Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱང་ཆུབ་ཀྱི་གཞུང་ལམ་ཞེས་བྱ་བ། 
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྱང་ཆུབ་ཀྱི་གཞུང་ལམ་ཞེས་བྱ་བ། next

བྱང་ཆུབ་ཀྱི་གཞུང་ལམ་ཞེས་བྱ་བ།


DTG079_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བོདྷི་པ་དཱ་ཏི་ནཱ་མ། བོད་སྐད་དུ། །བྱང་ཆུབ་ཀྱི་གཞུང་ལམ་ཞེས་བྱ་བ། སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །ཐུབ་པ་ཆེ་ལ་ཕྱག་འཚལ་ནས། །ཐེམ་སྐས་ལྟ་བུའི་ལམ་གང་ཡིན། །དབང་པོའི་ལས་ཆོག་རྒྱས་པ་ལས། །སྙིང་པོ་མདོ་རུ་བསྡུས་ཏེ་བརྗོད། །འདིར་ངེས་པར་སངས་རྒྱས་བྱོན་བ་དང༌། དེའི་ཆོས་ཐོས་པ་དང༌། དད་པ་དང་ལྡན་པ་དང༌། དམྱལ་བ་དང་ཡི་དགས་དང་དུད་འགྲོ་དང༌། ཀླ་ཀློ་དང་ལྷ་ཚེ་རིང་པོར་སྐྱེ་བ་དང༌། སངས་རྒྱས་ཀྱི་གསུང་མི་ཐོས་པ་དང༌། ལོག་པར་ལྟ་བ་དང༌། དབང་པོ་མ་ཚང་བའི་མཚན་ཉིད་ཅན་མི་ཁོམ་པའི་གནས་བརྒྱད་ལས་ཐར་པའི་མིའི་དངོས་པོ་ཐོབ་པ་ཡང་ཤིན་ཏུ་རྙེད་པར་དཀའ་སྟེ། དེ་ཐོབ་པར་ཤེས་ནས་མྱུར་དུ་སྡིག་པ་ལས་བྱུང་བའི་དན་འགྲོའི་སྡུག་བསྔལ་བསལ་ཞིང་དགེ་བ་ལས་བྱུང་བའི་བདེ་འགྲོའི་དགེ་བ་མཐའ་དག་དང༌། བདེ་གཤེགས་དང་རྒྱལ་སྲས་ཀྱི་ཕུན་སུམ་ཚོགས་པ་རང་དང་གཞན་གྱིས་ཐོབ་


DTG079_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་ཕྱིར་ཤིན་ཏུ་དད་པ་དང་སྙིང་བརྩེ་བའི་རང་བཞིན་གྱིས་བདག་གིས་ཡང་དག་པར་བསྡུས་པའི་སྡོམ་པ་གཟུང༌། ཆོ་གས་དགེ་བསྙེན་གྱི་སྡོམ་པ་ཐོབ་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་ནས་མཆོད་རྟེན་བྱ་བ་ལ་སོགས་པ་དང་པོའི་ལས་རྣམས་དང༌། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བདག་ཉིད་ལ་ཆོ་ག་བཞིན་དུ་གོ་མས་པར་བྱའོ། །དེ་ནས་སྔར་ཉིད་ཀྱི་བླ་ན་མེད་པའི་འབྲས་བུ་འཐོབ་བོ། །དེ་ལ་ཨོཾ་ན་མོ་བྷ་ག་བ་ཏེ་བཻ་རོ་ཙ་ན་པྲབྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སཱུ་ཀྵ་མེ་སཱུ་ཀྵ་མེ། ས་མེས་མེ་ཡེ། །ཤཱནྟེ་དཱནྟེ་ཨ་སམཱ་རོ་པེ་ཨ་ན་ལཾ་བེ། ཏ་ར་ལཾ་བེ། ཡ་ཤོ་བ་ཏི། མ་ཧཱ་ཏེ་ཛེ་ནི་ར་ཀུ་ལེ་ནིརྦ་ཎེ་སརྦ་བུདྡྷ་ཨ་དྷིཥྵཱ་ན། ཨ་དྷིཥྠ་ཏེ་སྭཱ་ཧཱ། གཟུངས་འདིས་སའི་གོང་བུའམ་བྱེ་མའི་གོང་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་མཆོད་རྟེན་བྱའོ། །དེ་ལ་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་མཆོད་རྟེན་བྱེ་བ་རྣམས་བྱས་པར་འགྱུར་རོ། །རྡུལ་ཕྲ་རབ་རྣམས་ཀྱི་གྲངས་དང་མཉམ་པའི་བསོད་ནམས་འཐོབ་པར་འགྱུར་རོ། །སའི་དབང་ཕྱུག་ཏུ་ཡང་འགྱུར་རོ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་སྐད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣད་མཛད་འོད་ཀྱི་རྒྱལ་པོས་གསུངས་ཏེ། ཕན་ཡོན་ཆེན་པོ་དང་ལྡན་པའི་གཟུངས་སོ། །ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱ་ནཏ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱ་སྩ་ཡོ་ནི་རོདྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མཎཿ། ཞེས་བྱ་བའི་ཚིགས་སུ་བཅད་པས་རབ་ཏུ་གནས་པ་བྱས་ནས། ཨོཾ་ན་མོ་བྷ་ག་བ་ཏེ་པུཥྤ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་པུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཥྤེ་པུཥྤེ་མ་ཧཱ་པུཥྤེ་པུཥྤེ། སུ་པུཥྤོ་ད་བྷ་བེ་པུཥྤ་སཾ་བྷ་བེ་པུཥྤ་ཨ་བ་ཀི་རྞྀ་སྭཱ་ཧཱ། །ཞེས་པའི་གཟུངས་འདིས་ལན་བདུན་བསྔགས་པའི་མེ་ཏོག་དབུལ་ལོ། །མེ་ཏོག་སྙེད་དེ་བྱེ་བ་སྙེད་ཀྱི་མེ་ཏོག་ཕུལ་བར་འགྱུར་རོ་ཞེས་སོ། །དེ་ནས་ཨོཾ་ན་མོ་བྷ་ག་བ་ཏེ་རཏྣ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀཾས་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ་རཏྣ་བི་ཛ་ཡེ་སྭཱ་ཧཱ། ཞེས་བྱ་བ་འདིས་མཆོད་རྟེན་ལ་ཕྱག་བྱའོ། །མཆོད་རྟེན་གཅིག་ལ་ཕྱག་བྱས་པས་མཆོད་རྟེན་བྱེ་བ་ལ་ཕྱག་བྱས་པར་འགྱུར་རོ། །མཆོད་རྟེན་


