Nitartha Digital Library
Tibetan
 
previousཕུང་པོ་ལྔའི་རབ་ཏུ་བྱེད་པ། ཟླ་བ་གྲགས་པ།next

ཕུང་པོ་ལྔའི་རབ་ཏུ་བྱེད་པ།
ཟླ་བ་གྲགས་པ།


DTG103_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པཉྩ་སྐན་དྷ་པྲ་ཀ་ར་ཎ། བོད་སྐད་དུ། ཕུང་པོ་ལྔའི་རབ་ཏུ་བྱེད་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བློ་གྲོས་སྦྱངས་པ་མེད་རྣམས་ཀྱི། །བློ་ཡི་ཁ་ནི་དབྱེ་བའི་ཕྱིར། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཀྱི། །མདོར་བསྡུས་ཡང་དག་མཚན་ཉིད་བརྗོད། །དེ་ལ་ཕུང་པོ་ལྔ་ནི་གཟུགས་ཀྱི་ཕུང་པོ་དང༌། །ཚོར་བའི་ཕུང་པོ་དང༌། འདུ་ཤེས་ཀྱི་ཕུང་པོ་དང༌། འདུ་བྱེད་ཀྱི་ཕུང་པོ་དང༌། རྣམ་པར་ཤེས་པའི་ཕུང་པོའོ། །སྐྱེ་མཆེད་བཅུ་གཉིས་ནི། འདི་ལྟ་སྟེ། མིག་གི་སྐྱེ་མཆེད་དང༌། རྣ་བའི་སྐྱེ་མཆེད་དང༌། སྣའི་སྐྱེ་མཆེད་དང༌། ལྕེའི་སྐྱེ་མཆེད་དང༌། ལུས་ཀྱི་སྐྱེ་མཆེད་དང༌། ཡིད་ཀྱི་སྐྱེ་མཆེད་དང༌། གཟུགས་ཀྱི་སྐྱེ་མཆེད་དང༌། སྒྲའི་སྐྱེ་མཆེད་དང༌། དྲིའི་སྐྱེ་མཆེད་དང༌། རོའི་སྐྱེ་མཆེད་དང༌། རེག་བྱའི་སྐྱེ་མཆེད་དང༌། ཆོས་ཀྱི་སྐྱེ་མཆེད་ཅེས་བྱའོ། །ཁམས་བཅོ་བརྒྱད་དག་ནི། འདི་ལྟ་སྟེ། མིག་གི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་དང༌། རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་དང༌། སྣའི་ཁམས་དང༌། དྲིའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་དང༌། ལྕེའི་ཁམས་དང༌། རོའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་དང༌། ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང༌། ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །དེ་ལ་གཟུགས་ཀྱི་ཕུང་པོའི་དབང་དུ་བྱས་ནས་བརྗོད་པ། དེ་ནི་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཏེ་དབང་པོ་ལྔ་དང༌། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་སྟེ་ཡུལ་ལྔ་དང༌། རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་སྟེ་རྫས་བཅུ་གཅིག་གི་བདག་ཉིད་ནི་གཟུགས་ཀྱི་ཕུང་པོའོ། །དེ་ཡང་རྣམ་པ་གཉིས་སུ་འགྱུར་ཏེ། འབྱུང་བ་དང༌། འབྱུང་བ་ལས་གྱུར་པའོ། །དེ་ལ་འབྱུང་བ་ནི་ཆེན་པོ་


DTG103_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་སྟེ། སའི་ཁམས་དང་ཆུའི་ཁམས་དང་མེའི་ཁམས་དང༌། རླུང་གི་ཁམས་ཞེས་བྱ་བའོ། །ཉེ་བར་བཟུང་བའི་གཟུགས་ཐམས་ཅད་འཛིན་པའམ། རང་གི་མཚན་ཉིད་འཛིན་པས་ནི་ཁམས་ཏེ། དེ་དག་ནི་རེག་བྱའི་སྐྱེ་མཆེད་ཀྱི་ཁོངས་སུ་འདུས་སོ། །རེག་བྱའི་སྐྱེ་མཆེད་ལྷག་མ་ནི་འཇམ་པ་ཉིད་ལ་སོགས་པའོ། །མིག་ལ་སོགས་པ་བཅུ་པོ་རྣམས་ནི་འབྱུང་བ་ལས་གྱུར་པ་སྟེ། འབྱུང་བ་ལས་བྱུང་བའི་ཕྱིར་རོ། །ཇི་ལྟར་རྩིག་པ་ལ་བརྟེན་ནས་རི་མོ་དང༌། རྩྭ་དང་ཤིང་ལ་བརྟེན་ནས་ཁྱིམ་དང༌། མེ་ལོང་ལ་བརྟེན་ནས་གཟུགས་བརྙན་དང༌། ཤིང་མག་ལ་ལ་བརྟེན་ནས་མེ་ལྟར་འབྱུང་བ་ཆེན་པོ་ལ་བརྟེན་ནས་མིག་ལ་སོགས་པ་ཀུན་དུ་འབྱུང་བའི་ཕྱིར་ཉེ་བར་གཟུང་བའི་གཟུགས་ཞེས་བརྗོད་དོ། །སའི་ཁམས་ནི་འཐས་པ་ཉིད་དང༌། མཁྲང་བ་ཉིད་དང༌། སྲ་བ་ཉིད་དེ་དེའི་ལས་ནི་འཛིན་པའོ། །ཆུའི་ཁམས་ནི་གཤེར་བ་ཉིད་དང༌། སྣུམ་པ་ཉིད་དང༌། ཞུ་བ་ཉིད་དེ། དེའི་ལས་ནི་སྡུད་པའོ། །མེའི་ཁམས་ནི་དྲོ་བ་ཉིད་དེ། དེའི་ལས་ནི་ཆོས་པ་དང་སྐེམས་པའོ། །རླུང་གི་ཁམས་ནི་ཡང་ཞིང་གཡོ་བ་སྟེ། དེའི་ལས་ནི་བསྐྱེད་པ་དང་འཕེལ་བའོ། །དེ་ལས་སྐྱེད་པ་ནི་རང་གི་ཡུལ་དང་མངོན་པར་འབྲེལ་པ་ལྷག་པར་དེའི་སྟེང་དུ་འབྱུང་བར་བྱེད་པའོ། །འཕེལ་བ་ནི་ཡུལ་གཞན་དུ་བར་མ་ཆད་པར་འབྱུང་བས་ཡུལ་གཞན་འཐོབ་པར་བྱེད་པའོ། །འཕེལ་བར་བྱེད་པ་འདི་ཉིད་ལ་རྒྱས་པ་ཞེས་གསུངས་སོ། །འབྱུང་བ་ཆེན་པོ་འདི་རྣམས་ནི་གང་ན་གཅིག་ཡོད་པ་ན་ལྷག་མ་ཡང་ཡོད་ལ། གང་ན་ལྷག་མ་ཡོད་པ་ན་གཅིག་ཀྱང་ཡོད་དེ་ཕན་ཚུན་དབྱེར་མེད་དོ། །དེ་ལྟ་བས་ན་དེ་དག་ནི་ཕན་ཚུན་མ་ལྟོས་པར་མེད་པས་རང་གི་ངོ་བོར་གྲུབ་པ་མེད་དོ། །དེ་དག་ལས་གཟུགས་ཁ་ཅིག་ནི་དངོས་སུ་ཡོད་པ་ཉིད་དུ་རང་གི་དབང་པོའི་རྣམ་པར་ཤེས་པས་རྟོགས་སོ། །ཁ་ཅིག་ནི་འབྲས་བུ་མཐོང་བ་རྗེས་སུ་དཔག་གོ །དེ་དག་ནི་འབྱུང་བ་ཡང་ཡིན་པས་འབྱུང་བ་ཆེན་པོ་སྟེ། རྒྱ་ཆེ་བའི་ནམ་མཁའ་ཁྱབ་པར་གནས་པ་ན་འདི་དག་ཉིད་ཆེན་པོའོ། །ཐུན་མོང་དང་ཐུན་མོང་མ་ཡིན་པ་དེ་ལས་ཀྱི་ཁྱད་པར་ལས་འབྱུང་བ་ཉིད་


DTG103_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འབྱུང་བའོ། །དེ་ལྟ་བས་ན་ནམ་མཁའ་ནི་གཟུགས་ཐམས་ཅད་འབྱུང་བའི་སྐབས་འབྱེད་པས་ཆེན་པོ་ཡིན་ཡང་འབྱུང་བ་ནི་མ་ཡིན་ཏེ། འདུས་མ་བྱས་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་ནམ་མཁའ་ནི་འབྱུང་བ་ཆེན་པོ་མ་ཡིན་ནོ། །དེ་ལྟར་འབྱུང་བ་ཆེན་པོ་རྣམས་བཤད་ཟིན་ཏོ། །ཡང་ཇི་ལྟར་འབྱུང་བ་ཆེན་པོ་འདི་དག་རེག་བྱའི་སྐྱེ་མཆེད་ཀྱིས་བསྡུས་པ་ཉིད་ཀྱིས་འཇིག་རྟེན་པའི་དབང་པོ་དང་དབང་པོས་སོ་སོར་རྟོགས་པས་མངོན་སུམ་ཉིད་ཡིན་པ་ལྟར་མིག་ལ་སོགས་པ་ནི་མ་ཡིན་ཏེ། དབང་པོའི་ཡུལ་ལས་འདས་པ་ཉིད་ཀྱིས་ན་རང་གི་འབྲས་བུ་རྣམ་པར་ཤེས་པ་ལས་རྗེས་སུ་དཔག་པར་བྱ་བ་ཡིན་པའི་ཕྱིར་རྗེས་སུ་དཔག་པས་རྟོགས་སོ། །འདི་ལྟར་མ་དང་ཕ་ལ་བརྟེན་ནས་བུ་འབྱུང་བར་འགྱུར་བ་དེ་བཞིན་དུ་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་བ་ན་དེའི་མ་རིག་གནས་ལྟ་བུ་ནི་མིག་སྟེ། དེའི་ཡོངས་སུ་གྱུར་པ་ལས་རྣམ་པར་ཤེས་པའི་འགྱུར་བ་འབྱུང་བར་འགྱུར་ཏེ། ཕན་བཏགས་པ་དང་གནོད་པ་བྱས་པ་དག་གིས་གསལ་བ་དང་མི་གསལ་བ་དག་ཏུ་རྗེས་སུ་སྒྲུབ་པས་སོ། །དེ་ལྟ་བས་ན་མིག་གི་དབང་པོ་ནི་འདིའི་རྟེན་དུ་འགྱུར་བས་ན་མིག་གི་རྣམ་པར་ཤེས་པ་ཞེས་དེ་ཡིས་བསྟན་ཏོ། །མིག་གི་དབང་པོ་འདི་ནི་མིག་གི་རྟེན་གྱི་མིག་གི་འབྲས་བུའི་ནང་ན་རྒུན་འབྲུའི་འབྲས་བུའི་ཚད་ཙམ་ཟི་རའི་མེ་ཏོག་ལྟ་བུ་ལྟར་མེད་པ་པགས་པ་དང་བས་གཡོགས་པ་དང་བར་གནས་པ་རང་གི་འབྲས་བུ་རྣམ་པར་ཤེས་པ་ལས་རྟོགས་པ་སྟེ། དེ་ཡང་འདི་ལྟར་ཅེ་རེ་ལོང་རྣམས་ཀྱི་མིག་གི་རྟེན་འདྲ་བར་གནས་ཀྱང་རྣམ་པར་ཤེས་པ་མི་འབྱུང་བས་དབང་པོ་མེད་པར་རབ་ཏུ་ཤེས་སོ། །མིག་གི་བརྟེན་པའི་རྣམ་པར་ཤེས་པ་ཡང་མིག་དང༌། གཟུགས་དང༌། སྣང་བ་དང༌། ཡིད་ལ་བྱེད་པའི་རྐྱེན་རབ་ཏུ་རྙེད་ནས་འབྱུང་བར་འགྱུར་མོད་ཀྱི། །ཐུན་མོང་མ་ཡིན་པའི་རྒྱུས་ཉེ་བར་བརྟེན་ཏེ་ཇི་ལྟར་རྔ་བོ་ཆེའི་སྒྲ་དང༌། ནས་ཀྱི་མྱུ་གུ་ཞེས་བྱ་བ་བཞིན་དུ་རྟེན་དེའི་རྣམ་པར་ཤེས་པ་ཞེས་བསྟན་ཏོ། །རབ་ཏུ་བྱེད་པའི་གཞུང་དང་ཡང་རྗེས་སུ་མཐུན་པར་འགྱུར་ཏེ། མིག་གི་དབང་པོ་གང་ཞེ་ན། མིག་གི་རྣམ་པར་ཤེས་པའི་རྟེན་གཟུགས་


DTG103_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོའི་ཞེས་འབྱུང་ངོ༌། །མིག་གི་རྣམ་པར་ཤེས་པ་འདིའི་རྟེན་ནི་རྣམ་པ་གཉིས་ཏེ། ལྷན་ཅིག་སྐྱེས་པའི་མིག་དང་འདས་པའི་ཡིད་དོ། །དེ་ལ་མིག་ལ་མིག་གི་རྣམ་པར་ཤེས་པའི་རྟེན་དུ་བརྗོད་ན་ཡིད་ཀྱིས་ཀྱང་མི་གཅེས་བྱ་བ་འཐོབ་པར་འགྱུར་བ་རྒྱུ་དེ་བས་ན་གཟུགས་དང་བ་ཞེས་སྨོས་སོ། །དེ་བཞིན་དུ་རྣ་བ་ལ་སོགས་པ་ལ་ཡང་ཤེས་པར་བྱའོ། །ཁྱད་པར་ནི་འདི་ཡིན་ཏེ། རྣ་བའི་དབང་པོའི་རྡུལ་ཕྲ་རབ་ནི་གྲོ་བའི་མདུད་པ་ལྟ་བུར་གནས་སོ། །སྣའི་དབང་པོའི་རྡུལ་ཕྲ་རབ་ནི་མཚུལ་པའི་ནང་ལྟག་ཁུང་གི་ཐད་ཀ་ན་མིག་སྨན་གྱི་ཐུར་མ་གཤིབས་པ་ལྟར་གནས་ཏེ། དབང་པོ་དང་པོ་གསུམ་ནི་ཕྲེང་བ་ལྟར་གནས་སོ། །ལྕེའི་དབང་པོའི་རྡུལ་ཕྲ་རབ་ནི་ཟླ་བ་ཁམ་པ་ལྟར་གནས་སོ། །ལུས་ཀྱི་དབང་པོའི་རྡུལ་ཕྲ་རབ་ནི་ལུས་བཞིན་དུ་གནས་སོ། །ལུས་ཀྱི་དབང་པོའི་ཁྱད་པར་ཉིད་མོད་དཔའ་དབང་པོའོ། །དེ་ལ་མོའི་དབང་པོའི་རྡུལ་ཕྲ་རབ་ནི་རྔ་བོ་ཆེ་མ་གཡོས་པའི་སྦུབས་ལྟར་གནས་སོ། །ཕོའི་དབང་པོའི་རྡུལ་ཕྲ་རབ་ནི་མཐེ་བོའི་རྣམ་པ་ལྟ་བུར་གནས་སོ། །མིག་ལ་སོགས་པ་ལྔ་པོ་འདི་རྣམས་ནི་རང་གི་ཡུལ་ལ་ཉེ་བར་དམིགས་པའི་བདག་པོ་ཡིན་པས་དབང་པོ་ཞེས་བྱའོ། །དེ་ལྟ་བས་ན་མིག་ནི་གཟུགས་ལ་ཉེ་བར་དམིགས་པ་ལ་ལྷག་པར་དབང་བྱེད་ཀྱི་གཟུགས་ནི་མ་ཡིན་ནོ། །དེ་བཞིན་དུ་རྣ་བ་ལ་སོགས་པ་རྣམས་ལ་ཡང་རིག་པར་བྱའོ། །མོ་ཉིད་དང་ཕོ་ཉིད་ལ་དབང་བྱེད་པས་མོ་དང་པོའི་དབང་པོ་སྟེ། དེ་ལ་མོའི་ངོ་བོ་ནི་མོའི་རང་བཞིན་དང་སྐད་དང་བྱེད་པ་དང་བསམ་པའོ། །ཕོའི་ངོ་བོ་ནི་ཕོའི་རང་བཞིན་དང་སྐད་དང་བྱེད་པ་དང་བསམ་པ་སྟེ། དེ་དག་ལ་དབང་བྱེད་པས་མོ་དང་ཕོའི་དབང་པོའོ། །དེ་ལྟར་དབང་པོ་རྣམས་བསྟན་ནས། ད་ནི་དོན་རྣམས་བཤད་པར་བྱ་སྟེ། དེ་ལ་མིག་གི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་ཉིད་ནི་གཟུགས་ཀྱི་སྐྱེ་མཆེད་ཀྱི་རང་བཞིན་གྱི་རང་གི་མཚན་ཉིད་དོ། །དེ་བཞིན་དུ་སྒྲ་ལ་སོགས་པ་ནི་རང་རང་གི་དབང་པོའི་རྣམ་པར་ཤེས་པས་ཤེས་པར་བྱེད་པ་ཉིད་ནི་སྒྲ་ལ་སོགས་པའི་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་དོ། །སོ་སོའི་དབྱེ་བས་ཕྱེ་བ་ན་གཟུགས་ཀྱི་སྐྱེ་མཆེད་ནི་རྣམ་པ་གཉིས་སུ་


DTG103_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། ཁ་དོག་དང་དབྱིབས་སོ། །དེ་ལ་ཁ་དོག་ནི་བཞི་སྟེ། སྔོན་པོ་ལ་སོགས་པའོ། །གཞན་ནི་དེའི་བྱེ་བྲག་གོ །དབྱིབས་ནི་རྣམ་པ་བརྒྱད་དེ། རིང་པོ་ལ་སོགས་པ་ནས་མི་མཉམ་པའི་བར་དུའོ། །གཟུགས་ཀྱི་སྐྱེ་མཆེད་དེ་ཉིད་ཡང་རྣམ་པ་ཉི་ཤུར་བརྗོད་པར་བྱ་སྟེ། འདི་ལྟ་སྟེ་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དང༌། རིང་པོ་དང༌། ཐུང་དུ་དང༌། ཟླུམ་པོ་དང༌། ལྷམ་པ་དང༌། མཐོ་བ་དང༌། དམའ་བ་དང༌། མཉམ་པ་དང༌། མི་མཉམ་པ་དང༌། སྤྲིན་དང༌། དུ་བ་དང༌། རྡུལ་དང༌། ཁུག་རྣ་དང༌། གྲིབ་མ་དང༌། ཉི་མ་དང༌། སྣང་བ་དང༌། མུན་པ་ཞེས་བྱ་བའོ། །དེ་ལ་མཉམ་པ་ནི་མི་མཉམ་པ་མེད་པའོ། །མི་མཉམ་པ་ནི་མཐོན་དམན་དུ་གནས་པའོ། །ཁུག་རྣ་ནི་ལྷོ་བུར་རོ། །ཉི་མ་ནི་ཉི་མའི་འོད་དོ། །སྣང་བ་ནི་ཟླ་བ་དང༌། སྐར་མ་དང༌། མེ་དང༌། སྨན་དང༌། ནོར་བུ་རྣམས་ཀྱི་འོད་དོ།། གྲིབ་མ་ནི་གང་ན་གཟུགས་རྣམས་སྣང་བའོ། །བཟློག་པ་ནི་མུན་པའོ། །ལྷག་མ་ནི་གོ་སླའོ། །གཟུགས་ཀྱི་སྐྱེ་མཆེད་བཤད་ཟིན་ཏོ། །སྒྲ་ནི་རྣམ་པ་བརྒྱད་དེ། ཟིན་པ་དང་མ་ཟིན་པའི་འབྱུང་བ་ཆེན་པོ་རྒྱུ་ལས་བྱུང་བ་དག་སོ་སོར་སེམས་ཅན་དང་སེམས་ཅན་མ་ཡིན་པར་སྟོན་པས་རྣམ་པ་བཞིའོ། །ཡང་དེ་ཉིད་རེ་རེ་ཞིང་ཡིད་དུ་འོང་བ་དང༌། ཡིད་དུ་མི་འོང་བའི་བྱེ་བྲག་གིས་རྣམ་པ་བརྒྱད་དོ། །དེ་ལ་སེམས་དང་སེམས་ལས་བྱུང་བ་སྐྱེ་བའི་རྟེན་ཉིད་དུ་བཟུང་བས་ཟིན་པའོ། །དེ་ནི་སེམས་དང་བཅས་པ་ཞེས་བྱ་བའི་དོན་ཏེ། དབང་པོ་ལས་ཐ་དད་དུ་གྱུར་བ་མ་ཡིན་པའོ། གང་ལ་རྒྱུ་ཟིན་པའི་འབྱུང་བ་ཆེན་པོ་ཡོད་པ་དེ་ནི་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ཅན་ཏེ་ལག་པ་དང་ངག་གི་སྒྲ་ལྟ་བུའོ། །གཞན་ནི་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ཅན་ཏེ། ཇི་ལྟར་རླུང་དང་ནགས་ཚལ་དང་ཆུ་ཀླུང་གི་སྒྲ་ལྟ་བུའོ། །སེམས་ཅན་དུ་སྟོན་པའི་སྒྲ་ནི་སེམས་ཅན་དུ་ངེས་པར་བྱེད་པའི་སྒྲ་སྟེ། སྒྲ་གང་གིས་སེམས་ཅན་ཏེ་སྲོག་ཆགས་སོ་ཞེས་ངེས་པར་འགྱུར་བ་དེ་ནི་སེམས་ཅན་དུ་སྟོན་པའོ། །བཟློག་པ་ནི་སེམས་ཅན་མ་ཡིན་པར་སྟོན་པའོ། །དེ་ལ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ཅན་སེམས་ཅན་དུ་སྟོན་པའི་སྒྲ་ནི་ངག་


DTG103_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྒྲའོ། །སེམས་ཅན་དུ་སྟོན་པ་མ་ཡིན་པ་ནི་དེ་ལས་གཞན་པའོ། །མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ཅན་དུ་སེམས་ཅན་དུ་སྟོན་པ་ནི་སྤྲུལ་པའི་དག་གི་སྒྲའོ། །སེམས་ཅན་དུ་སྟོན་པ་མ་ཡིན་པ་ནི་རླུང་དང་ནགས་ཚལ་དང་ཆུ་ཀླུང་གི་སྒྲའོ། །ཡིད་དུ་འོང་བ་ནི་ཡིད་དགའ་བར་བྱེད་པའོ། །ཡིད་དུ་མི་འོང་བ་ནི་དེ་ལས་བཟློག་པའོ། །གཞན་དག་ན་རེ་ཟིན་པ་དང་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ཅན་གྱི་སྒྲ་ཡང་ཡོད་དོ། །འདི་ལྟ་སྟེ། ལག་པ་དང་རྔའི་སྦྱོར་བ་ལས་བྱུང་བ་ལྟ་བུའོ་ཞེས་ཟེར་རོ། །དེ་ནི་མི་རུང་སྟེ། ཁ་དོག་གི་རྡུལ་ཕྲ་རབ་གཅིག་ལ་འབྱུང་བ་ཆེན་པོ་བཞི་མཚན་གཉིས་ཀྱིས་བསྐྱེད་པར་མི་འདོད་པ་དེ་བཞིན་དུ་འདི་ཡང་མི་འདོད་དོ། །དྲི་ནི་རྣམ་པ་བཞི་སྟེ། དྲི་ཞིམ་པ་དང༌། མི་ཞིམ་པ་དང༌། མཉམ་པ་དང༌། མི་མཉམ་པ་ཉིད་དོ། །བསྟན་བཅོས་ལས་ནི་དྲི་ཞིམ་པ་དང༌། དྲི་མི་ཞིམ་པ་དང༌། དྲི་མཉམ་པ་ཞེས་རྣམ་པ་གསུམ་འབྱུང་ངོ༌། །རོ་ནི་དྲུག་སྟེ། མངར་བ་དང༌། སྒྱུར་བ་དང༌། ལན་ཚྭ་དང༌། ཚ་བ་དང༌། ཁ་བ་དང༌། བསྐ་བའི་བྱེ་བྲག་གིས་སོ། །རྩ་བའི་རོ་འདི་རྣམས་ཀྱིས་ཡང་དག་པར་སྦྱོར་བ་ལས་རོའི་བྱེ་བྲག་མཐའ་ཡས་པར་འགྱུར་རོ། །རེག་བྱ་ནི་བཅུ་གཅིག་གི་བདག་ཉིད་དེ་འབྱུང་བ་ཆེན་པོ་བཞི་དང༌། འཇམ་པ་ཉིད་དང༌། རྩུབ་པ་ཉིད་དང༌། ལྕི་བ་ཉིད་དང༌། ཡང་བ་ཉིད་དང༌། གྲང་བ་ཉིད་དང༌། བཀྲེས་པ་དང༌། སྐོམ་པ་ཞེས་བྱ་བའོ། །དེ་ལ་འབྱུང་བ་ཆེན་པོ་ནི་བཤད་ཟིན་ཏོ། །འཇམ་པ་ནི་རེག་པ་ན་བདེ་བའོ། །རྩུབ་པ་ཉིད་ནི་རེག་པར་མི་འདོད་པའོ། །ལྕི་བ་ཉིད་ནི་གང་གིས་དངོས་པོ་རྣམས་འཇལ་བར་བྱེད་པའོ། །ཡང་བ་ཉིད་ནི་དེ་ལས་བཟློག་པའོ། །གྲང་བ་ནི་དྲོ་བ་འདོད་པར་བྱེད་པའོ། །བཀྲེས་པ་ནི་ཟས་འདོད་པར་བྱེད་པའོ། །སྐོམ་པ་ནི་བཏུང་བ་འདོད་པར་བྱེད་པ་སྟེ། རྒྱུ་ལ་འབྲས་བུ་ཉེ་བར་བཏགས་པའོ། །དེ་ཡང་འདི་ལྟར། སངས་རྒྱས་འབྱུང་བ་བདེ་བ་སྟེ། །ཆོས་བསྟན་པ་ཡང་བདེ་བ་ཡིན། །དགེ་འདུན་མཐུན་པ་བདེ་བ་སྟེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །ཞེས་བྱ་བ་ལྟ་བུའོ། །དངོས་པོ་གང་ལ་འབྱུང་བ་མེ་དང་ཆུའི་ཁམས་ཤས་ཆེ་བ་དེ་ནི་འཇམ་པ་ཉིད་དོ། །ས་དང་རླུང་ཤས་ཆེ་བ་དེ་ནི་རྩུབ་པ་ཉིད་དོ། །


DTG103_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ས་དང་ཆུ་ཤས་ཆེ་པ་དེ་ནི་ལྕི་བ་ཉིད་དོ། །མེ་དང་རླུང་ཤས་ཆེ་བ་དེ་ནི་ཡང་བ་ཉིད་དོ། །ཆུ་དང་རླུང་ཤས་ཆེ་བ་དེ་ནི་གྲང་བའོ། །རླུང་ཤས་ཆེ་བ་དེ་ནི་བཀྲེས་པའོ། །མེ་དང་རླུང་ཤས་ཆེ་བ་དེ་ནི་སྐོམ་པའོ། །དབང་པོ་ལྔ་དང་དོན་ལྔ་ནི་བཤད་ཟིན་ཏོ། །དེ་ལ་མིག་ལ་སོགས་པ་དབང་པོ་ལྔ་ནི་རང་རང་གི་འབྲས་བུ་ལས་རྗེས་སུ་དཔག་པར་བྱ་བ་ཉིད་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་འབའ་ཞིག་གིས་ཤེས་པར་བྱ་བའོ། །གཟུགས་ལ་སོགས་པ་ལྔ་ནི་སོ་སོར་རྣམ་པར་ཤེས་པ་གཉིས་ཀྱིས་རྣམ་པར་ཤེས་པར་བྱ་སྟེ། དེ་ལ་གཟུགས་ཀྱི་སྐྱེ་མཆེད་ནི་མིག་གི་རྣམ་པར་ཤེས་པས་ཉམས་སུ་མྱོང་ནས་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་ཤེས་སོ། །དེ་བཞིན་དུ་རེག་བྱའི་སྐྱེ་མཆེད་ཀྱི་བར་དུ་རང་རང་གི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་དག་གིས་རྣམ་པར་ཤེས་སོ་ཞེས་སྦྱར་རོ། །རྣམ་པར་རིག་བྱེད་མ་ཡིན་པ་གང་ཞེ་ན། གཟུགས་གང་ཆོས་ཀྱི་སྐྱེ་མཆེད་དུ་གྱུར་པ་བསྟན་དུ་མེད་ཅིང་ཐོགས་པ་མེད་པ་ཡིད་ཀྱི་རྣམ་པར་ཤེས་པ་ཙམ་གྱིས་ཤེས་པར་བྱ་བ་སྟེ། །སྡོམ་པ་དང༌། སྡོམ་པ་མ་ཡིན་པ་དང༌། བར་མ་བསྡུས་པ་དགེ་བ་དང་མི་དགེ་བའི་རྒྱུན་གྱི་ངོ་བོ་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་མ་ཡིན་པའོ། །དེ་ལ་ཁ་ཅིག་ནི་སེམས་ཀྱི་རྗེས་སུ་འཇུག་པ་སྟེ། འདི་ལྟ་སྟེ། བསམ་གཏན་གྱི་སྡོམ་པ་དང༌། ཟག་པ་མེད་པའི་སྡོམ་པའི་ངོ་པོའོ། །ཁ་ཅིག་ནི་ཡང་དག་པར་བླངས་པ་ལས་བྱུང་བ་སྟེ། སེམས་གཡེངས་པ་དང་སེམས་མ་གཡེངས་པ་དང༌། སེམས་མེད་པའི་གནས་སྐབས་གསུམ་ཆར་ནའང་ཆུ་པོའི་རྒྱུན་བཞིན་དུ་འཇུག་པ་དང༌། ཉིན་དང་མཚན་དུ་ཇི་སྲིད་འཕགས་པར་རྗེས་སུ་འཇུག་པ་ཇི་སྲིད་འཚོའི་བར་རམ། ཉིན་ཞག་གཅིག་པ་ནི་འདི་ལྟ་སྟེ། སོ་སོར་ཐར་པའི་སྡོམ་པའི་ངོ་བོའོ། །ཁ་ཅིག་གཡེངས་བ་དང་མ་གཡེངས་པའི་གནས་སྐབས་ནི་རྗེས་སུ་འཇུག་པ་ནི་འདི་ལྟ་སྟེ། སྡོམ་པ་མ་ཡིན་པའི་ངོ་བོའོ། །སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པའི་ངོ་བོ་ནི་ཁ་ཅིག་འགའ་ཞིག་ལ་ཞིང་ཁྱད་པར་ཅན་གྱིས་སྦྱིན་པའི་དངོས་པོ་ལོངས་སྤྱད་པ་ལས་བྱུང་བ་སྟེ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ལྟ་བུའོ། །ཁ་ཅིག་


