Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གོ་ལྔ་པ།


   
   
   
   
   
   
   
   
   
བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་འགྲེལ་པ་དོན་གྱི་སྒྲོན་མ་ཞེས་བྱ་བ།  ཕྱག་ན་རྡོ་རྗེ།
   
   
   


 
previousབཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་འགྲེལ་པ་དོན་གྱི་སྒྲོན་མ་ཞེས་བྱ་བ། ཕྱག་ན་རྡོ་རྗེ།next

བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་འགྲེལ་པ་དོན་གྱི་སྒྲོན་མ་ཞེས་བྱ་བ།
ཕྱག་ན་རྡོ་རྗེ།


DTG095_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བྷ་ག་བ་ཏི་པྲ་ཛྙཱ་པཱ་ར་མི་ཏཱ་ཧྲྀ་ད་ཡ་ཨརྠ་པྲ་དཱི་པ་ནཱ་མ་ཊཱི་ཀཱ། བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་འགྲེལ་པ་དོན་གྱི་སྒྲོན་མ་ཞེས་བྱ་བ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །གཞི་དྲན་པ་མེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང༌། ལམ་སྐྱེ་བ་མེད་པ་ལམ་གྱི་རྣམ་པར་ཤེས་པ་ཉིད་དང༌། འབྲས་བུ་བློ་ལས་འདས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཕྱག་འཚལ་ལོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་བ་དེ་ནི་ཀུན་མཁྱེན་ཡེ་ཤེས་ལ་ཕྱག་འཚལ་བ་ཡིན་ནོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཨེ་བཾ་མ་ཡ། ཡི་གེ་བཞི་པོ་འདི་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་འབྱུང་གནས། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཞིར་གྱུར་པ། སེམས་ཉིད་དང་ཆོས་ཉིད་ཀྱི་ངོ་བོ་གཅིག་ལ་དྲན་པ་དང༌། དྲན་པ་མེད་པ་དང༌། སྐྱེ་བ་


DTG095_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དང༌། བློ་ལས་འདས་པ་ཆོས་བཞི་པོ་དུས་གཅིག་པ་ལས་ཟབ་པ་དང༌། སྣང་བའི་ཚུལ་རྣམ་པ་གཉིས་ཀྱིས་ཐོས་སོ། །དེ་ཡང་ཟབ་པ་ནི་ཐོས་པ་དང་བསམ་པ་དང་བསྒོམ་པ་ལས་འདས་པ་སྟེ། དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་རྣམས་དང༌། ཁམས་གསུམ་གྱི་སེམས་ཅན་མ་ལུས་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཐ་མི་དད་པའི་སྐད་ཅིག་མ་གཅིག་ལ་མཉམ་པ་ཉིད་ལ་གནས་པའི་ཚིག་བླ་དགས་སོ། །སྣང་བ་ནི་དྲན་པའི་རྣམ་པ་སེམས་ཅན་རྣམས་ཀྱི་ལས་ལ་ཆགས་པའོ། །བཅོམ་ལྡན་འདས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་བཅོམ་ནས་ཆོས་ཀྱི་སྐུ་ལ་མྱ་ངན་ལས་འདས་པའོ། །རྒྱལ་པོའི་ཁབ་ནི་ཀུན་ནས་ཉོན་ཡོངས་པའི་གནས་རྣམས་ཀྱི་ཁྱད་པར་དུ་འཕགས་ཏེ། ཆོས་མ་ལུས་པ་སྒྱུ་མ་དང་རྨི་ལམ་ལྟ་བུས་འཇིག་རྟེན་པའི་ཆོ་འཕྲུལ་སྣ་ཚོགས་བསྟན་པའི་ཕྱིར་རོ། །བྱ་རྒོད་ཕུང་པོའི་རི་ནི་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་ཁྱད་པར་དུ་འཕགས་ཤིང་སྟོང་པ་ཉིད་ལ་གནས་པའི་སྐྱེས་བུའི་བྱ་རྣམས་ཟིལ་གྱིས་གནོན་པས་སྤུངས་པ་ཡིན་ནོ། །དགེ་སློང་གི་དགེ་འདུན་ཆེན་པོ་དང་ནི་ཉོན་མོངས་པ་ལས་བྱོལ་ནས་རང་རང་གི་འདོད་པའི་སྐམ་སར་གནས་པ་རྣམས་སོ། །བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་ནི་ཤེས་པ་དང་ཤེས་བྱ་ལ་སོགས་པ་མཉམ་པ་དང་བྲལ་ནས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མཁྱེན་པ་རྣམས་སོ། །ཐབས་ཅིག་ཏུ་བཞུགས་ཏེ་ནི་དྲན་པ་སྣ་ཚོགས་ཐབས་སུ་ཤེས་ཤིང་དྲན་པས་མ་གོས་པ་ཤེས་རབ་རྣམ་གསུམ་དང་མ་བྲལ་བ་ཟབ་མོའི་ཆོས་ཉིད་ཀྱི་སྣོད་དུ་གྱུར་པ་རྣམས་དང་ཐབས་ཅིག་གོ ། དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བ་ནི་ཟབ་པ་ནི་དྲན་པ་དང་རིག་པ་དང་བློའི་རྣམ་པ་གང་གིས་ཀྱང་མ་གོས་པ། དཔེ་དང་བརྡས་མཚོན་དུ་མེད་པ་ཡིན་ཡང་ནམ་མཁའ་ལྟར་མཐའ་དབུས་མེད་པའི་ཆོས་ཉིད་དོ། །སྣང་བ་ནི་དྲན་པ་གློ་བུར་བ་ནམ་མཁའ་ལ་ནམ་གཞུག་ཆད་ཀའི་སྦྲང་བུ་རྒྱུ་བ་ལྟར་མི་རྟག་པ་དང་འགྱུར་བ་ཅན་ཡང་དག་པ་མ་ཡིན་པ་ཐུགས་ལ་དགོངས་པའི་ཕྱིར་རོ། །ཆོས་ཀྱི་རྣམ་གྲངས་ནི་ཟབ་པ་དང་རྒྱ་ཆེ་བའོ། །ཟབ་པ་དང་རྒྱ་ཆེ་བ་ནི་གཅིག་ལ་མ་འདྲེས་པ་དཔེར་ན་མཚོ་དང་བ་ལ་ནམ་མཁའི་གཟུགས་བརྙན་མཐོང་བ་ནི་དཀོན་ནོ། །ཉི་མ་དང་ཟླ་བ་དང་སྐར་མ་ལ་སོགས་པའི་གཟུགས་བརྙན་མཐོང་བ་ནི་


DTG095_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་མང་ངོ༌། །དེ་བཞིན་དུ་ཟབ་པའི་ཆོས་དྲན་པ་མེད་པ་དང༌། སྐྱེ་བ་མེད་པ་དང༌། བློའི་སྤྱོད་ཡུལ་མ་ཡིན་པ་ལ་འདྲིས་ཤིང་ཡིད་ཆེས་པའི་སྐྱེས་བུ་ནི་ཤིན་ཏུ་དཀོན་ནོ། །རྒྱ་ཆེ་བའི་ཆོས་དྲན་པའི་རྣམ་གྲངས་མི་འདྲ་བ་ལ་ཆགས་ཤིང་ཡིད་ཆེས་པ་ནི་ཤིན་ཏུ་མང་ངོ༌། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་ཟབ་པ་དང་རྒྱ་ཆེ་བ་ཆོས་ཀྱི་དབྱིངས་སུ་ཐ་མི་དད་པ་སྟེ། དཔེར་ན་མཚོ་དང་བ་ལ་ནམ་མཁའི་གཟུགས་བརྙན་ཤར་བ་ན་ཉི་མ་དང་ཟླ་བ་དང་སྐར་མ་ལ་སོགས་པའི་གཟུགས་བརྙན་ཤར་བ་ནི་ཆུ་བོའི་ངོ་བོར་གཅིག་པ་བཞིན་དུ། དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་དགོངས་པ་གཅིག་པ་ཡིན་ནོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཉིད་ཀྱིས་དགོངས་པའི་ཟབ་མོའི་ཆོས་ཉིད་ལ་དགོངས་ནས་སེམས་ཅན་རྣམས་ཀྱི་དོན་དུ་ཐབས་ཀྱི་སྣང་བ་ལ་གནས་པས་སོ། །སེམས་དཔའ་ཆེན་པོ་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་དགོངས་པ་ལ་གནས་ནས་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པའི་དོན་མཛད་པས་སོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ལས་འཕགས་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཤིང་དམིགས་པ་མེད་པའི་ཐུགས་རྗེ་མདའ་བས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ནི་ཕྱིན་ཅི་མ་ལོག་པའི་ཤེས་པའོ། །ཕ་རོལ་ཏུ་ཕྱིན་པ་ནི་བློའི་སྤྱོད་ཡུལ་ལས་འདས་པའོ། །ཟབ་མོ་སྤྱོད་པ་ཉིད་ལ་ལྟ་ཞིང་ནི་དྲན་པའི་རྣམ་པས་མ་གོས་པ་ལས་སྣ་ཚོགས་ཤར་པས་སྤྱོད་པ་མ་ངེས་པ་ལ་ལྟོས་པས་སོ། །ཕུང་པོ་ལྔ་པོ་དེ་དག་ལ་ཡང་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པའི་ཟག་པ་དང་བཅས་པ་དེ་དག་དང༌། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་ཟག་པ་མེད་པའི་ཕུང་པོ་ལྔ་པོ་དག་ལའོ། །རང་བཞིན་གྱིས་སྟོང་པར་རྣམ་པར་ལྟའོ་ནི་ཟག་པ་དང་བཅས་པའི་ཕུང་པོ་རྣམས་འདོར་བར་འདོད་པ་དང༌། ཟག་པ་མེད་པའི་ཕུང་པོ་རྣམས་བླང་བར་འདོད་པ་རྣམས་ལ་རང་བཞིན་མ་གྲུབ་པར་བསྟན་པའི་ཕྱིར་རོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རིའི་བུས་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་དགོངས་པ་ཟབ་མོས་ཁམས་གསུམ་གྱི་སེམས་ཅན་གྱི་དྲན་པའི་སྣང་བ་ལ་བྱིན་གྱིས་བརླབས་པས་སྤོབས་པ་མཐའ་ཡས་པ་སྐྱེས་སོ། །བྱང་ཆུབ་