DTG079_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་བྱ་བའི་ཆོ་གའོ། །དེ་ནས་ན་མཿས་མནྷ་བུདྡྷ་ནཱཾ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་པ་འཇིམ་པ་བླང་བའི་སྔགས་སོ། །ཨོཾ་བཛྲོད་བྷ་བཱ་ཡ་སྭཱ་ཧཱ། ཞེས་པ་འབི་འབི་བྱ་བའི་སྔགས་སོ། །ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཞེས་པ་འབྲུ་མར་བྱུག་པའི་སྔགས་སོ། །ཨོཾ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཞེས་སྐོལ་ཕོར་དུ་གཞུག་པའི་སྔགས་སོ། །ཨོཾ་བཛྲ་མུངྐར་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་བརྡུང་བའི་སྔགས་སོ། །ཨོཾ་དྷརྨཱ་བ་ཏེ་སྭཱ་ཧཱ། སྐོལ་ཕོར་ནས་དབྱུང་བའི་སྔགས་སོ། །ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་པ་བཞུགས་སུ་གསོལ་བའི་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་ཤཏ་དཱི་པ་ཏེ་ཛྭཱ་ལ་ཛྭཱ་ལ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཞེས་པ་རབ་ཏུ་གནས་པའི་སྔགས་སོ། །ཨོཾ་སྭ་བྷཱ་བ་བི་ཤུདྡྷེ་ཨཱ་ཧ་ར་ཨཱ་གཙྪ་ཨཱ་གཙྪ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཞེས་པ་གཤེགས་སུ་གསོལ་བའི་སྔགས་སོ། །ཨོཾ་ཨཱ་ཀཱ་ཤ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཞེས་པ་བཟོད་པར་གསོལ་བའི་སྔགས་སོ། །འདི་ནི་སཱ་ཙྪ་གདབ་པའི་ཆོ་གའོ། །དེའི་རྗེས་སུ་ན་མཿས་མནྟ་བུདྡྷ་ནའཾ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོཾ་ཀི་ཎི་ཀི་ཎི་ཏ་ཐཱག་ཏ་ཨུདྦྷ་བ། ཤཱནྟེ་བར་དེ་ཨུཏྟ་མ་ཨུཏྟ་མ། ཏ་ཐཱ་ག་ཏ། ཨུདྦྷ་བ་ཧཱུཾ་ཕཊ་སྭཱ་ཧཱ། འདི་བཟུང་བས་འཕགས་པ་སྡོང་པོ་བཀོད་པའི་མདོག་ཟུང་བར་འགྱུར་རོ། །བཅོམ་ལྡན་འདས་མ་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་མུ་ནི་དྷརྨེ་སཾ་གྲ་ཧ་དྷརྨེ་བི་མུཀྟི་དྷ་རྨེས་དཱ་ཨ་མུ་གྲ་ཧ་དྷ་རྨེ་བཻ་ཤྲ་བཎ་པ་རི་བརྟི་ཏ་དྷརྨེ་སརྦ་ཀཱ་ར་ཡ་པ་རི་པྲ་པཎ་དྷརྨེ། ས་མ་ཏཱ་པ་རི་བརྟི་ཏ་དྷརྨེ་སྭཱ་ཧཱ། ཨོཾ་པྲཛྙཱ་ཤྲུ་ཏི་སྨྲ་ཏི་བི་ཛ་ཡ་དྷཱི་དྷཱ་ར་ཎི་ཡེ་སྭཱ་ཧཱ། འདི་བཟུང་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་གཟུང་བར་འགྱུར་རོ། །ན་མཿས་མནྟ་བུདྡྷ་ནཱཾ་ཨ་བྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོཾ་དྷུ་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། འདི་བཟུང་བས་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་གཟུང་བར་འགྱུར་རོ། །ན་མཿས་མནྟ་བུདྡྷཱ་ནཱཾ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོཾ་མ་ཎི་དྷ་རི་བཛྲི་ཎི་མ་ཧཱ་པྲ་ཏི་ས་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། འདི་བཟུང་བས་སོ་སོར་འབྲང་མ་ཆེན་མོ་གཟུང་བར་འགྱུར་རོ། །གཟུངས་འདི་དག་དང་ཚིགས་སུ་བཅད་པ་ལ་སོགས་པ་བཀླགས་ཏེ་ཕྱག་བྱས་ཏེ་དེ་ནས་མཆོད་རྟེན་ལ་སོགས་པ་མི་འཇིག་པའི་ས་ཕྱོགས་སུ་བཞུགས་པར་བྱའོ། །འདིའི་


DTG079_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཡོན་ཡང་བཅོམ་ལྡན་འདས་ཀྱིས་མཆོད་རྟེན་ནམ་གཟུགས་བརྙན་རྣམས་ལ་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་སྙེད་དུ་ངེས་པར་ས་སྟེང་དང་ལྷའི་རྒྱལ་པོ་བྱེད་པར་འགྱུར་རོ། །གཟུགས་དང་གཟུགས་མེད་པའི་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་མཐའ་དག་དང་བདེ་བ་ཐམས་ཅད་མྱོང་ནས་མཐར་སྐྱེ་བ་དང་རྒ་བའི་རྒུད་པ་སྤངས་ཏེ་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་འགྱུར་རོ། །གསལ་རྒྱལ་གྱིས་ཞུས་པ་ལས་ཀྱང༌། ཐུབ་པའི་དབང་པོའི་མཆོད་རྟེན་བྱས་པ་ཡིས། །མྱ་ངན་རྣམས་ལ་ལུས་ཀུན་རྒྱས་ཤིང་བརྟན། །གཙོ་བོར་འགྱུར་ཞིང་རིན་ཆེན་མཛོད་མང་དང༌། །ས་སྟེང་དགྲ་ཡི་ཚོགས་ལས་རྒྱལ་བར་འགྱུར། །ཞེས་སོ། །དེའི་རྗེས་སུ་ལག་པར་བསྒོམས་པའི་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་བཞུགས་པའི་བྷྲཱུཾ་ལ་སོགས་པའི་ས་བོན་ལྔ་ལས་བྱུང་བའི་རྟག་པ་ལ་སོགས་པ་ཞུ་བ་དང་ལྷན་ཅིག་འདྲེས་པའི་ཆུ་མདུན་དུ་ཛཾ་ལས་བྱུང་བའི་ཛམྦྷ་ལ་སེར་པོ་དུང་དང་པདྨའི་ཁར་གཏེར་གྱི་མིང་ཅན་གྱི་གཏེར་བདག་ཞབས་གཉིས་ཀྱིས་མནན་ཏེ་བཞུགས་པ་རྡོ་རྗེ་ཉི་མའི་ཅོད་པན་དང་ཨུཏྤ་ལའི་ཕྲེང་བ་ཅན་ཕྱག་གཉིས་ན་ནེའུ་ལེ་དང་བཱི་ཛ་པཱུ་ར་བསྣམས་པ་བསམས་ཏེ། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། ཞེས་པས་བརྒྱ་རྩ་བརྒྱད་དེའི་སྤྱི་བོར་མཛུབ་མོ་བརྐྱང་པས་སྦྱིན་པར་བྱའོ། །ཛམྦྷ་ལ་ལ་ཚུ་སྦྱིན་པའི་ཆོ་གའོ། །ཨོཾ་ཛ་ལ་མི་དཾ་སརྦ་པྲེ་ཏེ་བྷྱཿསྭཱ་ཧཱ། ཞེས་པས་ཡི་དགས་ཐམས་ཅད་ལ་བྱམས་པས་དམིགས་ཏེ་ཆུ་སྦྱིན་ནོ། །དེ་ནས་ན་མཿསུ་རཱུ་པཱ་ཡ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་སུ་རཱུ་སུ་རཱུ། པྲ་སུ་རཱུ་པྲ་སུ་རཱུ། ཏ་ར་ཏ་ར། བྷ་ར་བྷ་ར། སཾ་བྷ་ར་སཾ་བྷ་ར། སྨ་ར་སྨ་ར། སནྟར་པ་ཡ་སནྟར་པ་ཡ། སརྦ་པྲེ་ཏ་ནཱཾ་སྭཱ་ཧཱ། གཟུངས་འདིས་ཆུ་དང་བཅས་པའི་ཟས་ལ་ལན་བདུན་ཡོངས་སུ་བཟླས་ཏེ་ལག་པ་གཡོན་པས་སེ་གོལ་གྱི་སྒྲ་ལན་གསུམ་དུ་བྱས་ནས་ཡི་དགས་ཐམས་ཅད་ལ་དབེན་པའི་ས་ཕྱོགས་སུ་སྦྱིན་པར་བྱ་ཞིང་འདི་སྐད་ཀྱང་བརྗོད་པར་བྱ་སྟེ། སྐབས་ཚོལ་བ་དང་གླགས་ལྟ་བ་རྣམས་དེངས་ཤིག །འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་ཡི་དགས་རྣམས་ལ་བཟའ་བ་བདག་གིས་སྦྱིན་པར་བགྱིའོ་ཞེས་བྱ་བའོ། །ཟས་མ་ཟོས་པའི་སྔོན་རོལ་ཉིད་དུ་སྦྱིན་པར་བྱའོ། །དེ་ལྟར་ན་