DTG103_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སངས་རྒྱས་ལ་མཆོད་པ་དང༌། དཀྱིལ་འཁོར་ལ་སོགས་པ་ཡི་དམ་དུ་བླངས་ནས་བྱེད་པའོ། །ཁ་ཅིག་ནི་གུས་པ་དང་བཅས་པས་མཆོད་རྟེན་ལ་ཕྱག་འཚལ་བ་ལ་སོགས་པའི་བྱ་བ་བྱེད་པའོ། །མི་དགེ་བ་ནི་ལྷ་མོ་དུ་རྒ་ལ་སོགས་པའི་རྟེན་བྱེད་ཅིང་ལོངས་སྤྱོད་པ་དང༌། ཉོན་མོངས་པའི་ཤུགས་དྲག་པོས་བྱ་བ་རྩོམ་པ་ལ་སོགས་པར་སྦྱར་རོ། །དེ་ལ་ཟག་པ་དང་བཅས་པའི་བསམ་གཏན་གྱི་སེམས་ཐོབ་པ་ལས་ནི་བསམ་གཏན་གྱི་སྡོམ་པ་འཐོབ་བོ། །ཟག་པ་མེད་པའི་བསམ་གཏན་གྱི་སེམས་ཐོབ་པ་ལས་ནི་ཟག་པ་མེད་པའི་སྡོམ་པ་འཐོབ་པ། །དེ་དག་བཏང་བས་ནི་དེ་དག་གཏོང་ངོ༌། །སོ་སོར་ཐར་པའི་སྡོམ་པ་ནི་གཞན་ལ་གསོལ་བ་འདེབས་པའི་རྣམ་པར་རིག་བྱེད་ལ་སོགས་པ་ལས་འཐོབ་སྟེ། ཡང་དག་པར་བླངས་པ་བཏང་བ་དང༌། ཤི་བ་དང༌། མཚན་གཉིས་བྱུང་བ་དང༌། ཉིན་ཞག་འདས་པས་གཏོང་བར་འགྱུར་རོ། །དེ་ལ་དགེ་སློང་དང༌། དགེ་སློང་མ་དང༌། དགེ་ཚུལ་དང༌། དགེ་ཚུལ་མ་དང༌། དགེ་སློབ་མ་དང༌། དགེ་བ་སྙེན་དང༌། དགེ་བསྙེན་མའི་སྡོམ་པ་རྣམས་ནི་ཉིན་ཞག་ཟད་པ་ལས་གཞན་པས་གཏོང་བའོ། །དགེ་སློང་དང་དགེ་སློང་མའི་སྡོམ་པ་དག་ནི་པས་ཕམ་པའི་ལྟུང་བས་ཀྱང་ངོ༌། །བསྙེན་གནས་ཀྱི་སྡོམ་པ་ནི་ཉིན་མཚན་ཟད་པས་ཀྱང་ངོ༌། །སྡོམ་པ་མ་ཡིན་པ་ནི་ཉ་པ་ལ་སོགས་པའི་སྟེ། དེ་རྣམས་ཀྱིས་རྒྱུ་དང་མཚོན་ཆ་ལ་སོགས་པའི་སྦྱོར་བས་སྡོམ་པ་མ་ཡིན་པ་འཐོབ་ལ། དེ་ལས་གཞན་པའི་རིགས་ཀྱིས་ནི་དེ་དག་གི་ལས་ཡང་དག་པར་བླངས་པས་འཐོབ་པོ། །གཏོང་བ་ནི་ཤི་བ་དང༌། མཚན་གཉིས་བྱུང་བ་དང༌། སྡོམ་པ་ཐོབ་པ་ལས་གཏོང་ངོ༌། །སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པའི་ངོ་བོ་ནི་ཉོན་མོངས་པ་དྲག་པོ་དང༌། རབ་ཏུ་དང་བའི་ཐུགས་དང༌། ཡང་དག་བར་བླངས་པ་ཆད་པས་འཆད་དོ། །དེ་ལ་དམིགས་པའི་སེམས་ཀྱིས་བསྐྱེད་པའི་ལུས་ཀྱི་དེ་དང་དེ་ལྟ་བུའི་དབྱིབས་ཀྱི་ཁྱད་པར་ནི་ལུས་ཀྱི་རྣམ་པར་རིག་བྱེད་དོ། །ངག་གི་རྣམ་པར་རིག་བྱེད་ནི་དེ་ལ་དམིགས་པའི་སེམས་ཀྱིས་བསྐྱེད་པའི་


DTG103_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པར་བྱ་བ་བརྗོད་པའི་ཚིག་སྟེ། དེ་ལྟ་བུ་དེ་གཉིས་ནི་ཀུན་ནས་སློང་བའི་སེམས་རྣམ་པར་རིག་པར་བྱེད་པས་ན་རྣམ་པར་རིག་བྱེད་དོ། །རྣམ་པར་རིག་བྱེད་དང་འདྲ་བའི་ཆོས་གང་འཕེན་པ་ཡང་དག་པར་འཛིན་པའི་འབྱུང་བ་ཆེན་པོ་ལ་བརྟེན་པ་དང་གནས་པ་ནི་རྣམ་པར་རིག་བྱེད་དང་འདྲ་བར་གཞན་ལ་རྣམ་པར་རིག་བྱེད་པ་མ་ཡིན་པས་རྣམ་པར་རིག་བྱེད་མ་ཡིན་པ་སྟེ། མན་ངག་འབའ་ཞིག་ཙམ་གྱིས་ཤེས་པར་བྱ་ཞིང་དགེ་སློང་ལ་སོགས་པར་འཇོག་པའི་རྒྱུའོ། །དེ་དང་འདྲ་བ་ལས་དགག་པའི་རྐྱེན་གྱིས་ཏེ། བྲམ་ཟེ་མ་ཡིན་པ་ལྟ་བུའོ། །གཟུགས་ཀྱི་ཕུང་པོ་ནི་བཤད་ཟིན་ཏོ། །ཚོར་བའི་ཕུང་པོའི་དབང་དུ་བྱས་ནས་བརྗོད་པ་དེ་ལ་སིམ་པ་དང༌། གདུང་བ་དང༌། དེ་གཉི་ག་ལས་གྲོལ་བའི་ཡུལ་གྱི་ངོ་བོ་མངོན་དུ་བྱེད་པ་གང་ཡུལ་ཉམས་སུ་མྱོང་བའི་ངོ་བོ་རྣམ་པར་ཤེས་པའི་མྱོང་བ་དེ་ནི་ཚོར་བ་ཞེས་བརྗོད་དོ། །དེ་ལ་གཙོ་བོ་སེམས་ནི་སེམས་ལས་བྱུང་བ་མ་ཡིན་ནོ། །དེར་ནི་གཙོ་པོ་སེམས་སེམས་ལས་བྱུང་བ་མ་ཡིན་པར་ཇི་ལྟར་ཤེས། གང་སེམས་ཀྱི་བྱ་བའི་ངོ་བོ་ལོགས་ཤིག་ཏུ་རང་རྒྱུད་དུ་གྲུབ་པར་སེམས་པ་ཡིད་ཀྱི་ལས་དང༌། དང་བ་སེམས་ཀྱི་དང་བ་དང༌། རྟོག་པ་ནི་སེམས་རྩིང་བཞེས་བྱ་བ་ལ་སོགས་པར་བརྗོད་པས་སེམས་ལས་བྱུང་བའི་སེམས་ཀྱི་གནས་སྐབས་ནི་མ་ཡིན་ནོ། །ཇི་ལྟ་ཞེ་ན། དོན་ཐ་དད་དུ་གྱུར་པས་སོ། །དེ་ལ་ཁ་ཅིག་སེམས་ཀྱི་བྱ་བའི་ངོ་བོ་ཉིད་དུ་བསྟན་པས་སེམས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ནི་སེམས་ལས་བྱུང་བའོ་ཞེས་འདོད་དོ་དེ་ནི་རིགས་པ་མ་ཡིན་ཏེ། ལྷན་ཅིག་འབྱུང་བ་ཞེས་བྱ་བའི་ངེས་པ་ཉམས་པར་འགྱུར་རོ། །དེས་ན་འདིར་ནི་རྣམ་པར་ཤེས་པའི་ཡུལ་ཉེ་བར་སྤྱད་པར་བྱ་བ་ཉམས་སུ་མྱོང་བས་ཉམས་སུ་མྱོང་བ་དེ་ནི་ཚོར་བ་ཞེས་བརྗོད་དེ་རིག་པ་ནི་ཚོར་བ་ཞེས་བྱ་བས་སོ། །ཡང་ན་མྱོང་བར་བྱེད་པས་མྱོང་བ་གང་ཡིན་པ་དེ་ཚོར་བས་ཉམས་སུ་མྱོང་བར་བྱེད་པ་ཉིད་དོ། །དེ་ནི་ཡང་ན་སེམས་སུ་ཤེས་པར་བྱའོ། །ཚོར་བ་ཉིད་ནི་རྣམ་པར་ཤེས་པས་མྱོང་བར་བྱ་ཞིང༌། ཉམས་སུ་མྱོང་བར་བྱ་བས་ཉམས་སུ་མྱོང་བའི་ཕྱིར་ཏེ། བཟའ་བ་དང་བཏུང་བ་ལ་སོགས་པ་དང་འདྲ་བར་ཉེ་བར་སྤྱད་པར་བྱ་བ་ཉིད་དོ། །དེས་ན་འདི་ལྟར་འདི་


DTG103_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སེམས་ཀྱི་ཟས་སོ་ཞེས་རྣམ་པར་གཞག་གོ །ཡང་དེ་ལྟ་བུའི་ཚོར་བ་དེ་ནི་རྣམ་པ་གཉིས་སུ་འགྱུར་ཏེ། ལུས་ཀྱི་དང་སེམས་ཀྱིའོ། །དེ་ལ་དབང་པོའི་གཟུགས་ཅན་ལྔ་ནི་རྡུལ་ཕྲ་རབ་འདུས་པའི་ངོ་བོ་ཉིད་ཀྱིས་ལུས་ཀྱི་སྐར་བརྗོད་ལ། དེ་ལ་བརྟེན་ནས་བྱུང་བའི་ཚོར་བ་ནི་ལུས་ལས་བྱུང་བས་ལུས་ཀྱི་ཞེས་བརྗོད་དོ། །ཡིད་ཀྱི་དབང་པོ་ལ་བརྟེན་པའི་ཚོར་བ་ནི་སེམས་ཀྱི་ཞེས་བརྗོད་དོ། །ཡང་ཚོར་བ་དེ་ཉིད་རྣམ་པ་གསུམ་དུ་འགྱུར་ཏེ། བདེ་བ་དང༌། སྡུག་བསྔལ་དང༌། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའོ། །དེ་ལ་ཚོར་བ་བདེ་བ་ནི་གང་ཡོངས་སུ་བཟུང་བས་དབང་པོའི་འབྱུང་བ་ཆེན་པོ་འཕེལ་བར་བྱེད་ཅིང་གང་བཟུང་བ་དེ་དང་འབྲལ་བར་མི་འདོད་པ་དེ་ནི་བདེ་བ་ཞེས་བརྗོད་དོ། །སྡུག་བསྔལ་ནི་དེ་ལས་བཟློག་པ་སྟེ། ཉེ་བར་གནོད་པས་འབྲལ་བར་འདོད་པ་དེ་སྡུག་བསྔལ་ཞེས་བརྗོད་དོ། །གང་ཕྲད་པ་དང་བྲལ་བའི་སྲིད་པའི་རྟེན་དུ་མ་གྱུར་པ་ཡོངས་སུ་འཛིན་པ་ཡང་མ་ཡིན། རྗེས་སུ་གཏོང་བ་ཡང་མ་ཡིན་པ་སྟེ། དེ་ལ་བརྟེན་ནས་གཏི་མུག་འབྱུང་བ་ནི་བཏང་སྙོམས་ཏེ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་ནི་ཚོར་བ་ཞེས་བརྗོད་དོ། །ཡང་ཚོར་བ་དེ་ཉིད་རྣམ་པ་ལྔར་འགྱུར་ཏེ། བདེ་བའི་དབང་པོ་དང༌། སྡུག་བསྔལ་གྱི་དབང་པོ་དང༌། ཡིད་བདེ་བའི་དབང་པོ་དང༌། ཡིད་མི་བདེ་བའི་དབང་པོ་དང༌། བཏང་སྙོམས་ཀྱི་དབང་པོའོ། །དེ་ལ་དབང་པོ་གཟུགས་ཅན་ལ་བརྟེན་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ཚོར་བ་བདེ་བ་དང༌། བསམ་གཏན་གསུམ་པའི་སེམས་ཀྱི་ཚོར་བ་བདེ་བ་སྟེ། དེ་གཉིས་ཀ་ཡང་བདེ་བའི་དབང་པོ་ཞེས་བརྗོད་དོ། །དབང་པོ་གཟུགས་ཅན་ལ་བརྟེན་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཚོར་བ་བདེ་བ་མ་ཡིན་པ་ནི་སྡུག་བསྔལ་གྱི་དབང་པོའོ། །ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཚོར་བ་བདེ་བ་ནི་ཡིད་བདེ་བའི་དབང་པོའོ། །ཡིད་ཀྱི་དེ་ཉིད་མི་བདེ་བ་ནི་ཡིད་མི་བདེ་བའི་དབང་པོའོ། །དེ་དག་ཐམས་ཅད་ཀྱི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ནི་བཏང་སྙོམས་ཀྱི་དབང་པོའོ། །རྒྱུ་ཅིས་ཤེ་ན། གང་གི་ཕྱིར་


DTG103_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་བདེ་བ་དང་སྡུག་བསྔལ་ཕལ་ཆེར་རྣམ་པར་རྟོག་པ་ལས་འབྱུང་གི་ལུས་ཀྱི་ནི་མ་ཡིན་ནོ། །ལུས་ཀྱི་དབང་གིས་དགྲ་བཅོམ་པ་རྣམས་ལ་ཡང་འབྱུང་ངོ༌། །གཞན་ཡང་ལུས་ཀྱི་བདེ་བ་དང་སྡུག་བསྔལ་བཟུང་བ་དང་གཏོང་བར་བྱ་བ་ནི་མི་བརྟན་པར་འབྱུང་ལ། གཞན་པ་སེམས་ཀྱི་ནི་བརྟན་པར་འབྱུང་ངོ༌། །བཏང་སྙོམས་ཀྱི་ནི་རྣམ་པར་གཞག་པ་དེ་དག་མེད་དེ། མདོར་བསྡུས་ནས་རྣམ་པར་ཤེས་པ་དྲུག་གི་རིས་ནི་བཏང་སྙོམས་ཞེས་བརྗོད་དོ། །ཚོར་བ་དེ་ཉིད་ཡང་རྟེན་དྲུག་གི་བྱེ་བྲག་གིས་དྲུག་ཏུ་འགྱུར་ཏེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བ་དང༌། རྣ་པ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའོ། །ཚོར་བའི་ཕུང་པོ་བཤད་ཟིན་ཏོ། །འདུ་ཤེས་ཀྱི་ཕུང་པོའི་དབང་དུ་བྱས་ནས་བརྗོད་པ། འདི་ལ་བུམ་པ་དང༌། རས་ཡུག་དང༌། ཤིང་རྟའི་ངོ་བོ་ལ་སོགས་པའི་གཟུགས་རྣམས་འདུས་པ་ཉིད་དུ་མཚུངས་ན་ཡང་སོ་སོར་ངེས་པའི་རྒྱུ་དང་རྐྱེན་གྱི་བྱེ་བྲག་ཡོད་པར་རྒྱུ་དང་རྐྱེན་གྱི་བྱེ་བྲག་ལ་ལྟོས་ནས་ཡངས་པ་ལ་སོགས་པའི་བྱེ་བྲག་ཡོད་དོ། །བྱེ་བྲག་དེ་ཉིད་རྒྱུ་མཚན་ཞེས་བརྗོད་དེ། དེས་དོན་རྣམས་ཀྱི་ཁྱད་པར་འཇལ་བར་བྱེད་པའི་ཕྱིར་རོ། །བུམ་པ་དང༌། རས་ཡུག་ལ་སོགས་པའི་མཚན་མ་དེ་སེམས་ལས་བྱུང་བའི་ཆོས་གང་གིས་འཛིན་པ་དེ་འདུ་ཤེས་ཏེ་ཡོངས་སུ་གཅོད་པར་བྱེད་པ་དང་མཚན་མར་འཛིན་པའི་བདག་ཉིད་ནི་འདུ་ཤེས་ཞེས་བརྗོད་དོ། །འདུ་ཤེས་དོན་གྱི་མཚན་མ་ལ་འཇུག་པ་ཡིན་ལ། རྣམ་པར་ཤེས་པ་ནི་དོན་ཙམ་གྱི་འཛིན་པར་ཞུགས་པ་སྟེ། དོན་གྱི་ཁྱད་པར་འཛིན་པའི་བདག་ཉིད་ཅན་གྱི་ཚོས་སེམས་ལས་བྱུང་བ་དང་མཚུངས་པར་ལྡན་པས་ནི་དོན་གྱི་ཁྱད་པར་འཛིན་པའི་ནུས་པ་དང་ལྡན་པར་ཡང་འགྱུར་རོ། །དེ་བས་ན་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བའི་ཆོས་གང་གིས་བུམ་པ་དང་རས་ཡུག་དང༌། ཤིང་རྟ་ལ་སོགས་པའི་ངོ་བོའི་དོན་གྱི་ཁྱད་པར་ཡོངས་སུ་གཅོད་པར་འགྱུར་བ་ནི་འདུ་ཤེས་ཞེས་བརྗོད་དོ། །དེ་ལྟ་བུའི་འདུ་ཤེས་ནི་མི་ལྡན་པའི་མིང་དང་དོན་གཅིག་ལ་འཇུག་སྟེ། མིང་གིས་ནི་དོན་


DTG103_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་བྱེད་ལ། འདུ་ཤེས་ཀྱིས་ནི་ཡང་དག་པར་ཤེས་པར་བྱེད་དེ། དེས་ན་མིང་དང་དོན་གྱི་མཚན་མའི་བརྡ་ཤེས་པ་ནི་གསལ་བ་སྟེ། དེ་ནི་ཚིག་མིང་ལ་འཇུག་ལ་མིང་ནི་དོན་ལ་སྟེ། དེའི་ཕྱིར་ངག་མིང་ལ་འཇུག་ལ། མིང་གིས་ནི་དོན་རྗོད་པར་བྱེད་ཅེས་བྱའོ། །ཐ་སྙད་ལ་མ་བྱང་བའི་འདུ་ཤེས་ནི་མི་གསལ་བའི་ཕྱིར་མིང་གིས་དོན་ལ་མི་འཇུག་སྟེ། མིང་གིས་དོན་སྒྲུབ་པར་ཡང་མི་ནུས་སོ། །དེ་ཉིད་ནི་མིང་དོན་དང་བཅས་པ་ལ་འཛིན་པས་འདུ་ཤེས་སོ། །རྟེན་གྱི་བྱེ་བྲག་གིས་ནི་དྲུག་ཏུ་འགྱུར་ཏེ། མིག་གི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ནས་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་བར་དུའོ། །ཡང་རྣམ་པ་གསུམ་དུ་འགྱུར་ཏེ། ཆུང་ངུ་དང༌། ཆེན་པོར་གྱུར་པ་དང༌། ཚད་མེད་པའོ། །འདུ་ཤེས་ཀྱི་ཕུང་པོ་བཤད་ཟིན་ཏོ། །འདུ་བྱེད་ཀྱི་ཕུང་པོའི་དབང་དུ་བྱས་ནས་བརྗོད་པ། འདུ་བྱེད་ཀྱི་ཕུང་པོ་ནི་རྣམ་པ་གཉིས་ཏེ། སེམས་དང་མཚུངས་པར་ལྡན་པ་དང༌། སེམས་དང་མི་ལྡན་པའོ། །དེ་ལ་རྟེན་དང༌། དམིགས་པ་དང༌། རྣམ་པ་དང༌། དུས་དང་རྫས་མཚུངས་པས་སེམས་དང་མཉམ་དུ་རབ་ཏུ་འཇུག་པས་སེམས་དང་མཚུངས་པར་ལྡན་པ་སྟེ། སེམས་པ་ལ་སོགས་པ་ནས་ཐ་མ་བཟོད་པའི་བར་དུའོ། །དེ་དག་གི་ནང་ནས་རྩོད་པའི་བར་གྱུར་པ་དང༌། འཁོར་བའི་རྒྱུར་གྱུར་མས་ཚོར་བ་དང༌། འདུ་ཤེས་ཕྱུང་ནས་ལོགས་ཤིག་ཏུ་ཕུང་པོར་གཞག་གོ །དེ་ལས་གཞན་པའི་སེམས་ལས་བྱུང་བ་སེམས་པ་ལ་སོགས་པ་དང༌། ཐོབ་པ་ལ་སོགས་པ་སེམས་དང་མི་ལྡན་པའི་འདུ་བྱེད་འདི་དག་ཉིད་འདུ་བྱེད་ཀྱི་ཕུང་པོའོ། །དེ་ལ་སེམས་དང་མཚུངས་པར་ལྡན་པས་ནི་སེམས་པ་དང་རེག་པ་དང་ཡིད་ལ་བྱེད་པ་དང༌། འདུན་པ་དང༌། མོས་པ་དང༌། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་རྟོག་པ་དང༌། །དཔྱོད་པ་དང༌། བག་མེད་པ་དང༌། བག་ཡོད་པ་དང༌། སྐྱོ་བ་དང༌། རབ་ཏུ་དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཤིན་ཏུ་མ་སྦྱངས་པ་དང༌། རྣམ་པར་འཚེ་བ་དང༌། རྣམ་པར་མི་འཚེ་བ་དང༌། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་


DTG103_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། བཏང་སྙོམས་དང༌། རྣམ་པར་གྲོལ་བ་དང༌། དགེ་བའི་རྩ་བ་དང༌། མི་དགེ་བའི་རྩ་བ་དང༌། ལུང་དུ་མ་བསྟན་པའི་རྩ་བ་དང༌། ཀུན་ཏུ་སྦྱོར་བ་དང༌། ངེས་པར་འཆིང་བ་དང༌། ཕྲ་རྒྱས་དང༌། ཉེ་བའི་ཉོན་མོངས་པ་དང༌། ཀུན་ནས་དཀྲིས་པ་དང༌། ཟག་པ་དང༌། ཆུ་བོ་དང༌། སྦྱོར་བ་དང༌། ཉེ་བར་ལེན་པ་དང༌། མདུད་པ་དང༌། སྒྲིབ་པ་དང༌། ཤེས་པ་དང༌། བཟོད་པ་ཞེས་བྱ་བའོ། །སེམས་དང་མཚུངས་པར་ལྡན་པའི་མིང་བསྟན་ཟིན་ཏོ། །ཡང་འདུ་བྱེད་ཀྱི་ཆོས་གཞན་གང་དག་གཟུགས་ཅན་མ་ཡིན་པ་ཉིད་དུ་མཚུངས་པས་སེམས་དང་རིགས་གཅིག་པ་དེ་དག་ནི་སེམས་དང་མི་ལྡན་པའི་འདུ་བྱེད་དེ། འདི་ལྟ་སྟེ། ཐོབ་པ་དང༌། མ་ཐོབ་པ་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འགོག་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པ་དང༌། སྲོག་གི་དབང་པོ་དང༌། སྐལ་པ་མཉམ་པ་དང༌། གནས་སོ་སོར་ཐོབ་པ་དང༌། དངོས་པོ་སོ་སོར་ཐོབ་པ་དང༌། སྐྱེ་མཆེད་སོ་སོར་ཐོབ་པ་དང༌། སྐྱེ་བ་དང༌། རྒ་བ་དང༌། གནས་པ་དང༌། མི་རྟག་པ་དང༌། མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌། ཡི་གེའི་ཚོགས་དང༌། རྐྱེན་ཚོགས་པ་མེད་པ་དང༌། རྐྱེན་ཚོགས་པ་སྟེ། འདི་རྣམས་ནི་སེམས་དང་མི་ལྡན་པའི་འདུ་བྱེད་དོ། །དེ་ལ་སེམས་པ་ནི་སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཏེ། ཇི་ལྟར་རྒྱལ་པོ་རྣམས་བློན་པོས་བྱ་བ་དེ་དང༌། དེ་ལ་འཇུག་པར་བྱེད་པ་དེ་བཞིན་དུ་སེམས་ཀྱང་སེམས་པས་བྱ་བ་དང་བཅས་པའི་ངོ་བོར་དེ་དང་དེར་སྟོན་པར་བྱེད་དོ། །དེ་ནི་འདུ་བྱེད་རྣམས་འབྱུང་བ་ལ་ས་བོན་གྱི་ངོ་བོར་གནས་ཏེ། འགྲོ་བ་སྣ་ཚོགས་ལས་ལས་སྐྱེས་ལ་དེ་ནི་ལས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཡང་དེ་ནི་རྣམ་པ་གསུམ་སྟེ། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པའོ། །ཡང་དབྱེ་ན་སེམས་པའི་ཚོགས་དྲུག་ཏུ་འགྱུར་ཏེ། མིག་གི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ནས་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་བར་དུའོ། །དེ་ལ་རེག་པ་གང་ཞེ་ན། ཇི་ལྟར་ཆུ་ལ་ཆར་བབ་པར་གྱུར་པ་ལས། ཆུའི་ཆུ་བུར་འབྱུང་བར་འགྱུར་བ་དེ་བཞིན་དུ་དབང་པོ་རྣམས་རང་རང་གི་ཡུལ་


DTG103_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇུག་པ་ལས་མིག་ལ་སོགས་པ་ཇི་ལྟ་བ་བཞིན་དུ་གཟུགས་མཐོང་བ་ལ་སོགས་པའི་རང་རང་གི་རྣམ་པར་ཤེས་པ་ཉེ་བར་འབྱུང་བའམ་ཡང་ན་ཕ་དང་མ་ལ་བརྟེན་ནས་བུ་ལ་སོགས་པ་འབྱུང་བ་དེ་བཞིན་དུ་དབང་པོ་དང་ཡུལ་ལ་བརྟེན་ནས་རྣམ་པར་ཤེས་པ་འབྱུང་བ་ན་དེ་ལ་བུའི་གནས་ལྟ་བུའམ། ཆུའི་ཆུ་བུར་གྱི་གནས་ལྟ་བུའི་རྣམ་པར་ཤེས་པ་དང༌། ཡུལ་དང་དབང་པོ་གསུམ་ཉེ་བར་འདུས་པ་ལས་སྐྱེས་པ་ནི་རེག་པའོ། །ཡང་ན་རེག་པའི་རྒྱུར་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་ཉེ་བར་འདུས་པ་ན་སྟེ། ཉེ་བར་འདུས་པ་ཞེས་བྱ་བ་ནི་གསུམ་པོ་རྒྱུ་དང་འབྲས་བུའི་ངོ་བོར་གནས་པ་རྣམས་ཀྱི་གང་ཕན་ཚུན་ལྟོས་པའོ། །ཡང་དེ་ནི་རྣམ་པ་གསུམ་སྟེ། བདེ་བ་མྱོང་བར་འགྱུར་བ་དང༌། སྡུག་བསྔལ་མྱོང་བར་འགྱུར་བ་དང༌། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའོ། །ཡང་རྣམ་པ་དྲུག་སྟེ། མིག་གི་རྣམ་པར་ཤེས་པའི་འདུས་ཏེ་རེག་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་འདུས་ཏེ་རེག་པའི་བར་དུའོ། །ཡིད་ལ་བྱེད་པ་ནི་སེམས་ཡུལ་ལ་འཇུག་པ་སྟེ་ཡུལ་ལ་གཏོད་པོ་ཞེས་བྱ་བའི་དོན་ཏོ། །སེམས་ནི་རང་བཞིན་གྱིས་གཡོ་བ་སྟེ་སྤྲེའུ་ལྟ་བུ་ཡིན་པས་དེ་ནི་ཆོས་གཞན་དང་མ་འབྲེལ་བར་ཡུལ་ལ་མི་གནས་པ་ཉིད་དེ། ཡུལ་གཞན་གྱི་བྱ་བ་ལ་མི་འཇུག་པར་ཡུལ་ལ་གནས་པར་ནི་ཆོས་གཞན་དང་འབྲེལ་བ་མེད་པར་མི་སྲིད་དེ། དེ་བས་ན་གང་དང་ལྡན་པས་རྣམ་པར་ཤེས་པ་མངོན་པར་འདོད་པའི་ཡུལ་ལ་གཏོད་པ་དང་བཅས་པར་འགྱུར་བ་ནི་སེམས་འཇུག་པ་ཞེས་བྱ་བ་སྟེ། སེམས་ཀྱི་བྱ་བའི་ངོ་བོར་ཉེ་བར་མཚོན་པའི་སེམས་ལས་བྱུང་བའི་ཆོས་ལ་ཡིད་ལ་བྱེད་པ་ཞེས་བྱ་བར་བརྗོད་དོ། །ཡིད་ལ་བྱེད་བས་ན་ཡིད་ལ་བྱེད་པ་སྟེ། ཡུལ་འགའ་ཞིག་ལ་སེམས་གནས་པར་བྱེད་པ་ཞེས་བྱ་བའི་དོན་ནམ། ཡུལ་ཡིད་ལ་བྱེད་པ་ན་ཡིད་ལ་བྱེད་པ་སྟེ། གང་གི་སྟོབས་ཀྱིས་རྣམ་པར་ཤེས་པ་ཡུལ་ཡིད་ལ་བྱེད་པའི་ངོ་བོ་ཉིད་དོ། །ཏིང་ངེ་འཛིན་ན་རྣམ་པར་གཡེང་བའི་གཉེན་པོའི་ཆོས་ཏེ། སེམས་ཀྱི་རྒྱུན་དམིགས་པ་གཅིག་པའི་རྒྱུའོ། །ཡིད་ལ་བྱེད་པ་ནི་ཡུལ་ལ་སེམས་དེའི་དུས་སུ་མི་གཏོང་བའོ། །ཡང་དེ་ནི་རྣམ་པ་གསུམ་དུ་འགྱུར་ཏེ།