DTG095_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་དགོངས་པ་ཟབ་མོ་འབའ་ཞིག་ལ་མོས་པའི་གང་ཟག་རྣམས་ཀྱི་དོན་ལ་དགོངས་ནས་དྲི་བར་བྱའོ་སྙམ་དུ་བསམ་པ་སྐྱེས་པའོ། །དེ་ལ་དགོངས་ནས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ནི་ཐེག་པ་ཆེན་པོ་པའི་རིགས་ཅན་རྣམས་སོ། །དེའི་ནང་ནས་ཟབ་མོའི་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་ཤིང་དན་དུ་གཉེར་བ་རྣམས་སོ། །དེ་ཡང་སེམས་ཉིད་གཅིག་པ་ལ་རྨི་ལམ་ལྟར་ཐ་དད་དུ་སྣང་བ་ནི་སྐྱེས་པ་དང་བུད་མེད་དོ། །གང་ལ་ལ་ནི་ཟབ་མོའི་དོན་ལ་མ་མོས་ཤིང་འཇིགས་པ་དང་སྡང་བ་དང་སྐྲག་པར་འགྱུར་བ་ཡང་ཡོད་དོ། །ལ་ལས་ནི་ཟབ་མོའི་ཆོས་ཐོས་པ་ཙམ་གྱི་དགའ་ཞིང་མགུ་ལ་སེམས་བསྐྱེད་པ་ཙམ་གྱིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ཡང་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་སྤྱད་པར་འདོད་པ་དེས་ནི་བདག་དང་གཞན་མི་དམིགས་པའི་ཚུལ་གྱིས་ཇི་ལྟར་བསླབ་པར་བྱ་ཞེས་དྲིས་སོ། །དེ་སྐད་ཅེས་སྨྲས་པ་དང་ནི་དྲིས་པའི་ལན་གདབ་པར་བྱའོ་ཞེས་དགོངས་པའི་ཐ་ཚིག་གོ །གང་གིས་དགོངས་ཤེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཟབ་མོའི་ཆོས་ལ་ཇི་ལྟ་བ་བཞིན་དུ་དགོངས་ན་སེམས་ཅན་རྣམས་ཀྱི་དོན་དུ་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཤཱ་རིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ནི་ཟབ་མོ་དོན་དུ་གཉེར་བ་རྣམས་ཀྱི་དེད་དཔོན་དུ་གྱུར་པ་ཤཱ་རིའི་བུ་ལ་དམིགས་ནས་མདོ་གཞན་པ་རྣམས་ནི་སྙིང་པོ་མེད་པ་སྤུན་པའི་རྣམ་པ་ལྟ་བུ་སྟེ། གང་ལ་ལ་ནི་དྲང་བའི་དོན་གྱི་མདོ་ལ་མོས་པ་དང༌། ལ་ལ་ནི་ངེས་པའི་དོན་གྱི་མདོ་ལ་མོས་པ་རྣམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དུས་གསུམ་གྱི་སངས་རྒྱས་ཀྱི་ཐུགས་ཀྱི་སྙིང་པོ་ཡིན་པ་དང༌། དེ་བས་ཀྱང་ཟབ་མོའི་དོན་བློའི་སྤྱོད་ཡུལ་མ་ཡིན་པས། ཟབ་མོ་སྤྱད་པ་སྤྱོད་པར་འདོད་པ་དེས་འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ་ནི་དོན་ཟབ་མོའི་ཆོས་ཉིད་ལ་བློས་སྤྱད་པར་དཀའ་བས་སོ། །སྣང་བའི་ཆོས་ལ་སྤྱད་པས་ནི་སྙིང་པོའི་ཆོས་དང་མི་ཕྲད་དོ། །དེ་བས་ན་དྲན་པའི་སྣང་བ་འདི་རྣམས་རྣམ་པར་མ་བྱང་གི་བར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་རྟོགས་


DTG095_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

པར་དཀའ་བས་ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་ཡང་དག་པར་རྗེས་སུ་བལྟའོ། །འོ་ན་ཕྱིན་ཅི་མ་ལོག་པའི་ཟབ་མོའི་ཆོས་ཉིད་དང་མ་ཕྲད་པའི་ཕྱི་རོལ་པ་ནི་བདག་ཏུ་ལྟ་བ་དང༌། བདག་མེད་པར་ལྟ་བ་རྣམས་སོ། །དེ་ཡང་བདག་ཏུ་ལྟ་བ་ནི་རིག་པ་ཡང་དག་པར་ཡོད་པར་ཁས་ལེན་པ་རྣམས་སོ། །བདག་མེད་པ་ལ་མོས་པ་ནི་རིག་པ་སྟོང་པ་གཉིས་སུ་མེད་པར་སྨྲ་བ་རྣམས་སོ། །དེ་ཡང་གང་ཟག་དང་ཆོས་ལ་བདག་མེད་པར་ལྟ་བ་ལ་བློ་གོམས་པར་བྱ་བའི་དོན་དུ་ཕྱི་དང་ནང་ཐམས་ཅད་ལ་རྡུལ་ཕྲ་རབ་ཏུ་གཞིག་ཅིང་བལྟས་པས་བདག་མ་རྙེད་པ་ལ་བློ་གོམས་པར་བྱས་ནས་མཉམ་པ་ཉིད་ལ་གཞག་པའི་དུས་སུ་ཅི་ཡང་མི་དམིགས་ཅི་ཡང་མི་རྟོག་པ་དེ་ལ་ཡུན་རིང་དུ་སེམས་གནས་པ་ཐོབ་པར་བྱ་བའི་ཡུལ་དུ་བྱས་པ་ན་སེམས་དངས་ཤིང་ཉམས་དགའ་བ་ལ་དམིགས་པ་ནི་མཉམ་པར་གཞག་པའོ། །རྗེས་ལ་ཐོབ་པའི་དུས་སུ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང༌། རྨི་ལམ་ལྟ་བུ་དང་སྨིག་རྒྱུ་ལྟ་བུ་དང༌། སྒྲ་བརྙན་ལྟ་བུ་དང༌། ཆུ་ཟླ་ལྟ་བུ་དང༌། འཇའ་ཚོན་ལྟ་བུ་དང༌། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༌། མགལ་མེ་བསྐོར་བ་ལྟ་བུ་དང༌། སྐྲ་ཤད་འཛིངས་པ་ལྟ་བུ་དང༌། དབང་པོའི་དྲ་བ་ལྟ་བུ་དང༌། སྤྲུལ་པའི་རྣམ་པ་ལ་དམིགས་ནས་ཡིད་བྱུང་ཞིང་སྣ་ཚོགས་སྟོང་པ་ཉིད་དང་ཟུང་དུ་འཇུག་པ་ལ་མོས་པའི་གང་ཟག་རྣམས་ཀྱི་དོན་དུ་གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ་ཞེས་གསུངས་སོ། །གཟུགས་ཀྱི་ཕུང་པོ་ཇི་ལྟ་བ་དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སྟོང་པའོ། །རྣམས་ཞེས་བྱ་བས་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱང་སྟོང་པ་ཉིད་དོ། །དེའི་ནང་ནས་ཀུན་གཞི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ་བ་དེ་དོན་དུ་གཉེར་བ་ཡོད་དེ་དེ་ནི་ལེགས་པ་མ་ཡིན་ནོ། །འདིས་ཅི་བསྟན་ཞེ་ན། སྣང་བ་སྣ་ཚོགས་དྲན་པས་ཡུལ་དུ་བྱས་པའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དབང་པོའི་མངོན་སུམ་གྱིས་གཏན་ལ་ཕབ་པའི་ཆོས་ཐམས་ཅད་ཟུང་དུ་འཇུག་པའི་དྲན་པ་ལ་བརྟེན་པ་སོ་སོའི་སྐྱེ་བོའི་ཆོས་བསྟན་ཟིན་ཏོ། །ད་ནི་ཟབ་མོའི་ཆོས་ཉིད་ལ་བརྟེན་པ་སོ་སོའི་སྐྱེ་བོའི་སྤྱོད་ཡུལ་མ་ཡིན་པ་དྲན་པ་མེད་པ་དང༌། སྐྱེ་བ་མེད་པ་


