Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་ཇམྦྷལ་ནག་པོ་སྒྲུབ་པའི་ཐབས།  ཤཱཀྱཤྲཱི།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་ཇམྦྷལ་ནག་པོ་སྒྲུབ་པའི་ཐབས། ཤཱཀྱཤྲཱི།next

འཕགས་པ་ཇམྦྷལ་ནག་པོ་སྒྲུབ་པའི་ཐབས།
ཤཱཀྱཤྲཱི།


DTG079_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྻ་ཛམྦྷ་ལ་ཀྲྀཥྞ་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་ཛམྦྷ་ལ་ནག་པོ་སྒྲུབ་པའི་ཐབས། འཕགས་པ་ཛམྦྷ་ལ་ལ་ཕྱག་འཚལ་ལོ། །འཕགས་པ་ཛམྦྷ་ལ་བསྒྲུབ་པར་འདོད་པས། ཡིད་དང་མཐུན་པའི་གནས་སུ་སྟན་བདེ་བ་ལ་འདུག་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གོ་འཕང་ཐོབ་པར་བྱས་ཏེ། སེམས་ཅན་ཐམས་ཅད་མཐོ་རིས་དང་ཐར་པའི་བདེ་བ་ལ་དགོད་པར་བྱ། དེའི་ཆེད་དུ་ཛམྦྷ་ལ་ལ་ཆུ་ཕུལ་ལ་མཆོད་པར་བྱ་སྙམ་དུ་སེམས་བསྐྱེད་ལ། གནས་དང་བདག་དང་རྣལ་འབྱོར་སྲུང་བ་ནི་གཞན་དང་མཐུན། རང་གི་སྙིང་གར་ཡི་གེ་ཨ་དཀར་པོ་འོད་ཟེར་འཕྲོ་བ་དང་བཅས་པ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་ཧཱུཾ་ནང་ནག་ལ་ལ་ཕྱི་སེར་བ། འོད་ཟེར་སེར་པོ་འཕྲོ་བ་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་དགུ་པ་ཧཱུཾ་དང་ཁ་དོག་མཚུངས་པ་བསྒོམ། དེའི་ལྟེ་བའི་ནང་དུ་ཧཱུཾ་བསམ། ཧཱུཾ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ཤིང༌། །ངག་ཏུ་ཨོཾ་ཨ་ཞེས་བརྗོད་པས། ཕྱོགས་མཚམས་ཐམས་ཅད་ནས་སེམས་ཅན་གྱི་དོན་བྱེད་པའི་ཨུ་ཙུཥྨ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ནས་མདུན་གྱི་ནམ་མཁའ་ལ་བཞུགས་པ་ལ། དང་ཅིང་གུས་པས་ཕྱག་འཚལ་དངོས་སུ་འབྱོར་པ་དང་ཡིད་ལས་བྱུང་བའི་མཆོད་པ་སྔོན་དུ་འགྲོ་བའི་བདུན་རྣམ་དག་བྱ། ཚད་མེད་པ་བཞི་བསྒོམ་པ་ནི་བསོད་ནམས་ཀྱི་ཚོགས་སོགས་པ་ཡིན། དེ་ནས་ཡང་རྡོ་རྗེ་ཧཱུཾ། ཟླ་བ་རྣམས་ལས་འོད་འཕྲོས་པས་སྣོད་བཅུད་ལ་ཕོག །དེ་འོད་དུ་ཞུ་སླར་འོད་ཀྱི་གནས་ལ་ཐིམ། མདུན་གྱི་འཕགས་པའང་ཨོཾ་ཨ་ཞེས་བརྗོད་པས་རྡོ་རྗེ་དང་ཧཱུཾ་དང་ཐ་མི་དད་དུ་གྱུར། རང་ལུས་ཀྱང་འོད་དུ་ཞུ་ནས་རྡོ་རྗེ་ལ་སོགས་པ་ལ་ཐིམ། དེ་རྣམས་རྨི་ལམ་སྒྱུ་མ་ལྟར་བསམ། དེ་


