Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
རྣམ་ཐོས་སྲས་ཀྱི་སྒྲུབ་པའི་ཐབས་ཞེས་བྱ་བ། 
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྣམ་ཐོས་སྲས་ཀྱི་སྒྲུབ་པའི་ཐབས་ཞེས་བྱ་བ། next

རྣམ་ཐོས་སྲས་ཀྱི་སྒྲུབ་པའི་ཐབས་ཞེས་བྱ་བ།


DTG079_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཻ་ཤྲ་བ་ཎ་སཱ་དྷ་ནཾ་དྷ་མ། བོད་སྐད་དུ། རྣམ་ཐོས་སྲས་ཀྱི་སྒྲུབ་པའི་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་རིན་ཆེན་མང་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རིན་ཆེན་མང༌། །འགྲོ་བ་ཀུན་གྱི་དོན་གཟིགས་ནས། །དྲང་སྲོང་རྣམ་མང་ཐོས་པ་དང༌། །ལྷ་མོ་དཔལ་ཚུལ་བཟང་མོ་ཡི། །སྲས་


DTG079_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྨོན་ལམ་བཏབ་པ་ཡིས། །འགྲོ་བའི་བསམ་པ་ཡོངས་རྫོགས་མཛད། །ལྷ་རྣམས་འབྱོར་པ་འདོད་པ་ཡི། །ལྷ་རྣམས་ཀྱིས་ནི་ཕྱག་བྱས་པའི། །བཅོམ་ལྡན་ལྷ་ཡི་ལྷ་ཞེས་བསྟོད། །དེ་ཡི་སྒྲུབ་ཐབས་བརྩམ་པར་བྱ། །བྷཱུཾ་ལས་སྐྱེས་པའི་འཁོར་ལོ་ལ། །དྲོད་མཐའ་ང་རོ་ལྔ་པས་བརྒྱན། །སྟེང་དུ་རྗེས་འཇུག་དབྱངས་དང་ལྡན། །འོད་ཟེར་འཕྲོ་འདུས་འགྲོ་དོན་མཛད་པ་ཡི། །རང་གི་ཕྱག་མཚན་ལས་སྐྱེས་གཙོ་བོ་ནི། །ཕྱག་ན་རྡོ་རྗེ་ལྗང་སེར་འགྱིང་བཅས་བྲི། །བསོད་ནམས་ཚོགས་བདུན་དོན་དམ་སྟོང་ཉིད་ལས། །སྐྱེས་པའི་རང་བཞིན་སྐུ་གསུང་ཐུགས་ངོ་བོ། །ཡེ་ཤེས་སེམས་དཔའ་གཞུག་དང་དབང་བསྐུར་དང༌། །གནས་གསུམ་བྱིན་བརླབས་དབང་སྡུད་རྡོ་རྗེ་བསྐྱེད། །རྡོ་རྗེ་དྲིལ་བུ་རྒྱན་རྣམས་བཅུ་དང་ལྡན། །འོད་ཟེར་སྤྲོ་བསྡུས་ཁམས་གསུམ་ལྷར་བསྐྱེད་ནས། །གསལ་བྱེད་ཨོཾ་དང་ཆུ་ཡི་ཡི་གེ་དང༌། །གསུམ་པ་མེ་ཡི་འུ་དང་ཡང་དག་ལྡན། །ལྔ་པའི་ཐོག་མ་བཞི་པའི་ཐ་མ་ལ། ང་རོ་བཞི་པ་ཡིས་ནི་མནན་པ་ལ། །གཏུམ་པོ་ཆེན་པོ་མ་རུངས་ཚིག་གིས་མནན། །ཧཱུཾ་གཉིས་ཕཊ་དང་ལྡན་པའི་སྔགས་ཀྱིས་ནི། །དུས་རྣམས་ཀུན་དུ་གཙོ་བོའི་ཐུགས་ཀར་བསྐོར། །རྒྱུན་མི་འཆད་པར་ཙེ་གཅིག་ཡིད་ཀྱིས་བཟླས། །དེ་ཡི་མདུན་དུ་བྷཱུཾ་ལས་ནི། །རིན་ཆེན་ཁང་པ་བརྩེགས་པ་བསྒོམ། །ཤར་དུ་ཤེལ་གྱི་ཀ་བས་བརྒྱན། །ལྷོ་རུ་རིན་ཆེན་བཻ་ཌཱུཪྻ། །ནུབ་ཏུ་པདྨ་རཱ་ག་སྟེ། །བྱང་དུ་གསེར་གྱི་ཀ་བས་མཛེས། །ཟུར་བཞི་རིམ་གསུམ་ཁང་བརྩེགས་དགུ། །དབུས་མའི་ཕོ་བྲང་གསུམ་བརྩེགས་ནི། །རྩེ་མོ་རིན་ཆེན་ནོ་བུ་བཟང༌། །རྣམ་པ་བཅུ་ཡིས་སྤྲས་པ་པོ། །དེ་དབུས་འཇིགས་བྱེད་ཡི་གེ་ལས། །སེང་གེའི་གདན་ལ་ལེགས་བཞུགས་པ། །ངལ་སོ་དགེ་བའི་ལག་པ་ན། །གཡས་ན་རིན་ཆེན་རྒྱལ་མཚན་འཛིན། །གཡོན་ན་གཏེར་གྱི་ནེའུ་ལེ་བསྣམས། །རིན་ཆེན་ཅོད་པན་རྣ་རྒྱན་དང་མགུལ་རྒྱན་དང་ནི་དོ་ཤལ་དང༌། །དཔུང་རྒྱན་དང་ནི་ལག་གདུབ་བཅས། །སྐེ་རགས་ཕྲེང་དོ་ཤལ་ཅན། །ཉིང་ལག་རྒྱན་གྱིས་རྣམ་པར་མཛེས། །གསུས་ཁྱིམ་ཆེ་བ་སྐྱིལ་ཀྲུང་བཞུགས། །བུམ་པ་བཟང་པོ་རྣམ་བརྒྱད་དང༌། །དཔག་བསམ་ཤིང་དང་རིན་ཆེན་ཤིང༌། །རྫིང་བུ་བཟང་