DTG095_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དང། བློའི་སྤྱོད་ཡུལ་ལས་འདས་པ་དེ་ནི་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་གསུམ་པོ་ནི་ཡིད་ཀྱི་མངོན་སུམ་དང༌། རང་རིག་པའི་མངོན་སུམ་དང༌། རྣལ་འབྱོར་གྱི་མངོན་སུམ་གྱིས་སྟོང་པ་ཉིད་རབ་ཏུ་མི་གནས་པ་དང༌། བཏང་སྙོམས་རབ་ཏུ་མི་གནས་པ་དང༌། རྒྱུན་ཆད་རབ་ཏུ་མི་གནས་པ་དང་གསུམ་གྱིས་རྐྱེན་གསུམ་དང་བྲལ་བའི་ཤེས་རབ་རྣམ་གསུམ་གྱི་གདམས་ངག་ནི། ཤཱ་རིའི་བུ་དེ་ལྟ་བས་ན་ཆོས་ཐམས་ཅད་སྟོང་པ་ཉིད་དེ། དེ་ལ་ནི་གཟུགས་མེད། ཚོར་བ་མེད་པ་ནས་རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ་ཞེས་པའི་བར་གྱིས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སྤྲུལ་པའི་སྐུ་བསྟན་ནོ། །མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་མེད། དེས་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་ཏོ། །དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། བྲི་བ་མེད་པ། གང་བ་མེད་པའོ། །ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ། །དེས་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཆོས་ཀྱི་སྐུ་བསྟན་ཏོ། །དེ་གསལ་བར་བྱེད་པ་ནི་དྲན་པས་མ་གོས་པ་ཡིད་ལ་མ་བྱས་པ་སྟོང་པ་ཉིད་དོ། །དེ་ཡང་ཡིད་ལམ་བྱས་པའི་སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་མེད། རྣམ་པར་ཤེས་པ་མེད་དོ། །གང་ལ་རྣམ་པར་ཤེས་པ་མེད་པ་དེ་ལ་དྲན་པ་མེད་དོ། །གང་ཡིད་ལ་མ་བྱས་པའི་སྟོང་པ་ཉིད་ལ་མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད་དོ། །གང་ལ་ཡིད་མེད་པ་དེ་ལ་ནི་ཡིད་ལ་བྱར་མེད་དེ། གང་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་དེ་ནི་སངས་རྒྱས་རྗེས་སུ་དྲན་པ་དང༌། ཆོས་རྗེས་སུ་དྲན་པ་དང༌། དགེ་འདུན་རྗེས་སུ་དྲན་པའོ། །གང་དཀོན་མཆོག་གསུམ་རྗེས་སུ་དྲན་པ་དེ་ནི་རྗེས་སུ་དྲན་པ་རྣམས་ཀྱི་མཆོག་གོ །གང་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་དེ་ནི་གཏོང་པ་རྗེས་སུ་དྲན་པ་དང༌། ཚུལ་ཁྲིམས་རྗེས་སུ་དྲན་པ་དང༌། ལྷ་རྗེས་སུ་དྲན་པའོ། །གཟུང་བ་དང་འཛིན་པ་མི་དམིགས་པའི་ཚུལ་གྱིས་གཏོང་བ་རྗེས་སུ་དྲན་པའོ། །སྐྱེ་བ་དང་འཇིག་པ་མི་དམིགས་པའི་ཚུལ་གྱིས་ཚུལ་ཁྲིམས་རྗེས་སུ་དྲན་པའོ། །སྐུ་གསུམ་མི་དམིགས་པའི་


DTG095_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གྱིས་ལྷ་རྗེས་སུ་དྲན་པའོ། །གང་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པའི་སྟོང་པ་ཉིད་དེ་ལ་ནི་གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། །གང་ལ་ཆོས་མེད་པ་དེ་ལ་ནི་འདུས་བྱས་ཀྱི་ཆོས་དང་འདུས་མ་བྱས་ཀྱི་ཆོས་དང༌། དགེ་བའི་ཆོས་དང༌། མི་དགེ་བའི་ཆོས་དང༌། ལུང་དུ་བསྟན་པའི་ཆོས་དང༌། ལུང་དུ་མ་བསྟན་པའི་ཆོས་རྣམས་མེད་དོ། །གང་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པའི་སྟོང་པ་ཉིད་དེ་ལ་ནི་མིག་གི་ཁམས་མེད། མིག་གི་རྣམ་པར་ཤེས་པའི་ཁམས་མེད་པ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ། །གང་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པའི་སྟོང་པ་ཉིད་དེ་ལ་ནི་མ་རིག་པ་མེད། མ་རིག་པ་ཟད་པ་ཡང་མེད་པ་ནས། རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ། །གང་སྐྱེ་བ་མེད་པ་དེ་ལ་ནི་རྒ་ཤི་མེད་དོ། །གང་འདུ་བ་མེད་པ་དེ་ལ་ནི་འབྲལ་བ་མེད་དོ། །གང་རྙེད་པ་མེད་པ་དེ་ལ་སྟོར་བ་མེད་དོ། །གང་བྱས་པ་མེད་པ་དེ་ལ་འཇིག་པ་མེད་དོ། །གང་དྲན་པ་མེད་པ་དེ་ལ་བརྗོད་པ་མེད་དོ། །གང་རྟག་པ་མེད་པ་དེ་ལ་ཆད་པ་མེད་དོ། །འདིས་ནི་སྟོང་པ་ཉིད་རབ་ཏུ་མི་གནས་པ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡིད་ཀྱི་མངོན་སུམ་གྱིས་གཏན་ལ་ཕབ་པ་བསྟན་ཏོ། །ད་ནི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་དང༌། རྣམ་པར་བྱང་བའི་ཆོས་རྣམས་ཀྱི་བདེན་པ་བཞི་མི་གནས་པས་ན་བཏང་སྙོམས་རབ་ཏུ་མི་གནས་པའི་མཚན་མ་མེད་པའི་ཏིང་ངེ་འཛིན་རང་རིག་པའི་མངོན་སུམ་གྱིས་གཏན་ལ་དབབ་པར་བྱའོ། །དེ་ལ་བཏང་སྙོམས་ནི་མཉམ་པ་ཉིད་དོ། །མཉམ་པ་ཉིད་གང་ཡིན་པ་དེ་ལ་ནི་དུས་གསུམ་མི་དམིགས་པས་སོ། །དེ་ཡང་མཉམ་པ་ཉིད་ནི་མི་དམིགས་པ་གང་གིས་ཀྱང་མ་གོས་པས་མིང་ཙམ་མོ། །དེའི་ཕྱིར་མཚན་ཉིད་མེད་པ་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ནི་དྲན་པ་འདི་ཡིན་ནོ། །རྣམ་པར་བྱང་བའི་མཚན་ཉིད་ནི་དྲན་པ་མེད་པའི་དབྱིངས་ཡིན་ནོ། །དེ་གཉིས་མི་རྒྱུན་དྲན་པ་རྡུལ་ཙམ་ཡང་མེད་ན་དྲན་པ་མེད་པར་འགྱུར་བ་ལྟ་ག་ལ་ཡོད། དྲན་པའི་ཆོས་རྣམས་ཀྱང་མི་རྒྱུ་ལ་དྲན་པ་མེད་པའི་ཆོས་རྣམས་ཀྱང་མི་རྒྱུ་བས་སྐྱེ་བ་མེད་ཅིང་འགག་པ་མེད་པའོ། །དེ་ཡང་ཟབ་མོའི་ཆོས་ཉིད་མ་རིག་པ་ལས་དྲན་པའི་རྣམ་པ་ནི་ཀུན་འབྱུང་པའོ། །དེ་དག་མེད་བཞིན་དུ་ཡོད་པར་མཐོང་བས་སྡུག་བསྔལ་བའོ།།