DTG103_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་པ་དང༌། མི་སློབ་པ་དང༌། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་ནོ། །དེ་ལ་གང་ཟག་བདུན་ནི་སློབ་པ་སྟེ། ཉོན་མོངས་པ་ལྷག་མ་སྤང་བར་བྱ་བ་ནི་ཕྱིར་བསླབ་པར་བྱ་བ་ཡོད་པས་སོ། །བདུན་པོ་གང་དག་ཡིན་ཞེ་ན། རྒྱུན་དུ་ཞུགས་པའི་འབྲས་བུ་མནོན་དུ་བྱ་བའི་ཕྱིར་ཞུགས་པ་དང༌། རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་ཞེས་བྱ་བ་འདི་རྣམས་སོ། །གང་ཟག་བདུན་པོ་རྣམས་ཀྱི་རྒྱུད་ལ་ཟག་པ་མེད་པའི་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པ་དེ་ནི་སློབ་པའི་ཡིད་ལ་བྱེད་པའོ། །དགྲ་བཅོམ་པ་ནི་མི་སློབ་པ་སྟེ། དེའི་ཟག་པ་མེད་པའི་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པ་ནི་མི་སློབ་པའི་ཡིད་ལ་བྱེད་པའོ། །ཟག་པ་དང་བཅས་པའི་སེམས་དང་མཚུངས་པར་ལྡན་པའི་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ཞེས་བྱ་སྟེ། དེ་ལྟར་ཡིད་ལ་བྱེད་པ་རྣམ་པ་གསུམ་མོ། །འདུན་པ་ནི་རྣམ་པར་ཤེས་པའི་བྱེད་པ་འདོད་པ་ཉིད་དེ། སེམས་ལས་བྱུང་བའི་ཆོས་གང་དང་འབྲེལ་པས་བཟའ་བ་དང༌། འགྲོ་བ་དང༌། གཙོ་བོ་དང༌། བུམ་པ་དང༌། སྣམ་བུ་དང༌། དགེ་བ་དང༌། མི་དགེ་བ་ལ་བདག་གིས་འདི་བྱའོ་སྙམ་དུ་བྱེད་འདོད་པའི་མཚན་ཉིད་ཀྱི་སེམས་ལས་བྱུང་བའི་ཆོས་ནི་འདུན་པ་ཞེས་བརྗོད་དོ། །ཡིད་ལ་བྱེད་འདོད་པ་ཡོད་པས་བྱེད་འདོད་པ་སྟེ་དེའི་ངོ་བོ་ནི་བྱེད་འདོད་པ་ཉིད་དོ། །དེའི་ངོ་བོ་གང་ཡིན་ཞེ་ན། དེ་ནི་འདུན་པ་ཉིད་དོ་གང་གིས་དེ་བྱེད་འདོད་པར་འགྱུར་རོ། །དེ་ལ་ཇི་ལྟར་ཟ་མ་ཏོག་གི་ནང་དུ་བཅུག་ནས་ཁ་བཅད་པའི་སྦྲུལ་ནི་འབྱུང་ཞིང་འགྲོ་བའི་བྱ་བ་ལ་རྩོལ་བ་གློད་དེ་གནས་ལ། སྦྲུལ་འཛིན་བྱེད་པས་བསྐུལ་ཞིང་བསླང་བ་ན་ནི་འབྱུང་བའི་བྱ་བ་ལ་རྩོལ་བ་དང་བཅས་པར་འགྱུར་རོ། །དེ་བཞིན་དུ་སེམས་ཀྱང་སེམས་ལས་བྱུང་བ་དང་མཚུངས་པར་ལྡན་པས་ཉེ་བར་གྱུར་བའི་ཡུལ་ལ་རྩོལ་བ་མེད་པ་བོར་ནས་རྩོལ་བ་དང་བཅས་པ་འབྱུང་ངོ་ཞེས་བྱ་བའོ། །དེ་ལྟ་བུ་ནི་


DTG103_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལས་བྱུང་བའི་ལས་སོ། །ཇི་ལྟར་ཡུལ་གང་ལ་བྱ་བ་དང་བཅས་པའི་སྦྲུལ་དེ་ཉིད་ཡུལ་དེ་ལ་གཏོད་པ་དང་བཅས་པས་གཏོད་པར་གྱུར་པ་དེ་བཞིན་དུ་ཡུལ་གང་ལ་སེམས་ལས་བྱུང་བ་གང་དང་མཚུངས་པར་ལྡན་པ་སེམས་བྱ་བ་དང་བཅས་པར་འགྱུར་བའི་ཡུལ་དེ་ཉིད་ལ་ཡིད་ལ་བྱེད་པས་ནི་གཏོད་པ་དང་བཅས་པར་འགྱུར་བས་འདི་ནི་ཡིད་ལ་བྱེད་པའི་ལས་ཀྱི་ཁྱད་པར་རོ། །དེ་ལྟར་བརྗོད་པའི་ཆོས་སེམས་པ་དང་ཡིད་ལ་བྱེད་པའི་སྔོན་དུ་འདུན་པ་འགྲོ་བ་སྟེ། གང་དུ་འདུན་པ་ཞུགས་པ་དེར་སེམས་པ་དང་ཡིད་ལ་བྱེད་པ་དག་འབྱུང་བ་ན་ཡང་རྟའི་བྱ་བའི་ཁྱད་པར་ལྟར་སྔོན་དུ་ཉེ་བར་མཚོན་ཏེ་སེམས་པ་དང་ཡིད་ལ་བྱེད་པ་དག་རང་གི་ཡུལ་ལ་འཇུག་པ་ན་སྐུལ་བར་བྱེད་པ་ཉིད་ཀྱིས་སོ། །གལ་ཏེ་བྱེད་པར་འདོད་པའི་མཚན་ཉིད་ཅན་གྱི་འདུན་པ་ཁ་ཅིག་ཏུ་འབྱུང་བར་མ་གྱུར་ན་ནི་ཡུལ་ངེས་པར་མ་མཐོང་བས་རང་བཞིན་གྱིས་བེམས་བོ་ལྟར་གང་ཡང་འཇུག་པར་མི་འགྱུར་བས། དེ་བས་ན་འདི་ལྟར་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་ནི་འདུན་པའི་རྩ་བ་ཅན། འདུན་པའི་རྒྱུ་ཅན། འདུན་པ་ལས་ཀུན་དུ་འབྱུང་ཞིང་འདུན་པའི་མཐུས་འབྱུང་བར་འགྱུར་ཞེས་བྱའོ། །འདི་དང་སྲེད་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། ཇི་ལྟར་ལ་ཅས་ཤིང་ཚ་བ་གཉིས་འབྱར་བར་བྱེད་པ་ལྟར་སྲེད་པ་ནི་སེམས་ཡུལ་ལ་མངོན་པར་ཞེན་ཅིང་ཆགས་པའི་རྒྱུ་ཡིན་ལ། འདུན་པ་ནི་དེ་ལྟ་མ་ཡིན་ཏེ། དེ་ནི་བྱ་བའི་བསམ་པ་ཙམ་ཉིད་ཀྱིས་འཇུག་པས་སྲེད་པ་ལས་འདུན་པ་དེ་ལྟར་ཐ་དད་དོ། །དེ་ཡང་འདི་ལྟར་འདི་ན་གནས་པའི་གང་ཟག་འགའ་ཁམས་གོང་མ་འདོད་པས་གསོལ་བ་འདེབས་ཏེ། ཨེ་མའོ་བསམ་གཏན་ནམ་གཟུགས་མེད་པ་བདག་གིས་ཇི་ལྟར་འཐོབ་ཅེས་བྱ་བ་དང༌། དེ་བཞིན་དུ་ཇི་ལྟར་བདག་གིས་ཟག་པ་ཟད་པ་མངོན་དུ་བྱ་བ་དང༌། ལམ་རྟོགས་པར་འགྱུར་ཞེས་བྱ་བ་ལྟ་བུ་སྟེ། དེ་ལྟར་སྨོན་པ་དེ་ནི་སྲེད་པ་ཞེས་བརྗོད་པར་མི་བྱའོ་འོན་ཀྱང་དེ་ནི་དགེ་བའི་ཆོས་ལ་འདུན་པ་ཡིན་ཏེ། སྲེད་པ་དང་འགལ་བའི་ཡུལ་ལ་སྐྱེས་པས་སོ། །སེམས་ཡུལ་ལ་ལྷག་པར་འདོད་པ་ནི་མོས་པ་སྟེ། ལྷག་པའི་སྒྲ་ནི་དབང་དུ་བྱ་བ་


DTG103_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། རང་གི་ཡུལ་ལ་མོས་པའི་ཤེས་པའི་རང་གི་ངོ་བོ་གང་མེ་ལ་ཕྱེ་མ་ལེབ་ལྟར་ལྷག་པར་མོས་པ་ནི་མོས་པའོ། །སེམས་ལས་བྱུང་བའི་ཆོས་གང་དང་ལྡན་པས་རྣམ་པར་ཤེས་པ་ཡུལ་ལ་སོ་སོ་མ་ཡིན་པར་བསྡུས་པར་གྱུར་པ་དེ་ནི་སེམས་ལས་བྱུང་བའི་ཆོས་མོས་པའོ། །ཡིད་ལ་བྱེད་པ་དང་ཁྱད་པར་ནི་ཡུལ་ཡིད་ལ་བྱེད་པ་ནི་ཡིད་ལ་ལྷག་པར་བྱེད་པའི་ངོ་བོའོ། །འདི་ནི་ཡུལ་ལ་ལྷག་པར་བྱེད་པའི་ངོ་བོ་ཞེས་བྱ་བ་ནི་ཁྱད་པར་རོ། །དད་པ་ནི་བདེན་པ་དང༌། དཀོན་མཆོག་དང༌། ལས་དང་འབྲས་བུ་ལ་མངོན་པར་ཡིད་ཆེས་པའོ། །དེ་ལ་བདེན་པ་ནི་བཞི་སྟེ། སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་ཞེས་བྱ་བའོ། །ཡང་ན་རྣམ་པ་གཉིས་ཏེ། ཀུན་རྫོབ་དང་དོན་དམ་པ་ཞེས་བྱ་བའོ། །དཀོན་མཆོག་ནི་གསུམ་སྟེ། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ནོ། །ལས་ནི་བསོད་ནམས་དང༌། བསོད་ནམས་མ་ཡིན་པ་དང༌། མི་གཡོ་བའོ། །འབྲས་བུ་ནི་རྣམ་པར་སྨིན་པ་དང་བྲལ་བ་ཞེས་བྱ་བའོ། །དེ་དག་ཉིད་ལ་སྐུར་པ་འདེབས་པ་ནི་ལོག་པར་ལྟ་བ་སྟེ། མེད་པའི་རྣམ་པར་ཞུགས་པའོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ནི་ཡོད་པའི་རྣམ་པར་ཞུགས་པ་སྟེ། དེ་ལྟ་བུའི་ཡང་དག་པའི་ལྟ་བས་རྟོགས་པའི་ཡོད་པ་ལ་མངོན་པར་ཡིད་ཆེས་པའི་རྣམ་པ་ནི་དད་པའོ། །དད་པའི་སྟོབས་ཀྱིས་ཡོད་པ་དེ་དག་ངེས་པར་འཛིན་པ་དེ་ནི་མ་དད་པའི་གཉེན་པོར་གྱུར་པའོ། །དེ་ཡང་ཇི་ལྟར་རྙོག་པ་དང་བཅས་པའི་ཆུ་ལ་ནོར་བུ་ཆུའི་དང་བྱེད་ཀྱིས་ཆུའི་རྙོག་པ་རྣམས་བས་ལ་ནས་ཆུ་རབ་ཏུ་དང་བར་བྱེད་པ་དེ་བཞིན་དུ་དད་པའི་ནོར་བུ་ཡང་སེམས་ཀྱི་རྫིང་བུང་བྱུང་ནས་མ་དང་པའི་རྙོག་པ་བསལ་ཏེ་ཡིད་དང་བར་བྱེད་དོ། །ཡིད་དང་བར་བྱས་པས་ཇི་ལྟར་ཡོངས་སུ་དག་པའི་མེ་ལོང་ལ་གཟུགས་བརྙན་གྱི་ཚུལ་གྱིས་བདེན་པ་དང་དཀོན་མཆོག་ལ་སོགས་པ་སྣང་བར་འགྱུར་རོ། །བརྩོན་འགྲུས་ནི་དགེ་བའི་ཆོས་ལ་སྤྲོ་བ་སྟེ། སེམས་ལས་བྱུང་བའི་ཆོས་གང་དང་ལྡན་པས་སེམས་དགེ་བའི་ཆོས་བསྡུ་བ་ལ་སྤྲོ་བར་འགྱུར་བ་ལེ་ལོའི་གཉེན་པོར་གྱུར་བའི་ཆོས་ནི་བརྩོན་འགྲུས་སོ། །གང་བྱས་པ་དང་བྱེད་པའི་


DTG103_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལ་སེམས་ཀྱི་བརྗེད་པ་མེད་པ་སྟེ། སེམས་ཀྱི་མངོན་པར་བརྗོད་པ་ནི་དྲན་པའོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་སྟེ། རྩེ་ནི་དམིགས་པའོ། །སེམས་ལས་བྱུང་བའི་ཆོས་གང་དང་ལྡན་པས་སེམས་ཀྱི་རྒྱུན་དམིགས་པ་གཅིག་ལ་ངེས་པར་གནས་པ་སྟེ། དེ་ནི་སེམས་ལས་བྱུང་བའི་ཆོས་ཏིང་ངེ་འཛིན་ཞེས་བྱའོ། །ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །རྣམ་པར་འབྱེད་པ་ནི་དངོས་པོའི་ངོ་བོ་མང་པོ་རིལ་པོ་གཅིག་ལྟ་བུར་གྱུར་པའི་དོན་ལ་འདིས་སོ་སོར་རྟོགས་པས་རྣམ་པར་འབྱེད་པའོ། །ཁྱད་པར་ཅན་དུ་རྣམ་པར་འབྱེད་པ་ནི་རབ་ཏུ་རྣམ་པར་འབྱེད་པ་སྟེ། བློ་ཡིད་དངོས་པོའི་ཆ་རྣམ་པར་ཕྱེ་ནས་འདིའི་རང་གི་ངོ་བོ་ཅི་ཞེས་ཏེ། ཉེ་བར་དམིགས་པའི་དོན་ལ་ངེས་པར་སྙིང་པོ་ཅི་ཞིག་ཡོད་ཅེས་དེ་ལྟ་བུའི་རྣམ་པར་ཞུགས་པའོ། །དཔེར་ན་ཆུ་ཤིང་གི་སྡོང་པོ་ལ་སྙིང་པོ་འདོད་པས་རྣམ་པར་ཕྱེ་བ་ལྟ་བུ་སྟེ། ཇི་ལྟར་འགའ་ཞིག་སྙིང་པོ་འདོད་པས་ཆུ་ཤིང་གི་སྡོང་པོ་ཤུན་པ་དང་ཤུན་པ་ཐ་དད་དུ་ལེགས་བར་རྣམ་པར་ཕྱེ་ནས་བཙལ་བ་ན་སྙིང་པོ་ཅུང་ཟད་ཀྱང་མི་རྙེད་པ་ལྟར་བློ་གྲོས་དང་ལྡན་པས་གང་ཟག་དང་ཆོས་རྣམས་ཀྱི་རང་གི་ངོ་བོ་ཡོངས་སུ་བཙལ་བ་ན་སྙིང་པོ་ཅུང་ཟད་ཀྱང་མི་དམིགས་སོ། །དེ་ལ་གང་ཟག་ཅེས་བྱ་བ་ནི་བདག་དང༌། སེམས་ཅན་དང༌། སྲོག་དང༌། གསོ་བའོ། །དེ་ཡང་འདི་ལྟར་ཁྱིམ་དང༌། ཕྲེང་བ་དང༌། ཤིང་རྟ་དང༌། ནགས་ཚལ་ལ་སོགས་པ་ལྟར་ཉེ་བར་བརྟེན་ནས་རྣམ་པར་གདགས་ཏེ། ཇི་ལྟར་ཁྱིམ་ནི་རྩྭ་དང་འོད་མ་དང་ས་ལ་སོགས་པའི་རྒྱུ་ལ་ཉེ་བར་བརྟེན་ནས་སྒྲུབ་སྟེ། དེ་ཡོངས་སུ་རྫོགས་པར་གྱུར་བ་དང༌། ཆར་དང༌། རླུང་དང༌། ཉི་མ་ཡོངས་སུ་སྐྱོང་བ་ལ་མཁོ་བར་གྱུར་ན་ཡང་རང་གི་ངོ་བོར་གྲུབ་པ་ཡོད་པ་ནི་མ་ཡིན་ནོ། །གལ་ཏེ་དེའི་ངོ་བོར་ཡོད་ན་རྩྭ་ལ་སོགས་པ་ལ་མ་ལྟོས་པར་ཡང་གཟུང་བར་འགྱུར་ཏེ། འདི་དག་ནི་རྒྱུར་གྱུར་པ་རྩྭ་ལ་སོགས་པའོ། །འདི་ནི་དེའི་འབྲས་བུར་གྱུར་པ་ཁྱིམ་མོ་ཞེས་བྱ་བར་གྱུར་ན། དེ་ལྟར་ན་ནི་མི་འཛིན་ཏེ། དེ་བས་ན་འདི་རང་གི་ངོ་བོར་ནི་མེད་དོ། །གལ་ཏེ་འདི་རང་གི་ངོ་བོར་ཡོད་ན་ནི་དེས་ན་གཞན་ལ་བརྟེན་པར་མི་འགྱུར་ཏེ། རང་གི་ངོ་བོར་


DTG103_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་ཕྱིར་རོ། །གང་རང་གི་ངོ་བོར་གྲུབ་པ་ནི་གཞན་ལ་ལྟོས་པ་མ་ཡིན་ཏེ། གཞན་ལ་ལྟོས་པ་མ་ཡིན་པ་ནི་མ་བྱས་པའོ། །གང་ལ་བྱས་པ་ནི་རྟག་པ་ཡིན་ལ། རྟག་པ་ནི་རྒྱུ་མེད་པ་ཡིན་པས་རྒྱུ་དང་རྐྱེན་ལ་མི་ལྟོས་པའི་རྟག་པ་ནི་མོ་གཤམ་གྱི་བུ་ལྟར་ཡོད་པ་མ་ཡིན་ན་ཡང་འཇིག་རྟེན་ན་ཁྱིམ་ཞེས་བྱ་བ་ཡང་ཡོད་དེ། དེས་ན་དེ་རང་གི་ངོ་བོར་གྲུབ་པ་ནི་མེད་ལ། རང་གི་ངོ་བོར་གྲུབ་པ་མེད་པས་མེད་པ་ཉིད་དུ་ལྟུང་བར་འགྱུར་བའང་མ་ཡིན་ནོ། །གལ་ཏེ་མོ་གཤམ་གྱི་བུ་ལྟར་གྱུར་ན་རྩྭ་ལ་སོགས་པ་ལ་ཉེ་བར་བརྟེན་ནས། རྣམ་པར་གདགས་པར་ཡང་མི་འགྱུར་ལ། ཆར་དང་ཉི་མ་ལ་སོགས་པ་སྐྱོབ་པར་ཡང་མི་འགྱུར་རོ། །དེ་ལྟ་བས་ན་རང་གི་ངོ་བོར་མེད་པས་ནི་དེ་མེད་ལ། རྟེན་ཅིང་འབྲེལ་བར་འབྱུང་བས་བྱས་པའི་ཡོད་པ་ཉིད་ཀྱིས་དེ་མེད་པ་ཡང་མ་ཡིན་ནོ། །རྫས་སུ་ཡོད་པར་གྱུར་པ་བདེན་པར་ཡོད་པ་ཉིད་ཀྱིས་ཞེན་པར་ཡང་འགྱུར་ན། རྫས་སུ་མེད་དེ་གཟུགས་བརྙན་ལྟ་བུའོ། །ཞེན་པ་ལས་ནི་འཁོར་བ་ན་འགྱུར་རོ། །དངོས་པོ་མེད་པས་ཡེ་མེད་པ་ཉིད་ཅེས་བྱ་བར་ཡང་མི་འགྱུར་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ཉེ་བར་བརྟེན་པའི་རྣམ་པར་གཞག་པ་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེས་ན་འདི་ལྟར་རྗེས་སུ་མེད་པའི་དངོས་པོའི་དོན་རྣམ་པར་གནས་པ་ནི་ཀུན་རྫོབ་ཙམ་དུ་གནས་པ་ངོ་བོ་ཉིད་ཀྱིས་སྟོང་པ་འཕགས་པ་རྣམས་ཀྱིས་མངོན་པར་ཞེན་པར་བྱ་བའི་གནས་སུ་མ་གྱུར་པ་གང་ལ་བདེ་བའི་དོན་དུ་སྒྲོ་བཏགས་པས་ནི་ཕྱིན་ཅི་ལོག་ཉིད་དེ། གཞན་དག་ཏུ་གནས་ལ་གཞན་དག་ཏུ་བཟུང་བ་ཉིད་ཀྱིས་ཐག་པ་བསྡོགས་པ་ལ་སྦྲུལ་དུ་བཟུང་བ་ལྟ་བུའོ། །ཁྱིམ་གྱི་བཤད་པ་འདི་ཉིད་ཀྱིས་ཕྲེང་བ་དང༌། ནགས་ཚལ་དང༌། ཤིང་རྟའི་བཤད་པ་ཡང་རིག་པར་བྱའོ། །ཇི་སྐད་བཤད་པའི་ཁྱིམ་ལ་སོགས་པ་ལྟར་བདག་དང་ཆོས་ཀྱང་བཤད་པར་བྱའོ། །ཇི་ལྟར་བྱས་ནས་ཤེ་ན། དེ་ལ་རྩྭ་ལ་སོགས་པ་ལ་ཉེ་བར་བརྟེན་ནས་ཁྱིམ་རྣམ་པར་གཞག་པ་དེ་བཞིན་དུ་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཞེས་བྱ་བ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་རྗེས་སུ་བརྟེན་ནས་བདག་ཅེས་ཉེ་བར་འདོགས་པའམ།


DTG103_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་དྲུག་པོས་དང༌། ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའ་དང༌། རྣམ་པར་ཤེས་པ་ཞེས་བྱ་བའམ། རེག་པའི་སྐྱེ་མཆེད་དྲུག་པོ་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཅེས་བྱ་བ་ལ་ཉེ་བར་བརྟེན་ནས་འདོགས་སོ། །དེ་ལྟ་བུའི་བདག་ནི་བདག་ཏུ་རྣམ་པར་འཇོག་པའི་རྒྱུ་ལ་མ་ལྟོས་པར་གྲུབ་པ་མེད་པ་ཉིད་དེ་ཁྱིམ་ལ་སོགས་པ་རང་གི་ངོ་བོར་མེད་པ་ལྟ་བུའོ། །གལ་ཏེ་ཡོད་ན་ནི་རང་གི་རྒྱུ་ལ་མ་ལྟོས་པར་ཉེ་བར་དམིགས་པར་འགྱུར་བ་ཞིག་ན་དེ་ལྟར་དམིགས་པ་ཡང་མེད་དོ། །དེས་ན་རང་གི་ངོ་བོར་ནི་མེད་པ་ཉིད་དོ། །གལ་ཏེ་རང་གི་ངོ་བོར་ཡོད་ན་ནི་རང་གི་ངོ་བོར་དེ་ལྟར་གནས་པ་ཉིད་ཀྱིས་གཞན་ལ་ལྟོས་པར་མི་འགྱུར་ལ། གཞན་ལ་མི་ལྟོས་པ་ནི་བྱས་པ་མ་ཡིན་པས་རྟག་པར་འགྱུར་རོ། །རྟག་པ་ནི་རྒྱུ་མེད་པ་ཡིན་ལ། རྒྱུ་མེད་པ་ཉིད་ནི་བོང་བུའི་རྭ་བཞིན་དུ་དམིགས་པར་མི་འགྱུར་ན། བདག་འདི་ནི་རང་གི་རྒྱུའི་ཚོགས་པ་ལ་ཉེ་བར་བརྟེན་ནས་དམིགས་ཏེ་ཁྱིམ་བཞིན་ནོ། །དེ་ལྟ་བས་ན་རྟག་པ་མ་ཡིན་ནོ། །གང་གི་མི་རྟག་པ་ཉིད་ནི་དངོས་པོ་མེད་པའོ། །གང་དངོས་པོ་མེད་པ་ནི་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཏེ། རང་གི་རྒྱུ་རྐྱེན་ལས་བྱུང་བ་ཉིད་དང༌། རང་གི་ངོ་བོར་མ་གྲུབ་པ་ཉིད་ཀྱིས་ཏེ། རང་གི་ཉེ་བར་ལེན་པ་ལ་བརྟེན་ནས་གཞག་པའི་ཕྱིར་དང༌། དེ་ལ་འཕགས་པ་རྣམས་ཀྱིས་ཞེན་པའི་གནས་སུ་མ་གྱུར་པས་གཟུགས་བརྙན་ལ་ཐ་སྙད་བྱེད་པ་ལྟར་རྣམ་པར་གནས་སོ། །ཕྱིན་ཅི་ལོག་ཏུ་ཞུགས་པས་ཇི་ལྟར་གནས་པའི་རང་གི་ངོ་བོ་ལ་རྨོངས་པའི་དབང་གིས་འདི་ལྟར་རང་གི་ངོ་བོར་སྒྲོ་བཏགས་ནས་བདག་ནི་ཡོད་དོ་ཞེས་འདོད་དེ། དེ་ནི་ངེས་པར་རྟག་པའི་མཐར་ལྟུང་ངོ༌། །གང་ཡང་བདག་ནི་མེད་དོ་ཞེས་འདོད་པ་དེ་ཡང་ཆད་པའི་མཐར་ལྟུང་སྟེ། སྔར་ཁས་བླངས་པའི་དངོས་པོ་དེ་མེད་པར་དམིགས་པའི་ཕྱིར་རོ།། དེ་ཡང་བཅོམ་ལྡན་འདས་ཀྱིས་ཀུན་དགའ་པོ་བདག་ཡོད་དོ་ཞེས་འདོད་ན་དེ་ནི་རྟག་པར་ལྟ་བའོ། །ཀུན་དགའ་བོ་བདག་མེད་དོ་ཞེས་འདོད་ན་ཆད་པར་ལྟ་བའོ་ཞེས་གསུངས་པས་ཐམས་ཅད་དུ་ཡང་བདག་རྫས་སུ་མེད་པ་ལ་བདེན་པར་རྫས་སུ་སྒྲོ་བཏགས་ཏེ། ཡོད་པ་ཉིད་དམ་


DTG103_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཉིད་དུ་བརྟགས་པ་ནི་རྟག་པ་དང་ཆད་པའི་མཐའ་གཉིས་སུ་ལྟུང་བར་ཞུགས་པར་འགྱུར་རོ། །གང་གིས་ཉེ་བར་ལེན་པ་ལས་རྣམ་པར་གནས་པ་ཕྱིན་ཅི་མ་ལོག་པ་ལ་ཇི་ལྟ་བ་བཞིན་དུ་མཐོང་བ་དེ་ནི་རྟག་པ་དང་ཆད་པའི་མཐའ་གཉིས་སུ་ལྟུང་བར་མི་འགྱུར་ཏེ། དེའི་རྟེན་དུ་གྱུར་པའི་དངོས་པོ་ཉེ་བར་མི་དམིགས་པའི་ཕྱིར་རོ། །དེ་ཡང་རྫས་རྗེས་སུ་མ་དམིགས་པས་ནི་རྟག་པར་ལྟ་བར་མི་ལྟུང་ལ། ཉེ་བར་ལེན་པ་ལས་རྣམ་པར་གཞག་པ་ཙམ་གྱིས་བདག་ཁས་བླངས་པས་ནི་ཆད་པར་ལྟ་བར་མི་ལྟུང་ངོ༌། །དེ་ལྟ་བུའི་མཐའ་གཉི་ག་སྤངས་ནས་དབུ་མ་པའི་སྒྲུབ་པས་བརྟེན་ནས་འབྱུང་བར་ཉེ་བར་ལེན་པ་ལས་རྣམ་པར་གནས་པའི་བདག་འཕགས་པས་ཇི་ལྟ་བ་བཞིན་དུ་རྟོགས་པས་བདག་ཏུ་འཛིན་པ་རྣམ་པ་ཐམས་ཅད་དུ་སྤངས་ཏེ་འཁོར་བ་ལས་རྣམ་པར་གྲོལ་ལོ། །དེ་ལྟར་རེ་ཞིག་འདི་ནི་གང་ཟག་ལ་བདག་མེད་པའོ། །ཆོས་ལ་བདག་མེད་པ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་ནི་མེད་པའོ། །དེ་ལ་མདོར་བསྡུ་ན་ཆོས་ནི་རྣམ་པ་གཉིས་ཏེ། གཟུགས་ཅན་དང༌། གཟུགས་ཅན་མ་ཡིན་པའོ། །དེ་ལ་གཟུགས་ཅན་ལ་ཡང་རྣམ་པ་གཉིས་ཏེ། འབྱུང་བ་དང་འབྱུང་བ་ལས་གྱུར་པའོ། །གང་གཟུགས་ཅན་མ་ཡིན་པ་ལ་ཡང་རྣམ་པ་གཉིས་ཏེ་འདུས་བྱས་དང༌། འདུས་མ་བྱས་པའོ། །དེ་ལ་གཟུགས་ཅན་མ་ཡིན་པ་འདུས་བྱས་ལ་ཡང་རྣམ་པ་གསུམ་སྟེ། སེམས་དང་སེམས་ལས་བྱུང་བ་དང་སེམས་དང་མི་ལྡན་པའོ། །གང་ཡང་གཟུགས་ཅན་མ་ཡིན་པ་འདུས་མ་བྱས་ལ་ནི་རྣམ་པ་བཞི་སྟེ། ནམ་མཁའ་དང། སོ་སོར་བརྟགས་པའི་འགོག་པ་དང༌། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དང༌། ཆོས་རྣམས་ཀྱི་ཆོས་ཉིད་དོ། །དེ་ལ་རེ་ཞིག་འདུས་མ་བྱས་རྣམས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་པ་ཉིད་ཀྱིས་ཀྱང་རང་གི་ངོ་བོར་མེད་ལ། བྱས་པ་མ་ཡིན་པས་ཀྱང་རང་གི་ངོ་བོར་མེད་དེ། འདུས་མ་བྱས་ནི་ཚིག་ཙམ་ཡིན་པས་རྣམ་པར་དཔྱད་པ་གཞུག་པར་མི་བྱའོ། །གང་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་བྱེ་བྲག་གིས་གཟུགས་རྣམ་པ་དེ་ལྔ་པོ་དེ་ལ་འབྱུང་བ་ཆེན་པོ་བཞི་ནི་ཕན་ཚུན་མི་འདོར་བས་ཕན་ཚུན་གྱི་སྟོབས་ཀྱིས་འབྱུང་སྟེ། འབྱུང་