DTG079_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དགས་ཐམས་ཅད་ལ་འབྲས་བྲེ་བོ་ཆེ་རེའི་བཟའ་བ་སོ་སོར་བྱིན་པར་འགྱུར་རོ། །དེ་ལྟར་བྱས་ན་སྐྱེ་བ་ནས་སྐྱེ་བར་ཡང་ཉམ་ཆུང་བར་མི་འགྱུར་རོ། །དབུལ་པོར་མི་འགྱུར་རོ། །སྟོབས་ཆེ་བ་དང་མཛེས་པ་དང་མཐོང་ན་དགའ་བ་དང༌། ཕྱུག་ཅིང་ལོངས་སྤྱོད་ཆེ་བར་འགྱུར་རོ། །ཚེ་རིང་ཞིང་ནད་མེད་པ་དང༌། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རོ། །ཤི་འཕོས་ནས་ཀྱང་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། །གཟུགས་ལེགས་ཞེས་བྱ་བའི་གཟུངས་སོ། །ནམཿས་མནྟ་བུདྡྷཱ་ནཱཾ་སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ནི་སཾ་བྷ་ར་སི་བྷ་ར་ཧཱུཾ་ཕཊ་སྭཱ་ཧཱ། སྔགས་འདི་ལན་བདུན་བརྗོད་ཅིང་ལག་པ་གཡས་པ་བརྐྱང་བའི་སོར་མོ་ལྔ་པོ་ལས་རྣམ་པར་བྱུང་བའི་བདུད་རྩི་ལྔའི་རྒྱུན་གྱིས་སྒོའི་རྩར་གཞག་པའི་ཆུ་དང་བཅས་པའི་གཏོར་མའི་བཟའ་བ་མངོན་པར་གང་བས་འབྲུ་ཉག་མ་རེ་ལ་ཡུལ་མ་ག་དྷའི་བྲེ་བོ་ཆེ་ཁལ་ལྔ་ཙམ་གྱི་བཟའ་བར་བལྟས་ལ་ཡི་དགས་མཐའ་དག་ཚིམ་པར་བྱེད་པ་ནི་སེ་གོལ་ལན་གསུམ་བརྡབས་ནས་བྱང་ཆུབ་སེམས་དཔས་གཏོར་མ་སྦྱིན་ནོ། །ཡི་དགས་ལ་ཆུ་སྦྱིན་པ་ལ་སོགས་པའི་ཆོ་གའོ། །དེའི་རྗེས་སུ་ཤར་གྱི་ལུས་འཕགས་དང༌། འཛམ་བུའི་གླིང་དང༌། བ་ལང་སྤྱོད་དང༌། སྒྲ་མི་སྙན་ཏེ་གླིང་བཞིའི་རྣམ་པར་དག་པ་ཟླ་ཁམ་དང༌། གྲུ་གསུམ་དང༌། ཟླུམ་པོ་དང༌། གྲུ་བཞི་དང༌། གཞན་ཡང་མངོན་པར་འདོད་པའི་མཎྜལ་གྱི་ཆོ་ག་བཞིན་སངས་རྒྱས་ལ་སོགས་པ་རབ་ཏུ་མཆོད་པར་བྱའོ། །དེ་ལ་འདི་ནི་ཆོ་ག་སྟེ། རྐང་པ་བཀྲུ་བ་བྱས་ནས། ཨོཾ་ཨཱཿབཛྲ་སྣཱ་ནི་ཧཱུཾ་ཞེས་པས་ཁྲུས་བྱ་སྟེ། ཨོཾ་ཧྲཱིཿསྭཱ་ཧཱ། ཞེས་པས་ལག་པ་བཀྲུ་བ་དང་ཁ་བཤལ་བ་བྱས་ནས། ཨོཾ་ཨཱཿཧཱུཾ་ཞེས་པའི་སྔགས་ཀྱིས་གནས་དང་བདག་དང་རྣལ་འབྱོར་སྲུང་བའི་ཆོ་ག་བྱ་སྟེ། ཨོཾ་ཧཱུམ་ཞེས་པས་སྟན་བྱིན་གྱིས་རླབས་ནས། ཨོཾ་ཨཱཿབཛྲ་བྷཱུ་མི་མྷཱུཾ་ཞེས་པས་ས་གཟུང་བར་བྱ་སྟེ། ཨོཾ་སརྦ་བ་གྷྣཱཾ་ཨུ་ཙྪ་རཱ་ཡ་ཧཱུཾ་སྭཱ་ཧཱ། ཞེས་པས་མངོན་པར་བསྔགས་པའི་སྲོག་ཆགས་མེད་པའི་ལྕི་བ་དང་ཅནྡན་ལ་སོགས་པས་གཙང་བའི་ས་ཕྱོགས་སུ་མཎྜལ་བྱུག་པ་ལ་སོགས་པ་བྱ་སྟེ། ཨོཾ་ཨཱཿབཛྲ་རེ་ཁེ་ཧཱུཾ་ཞེས་པའི་སྔགས་ཀྱིས་ལག་པ་གཡོན་པས་མེ་ཏོག་གཅིག་བཟུང་སྟེ་ལག་པ་


DTG079_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པའི་རྒྱབ་ཀྱི་སྟེང་དུ་བཞག་ནས་མཎྜལ་དུ་དོར་རོ། །ཨོཾ་སུ་རེ་ཁེ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ནྟཱུ་སྭཱ་ཧཱ། ཞེས་བརྗོད་དེ་ལག་པ་བཀྲུའོ། །ཨོཾ་མ་ཎི་དྷ་རི་བཛྲི་ཎཱི་མ་ཧཱ་པྲ་ཏི་ས་རེ་རཀྵ་མཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་རང་གི་སྤྱི་བོར་མེ་ཏོག་བཞག་ནས་བདག་ཉིད་བསྲུང་བར་བྱའོ། །མཎྜལ་བྱས་པས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ཤིང་གསེར་གྱི་མདོར་དང་ལྡན་པ་ལ་སོགས་པའི་ཡོན་ཏན་འཐོབ་སྟ་དེ་ལྟར་ཡང་མཎྜལ་གྱི་ཕན་ཡོན་གྱི་མདོ་ལས། ཆུ་བཅས་ལྕི་བ་སྦྱིན་པ་སྟེ། །ཡང་དག་བྱུག་པ་ཚུལ་ཁྲིམས་ཡིན། །གྲོག་སྦུར་ཕྲ་སེལ་བཟོད་པ་སྟེ། །བརྩོན་འགྲུས་བྱ་བ་བྱེད་ལ་བརྩོན། །བསམ་གཏན་དེར་སེམས་རྩེ་གཅིག་བྱེད། །རི་མོ་ལེགས་འབར་ཤེས་རབ་སྟེ། །ཕ་རོལ་ཕྱིན་དྲུག་འདི་རྣམས་ཉིད། །ཐུབ་པའི་མཎྜལ་བྱས་པས་འཐོབ། །བདེ་གཤེགས་ཕོ་བྲང་དམ་པ་འདིར། །ལུས་ཀྱི་ལས་རྣམས་བྱས་པས་ནི། །གསེར་གྱི་ཁ་དོག་དང་ལྡན་ཞིང༌། །ནད་ཀུན་ལས་ནི་གྲོལ་བ་དང༌། །ཟླ་བ་ལྟར་གསལ་ཡིད་འོང་བའི། །ལྷ་མི་ཁྱད་པར་འཕགས་པ་དང༌། །ནོར་དང་གསེར་ནི་ཕུན་ཚོགས་པའི། །རྒྱལ་པོའི་རིགས་སུ་སྐྱེ་བར་འགྱུར། །ཞེས་པས་མཎྜལ་དེ་ཉིད་མངོན་པར་བྱུགས་ཏེ་མཎྜལ་ལ་ཉི་མ་དང་ཟླ་བའི་དཀྱིལ་འཁོར་ལ་སོགས་པ་དམིགས་ནས། ཨོཾ་ཙནྡྲ་ཨརྐ་བི་ལ་ལེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་བྱིན་གྱིས་རླབས་ལ་དཀྱིལ་འཁོར་དེར་སྣ་ཚོགས་པདྨའི་ལྟེ་བ་ཧཱུཾ་ལས་སྐྱེས་པའི་མི་བསྐྱོད་པ་སྔོན་པོ་ས་ལ་རེག་པའི་ཕྱག་རྒྱའོ། །ཤར་ལ་སོགས་པའི་འདབ་མ་རྣམས་ལ། ཨོཾ་ཏྲཾ་ཧྲཱི་ཁཾ་ལས་སྐྱེས་པའི་རྣམ་པར་སྣང་མཛད་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་མེད་དང༌། དོན་ཡོད་གྲུབ་པ་རྣམས་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང༌། བྱང་ཆུབ་མཆོག་དང་མཆོག་སྦྱིན་དང་བསམ་གཏན་དང་མི་འཇིགས་པའི་ཕྱག་རྒྱ་ཅན་རྣམས་སོ། །ལྡ་ཀ་ཡང་ཆོས་གོས་གསུམ་དང་གཙུག་ཏོར་དང་བཅས་པ་རྣམས་སོ། །མེ་ལ་སོགས་པའི་མཚམས་སུ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཡོངས་སུ་གྱུར་པ་ལས་སྤྱན་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་རྣམས་དཀར་བ་དང་སྔོ་བ་དང་དམར་བ་དང་ལྗང་བ་