DTG079_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་ཚོགས་སོགས་པ་ཡིན། རྡོ་རྗེ་ཧཱུཾ་ཟླ་བ་ཨུཙུཥྨ་ཧཱུཾ་གི་འོད་ཟེར་དེ་ལྔ་པོ་ཡོངས་སུ་གྱུར་པ་ལས། སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ་རྣམ་ཐོས་ཀྱི་བུ་སྐུ་མདོག་སེར་པོ་མགོ་གཡས་སུ་བསྟན་པ། གན་རྐྱལ་དུ་ཉལ་བ། ཁ་ནས་རིན་པོ་ཆེ་སྣ་ཚོགས་སྐྱུགས་པ། དབུ་རྒྱན་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། དེའི་མགོ་ཐུར་དུ་མནན་པ། འོད་ཟེར་ཕྲེང་བ་འཁྲུག་ཅིང་འཕྲོ་བའི་གདན་གྱི་ལྟེ་བར། དབང་པོ་སྦས་པ་ལྟར་གནག་པའི་ཛ་ཡིག་ཡོངས་སུ་གྱུར་པ་ལས། ཨུཙུཥྨ་བྱིས་པའི་གཟུགས་ཅན་ཤིན་ཏུ་ནག་པ། རྣ་བ་མ་ཕུག་བ། རྣ་བ་ཐུང་བ། སྐྲ་ཁམ་པ་གྱེན་དུ་བརྫེས་པ། ལུས་ཐུང་བ་མཐུག་པ། གསུས་པ་ཆེ་བ། མཆེ་བ་གཙིགས་པ། སྤྱན་དམར་བ། ཁྲོ་གཉེར་བསྙེར་བ། སྤྱན་ཟླུམ་པ། ཕྱག་གཉིས་ཀྱི་གཡས་པ་ན་ཁྲག་གིས་བཀང་བའི་ཐོད་པ་ནུ་མ་གཡས་པ་ལ་བརྟེན་ཅིང་ཞལ་དུ་གསོལ་བའི་ཚུལ་གྱིས་བསྣམས་པ། གཡོན་པ་ན་རིན་པོ་ཆེ་སྣ་ཚོགས་སྐྱུགས་པའི་ནེའུ་ལེ་པུས་མོ་གཡོན་གྱི་སྟེང་དུ་བཟུང་བ། ཞབས་གཡས་བསྐུམ་པས་གདན་གྱི་མགོ་བོ་མནན་པ། གཡོན་བརྐྱང་བས་རྐང་པ་མནན་པ། མི་བསྐྱོད་པས་དབུ་བརྒྱན་པ། གཅེར་བུ་ཐོར་ཚུགས་ལ་ཀླུ་མཐའ་ཡས་ནག་པོས་དཀྲིས་པ། རྣ་བ། དོ་ཤལ། ཚངས་སྐུད། དཔུང་པ། ལག་པ། རྐེད་པ། རྐང་པ་རྣམས་ལ་རིམ་པ་ལྟར། འཇོག་པོ་དམར་པོ། པདྨ་ཆེན་པོ་དཀར་པོ། སྟོབས་ཀྱི་རྒྱུ་སྔོན་པོ། རིགས་ལྡན་ཁྲ་བོ། དུང་སྐྱོང་སེར་པོ། བ་སུ་ཀི་དཀར་པོ། པདྨ་དཀར་པོ་སྟེ་ཀླུ་ཆེན་བརྒྱད་ཀྱིས་བརྒྱན་པའོ། །དེའི་ཐུགས་ཀར་ཟླ་བའི་གདན་ལ་རྡོ་རྗེ་རྩེ་དགུ་པ། དེའི་ལྟེ་བར་ཟླ་བའི་གདན་ལ་ཧཱུཾ། དཔྲལ་བར་ཨོཾ། ལྕེ་ལ་ཛཾ། དཔུང་པ་གཡས་ལ་བྷ། གཡོན་ལ་ལ། ཐུགས་ཀར་ཛ། ལྟེ་བ་ལ་ལེན། ངར་གདོང་གཡས་ལ་དྲ། གཡོན་ལ་ཡེ། བོལ་གོང་གཡས་ལ་སྭཱ། གཡོན་ལ་ཧཱ། ཡི་གེ་དེ་རྣམས་ཟླ་བའི་གདན་དང་བཅས་པའོ། །ཁ་དོག་གནག་ཅིང་འོད་སེར་པོ་འཕྲོ་བའོ། །ཡི་གེ་དེ་རྣམས་དང་ཐུགས་ཀའི་རྡོ་རྗེའི་ལྟེ་བའི་ནང་གི་ཧཱུཾ་ཟླ་བའི་གདན་རྣམས་ལས་འོད་འཕྲོས་ཏེ། སེམས་ཅན་ལ་རེག་པས་ཐམས་ཅད་ཛམྦྷ་ལར་གྱུར་ནས་ཡིད་ཀྱིས་ཧཱུཾ་ལ་བསྡུ། ཡང་དེ་རྣམས་ལས་འོད་འཕྲོས། རིན་པོ་ཆེ་ཐམས་ཅད་


