Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆོས་སྐྱོང་ཐམས་ཅད་པའི་གཏོར་མའི་ཆོ་ག། 
   
   
   
   
   
   
   
   
   
   
   
   
   
   
   


 
previousཆོས་སྐྱོང་ཐམས་ཅད་པའི་གཏོར་མའི་ཆོ་ག། next

ཆོས་སྐྱོང་ཐམས་ཅད་པའི་གཏོར་མའི་ཆོ་ག།


DTG079_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། །སརྦ་དྷརྨྨ་པཱ་ལ་བ་ལིན་ཏ་བི་དྷིཿ། བོད་སྐད་དུ། །ཆོས་སྐྱོང་ཐམས་ཅད་པའི་གཏོར་མའི་ཆོ་ག །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བསོད་ནམས་ཚོགས་སོགས་བར་ཆད་ཞི། །ཕྲིན་ལས་རྣམ་བཞི་འགྲུབ་པ་དང༌། །ཆོས་ཀྱོང་ཐམས་ཅད་མཉེས་པར་འགྱུར། །དེ་ཕྱིར་གཏོར་མའི་ཆོ་ག་རྩོམ། །དད་དང་ལྡན་པའི་སྒྲུབ་པ་པོས། །སྙིང་རྗེ་ཆེ་ཞིང་གཞན་ཕན་དགའ། །སེར་སྣ་མེད་ཅིང་གཏོར་བརྩམས་པས། །གསང་བའི་བཏུང་བ་ལྕགས་ཀྱུ་རྣམས། །ཉ་དང་ཁུར་བ་འབྲས་ཆན་རྣམས། །ལ་ཕུག་ལ་སོགས་བཟའ་བཏུང་རྣམས། །བརྩོན་པས་ཉེ་བར་ཚོགས་པ་ན། །འདོད་ལྷའི་རྣལ་འབྱོར་དང་ལྡན་པས། །དབེན་ཞིང་གཙང་བའི་ས་ཕྱོགས་སུ། །དབང་ཆེན་དཀྱིལ་འཁོར་རྣམས་ལྔས་གྱུར། །དེ་སྟེང་པད་སྣོད་མཛེས་པའི་ནང༌། །སྔར་བསགས་རྫས་ཀྱིས་ཡོངས་སུ་དགང༌། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། །འོག་ཏུ་གཡོ་བའི་དཀྱིལ་འཁོར་བསྒོམ། །དེ་སྟེངས་འབར་བ་གྲུ་གསུམ་བསམ། །འབྲུ་གསུམ་སྟེང་དུ་པད་སྣོད་བསམ། །རླུང་བསྐྱོད་མེ་འབར་རྫས་རྣམས་ཞུ། །ཐོག་མར་ཉི་མ་ཤར་ལྟ་བུ། །དེ་ནས་སྦྱང་དང་སྦར་རྟོགས་ནི། །ཟླ་བ་རྡོ་རྗེ་ཨོཾ་གྱིས་བསྒྲུབ། །ཡེ་ཤེས་བདུད་རྩིས་སངས་རྒྱས་སོགས། །འབད་པས་དེ་ཉིད་ཐིམ་པར་བསམ། །སྐུ་གསུང་ཐུགས་ཀྱིས་བྱིན་བརླབ་བྱ། །རང་སྙིང་ས་བོན་འོད་ཟེར་གྱིས། །ཕྱོགས་བཅུའི་སངས་རྒྱས་ཞིང་རྣམས་ན། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཆོས་སྐྱོང་སྲུང་མ་ཐམས་ཅད་རྣམས། །མདུན་གྱི་ནམ་མཁར་སྤྱན་དྲངས་ལ། །ཐོག་མར་ཞལ་བསིལ་བསང་གཏོར་བྱ། །དེ་ནས་མེ་ཏོག་སོགས་ལྔ་མཆོད། །རྗེས་སུ་གཏོར་མ་དབུལ་བ་ནི། །རྡོ་རྗེ་ཐལ་མོའི་སྟེང་བཞག་


