའི་བྱ་བ་རྣམ་ངེས་ནི། །ཡང་དག་ལྟ་སོགས་གསུམ་ལྡན་ཞིང༌། །བླ་མ་མཉེས་བྱེད་བསླབ་ལ་གུས། །དུས་གསུམ་ལྷ་མཆོད་ཀློག་འདོན་ཟློས། །རྣམ་ཐར་སྒོ་གསུམ་ལ་གཞོལ་ཞིང༌། །དམིགས་པ་གཅིག་ལ་བརྟན་པར་བྱ། །ཞེས་བྱ་བ་སྨོས་ཏེ། དེ་ལ་ཆོ་གའི་བྱ་བ་རྣམ་པར་ངེས་པ་ནི་འདི་དག་སྟེ། ཡང་དག་པའི་ལྟ་བ་ལ་སོགས་པ་གསུམ་ནི་སྔར་བསྟན་པ་དག་གོ །བླ་མ་མཉེས་པར་བྱེད་པ་ནི་ཡོད་ཅིང་བདོག་ན་རྒྱལ་སྲིད་དམ། རྒྱལ་སྲིད་ཀྱི་ཕྱེད་དམ། བུ་དང༌། བུ་མོ་དང༌། ཆུང་མ་དང༌། བདག་ཉིད་དམ། རྟའམ། གླང་པོའམ། གོས་སམ། ཟས་སམ། ལུས་ཀྱི་བསྙེན་བཀུར་གྱིས་ཀྱང་བསྙེན་བཀུར་བྱེད་པའོ། །བསླབ་པ་གུས་པ་ནི་སྔར་བསྟན་པའི་དམ་ཚིག་རྣམས་སམ། སོ་སོར་ཐར་པའི་སྔོམ་པའམ། འོག་ནས་བསྟན་པ་རྣམས་ལ་གུས་པས་ནན་ཏན་བྱེད་པའོ། །དུས་གསུམ་དུ་ལྷ་མཆོད་པ་ནི། སྔ་དྲོ་དང༌། ཕྱི་དྲོ་དང༌། ཉི་མ་གུང་ལ་ཡི་དམ་


DTG078_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལྷ་བསྒོམ་པ་དང༌། བཟླས་པ་དང༌། མཆོད་པ་ལ་སོགས་པ་བྱེད་ཅིང་དེ་དག་རྫོགས་པའི་མཐར། རྒྱལ་པོ་དང་ནི་ཡོན་བདག་དང༌། །སེམས་ཅན་ཕུང་པོ་གཞན་དག་ཀྱང༌། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་བ་ཐོབ་གྱུར་ཅིག། ཅེས་བྱ་བ་ལ་སོགས་པའི་སྨོན་ལམ་དག་ཀྱང་བརྗོད་པར་བྱའོ། །རྣམ་པར་ཐར་པའི་སྒོ་གསུམ་ནི་སྔར་བསྟན་པ་རྣམས་སོ། །དེ་ལ་གཞོལ་བ་ནི་ལྷའི་རྣལ་འབྱོར་ལ་འཇུག་པའི་སྔོན་དང་ཕྱིས་ཀྱང་དེའི་རང་བཞིན་དུ་ལྟ་བའོ། །དམིགས་པ་གཅིག་ལ་བརྟན་པ་ནི་དང་པོར་དམིགས་པ་གཅིག་ལ་ཞི་གནས་བརྟན་པར་བྱ་བའམ། འདོད་པའི་ལྷ་ཡང་དང་ཡང་སྤོང་བར་མི་བྱ་བའམ། རེས་འགའ་ནི་ལྷའི་སྐུ་བསྒོམ། རེས་འགའ་ནི་སྟོང་པ་ཉིད་བསྒོམ་པ་ལ་ཡང་དང་ཡང་མི་སྤོང་བའོ། །བྱང་ཆུབ་སེམས་དཔའ་རབ་བྱུང་བས། །རང་གི་འདུལ་དང་ཆོ་ག་ལས། །མ་འདས་པར་ནི་འབད་པ་ཡིས། །སྔགས་ཀྱི་དངོས་གྲུབ་ལ་རེག་བྱ། །ཞེས་བྱ་བ་འདིས་ནི། སྡོམ་པ་གསུམ་ལ་གནས་པར་བྱས་ལ་དངོས་གྲུབ་བསྒྲུབ་པར་བསྟན་ཏེ། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དེས་སོ་སོར་ཐར་པའི་སྡོམ་པ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པ་དང༌། སྔགས་ཀྱི་དམ་ཚིག་གསུམ་ལ་གནས་ཏེ། དེ་དག་ལས་མ་འདས་པར་འབད་ལ་གསང་སྔགས་ཀྱི་དངོས་གྲུབ་མྱུར་དུ་བསྒྲུབ་པར་བྱའོ། །གལ་ཏེ་རྡོ་རྗེ་སློབ་དཔོན་ཁྱིམ་པ་ཡིན་ལ་སློབ་མ་རབ་ཏུ་བྱུང་བ་ཡིན་ན། ཇི་ལྟར་བྱ་ཞེ་ན། ཁྱིམ་པར་གྱུར་པའི་སྔགས་པ་ཡིས། །རབ་ཏུ་བྱུང་བའི་སྔགས་པ་དག །བདག་གི་སློབ་མར་གྱུར་པ་ན། །རྐང་པ་བཀྲུ་དང་ཕྱག་ལ་སོགས། །ནམ་ཡང་བདག་གིར་མི་བྱའོ། །དེ་དག་ནི་གོ་སླ་བའི་ཕྱིར་མ་བཤད་དོ། །འོ་ན་ཅི་ལྟར་བྱ་ཞེ་ན། རྟག་ཏུ་རབ་ཏུ་བྱུང་བ་ལ། །ཤཱཀྱའི་དབང་པོ་ལྟར་འཛིན་པས། །གུས་པས་བསྙེན་བཀུར་བྱ་བ་ཡིན། །ཞེས་བྱ་བ་སྨོས་ཏེ། རྟག་ཏུ་ཞེས་བྱ་བ་དུས་ཐམས་ཅད་དུའོ། །ཤཱཀྱའི་དབང་པོ་ནི་ཤཱཀྱའི་རིགས་ཀྱི་གཙོ་བོ་སྟེ། བཅོམ་ལྡན་འདས་ཤཱཀྱ་


