Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཎྜལ་གྱི་ཆོ་ག།  རིན་ཆེན་འབྱུང་གནས་སྦས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཎྜལ་གྱི་ཆོ་ག། རིན་ཆེན་འབྱུང་གནས་སྦས་པ།next

མཎྜལ་གྱི་ཆོ་ག།
རིན་ཆེན་འབྱུང་གནས་སྦས་པ།


DTG079_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མཎྜལ་བི་དྷིཿ། བོད་སྐད་དུ། མཎྜལ་གྱི་ཆོ་ག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གདོད་ནས་ཞི་བའི་ཆོས་ཀུན་དང༌། །གང་གི་རང་བཞིན་མེད་པར་ནི། །སེམས་ནི་རི་རབ་ལྟར་གནས་པ། །དེ་ལ་བདེན་པ་མཐོང་ཞེས་བརྗོད། །དམ་པའི་ཆོས་ཀློག་པ་ལ་སོགས་པ་དང༌། བླ་མའི་མཎྜལ་གྱི་ཆོ་ག་ནི། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུཾ་ཞེས་བརྗོད་པས་སེམས་བསྐྱེད་པ་སྔོན་དུ་འགྲོ་བའི་སྒོ་ནས་ལྕི་བ་ཆུ་དང་བཅས་པས་ས་ཕྱོགས་བྱུག་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་མེ་ཏོག་བཞག་སྟེ། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུཾ་ཞེས་བྱ་བས་ནི་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་མེ་ཏོག་དགྲམ་པའི་སྔགས་ནི། ཨོཾ་ཧཾ་མ་ཧཱ་མེ་ར་བེ་ན་མཿ། དབུས་སོ། །ཨོཾ་ཡཾ་པཱུརྦ་བི་དེ་ཧཱ་ཡ་ན་མཿ། ཤར་ཕྱོགས་སུའོ། །ཨོཾ་རཾ་ཛཾ་བུ་དྭཱི་པཱ་ཡ་ན་མཿ། ལྷོ་ཕྱོགས་སུའོ། །ཨོཾ་ལཾ་ཨ་པ་ར་གོ་དཱ་ནི་ཡེ་ན་མཿ། ནུབ་ཕྱོགས་སུའོ། །ཨོཾ་བཾ་ཨུཏྟ་ར་ཀུ་ར་བེ་ན་མཿ། བྱང་ཕྱོགས་སུའོ། །ཨོཾ་ཡཿཨུ་པ་དྭཱི་པཱ་ཡ་ན་མཿ། འདི་ལན་གཉིས་བརྗོད་དེ། ཤར་ཕྱོགས་ཀྱི་མཚམས་གཡས་གཡོན་གཉིས་སུ་མེ་ཏོག་གི་ཚོམ་བུ་དགོད་དོ། །དེ་བཞིན་དུ། ཨོཾ་རཿཨུ་པ་དྭཱི་པཱ་ཡ་ན་མཿ། འདིས་ལྷོ་ཕྱོགས་ཀྱི་གཡས་གཡོན་དུའོ། །ཨོཾ་ལཿཨུ་པ་དྭཱི་པཱ་ཡ་ན་མཿ། ནུབ་ཕྱོགས་ཀྱི་གཡས་གཡོན་དུའོ། །ཨོཾ་བཿཨུ་པ་དྭཱི་པཱ་ཡ་ན་མཿ། བྱང་ཕྱོགས་ཀྱི་གཡས་གཡོན་དུའོ། །དེ་ནས་ནང་གི་ཕྱོགས་དང་མཚམས་སུའོ། །ཨོཾ་ཡ་ག་ཛ་ར་ཏནཱ་ཡ་ན་མཿ། ཨོཾ་ར་པུ་རུ་ཥ་རཏྣཱ་ཡ་ན་མཿ། ཨོཾ་ལ་ཨ་ཤྭ་རཏྣཱ་ཡ་ན་མཿ། ཨོཾ་བ་སྟྲཱི་ཏྣཱ་ཡ་ན་མཿ། ཨོཾ་ཡཱ་ཁཌྒ་རཏྣཱ་ཡ་ན་མཿ། ཨོཾ་རཱ་མ་ཎི་རཏྣཱ་ཡ་ན་མཿ། ཨོཾ་ལཱ་ཙཀྲ་རཏྣཱ་ཡ་ན་མཿ། ཨོཾ་བཱ་སརྦ་ནི་དྷི་བྷྱོ་ནམཿ། ཤར་ནས་བཟུང་སྟེ་གཡས་སྐོར་དུ་ཕྱོགས་མཚམས་བརྒྱད་དུ་བསྐོར་བར་བྱའོ། །ནང་གི་ཤར་དང་ནུབ་ཏུ། ཨོཾ་སཱུཪྻཱ་ཡ་ན་མཿ། ཨོཾ་ཙནྡྲཱ་ཡ་ན་མཿ། འདི་རྣམས་ཀྱིས་ནི་གླིང་བཞི་གླིང་ཕྲན་བརྒྱད། རིན་པོ་ཆེ་སྣ་བདུན་གཏེར་ཆེན་པོ་དང་བརྒྱད། རི་རབ་ཉི་ཟླ་དང་བཅས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་བར་དམིགས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའམ། ཆོས་སམ་བླ་མ་གང་ཡང་རུང་བ་ལ་དབུལ་བར་བསམ་མོ། །ཕན་ཡོན་དཔག་ཏུ་མེད་པ་


DTG079_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དེ་གཞུང་གཞན་ནས་ཤེས་པར་བྱའོ། །བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་མདུན་དུ་བསྙེན་བཀུར་བྱའོ། །མཎྜལ་གྱི་ཆོ་ག་དངོས་གྲུབ་བརྙེས་པའི་སློབ་དཔོན་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་སྦས་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།མཚན་ཡོངས་སུ་གྲགས་པར་གྱུར་པ་དགེ་བཤེས་རྡོ་རྗེ་གདན་པས་མཛད་པ་ལགས་སོ། །ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དར་མ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་མཎྜལ་གྱི་ཆོ་གའོ།། །།


previousམཎྜལ་གྱི་ཆོ་ག། རིན་ཆེན་འབྱུང་གནས་སྦས་པ།next