Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྷ་མོ་ནོར་རྒྱུན་མ་ལ་བསྟོད་པ། 
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྷ་མོ་ནོར་རྒྱུན་མ་ལ་བསྟོད་པ། next

ལྷ་མོ་ནོར་རྒྱུན་མ་ལ་བསྟོད་པ།


DTG079_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། དེ་བཱི་བ་སུ་དྷ་རཱི་སྟོ་ཏྲ། བོད་སྐད་དུ། ལྷ་མོ་ནོར་རྒྱུན་མ་ལ་བསྟོད་པ། ལྷ་མོ་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །ཨེ་མ་བུམ་པ་རིན་ཆེན་གཏེར་ལྡན་སྟེང༌། །དེ་སྟེང་སྐྱོན་བྲལ་ཉི་མའི་དཀྱིལ་འཁོར་ལ། །གདོད་ནས་དག་པས་སྐུ་མདོག་གསེར་ལྟ་བུ། །མ་བཅོས་རང་བཞིན་བྱིས་པའི་གཟུགས་འདྲ་བ། །སྙན་མགུར་ཕྱག་ཞབས་རིན་ཆེན་ཕྲེང་བས་བརྒྱན། །ཟླ་རྒྱས་ལྟར་མཛེས་འཕགས་མའི་སྐུ་ལ་འདུད། །བརྩེ་ལྡན་སྦྱིན་པ་གྲུབ་པའི་ཚུལ་མངའ་བ། །པདྨའི་ཞབས་མངའ་འགག་མེད་སེང་གེའི་


DTG079_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲས། །འགྲོ་བའི་སྡུག་བསྔལ་མ་ལུས་སེལ་བྱེད་མ། །དཔལ་ལྡན་ལྷ་མོ་ཁྱོད་འདྲའི་གསུང་ལ་འདུད། །ཚོགས་གཉིས་མཐར་ཕྱིན་ས་བཅུ་རིམ་བགྲོད་ནས། །ཐུགས་རྗེའི་དབང་གིས་སེམས་ཅན་རེ་འདོད་སྐོང༌། །སྤྲོས་པའི་མཐའ་བྲལ་བདེ་བ་ཆེན་པོའི་ངང༌། །ཡང་དག་དོན་རྟོགས་ལྷ་མོའི་ཐུགས་ལ་འདུད། །ཕྱག་གཡས་མཆོད་སྦྱིན་པཱི་ཛ་ཕ་ལ་ཡིས། །འཇིགས་པ་བརྒྱད་སྐྱོབ་འགྲོ་རྣམས་དབང་དུ་སྡུད། །དབུལ་བ་སེལ་ཞིང་ལོག་འདྲེན་འཇོམས་མཛད་པ། །གཡོན་པ་ཐུགས་ཀར་རིན་ཆེན་སྙེ་མ་འཛིན། །དགོས་འདོད་རེ་སྐོང་དཔག་བསམ་ཤིང་ལྟ་བུ། །ཡིད་བཞིན་ནོར་འདྲ་ཁྱོད་ལ་ཕྱག་འཚལ་འདུད། །བདག་གིས་ཁྱོད་ལ་རྟག་ཏུ་མཆོད་བྱེད་ཅིང༌། །གུས་དང་བཅས་པའི་སེམས་ཀྱིས་རབ་བསྟོད་ན། །གདོང་ལ་མཆི་མས་རབ་ཏུ་གོས་གྱུར་ཀྱང༌། །དབུལ་བའི་སྡུག་བསྔལ་སྐད་ཅིག་མ་འདོར་ན། །སྔོན་གྱི་ཐུགས་རྗེའི་སྨོན་ལམ་གང་དུ་ཐལ། །ལས་ཀྱི་འཕྲོ་མེད་སྦྱིན་ཤུགས་ཟད་པ་ཡིས། །ཕུན་སུམ་ཚོགས་པའི་སྐལ་བ་མེད་གྱུར་ཀྱང༌། །ཚེ་འདིར་ཕོངས་པས་ལོག་འཚོ་སྤོང་ཙམ་གྱི། །ཐུགས་རྗེའི་ཐིགས་པ་འགའ་ཙམ་ཅིས་མི་སྦྱིན། །དུས་འདི་ནས་བཟུང་ཚེ་རབས་ཐམས་ཅད་དུ། །འཕགས་མ་ནོར་རྒྱུན་མ་ལ་མཆོད་བྱེད་ཅིང༌། །ཐེག་ཆེན་གསང་སྔགས་ཆོས་ལ་སྤྱོད་པ་དང༌། །བླ་མ་རྡོ་རྗེ་འཛིན་པའི་བཀའ་ཉན་ཅིང༌། །དབྱེར་མེད་ཕྱག་རྒྱ་ཆེན་པོའི་དོན་རྟོགས་ཤོག །རྟ་དང་གླང་པོ་རིན་ཆེན་གོས་རྣམས་དང༌། །ཁྲུས་ཀྱི་རྫིང་བུ་རིན་ཆེན་བང་མཛོད་དང༌། །འདོད་འཇོའི་བ་དང་མ་རྨོས་འཁྲུངས་རྣམས་ལ། །རྟག་ཏུ་ཆོས་དང་ལྡན་པའི་ལོངས་སྤྱོད་ཤོག །པཎྜི་ཏ་ཛ་མཱ་རིས་ལྷ་མོ་ནོར་རྒྱུན་མ་ལ་བསྟོད་པ་རྫོགས་སོ།།


previousལྷ་མོ་ནོར་རྒྱུན་མ་ལ་བསྟོད་པ། next