Nitartha Digital Library
Tibetan
 
previousསྟོང་པ་ཉིད་བདུན་ཅུ་པའི་རྣམ་པར་བཤད་པ། གཞན་ལ་ཕན་པ།next

སྟོང་པ་ཉིད་བདུན་ཅུ་པའི་རྣམ་པར་བཤད་པ།
གཞན་ལ་ཕན་པ།


DTG103_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤཱུ་ནྱ་ཏཱ་སཔྟ་ཏི་བི་བྲྀ་ཏྟི། བོད་སྐད་དུ། སྟོང་པ་ཉིད་བདུན་ཅུ་པའི་རྣམ་པར་བཤད་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། །སྐྱེ་བ་མེད་པར་མཁྱེན་ནས་བསྟན། །ཐུགས་རྗེ་ཆེ་མངའི་རྫོགས་སངས་རྒྱས། །འགྲོ་བའི་བླ་མ་དེ་ལ་འདུད། །ཡིད་ཀྱི་མུན་ལ་ཉི་མའི་ལྟའི། །འཕགས་པ་ཀླུ་སྒྲུབ་ལ་བཏུད་ནས། །དེ་ཡི་སྟོང་ཉིད་བདུན་ཅུ་པའི། །དོན་ནི་རྣམ་པར་དབྱེ་བར་བྱ། །སྒྱུ་མ་ཇི་བཞིན་རྨི་ལམ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པ་གསུངས། །ཞེས་བྱ་བ་ལ་སོགས་པའི་དབུ་མའི་ལྷག་མར་གྱུར་པ་ཉིད་ཀྱིས་དེའི་བརྒལ་བའི་ལན་བཏབ་པ་གཙོ་བོ་ཉིད་དུ་བརྩམས་པར་འདོད་པའི་ཕྱིར་རབ་ཏུ་བྱེད་པ་འདི་རང་རྒྱུད་པ་ཉིད་སྤངས་པའི་ཕྱིར། བསྟོད་པ་དང་ཕྱག་འཚལ་བ་མ་བརྗོད་པར་ཐོག་མར་འཕགས་པ་ཀླུ་སྒྲུབ་ཀྱི། གནས་པའམ་སྐྱེ་འཇིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ནི་འདི་ལྟར་འཇུག་པར་བྱ་བ་ཡིན་ཏེ། བསྐལ་པར་མི་ཉུང་བར་གོམས་པས་བརྙེས་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་མཛད་པས་རྣམ་པར་འཁྲུལ་པ་མཐའ་དག་བསལ་ཞིང་ཐུགས་རྗེ་ཆེན་པོས་ཁྱབ་པའི་ཐུགས་མངའ་བས་སླུ་བར་མི་མཛད་པའི་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་བ་ན། སྒྲིབ་པ་ཐམས་ཅད་སྦྱངས་པའི་ཕྱིར། ཆོས་ཐམས་ཅད་བདག་མེད་པར་བསྟན་པའི་ཡན་ལག་ཉིད་དུ་སྒྱུ་མ་ལ་སོགས་པའི་དཔེ་དག་གིས་སྐྱེ་བ་ལ་སོགས་པ་མི་བདེན་པར་གྱུར་པ་གང་བསྟན་པ་དེ་ཉིད་གཞན་གྱི་ཚེ་རྣམ་པ་གཞན་དུ་ཇི་ལྟར་ཡིན་སྙམ་དུ་དོགས་པ་སེལ་བ་ལྷུར་ལེན་པ་ཉིད་དུ་འདི་བསྟན་ཏོ། །སྐྱོབ་པའི་བསྟན་པ་ནི་དད་པ་དང་ངེས་པའི་དོན་གྱི་དབྱེ་བ་ལས་རྣམ་པ་གཉིས་སོ། །དེ་ལ་དང་པོ་ནི་རབ་ཏུ་འབར་བའི་ཁྱིམ་ན་གནས་པའི་བྱིས་པ་དག་འདོན་པའི་ཐབས་སུ་ཆང་བ་སྟོང་པ་བསྟན་པའི་ཚུལ་གྱིས། མི་བདེན་དུ་ཟིན་ཀྱང་བདེན་པ་ཉིད་དུ་བསྟན་པས་དོན་བྱ་བ་ཅན་ནི་དགོངས་པ་ཅན་ཡིན་ཏེ། དེ་སྐད་དུ། མི་བདེན་ན་ཡང་ཐུགས་རྗེ་ཡིས།།


DTG103_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཡོད་ཅེས་ནི་གསུངས་པ་ལྟར། །ཉན་ཐོས་རྣམས་ནི་འཇུག་བྱའི་ཕྱིར། །སྡུག་བསྔལ་ལ་སོགས་བདེན་པ་གསུངས། །ཞེས་བཤད་དོ། །དམན་པའི་བྱང་ཆུབ་ཀྱི་རིགས་ཅན་དག་ལ་ནི་དེ་ཁོ་ན་ཉིད་ཟབ་མོ་བསྟན་པར་རུང་བ་མ་ཡིན་ཏེ། དེ་དག་ནི་ངེས་དོན་མ་བྱས་པ་སླར་སྐྲག་པ་རྣམས་དེ་སྤངས་པའི་ལས་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་ཉེ་བར་སོག་ཅིང༌། ངན་སོང་གི་སྡུག་བསྔལ་ཡང་སོ་སོར་ཉམས་སུ་མྱོང་བར་འགྱུར་རོ། །གཉིས་པ་ནི་དེ་ཁོ་ན་ཅན་ཏེ། དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་འཇུག་པའི་ཕྱིར་རོ། །འདིར་ཡང་འཇིག་རྟེན་བསྙད་པའི་སྒྲ་ནི། དང་པོ་ཡོངས་སུ་གཟུང་བའི་ཕྱིར་འགལ་བ་ཅུང་ཟད་ཀྱང་མེད་དོ་ཞེས་བསྟན་པ་ཡིན་ནོ། །ཁ་ཅིག་ན་རེ་སྐྱེ་བ་ལས་དུས་ཕྱིས་ཉིད་དུ་གནས་པ་ཡིན་ཡང་དང་པོར་བརྗོད་པའི་ཚིགས་སུ་བཅད་པ་སྡེབ་པའི་ངོར་ཡིན་ནོ་ཞེའོ། །གཞན་དག་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་རིམ་པ་ཡང་དག་པར་བསྟན་པའི་དོན་དུའང་ཞེའོ། །འདི་ལྟར་སྐྱེ་བ་ནི་འདོད་རྒྱལ་མི་སྲིད་ལ། དབང་ཕྱུག་གི་རྒྱུ་ཅན་ཡང་མ་ཡིན་གྱི་འོན་ཀྱང་ཉོན་མོངས་པ་དང་ལས་ཀྱི་རྒྱུ་མཚན་ཅན་ཡིན་ནོ། །དེ་ཡང་བྱེད་པ་པོ་གནས་ན་ནི་དེའི་འབྲས་བུ་ལོངས་སྤྱོད་པར་རིགས་ཀྱི་མི་གནས་ན་ནི་མ་ཡིན་ཏེ། བྱས་པ་ཆུད་ཟོས་ཤིང་མ་བྱས་པ་དང་ཕྲད་པའི་ཉེས་པར་ཐལ་བའི་ཕྱིར་རོ། །གནས་པ་ཡང་མུ་སྟེགས་བྱེ་བྲག་པ་རྣམས་ནི་སྔ་མའི་ངོ་བོ་མ་དོར་བའི་ངོ་བོ་ཉིད་དོ་ཞེས་སྨྲའོ། །བདེ་བར་གཤེགས་པ་དག་ནི་དེ་ཡང་བྱེད་པ་པོའི་གནས་སྐབས་བཞིན་དུ་ཟ་བ་པོའི་གནས་སྐབས་སུ་ཡང་ཟ་བ་པོ་མ་ཡིན་པར་ཐལ་བས་མི་འཐད་པས་ན་དེ་ནི་རྒྱུད་གཅིག་ཏུ་གཏོགས་པའི་འདྲ་བ་གཞན་དང་གཞན་འབྱུང་བ་ཉིད་དོ་ཞེའོ། །དེ་ལྟ་བུའི་ངོ་བོ་གནས་པ་དེ་ཡང༌། མ་རིག་ཉོན་མོངས་སྔོན་གནས་སྐབས། །འདུ་བྱེད་དག་ནི་སྔོན་ལས་ཀྱི། །ཞེས་འབྱུང་བའི་མཚན་ཉིད་ཅན་གྱི་ཡན་ལག་དག་གིས། རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན། །ཞེས་བྱ་བ་ལ་སོགས་པའི་ཡན་ལག་རྣམས་ཀྱིས་མཚོན་པའི་སྐྱེ་བའི་རྒྱུ་མཚན་ཉིད་དུ་བསྟན་ཏོ། །རྒྱུ་མཚན་ཡང་རྒྱུ་མཚན་ཅན་ལས་སྔ་མ་ཁོ་ན་ཡིན་ནོ། །སྐྱེ་བ་ཡང་འཇིག་པའི་མཐའ་ཅན་ཡིན་ནོ་ཞེས་


DTG103_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་པའི་དོན་དུ་ཚོར་བའི་བར་ནི་རྒ་ཤི་ཡིན་ཞེས་ཕྱི་མའི་མཐའི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྒ་ཤིའི་སྒྲས་བསྟན་ཏོ། །དེ་ལྟ་བ་ཡིན་པ་དེས་ན། གནས་པའམ་སྐྱེ་འཇིག་ཅེས་བྱ་བའི་ཚིག་གིས་འདིར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་གོ་རིམས་བཞིན་དུ་བསྟན་ཏོ། །ཡོད་མེད་དམ་ཞེས་བྱ་བ་ལ་ཀྱེ་བྲམ་ཟེ་འདི་ལྟ་སྟེ། ཐམས་ཅད་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་དག་གོ །ཞེས་འབྱུང་བའི་ཕྱིར་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཞེས་བྱ་བའི་དངོས་པོ་ནི་ཡོད་པ་སྟེ། འཇིག་རྟེན་པའི་ཚད་མས་རྟོགས་པའི་ཕྱིར་རོ། །རྫས་དང་ཡོན་ཏན་དང་ལས་ལ་སོགས་པ་ནི་མེད་པ་སྟེ་ཚད་མ་མེད་པ་དེའི་ཕྱིར་དང་ཚད་མས་གནོད་པའི་ཕྱིར་རོ། །ཡང་ན་ཡོད་པ་ནི་མྱོང་བ་ཡིན་ལ། མེད་པ་ནི་དེ་ལས་ཅིག་ཤོས་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། ཁམས་གསུམ་པོ་འདི་དག་ནི་རྣམ་པར་རིག་པ་ཙམ་མོ་ཞེས་འབྱུང་བའི་ཕྱིར་རོ། །ཡང་ན་ཡོད་མེད་ཀྱི་སྒྲས་ནི་གང་ཟག་ཅེས་བྱ་བའི་དངོས་པོ་བརྗོད་དོ། །གང་ཕུང་པོ་འདི་དག་འདོར་ཞིང༌། ཕུང་པོ་གཞན་ཉེ་བར་ལེན་པ་ཁུར་ཁྱེར་བའི་གང་ཟག་ནི་ཡོད་དོ་ཞེས་འབྱུང་བའི་ཕྱིར་དེ་ནི་ཡོད་པའོ། །དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཕྱིར་མེད་པ་སྟེ། དེ་དག་བརྗོད་དུ་མེད་པ་ནི་མེད་པ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ། མེད་ཕྱིར་བཅོམ་ལྡན་འདས་ཀྱིས་སྲོག །དེ་ཉིད་གཞན་དུ་མ་གསུངས་སོ། །ཞེས་བྱ་བ་དང༌། དངོས་པོ་ཡོད་པ་ནི་དེ་ཉིད་དམ་གཞན་ཉིད་ལས་མི་འདའོ་ཞེས་བཤད་དོ། །ད་འོ་ན་ནི་ཇི་ལྟར་ཡོད་པ་ཡིན་ཞེ་ན། ཕུང་པོའི་རྒྱུན་ཉིད་ལ་དེ་ལྟར་ཐ་སྙད་བཏགས་པའི་ཕྱིར་རོ། །འདི་ལྟར་ཉོན་མོངས་པ་དང་ལས་ཀྱི་བག་ཆགས་དག་གིས་གང་ཞིང་ཁམས་དང་འགྲོ་བ་དང་སྐྱེ་གནས་དག་ཏུ་སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དག་གིས་ཟག་ཅིང་འགྲིབ་པའམ། ཟོ་ཆུན་གྱི་འཁྲུལ་འཁོར་གྱི་ཆུ་བཞིན་དུ་ཟག་ཅིང་རྒྱུན་དུ་འབྱུང་བ་ནི་གང་ཟག་གོ །དོན་འདི་ཡང་ཕུང་པོའི་རྒྱུན་