DTG079_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

དང། འཁོར་ལོ་དང་རྡོ་རྗེ་དང་ཆུ་སྐྱེས་དམར་པོ་དང་ཨུཏྤ་ལ་སྔོན་པོ་འཛིན་པ་རྣམས་སོ། །འདི་རྣམས་ལས་རྣམ་པར་སྣང་མཛད་ཟླ་བ་ལ་གནས་པ་གཞན་རྣམས་ཉི་མ་ལ་གནས་པའོ། །ལྷའི་འཁོར་ལོ་འདི་དག་བལྟས་ཏེ། ཨོཾ་ཨཱ་གཙྪ་ཨཱ་གཙྪ་བྷ་ག་ཝཱ་ན་ཨ་ཀྵོ་བྷྱ་བཛྲ་ཨ།། ཞེས་པས་རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་རྣམས་སོ་སོའི་མིང་གཞུག་པ་སྔོན་དུ་འགྲོ་བས་སྤྱན་དྲང་ངོ༌། །ཨོཾ་ན་མོ་ཨ་ཀྵོ་བྷྱཱ་ཡ་ཧཱུཾ། ཨོཾ་ཨཱཿབཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། སོ་སོར་ལན་གསུམ་གསུམ་དབུལ་ལོ། །ཨོཾ་ན་མོ་བཻ་རོ་ཙ་ནཱ་ཡ་ཨོཾ་ཨོཾ་ཨཱཿབཛྲ་པུཥྤེ་ཧཱུཾ་ཧཱ། ཨོཾ་ན་མོ་རཏྣ་སཾ་བྷ་པཱ་ཡ་ཏྲཱཾ། ཨོཾ་ཨཱཿབཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མོ་ཨ་མི་ཏ་པྲ་བྷཱ་བཱ་ཡ་ཧྲཱི།། ཨོཾ་ཨཱཿབཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མོ་ཨ་མོ་གྷ་སིདྡྷ་ཡེ་ཁཾ། ཨོཾ་ཨཱཿབཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མོ་ལོ་ཙ་ན་ལཾ། ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མཿཔཎྚ་ར་ཡི་བཾ། ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མ་སྟཱ་ར་ཡཻ་ཏཱཾ། ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། སླར་ཡང་མི་བསྐྱོད་པ་ལ་མེ་ཏོག་མང་པོ་ཁྱད་པར་དུ་དབུལ་ལོ། །རིམ་པ་འདི་ཉིད་ཀྱིས། ཨོཾ་ཨཱཿབཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་དྷཱུ་པྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་དཱི་པྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་གནྡྷེ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་ནི་བི་ཏྱེ་ཧཱུཾ་སྭཱ་ཧཱ། ཞེས་ཉེ་བར་སྤྱོད་པ་ལྔ་ཡང་དག་པར་དབུལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་མེ་གྷ་པྲ་ས་ར་ས་མུ་དྲ་སྦ་ར་ཎ་ཧི་མཾ་ག་གན་ཁཾ་ཧཱུཾ་ཞེས་པས་མཆོད་པ་རྣམས་བྱིན་གྱིས་བརླབ་བོ། །ནུས་པ་མེད་ན་ཡིད་ལས་བྱུང་བའི་མཆོད་པ་ཆེན་པོ་རྣམས་བྱ་སྟེ། འདི་ལྟ་སྟེ། གོས་དང་རྒྱལ་མཚན་དང་ནོར་བུ་དང་མུ་ཏིག་གི་དོ་ཤལ་ལ་སོགས་པ་རྒྱན་གྱི་བྱེ་བྲག་རྣམས་དང༌། པདྨ་དང་ཨུཏྤལ་ལ་སོགས་པ་མེ་ཏོག་གི་བྱེ་བྲག་རྣམས་དང༌། སྐུ་ཆིངས་དང་ཆོས་གོས་དང་ལྷུང་བཟེད་དང་བསིལ་བྱེད་ལ་སོགས་པ་ཡོ་བྱད་ཀྱི་བྱེ་བྲག་རྣམས་དང༌། གླིང་བཞི་དང་ཉེ་བའི་གླིང་རྣམས་རིན་པོ་ཆེ་སྣ་བདུན་ལ་སོགས་པས་བཀང་ནས་དབུལ་ལོ། །དེ་ནས་མཆོད་པ་མངོན་པར་འཕྲུལ་པར་བྱེད་པའི་རིག་པའི་རྒྱལ་མོ་འདི་ལན་བརྒྱད་བརྗོད་པར་བྱའོ། །ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ་སརྦ་ཐཱ་ཨུཏྒ་ཏེ་སྦ་ར་ཎ་ཧི་མཾ་ག་ག་ན་ཁཾ་ས་མནྟ་སྭཱ་ཧཱ། དེ་ནས་སངས་རྒྱས་དང་བྱང་


DTG079_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་རྣམས་ཀྱི་མདུན་དུ་མཆོད་པའི་སྤྲིན་རྣམས་ཇི་ལྟར་བསམས་པ་བཞིན་བདེན་པར་གནས་པར་འགྱུར་རོ། །སྐུ་ཁྲུས་ཀྱི་མཆོད་པ་ཡང༌། ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱ་ཧཱ། ཞེས་པས་སྐུ་ཁྲུས་བྱས་ལ་སྔར་བཞིན་མཆོད་པ་ལ་སོགས་པ་བྱའོ། །བདག་ཆེ་གེ་མོ་ཞེས་བགྱི་བ་ཆོས་ཀྱི་དབྱིངས་སུ་གཏོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་རྣམས་ལ་བདག་ཉིད་དབུལ་བར་བགྱིའོ། །རྣམ་པ་ཐམས་ཅད་དང་དུས་ཐམས་ཅད་དུ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཡོངས་སུ་བསྐྱབ་ཏུ་གསོལ། དངོས་གྲུབ་དང་མཆོག་བདག་ལ་རབ་ཏུ་སྩོལ་ཅིག་ཅེས་པས་བདག་ཉིད་དབུལ་བ་དང༌། དེ་ནས། སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །སྐྱོབ་པའི་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །གསུམ་རྣམས་ལ་ཡང་རྟག་ཕྱག་འཆལ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་ཀྱི་ནི་སེམས་འདི་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱི་ཞིང༌། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་བགྱི། །བྱང་ཆུབ་མཆོག་གི་སྤྱོད་པ་ཡིད་འོང་སྤྱད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་གསུམ་ལ་སྐྱབས་སུ་འགྲོ་བའི་ཚིགས་བཅད་བཀླག་པར་བྱའོ། །དེ་ནས་བསྟོད་པ་བྱ་སྟེ། གང་ཞིག་ཐོག་མ་དབུས་མཐའ་མེད་ཞི་སངས་རྒྱས་ཉིད་རང་རྣམས། །སངས་རྒྱས་ནས་ནི་མ་ལུས་རྟོགས་ཕྱིར་འཇིགས་མེད་རྟག་པའི་ལམ་སྟོན་པ། །མཁྱེན་བརྩེའི་རལ་གྲི་རྡོ་རྗེ་མཆོག་བསྣམས་སྡུག་བསྔལ་མྱུ་གུ་གཅོད་མཛད་ཅིང༌། །སྣ་ཚོགས་ལྟ་ཐབས་ཀྱིས་བསྐོར་ཐེ་ཚོམ་རྩིག་པ་འཇིག་མཛད་དེ་ལ་འདུད། །ཅེས་པ་ལ་སོགས་པས་སོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བདེན་པར་བསྟོད་པ་ཉེ་བར་འབྱུང་བར་བྱེད་པའི་རིག་པའི་རྒྱལ་མོ་འདི་ལན་བརྒྱད་བརྗོད་