DTG079_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །དད་པའི་བློ་ཡིས་ཀུན་ལ་བསྟབས། །ཐམས་ཅད་དགྱེས་པའི་ཐུགས་ཀྱིས་ནི། །ལྗགས་ཀྱི་མྱུ་གུས་དྲངས་གསོལ་བསམ། །ཨོཾ་སརྦ་དྷ་རྨྨ་པཱ་ལ། །སརྦ་ཀྵེ་ཏྲ་པཱ་ལ། །ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨྨ་ཎཱཾ་ཨཱ་དྱ་ནུ་ཏྤ་ནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། སརྦ་ཤཱནྟིཾ་ཀུ་རུ། སརྦ་པུ་ཥྚིཾ་ཀུ་རུ། སརྦ་མེ་བ་ཤ་ན་ཡ་ཧོཿ། །སརྦ་དུ་ཥྚཱ་ན་མཱ་ར་ཡ་ཧཱུཾ་ཕཊ་ཅེས་བརྗོད་ལ་དབུལ་བར་བྱའོ། །དེ་ནས་གསོལ་གདབ་ལས་བཅོལ་བྱ། །ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་ན། །བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས། །གཉིས་མེད་ཐུགས་རྗེའི་དབང་གིས་ནི། །དཔལ་དང་མཁའ་འགྲོའི་ཚོགས་སུ་སྤྲུལ། །འབར་བའི་སྐུ་རྣམས་ཁྲོ་གཏུམ་ཆེ། །རྫུ་འཕྲུལ་སྣ་ཚོགས་མཐུ་སྟོབས་ལྡན། །རབ་ཞི་འོད་གསལ་ཐུགས་ཆུད་ཀྱང༌། །ཐབས་མང་ཐུགས་རྗེས་འགྲོ་འདུལ་བའི། །དཔའ་བོ་དཔའ་མོའི་ཚོགས་རྣམས་ལ། །བསྙེན་བཀུར་གཏོར་མ་ཡིད་འོང་འབུལ། །སངས་རྒྱས་བསྟན་པ་བསྲུང་དུ་གསོལ། །བདག་ཅག་སྒྲུབ་པ་པོ་རྣམས་ལ། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །སྒྲུབ་ལ་བར་ཆད་བྱེད་པ་ཡི། །དགྲ་བགེགས་ཐམས་ཅད་ཞི་བར་མཛོད། །བསོད་ནམས་ཚོགས་ཆེན་བསགས་ལས་བྱུང༌། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །ལག་ན་རྡོ་རྗེ་གོས་སྔོན་ཚོགས། །གཞན་ཡང་མཐུ་རྩལ་ཆེ་ལྡན་པའི། །ལྷ་དང་ལྷ་མིན་མི་འམ་ཅི།། ལྟོ་འཕྱེ་གྲུལ་བུམ་ནམ་མཁའ་ལྡིང༌། །ཤ་ཟ་སྲིན་པོ་ཕྲ་མེད་ཚོགས། །སྨན་དང་བཙན་ལ་སོགས་པ་ཡི། །ཆོས་ལ་དགའ་བའི་དགེ་བསྙེན་རྣམས། །དཀོན་མཆོག་གསུམ་ལ་སྐྱབས་སོང་ནས། །བསྟན་པ་བསྲུང་བར་ཁས་བླངས་པའི། །དགེ་བསྙེན་ཕོ་མོ་ཐམས་ཅད་ལ། །བསྙེན་བཀུར་གཏོར་མ་རྒྱ་ཆེན་དབུལ། །བསྟན་པ་གཉེན་པོ་བསྲུང་དུ་གསོལ། །བདག་ཅག་སྒྲུབ་པ་པོ་རྣམས་ལ། །རང་རང་ལས་ཀྱི་དངོས་སྒྲུབ་སྩོལ། །དཀོན་མཆོག་གསུམ་གྱི་བཀའ་ཉོན་ལ། །རྣལ་འབྱོར་ཀུན་གྱི་ལས་བཅོལ་སྒྲུབས། །ལོག་འདྲེན་ཐམས་ཅད་ཚར་བཅད་ནས། །ཀུན་ཀྱང་དམ་ཚིག་ལ་གནས་ཏེ། །རྟག་པར་ཚོགས་གཉིས་རབ་བསགས་ནས། །འཕགས་པ་རྣམས་ཀྱིས་བརྙེས་པ་ཡི། །རབ་ཞི་བདེ་ཆེན་ཐོབ་པར་ཤོག །ཡི་གེ་བརྒྱ་པ་བརྗོད་ལ་ཨོཾ་ཨཱཿཧཱུཾ་བཛྲམུཿ། ཞེས་པས་ཐམས་ཅད་གཤེགས་སུ་གསོལ། །གཏོར་མ་སུམ་མདོའམ་བཞི་མདོར་ས་གཙང་སར་བསྐྱལ་ལོ། །ཆོས་སྐྱོང་ཐམས་ཅད་པའི་གཏོར་མའི་ཆོ་ག་སློབ་དཔོན་ཆེན་པོ་བ་ལིཾ་ཨཱ་ཙཪྻས་མཛད་བ་རྫོགས་སོ།། །།བོད་ཀྱི་ལོ་ཙཱ་བ་རྨ་བ་ན་ཆོས་འབར་གྱིས་བསྒྱུར་བའོ།། །།


previousཆོས་སྐྱོང་ཐམས་ཅད་པའི་གཏོར་མའི་ཆོ་ག། next