DTG103_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཞན་ནི་རིགས་པ་མ་ཡིན་ཏེ། དེ་སྐད་དུ་ཡང༌། བཏགས་པའང་མེད་དུ་འགྱུར་འོང་བས། །མེད་དོ་ཞེས་ཀྱང་མ་གསུངས་སོ། །ཕུང་པོའི་རྒྱུན་ནི་གང་ལ་དགེ །མི་དགེའི་འབྲས་བུ་ཡོད་པ་ཉིད། །དེ་ལ་སྲོག་ཅེས་བྱ་སྟེ་དེ། །སྲོག་མེད་བསྟན་པས་མེད་པར་འགྱུར། །ཞེས་བཤད་དོ། །དམན་པའམ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་དངོས་པོའོ། །ཁྱད་པར་ཅན་ནི་ཟག་པ་མེད་པའོ། །མཉམ་པ་ཉིད་ནི་གཉི་ག་ལྟར་ཡང༌། རིགས་མཐུན་པ་ལ་ལྟོས་ནས་སོ། །བསྟན་པ་འདི་ཁོ་ན་ཉིད་དུ་ཅི་ལྟར་མ་རིག་པ་ཡིན་ཞེ་ན། བདག་མིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ཁོ་ན་ཉིད་དུ་ཡོད་པ་མིན་ཞེས་བྱ་བ་ནི་ལྷག་མའོ། །དེ་ལྟ་བས་ན་དེ་དག་གི་དོན་ནི་འདི་ཡིན་ཏེ། གལ་ཏེ་བདག་དེ་ཁོ་ན་ཉིད་དུ་གྱུར་པ་ཡིན་ན་དེའི་ཚེ་གནས་པ་ཡང་དེའི་ངོ་བོར་རྟག་པར་བརྗོད་པར་འགྱུར་བ་ཞིག་ན་འདི་ནི་དེ་ལྟ་བུ་ཡང་མ་ཡིན་ཏེ། ཚད་མ་མེད་པ་ཅན་ཉིད་ཡིན་པའི་ཕྱིར་དང༌། ཚད་མས་གནོད་པའི་ཕྱིར་རོ། །འདྲ་བ་གཞན་དང་གཞན་དུ་འབྱུང་བའི་ངོ་བོ་ཡིན་ཡང་ཉེ་བར་བཏགས་པ་ཉིད་དོ། །དེ་བཞིན་དུ་བདག་མེད་པའི་ངོ་བོ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་དང༌། རྣམ་པར་རིག་པ་ཙམ་གྱི་བདག་མེད་པ་དང༌། བདག་དང་བདག་མེད་ཀྱི་ངོ་བོའི་གང་ཟག་དེ་ཁོ་ན་ཉིད་ཅན་ཡིན་ན་ནི་སྐྱེ་བ་དང་འཇིག་པ་དང་ཡོད་པ་ལ་སོགས་པའི་སྒྲའི་ཐ་སྙད་ཀྱང་དངོས་པོ་པ་ཁོ་ནར་འགྱུར་ན། གང་གི་ཚེ། གཟུགས་ནི་དབུ་བ་ལྟར་ཤེས་ཤིང༌། །ཚོར་བ་ཆུ་ཡི་ཆུ་བུར་བཞིན། །འདུ་ཤེས་སྨིག་རྒྱུ་འདྲ་བ་སྟེ། །འདུ་བྱེད་དག་ནི་ཆུ་ཤིང་བཞིན། །རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །དེ་ལྟར་ཕུང་པོ་བསྟན་པ་ཡིན། །ཞེས་གཞན་དུ་འཕགས་པའི་ཞལ་སྔ་ནས་ཀྱིས་གསུངས་པའི་ཕྱིར་དང༌། འཆད་པར་འགྱུར་པའི་རིགས་པས་འདི་དག་དེ་ཁོ་ན་ཉིད་ཅན་མ་ཡིན་པ་དེའི་ཚེ་དེར་སྐྱེ་བ་ལ་སོགས་པའི་ཆོས་ཀྱི་ཐ་སྙད་ཇི་ལྟར་ན་དེ་ཁོ་ན་ཉིད་ཅན་དུ་འགྱུར། དེ་ལྟ་བས་ན་ཕ་རོལ་པོས་ཀུན་བརྟགས་པའི་བདག་དང་ཉན་ཐོས་ལ་སོགས་པའི་ལྷག་པར་ཞེན་པའི་བདག་མེད་པའི་ཕུང་པོ་ལ་སོགས་པ་དང༌། དེ་ཉིད་ཀྱི་གང་ཟག་ཏུ་ཞེན་པའི་


DTG103_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་བདག་མེད་པ་ནི་གང་གི་ཕྱིར་དེ་ཁོ་ན་ཉིད་དུ་ཡོད་པ་མ་ཡིན་པ་དེའི་ཕྱིར་གནས་པ་ལ་སོགས་པའི་བརྗོད་པའི་ཐ་སྙད་དེ་ཁོ་ན་ཉིད་དུ་ཅུང་ཟད་ཀྱང་རིགས་པ་མ་ཡིན་ནོ་ཞེས་གནས་སོ། །འོ་ན་ནི་ཆོས་འདི་དག་དེ་ཁོ་ན་ཉིད་དུ་ཇི་ལྟར་བརྗོད་པར་བྱ་བ་ཡིན་ཞེ་ན། ཆོས་ཀུན་མྱ་ངན་འདས་པ་དང༌། །མཚུངས་པར་བརྗོད་བྱ་དང་ཞེས་བྱ་བ་སྨོས་ཏེ། དེ་ཁོ་ན་ཉིད་དུ་ཞེས་བྱ་བ་འབྲེལ་ཏོ། །སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་བདག་ཉིད་ཀྱི་མྱ་ངན་ལས་འདས་པ་དང༌། སྤྲོས་པའི་བདག་ཉིད་ཅན་གྱི་ཆོས་རྣམས་ཐམས་ཅད་ཅི་ལྟར་མཚུངས་ཏེ་འགལ་བའི་ཕྱིར་རོ་ཞེ་ན། རང་བཞིན་སྟོང་ཞེས་བྱ་བ་འདི་ཡང་ཁྱད་པར་གྱི་སྒོ་ནས་གཏན་ཚིགས་སུ་བཀོད་པའོ། །དེས་ན་དོན་ནི་འདི་ཡིན་ཏེ། ཅི་ལྟར་རབ་རིབ་ཅན་གྱིས་སྐྲ་ཤད་དང་སྦྲང་བུ་མཆུ་རིངས་དང༌། སྦྲང་བུ་ལ་སོགས་པ་མི་བདེན་པ་ཉིད་ཀྱིས་སྤྲོས་པའི་བདག་ཉིད་ཅན་ཡིན་དུ་ཟིན་ཀྱང་ཇི་ལྟར་སྣང་བ་བཞིན་དེ་ཁོ་ན་ཉིད་དུ་ཡོད་པ་མ་ཡིན་པས་རང་བཞིན་གྱིས་སྟོང་པའི་ཕྱིར། དེ་ལྟར་རྟོགས་པ་མེད་ཀྱང་དེ་མེད་པ་དང་མཚུངས་པ་དེ་བཞིན་དུ་འཁོར་བ་ཐོག་མ་མེད་པ་ནས་བདེན་པ་ཉིད་དུ་འཛིན་པའི་མངོན་པར་ཞེན་པའི་བག་ཆགས་ལས་ཡང་དག་པར་འབྱུང་བར་སྣང་བ་ཅན་གྱི་གཟུགས་ལ་སོགས་པ་ཆོས་རྣམས་ཀྱི་ཚོགས་ཀྱང་ཡིན་པའི་ཕྱིར་འདི་མྱ་ངན་ལས་འདས་པ་དང་མཚུངས་པ་ལ་འགལ་བ་ཅུང་ཟད་ཀྱང་མེད་དོ། །དེ་ཉིད་ཀྱི་ཕྱིར་དམན་པ་དང་མཉམ་པ་དང་ཁྱད་པར་ཅན་ཞེས་བྱ་བའི་ཐ་སྙད་ཀྱང་དེ་ཁོ་ན་ཉིད་དུ་མི་རིགས་སོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ཡང༌། ཇི་ལྟར་གོས་བཞིན་དངོས་པོ་རྣམས། །དུ་མའི་རྣམ་པ་ཐ་དད་ཀྱང༌། །སྟོང་ཉིད་མེ་ཡིས་བསྲེགས་རྣམས་ཀྱི། །ཐལ་བ་ཐ་དད་ཅུང་ཟད་མེད། །ཅེས་བཤད་དོ། །འདིར་འབྲས་བུ་ཡོད་པར་སྨྲ་བའི་གྲངས་ཅན་པ་དང༌། དེ་ལས་གཞན་འབྲས་བུ་མེད་པར་སྨྲ་བ་དག །གཏན་ཚིགས་འདི་མ་གྲུབ་བོ་ཞེས་རྗོད་པར་བྱེད་དོ། །དེ་དག་འདི་སྐད་དུ། གང་ཞིག་གང་ལས་སྐྱེ་བ་དེ་ལ་ནི་དེའི་རང་བཞིན་ཡིན་པའི་ཕྱིར་རྒྱུ་ནི་རང་བཞིན་གྱི་སྒྲས་བརྗོད་པར་བྱ་བ་ཡིན་ཏེ། གསེར་གྱི་རང་བཞིན་གྱི་གཟུགས་ཅན་ནོ།།


DTG103_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ཡང་དངོས་པོ་འབྲས་བུའི་བདག་ཉིད་དུ་ཡོད་པ་ཡིན་ཏེ་མེད་པ་ནི་རི་བོང་གི་རྭ་བཞིན་དུ་དེ་ལས་སྐྱེ་བར་མི་རིགས་པའི་ཕྱིར་རོ། །དེ་ལྟ་བས་ན་འབྲས་བུའི་བདག་ཉིད་རྣམས་ནི་རྒྱུའི་བདག་ཉིད་ལ་ཡོད་པའི་ཕྱིར། ཇི་ལྟར་ན་རང་བཞིན་སྟོང་པ་ཉིད་ཡིན། ཡང་ན་རང་གི་ངོ་བོ་རང་བཞིན་གྱི་སྒྲས་བརྗོད་པར་བྱ་བ་ཡིན་ཏེ། དཔེར་ན་སའི་ཁམས་སྲ་བའི་རང་བཞིན་ནོ་ཞེས་བྱ་བ་ལྟ་བུའོ། །རྒྱུ་ལས་སྐྱེ་བཞིན་པའི་དངོས་པོ་དེའི་བདག་ཉིད་དུ་ཡོད་པ་མ་ཡིན་པ་རྣམས་རང་གི་བདག་ཉིད་དུ་ཡང་དེ་ལྟ་མ་ཡིན་ཏེ། དེ་དག་ནི་རང་རང་གི་ངོ་བོ་དང་མི་ལྡན་པ་མ་ཡིན་པ་དག་ཁོ་ན་སྐྱེ་བའི་ཕྱིར། དཔེར་ན་ལུས་ཀྱི་དབང་པོས་གཟུང་བར་བྱ་བའི་འབྱུང་བ་བཞི་ལས་འབྱུང་བ་དབང་པོ་ཐ་དད་པས་གཟུང་བར་བྱ་བའི་གཟུགས་དང་དྲི་དང་རོ་ལྟ་བུའོ། །དེའི་ཕྱིར་དེ་དག་ནི་རྒྱུ་ལས་རང་བཞིན་སྟོང་པ་ཉིད་མ་ཡིན་ནོ་ཞེས་ཟེར་རོ། །འདིར་ལན་ནི། གང་ཕྱིར་དངོས་པོ་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་སོ། །གང་གི་ཕྱིར་རྒྱུའི་བདག་ཉིད་ཡོད་པའམ་མེད་པར་ཁས་བླངས་བ་རྣམས་ནི། སྐྱེ་དགུའམ་དེ་ལས་གཞན་པ་ཐམས་ཅད་ལ་དེ་མ་ཐག་ཏུ་འཚང་པར་འགྱུར་བའི་རིགས་པས་ཡོད་པ་མ་ཡིན་པ་དེའི་ཕྱིར་རང་བཞིན་སྟོང་པ་ཉིད་དུ་གྲུབ་བོ། །རྒྱུ་རྐྱེན་ཚོགས་པའམ་སོ་སོའི་དངོས་པོ་རྣམས་ཞེས་བྱ་བ་འདིས་ནི་ཐམས་ཅད་ལ་ཞེས་བྱ་བའི་ཚིག་འདིར་བཤད་པ་ཡིན་ནོ། །རྒྱུ་དང་རྐྱེན་ཚོགས་པ་དང༌། སོ་སོའི་དངོས་པོ་ཉིད་ཅེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །རྒྱུ་ནི་ཉེ་བར་ལེན་པའོ། །རྐྱེན་ནི་ལྷན་ཅིག་བྱེད་པ་རྣམས་སོ། །ཚོགས་པ་ནི་རྒྱུ་དང་རྐྱེན་ཚང་བའོ། །རྒྱུ་དང་རྐྱེན་ལས་ཕྱི་རོལ་དུ་གྱུར་པ་ནི་སོ་སོའི་དངོས་པོ་ཉིད་དོ། །དེ་ལ་རྒྱུའི་བདག་ཉིད་ལ་འབྲས་བུ་རང་གི་ངོ་བོ་ཡོད་པ་ཉིད་དུ་སེམས་པ་གང་ཡིན་པ་དེ་དག་ལ་རྒྱུ་དང་རྐྱེན་ཚོགས་པའི་དབྱེ་བས་རྒྱུ་ལས་རྣམ་པ་གསུམ་དུ་བརྟགས་ནས་དེ་དང་བྲལ་བ་བསྟན་ཏོ། །འབྲས་བུ་མེད་པར་སྨྲ་བ་ལ་ཡང་རྒྱུ་ལས་གཞན་དུ་འབྲས་བུའི་རང་བཞིན་ཡོད་པ་ཉིད་དུ་ཁས་ལེན་པ་དེ་བསལ་བའི་ཕྱིར་སོ་སོའི་དངོས་པོ་བསྙད་དོ། །གང་ཡང་གང་ལ་སྐྱེ་བ་དང་གནས་པ་དང་འཇིག་པར་མངོན་པ་དེ་ཇི་ལྟར་