DTG095_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་དང་མེད་པའི་ཆོས་གཉིས་ཀ་མེད་པར་མ་ཤེས་པས་ནི་སྦྱང་བྱ་དང་སྤྱོད་བྱེད་ལམ་གྱི་རྣམ་པའོ། །ལམ་གྱི་རྣམ་པ་གོམས་པ་ལས་འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་འགྱུར་བའི་འགོག་པ་ཐོབ་བྱ་ཐོབ་བྱེད་ཀྱི་ཡུལ་ལས་འདས་པ་ཡིན་པས་སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་མེད་ཅེས་གསུངས་སོ། །དེའི་ཕྱིར་སྦྱང་བྱ་དང་སྤྱོད་བྱེད་མ་གྲུབ་པས་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང༌། རྨི་ལམ་ལྟ་བུར་གསུངས་སོ། །སྦྱང་བྱ་ནི་དྲན་པ་འདི་ཁོ་ནའོ། །དེ་ཡང་བཏགས་པས་སྒྱུ་མ་དང་རྨི་ལམ་དང་འདྲ་ལ་རང་བྱུང་རང་ཞི་བ་ཡིན་ཡང༌། བདེ་བ་དང་རིག་པ་དང་སྟོང་པ་ཉིད་སྙིང་རྗེའི་སྒྲོན་མ་སྤར་ནས་སྒོམ་པ་ནི་ཐབས་ཀྱི་སྙིང་པོ་ལ་བརྡའི་མཚན་མ་ཙམ་དུ་ཤེས་པར་བྱའོ། །དེས་བརྡ་བྱས་ནས་དེ་ལས་གཞན་དྲན་པ་མི་རྒྱུ་བ་དེ་ལ་ནི་ཤེས་རབ་ཀྱི་རྣམ་པ་ཙམ་དུ་ཤེས་པར་བྱའོ། །དེ་གཉིས་ལས་གཞན་མ་སྐྱེས་པ་ནི་ཕ་རོལ་ཏུ་ཕྱིན་པ་ཙམ་དུ་ཤེས་པར་བྱའོ། །དེ་དག་ལས་གཞན་གང་གི་བློ་ཡང་མ་ཤར་བ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་བྱའོ། །དེའི་ཕྱིར་སྙིང་པོའི་དོན་གྱི་གདམས་ངག་ནི་དྲན་པ་མ་ལུས་པ་སྒྱུ་མ་ལྟ་བུའི་དོན་དང༌། དྲན་པས་མ་གོས་པ་སྟོང་པ་ཉིད་ཀྱི་དོན་དང༌། དྲན་པ་དང་དྲན་པ་མེད་པས་མ་གོས་པ་མཚན་མ་མེད་པའི་དོན་དང༌། སྐྱེ་བ་མེད་པས་མ་གོས་པ་སྨོན་པ་མེད་པའི་དོན་ཡིན་པས་སོ། །གདམས་ངག་གི་རྒྱུན་མི་འཆད་པའི་བསམ་གཏན་བསྟན་པས་སོ། །དེ་ལྟར་གནས་པའི་བསམ་གཏན་ངོ་ཤེས་པའི་སྐྱེས་བུ་རྣམས་དང༌། དེ་ལྟར་ངོ་མ་ཤེས་པའི་སྐྱེས་བུ་རྣམས་སོ། །དཔེར་ན་ཆུ་ཁམས་གསེར་དང་ནམ་མཁའ་བཞིན་དུ་རང་བཞིན་གྱིས་རྣམ་པར་དག་པ་ལ་གློ་བུར་གྱི་དྲི་མས་མ་གོས་པའོ། །དེ་ལ་མཚོ་ཤིན་ཏུ་དང་བ་ལ་ཟླ་བ་ཉ་བའི་ཚེ་སྤྲིན་དང་ཁུག་རྣས་མ་བསྒྲིབས་པའི་གཟུགས་བརྙན་ཤར་བ་མཐོང་ནས་ཁ་ཅིག་ནི་དགའ་ཞིང་མགུ་ནས་ཡིད་ཆགས་པ་སྐྱེས་སོ། །ཁ་ཅིག་ནི་ཅི་ཡང་སྙམ་པ་མེད་དོ། །དེ་བཞིན་དུ་སེམས་དངས་མ་རང་བཞིན་གྱིས་རྣམ་པར་དག་པ་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རྣམ་པ་མི་འདྲ་བ་བྱུང་བ་ལ་སེམས་དགའ་ཞིང་མགུ་བས་ཡིད་ཆགས་ཤིང་འདོད་ཆགས་སྐྱེས་སོ། །སེམས་དངས་མ་དང་ཕྲད་པའི་སྐྱེས་བུ་དམ་པ་རྣམས་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཉམས་སུ་མྱོང་


DTG095_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཅི་ཡང་མི་སེམས་སོ། །དེ་ལ་གསེར་གྱི་རང་བཞིན་ཁ་དོག་སེར་པོ་དེ་ལ་ཁ་ཅིག་གིས་ཡིད་དུ་འོང་ཞིང་རྒྱན་དང་ནོར་ལ་སོགས་པ་བྱེད་དེ། དེ་ཡང་གཡའ་གློ་བུར་དུ་ཆགས་པ་དེ་ལ་མི་སྡུག་པར་ལྟ་ཞིང་ཞེ་སྡང་སྐྱེད་དོ། །མཁས་པས་བལྟས་པས་གཡའ་དེ་གློ་བུར་པ་ཡིན་པས་བསལ་དུ་བཏུབ་སྙམ་ཞིང་མི་སྡུག་པར་ལྟའོ། །དེ་བཞིན་དུ་སེམས་དངས་མ་དང་མ་ཕྲད་པའི་སྐྱེས་བུ་རྣམས་ནི་མཉམ་པར་བཞག་པའི་སེམས་ལ་གཅེས་པར་བྱེད་ཅིང༌། རྗེས་ཀྱི་ཤེས་པ་ལ་མི་སྡུག་པར་ལྟ་ཞིང་རེ་བ་དང་དོགས་པ་བསྐྱེད་དོ། །སེམས་དངས་མ་དང་ཕྲད་པའི་སྐྱེས་བུ་དམ་པ་རྣམས་ནི་མཉམ་པར་བཞག་པ་དང༌། རྗེས་ལ་ཐོབ་པའི་སྒྱུ་མ་ལྟ་བུ་དང་རྨི་ལམ་ལྟ་བུར་ཤེས་ཤིང་བྱམས་པ་དང་སྡང་བར་མི་མཛད་དོ། །དེ་ལ་ནམ་མཁའ་ནི་མིང་ཙམ་ཡོད་ལ་དངོས་པོར་མེད་པའོ། །དེ་ལ་ཡང་རྐྱེན་གྱི་དབང་གིས་མུན་པ་དཀར་བ་དང་གནག་པ་ལ་སོགས་པ་སྣ་ཚོགས་འབྱུང་བ་ལ། ཉིན་དང་མཚན་དང་ཟླ་བ་དང་ལོ་དང་བསྐལ་པ་བགྲང་ཞིང་ས་དང་ནམ་མཁའ་དང་ཤིན་ཏུ་རིང་ངོ་སྙམ་མོ། །མཁས་པས་བལྟས་པས་ས་དང་ནམ་མཁའི་བར་ན་སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཆ་ཤས་ཙམ་ཡང་ཡོད་པར་མ་གཟིགས་སོ། །དེ་བཞིན་དུ་སེམས་དངས་མ་དང་མ་ཕྲད་པའི་སྐྱེས་བུ་རྣམས་ཀྱིས་དཀའ་བ་རྣམ་པ་དུ་མ་བསྐལ་པ་གྲངས་མེད་པའི་བར་དུ་སྐྱེ་རྒ་ན་འཆིའི་འདམ་ལས་མ་ཐར་བར་རང་འདོད་པའི་འབྲས་བུ་ཐོབ་པ་འདོད་དེ་ཐོབ་པར་དཀའོ། །ཟབ་མོའི་ཆོས་ཉིད་སེམས་དངས་མ་དང་ཕྲད་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་ནི་རྟོགས་ན་སེམས་གྲོལ་བས་སེམས་ཅན་དང་ཆོས་ཀྱི་སྐུའི་བར་ན་ཅི་ཡང་ཡོད་པར་མ་གཟིགས་སོ། །དེ་བས་ན་ཟབ་མོའི་ཆོས་ཉིད་དང་མ་ཕྲད་པའི་ཁམས་གསུམ་གྱི་སེམས་ཅན་རྣམས་ནི་གཞི་དྲན་པ་མེད་པ་དང༌། ལམ་སྐྱེ་བ་མེད་པ་དང༌། འབྲས་བུ་བློ་ལས་འདས་པ། མ་རིག་པ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ལས་གྱུར་པ་ནི་ཕུང་པོ་དང་ཁམས་ལ་སོགས་པའོ། །དེ་ལ་བདག་དང་བདག་གིར་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོའོ། །མ་རིག་པ་ལས་རིག་པ་གློ་བུར་དུ་ཆགས་པས་སྡུག་བསྔལ་ཀུན་གྱི་རྒྱུར་འགྱུར་རོ། །དེ་ཡང་སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་པའི་སྡུག་བསྔལ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་དུ་འགྱུར་རོ། །སྡུག་