DTG103_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆེན་པོ་གསུམ་ལ་བརྟེན་ནས་སའི་ཁམས་འགྲུབ་པར་འགྱུར་ལ། སའི་ཁམས་ལ་བརྟེན་ནས་ཀྱང་འབྱུང་བ་ཆེན་པོ་གསུམ་འགྲུབ་པོ། །དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་སྦྱར་རོ། །དེ་བས་ན་འདི་དག་ནི་ཕན་ཚུན་དུ་བརྟེན་ནས་འགྲུབ་པར་གནས་ཏེ། ས་ལ་མ་ལྟོས་པར་ཡང་འབྱུང་བ་གསུམ་པོ་ས་ལ་བརྟེན་པའི་ངོ་བོ་འཐོབ་པར་ག་ལ་འགྱུར། གང་དུ་འབྱུང་བ་གསུམ་པོ་མེད་པ་དེར་ཡང་སས་འབྱུང་བ་གསུམ་ལ་བརྟེན་པའི་ངོ་བོ་གང་ལས་འཐོབ་པར་འགྱུར། དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་རང་གི་ངོ་བོ་མ་གྲུབ་པར་སྦྱར་རོ། །གལ་ཏེ་འདི་དག་རང་གི་ངོ་བོར་གྲུབ་པར་གྱུར་ན་དེ་དག་རང་གི་ངོ་བོར་གྲུབ་པ་ཉིད་ཀྱིས་ཕན་ཚུན་ལྟོས་པར་མི་འགྱུར་རོ། །འདི་སྙམ་དུ་སེམས་ཏེ། གང་སྐྱེ་བའི་སྔོན་རོལ་དུ་འབྱུང་བའི་རང་གི་ངོ་བོ་མ་གྲུབ་པ་དེ་ལྟ་ན་ཡང་ཕན་ཚུན་ལྟོས་ནས་གྲུབ་པ་ཡོད་པས་རང་གི་ངོ་བོར་འགྱུར་རོ་སྙམ་ན། དེ་ནི་མ་ཡིན་ཏེ། མ་སྐྱེས་པའི་སྔོན་རོལ་ནས་དེ་དག་གི་རང་གི་ངོ་བོར་མེད་པས་དེ་ལ་ནི་རེ་ཞིག་ལྟོས་པ་ཡོད་པ་མ་ཡིན་པས་གྲུབ་པ་མེད་དོ། །གྲུབ་པ་མེད་པར་གྱུར་པས་རང་གི་ངོ་བོར་གྲུབ་པ་གང་ལས་འབྱུང་བར་འགྱུར། གང་དུ་དེ་དག་གི་རང་གི་ངོ་བོར་གྲུབ་པ་མེད་པ་དེར་བདག་དང་ནགས་ཚལ་ལ་སོགས་པ་ལྟར་ས་ལ་སོགས་པ་རྣམས་ཀྱི་ངོ་བོ་ཉིད་མ་གྲུབ་པའོ་ཞེས་བྱ་བ་འདི་གནས་སོ། །ཡང་ངོ་བོ་ཉིད་དུ་མ་གྲུབ་པས་ས་ལ་སོགས་པ་བཏགས་པ་ཙམ་དུ་མེད་དོ་ཞེས་ནི་བརྗོད་པར་མི་བྱ་སྟེ། འདི་ལྟར་ལུས་ཀྱི་དབང་པོས་དམིགས་པས་སོ། །དེ་བས་ན་འདི་དག་ཉེ་བར་དམིགས་པ་ཉིད་ཀྱིས་མོ་གཤམ་གྱི་བུ་ལ་སོགས་པ་ལྟར་མེད་པ་ནི་མ་ཡིན་པ་ཉིད་དེ་རྣམ་པར་བརྟགས་ན་ནི་རང་གི་ངོ་བོ་མ་གྲུབ་པ་ཉིད་ཀྱིས་རང་གི་ངོ་བོར་གྲུབ་པ་ནི་མེད་དེ། དེ་ལྟ་བས་ན་ངེས་པ་ཁོ་ནར་བརྟེན་ནས་ཡང་དག་པར་འབྱུང་བ་འདི་རྣམས་ནི་གཟུགས་བརྙན་བཞིན་དུ་ངོ་བོ་ཉིད་མེད་པར་རྟོགས་པར་བྱའོ། །དེ་ལྟར་བྱས་ན་འཇིག་རྟེན་པ་དང་ཡང་འགལ་བར་མི་འགྱུར་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཉེ་བར་བརྟེན་པའི་རྣམ་པར་གཞག་པ་ཁས་བླངས་པས་སོ། །དེ་ཁོ་ན་ཉིད་དང་ཡང་འགལ་བར་མི་འགྱུར་ཏེ། མེད་པའི་ངོ་བོ་ཉིད་ཀྱིས་སྒྲོ་


DTG103_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཏགས་པས་མངོན་བར་ཞེན་པ་ཡང་བཟློག་པར་གྱུར་པ་ཉིད་དེ། རྟེན་ཅིང་འབྲེལ་པར་འབྱུང་བ་བརྫུན་པ་སླུ་བའི་ཆོས་ཅན་ཉིད་དུ་རབ་ཏུ་རྟོགས་པས་སོ། །མངོན་བར་ཞེན་པ་མེད་པར་གྱུར་ན་མངོན་བར་ཞེན་པའི་རྒྱུ་ཅན་གྱི་འཁོར་བ་ལས་ལྡོག་པ་ཡང་བདེ་བར་འགྲུབ་བོ། །དེ་ལྟར་གཟུགས་བརྙན་བཞིན་དུ་འབྱུང་བ་ཆེན་པོ་རྣམས་དངོས་པོ་མེད་པ་དེས་ན་དེའི་རྒྱུ་ཅན་གྱི་འབྱུང་བ་ལས་གྱུར་པ་མིག་ལ་སོགས་པ་ངོ་བོ་ཉིད་མེད་པ་ཉིད་ནི་རྟོགས་པར་སླའོ། །གཞན་ཡང་ཐམས་ཅད་ལས་ཕྲ་བའི་གཟུགས་ཀྱི་ངོ་བོ་ནི་རྡུལ་ཕྲ་རབ་ཅེས་བརྗོད་དོ། །དེ་འདོད་པའི་ཁམས་ན་དབང་པོ་ལས་ཕྱི་རོལ་དུ་གྱུར་པ་ནི་རྫས་བརྒྱད་དང་ལྡན་པར་འབྱུང་སྟེ། དེ་ལ་རྫས་བརྒྱད་ནི་འདི་ལྟ་སྟེ། འབྱུང་བ་ཆེན་པོ་བཞི་དང༌། གཟུགས་དང༌། དྲི་དང༌། རོ་དང༌། རེག་བྱའོ། །ནང་གི་བདག་ཉིད་ཅན་ལུས་ཀྱི་དབང་པོ་དང་ལྡན་པ་ནི་རྫས་དགུའོ། །དེ་ལས་གཞན་པའི་མིག་ལ་སོགས་པའི་དབང་པོ་དང་ལྡན་པ་ནི་རྫས་བཅུའོ། །ཡང་དེ་དག་གི་རྡུལ་ཕྲ་རབ་རྣམས་སྒྲ་དང་ལྡན་པ་ལ་ནི་རྫས་དགུ་དང༌། བཅུ་དང༌། བཅུ་གཅིག་དང་ལྡན་པར་འབྱུང་ངོ༌། །དེ་ལ་རྫས་བརྒྱད་དང་ལྡན་པའི་རྡུལ་ཕྲ་རབ་ཀྱི་རྫས་བརྒྱད་ནི་སེའུ་འབྲུའི་འབྲས་བུ་ལྟར་རང་གི་ངོ་བོ་སོ་སོར་གནས་པ་ནི་མེད་ཀྱི་འོན་ཀྱང་སྨན་གྱི་ཚོད་མ་ལ་ཀོ་ལའི་འབྲས་བུ་དང་སྲན་མ་ལ་སོགས་པ་དང་བཏུང་བ་ལ་བུ་རམ་དང་ཏིན་དི་ལིའི་འབྲས་བུ་ལ་སོགས་པའི་རོ་ལྟར་འདྲེས་པར་གྱུར་ནས་གནས་སོ། །དེ་ལ་ཡང་རྡུལ་ཕྲ་རབ་ཀྱི་རྫས་བདུན་བདུན་ལ་ལྟོས་པ་མེད་པར་རེ་རེ་མི་འགྲུབ་པ་ཉིད་ཀྱིས་རང་གི་ངོ་བོར་གྲུབ་པ་ནི་མེད་དོ། །གལ་ཏེ་ཡོད་ན་ནི་རེ་རེ་ཞིང་རྫས་བདུན་བདུན་ལ་ལྟོས་པ་ཉམས་པར་འགྱུར་ལ། དེས་ན་རྒྱུ་མེད་པ་ཡིན་ནོ། །རྒྱུ་མེད་པར་ནི་ལ་ལར་འགའ་ཡང་གྲུབ་པ་མེད་དོ། །རྫས་བདུན་བདུན་ལ་ལྟོས་པ་དང་བཅས་པར་དམིགས་པས་ས་ལ་སོགས་པ་དང༌། ཁྱིམ་ལ་སོགས་པ་ལྟར་རང་གི་ངོ་བོར་ནི་མི་དམིགས་སོ། །ཐམས་ཅད་དུ་མེད་པ་ཡང་མ་ཡིན་ཏེ། རེ་རེ་ཞིང་རྫས་བདུན་བདུན་ལ་བརྟེན་ནས་ཉེ་བར་བཏགས་པ་དམིགས་པའི་ཕྱིར་རོ། །གང་རྫས་བརྒྱད་དང་ལྡན་པའི་རྡུལ་ཕྲ་རབ་ཀྱི་རིགས་པ་དེ་ཉིད་རྫས་དགུ་དང༌། བཅུ་དང་བཅུ་གཅིག་དང་ལྡན་པའི་རྡུལ་ཕྲ་རབ་ལ་ཡང་སྦྱང་བར་བྱའོ། །དེས་


DTG103_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ན་འདི་ལྟར་མིག་ལ་སོགས་པ་དབང་པོ་ལྔ་གཟུགས་ལ་སོགས་པ་དོན་ལྔ་དང་བཅས་པ་ནི་གཟུགས་བརྙན་ལྟ་བུ་ཉིད་དོ། །གང་ཡང་སེམས་དང་སེམས་ལས་བྱུང་བ་གང་དག་མིག་ལ་སོགས་པ་ལ་བརྟེན་ཅིང༌། གཟུགས་ལ་སོགས་པ་ལ་དམིགས་ནས་ཉེ་བར་འབྱུང་བ་དེ་དག་ཀྱང་གཟུགས་བརྙན་ལྟ་བུ་ཉིད་ལས་མི་འདའ་བ་ཉིད་དེ། གཟུགས་བརྙན་ལྟ་བུའི་རྟེན་དང་དམིགས་པ་ལས་བྱུང་བའི་ཕྱིར་རོ། །གཞན་ཡང་ཇི་ལྟར་འབྱུང་བ་ཆེན་པོ་རྣམས་ཕན་ཚུན་ལྟོས་ནས་འབྱུང་བ་ཉིད་ཀྱིས་རང་གི་ངོ་བོར་གྲུབ་པ་ནི་མེད་པ་དེ་བཞིན་དུ་སེམས་ལས་བྱུང་བ་རྣམས་ཀྱང་ཕན་ཚུན་གྱི་སྟོབས་ལ་བརྟེན་ནས་གྲུབ་པ་ཉིད་ཀྱིས་རང་གི་ངོ་བོར་གྲུབ་པ་མེད་པ་ཉིད་དེ་གཟུགས་བརྙན་ལྟ་བུ་ཉིད་ལས་མི་འདའོ། །དེ་བཞིན་དུ་དེ་དག་གི་མཚན་ཉིད་རྣམས་ལ་ཡང་སྦྱར་བར་བྱའོ། །དེ་ལྟ་བས་ན་ཆོས་ཐམས་ཅད་དངོས་པོ་མེད་པ་ཡིན་ལ། གང་གིས་དངོས་པོ་བདེན་པར་སྒྲོ་འདོགས་པ་དེ་ནི་ཕྱིན་ཅི་ལོག་ཡིན་ཏེ་དངོས་པོ་ནི་གཞན་དུ་གནས་ལ། ཆོས་ནི་གཞན་དུ་གཟུང་བ་ཉིད་ཀྱིས་སྨིག་རྒྱུ་ལ་ཆུར་འཛིན་པ་ལྟ་བུའོ། །གང་གིས་མི་རྟག་པ་ཉིད་དུ་ཁས་བླངས་ནས་ཡང་དངོས་པོ་བདེན་པར་འདོད་པ་དེས་ནི་དངོས་པོའི་ངོ་བོ་ཇི་ལྟ་བ་བཞིན་དུ་མ་ཤེས་ཏེ། ཕྱིན་ཅི་ལོག་ལ་ཡང་དག་པར་འདུ་ཤེས་པས་རེ་ཞིག་དང་པོར་བདག་ཉིད་བསླུས་པ་ཡིན་ལ། དེ་ནས་ནི་གཞན་དག་ཡིན་ནོ། །དེ་དག་ནི་དེའི་གྲུབ་པའི་མཐའ་ལ་ཞེན་པ་ཡིན་ཏེ། དེ་དག་གིས་རྫས་སུ་བདེན་པའི་ངོ་བོ་ཉིད་དུ་རབ་ཏུ་སྒྲུབ་པ་ན་ལུང་གིས་སམ་རིགས་པས་སྒྲུབ་པར་བྱེད་དོ། །དེ་ལ་རེ་ཞིག་ལུང་ནི་འདི་ཡིན་ཏེ། དེ་ལྟ་བས་ན་ཀུན་དགའ་བོ་གང་ན་གང་མེད་པ་དེ་ནི་དེས་སྟོང་པ་ཉིད་ཡིན་ལ། ལྷག་མ་གང་ཡིན་པ་དེ་ནི་ཡོད་པ་ཉིད་དོ་ཞེས་ཤེས་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའོ། །ཞེས་དེ་སྐད་བརྗོད་པ་ནི་ཕྱིན་ཅི་མ་ལོག་པར་སྟོང་པ་ཉིད་རྟོགས་པའོ་ཞེས་བྱ་བ་དང༌། དེ་བཞིན་དུ་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་གང་སྟོང་པ་དེ་ཡང་མི་འདོད་ལ། གང་གིས་སྟོང་པ་དེ་ཡང་མི་འདོད་པ་དེ་ལྟ་བུའི་རྣམ་པ་ནི་སྟོང་པ་ཉིད་ཉེས་པར་བཟུང་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་སྟོང་པ་དེ་ནི་མེད་པ་ཉིད་ཡིན་ལ།


DTG103_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

གང་སྟོང་པ་དེ་ནི་ཡོད་པ་ཉིད་ཡིན་པས་སྟོང་པ་ཉིད་ཅེས་རིགས་སོ། །ཐམས་ཅད་མེད་ན་གང་གང་གིས་སྟོང་པར་འགྱུར། དེ་ཉིད་དེས་སྟོང་པར་ནི་རིགས་པ་མ་ཡིན་ནོ། །དེ་ལྟ་བས་ན་ཉེས་པར་གཟུང་བར་འགྱུར་རོ། །ཇི་ལྟར་ན་སྟོང་པ་ཉིད་ལེགས་པར་བཟུང་བ་ཡིན་ཞེ་ན། གང་ན་གང་མེད་པ་དེ་ནི་དེས་སྟོང་པ་ཉིད་དོ་ཞེས་ཡང་དག་པར་མཐོང་ལ། ལྷག་མ་ནི་ཡོད་པ་ཉིད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའོ་ཞེས་དེ་ལྟར་བརྗོད་པ་ནི་སྟོང་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པའོ་ཞེས་གསུངས་པ་དང༌། དེ་བཞིན་དུ། རྟག་པའི་དངོས་པོ་མེད་པ་སྟེ། །གཞན་གྱི་དབང་ནི་ཡོད་པ་ཉིད། །སྒྲོ་འདོགས་པ་དང་སྐུར་འདེབས་པའི། །མཐར་རྟོགས་པ་ནི་བརླག་པར་འགྱུར། །ཞེས་ཀྱང་གསུངས་སོ་ཞེས་བྱའོ། །དེ་དག་གི་རིགས་པ་ཡང་རྫས་ཙམ་ཡང་མེད་ན་གདགས་པའི་མཚན་མ་མེད་པས་བཏགས་པ་ཡང་ཡོད་པར་འགྱུར་ལ། དེ་མེད་ན་ལས་ཀྱི་འབྲས་བུ་ལ་སོགས་པ་ཡང་ཉམས་པར་འགྱུར་རོ་ཞེས་བརྗོད་དོ། །དེ་ལ་ཁྱེད་ཀྱིས་དངོས་པོ་ཡོད་པར་བསྒྲུབས་ན་ནི་དེ་སྐད་བརྗོད་པར་རིགས་ན། བསྒྲུབས་པ་ཡང་མ་ཡིན་ཏེ། འཇིགས་པས་དལ་བུས་སྨྲས་པ་ལྟ་བུར་ཤེས་སོ། །ཇི་སྐད་སྨྲས་པའི་རིགས་པས་དངོས་པོ་བདེན་པར་ཡོད་པ་གསལ་བས་དངོས་པོ་མེད་པའི་དོན་ལ་ཡང་དངོས་པོའི་དོན་དུ་མཚོན་ནས་ལས་དང་འབྲས་བུ་ལ་སོགས་པ་ཐམས་ཅད་རིགས་པར་རྟོགས་སོ། །ལུང་དང་འགལ་བའི་དོན་ཡང་སྔར་ཉེ་བར་བརྗོད་དོ། །དེ་ལྟ་མོད་ཀྱི་ལུང་གིས་ནི་མངོན་བར་འདོད་པའི་དངོས་པོའི་ངོ་བོ་ཡོད་པར་སྒྲུབ་པར་མི་ནུས་སོ། །ཡོད་པ་ཉིད་ཙམ་ཉེ་བར་བརྗོད་པས་ནི་བདེན་པར་ཡོད་པ་ཉིད་དུ་མི་འགྲུབ་སྟེ། བཏགས་པ་ཙམ་ལ་ཡང་ཡོད་དོ་ཞེས་ཉེ་བར་བརྗོད་དོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལྔ་པོ་འདི་རྣམས་ནི་འདུ་ཤེས་ཙམ་དང༌། དམ་བཅའ་བ་ཙམ་དང༌། ཀུན་རྫོབ་ཙམ་དང༌། ཐ་སྙད་ཙམ་སྟེ། འདི་ལྟ་སྟེ་འདས་པའི་དུས་དང༌། མ་འོངས་པའི་དུས་དང༌། ནམ་མཁའ་དང༌། མྱ་ངན་ལས་འདས་པ་དང༌། གང་ཟག་ཅེས་བྱ་བའོ་ཞེས་དེ་ལྟར་འདུ་ཤེས་ཙམ་དུ་མངོན་བར་བསྒྲུབས་ནས་ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འདས་


DTG103_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཟུགས་བྱུང་བར་མ་གྱུར་ན་ཐོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་དག་འདས་པའི་གཟུགས་ལ་མི་ལྟ་བར་མི་འགྱུར་བ་ཞིག་ན་གང་གི་ཕྱིར་འདས་པའི་གཟུགས་ཡོད་པས་དེའི་ཕྱིར་ཐོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་འདས་པའི་གཟུགས་ལ་མི་ལྟའོ། །དགེ་སློང་དག་གལ་ཏེ་མ་འོངས་པའི་གཟུགས་འབྱུང་བར་མི་འགྱུར་ན་ཐོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་མ་འོངས་པའི་གཟུགས་ལ་མངོན་བར་མི་དགའ་བར་མི་འགྱུར་བ་ཞིག་ན། གང་གི་ཕྱིར་མ་འོངས་པའི་གཟུགས་འབྱུང་བར་འགྱུར་བ་ཡོད་པས་དེའི་ཕྱིར་ཐོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་མ་འོངས་པའི་གཟུགས་ལ་མངོན་པར་མི་དགའོ་ཞེས་གསུངས་སོ། །དེ་ལྟ་བས་ན་བཏགས་པར་ཡོད་པ་ལ་ཡང་ཡོད་པར་ཉེ་བར་བརྗོད་པས་ཡོད་པར་ཉེ་བར་གསུངས་པ་ཙམ་གྱིས་བདེན་པ་ཉིད་ཀྱི་དངོས་པོ་འགྲུབ་པར་མི་ནུས་སོ། །དེ་ལྟ་བས་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པ་ཡིན་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དང་ནི་མི་འགལ་ཏེ། གང་གི་ཕྱིར་བྱས་པ་ཅན་གྱི་དངོས་པོ་རྟེན་ཅིང་འབྲེལ་བར་འབྱུང་བ་བརྫུན་པ་སླུ་བའི་ཆོས་ཅན་འདི་ནི་འདིར་ངོ་བོ་དང༌། རྫས་དང༌། དངོས་པོར་མེད་དོ། །དེ་ལྟ་ན་ཡང་བྱས་པ་ཅན་གྱི་དངོས་པོ་བཅོས་མའི་རང་བཞིན་དུ་ནི་ཡོད་དེ། ངོ་བོ་ཉིད་དུ་མེད་པ་ཉིད་ཀྱིས་སྟོང་པའོ། །དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང༌། འདི་ལྟར་མཐོང་བའི་རྒྱུན་འདི་ཡང༌། །སྒྱུ་མ་ལྟ་བུར་བྱིས་པ་འདྲིད། །གནོད་པར་བྱེད་དང་ཟུག་རྡུ་སྟེ། འདི་ལ་སྙིང་པོ་ཡོད་མ་ཡིན། །ཇི་ལྟར་གང་ལ་རྣམ་དཔྱད་པས། །གསོག་དང་གསོབ་ཏུ་བཟོད་པ་ནི། །དེ་ལ་ཚུལ་བཞིན་རྟོག་པ་སྟེ། །དེ་ཡིས་སྙིང་པོ་མེད་པར་མཐོང༌། །གཟུགས་ནི་དབུ་བའི་གོང་བུ་འདྲ། །ཚོར་བ་ཆུ་བུར་ལྟ་བུ་སྟེ། །འདུ་ཤེས་སྨིག་རྒྱུ་ལྟ་བུ་ཡིན། །འདུ་བྱེད་རྣམས་ནི་ཆུ་ཤིང་འདྲ། །རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །ཉི་མའི་གཉེན་གྱིས་གསུངས་པ་ཡིན། །དེ་ལྟར་ཕུང་པོ་ལ་རྟོག་པས། །ཉིད་མོ་དང་ནི་མཚན་རྣམས་སུ། །བརྩོན་འགྲུས་བརྩམས་པའི་དགེ་སློང་གིས། །ཤེས་བཞིན་སོ་སོར་དྲན་པ་ཡིས། །འདུ་བྱེད་ཉེར་


DTG103_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཞི་བ་ཡི། །ཞི་བའི་གོ་འཕང་རབ་ཏུ་འཐོབ། །བདེ་བ་བླ་མེད་དང་ལྡན་པའི། །མྱ་ངན་འདས་པ་འགྲོ་བར་འགྱུར། །ཞེས་བྱ་བ་དང༌། ཡང་འདི་ལྟར་མདོ་སྡེ་ལས། རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ལ་བདག་མེད་པ་ཤེས་པ་དང་ལྡན་པར་འགྱུར་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་ཆོས་ལ་སྒྲོ་བཏགས་པ་དང༌། ཆོས་ལ་སྐུར་པ་བཏབ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེས་ན་འདི་ལྟར་འགྱུར་ཏེ། ཆོས་རྣམས་གློ་བུར་བ་ཀུན་དུ་བརྟགས་པ་ཞེས་བྱ་བ་རབ་ཏུ་གནས་ཀྱི་ཆོས་དེ་དེའི་ངོ་བོར་ཡོད་པ་ནི་མ་ཡིན་ལ། ཡི་གེ་དེའི་ངོ་བོ་ཡང་ཡོད་པ་མ་ཡིན་ནོ། །འོན་ཀྱང་འདི་དག་ནི་མིང་ཙམ་པ་འདི་དག་ནི་ཐ་སྙད་ཙམ་པ་ཞེས་བྱས་ནས་དེ་ལ་མངོན་བར་ཞེན་པར་ནི་མི་བྱེད་དོ། །གློ་བུར་བའི་ཆོས་དེ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་ཡང་མ་ཡིན་ཏེ། ཆོས་རྣམས་རྐྱེན་གཞན་དང་གཞན་ལ་ལྟོས་པའི་ཕྱིར་རྐྱེན་གཞན་དང་གཞན་ལ་ལྟོས་ན་ནི་ཡོད་དོ། །རྐྱེན་དང་བྲལ་ན་ནི་འགག་སྟེ། འདི་ལྟར་དེ་ཐམས་ཅད་བྱང་ཆུབ་སེམས་དཔས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་སོ། །དེས་ན་འདིར་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཡང་དག་པ་མ་ཡིན་པ་གློ་བུར་བ་ཉིད་ཀྱིས་དེས་བྱས་པས་དངོས་པོར་ནི་མེད་ཀྱི་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་ནི་མ་ཡིན་ནོ། །གལ་ཏེ་དེའི་ངོ་བོ་ཡོད་ན་ནི་དེ་རྟག་པ་ཉིད་ཡིན་པའི་ཕྱིར་མི་བདེན་པའི་ངོ་བོ་མ་ཡིན་པས་རང་བཞིན་དུ་གནས་པ་ཉིད་དུ་འགྱུར་ན་དེ་ཡང་མེད་དེ། དེ་ལྟ་བས་ན་གློ་བུར་བ་ཉིད་ཡིན་གྱི་རང་བཞིན་དུ་གནས་པ་ནི་མ་ཡིན་ནོ། །དེས་ན་འདི་ལྟར་ཆོས་དེ་དེའི་ངོ་བོར་ནི་ཡོད་པ་མ་ཡིན་ལ། ཡི་གེའི་ངོ་བོར་ཡང་ཡོད་པ་མ་ཡིན་ནོ་ཞེས་གསུངས་སོ། །གཞན་ལས་ཀྱང༌། ཕུང་པོ་ལྔ་པོ་དངོས་མེད་པ། །དེས་ན་མི་བདེན་པ་ལས་བྱུང༌། །སྐྱེ་བ་པོ་ཡང་ཡོད་མ་ཡིན། །གང་ཞིག་སྐྱེ་བའི་ཕུང་པོའང་མེད། །ཅེས་གསུངས་སོ། །གལ་ཏེ་འདི་དག་རྫས་བདེན་པ་ཉིད་དུ་ཡོད་པར་གྱུར་ན། དེ་ལྟ་ན་རྫས་སུ་ཡོད་པ་ནི་རྟག་ཏུ་གནས་པ་ཉིད་ཀྱིས་མི་བདེན་པའི་དངོས་པོ་ཉམས་པར་འགྱུར་རོ། །དེ་བས་ན་འདི་ལྟར། མི་ཟད་པ་ཡི་ཆོས་བཞི་ནི། །འཇིག་རྟེན་མགོན་གྱིས་བསྟན་པ་སྟེ། །སེམས་