DTG103_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་སྟོང་པ་པ་ཡིན་སྙམ་དུ་སེམས་པ་དེ་ལ་སྐྱེ་བ་བཀག་པའི་སྒོ་གནས་པ་དང་འགག་པ་ཡང་བསལ་བར་བྱ་བའི་ཕྱིར། ཡོད་པ་ཡོད་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལྟར་དགོངས་པ་ཡིན་ཏེ། རེ་ཞིག་སྐྱེ་བ་འདི་ནི་རྒྱུ་མེད་པ་ཅན་ཡིན་ཏེ། རེས་འགའ་བ་ཉིད་ཀྱིས་དེ་ནི་ཁྱེད་ཉིད་ཀྱིས་རྒྱུ་དང་བཅས་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །འདི་རྒྱུ་ལས་བྱུང་ན་ཡང་རང་ངམ་གཞན་ནམ་དེ་གཉི་ག་ལས་འགྱུར་ཞེས་བརྟག་སྟེ། ཕྱོགས་གཞན་མེད་པའི་ཕྱིར་རོ། །དེ་ལ་རེ་ཞིག་རང་ལས་ནི་མ་ཡིན་ཏེ། འདི་ནི་སྐྱེ་བའི་སྔ་རོལ་དུ་རྒྱུའི་བདག་ཉིད་ལ་འབྲས་བུའི་རང་བཞིན་ཡོད་པར་ཁས་བླངས་ན་འགྱུར་ཏེ། མེད་ལ་འབྱུང་བ་ཡོད་མ་ཡིན། །ཞེས་བྱ་བ་གང་སྨྲས་པ་ཡིན་ནོ། །ཡོད་པ་ནི་སྐྱེ་བར་ཡང་རིགས་པ་མ་ཡིན་ཏེ། ཡོད་པའི་ཕྱིར་གསལ་བའི་བུམ་པ་དེ་དང་སྐྱེས་བུ་བཞིན་ནོ། །ཇི་སྟེ་ནུས་པའི་བདག་ཉིད་ཡོད་པ་གསལ་བའི་བདག་ཉིད་དུ་སྐྱེ་བར་འདོད་དོ་ཞེ་ན། དེ་ལྟར་ན་ནི་འོ་ན་བདག་ཉིད་གང་གིས་ཡོད་པ་དེས་ནི་མི་སྐྱེ་ཞིང༌། གང་གིས་སྐྱེ་བ་དེས་ནི་ཡོད་པ་མ་ཡིན་པའི་ཕྱིར་འབྲས་བུ་མེད་པར་སྨྲ་བར་གསལ་བར་ཁས་བླངས་པར་འགྱུར་རོ། །དེ་བས་ན་རང་ལས་སྐྱེ་བར་རིགས་པ་མ་ཡིན་ནོ། །གཞན་ལས་ཀྱང་མ་ཡིན་ཏེ། གང་གི་ཕྱིར་འདི་གཞན་ལས་འདོད་པ་ན་འབྲས་བུ་མེད་པར་འདོད་པ་ཡིན་ན། མེད་པར་ཡང་སྐྱེ་བར་རིགས་པ་མ་ཡིན་ཏེ། མེད་པའི་ཕྱིར་རོ། །འདི་ལྟར་སེམས་པ་ཡིན་ཏེ། སྐྱེ་བ་ནི་བྱ་བ་ཡིན་ལ་དེ་ལ་ཡང་བྱེད་པ་པོ་མེད་པར་ཡང་མི་རིགས་ལ་ཐ་དད་པའི་བྱེད་པ་མ་ཡིན་ཏེ། ལས་ཐ་དད་པ་མེད་པའི་ཕྱིར་རོ། །ལས་ཐ་དད་པ་དང་བཅས་པ་ཉིད་ལ་ནི་བྱེད་པ་པོ་ཐ་དད་པ་སྲིད་པ་ཡིན་ཏེ། བྱེད་དོ་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །ཐ་མི་དད་པ་སྐྱེ་བའི་སྔ་རོལ་དུ་མེད་པ་ནི་ནུས་པའི་བྱེད་པ་པོའི་ཕྱོགས་སམ། རྫས་ཀྱི་བྱེད་པ་པོའི་ཕྱོགས་ཡིན་ཡང་སླ་སྟེ། བྱེད་པ་པོ་ཉིད་དུ་མི་རིགས་པའི་ཕྱིར་གང་ཞིག་སྐྱེ་བ་ཡིན། ཅི་སྟེ་འདི་བརྡ་སྤྲོད་པ་པ་རྣམས་ཀྱི་གཞུང་ལུགས་ཀྱི་རིགས་པ་ཡིན་གྱི། ཁོ་བོ་ཅག་རྐྱེན་ཉིད་འདི་བཙམ་དུ་སྨྲ་བ་རྣམས་ཀྱིས་བསྟན་པར་བྱ་བ་ནི་མ་ཡིན་ཏེ། དེ་སྐད་དུ་ཡང༌།


DTG103_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་བྱས་ཐམས་ཅད་སྐད་ཅིག་མ། །མི་གནས་བྱ་བ་ག་ལ་ཡོད། །དེ་དག་འབྱུང་གང་དེ་ཉིད་ནི། །བྱ་བ་དེ་ཉིད་བྱེད་པར་བརྗོད། །ཅེས་ཁོ་བོ་ཅག་ནི་དེ་སྐད་དུ་སྨྲའོ། །དེའི་ཕྱིར་ན་སྐྱེ་བ་ནི་རྒྱུ་ཡོད་ན་འབྱུང་བ་ཞེས་བྱ་སྟེ། འབྲས་བུ་མེད་དུ་ཟིན་ཀྱང་རྒྱུའི་དེ་མ་ཐག་ཏུ་འབྱུང་བའི་དང་ཚུལ་ཅན་དུ་འབྱུང་བ་དེ་ཉིད་ལ་དེ་སྐད་དུ་བསྟན་པའི་ཕྱིར་ཉེས་པ་ཅུང་ཟད་ཀྱང་མེད་དོ་ཞེ་ན། འདིར་ཡང་བཤད་པ། འབྲས་བུ་མེད་པ་ལ་རྒྱུ་གང་ཡིན་པ་དེ་ལ་རྒྱུ་མ་ཡིན་པ་དང་མཚུངས་པ་པོ་ཞེས་འཆད་པར་འགྱུར་བའི་རིགས་པས་གཞན་ལས་དེའི་མེད་པར་སྐྱེ་བར་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་དགོངས་པས་འདིར་མེད་པ་ཉིད་སྒྲུབ་པར་བྱེད་པ་གསུངས་སོ། །འོ་ན་ནི་དེ་གཉིས་ཀ་ལས་འགྱུར་རོ་ཞེ་ན། ཆོས་མི་མཐུན་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དགོངས་པ་ནི་འདི་ཡིན་ཏེ། གལ་ཏེ་རྒྱུའི་བདག་ཉིད་ལ་སྐྱེ་བའི་སྔ་རོལ་དུ་འབྲས་བུ་ཡོད་པ་དང་མེད་པ་ཅིག་ཅར་འགྱུར་བ། དེའི་ཚེ་གཉི་ག་ལས་ཤེས་བྱ་བའི་ཕྱོགས་ཀྱི་སྐབས་ཡོད་པར་འགྱུར་ན། དངོས་པོ་དང་དངོས་པོ་མེད་པར་ཉེ་བར་ཕན་ཚུན་འགལ་བ་དག་གཅིག་ལ་ཅིག་ཅར་རིགས་པ་ཡང་མ་ཡིན་པའི་ཕྱིར་ཡོད་པ་དང་མེད་པ་སྐྱེ་བ་མ་ཡིན་ནོ་ཞེས་བསྟན་ཏོ། །འགལ་བའི་ཆོས་གང་ལ་ཡོད་པ་དེ་ནི་ཆོས་མི་མཐུན་པ་སྟེ། འདིའི་དངོས་པོ་ནི་ཆོས་མི་མཐུན་པ་ཉིད་དོ། །དེས་ན་འགལ་བའི་ཆོས་དང་འདྲེ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྐྱེ་བ་སྤངས་པ་ན་གནས་པ་དང་དགག་པ་དག་ཀྱང་སྤངས་པར་རིག་པར་བྱ་སྟེ། དེ་དག་ནི་དེའི་རྩ་བ་ཅན་ཡིན་པའི་ཕྱིར་རོ་ཞེས་བཤད་པ་ནི་སྐྱེ་བ་མེད་པའི་ཕྱིར། གནས་འགག་མེད་ཅེས་བྱ་བའོ། །གཞན་ཡང་སྐྱེ་བར་འོས་པ་ལ་སྐྱེ་བར་བརྟག་ན་སྐྱེ་བར་འོས་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །འདི་ལྟར་སྐྱེས་པའམ། མ་སྐྱེས་པའམ། སྐྱེ་བཞིན་པ་ཞིག་སྐྱེ་བར་རུང་བར་འགྱུར་ཞེས་རྣམ་པར་བརྟག་ན། དེ་དག་ལ་ཡང་ཅུང་ཟད་ཀྱང་རིགས་པ་མ་ཡིན་ནོ་ཞེས་བཤད་པ་ནི། སྐྱེས་པ་ཞེས་བྱ་བ་ལ་སོགས་པའི་དགོངས་པ་ནི་འདི་ཡིན་ཏེ། གང་གི་ཕྱིར་གང་ལས་སྐྱེ་བའི་བྱ་བ་གྲུབ་པ་དེ་ནི་སྐྱེས་པ་ཞེས་བྱ་བར་


DTG103_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ལ་དེ་ལྟ་བུ་གང་ཡིན་པ་དེ་ནི་སྐྱེ་བར་འོས་པ་ཉིད་མ་ཡིན་ཏེ། བྱས་ཟིན་པ་ལ་བྱེད་པ་མི་རིགས་པའི་ཕྱིར་རོ། །གང་ཞིག་རི་བོང་གི་རྭ་ལྟར་སྐྱེ་བའི་བྱ་བ་དང་བྲལ་བར་གྲུབ་པ་དེ་ནི། མ་སྐྱེས་པ་ཡིན་ན་གང་ཞིག་དེ་ལྟར་ཉེ་བར་བརྗོད་པ་མེད་པར་དེ་ཇི་ལྟར་ན་སྐྱེ་བར་རུང་བར་འགྱུར། སྐྱེས་པ་དང་མ་སྐྱེས་པ་དག་ཕན་ཚུན་སྤངས་ཏེ་གནས་པ་ཉིད་ཀྱིས་དེ་ལས་ཐ་དད་པའི་རྣམ་པ་གཞན་མེད་པ་ན་དེ་གཉི་གའི་ངོ་བོ་ཁོ་ནར་སྐྱེ་བཞིན་པར་འདུས་པར་འགྱུར་ཏེ། དེ་ལྟར་ཡང་བརྩམས་ལ་ཡོངས་སུ་མ་རྫོགས་པར་བྱ་བའི་དངོས་པོ་ཁོ་ན་ལ་ད་ལྟར་བ་ཞེས་སྨྲའོ། །དེ་ལ་ཡང་སྔར་བསྟན་པའི་ཉེས་པ་དང་རྗེས་སུ་འབྲེལ་པའི་ཕྱིར། སྐྱེ་བར་རུང་བ་ཉིད་ནི་མེད་དེ། དེ་ལྟ་བས་ན་སྐྱེ་བར་འོས་པ་ཉིད་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །ད་ནི་དུས་གསུམ་དུ་འཇུག་པ་ཉིད་དུ་རྣམ་པར་བརྟགས་པའི་འབྲས་བུའི་རྒྱུའི་རྒྱུ་ཉིད་དུ་མི་འཐད་དོ་ཞེས་བསྟན་པ་ནི་ཡོད་པའི་འབྲས་བུ་ལའང་ཞེས་བྱ་བ་ལ་སོགས་པའོ། །འདི་ན་གང་གི་ཕྱིར་རྒྱུར་གྱུར་པ་ན་ཡོད་པ་འབྱུང་བཞིན་པ་དང་ད་ལྟར་བའི་འབྲས་བུ་ལ་ཡིན་ནམ། མེད་པ་མ་བྱུང་བ་མ་འོངས་པའམ། ཡོད་མིན་མེད་པའང་སྔར་ཡོད་ལ་ཕྱིས་མེད་པ་འདས་པ་ལ་ཡིན་ཞེས་རྣམ་པར་བརྟག་གྲང་ན། དེ་ལ་རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། བ་ལང་གི་རྭ་གཡས་གཡོན་བཞིན་དུ་རྒྱུ་དང་འབྲས་བུ་གཉི་ག་ཡང་དུས་མཚུངས་པ་ཉིད་ཀྱི་འབྲས་བུ་དང་བཅས་བའི་རྒྱུ་ཡིན་པའི་ཕྱིར་ཕན་གདགས་པར་བྱ་བ་དང༌། ཕན་འདོགས་པར་བྱེད་པའི་དངོས་པོ་མེད་པས། འདི་རྒྱུ་མ་ཡིན་པ་ཉིད་དང༌། ཁྱད་པར་མེད་པའི་ཕྱིར་རོ། །གཉིས་པ་ལ་ཡང་སུན་དབྱུང་བ་ནི་རྒྱུ་མ་ཡིན་པ་དང་མཚུངས་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་ཡང་གི་སྒྲས་གཉིས་ཉེ་བར་གཟུང་བ་ནི་འབྲས་བུ་དང་བཅས་པ་ཉིད་དུ་འགྲོ་བ་ཡིན་ནོ། །འདིར་ཇི་ལྟར་རྒྱུ་མ་ཡིན་པ་དང་མཚུངས་པ་ཡིན་ཞེ་ན། ཡི་གེ་ཨ་དང་འབྲེལ་པར་བྱས་པས་འབྲས་བུ་དང་མི་ལྡན་པ་ཉིད་ནི་འདིར་གཏན་ཚིགས་ཉིད་ཡིན་པའི་ཕྱིར་རོ། །དེས་ན་དོན་ནི་འདི་ཡིན་ཏེ། དེ་ཇི་