DTG095_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་དེ་དག་ལས་གྲོལ་བར་འདོད་པ་ལ་ལས་ནི་འཕགས་པའི་ལམ་གྱི་རྣམ་པ་ལས་གོམས་པ་ལས་འབྲས་བུ་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་དོན་དུ་འགོག་པ་མངོན་དུ་བྱ་བ་ལ་དོན་དུ་གཉེར་བ་ཡོད་དོ། །དེ་དག་མ་ལུས་པ་སྒྱུ་མ་ལྟ་བུ་དང་རྨི་ལམ་ལྟ་བུར་ཇི་ལྟ་བ་བཞིན་དུ་རྟོགས་པས་ནི་གང་ཡང་མི་ལེན་མི་འདོར་བའི་ཚུལ་གྱིས་འཁོར་བའི་མཚན་མ་ནི་སྡུག་བསྔལ་བ་དང་ཀུན་འབྱུང་བའོ། །མྱ་ངན་ལས་འདས་པའི་མཚན་མ་ནི་འགོག་པ་དང་ལམ་མོ། །དེ་དག་ཐམས་ཅད་ཡང་དག་ཏུ་མི་འཛིན་པས་བཏང་སྙོམས་མཚན་མ་མེད་པའི་ཏིང་ངེ་འཛིན་གཏན་ལ་ཕབ་པའོ། །ད་ནི་རྒྱུན་ཆད་རབ་ཏུ་མི་གནས་པ་རྣལ་འབྱོར་གྱི་མངོན་སུམ་བློའི་སྤྱོད་ཡུལ་མ་ཡིན་པ་སྨོན་པ་མེད་པའི་ཏིང་ངེ་འཛིན་བསྟན་པར་བྱའོ། །དེ་ཡང་ཤེས་པ་དང་ཤེས་བྱའི་དྲི་མ་གང་ཡང་མ་བྱུང་བས་དྲི་མ་མེད། དྲི་མ་དང་བྲལ་བ་ཡང་མེད་དོ། །ཆོས་ཀྱི་སྐུ་ནི་བསམ་པ་དང་བསྒོམ་པ་ལས་འདས་པས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རློམ་སེམས་མེད་པ་ནི་ཡེ་ཤེས་མེད་དོ། །དེ་ཡང་ཡེ་ཤེས་མེད་ཅེས་བྱ་བ་ནི་ཡོད་པ་ལ་ལྟོས་ནས་མེད་པ་མ་ཡིན་ཏེ། ཡོད་པ་དང་མེད་པ་ལ་སོགས་པ་ལས་གྲོལ་བ་མི་འགྱུར་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་ངོ་བོ་ཐ་མི་དད་པ་ནི་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱའོ། །དེ་ཡང་དབྱེ་བ་ནི་སྐུ་གསུམ་ལྷུན་གྱིས་གྲུབ་པས་སོ། །དགོས་པ་ནི་ཟབ་མོའི་དོན་རྟོགས་ནས་སེམས་གྲོལ་བའོ། །དགོས་པའི་དགོས་པ་ནི་འབད་པ་མེད་པར་སེམས་ཅན་རྣམས་ཀྱི་དོན་འབྱུང་བའོ། །ངེས་ཚིག་ནི་ཡེ་ཤེས་མེད་པ་ཆོས་ཀྱི་སྐུའོ། །ཆོས་སྐུ་དེ་ཡང་རྒྱུ་ལས་བྱུང་བའི་འབྲས་བུ་ཡང་མ་ཡིན་ལ། ལས་ལས་བྱུང་བའི་རྣམ་པར་སྨིན་པ་ཡང་མ་ཡིན་ནོ། །དེ་ལྟ་བུ་ཐོབ་པ་མེད་ཅེས་བྱ་བ་ནི་བློ་དང་སེམས་དང་མིང་དང་རྣམ་པར་ཤེས་པའི་ཡུལ་མ་ཡིན་པས་སོ། །མ་ཐོབ་པ་ཡང་མེད་ཅེས་བྱ་བ་ནི་བློ་དང་སེམས་དང་ཡིད་དང་རྣམ་པར་ཤེས་པ་ལས་འདས་པས་མ་ཁྱབ་པ་མེད་པའི་ཕྱིར་རོ། །ཤཱ་རིའི་བུ་དེ་ལྟ་བས་ན་ནི་དེ་ཙམ་ཞིག་བརྗོད་པར་བྱའི། མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་ལས་འདས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཁམས་གསུམ་གྱི་སེམས་ཅན་གྱི་ཉོན་མོངས་པ་དང་ལས་ལས་གྱུར་པའི་བློ་དང་སེམས་དང་ཡིད་དང་རྣམ་པར་ཤེས་པའམ། ཤེས་པ་དང་ཤེས་བྱ་ལས་གྱུར་པའི་ཡེ་ཤེས་གློ་བུར་བར་རྟོགས་


DTG095_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཁོང་དུ་ཆུད་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །ཐོབ་པ་མེད་པའི་ཕྱིར་ནི་ས་དང་ལམ་མངོན་དུ་གྱུར་པ་རྣམས་ཀྱིས་ཀྱང་མ་ཐོབ་པའི་ཕྱིར་རོ། །ཤེས་རབ་ནི་རྣམ་པ་གསུམ་མོ། །ཐོས་པའི་ཤེས་རབ་ནི་མིང་དང་ཚིག་དང་ཡིག་ལས་བྱུང་བའོ། །བསམས་པའི་ཤེས་རབ་ནི་དེའི་དོན་མ་ནོར་བར་བསམས་པའོ། །བསྒོམས་པའི་ཤེས་རབ་ནི་སེམས་རྩེ་གཅིག་པའོ། །ཕ་རོལ་ཏུ་ཕྱིན་པ་ནི་དེ་དག་ལས་འདས་པའོ། །ཟབ་མོ་ལ་བརྟེན་ཅིང་གནས་ཏེ་ནི་ཐོས་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མེད་པ་ནི་དྲན་པ་མེད་པའོ། །བསམ་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མེད་པ་ནི་སྐྱེ་བ་མེད་པའོ། །བསྒོམ་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མེད་པ་ནི་བློའི་ཡུལ་ལས་འདས་པའོ། །དེ་ལྟ་བུ་ལ་རྟེན་མེད་པའི་ཚུལ་གྱིས་བརྟེན་ཅིང་གནས་པས་སེམས་ལ་སྒྲིབ་པ་མེད་པ་ནི་ཤིན་ཏུ་རྣམ་པར་དག་པའི་དངས་མ་སེམས་ལ་ལས་དང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པས་མ་གོས་པས་སོ། །སྐྲག་པ་མེད་དེ་ནི་ཟབ་མོའི་ཆོས་ཉིད་ཐོས་ནས་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་བས་སོ། །ཕྱིན་ཅི་ལོག་ནི་ཟབ་མོའི་ཆོས་ཉིད་ལ་མ་མོས་ཤིང་སྲིད་པ་གསུམ་གྱི་སེམས་ཅན་དོན་དམ་པར་ན་ཡོད་དོ་ཞེས་དྲན་པའི་ཆོས་ལ་ཡང་དག་ཏུ་མཐོང་བས་སོ། །ཕྱིན་ཅི་ལོག་ལ་འཁྲུལ་པ་ནི་སྲིད་པ་གསུམ་གྱི་སེམས་ཅན་རྣམས་དཔེར་ན་རྨི་ལམ་གྱི་དུས་སུ་སྒྱུ་མ་མཐོང་བའམ། རྨི་ལམ་ན་ཐག་པ་ལ་སྤྲུལ་དུ་མཐོང་བའམ། གཞོན་ནུ་མའི་རྨི་ལམ་ན་བུ་སྐྱེས་པ་དང་ཤི་བ་མཐོང་བ་དེ་བཞིན་དུ་ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་བདེ་སྡུག་ལ་སོགས་པ་དེ་འདྲའོ། །དེ་ཡང་ཕྱིན་ཅི་ལོག་ཅེས་བྱ་བ་ནི་མ་ནོར་པའི་དོན་དམ་པའི་བདེན་པ་ལ་ནོར་བར་མཐོང་བ་རྣམས་སོ། །དཔེར་ན་གྲུ་རྒལ་བའི་སྐྱེས་བུ་ཁ་ཅིག་གིས་རི་འམ་བྲག་གཡོ་ཞིང་འགུལ་བར་མཐོང་ངོ༌། །དེ་བཞིན་དུ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་ཟིན་པའི་གང་ཟག་གིས་མནོར་བའི་ཆོས་ཉིད་ཟབ་མོ་ལ་ནོར་པ་མཐོང་བ་ཡོད་དོ། །དཔེར་ན་སེང་གེའི་འོ་མ་ནི་སེང་གེའི་ཕྲུ་གུས་བཏུང་བར་བྱའི། གཞན་གྱིས་འཐུངས་ན་ལུས་པོ་གས་ཤིང་དུག་ཏུ་འགྱུར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ནི་ཐེག་པ་ཆེན་པོའི་རིགས་ཅན་སེམས་ཤིན་ཏུ་རྣམ་པར་དག་པ་ལ་བསྟན་པར་བྱའོ། །ཐེག་པ་དམན་པའི་རིགས་ཅན་ལ་བསྟན་ན་འཇིགས་ཤིང་སྐྲག་ལ་དངང་བར་འགྱུར་རོ། །དཔེར་ན་