DTG103_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ནམ་མཁའ་བྱང་ཆུབ་སེམས། །སངས་རྒྱས་ཆོས་ཀྱང་དེ་བཞིན་ནོ། །གལ་ཏེ་དེ་དག་རྫས་གྱུར་ན། །ཟད་པ་ཉིད་དུ་འགྱུར་བ་ཡིན། །མེད་པ་དེ་ནི་མི་ཟད་དེ། །དེ་ལྟ་བས་ན་མི་ཟད་བསྟན། །ཞེས་གསུངས་པ་དང༌། དེ་བཞིན་དུ། སྲིད་པ་གསུམ་། ནི་བཏགས་པ་ཙམ། །དངོས་པོའི་ངོ་བོ་ཉིད་དུ་མེད། །བཏགས་པ་ཡིས་ནི་དངོས་པོ་རྣམས། །རྟོག་གེ་ངན་པས་ཀུན་ཏུ་བརྟགས། །ཞེས་བྱ་བ་དང༌། དེ་བཞིན་དུ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་རྣམས་གསོག་ཉིད་དུ་རབ་ཏུ་ཤེས་པ་དང༌། གསོབ་ཉིད་དང༌། སྙིང་པོ་མེད་པ་ཉིད་དང༌། མིག་ཡོར་ལྟ་བུ་ཉིད་དང༌། གཟུགས་བརྙན་ལྟ་བུ་ཉིད་དང༌། སྒྲ་བརྙན་ལྟ་བུ་ཉིད་དང༌། སྒྱུ་མ་ལྟ་བུ་ཉིད་དང༌། མི་གནས་པ་ཉིད་དང༌། གཡོ་བ་ཉིད་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དུ་དེ་ལྟར་དེ་དག་གིས་རབ་ཏུ་ཤེས་པར་འགྱུར་ཏེ། འདི་ལྟར་ཆོས་འདི་དག་ནི་འདི་ལྟར་གསོག་ཉིད་དང༌། འདི་ལྟར་གསོབ་དང་འདི་ལྟར་སྙིང་པོ་མེད་པ་ནས་འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་བར་དུའོ། །དེ་ལྟ་མོད་ཀྱི་ཡང་འདི་ལྟར་སྐྱེའོ་ཞེས་བྱ་བར་ཡང་རབ་ཏུ་ཤེས་ལ་གནས་སོ་ཞེས་བྱ་བ་དང་འཇིག་གོ་ཞེས་བྱ་བར་ཡང་རབ་ཏུ་ཤེས་སོ། །དེ་དག་འདི་སྙམ་དུ་ཡང་འགྱུར་ཏེ། ཆོས་འདི་དག་ནི་མ་རིག་པའི་རྐྱེན་གྱིས་བྱུང་བ། མ་རིག་པ་སྔོན་དུ་འགྲོ་བ། མ་རིག་པས་རབ་ཏུ་བྱུང་བ་སྟེ། མ་རིག་པ་ལ་ཀུན་ཏུ་བརྟེན་ནས་འདུ་བྱེད་རྣམས་རབ་ཏུ་འབྱུང་བར་འགྱུར་རོ། །འདུ་བྱེད་རྣམས་ལ་ཀུན་ཏུ་བརྟེན་ནས་རྣམ་པར་ཤེས་པ་རབ་ཏུ་སྐྱེའོ། །རྣམ་པར་ཤེས་པ་ལས་ནི་མིང་དང་གཟུགས་སུ་གདགས་པར་འགྱུར་རོ། །མིང་དང་གཟུགས་སུ་བཏགས་པ་ལས་ནི་སྐྱེ་མཆེད་དྲུག་ཏུ་གདགས་པ་འབྱུང་བར་འགྱུར་རོ། །སྐྱེ་མཆེད་དྲུག་ལས་ནི་རེག་པ་འབྱུང་ངོ༌། །རེག་པ་ལས་ནི་ཚོར་བ་འབྱུང་ངོ༌། །ཚོར་བའི་རྒྱུ་ལས་ནི་བྱིས་པ་རྣམས་སྲེད་པས་གནོད་པར་འགྱུར་རོ། །སྲེད་པས་ནི་ཉེ་བར་ལེན་པ་རྣམས་ཉེ་བར་ལེན་ཏེ། ཉེ་བར་ལེན་པ་ཉེ་བར་བླངས་པས་ནི་སྲིད་པའི་རྒྱུན་འབྱུང་ངོ༌། །སྲིད་པ་ལས་ནི་སྐྱེ་བ་


DTG103_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ངོ༌། །སྐྱེ་བ་ལས་ནི་རྒས་པ་འབྱུང་ངོ༌། །རྒས་པའི་ཆོས་ལས་ནི་སྐྱེས་བུ་གང་ཟག་འཆི་བར་འགྱུར་ལ། འཆི་བ་ལ་བརྟེན་ནས་མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་ཀུན་ཏུ་འབྱུང་བར་འགྱུར་རོ། །དེ་ལྟ་བས་ན། སྐྱེས་བུ་མཁས་པ་རྟོགས་པ་དང་ལྡན་པས་མ་རིག་པ་སྤང་བ་ལ་འབད་པར་བྱའོ། །མ་རིག་པ་རྣམ་པར་བསལ་བའི་ཕྱིར་དང༌། མ་རིག་པ་རྩ་བ་ནས་དབྱུང་བའི་ཕྱིར་དང༌། མ་རིག་པ་འགོག་པའི་ཕྱིར་འབད་པར་བྱའོ། །མ་རིག་པ་འགགས་ན་མི་ཤེས་པ་ལ་བརྟེན་པའི་ཆོས་འདི་དག་ཀྱང་འགག་པར་འགྱུར་ཏེ། འདི་ལྟ་སྟེ། རིགས་ཀྱི་བུ་དཔེར་ན་སྲོག་གི་དབང་པོ་འགགས་ན་དབང་པོ་ལྷག་མ་རྣམས་ཀྱང་འགག་པར་འགྱུར་རོ། །དེ་བཞིན་དུ་མ་རིག་པ་འགགས་པས་མི་ཤེས་པ་ལ་བརྟེན་པའི་ཆོས་འདི་རྣམས་འགག་པར་འགྱུར་རོ། །མི་ཤེས་པ་མེད་ན་ཉོན་མོངས་པ་ཀུན་ཏུ་མི་སྤྱོད་དོ། །ཉོན་མོངས་པ་ཀུན་ཏུ་མི་སྤྱོད་ན་འཁོར་བར་འཇུག་པར་མི་འགྱུར་ལ། འཁོར་བའི་རྒྱུ་ཡང་འགག་པར་འགྱུར་ཞིང༌། མྱ་ངན་ལས་འདས་པ་ལ་ཉེ་བར་ཡང་འགྱུར་རོ། །རིགས་ཀྱི་བུ་ཆོས་བཅུ་པོ་འདི་དག་དང་ལྡན་པའི་བྱང་ཆུབ་སེམས་དཔས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པར་འགྱུར་རོ་ཞེས་གསུངས་པས་འདི་ལྟ་བུ་ནི་ཕྱིན་ཅི་མ་ལོག་པའི་སྟོང་པ་ཉིད་ཀྱི་དོན་ཏེ། འདི་ལྟ་སྟེ། དངོས་པོ་མེད་པའི་དོན་འདི་ཡིན་གྱི་ཐམས་ཅད་དུ་མེད་པའི་དོན་ནི་མ་ཡིན་ནོ། །དེ་ཡང་བཅོམ་ལྡན་འདས་ཀྱིས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་སོ། །སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་ཀྱང༌། བརྟེན་ཏེ་འབྱུང་བའི་ངོ་བོ་གང༌། །དེ་ཉིད་སྟོང་པ་ཉིད་དུ་བརྗོད། །དངོས་པོ་རྟེན་ཅིང་འབྱུང་བས་ན། །དེ་ཕྱིར་དངོས་པོ་མེད་པ་ཉིད། །ཅེས་གསུངས་སོ། །གང་དེ་ལྟ་བུ་ནི་དངོས་པོ་མེད་པའི་དོན་ཡིན་ཏེ། དེ་ལྟ་བུ་ནི་བདག་


DTG103_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་དོན་ཡིན་ལ། དངོས་པོ་ནི་བདག་གོ །གལ་ཏེ་དེ་དངོས་པོར་ཡོད་ན་ནི་བདག་དང་བཅས་པར་འགྱུར་རོ། །བདག་དང་བཅས་པར་གྱུར་ན་རང་དབང་ཅན་དུ་འགྱུར་ལ་རང་དབང་ཅན་དུ་གྱུར་ན་ནི་རྟག་པར་འགྱུར་ལ། དངོས་པོ་རྟག་པ་ནི་མེད་དུ་འདུ་བྱེད་ཐམས་ཅད་མི་རྟག་པ་ཞེས་གསུངས་སོ། །དེས་ན་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་ཀྱང༌། རྟེན་ཅིང་འབྲེལ་པར་འབྱུང་བ་གང༌། །དེ་ཉིད་ཁྱོད་ནི་སྟོང་པར་བཞེད། །དངོས་པོ་རང་དབང་ཅན་མེད་ཅེས། །མཉམ་མེད་ཁྱོད་ཀྱི་སེང་གེའི་སྒྲ། །ཞེས་གསུངས་སོ། །འཕགས་པ་ལྷའི་ཞལ་སྔ་ནས་ཀྱིས་ཀྱང༌། རྟེན་ཅིང་འབྲེལ་པར་འབྱུང་བ་གང༌། །རང་དབང་ཅན་དུ་དེ་མ་སྐྱེས། །འདི་དག་ཐམས་ཅད་རང་དབང་མེད། །དེས་ན་བདག་ནི་ཡོད་མ་ཡིན། །ཞེས་བཤད་དོ། །སློབ་དཔོན་མ་ཏི་ཙི་ཏྲས་ཀྱང༌། །རང་དབང་ཡོད་ན་བྱེད་པོར་འགྱུར། །བྱེད་པོ་འགའ་ཡང་མི་རིགས་པས། །ཆོས་ཀུན་བྱེད་པ་མེད་པ་ཡི། །ཚུལ་དུ་ཁྱོད་ཀྱིས་གསུངས་པ་ཡིན། །ཆོས་ཀྱི་རྔ་ཆེན་བརྡུངས་པ་ཡི། །སྟོང་ཉིད་སེང་གེའི་སྒྲ་འདི་ཡིས། །ལྷ་དང་བཅས་པའི་འཇིག་རྟེན་ལས། །ས་མཚམས་བཅད་པར་རྣམ་པར་གནས། །ཞེས་བཤད་དོ། །འདི་ནི་རེ་ཞིག་ཆོས་དང་གང་ཟག་དག་རབ་ཏུ་འབྱེད་པའི་འཇིག་རྟེན་ལས་འདས་པའོ། །འཇིག་རྟེན་པའི་ནི་མཐའ་མེད་པས་དེ་ནི་གཞུང་མང་བ་ཉིད་ཀྱིས་འདིར་བརྗོད་པར་མི་ནུས་པས་གཞག་གོ །དེ་ལྟར་ཤེས་རབ་བཤད་ཟིན་ཏོ། །སེམས་ལས་བྱུང་བའི་ཆོས་གང་དང་མཚུངས་པར་ལྡན་ན་རྣམ་པར་ཤེས་པ་འབད་པ་ཆུང་ངུར་དམིགས་པ་ཡོངས་སུ་གཅོད་པ་ཉིད་དེ། དམིགས་པར་གཏོགས་པ་ལ་བརྟགས་པ་ཕྲ་མོ་མི་བྱེད་པ་དེ་ནི་ཀུན་དུ་རྟོག་པ་ཞེས་བྱ་བ་སྟེ་རྣམ་པར་རྟོག་པ་ཞེས་བརྗོད་དོ། །འདི་ལྟ་སྟེ། འགའ་ཞིག་གིས་ཐག་རིང་པོ་ནས་འདི་ལྟར་བུམ་པ་དང་ཁམ་ཕོར་ལ་སོགས་པ་མཐོང་བ་ཉིད་ན། དེར་གཏོགས་པ་ལ་དཔྱད་པ་མ་བྱས་པར་བཟུང་བ་ཙམ་དུ་དཔྱོད་པས་དེས་འདི་ལྟར་རྣམ་པར་ཤེས་པ་དམིགས་པ་ལ་ཡོངས་སུ་དཔྱད་པ་རྩིང་བར་འཇུག་གོ །དེ་དང་མཚུངས་པར་མི་ལྡན་ན་ནི་དེ་ལྟར་འཇུག་པ་མེད་དོ། །དེ་ལྟ་བས་ན་སེམས་


DTG103_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

རྩིང་བའི་མཚན་ཉིད་ནི་རྣམ་པར་རྟོག་པ་ཞེས་བརྗོད་ཀྱི། རྣམ་པར་ཤེས་པ་ནི་གཟུགས་ཅན་མ་ཡིན་པ་ཉིད་ཀྱིས་བདག་ཉིད་ནི་རྩིང་བའི་རྣམ་པར་འགྱུར་བ་མ་ཡིན་ནོ། །ཆོས་མངོན་པ་ལས་ནི། རྣམ་པར་རྟོག་པ་གསུམ་འབྱུང་སྟེ། ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པ་དང༌། ཀུན་ཏུ་ངེས་པའི་རྣམ་པར་རྟོག་པ་དང༌། རྗེས་སུ་དྲན་པའི་རྣམ་པར་རྟོག་པའོ། །དེ་ལ་རྣམ་པར་རྟོག་པ་དེ་རྣམས་ལས་གང་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པ་ནི་བཤད་པ་དེ་ཉིད་དོ། །མཉམ་པར་མ་བཞག་པའི་ཡིད་ཀྱི་ཤེས་རབ་ནི་ཀུན་དུ་ངེས་པར་རྟོག་པའི་རྣམ་པར་རྟོག་པའོ། །མཉམ་པར་བཞག་པ་དང་མ་བཞག་པའི་ཡིད་ཀྱི་དྲན་པ་ཐམས་ཅད་ནི་རྗེས་སུ་དྲན་པའི་རྣམ་པར་རྟོག་པའོ། །དེ་ཡང་ཇི་སྐད་དུ། སྐྱེས་བུ་མིག་གི་རྣམ་པར་ཤེས་པ་དང་ལྡན་པས་སྔོན་པོ་ཤེས་ཀྱི་སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ་ཞེས་གསུངས་པ་ལ་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ཞེས་བྱ་བ་དག་དང་མཚུངས་པར་ལྡན་པས་རྟེན་ཅིང་འབྲེལ་པར་འབྱུང་བའི་བྱེ་བྲག་བརྗོད་པའི་ཁྱད་པར་ཡོངས་སུ་གཅོད་པ་ན་དེའི་རྣམ་པར་བྱུང་བ་ནི་སྔོན་པོ་ཤེས་པ་ཞེས་བྱའོ། །དེ་ཉིད་ལ་ཡང་ཀུན་དུ་ངེས་པར་རྟོག་པ་གསལ་བ་དང༌། མི་གསལ་བ་ཞེས་བྱ་བ་དག་གིས་ཡིད་ཀྱི་རྣམ་པར་ཤེས་པས་ཡོངས་སུ་གཅོད་པ་ནི་སྔོན་པོའོ་ཞེས་ཤེས་པའོ། །སེམས་ལས་བྱུང་བའི་ཆོས་གང་དང་མཚུངས་པར་ལྡན་ན་རྣམ་པར་ཤེས་པས་དམིགས་པ་ལ་ཞིབ་པར་ཡོངས་སུ་དཔྱོད་པ་དེ་ནི་སེམས་ལས་བྱུང་བའི་ཆོས་དཔྱོད་པ་ཞེས་བྱ་སྟེ། །སེམས་ཕྲ་བའི་མཚན་ཉིད་དེ། །འདི་ལྟ་སྟེ་བུམ་པ་དང༌། ཁམ་པོར་ལ་སོགས་པ་དེ་དག་ཉིད་ལགས་པ་དང༌། མ་གས་པ་ཡོངས་སུ་དཔྱོད་ཅིང་ཡོངས་སུ་དཔྱད་ནས་འདི་ནི་གས་པའོ། །འདི་ནི་སྲ་བའོ་ཞེས་དེ་ལྟ་བུའི་རྣམ་པ་ལ་དམིགས་ཤིང་ཕྲ་བར་དཔྱོད་པ་ལ་འཇུག་པ་ནི་སེམས་ལས་བྱུང་བའི་ཆོས་དཔྱོད་པ་ཞེས་བརྗོད་དོ། །གང་རྣམ་པར་དཔྱོད་པ་དང༌། གང་ཡང་བཤད་མ་ཐག་པའི་རྣམ་པར་རྟོག་པ་གཉིས་ཀྱིས་ནི་ངག་འདུ་བྱེད་པར་བརྗོད་དེ། ངག་ཀུན་ནས་སློང་བར་བྱེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང༌། རྣམ་པར་བརྟགས་རྣམ་པར་དཔྱད་ནས་ཚིག་ཏུ་བརྗོད་ཀྱི་མ་


DTG103_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་མ་དཔྱད་པར་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །བག་མེད་པ་ནི་དགེ་བའི་ཆོས་རྣམས་མི་སྒོམ་ཞིང་གཅེས་སུ་མི་འཛིན་པ་སྟེ། འཆད་པར་འགྱུར་བའི་བག་ཡོད་པ་ལས་བཟློག་སྟེ་སྦྱར་རོ། །བག་ཡོད་པ་ནི་དགེ་བའི་ཆོས་རྣམས་སྒོམ་པ་ལ་གཅེས་སུ་བྱེད་པ་དང་བཅས་པ་ཉིད་དེ། སེམས་ཀྱི་རྒྱུན་དགེ་བའི་ཆོས་ལ་གཞོལ་བར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ལ་དགེ་བའི་དོན་ནི་བདེ་བའི་དོན་ཏེ། འཚེ་བ་ཐམས་ཅད་ལོག་པ་ཉིད་ཀྱིས་མྱ་ངན་ལས་འདས་པ་ནི་ཐམས་ཅད་དུ་བདེ་བ་སྟེ་ནད་མེད་པ་ལྟ་བུའོ། །ལམ་གྱི་བདེན་པ་ཡང་དེ་ཐོབ་པར་བྱེད་པའི་རྒྱུ་ཉིད་ཀྱིས་བདེ་བས་སོ། །དེ་ལས་གཞན་པའི་དགེ་བ་ཟག་པ་དང་བཅས་པ་ནི་རང་དང་རྗེས་སུ་མཐུན་པའི་རྣམ་པར་སྨིན་པའི་དངོས་པོ་འདོད་པ་ཐོབ་པར་བྱེད་པས་སོ། །དེ་ལ་དགེ་བའི་རྩ་བ་གསུམ་དང༌། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཞེས་བྱ་བ་འདི་དག་ནི་ངོ་བོ་ཉིད་ཀྱིས་དགེ་བ་སྟེ། གཞན་དང་ལྡན་པ་དང་ཀུན་ནས་སློང་བ་ལ་མི་ལྟོས་པའི་ཕྱིར་ཕན་པའི་སྨན་ལྟ་བུའོ། །དགེ་བའི་རྩ་བ་གསུམ་དང༌། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པའི་ཆོས་དེ་དག་དང་མཚུངས་པར་ལྡན་ནས་མཚུངས་པར་ལྡན་པས་དགེ་བའོ། །སྨན་དང་སྦྱར་བའི་བཏུང་བ་ལྟ་བུ་སྟེ། དེ་དག་དང་མཚུངས་པར་མི་ལྡན་པ་རྣམས་ནི་དགེ་བ་མ་ཡིན་པའི་ཕྱིར་རོ། །ལུས་དང་ངག་གི་ལས་དང༌། སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་ཐོབ་པ་དང༌། སྐྱེ་བ་ལ་སོགས་པ་དགེ་བའི་རྩ་བ་ལ་སོགས་པའི་ཆོས་དེ་དག་དང་མཚུངས་པར་ལྡན་པས་ཀུན་ནས་བསླང་བ་ནི་ཀུན་ནས་བསླང་བས་དགེ་བ་སྟེ། སྨན་དང་སྦྱར་བའི་ཆུ་ལས་བྱུང་བའི་འོ་མ་ལྟ་བུའོ། །ཀུན་ནས་སློང་བར་བྱེད་པས་ནི་ཀུན་ནས་སློང་བའོ། །དེ་ཡང་རྣམ་པ་གཉིས་ཏེ། རྒྱུའི་ཀུན་ནས་སློང་བ་དང༌། དེའི་དུས་ཀྱི་ཀུན་ནས་སློང་བའོ། །དེ་ལ་ལུས་དང་ངག་གི་ལས་འགོགས་པ་ཀུན་དུ་འབྱུང་བའི་དུས་སུ་གང་གིས་ཀུན་ནས་སློང་བ་དེ་ནི་དེའི་དུས་ཀྱི་ཀུན་ནས་སློང་བའོ། །རྒྱུའི་ཀུན་ནས་སློང་བ་ནི་དེ་ལ་སྦྱོར་བའི་དུས་ཀྱི་སྟེ། དེ་ལས་འདིར་བསྒོམ་པས་སྤང་བར་བྱ་བའི་ཡིད་ཀྱི་རྣམ་པར་ཤེས་པ་རབ་ཏུ་འཇུག་པར་བྱེད་པའི་དབང་གིས་དགེ་བ་དང་མི་དགེ་


DTG103_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། ལུང་དུ་མ་བསྟན་པར་རྗོད་པར་བྱེད་ཀྱི་དེའི་དུས་ཀྱི་ཀུན་ནས་སློང་བ་ལྟ་བུ་ནི་མ་ཡིན་ནོ། །སེམས་ལས་བྱུང་བའི་ཆོས་གང་དང་མཚུངས་པར་ལྡན་པས་འཁོར་བའི་སྐྱོན་མཐོང་བ་ཉིད་ཀྱིས་སེམས་འཁོར་བ་ལས་སྐྱོ་བ་ཉིད་དེ། དེ་ནི་ཉོན་མོངས་པ་སྤོང་བ་ལ་རྗེས་སུ་མཐུན་པས་ངེས་པར་སྐྱོ་བ་ཞེས་བརྗོད་དོ། །སེམས་ཀྱི་རབ་ཏུ་དགའ་བ་ནི་སེམས་ཀྱི་མགུ་བ་སྟེ། ཡིད་བདེ་བ་ལས་ཐ་དད་དུ་གྱུར་པ་ནི་རབ་ཏུ་དགའ་བའོ། །ཤིན་ཏུ་སྦྱངས་པ་ནི་ལུས་དང་སེམས་དག་ལས་སུ་རུང་བ་ཉིད་དོ། །ཤིན་ཏུ་མ་སྦྱངས་པའི་ལུས་དང་སེམས་ལྕི་བ་ཉིད་དེ། ལྕི་ན་ནི་མི་གསལ་བའི་ཕྱིར་དེ་ནི་བྱིང་བ་དང་རྨུགས་པའི་བདག་ཉིད་དོ། །སེམས་ལས་བྱུང་བའི་ཆོས་གང་དེ་དང་བྲལ་བ་ཏིང་ངེ་འཛིན་འབྱུང་བར་བྱེད་པ་དེ་ནི་ཤིན་ཏུ་སྦྱངས་པའོ། །ཇི་ལྟར་ལུས་ཤིན་ཏུ་སྦྱངས་པས་བདེ་བར་འགྱུར་ལ། བདེ་བ་ལས་ནི་སེམས་རྩེ་གཅིག་པར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །སེམས་ལས་བྱུང་བའི་ཆོས་གང་དང་མཚུངས་པར་ལྡན་ན་ཁྲོ་བའི་རྐྱེན་གྱིས་ཁུ་ཚུར་དང་ཐལ་ལྕག་ལ་སོགས་པས་གཞན་ལ་རྣམ་པར་ཐོ་འཚམས་པར་བྱེད་པ་དེ་ནི་རྣམ་པར་འཚེ་བའོ། །དེ་དང་འགལ་བའི་ཆོས་ནི་རྣམ་པར་མི་འཚེ་བ་སྟེ། གང་གི་དབང་གིས་གཞན་ལ་རྣམ་པར་ཐོ་མི་འཚམས་པའོ། །བདག་ཉིད་ཀྱི་རིགས་དམ་པ་ལས་སྐྱེས་པ་དང༌། ཐོས་པ་དང་ཚུལ་ཁྲིམས་ལ་སོགས་པའི་ཆོས་སྡིག་པ་ལ་ཞུགས་པར་གྱུར་ན་ཉམས་པར་འགྱུར་བར་དམིགས་ཏེ། འདི་དག་ནི་རིགས་པ་མ་ཡིན་ནོ་སྙམ་ནས་གང་གི་དབང་གིས་བདག་གམ་ཆོས་ཀྱི་དབང་དུ་བྱས་ནས་སྡིག་པ་ལ་མི་འཇུག་པ་དེ་ནི་ངོ་ཚ་དང་ལྡན་པས་སྡིག་པ་ལས་ལྡོག་པའི་རྒྱུའི་ཆོས་འཛེམ་པ་ཞེས་བཤད་པ་སྟེ། ངོ་ཚ་ཤེས་པ་ཞེས་བརྗོད་དོ། །གཞན་ལ་ལྟོས་ནས་ཉེས་པ་ལ་འཛེམ་པ་དེ་ནི་ཁྲེལ་ཡོད་པའོ། །དེས་ན་འདི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་གཉིས་ནི་འཇིག་རྟེན་སྐྱོང་བ་ཡིན་ཏེ། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའོ་ཞེས་གསུངས་སོ། །ཡང་སེམས་ལས་བྱུང་བའི་ཆོས་གང་དང་ལྡན་པས་སེམས་དམིགས་པའི་ཡུལ་ལ་འབད་པ་མེད་པར་མཉམ་དུ་འཇུག་པ་དེ་ནི་སེམས་མཉམ་པ་ཉིད་དེ་བཏང་


DTG103_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་ཞེས་བརྗོད་དོ། །དེ་ནི་འདི་ལྟར་ཡུལ་ལ་རྗེས་སུ་ཆགས་པ་ཡང་མ་ཡིན། ཁོང་ཁྲོ་བ་ཡང་མ་ཡིན་ནོ། །དེ་ཡང་དེ་ནི་རྣམ་པ་གཉིས་ཏེ། སོ་སོར་བརྟགས་པའི་བཏང་སྙོམས་དང༌། སོ་སོར་མ་བརྟགས་པའི་བཏང་སྙོམས་སོ། །དགྲ་བཅོམ་པའི་ཤེས་པར་གཏོགས་པ་ནི་སོ་སོར་བརྟགས་པའི་བཏང་སྙོམས་སོ། །སོ་སོའི་སྐྱེ་བོའི་མི་ཤེས་པའི་རྗེས་སུ་སོང་བ་ནི་སོ་སོར་མ་བརྟགས་པའི་བཏང་སྙོམས་སོ། །རྣམ་པར་གྲོལ་བ་ནི་སེམས་ཀྱི་དྲི་མ་དང་བྲལ་བ་སྟེ། ཉོན་མོངས་པ་རབ་ཏུ་སྤངས་པས་རྣམ་པར་གྲོལ་བ་ཞེས་བྱ་བའི་སེམས་ལས་བྱུང་བའི་ཆོས་འབྱུང་བ་གང་གིས་སེམས་དྲི་མ་དང་བྲལ་བར་གྱུར་པ་དེ་རྣམ་པར་གྲོལ་བའོ། །དགེ་བའི་རྩ་བ་ནི་གསུམ་སྟེ། མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པའོ། །དེ་ལ་མ་ཆགས་པ་ནི་སྲེད་པའི་གཉེན་པོར་གྱུར་བའི་ཆོས་དངོས་པོའི་དོན་ལ་ཞེན་པའི་མཚན་ཉིད་དོ། །ཞེ་སྡང་མེད་པ་ནི་ཁོང་ཁྲོ་བའི་གཉེན་པོའི་ཆོས་སེམས་ཅན་རྣམས་ལ་སེམས་རྩུབ་པ་མེད་པའི་མཚན་ཉིད་དོ། །གཏི་མུག་མེད་པ་ནི་མ་རིག་པའི་གཉེན་པོའི་ཆོས་ཤེས་རབ་ཀྱི་ངོ་བོའོ། །འདི་དག་ནི་རང་གི་བདག་ཉིད་ཀྱང་དགེ་བ་ཡིན་ལ། དགེ་བ་གཞན་རྣམས་ཀྱི་ཡང་རྩ་བར་གྱུར་པར་དགེ་བའི་རྩ་བ་སྟེ། འདི་ལྟར་ཤིང་རྣམས་ཀྱི་རྩ་བ་འདབ་མ་ལ་སོགས་པ་སྐྱེ་བ་དང་གནས་པ་དང་འཕེལ་བའི་རྒྱུར་གྱུར་པ་ལྟར། དེ་བཞིན་དུ་དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བར་དགེ་བའི་རྩ་བ་གསུམ་པོ་འདི་དག་ཉིད་ཤེས་པར་བྱའོ། །དགེ་བའི་རྩ་བ་གསུམ་པོ་འདི་དག་ལས་བཟློག་པ་གསུམ་ནི་མི་དགེ་བའི་རྩ་བ་སྟེ། ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་གོ །དེ་ལ་འདོད་པར་གཏོགས་པའི་འདོད་ཆགས་ཐམས་ཅད་ནི་ཆགས་པ་མི་དགེ་བའི་རྩ་བ་སྟེ། དེ་ནི་གཅིག་ཏུ་མི་དགེ་བའི་རྩ་བ་ཉིད་ཀྱི་ཕྱིར་རོ། །ཞེ་སྡང་ཐམས་ཅད་ནི་ཞེ་སྡང་སྟེ་མི་དགེ་བའི་རྩ་བའོ། །འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། མཚུངས་པར་ལྡན་པའི་གཏི་མུག་མ་གཏོགས་པ་འདོད་པ་ན་སྤྱོད་པའི་མ་རིག་པ་ཐམས་ཅད་ནི་གཏི་མུག་སྟེ་མི་དགེ་བའི་རྩ་བའོ། །ལུང་དུ་མ་བསྟན་པའི་རྩ་བ་ནི་གསུམ་སྟེ། སྲེད་པ་དང༌། མ་རིག་པ་དང༌། བློ་