DTG078_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་པའོ། །དེ་དང་འདྲ་བར་བལྟས་ལ་གུས་པ་དང་བཅས་པས་བསྙེན་བཀུར་ཐམས་ཅད་བྱ་བའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བསྟན་པ་རིན་ཆེན་སྒྲོན། །འབར་བའི་སྣོད་ནི་དཀའ་ཐུབ་ཅན། །ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས། །དགེ་སློང་རྣམས་ནི་ཡིན་ཕྱིར་རོ། །ཞེས་བྱ་བ་སྨྲས་ཏེ། སངས་རྒྱས་ཀྱི་བསྟན་པ་དམ་པའི་ཆོས་ནི་ནོར་བུ་རིན་པོ་ཆེ་དང་འདྲ་བ་ཡིན་ཏེ། དེ་ལ་བརྟེན་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཐམས་ཅད་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་དེ་ནི་ནོར་བུ་རིན་པོ་ཆེ་འོད་འབར་བ་ལྟ་བུ་ཡིན་ལ། དེ་འཛིན་ཅིང་འཆང་བའི་སྣོད་གསེར་གྱི་ཟ་མ་ཏོག་ལྟ་བུ་ནི་ཤཱཀྱའི་སྲས་ཏེ། བཅོམ་ལྡན་འདས་ཀྱི་སློབ་མ་དཀའ་ཐུབ་ཅན་དུར་སྨྲིག་གྱོན་པའི་དགེ་སློང་རྣམས་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཀྱང༌། བསྟན་རྩ་དགེ་སློང་ཉིད་ཡིན་ན། །དགེ་སློང་ཉིད་ཀྱང་དགའ་བར་གནས། །ཞེས་བསྟན་པས། དགེ་སློང་ནི་བསྟན་པ་འཛིན་པའི་རྩ་བ་ཡིན་པར་བསྟན་པ་ཡིན་ནོ། །གཞན་ཡང་རྟག་ཏུ་བྱ་བའི་ཆོ་ག་ནི། གཏོར་མ་གཏང་བ་དང༌། སཱཙྪ་གདབ་པ་དང༌། བཟང་པོ་སྤྱོད་པ་ལ་སོགས་པ་སྨོན་ལམ་རྒྱ་ཆེན་པོ་གདབ་པ་དང༌། ཚད་མེད་པ་བཞི་སྒོམ་པ་ལ་སོགས་པ་དགེ་བའི་ལས་ཐམས་ཅད་བྱ་བ་ཁོ་ནའོ། །དེ་ལྟར་དགོངས་པ་ཅན་གྱི་གསུང༌། །དགོངས་བཅས་དགོངས་མིན་ཇི་ལྟ་བར། །བསྡུས་ནས་བདག་གིས་བྲིས་པ་ལས། །སྟོན་ཀའི་ཟླ་བ་དཀར་བའི། །དགེ་བ་ཅུང་ཞིག་གར་ཐོབ་དེས། །འགྲོ་བསམ་ནོར་ལམ་རྟོགས་ཤོག །ཅེས་བྱ་ལ་དགོངས་པ་ཅན་གྱི་གསུང་ཞེས་བྱ་བ་ནི། རྡོ་རྗེའི་ཚིག་དོན་སྣ་ཚོགས་སྟོན་པ་རྣམས་སོ། །དགོངས་བཅས་དགོངས་མིན་ཇི་ལྟ་བར། །ཞེས་བྱ་བ་ལ། དགོངས་བཅས་ནི་གསང་བའི་རྒྱན་ཞེས་བྱ་བའི་རྒྱུད་ལས། སངས་རྒྱས་ཐམས་ཅད་ཆགས་ལས་འཁྲུངས། །དེ་བཞིན་སྡང་དང་རྨོངས་ལས་འཁྲུངས། །ཞེས་གསུངས་པ་དང༌། ཟླ་གསང་ཐིག་ལེ་ལས་ཀྱང༌། འདོད་ཆགས་ཞེ་སྡང་