DTG095_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

བད་ཀན་ཅན་ལ་འོ་མ་འཐུང་དུ་བཅུག་ན་ནད་མི་སེལ་བར་དུག་ཏུ་འགྱུར་རོ། །དཔེ་དེ་བཞིན་དུ་སྣོད་མ་ཡིན་པ་ལ་ཟབ་མོའི་ཆོས་ཉིད་བསྟན་པར་མི་བྱའོ། །དེ་ཡང་འོ་མ་དེ་ཉིད་ཞོ་དང་དར་བར་བྱས་ནས་བད་ཀན་ཅན་འཐུང་དུ་བཅུག་ན་ཕན་པར་འགྱུར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་ཆོས་ཉིད་ལ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལྔ་དང་བསྲེས་ནས་ཐེག་པ་དམན་པ་རྣམས་ལ་བསྟན་ན་ཕན་པར་འགྱུར་རོ། །དཔེར་ན་དམུས་ལོང་མང་པོ་རང་རང་གི་གྲོང་དང་རང་རང་གི་མ་དང་བྲལ་ནས། གྲོང་ཁྱེར་རམ་གྲོང་རྡལ་ལ་སོགས་པར་འཁྱམས་ཏེ་སླར་ལོག་ནས་རང་རང་གི་གྲོང་དང་རང་རང་གི་མ་དང་ཕྲད་ཀྱང་ངོ་ཤེས་པར་མི་འགྱུར་རོ། །དེ་བཞིན་དུ་ཐེག་པ་དམན་པ་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་དང་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མ་དང་བྲལ་ནས་ཀྱང་འཁོར་བའི་གྲོང་ལས་འཁྱམས་ནས་ཚུར་ལོག་ནས་རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་དང་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་དང་ཕྲད་ཀྱང་ངོ་ཤེས་པར་མི་འགྱུར་རོ། །དེ་ཡང་ཐབས་དང་ཤེས་རབ་དང་ལྡན་པའི་དགེ་བའི་བཤེས་གཉེན་གྱིས་བསྟན་པའི་དཔེ་དང་དོན་གྱིས་དེ་དག་གི་སྙིང་པོ་ཤེས་པར་འགྱུར་རོ། །དཔེར་ན་རིན་པོ་ཆེའི་འབྱུང་གནས་ནས་རིན་པོ་ཆེ་བླང་བར་འདོད་པའི་སྐྱེས་བུ་རྣམས་ཕྱིན་ཅི་ལོག་གི་སྐྱེས་བུ་ཞིག་གིས་བ་ལང་གི་རྐང་རྗེས་ལ་རིན་པོ་ཆེའི་འབྱུང་གནས་འདི་ཡིན་ནོ་ཟེར་ཞིང་ཉན་ན་བར་དུ་ཆོད་པ་ཡིན་ནོ། །དེ་བཞིན་དུ་ཐེག་པ་ཆེན་པོའི་རིགས་ཅན་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་བོར་ནས། མདོ་གཞན་དང་གཞན་ལ་ལྟ་ཞིང་ཡིད་ཆེས་ན་བར་དུ་ཆོད་པ་ཡིན་ནོ། །དེ་བས་ན་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་གྱི་གདམས་ངག་ལ་བརྟེན་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་སྤྱོད་པ་དང་བསྒོམ་པ་དང་ལྟ་བ་དང་འབྲས་བུའི་དོན་བཞི་ལ་བསྡུ་བར་བྱའོ། །དེ་ཡང་སངས་རྒྱས་ཀྱི་བཀའ་མ་ནོར་བ་སྙིང་པོའི་དོན་ལ་ཡང་དང་ཡང་དུ་ལྟ་ཞིང་དེ་ལ་སེམས་འདྲིས་པར་བྱས་པས་དྲན་པའི་རྣམ་པ་སྟོང་པ་ཉིད་དང་དབྱེར་མེད་པ་ནི་སྤྱོད་པའི་དོན་ཡིན་ནོ། །དེ་བས་ཀྱང་ཁྱད་པར་དུ་འཕགས་ཤིང་ཡིད་ལ་མི་བྱེད་པའི་སྟོང་པ་ཉིད་རྒྱུན་དུ་གནས་པ་དངོས་བསྟན་པ་ནི་བསྒོམ་པའི་དོན་ཡིན་ནོ། །དེ་ཡང་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་དང་རྣམ་པར་བྱང་བའི་ཆོས་རྣམས་


DTG095_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བྱང་བའི་ཆོས་རྣམས་ལ་ཡང་དག་པར་མི་མཐོང་བས་རང་རྒྱུད་ལས་གྲོལ་ནས་སྐྱེ་བ་མེད་ཅིང་འགག་པ་མེད་པ་ནི་ལྟ་བའི་དོན་ཡིན་ནོ། །དེ་ཡང་སངས་རྒྱས་རྣམས་ཀྱིས་ཀྱང་བསྒོམ་བྱ་མ་ཡིན་ལ་སེམས་ཅན་རྣམས་ཀྱིས་ཀྱང་བློས་ཡུལ་དུ་མ་གྱུར་པས་ཤེས་བྱའི་དྲི་མ་ལ་སོགས་པ་མེད་ཅིང་རྣམ་པར་མི་རྟོག་པའི་ཡེ་ཤེས་མེད་པས་ཐོབ་ཤོར་མེད་པ་ནི་འབྲས་བུའི་དོན་ཡིན་ནོ། །དེ་དག་གིས་ཡོངས་སུ་བསྐོར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་འདི་ནི་ཤིན་ཏུ་གཅེས་པར་བྱ་བར་འོས་པ་ཡིན་ནོ། །དེའི་ཡོན་ཏན་གྱིས་མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ། །མཐར་ཕྱིན་ཏོ་ཞེས་བྱ་བ་ནི་སྲིད་པ་གསུམ་གྱི་མཐའ་ནི་མྱ་ངན་ལས་འདས་པ་གསུམ་ཡིན་ལ། མྱ་ངན་ལས་འདས་པའི་མཐའ་ནི་བརྗོད་པ་དང༌། བསམ་པ་དང་བསྒོམ་པ་ལས་འདས་པའོ། །དེའི་ཕྲིན་ལས་ནི་དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཞེས་བྱ་བ་ནི་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ཟབ་མོའི་ཆོས་འདི་ལ་བརྟེན་ནས་སྣང་བ་སྒྱུ་མ་ལྟ་བུར་གཟིགས་ཤིང་སེམས་ཅན་རྣམས་མི་དམིགས་པའི་དོན་མཛད་དོ། །ད་ལྟར་བཞུགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ཟབ་མོའི་ཆོས་ཉིད་ལ་བརྟེན་ནས་སེམས་ཅན་དུ་སྣང་བའམ་དྲན་པ་སྒྱུ་མ་ལྟ་བུར་གཟིགས་ནས་དེ་ལས་གྲོལ་བའི་དོན་དུ་ཡོན་ཏན་དང་ཕྲིན་ལས་རྫོགས་པར་བྱེད་ཅིང་རྣམ་པར་ཐར་པའི་སྒོ་གསུམ་བསྟན་པ་ཡིན་ནོ། །མ་བྱོན་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ནས་སེམས་ཅན་རྣམས་ཀྱི་དྲན་པའི་ཆོས་རྣམས་གློ་བུར་བར་གཟིགས་ཤིང་དེ་དག་ལས་གྲོལ་བའི་ངོན་དུ་བསམ་དུ་མེད་པའི་ཏིང་ངེ་འཛིན་སེམས་ཅན་རྣམས་ལ་སྟོན་པར་འགྱུར་རོ། །བསམ་དུ་མེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་བརྟེན་པ་རྣམས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །འོ་ན་དབང་པོ་རྣོན་པོ་སྔགས་ཀྱི་ཐེག་པ་ཆེན་པོ་ལ་མོས་པ་རྣམས་ཀྱི་དོན་དུ་རྒྱུད་སྡེ་དུ་མ་ལ་བརྟེན་པ་ཕྱིའི་སྔགས་ཀྱིས་ནི་ཞི་བ་དང་རྒྱས་པ་ལ་སོགས་པ་བསྟན་པ་དང༌། ནང་གི་སྔགས་ཀྱིས་རྩ་དང་རླུང་ལ་སོགས་པ་ལ་བརྟེན་ནས་ལུས་དང་སེམས་བདེ་བ་བསྟན་པ་དང༌། གསང་བའི་


DTG095_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱིས་ཏིང་ངེ་འཛིན་ཡུན་རིང་དུ་གནས་པར་བྱ་བ་བསྟན་ནས་སྐད་ཅིག་གིས་སམ་སྐྱེ་བ་གཅིག་གིས་སམ། བར་མ་དོན་འམ། སྐྱེ་བ་བདུན་པའི་བར་ནས་སངས་རྒྱས་པ་ཡོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་གྱི་གདམས་ངག་འདི་མཚན་ཉིད་ཀྱི་ཐེག་པ་ཡིན་ནམ་སྔགས་ཀྱི་ཐེག་པ་ཡིན་ཞེས་ཐེ་ཚོམ་ཟ་ན། སེམས་ཅན་རྣམས་ཀྱི་བློའི་སྣང་བ་ལ་ཐ་དད་དུ་སྣང་མོད་ཀྱི་ཟབ་མོའི་ཆོས་ཉིད་ལ་ཐ་དད་མེད་དེ། དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་འདི་ནི་གསང་སྔགས་རྣམས་ཀྱི་དོན་གྱི་སྙིང་པོ་ཡིན་ནོ། །དེ་རྟོགས་པར་བྱེད་པ་རིག་པ་ཆེན་པོའི་སྔགས་ཞེས་བྱ་བ་ནི་རིག་པ་དྲན་པ་སྣང་བ་ཉམས་སུ་མྱོང་པའོ། །ཆེན་པོ་ནི་ནམ་མཁའ་དང་འདྲ་ལ། ཟབ་པ་ངོས་བཟུང་བ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་སྔགས་སོ། །བླ་ན་མེད་པའི་སྔགས་ཞེས་བྱ་བ་ནི་དྲན་པ་དང༌། རིག་པ་དང༌། སྣང་བ་དང༌། ཉམས་སུ་མྱོང་བས་མ་གོས་པ་གང་གིས་ཀྱང་མ་ནོན་པས་བླ་ན་མེད་པའི་སྔགས་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་སྔགས་སོ། །མི་མཉམ་པ་དང་མཉམ་པའི་སྔགས་ཞེས་བྱ་བ་ནི་མ་དྲན་པ་ཡང་མ་བྱུང་བས་མ་སྐྱེས་པའོ། །མ་སྐྱེས་པའི་ཕྱིར་གང་དང་མཉམ་པ་མེད་པ་མི་མཉམ་པ་དང་མཉམ་པའི་སྔགས་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་སྔགས་སོ། །སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས་ནི་སངས་རྒྱས་ཀྱི་ཐུགས་ཀྱི་ཡེ་ཤེས་ཀྱིས་ཀྱང་བསྒོམ་པར་མི་མཛད། རྣམ་པར་རྟོག་པ་དང་མི་རྟོག་པར་ཡང་མི་མཛད་པས་ན་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་སྔགས་བཞིའི་དོན་ཏོ། །དེ་དག་བཀའ་དང་ལུང་ཐ་དད་པ་ལ་ལྟ་ཞིང་བསམས་པས་ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་བདེ་སྡུག་ལ་ལྟ་ཞིང་སྐྱོ་བ་སྐྱེ་བའམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེ་བའི་ཡོན་ཏན་གྱི་རྣམ་པ་ཐོས་ནས་སྤྲོ་བ་སྐྱེ་བ་ནི་ཀུན་རྫོབ་ཀྱི་བདེན་པ་སྒྱུ་མ་ལྟ་བུ་མ་བརྟགས་ཀྱི་བར་དུ་ཉམས་དགའ་བས་ནི་མི་བརྫུན་བ་ཞེས་བྱའོ། །དེ་ཡང་སྐྱོ་བ་ནི་ཞེ་སྡང་བ་ཡིན་ལ། །སྤྲོ་བ་ནི་འདོད་ཆགས་ཡིན་ཏེ། དེ་གཉིས་རང་གི་དྲན་པ་ཡིན་པར་ངོ་མ་ཤེས་པས་གཏི་མུག་ཡིན། དཔེར་ན་འདོད་ཆགས་ལ་མངོན་པར་དགའ་བའི་སྐྱེས་བུའི་དོན་དུ་རྨི་ལམ་ན་བུད་མེད་ཡིད་དུ་འོང་པའམ། སྨན་གྱི་རྣམ་པས་བྱས་པའི་བུད་མེད་དམ། ཤིང་