DTG079_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཏེ་རླུང་ནང་དུ་རྔུབས་པས་ཀླུ་ཆེན་བརྒྱད་དང༌། རྣམ་ཐོས་བུ་དང༌། ནེའུ་ལེའི་ཁ་ནང་དུ་སོང༌། ཕྱིར་རྒྱུ་བས་དེ་རྣམས་ཀྱི་ཁ་ནས་སྐྱུགས་ནས་རིན་པོ་ཆེའི་ཕུང་པོ་ཆེན་པོ་བྱུང༌། ཡང་ཟོས་ཡང་སྐྱུགས་བ་ལན་མང་དུ་བསྒོམ། དེ་རྗེས་སུ་རང་གི་ལག་པ་གཡས་པར་ཨོཾ་ལས་ཌཱ་ཀིའི་གཟུགས་ཀྱི་ལག་པའི་མཐིལ་དུ་བཾ་ཡིག་ལས་འོད་ཟེར་འཕྲོས་པས་སྐྱེས་བུའི་བུམ་པ་བཟང་པོའི་ལག་པར་བསམས་པའི་བུམ་ནང་དུ་ཛཾ། མཁྲིག་མ་ལ་ཨོཾ། མཛུབ་མོ་ལ་བྷ། གུང་མོ་ལ་ལ། སྲིན་ལག་ལ་ཛ། མཐེའུ་བོང་ལ་དྲ། མཁྲིག་མའི་མཚམས་སུ་ཡེ། གཡོན་ལ་སྭཱ། གཡས་ལ་ཧཱ། རེ་རེ་ལ་ཟླ་བའི་གདན་རེའོ། །དེ་ནས་ཟངས་གཞོང་ལ་སོགས་པའི་ནང་དུ་རྟེན་ཡོད་ན་བཞུགས། མེད་ན་རང་དང་འདྲ་བའི་རྟེན་མདུན་དུ་བསྐྱེད་ལ། ཆུ་ཁྱོར་བ་གང་ལ། ཨོཾ་ཨིནྡྲ་ནི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ། ཞེས་པ་ལན་བདུན་གྱིས་བྱིན་གྱིས་བརླབ། ཆུ་ཁྱོར་བ་གང་ཁར་བླུགས་པར་བསམས་ཏེ་ཕུལ་བ་ཁང་སོང་བས། ཁོང་ནང་གི་ཛཾ་གྱིས་སེར་པོར་གྱུར་སྙིང་གའི་ཧཱུཾ་ལ་སོགས་པའི་ནུས་པས་བདུད་རྩིར་གྱུར་པ་སླར་གྱེན་དུ་ལོག་སྟེ་རང་གི་ལག་པའི་མཐིལ་དུ་བྱུང་བ། མདུན་གྱི་ཛམྦྷ་ལའི་ཞལ་དུ་ཕུལ་བར་བསམ་ཞིང༌། ཨོཾ་ཛླུཾ་སྭཱ་ཧཱ་ཞེས་པ་ལན་རེ་དང་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་རིམ་པ་འདི་གཉིས་སོ། །མཇུག་ཏུ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་ཛམྦྷ་ལ་ཛ་ལེ་ནྡྲ་ཡེ་སྭཱ་ཧཱ་ཞེས་ལན་བདུན་བརྗོད་ལ་ཆུ་ཁྱོར་བ་བདུན་དབུལ། འདི་ཉིད་གཏོར་མའི་སྔགས་ཀྱང་ཡིན། དེ་ནས་རྟེན་ཆུ་ནང་ནས་བཏོན་ཏེ་ལོགས་སུ་བཞུགས། བསྐྱེད་པ་ཡིན་ན་བཛྲ་མུཿས་གཤེགས། གཏོར་མ་གཙང་སར་གཏང༌། རྒྱུན་དུ་སྔགས་ཟློས་ལ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ་ཞེས་པ་དང་ན་མོ་རཏྣ་ཏྲ་ཡཱ་ཡ་ལ་སོགས་སྔས་ཕྲེང་འདམ་ཁ་ཡིན་གསུང༌། ཟླ་བ་དྲུག་གིས་ངེས་པར་འགྲུབ་པར་ཐེ་ཚོམ་མི་དགོས་གསུང༌། རྗེས་སུ་བདག་གཞན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་འཕེལ་བ་དང༌། དཔལ་འབྱོར་རྒྱས་པ་དང༌། འཁོར་དང་ཆབ་སྲིད་འཕེལ་བ་དང༌། འདོད་པའི་དོན་ཅི་དང་ཅི་བསམས་པ་ཐམས་ཅད་མྱུར་དུ་འགྲུབ་པར་མཛད་དུ་གསོལ་ཞེས་གསོལ་བ་གདབ་བསྔོ་བ་དང་སྨོན་ལམ་བྱའོ། །ཛམྦྷ་ལ་ནག་


DTG079_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྒྲུབ་ཐམས་བསྡུས་པ་པཎ་ཆེན་ཤཱཀྱ་ཤྲཱིའི་ཞལ་ནས་གསུངས་པ། གནུབས་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའོ། །ས་བརྒྱད་དབང་ཕྱུག་ལྷ་ཡི་ལྷ། །མགོན་པོ་འགྲོ་ཀུན་ཕོངས་པ་སེལ། །མིའུ་ཐུང་གཟུགས་ཅན་ནག་པོ་ཆེ། །ཨུ་ཙུཥྨ་ལ་ཕྱག་འཚལ་ལོ། །ཞེས་པའི་བསྟོད་པས་བསྟོད་པར་བྱའོ།།


previousའཕགས་པ་ཇམྦྷལ་ནག་པོ་སྒྲུབ་པའི་ཐབས། ཤཱཀྱཤྲཱི།next