DTG103_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གྲོས་སོ། །དེ་ལ་འདོད་པ་ན་སྤྱོད་པའི་འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལྟ་བ་དེ་དག་དང་མཚུངས་པར་ལྡན་པའི་གཏི་མུག་མ་གཏོགས་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་ཐམས་ཅད་ནི་མི་དགེ་བ་སྟེ། རྣམ་པར་སྨིན་པ་མི་འདོད་པ་ཉིད་ཀྱིས་སོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་ཐམས་ཅད་དང༌། འདོད་པའི་ཁམས་ཀྱི་འཇིག་ཚོགས་དང༌། མཐར་འཛིན་པར་ལྟ་བ་ལ་སོགས་པ་གསུམ་པོ་སྟེ། དེ་དག་ཐམས་ཅད་ནི་ལུང་དུ་མ་བསྟན་པའོ། །དེ་ལ་ལ་ལ་ནི་སྲེད་པ་ལུང་དུ་མ་བསྟན་པ་ལས། ལ་ལ་ནི་མ་རིག་པ་ལུང་དུ་མ་བསྟན་པ་ལས། ལ་ལ་ནི་ཤེས་རབ་ལུང་དུ་མ་བསྟན་པ་ལས་ཏེ། དེས་ན་ཐམས་ཅད་ལུང་དུ་མ་བསྟན་པའི་རྩ་བ་ཞེས་བརྗོད་དེ། རང་ཉིད་ཀྱང་ལུང་དུ་མ་བསྟན་པ་ཉིད་ཡིན་ལ། དེ་ལས་གཞན་པའི་ལུང་དུ་མ་བསྟན་པའི་ཡང་རྩ་བར་གྱུར་བའི་ཕྱིར་རོ། །གཞན་དག་ནི་མི་བསྟན་པ་ཉིད་དང༌། མཐོན་པོར་འཇུག་པའི་ཕྱིར་རྩ་བ་དང་ཆོས་མི་མཐུན་པས་ལུང་དུ་མ་བསྟན་པའི་རྩ་བ་མ་ཡིན་ནོ། །ཀུན་དུ་སྦྱོར་བ་ནི་ཀུན་དུ་སྦྱོར་བ་དགུ་སྟེ། འདི་ལྟ་སྟེ། རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་དང༌། ཁོང་ཁྲོ་བའི་ཀུན་དུ་སྦྱོར་བ་དང༌། ང་རྒྱལ་གྱི་ཀུན་དུ་སྦྱོར་བ་དང༌། མ་རིག་པའི་ཀུན་དུ་སྦྱོར་བ་དང༌། ལྟ་བའི་ཀུན་དུ་སྦྱོར་བ་དང༌། མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བ་དང༌། ཐེ་ཚོམ་གྱི་ཀུན་དུ་སྦྱོར་བ་དང༌། ཕྲག་དོག་གི་ཀུན་དུ་སྦྱོར་བ་དང༌། སེར་སྣའི་ཀུན་དུ་སྦྱོར་བ་ཞེས་བྱ་བའོ། །དེ་ལ་རྗེས་སུ་ཆགས་པ་ནི་སྲེད་པ་དང༌། ཀུན་དུ་ཞེན་པ་དང༌། ཆགས་པ་དང༌། འདོད་ཆགས་ཏེ། དེ་དག་གཉིས་ཀྱིས་སྲིད་པའི་སྡུག་བསྔལ་ལ་རབ་ཏུ་སྦྱོར་བས་ན་ཀུན་དུ་སྦྱོར་བས་ན་ཀུན་དུ་སྦྱོར་བ་ཞེས་བརྗོད་དོ། །ཁོང་ཁྲོ་ནི་གནོད་སེམས་དང་ཞེ་སྡང་སྟེ། སེམས་ཅན་གྱི་ཡུལ་ལ་མནར་སེམས་པ་ནི་ཁོང་ཁྲོ་པའི་ཀུན་དུ་སྦྱོར་བའོ། །ང་རྒྱལ་བདུན་ནི་ང་རྒྱལ་གྱི་ཀུན་དུ་སྦྱོར་བར་བརྗོད་དོ། །འདི་ལྟ་སྟེ་ང་རྒྱལ་དང༌། ལྷག་པའི་ང་རྒྱལ་དང༌། ང་རྒྱལ་ལས་ཀྱང་ང་རྒྱལ་དང༌། ངའོ་སྙམ་པའི་ང་རྒྱལ་དང༌། མངོན་པའི་ང་རྒྱལ་དང༌། ལོག་པའི་ང་རྒྱལ་དང༌། ཅུང་ཟད་སྙམ་པའི་


DTG103_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ང་རྒྱལ་ལོ། །དེ་ནི་བདག་ཉིད་གཞན་དག་པས་བདེན་པ་མི་བདེན་པའི་རྣམ་པའི་ཁྱད་པར་འགའ་ཞིག་ཡོངས་སུ་བརྟགས་ནས་ཁེངས་པར་བྱེད་པ་སྟེ། སེམས་ཀྱི་རང་བཞིན་འགྱུར་བ་འབྱུང་བའི་རྒྱུ་སེམས་ལས་བྱུང་བའི་ཆོས་ཉོན་མོངས་པ་ཅན་ཏེ། འདི་ནི་རེ་ཞིག་ང་རྒྱལ་སྤྱིའོ། །དེ་ནི་འཇུག་པའི་བྱེ་བྲག་གིས་རྣམ་པ་བདུན་ནོ། །དེ་ལ་འཇིག་རྟེན་ནི་དམན་པ་དང༌། བར་མ་དང༌། མཆོག་གི་བྱེ་བྲག་ཏུ་ཕན་ཚུན་ལྟོས་ནས་རྣམ་པར་གནས་སོ། །དེ་ལ་གང་དམན་པ་ལ་ལྟོས་ནས་རྣམ་པ་གསུམ་དུ་རྟོག་པ་དེ་ལ་ཐོས་པ་དང༌། ཚུལ་ཁྲིམས་དང༌། རིགས་དང། གཟུགས་དང༌། དབང་ཕྱུག་ལ་སོགས་པས་དམན་པ་ལས་བདག་ཉིད་དམན་ནོ་སྙམ་དུ་ཁེངས་པ་གང་སེམས་ཀྱི་རང་བཞིན་འགྱུར་བར་བྱེད་པའི་མཚན་ཉིད་ཅན་དེ་ཡང་རེ་ཞིག་ང་རྒྱལ་ཞེས་བསྟན་ཏོ། །གང་ཡང་དམན་པ་དང་བདག་མཚུངས་པར་དམིགས་པས་ཇི་ལྟར་ཡོངས་སུ་བརྟགས་པའི་ཁྱད་པར་སྐྱེད་པར་བྱེད་པ་འདི་ཡང་ང་རྒྱལ་ཞེས་བྱའོ། །གང་ཡང་དམན་པ་ལས་བདག་ལྷག་པར་ཉེ་བར་དམིགས་ནས་ཀུན་དུ་རྟོག་པའི་ཁྱད་པར་འབྱུང་བ་དེ་ཡང་ང་རྒྱལ་ལོ། །གང་ཡང་མཚུངས་པ་དང་བདག་ཉིད་མཚུངས་པར་ཉེ་བར་དམིགས་པའི་ཡོངས་སུ་རྟོག་པའི་ཁྱད་པར་འབྱུང་བ་དེ་ཡང་ང་རྒྱལ་ཏེ། སྲིད་པའི་དབང་དུ་བྱས་ནས་མུ་བཞིར་རྣམ་པར་གཞག་གོ །གང་དག་ཤིན་ཏུ་དམན་པར་ཡིན་པ་ལས་འདི་དང་བདག་མཚུངས་སོ་སྙམ་ནས་ལྷག་པར་ང་རྒྱལ་བྱེད་པ་དེ་ནི་ལྷག་པའི་ང་རྒྱལ་ཏེ། ང་རྒྱལ་གྱི་མཚན་ཉིད་ལས་ཤིན་ཏུ་འདས་ནས་འཇུག་པས་ལྷག་པའི་ང་རྒྱལ་ལོ། །གང་ཁྱད་པར་དུ་འཕགས་པ་ལས་ཀྱང༌། བདག་ཁྱད་པར་ཅན་དུ་རྣམ་པར་བརྟགས་ནས་ཁེངས་པར་བྱེད་པ་དེ་ནི་ང་རྒྱལ་ལས་ཀྱང་ང་རྒྱལ་ཏེ། ང་རྒྱལ་ལས་ཀྱང་ང་རྒྱལ་གྱི་སྒྲ་འཇུག་པའི་རྒྱུ་ནི་སྔར་གྱི་དེ་དག་ལས་ཀྱང་སྡིག་པ་ལ་འཇུག་པ་ཉིད་དུ་ཤེས་པའི་ཕྱིར་རོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་སྟོང་པ་ཉིད་ལ་གང་བདག་གོ་ཞེས་ཡོངས་སུ་རྟོག་པ་ནི་ངའི་སྙམ་པའི་ང་རྒྱལ་ཏེ་བདག་ཏུ་ང་རྒྱལ་བྱེད་ཅེས་བྱ་བའི་ཐ་ཚིག་གོ །བདག་ཏུ་རྣམ་པར་བརྟག་པའི་རྒྱུར་གྱུར་པས་ཟག་པ་དང་བཅས་པའི་ཕུང་པོ་ནི་ཉེ་བར་


DTG103_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པའི་ཕུང་པོའོ། །ཡང་ན་ཉེ་བར་ལེན་པ་སྟེ། ཉོན་མོངས་པ་དག་ལས་རབ་ཏུ་བྱུང་བའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་སྟེ་རྩྭ་དང་ཕུབ་མའི་མེ་ཞེས་བྱ་བ་བཞིན་ནོ། །ཉེ་བར་ལེན་པ་ལ་རག་ལུས་པ་ཉིད་ཀྱིས་ཀྱང་ཉེ་བར་ལེན་པའི་ཕུང་པོ་སྟེ་རྒྱལ་པོའི་སྐྱེས་བུ་བཞིན་ནོ། །ཉེ་བར་ལེན་པ་རྣམས་དེ་དག་ལས་བྱུང་བ་ཉིད་ཀྱིས་ཀྱང་ཉེ་བར་ལེན་པའི་ཕུང་པོ་སྟེ་མེ་ཏོག་དང་འབྲས་བུའི་ཤིང་བཞིན་ནོ། །དེ་ནི་སྟོང་པ་སྟེ་ཉེ་བར་བརྟེན་ནས་བཏགས་པས། བདག་གི་རྫས་དང་བྲལ་བ་ཉིད་ཀྱིས་ངོ་བོ་མེད་པ་ཉིད་དེ། དེ་དག་དེ་ལྟ་བུའི་ཚུལ་ལ་རྨོངས་པས་བདག་གོ་ཞེས་འཛིན་པ་ནི་ངའོ་སྙམ་པའི་ང་རྒྱལ་ལོ། །གོང་མའི་ཁྱད་པར་རྟོགས་པར་བྱ་བ་མ་ཐོབ་པར་དེ་བདག་གིས་ཐོབ་བོ་སྙམ་དུ་གང་ལ་མངོན་དུ་ཕྱོགས་ནས་ཁེངས་པར་བྱེད་པ་དེ་ནི་མངོན་པའི་ང་རྒྱལ་ལོ། །དེ་ལ་གོང་མའི་ཁྱད་པར་རྟོགས་པར་བྱ་བ་ནི་མིའི་ཆོས་ཐ་མལ་པ་འདོད་པའི་འདོད་ཆགས་ལ་སོགས་པ་ལས་ཤིན་ཏུ་འདས་ནས་གང་རྣམ་པར་གནས་པ་སྟེ། འདི་ལྟ་སྟེ་བསམ་གཏན་དང༌། བསམ་གཏན་གྱི་འབྲས་བུ་དང༌། ཏིང་ངེ་འཛིན་དང༌། ཏིང་ངེ་འཛིན་གྱི་འབྲས་བུ་ལ་སོགས་པ་ཤེས་པའོ། །ལོག་པའི་ལས་ལ་ཞུགས་པས་གང་ལོག་པའི་ལས་མི་འདོད་པའི་འབྲས་བུ་ཅན་གྱི་ཆོས་གསོད་པ་ལ་སོགས་པའི་ལས་བྱེད་པ་ལ་ང་རྒྱལ་ཏེ། གང་སྤྲོ་བར་བྱེད་ཅིང་འཇུག་པའི་ང་རྒྱལ་ནི་ལོག་པའི་ང་རྒྱལ་ཞེས་བརྗོད་དོ། །བྱ་བ་ཐམས་ཅད་སྒྲུབ་པ་ལ་བདག་ལ་ནུས་པ་མེད་དོ་ཞེས་བཏགས་ཏེ་བདག་ལ་དམིགས་ནས་བརྙས་པ་སྟེ། གང་བདག་ལ་དམ་པ་མ་ཡིན་པར་ཡོངས་སུ་རྟོག་པ་དེ་ནི་ཅུང་ཟད་སྙམ་པའི་ང་རྒྱལ་ལོ། །ང་རྒྱལ་བདུན་བཤད་ཟིན་ཏོ། །མ་རིག་པའི་ཀུན་དུ་སྦྱོར་བ་གང་ཞེ་ན། སེམས་ལས་བྱུང་བའི་ཆོས་གང་དང་ལྡན་པས་དེ་ལོག་པའི་ཡིད་ཀྱིས་བདེན་པའི་དོན་མི་མཐོང་བ་དང༌། དངོས་པོའི་ངོ་བོ་ཉིད་དུ་སྒྲོ་འདོགས་པ་དེ་ནི་མ་རིག་པ་ཞེས་བརྗོད་དོ། །དེ་མ་རིག་པ་ནི་ཆོས་ཀྱི་ངོ་བོ་ཉིད་ཀྱི་ཡུལ་ལ་ཟག་པ་མེད་པའི་ཤེས་པའོ། །དེའི་མི་མཐུན་པའི་ཕྱོགས་ཀྱི་ངོ་བོར་གནས་པ་དཀོན་མཆོག་གསུམ་དང་བདེན་པ་ལ་སོགས་པ་མི་ཤེས་པ་ཙམ་མོ། །ལྟ་བའི་ཀུན་དུ་སྦྱོར་བ་གང་ཞེ་ན། ལྟ་བ་གསུམ་པོ་དག་ལ་ལྟ་བའི་ཀུན་དུ་སྦྱོར་བ་ཞེས་


DTG103_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དོ། །འདི་ལྟ་སྟེ། འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལོག་པར་ལྟ་བའོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ཞེས་བྱ་བ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ལ་གང་ཟག་ལ་སོགས་པའི་ངོ་བོ་ཉིད་མེད་པ་ལ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་ཏེ་བདེན་པའི་ངོ་བོ་ཉིད་དུ་ཞེན་ཅིང་རྣམ་པ་ཉི་ཤུར་འཇུག་པ་སྟེ། འདི་ལྟ་སྟེ། གཟུགས་བདག་ཡིན་པར་ལྟ་བ་དང༌། བདག་གཟུགས་དང་ལྡན་པ་དང༌། གཟུགས་བདག་གི་ཡིན་པ་དང༌། གཟུགས་ལ་བདག་གནས་པར་ལྟ་བ་སྟེ། འདི་ལྟར་འདི་དག་ནི་གཟུགས་ཀྱི་ཕུང་པོ་གཙོར་བཟུང་ནས་འཇིག་ཚོགས་ལ་ལྟ་བའི་ཆ་བཞིའོ། །དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་གཙོར་བཟུང་ནས་འཇིག་ཚོགས་ལ་ལྟ་བའི་ཆ་བཞི་བཞི་འབྱུང་བར་འགྱུར་རོ། །རྣམ་པར་ཉམས་པར་འགྱུར་བས་ན་འཇིག་པ་སྟེ། ཁྱད་པར་དུ་འཇིག་ཅིང་ཉམས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །རྩིང་ང་ནི་བསྩགས་པ་སྟེ་བསྩགས་པར་ཡོད་པ་དང༌། གནས་དང༌། ཚོགས་པ་དང༌། ལུས་དང༌། ཉེ་བར་ཞི་བར་བྱེད་པ་རྣམས་ལ་འཇུག་པ་ལས་འདིར་ཀཱ་ཡ་ཞེས་བྱ་བ་བསྩགས་པ་ལ་བྱ་སྟེ། མང་པོ་དང་ཚོགས་པ་ཞེས་བྱ་བའི་དོན་ཏོ། །འཇིག་པ་ཡང་ཡིན་ལ་ཚོགས་ཀྱང་ཡིན་པས་འཇིག་ཚོགས་ཏེ། འཇིག་པའི་བདག་ཉིད་ཅན་ཚོགས་པ་ནི་འཇིག་ཚོགས་ཞེས་བརྗོད་དོ། །དེ་ལྟ་བུ་ལ་བདག་དང་བདག་གིར་འཛིན་པར་ཞུགས་པའི་ཤེས་རབ་ཉོན་མོངས་པ་ཅན་འཇིག་ཚོགས་ལ་ལྟ་བ་ཞེས་བརྗོད་དོ། །མཐའ་གཉིས་སུ་འཛིན་པ་ནི་མཐར་འཛིན་པ་སྟེ། འཛིན་པ་ནི་མངོན་པར་ཞེན་པའོ། །འདི་ལྟ་བུའི་མཐར་ལྟ་བ་ནི། མཐར་འཛིན་པར་ལྟ་བ་སྟེ། འཇིག་ཚོགས་ལ་ལྟ་བས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བདག་གི་ངོ་བོ་ཉིད་དུ་ཡོད་པར་སྒྲོ་བཏགས་ནས་བདག་ཉིད་དུ་བཟུང་བ་དང༌། གང་བདག་དང་འཇིག་རྟེན་རྟག་གོ་ཞེས་བྱ་བའམ། གང་བདག་དང་འཇིག་རྟེན་ཆད་དོ་ཞེས་བྱ་བའམ། དེ་བཞིན་དུ་ཡོད་པ་དང་མེད་པ་ཞེས་བྱ་བ་ལ་སོགས་པའི་མཐའ་གཉིས་སུ་བརྟགས་ནས་འཇུག་པའི་ཤེས་རབ་ཉོན་མོངས་པ་ཅན་ནི་མཐར་འཛིན་པའི་ལྟ་


DTG103_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །རྒྱུ་དང༌། འབྲས་བུ་དང༌། བདེན་པ་དང༌། དཀོན་མཆོག་གསུམ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་ལ་སྐུར་པ་འདེབས་ཤིང་མེད་པའི་རྣམ་པར་ཞུགས་པའི་ཤེས་རབ་ཉོན་མོངས་པ་ཅན་ནི་ལོག་པར་ལྟ་བ་ཞེས་བྱ་སྟེ། དེ་ལྟ་བུའི་ལྟ་བ་གསུམ་པོ་དག་ལྟ་བའི་ཀུན་དུ་སྦྱོར་བ་ཞེས་བརྗོད་དོ། །མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བ་དུ་ཞེ་ན། མཆོག་ཏུ་འཛིན་པ་རྣམ་པ་གཉིས་ནི་མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བ་ཞེས་བསྟན་ཏེ། འདི་ལྟ་སྟེ། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །དེ་ལ་དམན་པ་ལ་དམ་པར་འཛིན་པའི་ལྟ་བ་ནི་མཆོག་ཏུ་འཛིན་པའོ། །དམན་པ་དེ་གང་ཡིན་ཞེ་ན། ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་དེ། འཕགས་པས་སྤངས་པའི་ཕྱིར་རོ། །དེ་ལ་མཆོག་ཏུ་འཛིན་པ་ནི་གཞན་དེ་མ་ཡིན་པའི་དོན་ལ་འདི་དག་ནི་དམ་པའོ་ཞེས་དེ་ལྟར་གང་མངོན་པར་ཞེན་པ་ནི་ལྟ་བ་མཆོག་ཏུ་འཛིན་པའོ། །ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་ལ་དམ་པ་ཉིད་མཆོག་ཏུ་འཛིན་པས་ན་ཟག་པ་དང་བཅས་པ་མཆོག་ཏུ་འཛིན་པ་ཞེས་བརྗོད་པར་བྱ་བ་ཡིན་ན་ཅིའི་ཕྱིར་ལྟ་བ་མཆོག་ཏུ་འཛིན་པ་ཞེས་བརྗོད། དེ་ལྟ་བ་ཁོ་ན་ལ་མཆོག་ཏུ་འཛིན་པ་ནི་མ་ཡིན་ནོ་ཞེ་ན། དེས་ན་འདིར་སོགས་པའི་སྒྲ་ཕྱིས་པར་བལྟ་བར་བྱ་སྟེ། ལྟ་བ་ལ་སོགས་པ་རྣམས་ལ་མཆོག་ཏུ་འཛིན་པ་ནི་ལྟ་བ་མཆོག་ཏུ་འཛིན་པ་ཞེས་བྱའོ། །རྒྱུ་མ་ཡིན་པ་ལ་རྒྱུར་ལྟ་བ་དང༌། ལམ་མ་ཡིན་པ་ལ་ལམ་དུ་ལྟ་བ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །འདིར་ཡང་སོགས་པའི་སྒྲས་ཕྱིས་པར་བལྟའོ། །དེ་ལྟ་བས་ན་དམན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཙམ་ལ་མཆོག་ཏུ་འཛིན་པ་མ་ཡིན་གྱི་ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་ལ་དག་པ་དང༌། གྲོལ་བ་དང༌། ངེས་པར་འབྱིན་པའི་བདག་ཉིད་ཀྱི་ལམ་གྱི་ངོ་བོ་ཉིད་དུ་འཛིན་པ་ཡིན་ནོ། །མཆོག་ཏུ་འཛིན་པ་འདི་གཉིས་ནི་མཆོག་ཏུ་འཛིན་པ་ཀུན་དུ་སྦྱོར་བ་ཞེས་བརྗོད་དོ། །བདེན་པ་དང་དཀོན་མཆོག་གསུམ་ལ་སོགས་པ་ལ་ཡོད་པ་དང་མེད་པའི་རྣམ་པ་གཉིས་སུ་རབ་ཏུ་ཞུགས་པའི་ཤེས་རབ་ཉོན་མོངས་པ་ཅན་གྱིས་ཀུན་དུ་སྦྱོར་བའི་བདག་ཉིད་ནི་ཐེ་ཚོམ་སྟེ།


DTG103_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ཐེ་ཚོམ་གྱི་ཀུན་དུ་སྦྱོར་བ་ཞེས་བྱའོ། །ཕྲག་དོག་ནི་གཞན་གྱི་ཡོན་ཏན་གྱིས་གདུང་བ་སྟེ་ཆོས་གང་དང་ལྡན་ན་གང་དང་གང་དུ་ཕ་རོལ་དུ་ཐོས་པ་དང༌། ཚུལ་ཁྲིམས་དང༌། གཏོང་བ་དང༌། གཟུགས་ལ་སོགས་པའི་ཡོན་ཏན་ཚོགས་པ་ཉེ་བ་ལ་དམིགས་པ་དེ་དང་དེར་གང་ཟག་དེ་ལ་ནང་དུ་ཤིན་ཏུ་གདུང་བ་འབྱུང་སྟེ། ཆོས་དེ་ནི་ཕྲག་དོག་ཅེས་བྱ་བར་བརྗོད་དེ། ཆོས་དེ་ནི་ཕྲག་དོག་གི་ཀུན་དུ་སྦྱོར་བའོ། །ཆོས་དང་མཁས་པའི་བདག་ཉིད་ལ་སོགས་པ་སྦྱིན་པ་དང་རབ་ཏུ་འགལ་བ་སེམས་ཀྱིས་ཀུན་ཏུ་འཛིན་པ་ནི་སེར་སྣ་སྟེ། དེ་ནི་སེར་སྣའི་ཀུན་དུ་སྦྱོར་བ་ཞེས་བྱའོ། །ཀུན་དུ་སྦྱོར་བ་དགུ་བཤད་ཟིན་ཏོ། །ངེས་པར་འཆིང་བ་ཞེས་བྱ་བ་ལས་ངེས་པར་འཆིང་བ་ནི་རྣམ་པ་གསུམ་སྟེ། འདོད་ཆགས་ཀྱི་ངེས་པར་འཆིང་བ་དང༌། ཞེ་སྡང་གི་ངེས་པར་འཆིང་བ་དང༌། གཏི་མུག་གི་ངེས་པར་འཆིང་བའོ། །འཆིང་བ་འདི་དག་གིས་ཁམས་གསུམ་པོ་རྣམས་རབ་ཏུ་བཅིངས་པས་ན་འདི་དག་ནི་ངེས་པར་འཆིང་བས་ཕྲ་རྒྱས་ཞེས་བྱ་བ་ལ་འདིར་དྲུག་ནི་ཕྲ་རྒྱས་ཀྱི་རྩ་བ་སྟེ། འདོད་ཆགས་ཀྱི་ཕྲ་རྒྱས་དང༌། ཁོང་ཁྲོའི་ཕྲ་རྒྱས་དང༌། ང་རྒྱལ་གྱི་ཕྲ་རྒྱས་དང༌། མ་རིག་པའི་ཕྲ་རྒྱས་དང༌། ལྟ་བའི་ཕྲ་རྒྱས་དང༌། ཐེ་ཚོམ་གྱི་ཕྲ་རྒྱས་ཞེས་བྱ་བ་སྟེ། ཕྲ་རྒྱས་དྲུག་པོ་འདི་དག་ལས་འདོད་པའི་འདོད་ཆགས་དང༌། སྲིད་པའི་འདོད་ཆགས་ཞེས་བྱ་བས་འདོད་ཆགས་རྣམ་པ་གཉིས་སུ་དབྱེ་བས་ཡང་རྣམ་པ་བདུན་དུ་འགྱུར་རོ། །ཕྲ་རྒྱས་དྲུག་པོ་འདི་དག་ལས་ཡང་ལྟ་བའི་ཕྲ་རྒྱས་ལ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་རྣམ་པ་ལྔའི་དབྱེ་བས་ཕྲ་རྒྱས་བཅུར་འགྱུར་ཏེ། ཕྲ་རྒྱས་བཅུ་པོ་འདི་དག་རང་གི་ངོ་བོ་ཡང་ཁམས་ཀྱི་དབྱེ་བ་དང༌། བྱེ་བྲག་གི་དབྱེ་བས་དགུ་བཅུ་རྩ་བརྒྱད་དུ་འགྱུར་རོ། །དེ་ལ་ཁམས་ནི་གསུམ་སྟེ། འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་སོ། །དེ་ལ་འདོད་པའི་ཁམས་ནི་གནས་ཉི་ཤུ་འདི་ལྟ་སྟེ། དམྱལ་བ་ཆེན་པོ་བརྒྱད་ལ་ཡང་སོས་དང༌། ཐིག་ནག་དང༌། བསྡུས་འཇོམས་དང༌། ངུ་འབོད་དང༌། ངུ་འབོད་ཆེན་པོ་དང༌། ཆ་བ་དང༌། རབ་ཏུ་ཚ་བ་དང༌། མནར་མེད་པ་ཞེས་བྱ་བའོ། །


DTG103_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བྱོལ་སོང་དང༌། ཡི་དགས་གཉིས་དང༌། གླིང་བཞི་ལ་འཛམ་བུའི་གླིང་དང༌། ཤར་གྱི་ལུས་འཕགས་དང༌། ནུབ་ཀྱི་བ་ལང་སྤྱོད་དང༌། བྱང་གི་སྒྲ་མི་སྙན་ཞེས་བྱ་བའོ། །འདོད་པ་ན་སྤྱོད་པའི་ལྷ་རིས་དྲུག་ནི་འདི་ལྟ་སྟེ། རྒྱལ་ཆེན་བཞིའི་རིས་དང༌། སུམ་ཅུ་རྩ་གསུམ་དང༌།། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་ཅེས་བྱ་བ་ནི་འདོད་པའི་ཁམས་སོ། །གཟུགས་ཀྱི་ཁམས་ཀྱི་སྐྱེ་བའི་བསམ་གཏན་བཞི་ལ་སྤྱིར་ནི་གནས་གཞན་བཅུ་བདུན་ཏེ། ཚངས་རིས་དང༌། ཚངས་པ་མདུན་ན་འདོན་དང༌། ཚངས་པ་ཆེན་པོ་སྟེ་བསམ་གཏན་དང་པོར་སྐྱེ་བའི་གནས་གཞན་གསུམ་མོ། །འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་ཞེས་བྱ་བ་ནི་བསམ་གཏན་གཉིས་པའི་སྐྱེ་བའི་གནས་གཞན་གསུམ་མོ། །དགེ་ཆུང་དང༌། ཚད་མེད་དགེ་དང༌། དགེ་རྒྱས་ཞེས་བྱ་བ་འདི་ནི་བསམ་གཏན་གསུམ་པར་སྐྱེ་བའི་གནས་གཞན་གསུམ་མོ། །སྤྲིན་མེད་དང༌། བསོད་ནམས་སྐྱེས་དང༌། འབྲས་བུ་ཆེ་ཞེས་བྱ་བ་ནི་སྐྱེ་བའི་གནས་གཞན་འདི་གསུམ་དང༌། མི་ཆེ་བ་དང༌། མི་གདུང་བ་དང༌། ཤིན་ཏུ་མཐོང་བ་དང༌། གྱ་ནོམ་སྣང་དང༌། འོག་མིན་ཞེས་བྱ་བ་གནས་གཙང་མའི་རིས་གནས་ལྔ་དང་བརྒྱད་པོ་འདི་དག་ནི་བསམ་གཏན་བཞི་བ་སྟེ། འདི་དག་ནི་གཟུགས་ཀྱི་ཁམས་སོ། །གཟུགས་མེད་པའི་ཁམས་ནི་གཟུགས་ཅན་མ་ཡིན་པས་གནས་མེད་དོ། །དེ་ནི་སྐྱེ་བ་ལས་རྣམ་པ་བཞི་སྟེ། འདི་ལྟ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅུང་ཟད་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱ་བ་སྟེ། འདི་དག་ནི་གཟུགས་མེད་པའི་ཁམས་སོ། །འདི་དག་ནི་རེ་ཞིག་ཁམས་ཀྱི་དབྱེ་བའོ། །བྱེ་བྲག་གི་དབྱེ་བ་ནི་ཁམས་གསུམ་པོ་དེ་རྣམས་ལ་རེ་རེ་ཞིང་ལྔ་ལྔ་སྟེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་རིས་དང༌། ཀུན་འབྱུང་དང་འགོག་པ་དང༌། ལམ་མཐོང་བས་སྤང་བར་བྱ་བ་དག་དང༌། བསྒོམ་པས་སྤང་བར་བྱ་བ་ཞེས་བྱའོ། །དེ་ལ་སྡུག་བསྔལ་གྱི་བདེན་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འབྲས་བུར་གྱུར་པའོ། །