DTG103_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རྒྱུར་མངོན་བར་འདོད་པ་མ་ཡིན་པ་ལ་མེད་པ་མ་འོངས་པའི་འབྲས་བུ་དང་མི་ལྡན་པ་དེ་བཞིན་དུ་རྒྱུར་མངོན་བར་འདོད་པ་ལ་ཡང་ཡིན་ནོ། །འོན་ཏེ་དེ་དང་རྒྱུ་མངོན་བར་འདོད་པ་ལ། རྒྱུ་དང་འབྲས་བུའི་དངོས་པོ་ཞེས་བྱ་བའི་ལྡན་པ་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ཉིད་ཇི་ལྟར་ཡིན་ཞེས་ཁོ་བོ་ཅག་གི་མི་ཤེས་སོ། །དེ་ཡོད་ན་ཡོད་པའི་ཕྱིར་རོ་ཞེ་ན། གཉིས་ཀ་ལ་ཡང་མཚུངས་སོ། །ལྡོག་པ་ན་མཚུངས་པ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། རྒྱུ་དང་དུས་མཚུངས་པའི་རྒྱུ་མ་མིན་པར་མངོན་བར་འདོད་པ་ནི་སྐད་ཅིག་མ་ཉིད་དུ་ཁྱད་པར་མེད་པས་རྒྱུ་བཞིན་དུ་ངེས་པར་ལྡོག་པའི་ཕྱིར་ཏེ། དེ་ལྡོག་པ་ན་ཡང་འབྲས་བུ་ཡང་ངེས་པར་ལྡོག་པའི་ཕྱིར་རོ། །གང་གི་ཕྱིར་འབྲས་བུ་གང་ཁོ་ན་རྒྱུར་མངོན་བར་འདོད་པའི་དངོས་པོ་ལྡོག་པ་ན་ལྡོག་པ་དེ་ཉིད་དེའི་དུས་སུ་རྒྱུ་མ་ཡིན་པ་མངོན་པར་འདོད་པའི་དངོས་པོ་ལྡོག་པ་ན་སྡོད་པ་ནི་མ་ཡིན་ནོ། །ཅི་སྟེ་རྒྱུར་མངོན་བར་འདོད་པའི་དངོས་པོ་སྐད་ཅིག་གཞན་ཉེ་བར་ལེན་པ་ཅན་སྐྱེ་བ་མེད་པ་ན་དེ་ལས་གཞན་སྐྱེ་བ་ཡིན་ན་ཡང་འབྲས་བུར་མངོན་བར་འདོད་པའི་རིགས་འདྲའི་སྐད་ཅིག་གཞན་མི་སྐྱེ་བའི་ངོ་བོ་ཉིད་ལྡོག་པ་ཡིན་ནོ་ཞེ་ན། འོ་ན་ནི་གཞི་གཅིག་པ་ཅན་གྱི་གཞི་རྗེས་སུ་འགྲོ་བ་དང༌། ལྡོག་པ་དག་མ་ཡིན་ཏེ། དེའི་ཕྱིར་གཅིག་ལ་ཡང་དེ་དག་གི་རྒྱུ་མཚན་ཅན་གྱི་རྒྱུ་ཉིད་དམ་འབྲས་བུ་ཉིད་དུ་རྟོགས་པ་མ་ཡིན་ནོ། །རྟོགས་པ་པོའི་ཞེན་པའི་དབང་གིས་རྒྱུན་ལ་གཅིག་ཉིད་དུ་ཉེ་བར་བཟུང་ནས་ཉེས་པ་དེ་དང་རྗེས་སུ་འབྲེལ་བ་མེད་ན་རྒྱུ་དང་འབྲས་བུའི་དངོས་པོ་ཀུན་རྫོབ་པ་ཁོ་ནར་ཁས་བླངས་པར་འགྱུར་རོ། །དེར་ནི་ཐེག་པ་འདིར་ཡང་མ་སྤངས་པའི་ཕྱིར་དངོས་པོའི་འཇུག་པ་ལ་ལྟོས་ནས་རྒྱུ་ནི་རྒྱུ་མ་ཡིན་པ་དང་མཚུངས་པར་སྒྲུབ་པ་ལ་འདིར་འབྲས་བུ་དང་འབྲེལ་པར་མེད་པ་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པ་ཡིན་ནོ། །ཡོད་མེད་ཀྱི་བདག་ཉིད་འབྲས་བུ་ཉིད་དུ་ཁས་བླངས་པ་ལ་རྒྱུར་བརྟག་པ་ནི་འགལ་ཏེ་འགལ་བར་བྱ་བ་ཞེས་བྱ་བའི་དོན་ཏོ། །རིགས་པ་ཁས་བླངས་པ་དག་གིས་ཞེས་བྱ་བའི་ལྷག་མའོ། །གང་གི་ཕྱིར་ད་ལྟར་བ་ནི་འདས་པ་སྐྱེས་ཤིང་འགག་པ་ཉིད་དུ་ཁས་བླངས་པར་སྐྱེད་པར་བྱེད་པ་ཉིད་དུ་རིགས་པའམ་


DTG103_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

འབའ་ཞིག་གིས་ཁས་བླངས་པ་ནི་མེད་དོ། །དེའི་ཕྱིར་ཁོང་ནས་ཕྱུང་ནས་དུས་གསུམ་རྣམས་སུ་ཞེས་བྱ་བ་ལ་སོགས་པ་དེས་ན་དོན་འདི་ཡིན་ཏེ། གང་གི་ཕྱིར་དེ་ལྟར་ན་འདས་པ་དང་མ་འོངས་པ་དང༌། ད་ལྟར་བའི་དབྱེ་བས་རྣམ་པ་གསུམ་དུ་རྣམ་པར་བརྟག་པའི་འབྲས་བུ་ལ་ད་ལྟར་བའི་རྒྱུ་ནི་རྒྱུ་ཉིད་དུ་རིགས་པ་མ་ཡིན་པ་དེའི་ཕྱིར། དུས་གསུམ་རྣམས་སུའང་འཐད་པ་མ་ཡིན་ནོ། །དེ་དག་ཉིད་དུས་ཞེས་འབྱུང་བས་དུས་ཀྱི་སྒྲས་ནི་འདིར་འབྲས་བུའི་བདག་ཉིད་བསྟན་པར་རིག་པར་བྱའོ། །དེའི་ཕྱིར་དེ་ལྟར་འབྲས་བུའི་བདག་ཉིད་ཀྱིས་དངོས་པོ་རྣམས་རང་བཞིན་སྟོང་པ་ཉིད་དུ་བསྟན་ནས་རྒྱུའི་བདག་ཉིད་རྣམས་དེར་ཉེ་བར་བསྟན་པའི་ཕྱིར་བཤད་པ་ན། གཅིག་མེད་པ་ནི་མང་པོ་དང༌། །ཞེས་བྱ་བ་ལ་སོགས་པའོ། །འདི་ལྟར་ཉེ་བར་ལེན་པའི་རྒྱུ་ས་བོན་ལ་སོགས་པ་གཅིག་མེད་པར་ནི། ལྷན་ཅིག་བྱེད་པའི་རྐྱེན་མང་པོ་དེ་དག་ཉིད་མེད་པར་ས་བོན་ལ་སོགས་པའི་ཉེ་བར་ལེན་པའི་རྒྱུ་གཅིག་པུ་མྱུ་གུ་ལ་སོགས་པའི་འབྲས་བུ་སྐྱེད་པར་བྱེད་པ་ཉིད་དུ་མི་འཇུག་གོ །དེའི་ཕྱིར་དངོས་པོ་རྣམས་ནི་གང་དག་ཡོད་ན་འབྲས་བུ་འབྱུང་བ་དེའི་ཕྱིར་དངོས་པོ་སྟེ་རྒྱུར་མངོན་བར་འདོད་པ་དེ་དག་སྐྱེད་པར་བྱེད་པ་ཉིད་དུ་འབྱུང་བ་ལ་བརྟེན་ནས་ཡིན་གྱི་མ་བརྟེན་པར་ནི་མ་ཡིན་ཏེ། ཕན་ཚུན་ཡོད་པ་ལ་ལྟོས་ནས་ཡིན་གྱི། རང་གི་ངོ་བོ་ཉིད་ལས་འབྱུང་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་མཚན་མ་མེད་པ་ནི་རྒྱུ་མཚན་མེད་པ་སྟེ། རྒྱུ་རང་བཞིན་སྟོང་པ་ཉིད་དུ་གྲུབ་བོ་ཞེས་བྱ་བའི་ཐ་ཚིག་གོ །འདི་སྐད་བསྟན་པ་ཡིན་ཏེ། འབྲས་བུ་སྐྱེད་པར་བྱེད་པའི་རང་བཞིན་གང་ཡིན་པ་དེ་ནི་རྒྱུ་ཞེས་བྱ་བར་བརྗོད་ལ། དེ་ཡང་དེའི་རང་བཞིན་དུ་རང་ཉིད་ལས་གྲུབ་པར་རིགས་པ་མ་ཡིན་ཏེ། ལྟོས་པ་མེད་པར་འབྱུང་བ་ནི་རེས་འགའ་འབྱུང་པར་མི་འགྱུར་ཞིང༌། རྟག་ཏུ་ཡོད་པར་ཐལ་བའི་ཕྱིར་དང༌། རྒྱུའི་རྒྱུ་སྔ་མ་རྣམས་ཉིད་མེད་པར་ཐལ་བས་དེ་རྗེས་སུ་ཚོལ་བའི་འབད་པ་དོན་མེད་པར་ཐལ་བའི་ཡང་ཕྱིར་རོ། །དེའི་ཕྱིར་དེ་ནི་དེ་ལྟར་ལྟོས་པ་མེད་པར་ཡོད་པ་མ་ཡིན་པས་སྒྱུ་མ་ལ་སོགས་པ་བཞིན་དུ་བརྟེན་ནས་སྐྱེས་པའི་ཕྱིར་


DTG103_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཁོ་ན་ཉིད་དུ་སྐྱེ་བ་མེད་པས་ན་རང་བཞིན་སྟོང་པ་ཉིད་དུ་གྲུབ་བོ། །གལ་ཏེ་རྒྱུ་དང་འབྲས་བུའི་བདག་ཉིད་ཀྱི་དངོས་པོ་རྣམས་བཤད་ཟིན་པའི་རིགས་པས་རང་བཞིན་སྟོང་པ་ཉིད་ཡིན་ན། འོ་ན་ནི་ཇི་ལྟར་བཅོམ་ལྡན་འདས་ཀྱིས་དེ་དང་དེར་རྟེན་ཅིང་འབྲེལ་པར་འབྱུང་བ་སྡུག་བསྔལ་གྱི་འབྲས་བུ་ཅན་ཉིད་དུ་བསྟན། རྒྱུ་དང་འབྲས་བུའི་བདག་ཉིད་དུ་རང་བཞིན་མེད་པ་དེ་ནི་སྡུག་བསྔལ་གྱི་འབྲས་བུ་ཅན་དུ་རིགས་པ་མ་ཡིན་ནོ་ཞེ་ན། དེ་ཡང་དེ་ཁོ་ན་ཉིད་དུ་མ་ཡིན་པར་བཤད་པ་ནི། རྟེན་འབྲེལ་ཡན་ལག་བཅུ་གཉིས་གང༌། །ཞེས་བྱ་བ་ལ་སོགས་པའོ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་དང༌། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བའི་བར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་གང་སྡུག་བསྔལ་གྱི་འབྲས་བུ་ཅན་ཏེ། སྡུག་བསྔལ་གསུམ་དང་ལྡན་པའི་ཕྱིར་སྡུག་བསྔལ་ཡན་ལག་བདུན་འབྲས་བུ་གང་ལ་ཡོད་པའི་ཞེས་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་གྱི་འབྲས་བུ་ཅན་ཉིད་དུ་གསུངས་པ་དེ་མ་སྐྱེས་པ་སྟེ་དེ་ཁོ་ན་ཉིད་དུ་ཞེས་བྱ་བ་ལྷག་མའོ། །འདི་ཉིད་ལ་འཐད་པ་བསྟན་པ་ནི་སེམས་གཅིག་ལ་ཡང་ཞེས་བྱ་བ་ལ་སོགས་པའོ། །འདི་ལྟར་རྟོགས་པ་ཡིན་ཏེ། བདག་མེད་ཕུང་པོ་ཙམ་ཉིད་དོ། །ཉོན་མོངས་ལས་ཀྱིས་མངོན་འདུས་བྱས། །སྲིད་པ་བར་མའི་རྒྱུན་གྱིས་ནི། །མར་མེ་བཞིན་དུ་མངལ་དུ་འཇུག །ཅེས་འབྱུང་བའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་རྟེན་ཉིད་དུ་ཕུང་པོ་ཙམ་བརྗོད་པས་ནི་ཉོན་མོངས་པ་དང་ལས་ཀྱིས་མངོན་པར་འདུས་བྱས་པ་ཉིད་ཀྱིས་ཁྱད་པར་གཞན་དུ་མི་འཐད་པ་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞིའི་བདག་ཉིད་སེམས་དང་སེམས་ལས་བྱུང་བའི་རྒྱུན་ལ་མངོན་པར་འདོད་པ་ཡིན་ནོ། །རྒྱུན་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བའི་སྐད་ཅིག་མ་བརྒྱུད་པ་ལས་ཐ་དད་པར་དངོས་པོར་ཡོད་པ་མ་ཡིན་པས་སྐད་ཅིག་མ་ཉིད་དངོས་པོ་མ་ཡིན་ཏེ། དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་སེམས་ཀྱི་སྐད་ཅིག་མ་གཅིག་གི་རྟེན་ཅན་ཡིན་ནམ། སེམས་ཀྱི་སྐད་ཅིག་དུ་མའི་རྟེན་ཅན་ཡིན་ཞེས་བྱ་བ་འདི་དཔྱད་པ་ན། གཉི་ག་ལྟར་ཡང་འཐད་པ་ནི་མ་ཡིན་ནོ། །འདི་


DTG103_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སེམས་གཅིག་ལ་འཐད་པ་ཉིད་ཡིན་ན་ནི། ཅིག་ཅར་འབྱུང་བར་ཐལ་བར་རྒྱུ་དང་འབྲས་བུའི་དངོས་པོར་མི་རུང་སྟེ། བ་ལང་གི་རྭ་གཡས་གཡོན་བཞིན་ནོ། །སེམས་དུམ་ལ་བརྟེན་པ་ཉིད་ཡིན་ན་ཡང་ཉེས་པ་འདི་ཉིད་ཡིན་ཏེ། ཡོད་པའི་འབྲས་བུ་ལའང་འབྲས་ལྡན་རྒྱུ། །ཞེས་བྱ་བ་ལ་སོགས་པ་བཤད་ཟིན་པའི་རིགས་པ་དུས་གསུམ་པའི་འབྲས་བུ་ལ་ལྟོས་པ་ཉིད་ཀྱིས་རྒྱུ་ནི་རྒྱུ་ཉིད་དུ་འཐད་པ་མ་ཡིན་པའི་ཕྱིར་རོ། །འདི་ཇི་ཙམ་གྱིས་སྐྱེ་བའི་རིམ་པ་ལ་ལྟོས་ནས་དེ་སུན་དབྱུང་བའི་དགོངས་པ་གསལ་བར་བྱས་པ་ཡིན་ནོ། །ཡང་ན་རྟེན་ཅིང་འབྲེལ་པར་འབྱུང་བ་སྒྲུབ་པར་བྱེད་པའི་ཚད་མ་མེད་པར་བསྟན་པ་ལྷུར་ལེན་པ་ཉིད་དུ་སེམས་གཅིག་ལ་ཡང་ཞེས་པ་ལ་སོགས་པ་འདི་གསུངས་སོ། །དགོངས་པ་ནི་འདི་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ཚད་མས་རྟོགས་ན་ནི། དེ་བརྒྱུད་པའི་བདག་ཉིད་ཅན་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ཡང་འཐད་བ་ཞིག་ན། དེ་སྒྲུབ་པར་བྱེད་པའི་ཚད་མ་ནི་ཅུང་ཟད་ཀྱང་རིགས་པ་མ་ཡིན་ནོ། །འདི་ལྟར་རྗེས་སུ་འགྲོ་བ་དང་ལྡོག་པ་རྟོག་པ་ན། དེ་རྟོགས་པར་འདོད་པ་ཡིན་ན། རྗེས་སུ་འགྲོ་བ་སྒྲུབ་པར་བྱེད་པ་ཡང་ཤེས་པ་གཅིག་ལ་འདྲེ་བའི་དངོས་པོ་གཞན་དམིགས་པར་བྱེད་པ་པོའི་མངོན་སུམ་ཉིད་ཡིན་ནོ། །དེ་ཡོད་པ་ཉིད་ན་ཡོད་པ་དང༌། དེ་མེད་ན་མེད་པ་ཉིད་དུ་ཞེས་བྱ་བའི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གི་ངོ་བོ་ཡིན་པ་དེ་ལྟ་བུའི་ངོ་བོ་ཅན་གྱི་རྗེས་སུ་འགྲོ་བ་དང་ལྡོག་པའི་ངོ་བོ་ལ་ཡོངས་སུ་གཅད་པར་བྱ་བའི་ཕྱིར། མངོན་སུམ་གཅིག་གམ་དུ་མ་འཇུག་པ་ཡང་མ་ཡིན་ནོ། །དེ་ལྟར་རེ་ཞིག་གཅིག་ནི་མ་ཡིན་ཏེ། རྒྱུ་དང་འབྲས་བུ་ཉིད་དུ་མངོན་པར་འདོད་པའི་དངོས་པོ་དག་གཅིག་པར་མ་ཡིན་པས་དེ་འཛིན་པར་བྱེད་པའི་ཤེས་པ་དག་ཀྱང་དེ་ཡིན་པས་རྒྱུར་མངོན་པར་འདོད་པའི་དངོས་པོ་འཛིན་པར་བྱེད་པའམ། འབྲས་བུར་མངོན་པར་འདོད་པའི་དངོས་པོ་འཛིན་པར་བྱེད་པ་དེ་གཅིག་གིས་འབྲས་བུར་མངོན་བར་འདོད་པ་དང༌། རྒྱུར་མངོན་པར་འདོད་པའི་དངོས་པོའི་ངོ་བོ་ཡང་མི་འཛིན་ན། དེའི་ཁྱད་པར་གྱི་ངོ་བོ་འབྲས་བུ་ཉིད་དམ་རྒྱུ་ཉིད་ཀྱིས་རྟོགས་པ་ལྟ་སྨོས་ཀྱང་ཅི་དགོས། ཤེས་