DTG079_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ་སརྦ་ཏྲ་སི་ཀུ་སུ་མི་ཏ་ཨ་བྷི་ཛྙཱ་རཱ་སི་ནི་ན་མོ་སྟུ་ཏེ་སྭཱ་ཧཱ། ཞེས་པའོ། །བདག་སྐྱེ་བ་ནས་སྐྱེ་བར་སངས་རྒྱས་ལ་གུས་པ་དང༌། རང་བཞིན་གྱིས་གཡོ་མེད་པ་དང༌། སེམས་ཅན་ཐམས་ཅད་ལ་བྱམས་པ་དང༌། གཏོང་བ་ལ་གོམས་པ་དང༌། འབྲས། བུ་ལ་ཕྱིར་ཕྱོགས་པའི་བྱང་ཆུབ་ཀྱི་སེམས་ཐོབ་པར་གྱུར་ཅིག །ཤེས་རབ་རྣོ་བ་དང་རིགས་བཟང་པོར་སྐྱེ་བ་དང༌། གཟུགས་མཛེས་པ་དང༌། བདེ་གཤེགས་ཀྱི་སྙན་དངགས་རྒྱ་ཆེན་པོ་ལ་མཁས་པར་གྱུར་ཅིག །ཚེ་རིང་ཞིང་རིས་སུ་སྐྱེ་བ་དང༌། སྐྱེས་བུ་བློ་གྲོས་སྒྲིམ་ཞིང་མཁས་པ་དང༌། དབང་པོ་མ་ཉམས་པ་བདེ་ཞིང་སྙིང་རྗེ་དང་བཅས་པ་དང༌། རབ་ཏུ་དང་ཞིང་སྙན་དངགས་མཁས་པ་དང༌། ཕ་མ་བྱས་པ་ཤེས་ཤིང་གུས་པ་ཉིད་དང༌། རྟག་ཏུ་སྐྱེ་བ་དྲན་ཞིང་ཚུལ་ཁྲིམས་དང་ལྡན་པ་དང༌། ཆོས་ཀྱི་བདག་ཉིད་དང༌། ནོར་དང་ལྡན་པ་དང༌། རབ་ཏུ་སྦྱིན་པ་ལ་ངེས་པར་དགའ་བ་དང༌། དགེ་བའི་བཤེས་གཉེན་དང་ལྡན་པ་དང༌། སྤྲོ་ཞིང་སྟོབས་དང་ལྡན་པ་དང༌། ཡིད་དུ་འོང་ཞིང་མང་པོ་དགའ་བ་དང༌། ནད་ཐམས་ཅད་སྤངས་ཤིང་སེམས་ཅན་ལ་བརྩེ་བ་ཅན་ཐོས་པ་འཛིན་ཅིང་བསམ་པ་དག་པ་དང༌། གཙང་སྤྲ་དང་ལྡན་པ་དང༌། ཇི་སྲིད་འཇིག་རྟེན་ལ་ཕན་པ་འབྱུང་བའི་ཕྱིར་བཅོམ་ལྡན་འདས་ཀྱི་བྱང་ཆུབ་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དེ་སྲིད་དུ་བདག་ཡོན་ཏན་འདི་རྣམས་ཀུན་གྱིས་བརྒྱན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ། ཕན་ཡོན་ཆེན་པོ་དང་ལྡན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ཡི་གེ་བརྒྱ་པ་སྔགས་ཀྱི་རྒྱལ་པོ་འདི་བཟླ་བར་བྱའོ། །ན་མ་སྟྲི་ཡ་དྷཱི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏཱ་བཱ་བ་ཏི་དྷརྨ་ཏ་བ་ལིནཱཾ། ཨོཾ་ཨཾ་ཨཾ་ས་མ་ས་མ་ས་མནྟ་ཏོ་ཨ་ན་ནྟཱ་བཱ་པ་ཏི་ཤཱ་ས་ནི་ཧ་ར་ཧ་ར། སྨ་ར་སྨ་ར་ཎི། བི་ག་ཏ་རཱ་ག །བུདྡྷ་དྷརྨ་ཏེ། ས་ར་ས་ར། ས་མ་བ་ལཱ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན་མ་ཧཱ་བ་ར་ལཀྵ་ཎེ་ཛྭཱ་ལ་ཛྭཱ་ལ་ན་སཱ་ག་རེ་སྭཱ་ཧཱ་ཞེས་པའོ། །དེ་ནས། ཕྱོགས་རྣམས་ཀུན་ན་ལུས་དང་སེམས། །སྡུག་བསྔལ་ནད་པ་ཇི་སྙེད་པ། །དེ་དག་བདག་གི་བསོད་ནམས་ཀྱིས། །བདེ་དགའ་རྒྱ་མཚོ་ཐོབ་པར་ཤོག །ལྷ་ཡང་དུས་སུ་ཆར་


DTG079_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས་ཤིང༌། །ལོ་ཏོག་ཕུན་སུམ་ཚོགས་པར་ཤོག །རྒྱལ་པོ་ཆོས་བཞིན་བྱེད་གྱུར་ཅིག །འཇིག་རྟེན་དག་ཀྱང་དར་བར་ཤོག །ངན་སོང་སྡུག་བསྔལ་མ་མྱོང་ཞིང༌། །དཀའ་བ་སྤྱད་པ་མེད་པར་ཡང༌། །ལྷ་བས་ལྷག་པའི་ལུས་ཀྱིས་ནི། །དེ་དག་སངས་རྒྱས་མྱུར་གྲུབ། ཤོག །ཅེས་པ་ལ་སོགས་པ་བཀླགས་ནས། ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་སངས་རྒྱས་ཀྱི་ཡེ་ཤེས་དང་སངས་རྒྱས་ཀྱི་སྤྱན་གྱིས་མཁྱེན་ཅིང་གཟིགས་པའི་དགེ་བའི་རྩ་བ་དང༌། དེ་རིགས་གང་ཡིན་པ་དང་སྡེ་གང་དང་ཅི་འདྲ་བ་དང་རང་བཞིན་གང་དང་མཚན་ཉིད་གང་དང༌། ཆོས་ཉིད་གང་གིས་གནས་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་ལ་རྗེས་སུ་ཡི་རང་ངོ༌། །ཇི་ལྟར་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་སངས་རྒྱས་ཀྱི་མངོན་པར་ཤེས་པས་ཡོངས་སུ་བསྔོས་པ་དེ་བཞིན་དུ་གེ་བའི་རྩ་བ་དེ་དག་བདག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ་ཞེས་བརྗོད་དོ། །རྗེས་སུ་ཡི་རང་བ་དང་བསྔོ་བའི་རྗེས་ལ། ཨོ་སརྦ་ཏ་ཐཱ་ག་ཏ་སུ་ལ་ལི་ཏ་ན་མི་ཏེ་ནཱ་མ་མི་བྷ་ག་བཱ་ན་ཏཾ་ཨ་ཀྵོ་བྷྱ་ནཱ་ཐཾ་ཛཿཧཱུཾ་བཾ་ཧོཿཔྲ་ཏཱི་ཙྪ་ཀུ་སུ་མཱ་ཉྫ་ལི་ནཱ་ཐ་ཧོ་ཞས་བརྗོད་དེ་འདུད་པར་བྱའོ། །དེ་ནས། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་མཐུན་དངོས་གྲུབ་སྩལ་ནས་ཀྱང༌། །སླར་ཡང་འབྱོན་པར་བྱ་བའི་ཕྱིར། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །ཨོཾ་མུཿསྭཱ་ཧཱ་ཞེས་པས་གཤེགས་སུ་གསོལ་པར་བྱའོ། །དེ་ནས་མཎྜལ་གྱི་རི་མོ་དབྱི་བར་བྱའོ། །མཆོད་པའི་ཕན་ཡོན་ཡང་བཅོམ་ལྡན་འདས་ཀྱིས་དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་གསུངས་ཏེ། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་དང་མཉམ་པའི་རང་སངས་རྒྱས་རྣམས་ལ་ཉིན་དང་ཉིན་ལ་རོ་བྱ་རྒྱ་པའི་ཁ་ཟས་དང་ལྷ་རྫས་གྱི་ན་བཟའ་རྣམས་བྱིན་ཞིང༌། དེ་བཞིན་དུ་གངྒཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱི་བསྐལ་པར་བྱིན་པ་དང༌། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་རི་མོ་མཁན་


DTG079_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བྲིས་པའི་སངས་རྒྱས་སམ་གླེགས་བམ་དུ་བྱས་པ་མཐོང་ནས་འདི་ཉིད་དེ་བས་བསོད་ནམས་ཆེས་གྲངས་མེད་པ་བསྐྱེད་ན་སླར་ཡང་གང་ཞིག་ཐལ་མོ་སྦྱོར་བའམ་མེ་ཏོག་གམ་སྤོས་སམ། མར་མེ་དབུལ་བར་བྱེད་ན། འདི་ཉིད་དེ་བས་དེ་བསོད་ནམས་མཆོག་ཏུ་གྲངས་མེད་པ་བསྐྱེད་པ་ལྟ་ཅི་སྨོས་ཞེས་སོ། །དཔལ་གསང་བ་འདུས་པ་ལས་ཀྱང༌། སངས་རྒྱས་རྣམས་ལ་རྟག་ཏུ་ནི། །འདོད་ཡོན་ལྔ་དང་ཉེར་སྤྱོད་ལྔས། །ཆོ་ག་བཞིན་དུ་མཆོད་བྱེད་ན། །མྱུར་དུ་སངས་རྒྱས་ཉིད་འཐོབ་འགྱུར། །ཞེས་སོ། །གཞན་ནས་ཀྱང༌། གང་ཞིག་བཞུགས་ལ་མཆོད་པ་དང༌། །གང་ཞིག་མྱ་ངན་འདས་པ་ལ། །མཉམ་པའི་སེམས་ཀྱིས་རབ་དད་ན། །བསོད་ནམས་ཁྱད་པར་མེད་པ་ཡིན། །ཞེས་སོ། །དགེ་བའི་ལས་བྱེད་པ་འདི་ནི་གཉེན་པོ་ཀུན་དུ་སྤྱོད་པའོ། །དགེ་བའི་ལས་རྣམས་བྱེད་པ་ནི་དོན་ལ་མངོན་པར་སྦྱོར་བའི་བོའོ། །ཡང་ན་སྔར་བཞིན་བྱས་པའི་མཎྜལ་གྱི་དབུས་སུ་རང་འདོད་པའི་ལྷ་འཇིག་རྟེན་དབང་ཕྱུག་ལ་སོགས་པ་དེ་དང་དེའི་རང་གི་ས་བོན་ལས་བྱུང་བ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་སུ་རོ་གཅིག་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་མོས་ཏེ། སྔར་བཞིན་སྤྱན་དྲངས་ནས་དེའི་ཅོད་པན་ལ་འོད་པག་མེད་ལ་སོགས་པ་རིགས་ཀྱི་གཙོ་བོ་བསྐྱེད་ནས་མན་ངག་ཇི་ལྟ་བ་བཞིན་དུ་ལྷ་ཐམས་ཅད་གནས་ཇི་ལྟ་བར་དམིགས་ཏེ། སྔར་བཞིན་མཆོད་པ་དང་བསྟོད་པ་དང་སྔགས་ཀྱིས་མཉེས་པར་བྱ་བ་ལ་སོགས་པ་རྣམས་བྱའོ། །མཐར་ན་མཿསརྦ་བུདྡྷ་བོ་དྷི་སཏྭ་བྷྱཿ། སརྦ་བིཏ་པུ་ར་པུ་ར་སཱུ་ར་སཱུ་ར། ཨཱ་བརྟཱ་ཡཱ་བརྟཱ་ཡ་སྭཱ་ཧཱ། ཞེས་བརྗོད་པས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་དང་ཉེ་གནས་དང་ཞབས་ལ་སྤྱི་བོས་ཕྱག་བྱས་པར་འགྱུར་རོ་ཞེས་སོ། །དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་མཆོད་པའི་ཆོ་གའོ། །དམ་པའི་ཆོས་བཀླག་པ་ལ་སོགས་པའི་དོན་དུ་སྔགས་པས་རྐང་པ་ལ་སོགས་པ་བཀྲུ་བ་དང༌། ཁ་བཤལ་བ་ལ་སོགས་པ་བྱས་ནས་བདེ་བའི་སྟན་ལ་གནས་ཏེ། ཨོཾ་བཛྲ་སཏྭ་སརྦ་བི་གྷ་ན་ཨུད་ས་ར་ཧཱུཾ་ཕཊ་ཅེས་པའི་སྔགས་ཀྱིས་ས་གཞི་བྱིན་གྱིས་བརླབས་ཏེ་དྲི་བཟང་པོ་ལ་སོགས་པས་མཎྜལ་ཟླུམ་པོ་