DTG095_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་པས་བྱས་པའི་བུད་མེད་དེ་དག་གིས་སྐྱེས་བུའི་དོན་བྱེད་དེ། དེའི་རྗེས་ལ་བརྟགས་ཤིང་དཔྱད་པས་བུད་མེད་དེ་དག་ཀྱང་མེད་ལ། དེ་ལས་བྱུང་བའི་ཉམས་སུ་མྱོང་བ་དེ་ཡང་མེད་དོ། །དེ་བཞིན་དུ་སྤྲོ་བའི་སེམས་ཀྱང་ཉམས་དགའ་ཞིང་བདེ་བ་ལ་བརྟགས་པས་མི་བདེན་པའོ། །དཔེར་ན་རི་མོ་མཁན་མཁས་པ་ཞིག་གིས་རས་ལ་སོགས་པའི་གཞི་མ་ཞིག་ལ་ཁྲོ་བོ་འཇིགས་སུ་རུང་བ་ཞིག་བྲིས་པ་ལ་རང་གིས་བལྟས་པས་བྲེད་ཅིང་ཤིན་ཏུ་འཇིགས་སོ། །སྐྱོ་བའི་སེམས་ཀྱང་དེ་བཞིན་ནོ། །དེ་བས་ན་སྐྱོ་བ་དང་སྤྲོ་བ་ལ་ཡིད་ཆེས་པའི་གང་ཟག་རྣམས་ཀྱི་དོན་དུ་རྒྱུ་འབྲས་སམ། ལས་འདས་པ་ལས་ཀྱི་རྣམ་པར་སྨིན་པ་མི་བརྫུན་པས་ན་ཞེས་གསུངས་སོ། །བདེན་པ་མཐོང་བའི་སྐྱེས་བུ་དམ་པ་རྣམས་ཀྱི་དོན་དུ་ནི་དོན་དམ་པར་ན་ལས་ཀྱང་མེད། ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་དོ་ཞེས་བཀའ་ལས་གསུངས་སོ། །དེ་བས་ན་བརྒྱུད་པའི་གདམས་ངག་ལས་དྲན་པའི་ཆོས་རྣམས་ནི་སྒྱུ་མ་ལྟ་བུར་སྣང་ལ་རང་བཞིན་མེད་པའོ། །མ་དྲན་པའི་ཆོས་རྣམས་ནི་ཟབ་ཅིང་མི་སྣང་ལ་རང་བཞིན་ཡོད་པའོ། །དེའི་ཕྱིར་དྲན་པའི་ཆོས་སྒྱུ་མ་ཙམ་དུ་དོན་བྱེད་ནུས་ལ་མི་བརྫུན་པས་སོ། །དྲན་པས་མ་གོས་པ་ཟབ་མོའི་ཆོས་ཉིད་ཀྱིས་རྣམ་པར་ཐར་པའི་སྒོ་གསུམ་བསྟན་པས་ནི་བདེན་པར་ཤེས་པར་བྱ་སྟེ། དཔེར་ན་སྨིག་རྒྱུའི་ཆུ་བོ་ཆེན་པོ་ལས་རྒལ་བར་འདོད་པའི་གང་ཟག་གིས་མཉན་པ་བོས་ནས་གྲུ་དང་བཅས་ཏེ་སྨིག་རྒྱུའི་ཆུ་བོ་ཆེན་པོའི་འགྲམ་དུ་འོངས་ནས། ཀྱེ་སྐྱེས་བུ་ཁྱོད་ཀྱིས་ཆུ་བོ་ཆེན་པོ་འདི་ལས་སྒྲོལ་ཅིག་ཁྱོད་ཅི་དབང་བའི་རྔན་པ་སྦྱིན་ནོ་ཞེས་སྨྲས་པས། མཉན་པ་དེས་འོ་ན་ང་ལ་རྔན་པ་སློང་ཤིག་ཅེས་བྱས་པས་བྱིན་ནོ། །དེ་ནས་མཉན་པ་དེས་སྐྱེས་བུ་དེའི་མིག་ཕྱིས་པས་སྨིག་རྒྱུའི་ཆུ་བོ་ཆེན་པོ་དེ་མེད་པར་གྱུར་ཏོ། །དེ་བཞིན་དུ་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལས་གྱུར་པའི་འཁོར་རྣམ་གསུམ་གྱི་ཆུ་བོ་ཆེན་པོ་ལས་རྒལ་བར་འདོད་པའི་སྐྱེས་བུ་རྣམས་ཀྱིས་ཐབས་དང༌། ཤེས་རབ་དང་ལྡན་པའི་དགེ་བའི་བཤེས་གཉེན་གྱི་དྲུང་དུ་སོང་ནས་བདག་འཁོར་བའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་ལས་བསྒྲལ་བར་ཞུ། ཁྱེད་ཀྱིས་ཇི་ལྟར་བཀའ་སྩལ་པ་བཞིན་བགྱིད་དོ་ཞེས་བྱ་བ་དང༌། དགེ་བའི་བཤེས་གཉེན་དེས་ཀྱང་མདོའི་ལུང་དུ་མ་དྲངས་ཤིང་སྐྱོ་བ་དང༌། སྤྲོ་བ་སྐྱེད་པར་བྱེད་དོ། །དེ་ནས་སྐྱོ་བ་དང་སྤྲོ་བ་དེ་ཡང་རང་


DTG095_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

གི་སེམས་དྲན་པ་འདི་ཡིན་ནོ། །དྲན་པ་འདི་ལས་རྒལ་བར་བྱེད་པའི་ཐབས་ཇི་ལྟ་བུ་ཡོད་ཅེ་ན། དེ་ལ་དྲན་པའི་ཆོས་རྣམས་ཐབས་སུ་ཤེས་ཤིང་དྲན་པས་མ་གོས་པ་ཟབ་མོ་རྣམ་པ་གསུམ་ཡིན་པས་སོ། །དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་ཆོས་ཉིད་མ་རྟོགས་པར་དུ་སྨིག་རྒྱུའི་ཆུ་བོ་དང་འདྲ་སྟེ། དྲན་པའི་ཆོས་རྣམས་བདེན་ཏེ་མི་བརྫུན་པས་ནའོ། །ཟབ་མོའི་ཆོས་ཉིད་དང་ཕྲད་ན་སྨིག་རྒྱུའི་ཆུ་སྟོར་བ་དང་འདྲ་སྟེ། དྲན་པས་མ་གོས་པ་བདེན་པར་ཤེས་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། སྔགས་ནི་ཞི་བ་དང༌། རྒྱས་པ་དང༌། དབང་དང༌། དྲག་པོའི་སྔགས་མ་ཡིན་ནོ། །འོ་ན་གང་ཡིན་ཞེ་ན། སྔགས་འདིའི་དོན་རྟོགས་པ་ཙམ་གྱིས་སེམས་གྲོལ་བ་ཡིན་ནོ། །སྔགས་འདིའི་དང་པོའི་ཡི་གེ་བཞི་ལས་བྱུང་བ་དང༌། བར་དུ་ཡི་གེ་བཞིའི་དོན་གསལ་བར་བསྟན་པ་དང༌། ཐ་མ་སྔགས་ཀྱི་དོན་རྣམ་པ་བཞི་ལ་བསྡུས་པས་སོ། །དོན་བཞི་པོ་གང་ཞེ་ན། སྒྱུ་མ་ལྟ་བུ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། ཏད་ཡ་ཐཱ་ཞེས་བྱ་བ་ནི་འདི་ལྟ་སྟེ། ག་ཏེ་ག་ཏེ་ནི་ཕྱིན་ཏོ་ཕྱིན་ཏོ་ཞེས་བྱ་བ་ནི་དྲན་པ་མ་ལུས་པ་སྒྱུ་མ་ལྟ་བུ་ལ་ཕྱིན་ཏོ། །པཱ་ར་ག་ཏེ་ནི་ཕ་རོལ་ཏུ་ཕྱིན་ཏོ་ཞེས་བྱ་བ་ནི་དྲན་པའི་ཕ་རོལ་ན་སྟོང་པ་ཉིད་ལ་ཕ་ཏུ་ཕྱིན་ཏོ། །པཱ་ར་སཾ་ག་ཏེ་ནི་ཕ་རོལ་ཏུ་ཡང་དག་པར་ཕྱིན་ཏོ་ཞེས་བྱ་བས་ནི་སྒྱུ་མ་ལྟ་བུ་དང༌། སྟོང་པ་ཉིད་ཀྱི་ཕ་རོལ་ན་མཚན་མ་མེད་པ་ལ་ཕ་རོལ་ཏུ་ཡང་དག་པར་ཕྱིན་ཏོ། །བོ་དྷི་སྭཱ་ཧཱ་བྱང་ཆུབ་ཏུ་གྱུར་ཅིག་ཅེས་བྱ་བས་ནི་ཉོན་མོངས་པ་དང་ཤེས་བྱ་ཐམས་ཅད་བྱང་ནས་བློ་ལས་འདས་པའོ། །དེ་དག་གིས་ནི་རབ་ཏུ་མི་གནས་པ་བཞི་དང༌། མངོན་སུམ་བཞི་དང༌། ཏིང་ངེ་འཛིན་བཞི་གཏན་ལ་ཕབ་པའོ། །དེ་ལྟ་བུའི་གདམས་ངག་ལ་ནན་ཏན་བྱ་བའི་ཕྱིར། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་ནན་ཏན་གྱིས་ཤིག་ཅེས་གསུངས་པའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་ཞེས་བྱ་བ་ནི་ཟབ་མོའི་ཏིང་ངེ་འཛིན་ལས་བཞེངས་པ་དང༌། སྙོམས་པར་བཞུགས་པ་མི་མངའ་ཡང་སེམས་ཅན་རྣམས་ཀྱི་སྣང་བ་ལ་མཉམ་པར་གཞག་པ་དང༌། རྗེས་ལ་ས་ཐོབ་པ་བསྟན་པའི་ཕྱིར་རོ། །བྱང་ཆུབ་སེམས་