DTG103_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་རང་གི་ངོ་བོ་དང༌། རང་གི་ཡུལ་ཡོངས་སུ་གཅོད་པ་ཙམ་གྱིས་མཐར་ཐུག་པའི་བྱ་བ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གཅིག་གིས་ནི་མ་ཡིན་ཏེ། བུམ་པ་དང་སྣམ་བུ་ལ་སོགས་པ་དག་ལ་ཡང་དེར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་དང་འདིའོ་ཞེས་རྟོགས་པ་ནི་རྗེས་སུ་འགྲོ་བ་རྟོགས་པ་མ་ཡིན་གྱི། འོན་ཀྱང་འདི་ཡོད་ན་འདིའོ་ཞེས་བྱ་བའོ། །འདིར་ནི་གཅིག་གམ་གཉི་གས་ཀྱང་རྟོགས་པ་མ་ཡིན་པའི་ཕྱིར། རྗེས་སུ་འགྲོ་བ་ཁོང་དུ་ཆུད་པ་མེད་དོ། །གལ་ཏེ་ཉམས་སུ་མྱོང་བ་གཉིས་ཀྱི་འོག་ཏུ་སྔ་རོལ་གྱི་དུས་སུ་འབྱུང་བའི་ལྷག་པར་ཞེན་པས་རྗེས་སུ་འགྲོ་བ་རྟོགས་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ་ཉམས་སུ་མྱོང་བ་ཇི་ལྟ་བ་བཞིན་ཡིན་པ་འཇུག་པའི་ཕྱིར་དང༌། ཉམས་སུ་མྱོང་བ་དེ་ལྟར་འཇུག་པ་ཡང་ད་གཟོད་ཉིད་གསལ་བ་ཡིན་ནོ། །འདིས་ནི་ལྡོག་པ་ཁོངས་སུ་ཆུད་པ་མེད་པ་ཡང་ངེས་པར་རྟོགས་པར་བྱའོ། །དེ་བས་ན་སེམས་གཅིག་ལ་ཡང་མི་འཐད་ལ། དུ་མ་ལ་ཡང་མི་འཐད་དོ་ཞེས་གསུངས་པ་ནི་རིགས་པ་མ་ཡིན་ནོ། །འདིའི་ཕྱིར་ཡང་རིགས་པས་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་པ་ཡིན་ནོ་ཞེས་འཐད་པ་གཞན་བསྟན་པའི་ཕྱིར། མི་རྟག་རྟག་མིན་ཞེས་བྱ་བ་ལ་སོགས་པ་འཕགས་པའི་ཚིགས་སུ་བཅད་པ་གཉིས་སྨོས་སོ། །འདི་ལྟར་དགོངས་པ་ཡིན་ཏེ། མ་རིག་པ་ལ་སོགས་པའི་ཡན་ལག་ཉིད་ཐོབ་པ་རྣམས་འབྲས་བུ་ཕྱི་མ་སྐྱེད་བར་བྱེད་པ་ལ་རྐྱེན་ཉིད་དུ་འདོད་ལ་དེ་དག་གི་བདག་ཉིད་ཐོབ་པ་དེ་ཡང་རྒྱུ་སྔ་མ་སྔ་མ་ལ་རག་ལས་པའི་ཕྱིར། མ་རིག་པ་ལ་རྒྱུར་འགྱུར་བའི་ཡན་ལག་གཞན་སྔ་མ་ཉིད་འདོད་པར་བྱ་དགོས་ཤིང༌། དེའི་ཡང་གཞན་ཡིན་ཞིང་དེ་ལ་ཡང་གཞན་ཡིན་པའི་ཕྱིར། ཐུག་པ་མེད་པའི་ཕྱིར་དུ་ཐལ་བར་འགྱུར་པ་སྤང་བར་བཞེད་པས་ཆོས་མངོན་པ་ལ་སོགས་པར་དེའི་རྒྱུ་རིགས་མཐུན་པ་སྔ་མ་སྔ་མའི་རྒྱུ་ཅན་གྱི་ཕྱིན་ཅི་ལོག་ཡིན་པར་བསྟན་ཏོ། །དེ་ཡང་ཡན་ལག་གཞན་མ་ཡིན་ཏེ། དེ་ཡང་རིགས་མཐུན་པ་ཉིད་ཀྱིས་དེ་ཁོ་ནའི་ཁོངས་སུ་གཏོགས་པའི་ཕྱིར་དེ་ལས་གཞན་པའི་ཉོན་མོངས་པ་བཞིན་ནོ། །དགོངས་པ་འདི་ཉིད་ཀྱིས། མ་རིག་ཉོན་མོངས་


DTG103_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་གནས་སྐབས། །ཞེས་བྱ་བ་མ་རིག་པའི་མཚན་ཉིད་ཀྱི་ངག་ལ་ཉོན་མོངས་པའི་སྒྲ་ཅིའི་ཚིག་ཏུ་ཉེ་བར་གཟུང་བ་ཡིན་ནོ། །དེ་ཡང་མི་རྟག་པ་དང་བདག་མེད་པ་དང༌། མི་གཙང་བ་དང་སྡུག་བསྔལ་བའི་བདག་ཉིད་ཅན་གྱི་འདུ་བྱེད་ཐམས་ཅད་ལ། རྟག་པ་དང༌། བདག་དང༌། གཙང་བ་དང༌། བདེ་བའི་རྣམ་པར་འཇུག་པའི་དབྱེ་བས་རྣམ་པ་བཞིར་འདོད་དོ། །དེ་ལྟར་ནི་འཐད་པ་མ་ཡིན་ཏེ། གལ་ཏེ་མི་རྟག་པ་ལ་སོགས་པའི་ཆོས་རྣམས་དངོས་པོའི་ཆོས་ཉིད་དུ་གྲུབ་པ་ཡིན་ན། དེའི་ཚེ་དེ་ལས་ཕྱིན་ཅི་ལོག་གི་རྣམ་པར་ཞེན་པའི་ཤེས་པ་ཕྱིན་ཅི་ལོག་གི་ངོ་བོ་ཉིད་དུ་འགྱུར་བ་ཞིག་ན། དེ་ཉིད་ནི་གྲུབ་པ་མ་ཡིན་ཏེ། སྔར་བསྟན་པའི་རིམ་པས་དངོས་པོ་ཐམས་ཅད་རང་བཞིན་སྟོང་པ་ཉིད་ཀྱིས་གདོད་མནས་ཞི་བ་ཉིད་དུ་བསྒྲུབ་པས་ན་དངོས་པོ་ཅུང་ཟད་ཀྱང་མ་གྲུབ་པའི་ཕྱིར་རོ། །ཆོས་ཅན་ཡིན་ན་ནི་ཆོས་དཔྱད་པར་རིགས་ཏེ། ཆོས་ཅན་ཡོད་ན་འཇིག་རྟེན་ན། །ཆོས་རྣམས་དཔྱད་པ་འཇུག་པ་ཡིན། །ཞེས་བཤད་པ་ཡིན་ནོ། །དེ་ལྟ་བས་ན་མི་རྟག་པ་ཉིད་ལ་སོགས་པ་རྣམས་ནི་རྟག་པ་ཉིད་ལ་སོགས་པ་དག་དང་མེད་པ་ཉིད་དུ་ཁྱད་པར་མེད་པ་དག་ཡིན་པ་དེའི་ཕྱིར་གཉི་ག་སྤངས་པའི་སྒོ་ནས་ཕྱིན་ཅི་ལོག་སྤངས་པ་བསྟན་པ་ཡིན་ནོ། །དེས་ན་དེ་ལྟར་མ་རིག་པའི་རྒྱུ་མཚན་ཕྱིན་ཅི་ལོག་ཏུ་མ་གྲུབ་པས་མ་རིག་པ་མ་གྲུབ་ལ། དེ་མ་གྲུབ་ན་འདུ་བྱེད་རྣམས་སོ་ཞེས་བྱ་བའི་རིམ་པ་འདིས་ཡན་ལག་སྔ་མ་སྔ་མ་རྒྱུར་མངོན་བར་འདོད་པ་མ་གྲུབ་པ་ན། འབྲས་བུར་མངོན་པར་འདོད་པའི་ཡན་ལག་ཕྱི་མ་ཕྱི་མ་རྣམས་མ་གྲུབ་པར་བསྟན་པས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐའ་དག་སྐྱེ་བ་མེད་པར་བསྟན་པ་ཡིན་ནོ། །གཞན་ཡང་མ་རིག་པ་དང་འདུ་བྱེད་དག་ནི་སེམས་ལས་བྱུང་བ་ཉིད་དུ་འདོད་པ་ཡིན་ཏེ། འདི་ལྟར། རྨོངས་དང་བག་མེད་ལེ་ལོ་དང༌།། མ་དད་པ་དང་རྨུགས་དང་རྒོད། །ཉོན་མོངས་ཅན་ལ་རྟག་ཏུ་འབྱུང༌། །ཞེས་བྱ་བའི་ཚིག་གིས་ཉོན་མོངས་པའི་ས་མང་པོ་པ་ཡིན་པའི་ཕྱིར། རྨོངས་པའི་སྒྲས་མ་རིག་པ་སེམས་ལས་བྱུང་བ་ཉིད་དུ་བསྟན་ཏོ། །འདུ་བྱེད་རྣམས་ཀྱང་ལས་ཀྱི་བདག་ཉིད་རྣམས་ཏེ། དེ་ནི་


DTG103_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་པ་དང་དེས་བྱས་ཞེས་འབྱུང་བ་ལས་ཀྱང་མདོར་བསྡུས་ན་རྣམ་པ་གཉིས་ཁོ་ནའོ། །དེར་ཡང་ཐར་པ། དམ་པའི་དོན་དུ་དགེ་རྩ་བ། །ངོ་ཚ་ཁྲེལ་ཡོད་བདག་ཉིད་ཀྱིས། །བྱ་བ་ལ་སོགས་ཀུན་སློང་བས། །ཞེས་འབྱུང་བས་སེམས་པའི་དབང་གིས་དེས་བྱས་པའི་ལུས་དང་ངག་གི་ལས་དགེ་བ་ལ་སོགས་པར་འགྱུར་བའི་ཕྱིར་རོ། །སེམས་པའི་ངོ་བོ་ལས་ནི་གཙོ་བོ་ཡིན་ལ། སེམས་པ་ཡང་སེམས་ལས་བྱུང་བའི་ཕྱིར་ཡིན་ནོ། །དེ་ཡང་དགེ་བ་དང་ཉོན་མོངས་པ་ཅན་ལ་སོགས་པའི་སེམས་ཐམས་ཅད་དང་མཚུངས་པར་ལྡན་པ་ཉིད་ཀྱིས་མང་པོ་ཐམས་ཅད་པ་ཉིད་དུ་བསྟན་ཏེ། ཇི་སྐད་དུ། ཚོར་དང་སེམས་པ་འདུ་ཤེས་དང༌། །འདུན་དང་རེག་དང་བློ་གྲོས་དྲན། །ཡིད་ལ་བྱེད་དང་མོས་པ་དང༌། །ཏིང་ངེ་འཛིན་སེམས་ཐམས་ཅད་ལ། །ཞེས་བཤད་དོ། །དེ་ལྟར་ན་གཉི་ག་དག་ནི་སེམས་ལས་བྱུང་བ་ཉིད་དུ་རྣམ་པར་གནས་པ་ན། ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། །འབྱུང་བ་བཞིན་སེམས་རྗེས་འཇུག་དང༌། །སེམས་དང་མཚན་ཉིད་མཚན་གཞི་བཞིན། །སེམས་ལས་བྱུང་དང་སྡོམ་གཉིས་དང༌། །སེམས་དང་དེ་དག་གི་མཚན་ཉིད། །སེམས་ཀྱི་རྗེས་འཇུག་དུས་དང་ནི། །འབྲས་སོགས་དགེ་ལ་སོགས་པས་སོ། །ཞེས་འབྱུང་བས་ལྷན་ཅིག་འབྱུང་བའི་རྒྱུ་ཉིད་ཀྱིས་ཕན་ཚུན་འབྲས་བུ་ཉིད་བསྟན་པས་ཕན་ཚུན་བརྟེན་པ་ཉིད་ཡིན་པ་དེའི་ཕྱིར་གཅིག་ཀྱང་གྲུབ་པ་ཡིན་པ་མ་ཡིན་པས་མ་རིག་པ་མ་གྲུབ་པ་ན་འདུ་བྱེད་རྣམས་ཀྱི་མ་གྲུབ་པ་ལ། གཞན་ལས་མ་གྲུབ་པ་དེ་དག་ལས་ཀྱང་རྣམ་པར་ཤེས་པ་གྲུབ་པ་མ་ཡིན་ཏེ། དེ་ལྟར་ན་བརྒྱུད་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐའ་དག་སྐྱེ་བ་མེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མ་རིག་འདུ་བྱེད་མེད་མི་འབྱུང༌། །ཞེས་བྱ་བ་ལ་སོགས་པ་འཕགས་པའི་ཚིགས་སུ་བཅད་པ་གཉིས་སྨྲས་སོ། །འདུ་བྱེད་མི་འབྱུང་བ་ཞེས་བྱ་བའི་དེ་མ་ཐག་ཏུ་གང་གི་ཕྱིར་ལྷན་ཅིག་འབྱུང་བའི་རྒྱུ་ཉིད་ཡིན་པ་དེའི་ཕྱིར་ཞེས་ཁོང་ནས་དབྱུང་བ་སྦྱིན་པར་བྱའོ། །དེས་ན་དོན་འདི་ཡིན་ཏེ། གང་གི་ཕྱིར་ལྷན་ཅིག་འབྱུང་བའི་རྒྱུ་ཉིད་ཡིན་ན། འདུ་བྱེད་མེད་ན་མ་རིག་པ་དང༌། དེ་མེད་ན་འདུ་བྱེད་


