Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱལ་པོ་ཆེན་པོ་བཞིའི་གཏོར་མ་ཞེས་བྱ་བ། 
   
   
   
   
   
   
   
   
   
   
   
   
   


 
previousརྒྱལ་པོ་ཆེན་པོ་བཞིའི་གཏོར་མ་ཞེས་བྱ་བ།next

རྒྱལ་པོ་ཆེན་པོ་བཞིའི་གཏོར་མ་ཞེས་བྱ་བ།


DTG079_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐུད་དུ། ཙ་ཏཱུ་རཱ་ཛ་མ་ཧཱ་བ་ལིཾ་ནཱ་མ། བོད་སྐད་དུ། རྒྱལ་པོ་ཆེན་པོ་བཞིའི་གཏོར་མ་ཞེས་བྱ་བ། ལྷ་མོ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཡོན་ཏན་རྒྱུད་ལ་སྐྱེ་བ་ཡི། །བར་ཆད་སེལ་བའི་གཏོར་མའི་མཆོག །རྒྱལ་ཆེན་བཞི་ཡི་གཏོར་མ་བརྩམ། །དེ་ནས་སྔོན་དུ་འགྲོ་བའི་ཆོ་ག་ཚད་མེད་པ་བཞིན་བྱང་ཆུབ་ཀྱི་སེམས་བསྒོམས་ལ། གཏོར་མ་ཁྱད་པར་དུ་བྱ་བ་བཟང་དུ་བཤམས་པ་ལ། དེ་ནས་རང་ཁྱད་པར་དུ་བྱ་བ་ཡི་དམ་གྱི་ལྷར་བསྒོམས་ལ། སྐུ་གསུང་ཐུགས་ཡི་གེས་བྱིན་གྱིས་བརླབ། གཏོར་མ་སྭ་བྷཱ་བའི་སྔགས་ཀྱིས་སྟོང་བར་བསྒོམས་ལ། སྟོང་པའི་ངང་ལས་ལཾ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་རཾ་ལས་མེའི་


DTG079_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར། ཨ་ལས་ཐོད་པའི་ཕོར་པ། དེའི་ནང་དུ་ཨ་ཞུ་བ་ལས་བདུད་རྩི། དེ་ནས་ཁྲུ་གང་ཙམ་ན་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་དཀར་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེད་ཀར་པོ་རྩེ་ལྡ་པ་ཁོང་གསེང་ཅན་དེའི་སྟེང་ན། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཏཱཾ་ལྗང་གུ་ལས་འོད་ཟེར་ཐུར་ལ་འཕྲོས། བདུད་རྩིར་ཞུ་ཡར་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩེ་ཆར་རྒན་པོ་ཙམ་བབ་པར་བསམས་ལ་ཨ་ཀཱ་རོའི་སྔགས་ལྔའམ་བདུན་བརྗོད་ཨཿཧཱུཾ་ཡང་ལྔའམ་བདུན་བརྗོད། དེ་ནི་གཏོར་མ་ཁྱད་པར་དུ་བྱ་བའོ། །དེ་ནས་མགྲོན་ཁྱད་པར་དུ་བྱ་བ་ནི་མདུན་གྱི་ནམ་མཁའ་ལ་པཾ་ལས་པདྨའི་གདན་འདབ་མ་བཞི་པ། ལྟེ་བ་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཏཱཾ་ཡིག་ལྗང་གུ་ལས་འོད་སྤྲོ་བསྡུ་བྱས་པས་ཨུཏྤ་ལ་ཏཱཾ་གྱིས་མཚན་པ། དེ་ལས་འདོ་འཕྲོས་ཚུར་འདུས་པས་རྗེ་བཙུན་མ་སྒྲོལ་མ་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོ་ག་ལྗང་གུ་གཡས་སྐྱབས་སྦྱིན། གཡོན་པ་སྡོང་བུ་དང་བཅས་པའི་ཨུཏྤལ་འཛིན་པ་བསམ། དེ་ནས་ཡེ་ཤེས་པ་སྤྱན་དྲངས་ལ་ཛཿཧཱུཾ་བཾ་ཧོཿས་བསྟིམ། སྐུ་གསུང་ཐུགས་ཀྱི་ཡི་གེས་བྱིན་གྱིས་བརླབ། དེ་ནས་ཤར་གྱི་པདྨ་ལ་རྒྱལ་པོ་ཡུལ་འཁོར་སྐྱོང་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་དཀར་པོ། ལྷོའི་པདྨ་ལ་རྒྱལ་པོ་འཕགས་སྐྱེས་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས། ནུབ་ཀྱི་པདྨ་ལ་རྒྱལ་པོ་མིག་མི་བཟང་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། བྱང་གི་པདྨ་ལ་རྒྱལ་པོ་རྣམ་ཐོས་སྲས་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། དེ་བཞི་སྐད་ཅིག་ལ་ཝལ་གྱིས་བསྐྱེད་ལ། དེ་ནས་སྙིང་གནས་འོད་ཟེར་འཕྲོས་པས་ཡེ་ཤེས་སེམས་དཔའ་དགུག་གཞུག་བྱ། སྐུ་གསུང་ཐུགས་ཀྱི་ཡི་གེས་བྱིན་གྱིས་བརླབ། དེ་ནས་དེ་བཞིའི་ལྗགས་མི་དམིགས་པ་ལས་ཡི་གེ་ཧཱུཾ་རེ་ཡོངས་སུ་གྱུར་པ་ལས། ལྕེ་སྟོད་རྡོ་རྗེ་ལྕེ་སྨད་སྦུ་གུ་ཅན་གྱིས་གཏོར་མ་ལ་ཏར་གྱིས་བཙུགས་ནས་གསོལ་བར་བསམས་ལ། བ་ལིཾ་ཏ་ཁཱ་ཧི་ཞེས་ལ་ན་གསུམ་བསྟབ་པོ།། དེ་ནས་བཀའ་བསྒོ་བ་ནི་ཤར་ཕྱོགས་དྲི་ཟའི་གདོན་དང༌། ལྷོ་ཕྱོགས་གཤེན་རྗེའི་གདོན་དང༌། ནུབ་ཕྱོགས་གྲུལ་བུམ་གྱི་གདོན་དང༌། བྱང་ཕྱོགས་གནོད་སྦྱིན་གྱི་གདོན་དང༌། གདོན་ཆེན་པོ་བཅོ་བརྒྱད་དང༌། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལ་སོགས་པ་ལ་བསྲུང་དུ་གསོལ་ཞེས་གསོལ་པ་གདབ་པོ། །དེ་ནས་ཡེ་ཤེས་


DTG079_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་གཤེགས། དམ་ཚིག་སེམས་དཔའ་མེ་དམིགས་པར་བསམ། གཏོར་མ་ས་གཙང་སར་བསྐྱལ། རྒྱལ་པོ་ཆེན་པོ་བཞིའི་གཏོར་མ་རྫོགས་སོ།། །།པཎྜི་ཏ་དཱིཔཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་བཤེས་སྟོན་པས་བསྒྱུར་བའོ།།


previousརྒྱལ་པོ་ཆེན་པོ་བཞིའི་གཏོར་མ་ཞེས་བྱ་བ།next