DTG079_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས། ཨོཾ་བཛྲ་རེ་ཁེ་ཧཱུཾ་ཞེས་པ་འདིས་བྱིན་གྱིས་བརླབས་ཏེ་མཎྜལ་དུ་མེ་ཏོག་ཅིག་བཞག་ནས་ལག་པ་བཀྲུའོ། །དེ་ནས་མཎྜལ་དེའི་དབུས་སུ་རི་རབ་གྲུ་བཞི་པ་ལ་རྩེ་མོ་བརྒྱད་ཀྱིས་ཉེ་བར་མཛེས་པ། ཤར་དང་ལྷོ་དང་ནུབ་དང་བྱང་གི་ངོས་རྣམས་ནི་བཻ་ཌཱུཪྻ་དང་ཤེལ་དང་པདྨ་རཱ་ག་དང་གསེར་གྱི་བདག་ཉིད་དེ་རིན་པོ་ཆེ་བཞིའི་རང་བཞིན་ནོ། །དེའི་མདུན་དུ་ཟླ་བ་ཕྱེད་པའི་རྣམ་པ་ཤར་གྱི་ལུས་འཕགས་དང༌། གཡས་སུ་གྲུ་གསུམ་པའི་འཛམ་བུའི་གླིང་དང༌། རྒྱབ་ཏུ་ཡོངས་སུ་ཟླུམ་པོའི་བ་ལང་སྤྱོད་དང༌། གཡོན་དུ་གྲུབ་བཞི་པའི་སྒྲ་མི་སྙན་ནོ། །ཤར་དུ་ལུས་འཕགས་ལ་སོགས་པ་དང་ཉེ་བར་ལུས་དང་ལུས་འཕགས་དང༌། གཡོ་ལྡན་དང་ལམ་མཆོག་འགྲོ་དང༌། རྔ་ཡང་དང་རྔ་ཡབ་གཞན་དང༌། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་ཞེས་པ་ཉེ་བའི་གླིང་རྣམས་ཏེ་སོ་སོར་པདྨ་རཱ་ག་དང་ཨིནྡྲ་ནཱི་ལ་དང་བཻ་ཌཱུཪྻ་དང་མརྒཏ་དང་རྡོ་རྗེ་དང་མུ་ཏིག་དང་བྱི་རུ་ལ་སོགས་པས་ཡོངས་སུ་བཀང་བའོ། །ཤར་ལ་སོགས་པའི་ཕྱོགས་སུ་གླང་པོ་སྐྱེས་པ་དང་རྟ་དང་བཙུན་མོ་རྣམས་སོ། །མེ་ལ་སོགས་པའི་མཚམས་སུ་རལ་གྲི་དང་འཁོར་ལོ་དང་ནོར་བུ་དང་གཏེར་ཆེན་པོ་རྣམས་བསམས་ཏེ་སྔར་ཕུལ་བའི་མེ་ཏོག་བསལ་ལ། ཨོཾ་བཛྲ་པུཥྤེ་ཧཱུཾ་ཞེས་པ་འདིས་བསྔགས་ཏེ་རི་རབ་དང་གླིང་དང་ཉེ་བའི་གླིང་དང་གླང་པོ་ལ་སོགས་པ་རིན་པོ་ཆེ་དང་གཏེར་ཆེན་པོ་རྣམས་སུ་མེ་ཏོག་དབུལ་ལོ། །ཨོཾ་བཛྲ་དྷཱུ་པྤེ་ཧཱུཾ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་བདུག་སྤོས་ལ་སོགས་པ་ཇི་ལྟར་འབྱོར་པ་རྣམས་ཀྱང་ངོ༌། །དེ་ནས་མཆོད་པ་ཐམས་ཅད་ཆོ་ག་བཞིན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུའི་བདག་ཉིད་དམ་པའི་ཆོས་ཀྱི་གླེགས་བམ་ཡང་མཎྜལ་གྱི་དབུས་སུ་བཞུགས་ཏེ་ཇི་ལྟ་བ་བཞིན་བཀླག་གོ །ལྷའི་སྟེང་དུ་ནི་མ་ཡིན་ནོ། །དེ་ནས་ཡང་མཆོད་པའི་ཆོ་ག་ནི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་གཅིག་ཉིད་དུ་འམ། རང་འདོད་པའི་ལྷ་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་སུ་རོ་གཅིག་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོར་མོས་ཏེ། རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་སེང་གེའི་གདན་དང་པདྨ་ལ་རྡོ་རྗེ་སེམས་དཔའི་རོལ་པས་བཞུགས་པར་བསམས་ཏེ། མཆོད་པ་དབུལ་ཞིང་བསྟོད་པ་