DTG103_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

མི་འབྱུང་བ་དེ་བས་ཕན་ཚུན་རྒྱུ་ཉིད་དེ་ཕན་ཚུན་བརྟེན་པ་ཉིད་ཡིན་པ་དེའི་ཕྱིར་མ་རིག་པ་དང༌། འདུ་བྱེད་ཅེས་བྱ་བའི་ཡན་ལག་དེ་གཉིས་ཀྱང་རང་བཞིན་གྱིས་མ་གྲུབ་པ་སྟེ་རང་གི་ངོ་བོ་ལས་ཀྱང་མ་གྲུབ་བོ་ཞེས་བྱ་བའི་ཐ་ཚིག་གོ །ཀྱང་གི་སྒྲ་ནི་སུན་འབྱིན་པ་གཞན་སྡུད་པ་ལ་སྨོས་སོ། །མ་རིག་པའི་རང་གི་ངོ་བོ་མ་གྲུབ་པ་ན་ཡང་ཉེས་པ་གང་ཡིན་པ་དེ་བསྟན་པའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །སྤྱིར་བརྗོད་པ་ཡིན་དུ་ཟིན་ཀྱང་སྐབས་སུ་བབ་པས་ཁྱད་པར་ཅན་གྱི་དོན་རྟོགས་པ་ཡིན་པ་དེའི་ཕྱིར་གང་ཞིག་གི་སྒྲས་མ་རིག་པ་ཞེས་བྱ་བའི་ཡན་ལག་བརྗོད་པ་ཡིན་པར་ཤེས་པར་བྱའོ། །དེས་ན་དོན་ནི་འདི་ཡིན་ཏེ་མ་རིག་པ་ཞེས་བྱ་བ་ལ་སོགས་པ་ཡན་ལག་གང་ཞིག་རང་ཉིད་ཀྱིས་འདུ་བྱེད་ལ་མི་ལྟོས་པའི་བདག་ཉིད་ཀྱིས་རང་བཞིན་གྱིས་མ་གྲུབ་ཅིང་རང་གི་ངོ་བོས་མ་གྲུབ་པ་དེ་འདུ་བྱེད་ཅེས་བྱ་བའི་ཡན་ལག་གཞན་རྣམས་ལ་འགའ་ཞིག་གིས་དང་ཇི་ལྟར་བསྐྱེད་དེ། ཇི་ལྟར་ཡང་མ་ཡིན་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེ་ལྟ་བས་ན་མ་རིག་པ་ཞེས་བྱ་བའི་ཡན་ལག་གི་ཕ་རོལ་ལས་རང་གི་ངོ་བོ་མ་སྐྱེས་ཤིང་མ་གྲུབ་པ་འདུ་བྱེད་རྣམས་ཞེས་བྱ་བའི་རྐྱེན་གཞན་རྣམ་པར་ཤེས་པ་ལ་སོགས་པ་སྐྱེད་པར་བྱེད་པ་མ་ཡིན་ཏེ་དངོས་དང་བརྒྱུད་པས་ཞེས་བྱ་བར་དགོངས་པའོ། །དོན་འདི་ཉིད་འཇིག་རྟེན་པའི་འཐད་པ་བསྟན་པའི་ཕྱིར་ཕ་བུ་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འཇིག་རྟེན་ན་གང་ལ་ལྟོས་ནས་ཕ་ཡིན་གང་ཕ་ཡིན་པ་དེ་ནི། དེ་ཉིད་ལ་ལྟོས་པ་ཁོ་ནས་བུ་མ་ཡིན་ཞིང༌། གང་ལ་ལྟོས་ནས་བུ་ཡིན་པ་དེ་ནི་དེ་ཉིད་ལ་ལྟོས་པ་ཁོ་ནས་ཕ་མ་ཡིན་ནོ། །གལ་ཏེ་དེ་ལྟར་ཡིན་ན་དེའི་ཚེ་ཉེས་པ་ཅིར་འགྱུར་ཞེས་དོགས་པར་བྱས་ནས་ཉེས་པ་གང་ཡིན་པ་དེ་བསྟན་པ་ནི། དེ་གཉིས་ཕན་ཚུན་མེད་མིན་ལ། །ཞེས་བྱ་བ་ལ། འབྱུང་བ་ཞེས་བྱ་བ་ནི་ལྷག་མ་སྟེ། དེ་གཉིས་ཕན་ཚུན་བརྟེན་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཡིན་ན་སྐྱོན་གང་ཞིག་ཡིན་པ་དེ་བསྟན་པ་ནི་དེ་གཉིས་ཅིག་ཅར་ཡང་མིན་ཞེས་བྱ་བ་སྟེ། གཅིག་ཀྱང་འགའ་ཞིག་གི་ཚེ་ཡང་གྲུབ་པ་མ་ཡིན་ནོ་ཞེས་


DTG103_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་དོན་ཏོ། །དོན་འདི་ཡང་གཉིས་དཔེར་བྱ་བའི་ཕྱིར་ལྟར་ཞེས་པར་ཉེ་བར་བཀོད་དོ། །ཡན་ལག་བཅུ་གཉིས་ཞེས་བྱ་བ་ལ་སོགས་པས་དཀྱུས་མ་ཉིད་ཅེས་ཉེ་བར་བསྡུ་བའོ། །འདིར་ཡང་མཐར་ཐུག་པའི་དགོངས་པ་བསྟན་ཏེ། རྣམ་པ་གཞན་དུ་ན་ཡན་ལག་གཉིས་ཕན་ཚུན་བརྟེན་པ་ཉིད་ཀྱིས་རང་གི་ངོ་བོ་མ་གྲུབ་པ་སུན་འབྱིན་པའི་སྐབས་སུ་རྟེན་ཅིང་འབྲེལ་པར་འབྱུང་བའི་མཐའ་དག་ཡོངས་སུ་བཟུང་ནས་འདི་ཉེ་བར་བསྡུ་བར་ཇི་ལྟར་རིགས། འདི་དག་ཙམ་གྱིས་ནི་གནས་པ་དང་སྐྱེ་བ་དང་འཇིག་པ་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་སངས་རྒྱས་ཀྱིས་གསུངས་ཀྱི་ཡང་དག་པའི་དབང་གིས་ནི་མ་ཡིན་ནོ་ཞེས་བྱ་བ་གཏན་ལ་ཕབ་པ་ཡིན་ནོ། །ད་ནི་ཡོད་པ་དང་མེད་པ་ཞེས་གསུངས་པ་བསྡུས་པའི་ཕྱོགས་ལ་བརྟེན་ནས། བདག་དང་བདག་མེད་མིན་ཞེས་བྱ་བའི་ཚིག་གིས་གང་ཟག་གཉི་གའི་ངོ་བོ་ཉིད་དུ་ཁས་བླངས་པ་མི་སྲིད་པ་བསྟན་པ་ན། སྔར་དྲང་བའི་དོན་ཉིད་དུ་གཏན་ལ་ཕབ་ཏུ་ཟིན་ཀྱང༌། ཡང་སོ་སོའི་ཕྱོགས་ཡོངས་སུ་བཟུང་ནས་གཏན་ལ་ཕབ་པའི་ཕྱིར། ཇི་ལྟར་རྨི་ལམ་ཡུལ་བརྟེན་ནས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ཡང་འདི་སྙམ་དུ་གང་ལ་བརྟེན་ནས་གང་ཞིག་འབྱུང་བཞིན་པར་མངོན་སུམ་གྱིས་ཉམས་སུ་མྱོང་བ་དང༌། གང་ཞིག་དམིགས་པའི་རིག་བྱར་གྱུར་བ་ཡོད་པ་ན་ཉམས་སུ་མ་མྱོང་བ་དེ་དག་རིམ་པ་ཇི་ལྟ་བ་བཞིན་དུ་ཡོད་པ་དང་མེད་པ་ཉིད་དུ་ཚད་མས་ཁོང་དུ་ཆུད་པ་ཉེ་བར་བསྟན་པ་དེ་ཁོ་ན་ཉིད་དུ་ཇི་ལྟར་ཡང་སྤང་བར་བྱ་བ་ཡིན། ཉམས་སུ་མྱོང་བས་གྲུབ་པའི་དངོས་པོ་ནི་སུས་ཀྱང་བསྙོན་པར་ནུས་པ་ནི་མ་ཡིན་ནོ་སྙམ་དུ་སེམས་ན་དེ་ནི་འདི་སྐད་བརྗོད་པར་བྱ་སྟེ། ཇི་ལྟར་རྨི་ལམ་ན་ཕྲེང་བ་དང་ཙནྡན་ལ་སོགས་པ་ཕན་འདོགས་པར་བྱེད་པ་དང་སྤྲུལ་དང་ཚེར་མ་ལ་སོགས་པ་གནོད་པར་ཡུལ་གྱི་དངོས་པོ་ལ་བརྟེན་ནས་དེ་ལྟོས་ནས་ཉམས་སུ་མྱོང་བཞིན་པ་ཡིན་ཡང༌། བདེ་བ་དང་སྡུག་བསྔལ་དང་དེའི་ཡུལ་མེད་པ་སྟེ། དེ་ཁོ་ན་ཉིད་དུ་ཞེས་བྱ་བའི་ལྷག་མའོ། །དེ་བཞིན་དུ་དོན་གྱིས་སད་པའི་གནས་སྐབས་ན་རྒྱུར་མངོན་པར་འདོད་པའི་དངོས་པོ་གང་ཞིག་ལ་བརྟེན་ནས་དེ་ལྟོས་པའོ། །འབྲས་བུར་མངོན་པར་


DTG103_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་གང་ཞིག་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་འདི་གཉི་ག་ཡང་ཀུན་རྫོབ་པའི་ཚད་མས་ཉམས་སུ་མྱོང་དུ་ཟིན་ཀྱང་མེད་པ་དེ་ཁོ་ན་ཉིད་དུ་ཡོད་པ་མ་ཡིན་པ་ཉིད་དོ། །ཇི་སྐད་སྟོན་པ་ཡིན་ཏེ། རྨི་ལམ་གྱི་སྣང་བ་ལས་སད་པའི་ཤེས་པ་ལ་ནི་ཁྱད་པར་ཅུང་ཟད་ཀྱང་མི་མངོན་པའི་ཕྱིར་ཇི་ལྟར་ན་གཅིག་ནི་བདེན་པའི་དོན་ཅན་ཉིད་ཡིན་ལ། དེ་ལས་གཞན་སད་པའི་ཤེས་པ་ནི་བདེན་པའི་དོན་ཅན་ཉིད་ཡིན་ནོ་ཞེས་བྱ་བ་འདི་ནི་ཤིན་ཏུ་རྒྱས་པར་གཞན་དུ་དཔྱད་ཟིན་ཏོ། །དེ་ལྟ་བས་ན་རང་བཞིན་སྟོང་པ་ཉིད་ཀྱིས་ཐམས་ཅད་དངོས་པོ་པ་ཉིད་དུ་མེད་པ་ཉིད་ཡིན་པས་ན། ཡོད་པ་དང་མེད་པའི་རྣམ་པར་དབྱེ་བ་བསྟན་པ་ནི་དགོངས་པས་འཇུག་པ་ཡིན་ནོ་ཞེས་བྱ་བ་འདི་ཡང་གནས་པ་ཡིན་ནོ། །འདིའི་འོག་རོལ་དུ་ངག་དང་པོར་ཀུན་རྫོབ་ཉིད་དུ་མདོར་བསྟན་པའི་དམན་པ་དང༌། མཉམ་པ་དང་ཁྱད་པར་ཅན་དུ་བསྟན་པའི་གཞུང་གཟུགས་པའི་ཕྱིར་གལ་ཏེ་དངོས་པོ་རྣམས་རང་བཞིན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིར་ཕྱེད་སྔ་མས་ནི་ཕྱོགས་སྔ་མ་རྗེས་སུ་བརྗོད་པ་ཡིན་ལ། ཕྱེད་ཕྱི་མས་ནི་ལན་སྒྲུབ་པའི། འདིར་ཕྱོགས་སྔ་མ་སྨྲ་བའི་བསམ་པ་འདི་ཡིན་ཏེ། གལ་ཏེ་དངོས་པོ་རྣམས་རང་བཞིན་མེད་ན་ནི་དམན་པ་དང་མཉམ་པ་དང་ཁྱད་འཕགས་ཉིད་དུ་མི་འགྱུར་བ་ཞིག་ན་འདི་དག་ནི་དེའི་ཚེ་ཞེས་བྱ་བ་ལྷག་མའོ། །དེ་ནི་ཡོད་པ་ཡང་ཡིན་ཏེ་དེའི་ཕྱིར། དེ་རྣམ་པ་གཞན་དུ་མི་འཐད་པས་དངོས་པོ་རྣམས་ནི་རང་བཞིན་དང་ལྡན་པ་ཡིན་ནོ་ཞེས་བྱ་བའོ། །ལན་སྨྲས་པའི་སེམས་པ་ནི་དམན་པ་དང་མཉམ་པ་དང་ཁྱད་པར་ཅན་གྱི་དབྱེ་བ་སྣ་ཚོགས་པ་ཉིད་དངོས་པོ་རང་བཞིན་དང་ལྡན་པ་ཉིད་བསྒྲུབ་པར་བྱ་བ་ལ་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པ་གང་ཡིན་པ་དེ་ང་ལ་མ་གྲུབ་པ་ཡིན་ཏེ་སྟོང་པ་ཉིད་དུ་སྨྲ་བ་ནི་དེ་ལྟ་བུའི་རྣམ་པར་དབྱེ་བ་ཡང་དག་པ་ཉིད་དུ་ཁས་ལེན་པར་ནི་མི་བྱེད་དོ། །སྒྲུབ་པར་བྱེད་པ་གང་ཡང་རུང་བ་ལ་མ་གྲུབ་པ་ཡང་སྒྲུབ་པར་བྱེད་པ་ཡིན་པ་ཁོ་ནའོ། །ཡང་ན་གཉི་ག་ལ་ཡང་མ་གྲུབ་པ་ཡིན་ནོ་ཞེས་བྱ་བར། རྒྱུ་ལས་ཀྱང་ནི་མངོན་གྲུབ་མེད། །ཅེས་བྱ་བ་གང་ཡིན་པ་སྨོས་ཏེ། གལ་ཏེ་རྒྱུ་ལས་དང་ཀྱང་གི་སྒྲས་རྒྱུ་མེད་པར་རང་ཁོ་ན་