DTG103_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གི་རྒྱུར་གྱུར་པ་ནི་ཀུན་འབྱུང་བའི་བདེན་པའོ། །སྲེད་པ་དང་ལས་ཡོངས་སུ་ཟད་པས་སྡུག་བསྔལ་གྱི་བདེན་པ་ཤིན་ཏུ་མ་སྐྱེས་པ་སྣུམ་དང་སྙིང་པོ་ཡོངས་སུ་ཟད་པའི་མར་མེ་ལྟ་བུའི་མྱ་ངན་ལས་འདས་པ་ནི་འགོག་པའི་བདེན་པའོ། །དེ་འཐོབ་པའི་ཐབས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ལམ་གྱི་བདེན་པའོ། །དེ་ལ་འདོད་པ་ན་སྤྱོད་པའི་སྡུག་བསྔལ་གྱི་བདེན་པ་ལ་མི་རྟག་པ་ཉིད་དང༌། སྡུག་བསྔལ་བ་ཉིད་དང༌། སྟོང་པ་ཉིད་དང༌། བདག་མེད་པ་ཉིད་དུ་ཡིད་ལ་བྱེད་པ་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། ཆོས་ཤེས་པ་ཞེས་བྱ་བ་སྐྱེ་སྟེ། དེ་དག་གིས་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་བཅུ་པོ་འདི་རྣམས་རབ་ཏུ་སྤོང་ངོ༌། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་གྱི་བདེན་པ་ཡང་དེ་བཞིན་དུ་ཡིད་ལ་བྱ་བས་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཤེས་པ་སྐྱེའོ། །དེ་དག་གིས་ཁོང་ཁྲོ་མ་གཏོགས་པའི་གཟུགས་ན་སྤྱོད་པའི་ཉོན་མོངས་པ་དགུ་དང༌། གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་དགུ་སྟེ་། དེ་ལྟར་བཅོ་བརྒྱད་སྤོང་སྟེ། དེ་ལྟར་ཁམས་གསུམ་པའི་སྡུག་བསྔལ་གྱི་བདེན་པ་མངོན་པར་རྟོགས་པ་ཆོས་དང་རྗེས་སུ་ཤེས་པའི་བཟོད་པ་དང༌། ཤེས་པའི་རྣམ་པའི་སྐད་ཅིག་མ་བཞིས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་ཉི་ཤུ་རྩ་བརྒྱད་རབ་ཏུ་སྤོང་ངོ༌། །ཕྲ་རྒྱས་ཉི་ཤུ་རྩ་བརྒྱད་པོ་དེ་རྣམས་ལས་འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་མ་གཏོགས་པར་ཕྲ་རྒྱས་གཞན་བདུན་པོ་ནི་འདོད་པའི་ཁམས་ཀྱི་འདོད་པ་ན་སྤྱོད་པའི་ཀུན་འབྱུང་གི་བདེན་པ་ལ་རྒྱུ་ཉིད་དང༌། ཀུན་འབྱུང་བ་ཉིད་དང༌། རབ་ཏུ་སྐྱེ་བ་ཉིད་དང༌། རྐྱེན་ཉིད་ཅེས་བྱ་བར་ཡིད་ལ་བྱེད་པ་ན་དེ་ལྟར་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་དང༌། ཆོས་ཤེས་པ་སྐྱེ་སྟེ། དེ་དག་གིས་སྤོང་ངོ༌། །དེ་དག་ཉིད་ལས་ཁོང་ཁྲོ་བོར་བ་ཁམས་གཉིས་པོ་དང༌། གཟུགས་མེད་པ་ནི་སྤྱོད་པའི་ཕྲ་རྒྱས་བཅུ་གཉིས་ཀུན་འབྱུང་བའི་བདེན་པ་མཐོང་བ་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། ཤེས་པ་དག་གིས་རབ་


DTG103_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྤོང་སྟེ། དེ་ལྟར་ཕྲ་རྒྱས་བཅུ་དགུ་ནི་ཀུན་འབྱུང་མཐོང་བས་སྤོང་ངོ༌། །དེ་བཞིན་དུ་འདོད་པ་ན་སྤྱོད་པ་ནི་སྡུག་བསྔལ་འགོག་པའི་བདེན་པའི་འགོག་པ་དང༌། ཞི་བ་དང༌། གྱ་ནོམ་པ་དང༌། ངེས་པར་འབྱུང་བའི་རྣམ་པ་བཞི་ཡིད་ལ་བྱེད་པས་ཀུན་འབྱུང་ལ་བསྟན་པའི་ཕྲ་རྒྱས་བདུན་པོ་དེ་དག་འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང༌། འགོག་པ་ལ་ཆོས་ཤེས་པ་དག་གིས་རབ་ཏུ་སྤོང་ངོ༌། །འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། ཤེས་པ་དག་གིས་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཕྲ་རྒྱས་བཅུ་གཉིས་རབ་ཏུ་སྤོང་སྟེ། དེ་ལྟར་ན་ཕྲ་རྒྱས་བཅུ་དགུ་ནི་ཁམས་གསུམ་པོའི་སྡུག་བསྔལ་འགོག་པའི་བདེན་པ་མཐོང་བས་རབ་ཏུ་སྤོང་ངོ༌། །དེ་བཞིན་དུ་འདོད་པ་ན་སྤྱོད་པའི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་གྱི་བདེན་པ་ལ་ལམ་དང༌། རིགས་པ་དང༌། སྒྲུབ་པ་དང༌། ངེས་པར་འབྱིན་པའི་རྣམ་པ་བཞི་ཡིད་ལ་བྱེད་པ་ལམ་ལ་ཆོས་ཤེས་པའི་བཟོད་པ་དང༌། ཆོས་ཤེས་པ་དག་གིས་སྔར་བསྟན་པའི་བདུན་པོ་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྔ་མ་ལ་མེད་པ་བསྣན་པའི་བརྒྱད་ནི་ལམ་གྱི་བདེན་པ་མཐོང་བས་སྤོང་ངོ༌། །ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་རྗེས་སུ་ཤེས་པ་དག་གིས་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཕྲ་རྒྱས་བཅུ་བཞི་ལམ་གྱི་བདེན་པ་མཐོང་བས་རབ་ཏུ་སྤོང་བར་བྱེད་དོ། །དེ་ལྟར་ན་ཕྲ་རྒྱས་ཉི་ཤུ་རྩ་གཉིས་ནི་ལམ་མཐོང་བས་སྤང་བར་བྱ་བའོ། །སྡུག་བསྔལ་ལ་སོགས་པའི་བདེན་པ་བསྒོམས་པས་ཇི་ལྟར་མཐོང་བའི་རྗེས་ལ་སྤང་བར་བྱ་བ་གང་ཡིན་པ་དེ་ནི་བསྒོམ་པས་སྤང་བར་བྱ་བའོ། །དེ་ལ་འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་རྣམས་འདོད་པའི་ཁམས་ཀྱི་བསྒོམ་པས་སྤང་བར་བྱའོ། །ཁོང་ཁྲོ་མ་གཏོགས་པ་རྣམས་ནི་གཟུགས་དང་གཟུགས་མེད་པའི་ཁམས་ན་བསྒོམ་པས་སྤང་བར་བྱ་བ་སྟེ། ཀུན་བསྡོམས་ན་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་དོ། །དེ་རྣམས་ལས་འདོད་པ་ན་སྤྱོད་པ་ནི་སུམ་ཅུ་རྩ་དྲུག་གོ །གཟུགས་ན་སྤྱོད་པ་ནི་སུམ་ཅུ་རྩ་གཅིག །གཟུགས་མེད་པ་ན་སྤྱོད་པ་ཡང་སུམ་ཅུ་རྩ་གཅིག་གོ །དེ་དག་ལས་མཐོང་བས་སྤང་བར་བྱ་བ་ནི་བརྒྱད་ཅུ་རྩ་བརྒྱད་


DTG103_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །འདིར་ཇི་སྐད་བཤད་པའི་ཕྲ་རྒྱས་སྤོང་བའི་ཡེ་ཤེས་དང་ལྡན་པས་འཕགས་པའི་གང་ཟག་བརྒྱད་དུ་འགྱུར་རོ། །ཇི་ལྟར་བྱས་ནས་ཤེ་ན། དེ་བརྗོད་པར་བྱ་སྟེ། གོ་རིམས་བཞིན་དུ་འཇུག་པ་ལ། །མཐོང་ལམ་སྐད་ཅིག་བཅུ་དྲུག་གིས། །གང་ཞིག་སྤངས་པའི་འབྲས་བུ་དེ། །རྒྱུན་དུ་ཞུགས་པ་ཞེས་བརྗོད་དོ། །འདོད་ན་ཆགས་སྡང་ང་རྒྱལ་རྨོངས། །གོང་མའི་ས་བརྒྱད་སོ་སོ་ལ། །ཞེ་སྡང་མ་གཏོགས་བསྒོམ་སྤང་བྱ། །བསྡུས་ནས་ཆེ་སོགས་རྣམ་གསུམ་ལ། །ཆེན་པོའི་ཆེ་སོགས་བྱེ་བྲག་གིས། །རྣམ་པ་ཡང་ནི་གསུམ་དུ་འདོད། །ཉོན་མོངས་པ་ནི་རྣམ་དགུ་ལ། །གཉེན་པོའི་ཕྱོགས་ནི་བཟློག་པས་སོ། །འདོད་པའི་རྣམ་པ་དྲུག་པ་དང༌། །དགུ་པ་དག་ནི་ཟད་པ་ལས། །ལན་ཅིག་ཕྱིར་ནི་འོང་བ་དང༌། །ཕྱིར་མི་འོང་བའི་གང་ཟག་འགྱུར། །དགྲ་བཅོམ་སྲིད་རྩེའི་མཐའ་ཟད་པས། །ལམ་ལ་གནས་པ་བཞི་པོ་དག །དེ་ལ་སྦྱོར་བར་ཞུགས་པའི་ཕྱིར། །དེ་དག་ཞུགས་པ་ཞེས་བརྗོད་དོ། །དགྲ་བཅོམ་མི་སློབ་སློབ་པ་ནི། །ཟད་ཕྱིར་སློབ་པས་གཞན་བདུན་ནོ། །སྐྱེས་བུ་གང་ཟག་བརྒྱད་པོ་འདི། །དགེ་འདུན་ཞེས་ནི་བྱ་བར་བརྗོད། །བདུད་རྣམས་ཀུན་གྱིས་མི་ཕྱེད་པས། །འདི་ལྟར་དགེ་འདུན་ཞེས་བརྗོད་དོ། །མི་ཕྱེད་དད་པས་རིགས་པར་ནི། །སངས་རྒྱས་བདེན་པར་རྟོགས་ཕྱིར་སྤང༌། །གནས་པ་དང་རྗེས་སུ་མཐུན་པའི་དངོས་པོ་ཇི་ལྟར་འབྱུང་བའི་དམིགས་པ་ལ་རབ་ཏུ་སྦྱོར་བ་དང༌། རྗེས་སུ་སྦྱོར་བས་ཕྲ་རྒྱས་ཞེས་བྱ་བའམ། ཕྲ་བའམ་བདག་གི་རྒྱུད་ཀྱི་རྗེས་སུ་འབྲེལ་པས་ཕྲ་རྒྱས་སོ། །ཕྲ་རྒྱས་བཤད་ཟིན་ཏོ། །འབྱུང་བའི་རིམ་པ་ནི་ཡང་འདི་དག་ལས་དངོས་པོ་ཇི་ལྟར་གནས་པ་གཞན་དུ་མི་རྟོགས་པ་དང༌། མི་བདེན་པའི་ངོ་བོར་སྒྲོ་འདོགས་པས་ཐོག་མར་ནི་མ་རིག་པའོ། །དེ་ལས་ནི་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་ཕྱོགས་གཉིས་ཐོས་ནས་འདི་བདེན་ནམ་མི་བདེན་ཞེས་ཐེ་ཚོམ་འབྱུང་ངོ༌། །དེ་ནས་ནི་མི་བདེན་པའི་ཕྱོགས་ལ་གོམས་པས་བདེན་པའི་དངོས་པོར་ཡོད་པ་ཉིད་དུ་སྒྲོ་བཏགས་ཏེ། ཕྱིན་ཅི་ལོག་ཏུ་ལྟ་བ་ནི་ལོག་པར་ཞུགས་པའི་ལྟ་བ་སྟེ། གང་ལོག་པ་ཉིད་དུ་ངེས་པར་འབྱེད་པ་དེ་ལྟ་


DTG103_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་བདག་ཉིད་ཅན་ནི་ལོག་པར་ལྟ་བ་ཞེས་བྱ་བར་གཟུང་གི་རྒྱུ་དང་འབྲས་བུ་ལ་སྐུར་བ་འདེབས་པའི་བདག་ཉིད་ཅན་ནི་མ་ཡིན་ནོ། །ལོག་པར་ལྟ་བ་དེ་ལས་ནི་འཇིག་ཚོགས་ལ་ལྟ་བ་འབྱུང་སྟེ། དེས་ནི་ཉེ་བར་ལེན་པའི་ཕུང་པོ་ལ་བདག་གི་ངོ་བོ་ཉིད་དུ་སྒྲོ་བཏགས་ནས་མངོན་པར་ཞེན་ཏོ། །དེ་ལས་ནི་མཐར་འཛིན་པར་ལྟ་བ་འབྱུང་སྟེ། དེ་ལས་རྟག་པ་དང་ཆད་པའི་མཐར་རྟོག་པ་ཉིད་ཀྱིས་སོ། །མཐར་འཛིན་པར་ལྟ་བ་ལས་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་སྟེ། དེ་ལྟར་མཐར་གཟུང་བ་གང་ཡིན་པ་དེ་ཉིད་ཀྱིས་དག་པ་དང་གྲོལ་བར་རྟོགས་པས་སོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལས་ལྟ་བ་མཆོག་ཏུ་འཛིན་པ་སྟེ། གང་གིས་དག་པར་འཛིན་པ་དེ་ཉིད་ལ་དམ་པ་འཛིན་པས་སོ། །དེ་ལས་ནི་འདོད་ཆགས་ཏེ། རང་གི་ལྟ་བ་ལའོ། །དེ་ལས་ནི་ལྟ་བ་ལ་ང་རྒྱལ་ལོ། །གཞན་གྱི་ལ་ནི་ཞེ་སྡང་སྟེ། གོ་རིམས་ནི་འདི་ལྟར་རོ། །དེ་རེ་རེ་ཡང་རྒྱུ་གསུམ་གསུམ་གྱིས་འབྱུང་སྟེ། ཕྲ་རྒྱས་སྤངས་པར་མ་གྱུར་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པར་གྱུར་པ་དང༌། ཡུལ་ཉེ་བར་གནས་པར་གྱུར་པ་སྟེ། རྒྱུ་དང༌། ཡུལ་དང༌། སྦྱོར་བའི་སྟོབས་ཏེ་འདི་དག་ལས་འབྱུང་ངོ༌།། ཉེ་བའི་ཉོན་མོངས་པའི་དབང་དུ་བྱས་ནས་བརྗོད་པ་དེ་ལ་ཕྲ་རྒྱས་དྲུག་ཏུ་བརྗོད་པ་དེ་དག་ཉིད་དུ་ལུས་དང་ངག་དང་ཡིད་ཀྱི་རྒྱུར་ཉོན་མོངས་པར་བྱེད་པས་འདི་དག་ལ་ཉོན་མོངས་པ་ཞེས་བྱའོ། །དེ་ལ་རེ་ཞིག་ཉོན་མོངས་པ་ཅན་གང་ཡིན་པ་དེ་དག་ནི་ཉེ་བའི་ཉོན་མོངས་པ་ཅན་ཡིན་ནོ། །གཞན་གང་སེམས་ལས་བྱུང་བའི་ཆོས་ཉོན་མོངས་པ་ཅན་འདུ་བྱེད་ཀྱི་ཕུང་པོས་བསྡུས་པ་ནི་ཉེ་བའི་ཉོན་མོངས་པ་ཉིད་དེ། དེ་དག་གིས་སེམས་ཉེ་བར་ཉོན་མོངས་པར་བྱེད་པའི་ཕྱིར་རོ། །དེ་དག་ཀྱང་གང་ཞེ་ན། སྒྱུ་དང༌། རྒྱགས་པ་དང༌། རྣམ་པར་འཚེ་བ་དང༌། འཚིག་པ་དང༌། ཁོན་དུ་འཛིན་པ་དང༌། གཡོ་ལ་སོགས་པ་རྣམ་པ་དུ་མ་ཆོས་མངོན་པ་ལས་བྱུང་ངོ༌། །དེ་ལ་སྒྱུ་ནི་གཞན་སླུ་བ་སྟེ། ཇི་ལྟར་སྒྱུ་ནི་རང་གི་ངོ་བོ་སྦས་ནས་བརྫུན་པའི་རྣམ་པའི་བདག་ཉིད་དུ་ཞུགས་ཏེ་འཇིག་རྟེན་སྒྲུབ་བར་བྱེད་པ་དེ་བཞིན་དུ་སེམས་ལས་བྱུང་བའི་ཆོས་


DTG103_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

གང་དང་ལྡན་པས་རང་ལ་ཇི་ལྟར་གནས་པའི་ཆོས་སྦས་ནས་མི་བདེན་པའི་བདག་ཉིད་དུ་ཞུགས་ཏེ། གཞན་ལ་སླུ་བའི་ཆོས་དེ་ནི་སྒྱུ་ཞེས་བརྗོད་དོ། །རྒྱགས་པའི་ཁེངས་པ་སྟེ་དྲེགས་པའོ། །གང་གི་སྟོབས་ཀྱིས་གཞན་ལ་བརྙས་པ་དང་བཅས་པའི་ལུས་དང་སེམས་ཀྱི་རྒྱུན་བྱུང་བའོ། །ཁྲོ་བའི་རྐྱེན་གྱིས་ཁུ་ཚུར་དང་ཐལ་ལྕག་ལ་སོགས་རབ་ཏུ་བརྡེག་པའི་རྒྱུའི་ཆོས་ནི་རྣམ་པར་འཚེ་བས་ན་རྣམ་པར་འཚེ་བའོ། །འཚིག་པ་ནི་སྡིག་པ་ལ་རབ་ཏུ་ཞེན་པའོ། །ཆོས་གང་དང་ལྡན་པས་སྡིག་པ་ལས་མི་ཟློགས་པ་སྟེ། མཆེ་བའམ་སེན་མོས་བཟུང་བ་ལྟར་སྡིག་པ་རབ་ཏུ་བཟུང་ནས་གནས་པ་ནི་འཚིག་པའོ། །ཁོ་ན་དུ་འཛིན་པ་ནི་ཁོན་དུ་འཛིན་པ་སྟེ་ཁྲོས་པར་གྱུར་པར་ཁྲོས་པའི་དངོས་པོ་ལ་སོ་སོར་རྟོག་པ་མ་ཡིན་པ་མང་བར་ཡང་དང་ཡང་དུ་འཇུག་པས་གང་ཁོན་དུ་འཛིན་པ་ནི་ཁོན་དུ་འཛིན་པ་སྟེ་ཁྲོས་པའི་ཡུལ་སེམས་ལ་མང་དུ་བྱེད་ཅེས་བྱ་བའི་དོན་ཏོ། །གཡོ་ནི་སེམས་ཀྱི་མི་དྲན་པ་སྟེ། གཡོའི་ངོ་ནི་གཡོ་ཉིད་དོ། །དེ་ལ་གཡོ་ཞེས་བྱ་བ་ནི་ཆོས་གང་དང་ལྡན་བས་སེམས་ཀྱི་རྒྱུན་གྱ་གྱུ་བ་སྟེ། ཇི་ལྟར་གནས་པའི་ཚུལ་དང་ཚུལ་མ་ཡིན་པ་མི་སྟོན་པ་མི་དྲན་ཞིང་མི་གསལ་བར་ཞུགས་པ་ནི་གཡོ་ཞེས་བྱའོ། །དེ་དག་ལས་སྒྱུ་དང༌། རྒྱགས་པ་ནི་འདོད་ཆགས་ཀྱི་རྒྱུ་མཐུན་པའི་དྲི་མའོ། །ཁོན་དུ་འཛིན་པ་དང༌། རྣམ་པར་འཚེ་བ་ནི་ཁོང་ཁྲོའི་རྒྱུ་མཐུན་པའིའོ། །ལྟ་བ་མཆོག་ཏུ་འཛིན་པའི་རྒྱུ་མཐུན་པའི་ནི་འཚིག་པའོ། །གཡོ་ནི་ལོག་པར་ལྟ་བའི་རྒྱུ་མཐུན་པའོ། །ཀུན་ནས་དཀྲིས་པ་ནི་ཀུན་ནས་དཀྲིས་པ་བཅུ་སྟེ། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཕྲག་དོག་དང༌། སེར་སྣ་དང༌། ངོ་ཚ་མེད་པ་དང༌། ཁྲེལ་མེད་པ་དང༌། ཁྲོ་བ་དང༌། འཆབ་པའོ། །རྨུགས་པ་ནི་ལུས་དང་སེམས་མི་གསལ་བས་ལྕི་པ་ཉིད་དུ་གྱུར་པའི་ཕྱིར་ལས་སུ་མི་རུང་བར་སྦྱོར་བ་དེ་ནི་རྨུགས་པའོ། །གཉིད་ནི་གང་རྣམ་པར་ཤེས་པའི་ཚོགས་ལྔ་འཇུག་པ་དང་འགལ་བའི་ཆོས་ཡིད་ཀྱི་རྣམ་པར་ཤེས་པ་སྡུད་པར་བྱེད་པའི་རྒྱུ་དེ་ནི་གཉིད་ཅེས་བརྗོད་དོ། །རྒོད་པ་ནི་ལུས་དང་སེམས་རབ་ཏུ་མ་ཞི་བ་ཉིད་དང༌། ཇི་ལྟར་རླུང་དང་འབྲེལ་པས་ཆུ་


DTG103_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་བསྐྱོད་ན་ཆུ་ཀླུང་གི་ཆུའི་ཆ་སྟེང་དུ་འབྱུང་བ་ནི་རྒོད་པའོ། །དེ་བཞིན་དུ་སེམས་ལས་བྱུང་བ་གང་ལུས་དང་སེམས་མ་ཞི་བར་འཇུག་པའི་རྒྱུ་མཚན་ནི་རྒོད་པའོ། །འགྱོད་པ་ནི་ངན་པར་བྱས་པའི་དངོས་པོ་ལ་ཕྱིས་གདུང་ཞིང་མྱ་ངན་བྱེད་པ་སྟེ། ཕྱི་ནས་གདུང་བ་ལས་བྱུང་བའི་ཡིད་ལ་གཅགས་པ་ནི་འགྱོད་པའོ། །ཕྲག་དོག་དང༌། སེར་སྣ་ནི་ཀུན་དུ་སྦྱོར་བར་བཤད་ཟིན་ཏོ། །ངོ་ཚ་མེད་པ་ནི་ཆོས་གང་དང་ལྡན་པས་བདག་གི་ཡོན་ཏན་ཉམས་པར་བྱེད་ཅིང་བདག་ཉིད་ལ་ལྟོས་ནས་སྡིག་པ་ལ་འཇུག་པ་ལ་མི་འཛེམ་པ་སྟེ། ཉེས་པ་མི་སྡོམ་པའི་རྒྱུ་རང་བཞིན་གྱིས་སྨད་པའི་ཆོས་གང་ཡིན་པ་དེ་ལ་ངོ་ཚ་མེད་པ་ཞེས་བརྗོད་དོ། །ཁྲེལ་མེད་པ་ཞེས་བྱ་བ་འདི་ཡང་འཛེམ་པ་མེད་པ་ཉིད་དོ། །འོན་ཀྱང་ཁྱད་པར་ནི་འདི་ཡིན་ཏེ། འདི་ནི་གཞན་ལ་ལྟོས་ནས་ཉེས་པ་རྣམས་ལ་མི་འཛེམ་པའོ། །ཁྲོ་བ་ནི་སེམས་རབ་ཏུ་འཁྲུག་པའོ། །དེ་ལ་གནོད་སེམས་ནི་སེམས་ཀྱི་ཡུལ་ལ་ཀུན་ནས་མནར་སེམས་པ་ཡིན་ལ། ཁྲོ་བ་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པའི་ཡུལ་ལ་ཡང་ཀུན་ནས་མནར་སེམས་པ་ཙམ་མོ། །རྣམ་པར་འཚེ་བ་ནི་ཁྲོས་པར་གྱུར་པས་སོ་སོར་མ་བརྟགས་པར་གཞན་དག་ལ་ཁུ་ཚུར་དང་ཐལ་ལྕག་ལ་སོགས་པས་རབ་ཏུ་རྡེག་པར་བྱེད་པའི་རྒྱུ་ཡིན་ནོ། །དེས་ན་གནོད་སེམས་དང་རྣམ་པར་འཚེ་བ་མ་ཡིན་པའི་སེམས་རྣམ་པར་འཁྲུག་པ་ཙམ་ནི་ཁྲོ་བའོ། །འཆབ་པ་ནི་ཁ་ན་མ་ཐོ་བ་རབ་ཏུ་མ་ཁྱུད་པ་སྟེ། འཕགས་པ་རྣམས་ཀྱིས་སྨད་པ་ནི་ཁ་ན་མ་ཐོ་བའོ། །དེ་རབ་ཏུ་མཁྱུད་པ་ནི་གཞན་ལ་རབ་ཏུ་མི་སྟོན་པའོ། །དེ་ནི་འཆབ་པ་སྟེ། གང་གིས་གང་ཟག་དེ་ཁ་ན་མ་ཐོ་བས་བདག་ཉིད་ཤིན་ཏུ་སྤགས་ཤིང་མི་གཙང་བར་བྱེད་པའོ། །ཀུན་ནས་འཁྲི་ཞིང་སེམས་ལ་ཐམས་ཅད་དུ་དཀྲིས་ནས་གནས་པས་ཀུན་ནས་དཀྲིས་པ་སྟེ། དགེ་བའི་ཕྱོགས་ལ་འཇུག་པའི་བར་ཆད་བྱེད་པ་ཉིད་དོ། །འདི་དག་ལས་རྨུགས་པ་དང་གཉིད་དང་ཁྲེལ་མེད་པ་ནི་མ་རིག་པའི་རྒྱུ་མཐུན་པའོ། །འགྱོད་པ་ནི་ཐེ་ཚོམ་གྱི་རྒྱུ་མཐུན་པའོ། །ངོ་ཚ་མེད་པ་དང་རྒོད་པ་དང་སེར་སྣ་ནི་འདོད་ཆགས་ཀྱི་རྒྱུ་མཐུན་པའོ། །ཁྲོ་བ་དང་ཕྲག་དོག་ནི་ཁོང་ཁྲོས་ཀུན་ནས་བསླང་བའོ། །


DTG103_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

འཆབ་པ་ནི་འདོད་ཆགས་དང་མ་རིག་པའི་རྒྱུ་མཐུན་པ་སྟེ། དྲི་མ་རྣམས་དང་བཅུ་པོ་འདི་དག་ནི་ཉེ་བའི་ཉོན་མོངས་པ་ཞེས་བྱའོ། །ཟག་པ་ནི་འདི་ལྟར་ཟག་པ་གསུམ་སྟེ། འདོད་པའི་ཟག་པ་དང༌། སྲིད་པའི་ཟག་པ་དང༌། མ་རིག་པའི་ཟག་པའོ། །དེ་ལ་མ་རིག་པ་མ་གཏོགས་པ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་གཞན་ཀུན་ནས་དཀྲིས་པ་བཅུ་དང་བཅས་པ་ནི་འདོད་པའི་ཟག་པར་རིག་པར་བྱ་སྟེ་རྫས་བཞི་བཅུ་རྩ་གཅིག་གོ །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཕྲ་རྒྱས་མ་རིག་པ་མ་གཏོགས་པ་རྫས་ལྔ་བཅུ་རྩ་གཉིས་ནི་སྲིད་པའི་ཟག་པའོ། །ཡང་རྒྱུ་གང་གིས་གཟུགས་མེད་པ་ན་སྤྱོད་པའི་ཕྲ་རྒྱས་རྣམས་བསྡོམས་ནས་སྲིད་པའི་ཟག་པར་བྱས་ཤེ་ན། དེ་གཉི་ག་ཡང་ལུང་དུ་མ་བསྟན་པ་དང༌། ཁ་ནང་དུ་བལྟས་པ་དང༌། མཉམ་པར་གཞག་པའི་ས་པ་ཡིན་པའི་ཕྱིར་ཆོས་མཚུངས་པ་ཉིད་གསུམ་གྱིས་གཅིག་ཏུ་བྱས་སོ། །ཁམས་གསུམ་པའི་མ་རིག་པ་བཅོ་ལྔ་ནི་མ་རིག་པའི་ཟག་པའོ། །རྒྱུ་གང་གིས་འདི་ལོགས་ཤིག་ཏུ་གཞག་ཅེ་ན་འདི་ལྟར་དེ་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བར་གྱུར་པ་དེས་ན་ཟག་པ་ཉིད་དུ་ལོགས་ཤིག་ཏུ་གཞག་གོ །ཆུ་བོ་ཞེས་བྱ་བ་ལ། ཆུ་བོ་ནི་བཞི་སྟེ། འདོད་པའི་ཆུ་བོ་དང༌། སྲིད་པའི་ཆུ་བོ་དང༌། ལྟ་བའི་ཆུ་བོ་དང༌། མ་རིག་པའི་ཆུ་བོ་ཞེས་བྱ་བའོ། །དེ་ལ་ལྟ་བ་ལས་གཞན་པའི་འདོད་པའི་ཟག་པ་ཉིད་ནི་འདོད་པའི་ཆུ་བོ་སྟེ་རྫས་ཉི་ཤུ་རྩ་དགུའོ། །ལྟ་བ་བོར་བའི་སྲིད་པའི་ཟག་པ་ཉིད་སྲིད་པའི་ཆུ་བོ་སྟེ། རྫས་ཉི་ཤུ་རྩ་བརྒྱད་དོ། །ཁམས་གསུམ་པའི་ལྟ་བ་ནི་ལྟ་བའི་ཆུ་བོ་སྟེ། རྫས་སུམ་ཅུ་རྩ་དྲུག་གོ །མ་རིག་པའི་ཟག་པ་ཉིད་ནི་མ་རིག་པའི་ཆུ་བོ་སྟེ་རྫས་བཅོ་ལྔའོ། །བཞི་པོ་འདི་དག་ཉིད་སྦྱོར་བ་བཞིར་རིག་པར་བྱའོ། །ཉེ་བར་ལེན་པ་ནི་ཉེ་བར་ལེན་པ་བཞི་སྟེ། འདོད་པ་ཉེ་བར་ལེན་པ་དང༌། ལྟ་བ་ཉེ་བར་ལེན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་དང༌། བདག་ཏུ་སྨྲ་བ་ཉེ་བར་ལེན་པའོ། །དེ་ལ་འདོད་པའི་སྦྱོར་བ་མ་རིག་པ་དང་བཅས་པ་ནི་འདོད་པ་ཉེ་བར་ལེན་པ་སྟེ་རྫས་སུམ་ཅུ་རྩ་བཞིའོ། །ལྟ་བའི་སྦྱོར་བ་ཉིད་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་མ་