DTG079_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བཀླག་པ་ལ་སོགས་པ་བྱའོ། །ཨོཾ་ཨཱཿཤྲཱི་མན་བཛྲ་གུ་རུ་ཙ་ར་ཎ་ཀ་མ་ལཱ་ཡ་ས་མྱག་ཛྙཱ་ན་ཨ་བ་བྷཱ་ས་ཀ་རཱ་ཡ་ན་མཿཧཱུཾ། གང་གི་སྐུ་དྲིན་འོད་ཀྱིས་གསལ་བྱས་བདག་ཉིད་ཀྱི། །དེ་ཉིད་རིན་ཆེན་འོད་ཀྱི་ཚོགས་ཀྱིས་མུན་བཅོམ་སྟེ། །མཐོང་བ་སྐྱོན་མེད་བདག་རྣམས་རོལ་པས་ལྷག་ལྟབ། །བླ་མ་ཉི་མ་དེ་ལ་གུས་པས་ཕྱག་འདི་འཚལ། །ཞེས་པ་ལ་སོགས་པ་ས་ར་ཧའི་ཞབས་ཀྱིས་མཛད་པས་བླ་མ་ལ་ཕྱག་བྱའོ། །སྔར་བཞིན་དགེ་བའི་རྩ་བ་ཡོངས་སུ་བསྔོ་སྟེ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་མཐུན་དངོས་གྲུབ་སྩལ་ནས་ཀྱང༌། །སླར་ཡང་འབྱོན་པར་བྱ་བའི་ཕྱིར། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །མུཿཞེས་པས་གཤེགས་སུ་གསོལ་ལོ། །འདི་ནི་དམ་པའི་ཆོས་དང་ལྷ་དང་བླ་མའི་མཆོད་པའི་ཆོ་གའོ། །གཞན་དུ་ནི་མཎྜལ་ཟླུམ་པོའི་དབུས་སུ་རི་རབ་ལ་སོགས་པ་དང་རང་གིས་བོན་ལས་བསྐྱེད་ནས་མཆོད་པའི་སྔགས་ཀྱང་སོ་སོར་གསུངས་པ་དེ་དག་གིས་མེ་ཏོག་ལ་སོགས་པ་དབུལ་ཏེ། དེ་ལ་ཨོཾ་ཧཱུཾ་ཧཱ་མེར་བེ་ན་མཿ། དེའི་སྟེང་དུ་ཨོཾ་ཧཾ་སུཀྵ་མ་མེར་བེ་ན་མཿ། ཞེས་པ་དབུས་སུའོ། །དེའི་རྗེས་ལ་ཨོཾ་ཨཾ་པཱུ་ར་བ་བི་དེ་ཧཱ་ཡ་ན་མཿ། ཨོཾ་རཾ་ཛཾ་བུ་དྭཱི་པཱ་ཡ་ན་མཿ། ཨོཾ་ལཾ་ཨ་པ་ར་གོ་དཱ་ནཱི་ཡ་ན་མཿ། ཨོཾ་བཾ་ཨུཏྟ་ར་ཀུ་ར། བེན་མཿ། ཨོཾ་ཡ་ཨུ་པ་དྭཱི་པཱ་ཡ་ན་མཿ། ཨོཾ་ར་ཨུ་པ་དྭཱི་པཱ་ཡ་ན་མཿ། ཨོཾ་ལ་ཨུ་པ་དྭཱི་པཱ་ཡ་ན་མཿ། ཨོཾ་ཝ་ཨུ་པ་དྭཱི་པཱ་ཡ་ན་མཿ། ཨོཾ་ཡ་ག་ཛ་རཏྣཱ་ཡ་ན་མཿ། ཨོཾ་རཿཔུ་རུ་ཥ་རཏྣ་ཡ་ན་མཿ། ཨོཾ་ལ་ཨ་ཤྭ་རཏྣ་ཡ་ན་མཿ། ཨོཾ་ཝ་སྟྲཱི་རཏྣཱ་ཡ་ན་མ། ཨོཾ་ཡཿཁཌྒ་རཏྣཱ་ཡ་ན་མཿ། ཨོཾ་རྩཀྲ་རཏྣཱ་ཡ་ན་མཿ། ཨོཾ་ལ་མ་ཧཱ་མ་ཎི་རཏྣཱ་ཡ་ན་མཿ། ཨོམ་ཝ་མ་ཧཱ་ནི་དྷི་བྷྱོན་མཿ། ཞེས་པའོ། །གཞན་ཐམས་ཅད་སྔར་བཞིན་ནོ། །འདི་དག་ཐམས་ཅད་མེད་ཀྱང་ཕྱི་རོལ་གྱི་དངོས་པོར་རབ་ཏུ་དང་བའི་དངོས་པོ་རང་གི་ཀུན་རྟོག་གིས་དཔག་བསམ་ཤིང་ལས་བྱུང་བ་དབུལ་ཏེ་འབྲས་བུ་ཤིན་ཏུ་ཆེ་བ་ཉིད་དུ་འགྱུར་རོ། །རྫས་ཀྱི་དངོས་པོ་དངོས་སུ་ཡོད་པ་ལ་ཡང་སེམས་གཡེང་བ་དང་ཞེན་བདག་གིས་འབུལ་བ་ནི་འབྲས་བུ་ཅུང་ཟད་མེད་ཅེས་ལུང་ལས་ཏེ། བྱང་ཆུབ་སྤྱོད་འཇུག་ལས་ཀྱང༌། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང༌། །སེམས་


DTG079_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གཡེང་ཞེན་པས་བྱས་པ་ནི། །ཐམས་ཅད་རིག་པས་དོན་མེད་གསུངས། །ཞེས་སོ། །དེ་བཞིན་དུ་དགེ་འདུན་གྱི་སྟོན་མོ་དང་གཙུག་ལག་ཁང་གི་མཆོད་ཡོན་སྦྱིན་པ་དང༌། ཆོས་ཀྱི་མཆོད་ཡོན་སྦྱིན་པ་ལ་ཡང་དགེ་འདུན་ལ་སོགས་པ་རི་རབ་ཀྱི་སྟེང་དུ་གཙོ་བོར་བྱས་ཏེ་བཞུགས་ནས་མཆོད་པར་བྱའི། གང་གང་གང་ཚེ་འཚོ་བྱ་བ། །དག་པའི་འཚོ་བ་དེས་བསྒྲུབ་སྟ། །བཀྲེས་སྐོམ་ནད་ནི་ཞི་བའི་ཕྱིར། །ཟས་སྐོམ་སྨན་དང་འདྲ་བར་བསམ། །དེ་ཡང་དྲག་ཤུལ་ཅན་གྱིས་ཞུས་པ་ལས། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་དད་མཐུན་པས་ལོངས་སྤྱོད་དེ་ཚོལ་ཞིང་ཆོས་མ་ཡིན་པས་མི་ཚོལ་ན་ཡང་དག་པའི་འཚོ་བར་འགྱུར་ཏེ་ལོག་པའི་འཚོ་བར་མི་འགྱུར་རོ་ཞེས་སོ། །དེ་ནས་ཇི་ལྟར་རྙེད་པའི་ཟས་ལ་གཏོར་མ་དང་ལྷ་བཤོས་དང་འཕྲོག་མ་དང་ཕུད་ཀྱི་ཆང་བུ་དང་ལྷག་མ་སྟེ་ལྔ་པོ་འབྲས་བུ་ཆེན་པོར་ལོངས་སྤྱོད་པའི་ཕྱིར་རྟག་ཏུ་སྦྱིན་ནོ། །དེ་ནས་ཨོཾ་ཨཱཿ་ཧཱུཾ་ལན་གསུམ་བརྗོད་ནས། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱཱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ་ཞེས་པས་འབྱུང་པོ་ཐམས་ཅད་པའི་གཏོར་མ་སྦྱིན་ནོ། །ཨོཾ་ཨཱཿ་བཛྲ་ནཻ་བི་ཏྱེ་ཧཱུཾ་ཞེས་པས་ལྷ་བཤོས་སོ། །ཨོཾ་ཧཱ་རི་ཏེ་མ་ཧཱ་བཛྲ་ཡ་ཀྵི་ནི་ཧ་ར་ཧར་སརྦ་པཱ་པ་ནི་ཀྵི་སྭཱ་ཧཱ་ཞེས་པས་འཕྲོག་མ་ལ་ཟན་གྱི་ཆང་བུ་གཉིས་སྦྱིན་ནོ། །ཨོཾ་ཨ་གྲ་པིཎྚ་ཨ་སི་བྷྱཿསྭཱ་ཧཱ་ཞེས་པས་ཕུད་ཀྱི་ཆང་བུའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨོཾ་པ་ལིཾ་ཏ་དེ་ཏེ་ཛོ་བ་ལི་ནི་སྭཱ་ཧཱ་ཞེས་པ་དང༌། ཨོཾ་ཨཱཿཧཱུཾ་ཞེས་པས་བཟའ་བ་ལ་ལན་བརྒྱང་མངོན་པར་བསྔགས་ཏེ། དང་པོར་མཐེ་བོང་དང་མིང་མེད་ཀྱིས་རེག་ནས་བཟའ་སྟེ་དུག་ལ་སོགས་པའི་ཉེས་པ་ཞི་བར་བྱེད་དོ། །ཁ་བཀང་སྒྲ་དང་བཅས་པ་དང་ཁ་གདངས་པ་དང་ཧ་ཅང་མྱུར་བ་དང་བུལ་བས་མི་བཟའ་སྟེ་ཕན་པ་དང་རན་པས་སོ། །ཨོཾ་ཨུཙིཚཥྚ་པིཎྚ་ཨ་ཤི་བྷྱཿསྭཱ་ཧཱ་ཞེས་པ་འདིས་ལྷག་མའི་ཆང་བུ་སྦྱིན་ནོ། །ཟས་ལྷག་མཆེད་དུ་མ་བྱས་པ་ཁོ་ནར་སྦྱིན་ཞིང་ཁ་བཀྲུ་བ་ལ་སོགས་པ་བྱས་ནས་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་ནང་ན་གནས་པའམ་ཁྱིམ་གྱི་གནས་ལས་ངེས་པར་བྱུང་བའི་རབ་ཏུ་བྱུང་བས་འཇིག་རྟེན་གྱི་ཁམས་མཐའ་དག་ན་གནས་པའི་སྐྱེ་བོ་རྣམས་ཀྱི་དགེ་བ་སྤེལ་བའི་ཕྱིར། རྒྱལ་པོ་སྦྱིན་བདག་ཉིད་དང་ནི། །གང་ཡང་