DTG079_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྒྱན་མཛེས་པ། །མེ་ཏོག་བཟང་པོ་འདོད་འཇོའི་བ། །ཡིད་བཞིན་ནོར་བུའི་ར་བས་བསྐོར། །དེ་ཡི་དབུས་ན་མགོན་པོ་ནི། །ནམ་མཁའ་མཛོད་ཀྱི་ཏིང་འཛིན་གྱིས། །རིན་ཆེན་བདུན་གྱི་ཆར་པ་འབེབས། །དེ་ནས་རྒྱལ་པོ་སྤྱན་དྲངས་ཏེ། །མགོན་པོ་ཀུན་གཤེགས་ཐུགས་རྗེ་ཅན། །ད་ལྟ་སྙིགས་ལྔ་ཡི་དུས། །མཚམས་མེད་ལྔ་ནི་ཀུན་སྤྱོད་ཅིང༌། །ཐམས་ཅད་ཉོན་མོངས་འདམ་བྱིང་བར། །གཟིགས་ཤིང་གཤེགས་པའི་གནས་ན་ཡང༌། །ཤཱཀྱ་སེང་གེའི་སྤྱན་སྔར་ཁྱེད། །ཐུགས་དམ་གང་བཞེས་དེ་དགོངས་ལ། །འདྲེན་པའི་བསྟན་པ་བསྲུང་པ་དང༌། །སེམས་ཅན་ཀུན་ལ་ཕན་སླད་དུ། །བྱང་ཕྱོགས་གནས་ན་བཞུགས་པ་རྣམས། །སེམས་ཅན་དོན་ཕྱིར་གཤེགས་སུ་གསོལ། །སྤྱན་དྲང་ནས་ནི་མཆོད་པ་དབུལ། །དབང་བསྐུར་ནས་ནི་ན་བཟའ་གསོལ། །རིན་ཆེན་བདུན་དང་བཀྲ་ཤིས་བརྒྱད། །ཕྱག་ཏུ་ཕུལ་ལ་དངོས་གྲུབ་བླང༌། །བཟའ་བཏུང་འདོད་ཡོན་ལ་སོགས་པ། །རྟག་བསྟེན་ལྟ་ལ་དབུལ་བར་བགྱི། །སྙིང་པོ་ཆུ་ཡི་ཡི་གེ་ལ། །དབྱངས་ཡིད་བཅུ་གཉིས་པ་ཡིས་བརྒྱན། །མིག་བཙུམས་སུམ་ཅུ་རྩ་གཉིས་བསྲིང༌། །ཉེ་བའི་སྙིང་པོ་ནི། །ཨོཾ་བཻ་ཤྲ་པ་ཎ་ཡེ་སྲཱ་ཧཱ། འབུམ་ཕྲག་གཅིག་གིས་མཁའ་ལ་གཡོ། །འབུམ་ཕྲག་གཉིས་ཀྱིས་ས་རྣམས་གཡོ། །འབུམ་ཕྲག་གསུམ་གྱིས་ཕྱོགས་རྣམས་སྲེག །འབུམ་ཕྲག་བཞི་ཡིས་བཟའ་བཏུང་འཐོབ། །འབུམ་ཕྲག་ལྔ་ཡིས་ནོར་དང་ལྡན། །འབུམ་ཕྲག་དྲུག་གིས་འཁོར་མང་རྙེད། །འབུམ་ཕྲག་བདུན་གྱིས་རིགས་རྒྱུད་འཕེལ། །འབུམ་ཕྲག་བརྒྱད་ཀྱིས་ཚེ་འཕེལ་ཞིང༌། །དགུས་ནི་བཅུད་ལེན་སྨན་རྣམས་རྙེད། །བཅུ་ཡིས་མངོན་པར་ཤེས་པ་འཐོབ། །གཤེགས་སུ་གསོལ་ཚེ་བཟོད་པར་གསོལ། །སྨོན་ལམ་བཏབ་ཅིང་ཕྲིན་ལས་བཅོལ། །ཡང་ཕྱིས་འབྱོན་པར་གསོལ་བ་གདབ། །སྣ་ཚོགས་རབ་ཏུ་སྒྲུབ་རྒྱུད་དང༌། །གར་མཁན་མཆོག་གི་རྒྱུད་ལས་ནི། །ཕན་པའི་ཡན་ལག་གཅེས་པ་བསྡུས། །འགྲོ་ཀུན་གནས་སྲུང་ཐོབ་པར་ཤོག །སློབ་དཔོན་ཤཱུ་ར་ག་བརྨས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཏེ་ཛ་དི་བ་དང༌། ལོ་ཙཱ་བ་ཟངས་དཀར་འཕགས་པ་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུགས་པའོ།།


previousརྣམ་ཐོས་སྲས་ཀྱི་སྒྲུབ་པའི་ཐབས་ཞེས་བྱ་བ། next