DTG103_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དངོས་པོ་རྣམས་མངོན་པར་གྲུབ་ཅིང༌། རང་གི་ངོ་བོ་གྲུབ་པ་ཡིན་ན་ནི་རྣམ་པར་དབྱེ་བ་འདི་དེ་ལ་བརྟེན་པ་ཉིད་ཀྱིས་དེ་ཁོ་ན་ཉིད་ཅན་དུ་འགྱུར་ལ། གང་གི་ཕྱིར་གཉི་ག་ལྟར་ཡང་སྔར་བསྟན་པའི་རིགས་པ་བརྒྱུད་པ་དེས་རིགས་པ་མ་ཡིན་པའི་ཕྱིར་ཇི་ལྟར་ན་འདི་ཁྱེད་ལ་ཡང་གྲུབ་པ་ཡིན་ཏེ་དེ་བས་ན་གཉི་ག་ལ་མ་གྲུབ་པ་ཡིན་པ་དེའི་ཕྱིར། ཇི་ལྟར་འདི་ལས་བསྒྲུབ་བྱ་གྲུབ། །ཅེས་བསྟན་པར་འགྱུར། གཉི་གའི་རྣམ་པས་མངོན་པར་མ་གྲུབ་པ་འདི་ཉིད་སྔར་ཉེ་བར་བསྟན་པ་ལ་མཇུག་བསྡུ་བའི་ཕྱིར་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཕྱིར། ཇི་ལྟར་རྨི་ལམ་ཡུལ་བརྟེན་ནས། །ཞེས་བྱ་བ་ལ་སོགས་པའི་ངག་གིས་བརྟེན་ནས་སྐྱེས་པ་དེ་ཁོ་ན་ཉིད་དུ་མ་སྐྱེས་པ་ཉིད་ཡིན་ནོ་ཞེས་བསྟན་པ་དེ་ལྟ་བས་ན་བརྟེན་འབྱུང་ལ། རང་བཞིན་གྲུབ་པ་ག་ལ་ཡོད་དེ་རྣམ་པ་ཇི་ལྟར་ཡང་མེད་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་རང་བཞིན་གྲུབ་པའི་གཞུང་གཟུགས་པའི་ཕྱིར་མི་བརྟེན་པར་འབྱུང་བ་སྟེ། རང་ཁོ་ན་ལས་སྐྱེ་བའི་བདག་ཉིད་དུ་ཁས་བླངས་པ་དེར་ཡང་རང་བཞིན་མེད་མི་འབྱུང་སྟེ་ནམ་ཡང་ཞེས་བྱ་བ་ལྷག་མའོ། །གྲུབ་པའི་སྔ་རོལ་ལམ་ཕྱིས་ཀྱི་དུས་སུ་རང་བཞིན་དང་བྲལ་བ་ཉིད་དུ་མི་འགྱུར་ཞིང་རྟག་ཏུ་ཁོ་ནར་ཡོད་པའི་དངོས་པོར་འགྱུར་རོ། །འདིར་ཡང༌། ཡོད་པ་ཡོད་ཕྱིར་སྐྱེ་བ་ཡིན། །ཞེས་བྱ་བ་འདིར་ཡོད་ཕྱིར་ཞེས་བྱ་བའི་གཏན་ཚིགས་སྨོས་པས་སྟོན་པར་བྱེད་དོ། །འདི་ཉིད་ལ་འཐད་པ་བསྟན་པ་ནི་རང་བཞིན་གྱི་ཡང་མེད་པ་གང་ལ་མེད་ཅེས་བྱ་བའོ། །ཡང་ནི་གང་གི་ཕྱིར་གྱི་དོན་ལ་སྟེ། གང་གི་ཕྱིར་རང་ཉིད་ལས་འབྱུང་བ་གང་ལ་ཡོད་པ་དེའི་རྒྱུ་གཞན་ལ་མི་ལྟོས་པ་མེད་པ་ནི་དངོས་པོ་དང་བྲལ་ཞིང་ལོག་པའི་རྣམ་པ་ལ་སྟེ་གང་ན་ཡང་མེད་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །གང་ཞིག་ལྟོས་པ་མེད་པ་དེ་ནི་རྟག་ཏུ་ཁོ་ན་ཡོད་པ་ཡིན་ཏེ། ལྟོས་པ་དང་བཅས་པ་ཉིད་རེས་འགར་འབྱུང་བའི་ཕྱིར་རོ། །དེ་ནི་རྒྱུ་མེད་གཞན་ལ་ལྟོས་མེད་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །དངོས་པོ་རྣམས་ནི་རེས་འགའ་ཞིག །འབྱུང་བ་ལྟོས་པ་ལས་ཡིན་ནོ། །ཞེས་བསྟན་ཏོ། །གང་ཡང་འདི་སྙམ་དུ་གལ་ཏེ་མ་གྲུབ་པའི་རང་


DTG103_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཀུན་གྱི་དངོས་པོ་ཡིན་ན། འོ་ན་ནི་འདིར་རི་བོང་གི་རྭ་བཞིན་དུ་ཡོད་པ་མ་ཡིན་ལ། ཡོད་པ་མ་ཡིན་པའང་དངོས་པོ་ཞེས་བྱ་བའམ། གཞན་དངོས་ཞེས་བྱ་བའམ། དངོས་མེད་ཅེས་བྱ་བའི་ཐ་སྙད་དུ་ཇི་ལྟར་འཇུག་པར་བྱེད། དེའི་ཕྱིར་དེ་དག་གི་ཐ་སྙད་འཇུག་པ་གཞན་དུ་མི་འཐད་པས་དེ་གྲུབ་པའི་ངོ་བོ་ཉིད་དོ་སྙམ་དུ་སེམས་ན། དེ་ལ་གཏན་ཚིགས་མ་གྲུབ་པར་བསྟན་པའི་ཕྱིར། མེད་ལ་རང་གི་དངོས་པོའམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་སྔར་བསྟན་པའི་རིགས་པས་སྐྱེ་བ་མེད་པ་དེའི་མེད་པ་ལ་རང་གི་དངོས་པོ་ལ་སོགས་པ་གང་ལ་ཡིན་ཏེ་དེ་དག་གི་ཐ་སྙད་ནི་རྨི་ལམ་བཞིན་དུ་བརྫུན་པ་ཡིན་ནོ་ཞེས་ཕྱེད་ཕྱི་མས་སྟོན་པར་བྱེད་དེ། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ་དེའི་ཕྱིར་ཞེས་བྱ་བ་ནི་རང་གི་དངོས་པོ་ལ་སོགས་པ་རྣམས་དེ་ཁོ་ན་ཉིད་དུ་མི་སྲིད་པའི་ཕྱིར་དེ་དེ་དག་གི་ཐ་སྙད་བརྫུན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་གང་གིས་སྐྱེ་བ་དང་འགག་པ་བཞིན་དུ་མི་འཐད་པས་དངོས་པོའི་རང་བཞིན་ཉིད་དུ་རབ་ཏུ་སྟོན་པ་དེའི་ཡང་གཏན་ཚིགས་སྔ་མས་ལྡོག་པའི་སྒོ་ནས་རྗེས་སུ་བརྗོད་ནས་ཕྱེད་ཕྱི་མས་གཏན་ཚིགས་གོ་བར་བྱ་བ་ལ་མ་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར། གལ་ཏེ་དངོས་པོ་སྟོང་ཡིན་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཕགས་པ་འདི་ནི་རྟོགས་པའི་དོན་ཅན་ཉིད་དུ་ཟད་དོ། །དངོས་དང་དངོས་མེད་ཅིག་ཅར་མེད། །ཅེས་བྱ་བ་ལ་སོགས་པ་འཕགས་པ་གཉིས་ཀྱིས་དེ་ལྟ་བའི་རལ་ག་ལ་རྗེས་སུ་འཇུག་པའི་སྒོ་ནས་གཏན་ཚིགས་འདི་ཉིད་གོ་བར་བྱེད་པ་ལ་མ་གྲུབ་པ་ཉིད་དུ་བསྟན་པ་ནི། གང་གི་ཕྱིར་འདི་ནི་འདི་ལྟར་བསྟན་པར་བྱ་བ་ཡིན་ཏེ། སྐྱེ་བ་དང་འགག་པ་དག་ནི་དངོས་པོ་དང་དངོས་པོ་མེད་པ་དག་ཏུ་བཤད་ལ། དེ་དག་ཀྱང་ཁྱོད་ཀྱིས་འདུས་བྱས་སུ་འདོད་པ་ཡིན་གྱི། འདུས་མ་བྱས་སུ་ནི་མ་ཡིན་ནོ། །དེ་ལ་ཡང་དེ་དག་རིམ་པ་མ་ཡིན་པའམ་རིམ་གྱིས་ཡིན། རེ་ཞིག་རིམ་པ་མ་ཡིན་པ་ནི་མ་ཡིན་ཏེ། གང་གི་ཕྱིར། དངོས་དང་དངོས་མེད་ཅིག་ཅར་མེད། །ཅེས་བྱ་བ་སྟེ། འགལ་བའི་ཕྱིར་རོ་སྙམ་དུ་བསམ་པའོ། །དེའི་ཕྱིར་དོན་ནི་འདི་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པ་ནི་ཅིག་ཅར་ཏེ།


DTG103_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གཅིག་ཏུ་ཡོད་པར་མི་རིགས་ཏེ། ཕན་ཚུན་སྤངས་པས་གནས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་སྔོན་པོའི་མེད་པ་མ་སྤངས་སྔོན་པོ་གནས་པ་ནི་མེད་དོ། །རིམ་གྱིས་ཀྱང་མ་ཡིན་ཏེ་གང་གི་ཕྱིར། དངོས་མེད་མེད་ན་དངོས་པོ་མེད། །ཅེས་བྱ་བ་སྟེ། ཁྱོད་ཀྱི་འདོད་པས་ཞེས་བྱ་བར་དགོངས་པའོ། །ཁྱོད་ཀྱིས་ནི་འདི་འདུས་བྱས་ཉིད་དུ་འདོད་པ་ཡིན་ཏེ། འདུས་བྱས་ཉིད་ཀྱང་ཇི་སྲིད་དུ་དེའི་མཚན་ཉིད་དང་མི་ལྡན་པ་དེ་སྲིད་དུ་འདུས་བྱས་ཉིད་མ་ཡིན་ནོ། །སྐྱེ་བ་དང༌། གནས་པ་དང༌། མི་རྟག་པ་ཉིད་ནི་སོ་སོའི་མཚན་ཉིད་དུ་གནས་པ་ནི་མ་ཡིན་ནོ། །ནམ་མཁའ་ལ་སོགས་པ་རྣམས་ལ་ཡང་གནས་པ་ཉིད་ཁས་བླངས་པའི་ཕྱིར་འདུས་བྱས་ཉིད་དུ་ཐལ་བའི་ཕྱིར་རོ། །བསྡུས་པ་རྣམས་དེའི་མཚན་ཉིད་ཡིན་ན་ཡང་མི་རྟག་པ་དང་ལྡན་པ་གཞན་འཇིག་པའི་རྣམ་གྲངས་ཅན་དངོས་པོ་མེད་ན་མེད་པ་ན་སྟེ་སྐྱེ་བ་དང་ལྡན་པའི་སྐྱེ་བའི་དངོས་པོ་མེད་པར་འགྱུར་ཏེ། དེ་དག་འདུས་བྱས་ལ་ལྷན་ཅིག་པ་ཁོ་ནར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལས་ཅིར་འགྱུར་ཞེ་ན། རྟག་ཏུ་དངོས་པོ་ཡང་དངོས་མེད་འགྱུར། །ཞེས་བྱ་བ་སྨོས་ཏེ། དངོས་པོའང་སྟེ་འདུས་བྱས་ཉིད་རྟག་ཏུ་སྟེ་སྐྱེ་བ་དང་གནས་པའི་དུས་དག་ཏུ་ཡང་དངོས་པོ་མེད་སྟེ་ཡོད་པ་མ་ཡིན་པར་ཐལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་སྐྱེ་བའི་དུས་ཉིད་ནི་རང་གི་བྱེད་པ་མེད་པར་མི་རྟག་པ་ཉིད་དངོས་པོ་ལ་གནས་པ་ཡིན་ལ་གནས་པ་ལས་ཕྱིས་ཀྱི་དུས་ཁོ་ནར་དེའི་འཇིག་པ་སྒྲུབ་པར་བྱེད་པས་དེའི་ཕྱིར་སྐྱོན་འདི་མེད་དོ་ཞེ་ན། སྐྱོན་མེད་པ་ཡིན་ནོ་ཞེས། དངོས་མེད་མེད་ན་མེད་མི་འབྱུང༌། །ཞེས་བྱ་བ་སྨོས་ཏེ་དངོས་པོ་མེད་པ་ནི་དངོས་པོ་མེད་པ་སྟེ། དེ་ལས་མེད་ན་སྟེ། མི་རྟག་པས་སྒྲུབ་པའི་འཇིག་པ་མེད་ནའོ། །འདི་ཡོད་ན་དངོས་པོ་མི་འགྱུར་པས་དངོས་པོ་མེད་པ་སྟེ་མི་རྟག་པ་ཉིད་ཡིན་ལ་དེ་ཡོད་ན་དངོས་པོར་མི་འགྱུར་བའི་ཕྱིར། དེ་མི་འབྱུང་ཞིང་མི་སྲིད་དོ་ཞེས་བྱ་བའི་དོན་ཏེ། འདི་སྐད་བསྟན་པ་ཡིན་ཏེ། གང་གི་ཚེ་གང་ཞིག་རང་གི་བྱ་བ་བྱེད་པ་དེའི་ཚེ་དེ་ཡོད་པ་ཡིན་ནོ་ཞེས་སྨྲ་བར་རིགས་པ་ཡིན་ཏེ། ཡོད་པ་ནི་དོན་བྱ་བ་བྱེད་པའི་མཚན་ཉིད་ཅན་ཡིན་