DTG079_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཚོགས་གཞན་རྣམས། །ཚོ་དང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །སྦྱིན་པས་འབྱུང་པོ་དབང་དུ་འགྱུར། །སྤྱིན་པས་དགྲ་རྣམས་མེད་པར་འགྱུར། །ཕ་རོལ་གཉེན་ཡང་སྦྱིན་པ་ཉིད། །དེ་ཕྱིར་སྦྱིན་པ་གཙོ་བོར་བརྗོད། །སྦྱིན་པ་འཇིག་རྟེན་རྒྱན་ཡིན་ཏེ། །སྦྱིན་པས་ངན་འགྲོ་ཟློག་པར་བྱེད། །སྦྱིན་པ་མཐོ་རིས་སྐས་ཡིན་ཏེ། །སྦྱིན་པ་ཞི་བྱེད་དགེ་བའོ། །བྱང་ཆུབ་སེམས་དཔའི་ལོངས་སྤྱོད་རྣམས། །མི་ཟད་ནམ་མཁའ་ལྟ་བུ་གང༌། །ལོངས་སྤྱོད་དེ་ནི་ཐོབ་བྱའི་ཕྱིར། །སྦྱིན་པ་དེ་ནི་ཡང་དག་སྤེལ། །ཞེས་པ་ལ་སོགས་པ་སྦྱིན་པའི་ཚིགས་སུ་བཅད་པ་རྣམས་བརྗོད་པར་བྱའོ། །གཞན་དུ་མུ་སྟེགས་རྣམས་ལ་གུས་པ་ལ་སོགས་པ་མི་བྱ་སྟེ་དེ་ཡང་སྐྱབས་གསུམ་བདུན་ཅུ་པ་ལས་གསུངས་པ། དགེ་བསྙེན་དུ་ནི་དམ་བཅས་ནས། །སྐྱབས་གསུམ་པོ་ནི་བསྲུང་བར་བྱ། །མུ་སྟེགས་གཞན་ལ་གུས་པ་དང༌། །ཕྱག་དང་མཆོད་པ་རྣམས་མི་བྱ། །ཞེས་སོ། །བརྒྱད་སྟོང་པ་ལས་ཀྱང་ལྷ་གཞན་རྣམས་ལ་མེ་ཏོག་དང་བདུག་སྤོས་དང་མར་མེ་རྣམས་སྦྱིན་པར་མི་བྱ་རི་མོར་མི་བྱ་ཞེས་སོ། །དེ་ནས་ན་མཿས་མནྟ་བྲ་བྷ་རཱ་ཛཱ་ཡ་ཏ་ཐཱག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ན་མོ་མཉྫུ་ཤྲཱི་ཀུ་མཱ་ར་བྷཱུ་ཏཱ་ཡ་བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎིཀཱ་ཡ། ཏྡྱ་ཐཱ། ཨོཾ་ནི་རཱ་ལམྦྷེ་ནི་རཱ་བྷཱ་སེ། ཛ་ཡེ་ཛ་ཡ་ལ་བྡྷེ་མ་ཧཱ་མ་ཏེ་དཀྵེ་དཀྵི་ཎཱཾ་པ་རི་ཤོ་དྷཱ་ཡ་སྭཱ་ཧཱ། གང་གཟུངས་འདི་ལན་གཅིག་རྗོད་པར་བྱེད་པ་དེ་རི་རབ་ཙམ་གྱི་བསོད་ནམས་ཡང་ཡོངས་སུ་སྦྱོང་བར་འགྱུར་རོ་ཞེས་པ་བསོད་ནམས་ཡོངས་སུ་སྦྱོང་བའི་གཟུངས་བརྗོད་པར་བྱའོ། །མཚན་མོའི་དང་པོ་མི་ཉལ་བར་དམ་པའི་ཆོས་ཀྱི་ཁ་ཏོན་དང་བཟླས་པ་ལ་སོགས་པ་བྱས་ནས་ཉལ་བ་ན་མལ་དུ་ཡན་ལག་ཐམས་ཅད་བཏུད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱ་ཞིང་གསོལ་བ་ཡང་བཏབ་ནས་ཉལ་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱིན་ཀྱིས་བརླབ་ཏུ་གསོལ། བླ་ན་མེད་པའི་དངོས་གྲུབ་དང་མཆོག་བདག་ལ་སྩོལ་ཅིག །ཉེ་བར་འཚེ་བ་ཐམས་ཅད་ཀྱང་མེད་པར་མཛད་དུ་གསོལ་ཞེས་པ་དང༌། རང་གི་འདོད་ལྷའི་རྣལ་འབྱོར་དང་ལྡན་པས། ན་མོ་བྷ་ག་བ་ཏེ་ཨཱཪྻ་པྲཛྙཱ་པཱ་ར་མི་ཏ་ཡི། སརྦ་ཏ་ཐཱ་ག་ཏཱ་པ་


DTG079_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

རི་མི་ཏཱ་པཱུ་རི་ཏ་ཡེ། ཏདྱ་ཐཱ། ཨོཾ་སིདྡྷི་སིདྡྷི། བུདྡྷ་བུདྡྷ། བོ་དྷ་ཡ་བོ་དྷ་ཡ། ཙ་ལ་ཙ་ལ། ཏིཥྛ་ཏིཥྛ། ཧི་ཀཾ་པ་ཀཾ་པ། བཱ་ར་བཱ་ར། གཙྪ་གཙྪ། ཨཱ་གཙྪ་ཨཱ་གཙྪ་བྷ་ག་པ་ཏི་མཱ་བི་ལ་མྦ་སྭཱ་ཧཱ། གཟུངས་འདིས་ལག་པ་གཡས་པ་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ། དེའི་སྟེང་དུ་མགོ་གཞག་སྟེ་སེང་གེའི་ཉལ་སྟབས་ཀྱིས་ཉལ་ལོ། །མཚན་མོ་ཐ་མ་ནས་དེ་བཞིན་དུ་ཡིད་མ་ཡེངས་པ་དང་རྒྱུན་ཆད་པ་མེད་པར་ཡི་དམ་མཐའ་དག་བྱའོ། །དེ་ལྟར་ཉིན་རེ་ཞིང་བྱས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་མྱུར་དུ་བྱང་ཆུབ་ཏུ་འགྱུར་རོ། །དེ་ཡང་གསུངས་པ། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ལ་སོགས་རྟག་བརྟེན་བྱ། །དུས་ནི་ཡུན་མི་རིང་བ་ཡིས། །བྱང་ཆུབ་མཆོག་ནི་ཐོབ་པར་འགྱུར། །ཞེས་སོ། །གཞུང་བསྡུས་པ་ཡི་བསོད་ནམས་ལས་ཀྱིས་ནི། །བདག་ཅག་བྱང་ཆུབ་གཞུང་ལམ་འདི་བརྟེན་ནས། །སྤྲོ་བས་སྣ་ཚོགས་སྤྱོད་པ་སྤྱད་ནས་ནི། །སྐྱེ་བོས་བླ་མེད་གོ་འཕང་ཐོབ་པར་ཤོག །བྱང་ཆུབ་གཞུང་ལམ་ཞེས་བགྱི་བ་སློབ་དཔོན་མཁས་པ་ཆེན་པོ་འཇིགས་མེད་འབྱུང་གནས་སྤས་པས་མཛད་པ་རྫོགས་སོ།། །།ཇི་ལྟར་མཐོང་བ་བཞིན་བསྡུས་པ་སྟེ་གཞུང་གི་ཚད་ནི་ཤློ་ཀ་སུམ་བརྒྱ་ཉི་ཤུ་རྩ་ལྔའོ། །དང་པོའི་ལས་ཀྱི་བྱ་བ་མ་བརྟེན་པར། །ངེས་པར་བྱང་ཆུབ་ཐོབ་མི་ནུས་ཀྱང༌། །རྩོད་དུས་སྐྱེ་བོ་སྟོང་པ་ཉིད་སྨྲ་ཞིང༌། །གཞུང་ལམ་དང་པོའི་ལས་ཀྱི་བྱ་བ་རྣམས། །མི་ཤེས་མི་ནུས་མི་བྱེད་པ་རྣམས་མཐོང༌། །སྤྱོད་འདོད་མི་ཤེས་འགྲོལ་ཕན་འདོད་ནས། །ཐུབ་པའི་དགེ་སློང་ཆག་སྟོན་ལོ་ཙཱ་བས། །བྱང་ཆུབ་གཞུང་ལམ་འདི་ནི་འབད་པས་བསྒྱུར། །ཉེས་ཀུན་བཟོད་གསོལ་དགེ་བས་བདག་གཞན་རྣམས། །སྒྲིབ་བྲལ་ཚོགས་གཉིས་རྫོགས་པའི་སངས་རྒྱས་ཤོག །ཁ་ཆེའི་མཁན་པོ་ཆེན་པོ་ཆོས་ཀྱི་རྗེ་ཤཱཀྱ་ཤྲཱི་བྷ་དྲ་ལས་མཉན་ནས་བོད་ཡུལ་དབུས་ཀྱི་སྡེ་སྣོད་འཛིན་པ་ཆག་ལོ་ཙཱ་བ་དགེ་སློང་དགྲ་བཅོམ་གྱིས་བསྒྱུར་བའོ།།


previousབྱང་ཆུབ་ཀྱི་གཞུང་ལམ་ཞེས་བྱ་བ། next