DTG078_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

གཏི་མུག་རྣམས། །བསྟེན་ན་དངོས་གྲུབ་མྱུར་དུ་འཐོབ། །ཅེས་གསུངས་པ་ལྟ་བུའོ། །དགོངས་པ་ཅན་མ་ཡིན་པ་ནི། སྲོག་ཆགས་དག་ནི་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ༌། །འདོད་སྤྱོད་དག་ནི་མི་བྱ་ཞིང༌། །བརྫུན་དུ་སྨྲ་བར་མི་བྱའོ། །གནོད་པ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །ཞེས་གསུངས་པ་ལྟ་བུའོ། །གཞན་ཡང་སྒྲ་ཇི་བཞིན་པར་བསྟན་པ་དང༌། སྒྲ་ཇི་བཞིན་མ་ཡིན་པར་བསྟན་པ་རྣམས་སོ། །མདོར་བསྡུས་པ་ནི་རྒྱས་པར་བསྟན་པའོ། །སྟོན་ཀའི་ཟླ་བ་ལྟར་དཀར་བའི། །ཞེས་བྱ་བ་ལ་སོགས་པ་ནི་གོ་བླའོ། །མ་ནོར་རྒྱུད་ཀྱི་དོན་བརྟན་ནས། །བློ་ཆུང་རྣམས་ཕྱིར་བྲིས་པ་ལ། །ཚིག་དང་དོན་ལ་འཁྲུལ་པ་དང༌། །མཁས་པ་རྣམས་ཀྱིས་བཟོད་པར་མཛོད། །ཅེས་བྱ་བ་རྒྱུད་མ་ནོར་བ་གསང་བ་འདུས་པ་དང༌། དགོངས་པ་ལུང་སྟོན་པ་དང༌། འཇམ་དཔལ་གྱི་རྒྱུད་ལ་སོགས་པའོ། །དེ་དག་གི་དོན་ཕྱིན་ཅི་མ་ལོག་པ་ལ་བརྟེན་ནས་བདག་ལས་བློ་ཆུང་བ་དང༌། ཤེས་རབ་དམན་པ་རྣམས་ཀྱི་ཕྱིར་བྲིས་པ་སྟེ་བསྟན་པ་ལ་ཚིག་དང་དོན་ལ་འཁྲུལ་པ་སྟེ། ཚིག་སྡེབས་མ་ལེགས་པ་དང༌། དོན་ལོག་པར་བསྟན་པ་ཡོད་ན་མཁས་པ་རྣམས་ཀྱིས་ཏེ། མང་དུ་ཐོས་ཤིང་མཁྱེན་པ་ཆེ་བ་རྣམས་ཀྱིས་བཟོད་པར་མཛོད་ཅིག་ཅེས་བྱ་བ་ནི། སོ་སོའི་སྐྱེ་བོ་ལ་འཁྲུལ་པ་འབྱུང་བ་ངོ་མཚར་མི་ཆེ་བས་བཟོད་པ་མཛད་པར་འོས་སོ་ཞེས་བྱ་བའི་དོན་ཏེ། །འཇིག་རྟེན་གསུམ་གཙོ་ཐམས་ཅད་མཁྱེན་པའི་གསུང༌། །བདུད་རྩི་ལྟ་བུའི་ཚིག་འབྲུ་འགའ་བསྟན་པས། །གཞན་ལ་ཕན་པ་བྱུང་ན་དགེ་བ་དེས། །འགྲོ་བ་ཀུན་གྱིས་སངས་རྒྱས་ཐོབ་པར་ཤོག །གསང་སྔགས་ལ་འཇུག་པའི་རབ་ཏུ་བྱེད་པ་དྲུག་ཅུ་པའི་འགྲེལ་པ་པཎྜི་ཏ་ཨཱ་ཙཪྻ་ཛྙཱ་ན་ཨཱ་ཀ་རས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་ཨཱ་ཀ་ར་ཉིད་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།


previousགསང་སྔགས་ལ་འཇུག་པའི་འགྲེལ་པ། no next