DTG095_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ནི། དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཀྱི་དགོངས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་དོན་ཇི་ལྟ་བ་བཞིན་དུ་དགོངས་པ་མ་ནོར་བ་བསྟན་པས་ཐུགས་དགྱེས་པས་སངས་རྒྱས་ཀྱི་སྤྱན་གྱིས་རྣམ་པར་གཟིགས་ཤིང་ལེགས་སོ་ཞེས་བྱ་བ་བྱིན་ཏེ། དེ་བས་ཀྱང་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་དགོངས་པས་ལེགས་སོ་ལེགས་སོ་ལན་གཉིས་སུ་གསུངས་སོ། །རིགས་ཀྱི་བུ་དེ་དེ་བཞིན་ཏེ་ནི་ཐེག་པ་ཆེན་པོའི་རིགས་སྣང་བའི་ཆོས་ཉིད་ལ་མོས་པ་རྣམས་ཀྱི་དོན་དུ་གསུངས་སོ། །ཏེ་ཞེས་བྱ་བ་ནི། སྣང་བའི་ཆོས་རྣམས་ཀྱིས་སེམས་མི་གྲོལ་ལོ་ཞེས་པའི་བརྡའོ། །རིགས་ཀྱི་བུ་དེ་དེ་བཞིན་ནོ་ཞེས་བྱ་བ་ནི་ཟབ་མོའི་ཆོས་ཉིད་རྟོགས་ན་སེམས་གྲོལ་བའི་བརྡ་ཡིན་ནོ། །ཇི་ལྟར་ཁྱོད་ཀྱིས་བསྟན་པ་བཞིན་དུ་ནི་འཇིག་རྟེན་པ་ལ་ཇི་སྲིད་གནས་ཀྱི་བར་དུ་མང་བ་སྒྱུ་མ་ལྟ་བུ་ལ་བརྟེན་དགོས་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པ་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས་སེམས་ཅན་རྣམས་ཀྱི་དོན་ལ་དགོངས་ནས་ཟབ་མོའི་ཆོས་ཉིད་འབའ་ཞིག་ལ་བརྟེན་དགོས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ་ནི་རྣམ་པར་གྲོལ་བའི་ལམ་ལ་དོན་དུ་གཉེར་བ་རྣམས་ཀྱིས་ཟབ་མོ་འབའ་ཞིག་ལ་བརྟེན་དགོས་པས་ཡང་དང་ཡང་དུ་ལན་གྲངས་མང་དུ་གསུངས་སོ། །ཟབ་མོའི་དོན་ལ་མོས་པར་གྱུར་པའི་དགེ་པའི་བཤེས་གཉེན་རྣམས་ལ་ནི་དུས་གསུམ་དུ་རྣམ་པར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ༌། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང༌། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་བྱ་བ་ནི་གོ་སླ་བས་བཤད་པ་མ་བྱས་སོ། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་འགྲེལ་པ་དོན་གྱི་སྒྲོན་མ་ཞེས་བྱ་བ་པཎྜི་ཏ་ཕྱག་ན་རྡོ་རྗེས་མཛད་པ་རྫོགས་སོ།། །།བལ་ཡུལ་ཡེ་རང་གི་གྲོང་ཁྱེར་དུ་རྗེ་བཙུན་བླ་མ་དམ་པ་


DTG095_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ན་རྡོ་རྗེའི་སྤྱན་སྔར་བོད་ཀྱི་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཆོས་ཞུས་པའི་དུས་སུ། བླ་མ་ཆོས་སྟོན་ཕམ་བབས་གནང་བའི་ཉིན་པར་བོད་ཀྱི་དགེ་བའི་བཤེས་གཉེན་རྣམས་ཀྱིས་མདོ་བཏོན་པ་ལ། བླ་མ་དམ་པས་ལོ་ཙཱ་བ་ལ་ཁོང་འདོན་པ་དེ་ཅི་ཡིན་གསུངས་པས། ལོ་ཙཱ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ལགས་ཞུས་པས། འོ་ན་བོད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པོའི་སྙིང་པོ་དར་ན་སངས་རྒྱས་ཀྱིས་ལུང་བསྟན་པ་དེ་བདེན་པ་ཡིན་ནོ། །སྙིང་པོའི་དོན་གྱི་གདམས་ངག་ཤེས་སམ་གསུངས་པ་ལ། ལོ་ཙཱ་བས་མ་འཚལ་ཞེས་ལན་བཏབ་པ་ལ། འོ་ན་ངས་ཁྱེད་རྣམས་ལ་གདམས་ངག་བསྟན་གྱིས་གསུངས་ནས། སྙིང་པོའི་དོན་གྱི་གདམས་ངག་གནང་བ་ཟིན་རིས་བྲིས་ནས་ནན་ཏན་བྱས་པ་ཡིན་ནོ། །བླ་མ་དམ་པའི་ཞབས་ཀྱི་པད་མའི་སྦྲང་རྩི་སྨྱོ་ཆུ་འཐུངས་ནས་སུ། སྐྱེ་མེད་བདེ་ཆེན་བུང་བ་སྨྱོན་པའི་ཁ་ལ་སུ་ཞིག་མཉན་དུ་ཡོད། གལ་ཏེ་སྨྱོན་པའི་ཚིག་ལ་བདེན་པ་ཡོད་སྲིད་ཐུགས་ལ་དགོངས་ནས་སུ། མཐུན་པའི་གྲོགས་པོ་རྣམས་ཀྱིས་མི་བདེན་ན་ཡང་དོན་འདི་དགོངས་པར་ཞུ། གལ་ཏེ་སྟོང་པ་ཐབས་ཡིན་ན། །དེ་ཚེ་སངས་རྒྱས་ཉིད་མི་འགྱུར། །རྒྱུ་ལས་འབྲས་བུ་གཞན་མེད་ཕྱིར། །ཐབས་ནི་སྟོང་པ་ཉིད་མ་ཡིན། །ལྟ་བ་རྣམས་ལས་ལོག་རྣམས་དང༌། །བདག་ཏུ་ལྟ་བ་ཚོལ་རྣམས་ཀྱི། །བདག་ཏུ་འཛིན་པ་བཟློག་པའི་ཕྱིར། །རྒྱལ་བ་རྣམས་ཀྱིས་སྟོང་པ་བསྟན། །སྲིད་ཞི་མཉམ་ཉིད་དུས་གསུམ་རྒྱལ་བའི་ཡུམ། །འགྲོ་བའི་བདེ་སྒྲུབ་ཐབས་མཁས་སྟོན་པར་བྱེད། །གཞུང་གི་བདག་ཉིད་རིན་ཆེན་ལྟ་བུ་ལ། །དད་དང་གུས་པས་ཡང་ཡང་ཕྱག་འཚལ་ལོ། །ཕན་སེམས་སྤྲོ་དགས་བྲིས་པའི་འགྲེལ་པ་འདི། །གང་ཟག་དམ་པ་རྣམས་ཀྱི་ཕྱག་ཏུ་བརྒྱུད་པ་དང༌། །བསྟན་པའི་བྱ་བ་མཛད་པ་བདག་གི་སྨོན་ལམ་ཡིན། །ཆོས་ཉིད་བདེན་པས་དེ་ལྟར་འགྲུབ་གྱུར་ཅིག །རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། སྒྲ་བསྒྱུར་གྱི་ལོ་ཙཱ་བ་དགེ་སློང་སེང་གེ་རྒྱལ་མཚན་གྱིས་ཞུས་ཏེ་གཏན་ལ་ཕབ་པའོ། །


previousབཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་འགྲེལ་པ་དོན་གྱི་སྒྲོན་མ་ཞེས་བྱ་བ། ཕྱག་ན་རྡོ་རྗེ།next