DTG103_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་པ་ནི་ལྟ་བ་ཉེ་བར་ལེན་པ་སྟེ་རྫས་སུམ་ཅུའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་ནི་རྫས་དྲུག་གོ །སྲིད་པའི་སྦྱོར་བ་ཉིད་ལ་མ་རིག་པས་བསྣན་པ་ནི་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་སྟེ། རྨུགས་པ་དང༌། རྒོད་པ་དང་བཅས་པ་ལ་རྫས་བཞི་བཅུའོ། །ཅིའི་ཕྱིར་ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་ལྟ་བ་ལས་ལོགས་ཤིག་ཏུ་གཞག་ཅེ་ན། ལམ་གྱི་དགྲར་གྱུར་པ་དང༌། ཕྱོགས་གཉི་ག་སླུ་བར་བྱེད་པའི་ཕྱིར་ཏེ། འདིས་ཁྱིམ་པ་ཡང་ཟས་མི་ཟ་བར་མཐོ་རིས་སུ་སྐྱེ་བར་འདུ་ཤེས་པས་རབ་ཏུ་བསླུས་ལ། རབ་ཏུ་བྱུང་བ་རྣམས་ཀྱང་འདོད་པའི་ཡུལ་ཡོངས་སུ་སྤངས་པ་ཉིད་ཀྱིས་འདག་པར་ལྟ་བས་རབ་ཏུ་བསླུས་སོ། །ཡང་རྒྱུ་གང་གིས་ཉེ་བར་ལེན་པའི་སྐབས་སུ་མ་རིག་པ་བསྲེས་ནས་བརྗོད་ཀྱི་ལོགས་ཤིག་ཏུ་ནི་མ་ཡིན་ཞེ་ན། གང་གི་ཕྱིར་སྲིད་པ་འཛིན་པས་ཉེ་བར་ལེན་པ་ཞེས་བྱ་བ་ན། མ་རིག་པ་ནི་མི་གསལ་བའི་ངོ་བོ་ཉིད་ཀྱིས་འཛིན་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །ཟག་པ་དང༌། ཆུ་བོ་དང༌། སྦྱོར་བ་དང༌། ཉེ་བར་ལེན་པ་རྣམས་ནི་བཤད་ཟིན་ཏོ། །དེ་ལ་ཟག་པ་ནི་འཁོར་བར་ཟག་པ་ཉིད་དེ། སྲིད་པའི་རྩེ་མོ་ནས་མནར་མེད་པའི་བར་དུ་སྐྱེ་མཆེད་དྲུག་གི་རྨ་ནས་འཛག་པའི་ཕྱིར་རམ། རྒྱུ་ཡུལ་རྣམས་ལས་འཛག་པར་བྱེད་པས་ཟག་པའོ། །ཁྱེར་པར་བྱེད་པས་ན་ཆུ་བོ་སྟེ། དེའི་རྗེས་སུ་མཐུན་པར་བྱེད་པའི་ཕྱིར་དེ་དག་གིས་དེ་དང་ལྡན་པར་ཁྱེར་བར་འགྱུར་རོ། །སྡུག་བསྔལ་སྣ་ཚོགས་ལ་ཀུན་དུ་སྦྱོར་བའི་ཕྱིར་རམ། ཡང་དང་ཡང་དུ་རྗེས་སུ་འབྲེལ་བར་འཇུག་པར་བྱེད་པའི་ཕྱིར་རམ། ཡུལ་ལ་སྦྱོར་བའི་ཕྱིར་སྦྱོར་བའོ། །འདོད་པ་ལ་སོགས་པ་ཉེ་བར་ལེན་པར་བྱེད། འཛིན་པར་བྱེད་པའི་ཕྱིར་ཉེ་བར་ལེན་པའོ། །མདུད་པ་ཞེས་བྱ་བ་ལ་མདུད་པ་ནི་བཞི་སྟེ། བརྣབ་སེམས་ལུས་ཀྱི་མདུད་པ་དང༌། གནོད་སེམས་ལུས་ཀྱི་མདུད་པ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལུས་ཀྱི་མདུད་པ་དང༌། འདི་བདེན་པའོ་ཞེས་མངོན་པར་ཞེན་པ་ལུས་ཀྱི་མདུད་པའོ། །དེ་ལ་བརྣབ་སེམས་ལུས་ཀྱི་མདུད་པ་ནི་འདོད་པར་གཏོགས་པའི་རྣམ་པ་སྣ་ཚོགས་ལ་


DTG103_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་མི་འཆད་པར་འཇུག་པ་ཉིད་དོ། །དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་སྦྱར་རོ། །དེ་ལ་སྡུག་བསྔལ་ལ་སོགས་པ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་མ་རིག་པ་འདོད་པར་གཏོགས་པ་ནི་དང་པོའོ། །ཁོང་ཁྲོ་བ་ལྔ་ནི་གཉིས་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དྲུག་ནི་གསུམ་པའོ། །ལྟ་བ་མཆོག་ཏུ་འཛིན་པ་བཅུ་གཉིས་ནི་བཞི་པའོ། །སྒྲིབ་པ་ཞེས་བྱ་བ་ལ་སྒྲིབ་པ་ལྔ་སྟེ། འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཚོམ་མོ། །སྒྲིབ་པ་ནི་འདོད་པར་གཏོགས་པ་ཉིད་ཀྱིས་ཤིན་ཏུ་མི་དགེ་བ་ཉིད་ཀྱི་ཕྱིར་དགེ་བའི་ཕྱོགས་ལ་སྒྲིབ་པས་བསྒྲིབས་པའོ། །ཤེས་པ་ནི་ཤེས་པ་བཅུ་སྟེ། ཆོས་ཤེས་པ་དང༌། རྗེས་སུ་ཤེས་པ་དང༌། གཞན་གྱི་སེམས་ཤེས་པ་དང༌། ཀུན་རྫོབ་ཤེས་པ་དང༌། སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་བ་ཤེས་པ་དང༌། འགོག་པ་ཤེས་པ་དང༌། ལམ་ཤེས་པ་དང༌། ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པའོ། །ཆོས་ཤེས་པ་གང་ཞེ་ན། འདོད་པ་དང་ལྡན་པའི་འདུ་བྱེད་རྣམས་ལ་གང་དམིགས་པའི་ཟག་པ་མེད་པའི་ཤེས་པ་དང༌། འདོད་པ་དང་ལྡན་པའི་འདུ་བྱེད་རྣམས་ཀྱི་རྒྱུ་ལ་གང་དམིགས་པའི་ཟག་པ་མེད་པའི་ཤེས་པ་དང༌། འདོད་པ་དང་ལྡན་པའི་འདུ་བྱེད་རྣམས་ཀྱི་འགོག་པ་ལ་གང་དམིགས་པའི་ཟག་པ་མེད་པའི་ཤེས་པ་དང༌། འདོད་པ་དང་ལྡན་པའི་འདུ་བྱེད་སྤོང་བར་བྱེད་པའི་ལམ་ལ་གང་དམིགས་པའི་ཟག་པ་མེད་པའི་ཤེས་པའོ། །ཡང་ཆོས་ཤེས་པ་དང་ཆོས་ཤེས་པའི་ཟག་པ་མེད་པའི་ཤེས་པ་གང་ཡིན་པ་དེ་ནི་ཆོས་ཤེས་པའོ། །རྗེས་སུ་ཤེས་པ་གང་ཞེ་ན། གཟུགས་དང་གཟུགས་མེད་པ་དང་ལྡན་པའི་འདུ་བྱེད་རྣམས་ལ་གང་དམིགས་པའི་ཟག་པ་མེད་པའི་ཤེས་པ་དང༌། གཟུགས་དང་གཟུགས་མེད་པ་དང་ལྡན་པའི་འདུ་བྱེད་རྣམས་ཀྱི་རྒྱུ་ལ་གང་དམིགས་པའི་ཟག་པ་མེད་པའི་ཤེས་པ་དང༌། གཟུགས་དང་གཟུགས་མེད་པ་དང་ལྡན་པའི་འདུ་བྱེད་རྣམས་ཀྱི་འགོག་པ་ལ་གང་དམིགས་པའི་ཟག་པ་མེད་པའི་ཤེས་པ་དང༌། གཟུགས་དང་གཟུགས་མེད་


DTG103_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ལྡན་པའི་འདུ་བྱེད་སྤོང་བར་བྱེད་པའི་ལམ་ལ་གང་དམིགས་པའི་ཟག་པ་མེད་པའི་ཤེས་པ་གང་ཡིན་པའོ། །ཡང་རྗེས་སུ་ཤེས་པ་དང་རྗེས་སུ་ཤེས་པའི་ཟག་པ་མེད་པའི་ཤེས་པ་གང་ཡིན་པ་དེ་ནི་རྗེས་སུ་ཤེས་པ་ཞེས་བརྗོད་དོ། །གཞན་གྱི་སེམས་ཤེས་པ་གང་ཞེ་ན། ཤེས་པ་གང་བསྒོམས་པའི་འབྲས་བུ་བསྒོམས་པས་རྟོགས་པ་འཐོབ་ལ་མ་བྲལ་བའི་ཤེས་པ་གང་གིས་འདོད་པ་ན་སྤྱོད་པ་དང༌། གཟུགས་ན་སྤྱོད་པའི་གཞན་གྱི་སེམས་དང་སེམས་ལས་བྱུང་བའི་ཆོས་ལ་གཏད་ད་མཉམ་པར་གཞག་པས་མངོན་སུམ་དུ་ཤེས་པ་དང༌། གཞན་ཡང་ཟག་པ་མེད་པའི་སེམས་དང་སེམས་ལས་ཤེས་པའི་ཆོས་ཤེས་པ་ལ་ཕ་རོལ་གྱི་སེམས་ཤེས་པ་ཞེས་བརྗོད་དོ། །ཀུན་རྫོབ་ཤེས་པ་གང་ཞེ་ན། ཟག་པ་དང་བཅས་པའི་ཤེས་རབ་པོ། །སྡུག་བསྔལ་ཤེས་པ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་རྣམས་ལ་མི་རྟག་པ་ཉིད་དང། སྡུག་བསྔལ་བ་ཉིད་དང༌། སྟོང་པ་ཉིད་དང༌། བདག་མེད་པ་ཉིད་དུ་ཡིད་ལ་བྱེད་པའི་ཟག་པ་མེད་པའི་ཤེས་པ་གང་ཡིན་པ་དེ་ནི་འདི་ལྟར་སྡུག་བསྔལ་ཤེས་པ་ཞེས་བརྗོད་དོ། །ཀུན་འབྱུང་བ་ཤེས་པ་གང་ཞེ་ན། ཟག་པ་དང་བཅས་པའི་རྒྱུ་ལ་རྒྱུ་ཉིད་དང༌། ཀུན་འབྱུང་བ་ཉིད་དང༌། རབ་ཏུ་སྐྱེ་བ་ཉིད་དང༌། རྐྱེན་ཉིད་དུ་ཡིད་ལ་བྱེད་པའི་གང་ཟག་པ་མེད་པའི་ཤེས་པ་གང་ཡིན་ལ་དེ་ནི་ཀུན་འབྱུང་བ་ཤེས་པ་ཞེས་བརྗོད་དོ། །འགོག་པ་ཤེས་པ་གང་ཞེ་ན། འགོག་པ་ལ་འགོག་པ་ཉིད་དང༌། ཞི་བ་ཉིད་དང༌། གྱ་ནོམ་པ་ཉིད་དང༌། ངེས་པར་འབྱུང་བ་ཉིད་དུ་ཡིད་ལ་བྱེད་པའི་ཟག་པ་མེད་པའི་ཤེས་པ་གང་ཡིན་པ་དེ་ནི་འགོག་པ་ཤེས་པ་ཞེས་བརྗོད་དོ། །ལམ་ཤེས་པ་གང་ཞེ་ན། ལམ་ལ་ལམ་ཉིད་དང༌། རིགས་པ་ཉིད་དང༌། སྒྲུབ་པ་ཉིད་དང༌། ངེས་པར་འབྱིན་པ་ཉིད་དུ་ཡིད་ལ་བྱེད་པའི་ཟག་པ་མེད་པའི་ཤེས་པ་གང་ཡིན་པ་དེ་ནི་ལམ་ཤེས་པ་ཞེས་བརྗོད་དོ། །ཟད་པ་ཤེས་པ་གང་ཞེ་ན། བདག་གི་སྡུག་བསྔལ་ནི་ཡོངས་སུ་ཤེས་སོ། །ཀུན་འབྱུང་བ་ནི་སྤངས་སོ། །འགོག་པ་ནི་མངོན་དུ་བྱས་སོ། །ལམ་ནི་བསྒོམས་སོ། །ཞེས་རབ་ཏུ་ཤེས་པ་ལ། ཉེ་བར་བརྟེན་པའི་ཤེས་པ་དང༌། མཐོང་བ་


DTG103_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རིགས་པ་དང༌། བློ་དང༌། རྟོག་པ་དང༌། ཤེས་རབ་དང༌། སྣང་བ་དང༌། མངོན་པར་རྟོགས་པ་གང་ཡིན་པ་དེ་ནི་ཟད་པ་ཤེས་པ་ཞེས་བརྗོད་དོ། །མི་སྐྱེ་བ་ཤེས་པ་གང་ཞེ་ན། བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་ཏེ་ཡང་ཡོངས་སུ་ཤེས་པར་བྱར་མེད་དོ་ཞེས་བྱ་བ་དང༌། ཀུན་འབྱུང་བ་རབ་ཏུ་སྤངས་ཏེ་ཡང་སྤང་བར་བྱར་མེད་དོ་ཞེས་བྱ་བ་དང༌། འགོག་པ་མངོན་དུ་བྱས་ཏེ་ཡང་མངོན་དུ་བྱར་མེད་དོ་ཞེས་བྱ་བ་དང༌། ལམ་བསྒོམས་ཏེ་ཡང་བསྒོམ་པར་བྱར་མེད་དོ་ཞེས་བྱ་བར་ཤེས་པ་ལ་བརྟེན་པའི་ཤེས་པ་དང༌། མཐོང་བ་དང༌། རིགས་པ་དང། བློ་དང༌། རྟོག་པ་དང༌། ཤེས་རབ་དང༌། སྣང་བ་དང༌། མངོན་པར་རྟོགས་པ་གང་ཡིན་པ་དེ་ནི་མི་སྐྱེ་བ་ཤེས་པ་ཞེས་བརྗོད་དོ། །བཟོད་པ་གང་ཞེ་ན། མངོན་པར་རྟོགས་པའི་བཟོད་པ་བརྒྱད་དེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་དང༌། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང༌། འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། ལམ་ལ་ཆོས་ཤེས་པའི་བཟོད་པ་དང༌། ལམ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །མཚུངས་པར་ལྡན་པ་རྣམས་བཤད་ཟིན་ཏོ། །སེམས་དང་ལྡན་པ་མ་ཡིན་པ་རྣམས་བཤད་པར་བྱ་སྟེ། དེ་ལ་ཐོབ་པ་གང་ཞེ་ན། རྙེད་པ་དང་ལྡན་པ་གཉིས་ཏེ། མ་ཐོབ་པ་དང༌། རྣམ་པར་ཉམས་པ་ལས་སོ་སོར་རྙེད་པ་དང༌། ཐོབ་ནས་ཀུན་ཏུ་ལྡན་པའོ། དེ་ཡང་རྣམ་པ་གསུམ་དུ་འགྱུར་ཏེ། གྲིབ་མ་ལྟར་རྗེས་སུ་འབྲང་བ་དང༌། ཁྱུ་མཆོག་ལྟར་རྗེས་སུ་འབྲང་བ་དང༌། བེའུ་ལྟར་རྗེས་སུ་འབྲང་བའོ། །དེ་ལ་དང་པོ་ནི་འདི་ལྟ་སྟེ་ལུང་དུ་མ་བསྟན་པའི་ལྟ་བའོ། །གཉིས་པ་ནི་འདི་ལྟ་སྟེ་གོང་མ་ནས་ཤི་འཕོས་ནས་འདོད་པའི་ཁམས་སུ་སྐྱེ་བའི་ཉིད་མཚམས་སྦྱོར་བའི་དུས་ཀྱི་དགེ་བ་དང༌། མི་དགེ་བའི་ལས་ཀྱི་ལྟ་བུའོ། །གསུམ་པ་ནི་འདི་ལྟ་སྟེ་ལྷན་ཅིག་སྐྱེས་པ་མ་ཡིན་པ་ཐོས་པ་དང༌། བསམས་པ་དང༌། བསྒོམས་པ་ལས་བྱུང་བའི་ལྟ་བུའོ། །མ་ཐོབ་པ་ནི་དེ་ལས་བཟློག་པའོ། །ཐོབ་པ་དང་མ་ཐོབ་པ་


DTG103_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་ནི་རང་གི་རྒྱུད་དུ་གཏོགས་པ་རྣམས་དང༌། སོ་སོར་བརྟགས་པའི་འགོག་པ་དང༌། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་མ་ཡིན་ནོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་གང་ཞེ་ན། དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་བ་གོང་མའི་མ་ཡིན་པ་ངེས་པར་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་སེམས་དང་སེམས་ལས་བྱུང་བའི་ཆོས་འགོག་པ་གང་ཡིན་པའོ། །འགོག་པའི་སྙོམས་པར་འཇུག་པ་གང་ཞེ་ན། ཅི་ཡང་མེད་པའི་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བ་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིན་ལ་བྱེད་པས་སེམས་དང་སེམས་ལས་བྱུང་བའི་ཆོས་འགོག་པ་གང་ཡིན་པའོ། །འདུ་ཤེས་མེད་པ་གང་ཞེ་ན། འདུ་ཤེས་མེད་པའི་སེམས་ཅན་ལྷ་རྣམས་ཀྱི་ནང་དུ་སྐྱེས་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འགོག་པ་གང་ཡིན་པའོ། །སྲོག་གི་དབང་པོ་གང་ཞེ་ན། ཁམས་གསུམ་པའི་ཚེའོ། །སྐལ་པ་མཉམ་པ་གང་ཞེ་ན། སེམས་ཅན་རྣམས་མཚུངས་པའོ། །དེ་ནི་སེམས་ཅན་རྣམས་ཀྱི་འདྲ་བ་སྟེ། སེམས་ཅན་རྣམས་ལ་གཅིག་ཏུ་འདོད་པའི་རྒྱུའོ། །གནས་སོ་སོར་ཐོབ་པ་གང་ཞེ་ན། ཡུལ་སོ་སོར་ཐོབ་པའོ། །དངོས་པོ་སོ་སོར་ཐོབ་པ་གང་ཞེ་ན། ཕུང་པོ་སོ་སོར་ཐོབ་པའོ། །སྐྱེ་མཆེད་སོ་སོར་ཐོབ་པ་གང་ཞེ་ན། ནང་དང་ཕྱིའི་བདག་ཉིད་ཅན་གྱི་སྐྱེ་མཆེད་སོ་སོར་རྙེད་པའོ། །སྐྱེ་བ་གང་ཞེ་ན། ཕུང་པོ་མངོན་པར་འགྲུབ་པའོ། །རྒ་བ་གང་ཞེ་ན། ཕུང་པོ་ཡོངས་སུ་སྨིན་པའོ། གནས་པ་གང་ཞེ་ན། སྐྱེས་པའི་ཆོས་རྣམས་རྣམ་པར་མི་ཉམས་པའོ། །མི་རྟག་པ་གང་ཞེ་ན། འདུས་བྱས་སྐྱེས་པ་རྣམས་རྣམ་པར་འཇིག་པའོ། །མིང་གི་ཚོགས་གང་ཞེ་ན། མིང་འདོགས་པ་ཉིད་ནི་མིང་ངོ༌། །ཚིག་གི་ཚོགས་གང་ཞེ་ན། དོན་དག་གི་ཡི་གེ་ཡོངས་སུ་རྫོགས་པའོ། །ཡི་གེའི་ཚོགས་གང་ཞེ་ན། ཡི་གེ་རྣམས་ཉིད་ཡི་གེའི་ཚོགས་ཞེས་བརྗོད་དོ། །རྐྱེན་མ་ཚོགས་པ་གང་ཞེ་ན། རྒྱུ་དང་རྐྱེན་མ་ཚང་བའོ། །རྐྱེན་ཚོགས་པ་གང་ཞེ་ན། རྒྱུ་དང་རྐྱེན་རྣམས་མ་ཚང་བ་ཉིད་མེད་དོ། །སེམས་དང་མི་ལྡན་པ་རྣམས་བཤད་ཟིན་ཏོ། །རྣམ་པར་ཤེས་པ་གང་ཞེ་ན། འདི་ལྟར་དོན་


DTG103_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་འཛིན་པ་དང༌། དོན་ཡོངས་སུ་གཅོད་པ་དང༌། དོན་རྣམ་པར་ཤེས་པ་དང༌། དོན་ཀུན་དུ་རྟོགས་པ་སྟེ། ཇི་ལྟར་ནོར་བུ་ཉེ་བར་གྱུར་པའི་ཚོན་གྱི་རྣམ་པ་བརྟེན་པར་འགྱུར་བ་དེ་བཞིན་དུ་རྣམ་པར་ཤེས་པ་ཡང་ཡུལ་གྱི་རྣམ་པ་ཡོངས་སུ་གཅོད་པ་སྟེ། ཡུལ་ཉེ་བའི་རྣམ་པར་བྱུང་བས་ཡུལ་ཉེ་བར་གཅོད་པ་ཡིན་གྱི། ཡུལ་གྱི་རྣམ་པ་ཙམ་ཉིད་ནི་རྣམ་པར་ཤེས་པ་མ་ཡིན་ཏེ། ཡུལ་དེ་ཡང་རྣམ་པར་ཤེས་པ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །རྣམ་པར་ཤེས་པ་ལས་དོན་གྱི་རྣམ་པ་གཞན་པ་ཡང་མ་ཡིན་ཏེ། རྣམ་པར་ཤེས་པ་དོན་གྱི་རྣམ་པས་སྟོང་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་རྣམ་པར་ཤེས་པ་ལ་ཡོད་པའི་རྣམ་པས་ཕྱི་རོལ་གྱི་དོན་དུ་རྣམ་པར་གཞག་ལ། ཕྱི་རོལ་གྱི་དོན་གྱི་རྣམ་པར་ཤེས་པར་གཞག་སྟེ། འདི་ལྟར་ཕན་ཚུན་ལྟོས་ནས་རྣམ་པར་ཤེས་པ་དང་རྣམ་པར་ཤེས་པར་བྱ་བར་འགྲུབ་བོ། །ཡང་རྣམ་པར་ཤེས་པ་དེ་དབྱེ་ན་རྣམ་པར་ཤེས་པའི་ཚོགས་དྲུག་སྟེ། མིག་གི་རྣམ་པར་ཤེས་པ་དང༌། རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱའོ། །མིག་གི་རྣམ་པར་ཤེས་པ་གང་ཞེ་ན། མིག་གི་དབང་པོ་ལ་བརྟེན་ནས་གཟུགས་སོ་སོར་རྣམ་པར་རིག་པའོ། །རྣ་བའི་རྣམ་པར་ཤེས་པ་གང་ཞེ་ན། རྣ་བའི་དབང་པོ་ལ་བརྟེན་ནས་སྒྲ་སོ་སོར་རྣམ་པར་རིག་པའོ། །སྣའི་རྣམ་པར་ཤེས་པ་གང་ཞེ་ན། སྣའི་དབང་པོ་ལ་བརྟེན་ནས་དྲི་སོ་སོར་རྣམ་པར་རིག་པའོ། །ལྕེའི་རྣམ་པར་ཤེས་པ་གང་ཞེ་ན། ལྕེའི་དབང་པོ་ལ་བརྟེན་ནས་རོ་སོ་སོར་རྣམ་པར་རིག་པའོ། །ལུས་ཀྱི་རྣམ་པར་ཤེས་པ་གང་ཞེ་ན། ལུས་ཀྱི་དབང་པོ་ལ་བརྟེན་ནས་རེག་བྱ་སོ་སོར་རྣམ་པར་རིག་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་གང་ཞེ་ན། ཡིད་ཀྱི་དབང་པོ་ལ་བརྟེན་ནས་ཆོས་སོ་སོར་རྣམ་པར་རིག་པའོ། །ཕུང་པོ་ལྔ་པོ་ནི་བཤད་ཟིན་ཏོ། །སྐྱེ་མཆེད་བཅུ་གཉིས་བརྗོད་པར་བྱ་སྟེ། དེ་ལ་ཁམས་བཅུ་དང༌། སྐྱེ་མཆེད་བཅུ་ནི་བཤད་ཟིན་ཏོ། །ཡིད་ཀྱི་སྐྱེ་


DTG103_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་དང༌། ཆོས་ཀྱི་སྐྱེ་མཆེད་བཤད་པར་བྱ་སྟེ། རྣམ་པར་ཤེས་པའི་ཚོགས་དེ་དག་གི་ནང་ནས་རྣམ་པར་ཤེས་པ་གང་དང་གང་འགག་མ་ཐག་པ་དེ་དང་དེ་ནི་འདྲ་བའི་འབྲས་བུ་རྣམ་པར་ཤེས་པ་ཕྱི་མ་མངོན་པར་འགྲུབ་པའི་རྟེན་གྱི་ངོ་བོར་གནས་པས་ཡིད་ཅེས་སོ། ཚོར་བའི་ཕུང་པོ་དང༌། འདུ་ཤེས་ཀྱི་ཕུང་པོ་དང༌། རྣམ་པར་རིག་བྱེད་མ་ཡིན་པ་དང༌། ནམ་མཁའ་དང༌། སོ་སོར་བརྟགས་པའི་འགོག་པ་དང༌། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དང༌། བདུན་པོ་འདི་དག་ནི་ཆོས་ཀྱི་སྐྱེ་མཆེད་ཅེས་བརྗོད་དོ། །དེ་ལ་ཚོར་བ་ལ་སོགས་པ་གསུམ་དང༌། རྣམ་པར་རིག་བྱེད་མ་ཡིན་པ་ནི་བཤད་ཟིན་ཏོ། །འདུས་མ་བྱས་གསུམ་བཤད་པར་བྱ་སྟེ། དེ་ལ་ནམ་མཁའ་གང་ཞེ་ན། གང་གཟུགས་རྣམས་ཀྱི་གོ་འབྱེད་ཅིང་གཟུགས་མེད་པ་ནི་ནམ་མཁའོ། །སོ་སོར་མ་བརྟགས་པའི་འགོག་པ་གང་ཞེ་ན། གང་འགོག་པ་ལ་འབྲལ་བ་མ་ཡིན་པའོ། །སོ་སོར་བརྟགས་པའི་འགོག་པ་གང་ཞེ་ན། གང་འགོག་པ་དེ་ནི་འབྲལ་བའོ། །སྐྱེ་མཆེད་བཅུ་གཉིས་ནི་བཤད་ཟིན་ཏོ། །མིག་ལ་སོགས་པའི་སྐྱེ་མཆེད་དེ་དག་ཉིད་རྟེན་ལ་སོགས་པའི་བྱེ་བྲག་གིས་དབྱེ་ན་ཁམས་བཅོ་བརྒྱད་དུ་འགྱུར་ཏེ། རྟེན་དྲུག་དང༌། དམིགས་པ་དྲུག་དང༌། རྣམ་པར་ཤེས་པ་དྲུག་གི་དབྱེ་བས་སོ། །ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་རྣམས་ཀྱི་མདོར་བསྡུས་པ་ནི་བཤད་ཟིན་ཏོ། །རྒྱས་པར་དབྱེ་བ་ནི་ཆོས་མངོན་པ་དང་བསྲེས་པ་ལས་ཤེས་བར་བྱའོ། །ཕུང་པོ་ལྔ་ཡི་ཡང་དག་དོན། །མདོར་བསྡུས་རབ་བཤད་བསྟན་བཅོས་འདི། །འབད་པ་མེད་པའི་འཇིག་རྟན་འདིའི། །དོན་དུ་ཟླ་བའི་གྲགས་པས་བྱས། །ཕུང་པོ་ལྔ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་རྫོགས་སོ།། །།དཔལ་ལྷ་བཙུན་པ་པོ་དྷི་རཱ་ཛའི་བཀའ་ལུང་དང༌། དགེ་འདུན་གྱི་བཀའ་སྩལ་གྱི་ས་ཚངས་པའི་འབྱུང་གནས་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་དཱི་བཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་ཕག་གི་ལོ་ལ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།


previousཕུང་པོ་ལྔའི་རབ་ཏུ་བྱེད་པ། ཟླ་བ་གྲགས་པ།next