Nitartha Digital Library
Tibetan
 
previousབསྡུས་པ་ལ་དགའ་བ་རྣམས་ལ་དོན་གསུམ་དུ་བསྟན་པ།next

བསྡུས་པ་ལ་དགའ་བ་རྣམས་ལ་དོན་གསུམ་དུ་བསྟན་པ།


DTG088_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གྱི་རྒྱུ་ནི་རྣམ་གསུམ་དང༌། །སྦྱོར་བ་བཞི་ཡི་བདག་ཉིད་དང༌། །ཆོས་སྐུ་ཕྲིན་ལས་འབྲས་བུ་ནི། །དོན་བསྡུས་གཞན་ཏེ་རྣམ་པ་གསུམ། །འདི་ནི་འདིའི་དོན་བསྡུས་པ་གཞན་རྣམ་པ་གསུམ་ཡིན་ཏེ། རྒྱུ་དང་སྦྱོར་བ་དང་འབྲས་བུ་ཞེས་བྱ་བའོ། །དེ་ལྟར་རྒྱུ་ནི་རྣམ་པ་གསུམ་སྟེ། ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་སྦྱོར་བའི་ཡུལ་ལོ། །སྦྱོར་བ་བཞིའི་བདག་ཉིད་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་དང༌། རྩེ་མོའི་མངོན་པར་རྟོགས་པ་དང༌། མཐར་གྱིས་པའི་མངོན་པར་རྟོགས་པ་དང༌། སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པའོ། །སྦྱོར་བའི་འབྲས་བུ་ནི་ཆོས་ཀྱི་སྐུ་དང་ཆོས་ཀྱི་སྐུ་དེའི་ཕྲིན་ལས་ཀྱང་ངོ༌། །ཐུབ་པས་ཚིག་གི་སྤྱོད་ཡུལ་དག་ལས་འདས་པར་མཁྱེན་ནས་གསུང་གི་ཕ་རོལ་ཕྱིན་མཆོག་གང་གསུངས་པ། །ལ་ལར་གཞན་གྱི་སྟོབས་ལས་ཅུང་ཞིག་བས་གས་པར་གྱུར་ཀྱང་བདག་ལ་དེ་དོན་བརྗོད་ནུས་ག་ལ་ཡོད། །བདག་གིས་སངས་རྒྱས་ཡུམ་གྱི་མངོན་རྟོགས་རྒྱན་གྱི་འགྲེལ་བྱས་ལས། །ཤེལ་ལྟར་དངས་ཤིང་མཁའ་བཞིན་མཉམ་མེད་བསོད་ནམས་གང་ཐོབ་པ། །དེ་ལས་བྱང་ཆུབ་ཆེན་པོ་ཐོབ་ནས་འགྲོ་བ་མཐའ་མེད་པའི། །ལམ་གྱུར་སྲོག་ཆགས་ཀུན་གྱིས་དེ་ལས་རྟག་པའི་གནས་ཐོབ་ཤོག །མངོན་པར་རྟོགས་པའི་རྒྱན་གྱི་ནི། །འགྲེལ་པ་དག་ལྡན་ཞེས་བྱ་


DTG088_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བ། །རིན་ཆེན་འབྱུང་གནས་འབད་པ་ཡིས། །མདོར་བསྡུས་ཚིག་གསལ་སྦྱར་བ་ཡིན། །འཕགས་པ་འཇམ་དཔལ་གྱི་དངོས་གྲུབ་བརྙེས་པ་དང༌། མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དག་ལྡན་ཞེས་བྱ་བ་རྫོགས་སོ།། །།དབང་ཕྱུག་དམ་པའི་མངའ་བདག་ལྷ་བཙན་པོ་ཁྲི་བཀྲ་ཤིས་འོད་ལྡེ་བཙན་གྱི་བཀས་རྒྱ་གར་གྱི་མཁན་པོ་ཤྲཱི་སུ་བྷཱུ་ཏི་ཤཱནྟིའི་ཞལ་སྔ་ནས་དང༌། ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས་དང༌། དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།སླད་ཀྱི་པཎྜི་ཏ་ཆེན་པོ་ཤཱནྟ་བྷ་དྲ་དང༌། ཞུས་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་གཏན་ལ་ཕབ་སྟེ་བཅོས་པའོ།། །།


previousབསྡུས་པ་ལ་དགའ་བ་རྣམས་ལ་དོན་གསུམ་དུ་བསྟན་པ།next