Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀླུ་གཏོར་གྱི་ཆོ་ག།  མར་མེ་མཛད་ཡེ་ཤེས།
   
   
   
   
   


 
previousཀླུ་གཏོར་གྱི་ཆོ་ག། མར་མེ་མཛད་ཡེ་ཤེས།next

ཀླུ་གཏོར་གྱི་ཆོ་ག།
མར་མེ་མཛད་ཡེ་ཤེས།


DTG079_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ནཱ་ག་བ་ལིཾ་བི་བྷིཿ་བོད་སྐད་དུ། ཀླུ་གཏོར་གྱི་ཆོ་ག །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །རང་ཉིད་ལྷ་ཡི་ང་རྒྱལ་གྱིས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །ཡང་དང་ཡང་དུ་བསྒོམས་བྱས་ལ། །མདུན་དུ་པཾ་ལས་པདྨ་ནི། །ཁ་དོག་དམར་པོ་འདབ་བརྒྱད་སྟེང༌། །ཕུཿ་བརྒྱད་ལས་ནི་ཀླུ་བརྒྱད་བསྐྱེད། །དེ་ནས་སྙིང་གའི་འོད་ཟེར་དང༌། །ཨོཾ་ཕེ་ཕུ་ཞེས་པས་ཀླུ་ཆེན་བརྒྱད། །འཁོར་དང་བཅས་པ་བཀུག་ལ་བསྟིམ། །དཀར་གསུམ་མངར་གསུམ་བདུད་རྩིར་བཅས། །དམ་ཚིག་ཡེ་ཤེས་ཀླུ་རྣམས་མཆོད། །དེ་ནས་གཏོར་མ་བྱིན་བརླབས་ཏེ། །སྣོད་ནི་ཧི་ལས་རིན་པོ་ཆེ། །ཤིན་ཏུ་མཛེས་ཤིང་བལྟ་ན་སྡུག །ཡངས་ལ་རྒྱ་ནི་ཆེ་བར་བསམ། །རིན་ཆེན་སྣོད་མཆོག་དེ་ནང་དུ། །དཀར་གསུམ་མངར་གསུམ་བདུད་རྩིར་བཅས། །སྣོད་ནི་ཤིན་ཏུ་གང་བར་བསམ། །དེ་ཡི་སྟེང་དུ་ཡི་གེ་གསུམ། །ཁ་དོག་དྲི་དང་རོ་སྦྱངས་ནས། །བདུད་རྩིའི་རོ་མཆོག་བརྒྱ་དང་ལྡན། །གཡས་པ་མཆོག་སྦྱིན་ཕྱག་རྒྱ་ལ། །ཧ་ཧོ་ཧྲི་པཾ་དག་ལས་ནི། །དཔག་བསམ་ཤིང་ནི་བསམ་བྱས་ལ། །ལོ་མ་ཡལ་ག་ཐམས་ཅད་ལ། །རིན་ཆེན་བུམ་པ་བདུད་རྩིས་བཀང༌། །དཔག་ཏུ་མེད་པ་བསམས་ནས་ནི། །བྷྲཱུཾ་ལས་བདུད་རྩིའི་ཆར་བབ་པས། །གཏོར་མས་ཡོངས་སུ་གང་བར་བསམ། །ཨོཾ་ཨཱཿཞེས་ལན་གསུམ་བརྗོད། །མགྲོན་རྣམས་ཐམས་ཅད་ལྕེ་ལས་ནི། །ཧཱུཾ་ལས་རྡོ་རྗེའི་སྦུ་གུས་རྔུབ། །ཨོཾ་ཨ་ནནྟ་བ་ལིཾ་ཨི་ངཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཏཀྵ་


DTG079_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཀ །ཨོཾ་ཀུ་ལི་ཀ །ཨོཾ་པཱ་སུ་ཀི །ཨོཾ་ཤཾ་ཁ་པཱ་ལ། ཨོཾ་མཧཱ་པདྨ། ཨོཾ་བ་རུ་ཎ། ཨོཾ་ནནད་ནཱ་གརཱ་ཛཱ་ཡ། ཨོཾ་ཕེཾ་ཀླུའི་རྒྱལ་པོ་སོགས་མ་མེད། །བ་ལིཾ་ཨི་དཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཐའ་ཡས་དང་ནི་འཇོག་པོ་དང༌། །སྟོབས་ཀྱི་རྒྱུ་དང་རིགས་ལྡན་དང༌། །ནོར་རྒྱས་དང་ནི་དུང་སྐྱོང་དང༌། །པདྨ་དང་ནི་ཆུ་ལྷ་དང༌། །དགའ་བོ་དང་ནི་ཉེ་དགའ་བོ། །རྒྱ་མཚོ་དང་ནི་རྒྱ་མཚོ་ཆེ། །དཔལ་གྱི་འོད་དང་འོད་པོ་ཆེ། །གཟུགས་ཆེན་སྤྲུལ་བཟངས་སྟོབས་པོ་ཆེ། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །འདིར་གཤེགས་མཆོད་སྦྱིན་གཏོར་མ་བཞེས། །མཛེས་པའི་དཀར་གསུམ་གཏོར་མ་འདི། །མངར་གསུམ་འོ་མའི་རྒྱ་མཚོར་བཅས། །རིན་ཆེན་ཕྲེང་བའི་ཐེམ་སྐས་ཅན། །ཀླུ་ཡི་གནོད་པ་སྐྱོབ་བྱེད་པ། །མཐུན་པའི་རྫས་སུ་འདི་གྱུར་ཅིག །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །བདག་ཅག་འཁོར་དང་བཅས་རྣམས་ལ། །ཀླུ་ལས་གྱུར་པའི་ནད་རྣམས་ནི། །མཐོང་བའི་དུག་དང་ཁ་ཟས་དུག །བསམས་པའི་དུག་ལ་སོགས་པ་ཀུན། །དེ་དག་ཐམས་ཅད་ཞི་གྱུར་ཅིག །བདག་པས་གཅེས་པའི་རྫས་ཁྱེར་ལ། །བདག་ལ་གནོད་པ་མ་བྱེད་པར། །རྟག་ཏུ་བྱམས་པའི་སེམས་དང་ནི། །ཕ་མ་ལྟ་བུའི་སེམས་ཀྱིས་ལྟོས། །གཞན་ཡང་ལས་ལས་སྐྱེས་པ་ཡི། །བཀའ་དང་དམ་ལས་མ་ཐོགས་པའི། །གདུག་པ་ཅན་གྱི་ཀླུ་ཚོགས་ཀུན། །བཀའ་ཡི་ཕ་འབབ་འདི་སྣོམས་ལ། །སོ་སོ་རང་རང་གནས་སུ་དེངས། །དེའི་རྗེས་ལ་གཏོར་མ་གཏང༌། བདེན་པ་བདར། ཆོས་བཤད་བྱའོ། །ཀླུའི་གཏོར་ཆེན་སྒྲོལ་མའི་ཞབས་ཀྱི་རྡུལ་ལ་རེག་པའི་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་པའོ།།


previousཀླུ་གཏོར་གྱི་ཆོ་ག། མར་མེ་མཛད་ཡེ་ཤེས།next