DTG103_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་དང༌། མེད་པ་ནི་དེ་ལས་བཟློག་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ་ནུས་པ་ནི་དངོས་པོའི་མཚན་ཉིད་ཡིན་ལ། ནུས་པ་ཐམས་ཅད་དང་བྲལ་བ་ནི་དངོས་པོ་མེད་པའི་མཚན་ཉིད་ཡིན་ནོ་ཞེས་བསྟན་པ་ལྟ་བུའོ། །གལ་ཏེ་མི་རྟག་པ་ནི་དངོས་པོའི་བདག་ཉིད་གྲུབ་པའི་དུས་ན་རང་གི་འབྲས་བུར་མངོན་པར་འདོད་པ་འཇིག་པ་སྒྲུབ་པར་མི་བྱེད་པ་དེའི་ཕྱིར་རྒྱུ་མཚན་དུ་ཡོད་པ་འདི་ལ་དེའི་ཚེ་ཡོད་དོ་ཞེས་བརྗོད་པར་ཇི་ལྟར་ནུས། དེའི་ཕྱིར། རྟག་ཏུ་དངོས་པོའང་དངོས་མེད་འགྱུར། །ཞེས་བྱ་བ་འདིས་བརྗོད་པའི་ཐལ་བར་འགྱུར་བ་འཇུག་པ་ལས་མི་འདའ་བ་ཉིད་དོ། །འོན་ཏེ་དང་པོ་དངོས་པོ་མེད་པ་ཉིད་ཡོད་དོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཞེས་བྱ་བར། དངོས་པོ་མེད་པར་དངོས་མེད་མེད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་དངོས་མེད་ནི་ཞི་གནས་མེད་པ་ལ་མངོན་པར་འདོད་ཀྱི་སྔ་ན་མེད་པ་ལ་སོགས་པ་ལ་ནི་མ་ཡིན་ཏེ། དེ་ཉིད་ཀྱི་སྐབས་སུ་བབ་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་སྔར་བྱུང་བའི་དངོས་པོའི་ངོ་བོ་མེད་པར་མེད་པ་སྟེ། འཇིག་པ་ནི་དངོས་པོའི་གཞན་དབང་ཉིད་ཡིན་པའི་ཕྱིར་རོ། །མེད་ཅེས་བྱ་བའི་དེ་མ་ཐག་ཏུ་དེ་ཡང་ཞེས་བྱ་བའི། ལྷག་མ་ཁོང་ནས་དབྱུང་ལ་བདག་ཉིད་ནི། །ཞེས་བྱ་བ་ལ་སོགས་པ་གདོན་པར་བྱའོ། །དེས་ན་དོན་ནི་འདི་ཡིན་ཏེ། །དངོས་པོ་གང་ཞིག་མེད་ན་དངོས་པོ་མེད་པར་མི་རིགས་པར་འགྱུར་བ་དེ་ཡང་སྔར་བསྟན་པའི་རིགས་པས་རང་ལས་མ་ཡིན། གཞན་ལས་གྲུབ་པ་མ་ཡིན་ནོ། །གང་གི་ཕྱིར། དེ་ལྟ་བས་ན་དེ་མེད་ན། །དངོས་པོ་མེད་ཅིང་དངོས་མེད་མེད། །འདི་ནི་རིགས་པའི་ཕྱོགས་ལ་བརྟེན་པའི་ཕྱོགས་གཉིས་སུ་མཇུག་སྡུད་པར་བྱེད་དེ་འདི་ལྟར་དང་པོ་ནི་སྡེ་བའི་བདག་ཉིད་ཀྱི་དངོས་པོ་ཡིན་ལ། ཕྱི་ནས་ནི་འཇིག་པའི་བདག་ཉིད་ཀྱི་དངོས་པོ་མེད་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་གཅིག་པོ་དེ་ཡང་གལ་ཏེ་ཁྱོད་ཀྱིས་ཁས་བླངས་ཀྱི་དངོས་པོ་སྐྱེ་བ་དང་འབྲེལ་བའི་དུས་ན་མི་རྟག་པ་ཞེས་བྱ་བའི་འདུས་བྱས་ཀྱི་མཚན་ཉིད་དང་འབྲེལ་པ་མ་ཡིན་པ་དེའི་ཚེ་རྣམ་པར་གནས་པར་འགྱུར་ན་འདི་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟ་


DTG103_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་དེ་མེད་ན་སྐྱེ་བའི་དུས་ཁོ་ནས་དངོས་པོ་དེའི་མི་རྟག་པས་བྱས་པའི་འཇིག་པ་འབྱུང་བ་ན་དངོས་པོ་མེད་པ་སྟེ། དངོས་པོ་ནི་མ་བྱུང་བ་ལས་བྱུང་བའི་མཚན་ཉིད་ཀྱི་སྐྱེ་བ་ཡིན་ལ། མེད་པ་ནི་མི་སྲིད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་དང་པོ་ནི་འཇིག་པའི་བདག་ཉིད་ཀྱི་དངོས་པོ་མེད་པ་ཡན་ལ་ཕྱི་ནས་ནི་སྐྱེ་བའི་བདག་ཉིད་ཀྱི་དངོས་པོ་ཡིན་ནོ་ཞེས་བྱ་བའི་ཕྱོགས་གཉིས་པ་དེ་ཡང་གང་གི་ཚེ་དངོས་པོ་ལ་མི་ལྟོས་པར་འཇིག་པར་འགྱུར་བ་དེའི་ཚེ་རིགས་པ་ཡིན་གྱི་འཇིག་པར་བྱ་བ་མེད་པར་ནི་འཇིག་པར་རིགས་པ་མ་ཡིན་ནོ། །གང་གི་ཕྱིར་འཇིག་བྱ་མངོན་པར་འདོད་པའི་དངོས་པོ་དེ་ཡང་རང་ལས་སམ་གཞན་ལས་མི་འགྲུབ་པ་སྟེ། དེ་ལྟ་བས་ན་དེ་མེད་ན་སྟེ་འཇིག་བྱར་མངོན་པར་འདོད་པའི་དངོས་པོ་དེ་མ་གྲུབ་ན་དངོས་མེད་མེད་དེ། འཇིག་པ་འབའ་ཞིག་མི་སྲིད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བས་ན་འདི་ལྟར་སྐྱེ་བ་དང་འཇིག་པ་དག་རིམ་པ་མ་ཡིན་པའམ་རིམ་པ་ཡིན་པར་མི་འགྱུར་བར་བསྟན་པས་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་བསྒྲུབ་པར་བྱ་བ་ལ་སྐྱེ་བ་དང་འཇིག་པ་གཞན་དུ་མི་འཐད་པ་ཞེས་བྱ་བའི་གཏན་ཚིགས་ཁོ་ནར་གོ་བར་བྱེད་པ་ལ་མ་གྲུབ་པ་ཉིད་དུ་བསྒྲུབས་པ་ཡིན་ནོ། །འཇིག་རྟེན་མཐའ་དག་གིས་ཁས་བླངས་པའི་དངོས་པོ་ཡང་ཁྱོད་ཀྱིས་ཀྱང་སྐྱོན་མཐོང་བ་མེད་པར་ཁས་བླང་བར་འོས་པ་མ་ཡིན་ནམ། དེའི་ཕྱིར་དེའི་སྟོང་པ་ཉིད་བསྟན་པ་ལ་འབད་པས་ཅི་དགོས། འོན་ཏེ་དེ་ཁས་བླངས་པ་ལ་སྐྱོན་ཅུང་ཟད་ཡོད་ན། འོ་ན་ནི་དེ་བརྗོད་པར་བྱ་དགོས་སོ་སྙམ་དུ་དགོངས་པ་ལ། ཡོད་པ་ཉིད་དམ་རྟག་པ་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དགོངས་པ་ནི་འདི་ཡིན་ཏེ། ཡང་དག་པ་དངོས་པོ་ཁས་ལེན་པ་ན་བྱས་པའམ། མ་བྱས་པ་ཁས་ལེན་པ་ཡིན་གྲང་ན། དེ་ལ་རེ་ཞིག་བྱས་པ་ནི་ཁས་བླང་བར་རིགས་པ་མ་ཡིན་ཏེ། དེ་ན་ཁྱོད་འདོད་པ་ཉིད་ཀྱིས་སྐྱེ་བའི་དུས་ཀྱི་ཚེ་མི་རྟག་པ་ཞེས་བྱ་བ་འདུས་བྱས་ཀྱི་མཚན་ཉིད་དང་འབྲེལ་པའི་དབང་གིས་སྐད་ཅིག་ཏུ་ཡང་ཡོད་པར་མ་གྲུབ་པ་ད་གཟོད་ཉིད་བསྟན་པའི་ཕྱིར་རོ། །འོན་ཏེ་མ་བྱས་པ་ཡིན་ན་དེ་ཡང་རིགས་པ་མ་ཡིན་ཏེ། དེ་ནི་ཡོད་པ་ཉིད་ན་དེ་ཁས་ལེན་པ་ན་རྟག་པ་ཉིད་དེ་རྟག་པའི་ཐ་སྙད་འཇུག་པའི་


DTG103_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མཚན་འདོད་ཆགས་ལ་སོགས་པའི་ཉེས་པ་མཐའ་དག་གི་གླེང་གཞི་བསྟན་པའི་དངོས་པོར་མངོན་པར་ཞེན་པའི་མཚན་ཉིད་ཅན་རྟག་པར་ལྟ་བའི་ཉེས་པའི་རྒྱུ་དངོས་པོར་ཐལ་བར་འགྱུར་ཞེས་བྱ་བ་ལྷག་མའོ། །འོན་ཏེ་གང་གི་ཚེ་སྐྱོན་འདི་སྤོང་བར་འདོད་ནས་དེ་ཡང་ཡོད་དོ་ཞེས་ཁས་མི་ལེན་པ་དེའི་ཚེ་དེ་ཡང་མེད་ན་ངེས་པར་ཏེ་གདོན་མི་ཟ་བར་འཆད་པ་ཡིན་ཏེ་ཤིན་ཏུ་མེད་པར་ཆད་པར་ལྟ་བ་རྒྱུར་ཐལ་བར་འགྱུར་ཏེ་ཞེས་སྦྱར་བར་བྱའོ། །གང་གི་ཕྱིར་དེ་ལྟར་ཡོད་པ་དང་མེད་པ་ཉིད་དུ་ཁས་ལེན་པ་ན་དངོས་པོ་ཡིན་པ་དེ་གཉིས་ཡིན་ཏེ། སྐྱོན་གཉིས་སུ་ཐལ་བར་འགྱུར་བ་དེའི་ཕྱིར་དངོས་པོ་ནི་ཁོ་བོ་ཅག་གིས་ཁས་བླང་བར་བྱ་བ་མ་ཡིན་ནོ། །འདི་གལ་ཏེ་ཇི་སྐད་བསྟན་པའི་ཉེས་པར་ཐལ་བར་འགྱུར་བའི་འཇིགས་པས་བྱེ་བྲག་ཏུ་སྨྲ་བའི་ལྟ་བའམ། མུ་སྟེགས་པའི་ལྟ་བས་ཡང་དག་པའི་དངོས་པོ་ཁས་མི་ལེན་ན། འོ་ན་ནི་མདོ་སྡེ་པའི་ལྟ་བས་དེ་ཁས་ལེན་པར་གྱིས་ཤིག །གང་གི་ཕྱིར་དེ་དག་ནི་གང་གིས་སྐྱེ་བའི་དུས་ཁོ་ནར་འཇིག་པ་དང་འབྲེལ་པའི་དབང་གིས་རྟག་ཏུ་དངོས་པོ་དངོས་མེད་དུ་ཐལ་བར་འགྱུར་བ་འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པས་མཇུག་འདུས་བྱས་སུ་འདོད་པ་མ་ཡིན་ཏེ། འོན་ཀྱང་སྐད་ཅིག་སྔ་མས་བསྡུས་པའི་རྒྱུ་དང་རྐྱེན་དག་ལས་སྔ་མ་བྱུང་བ་ལས་སྐྱེ་བ་གང་ཡིན་པ་དེ་ནི་འདུས་བྱས་ཞེས་བྱ་སྟེ། དེ་ལྟར་ཡང་རྒྱུ་དང་རྐྱེན་དག་ཀྱང་ཡང་དག་པར་ཚོགས་ཤིང་འདུས་པ་ལས་བྱུང་བ་རྣམས་ནི་འདུས་བྱས་རྣམས་ཞེས་བྱ་བ་དང༌། རང་གི་ངོ་བོ་གྲུབ་པར་བྱ་བའི་ཕྱིར་གཞན་གྱི་བྱེད་པ་ལ་ལྟོས་པའི་དངོས་པོ་ནི་བྱས་པ་ཞེས་བཤད་པ་ལྟ་བུའོ། །དེ་ཡང་དེ་ལྟར་སྐྱེས་པ་ནི་སྐད་ཅིག་གཉིས་པ་ན་ཉེ་བར་ལེན་པ་ཅན་སྐྱེ་བ་ན་རང་གི་ངང་གིས་ལྡོག་པར་འགྱུར་ལ། དེ་བཞིན་དུ་དེའི་ཉེ་བར་ལེན་པ་ཅན་ཡང་སྐད་ཅིག་གསུམ་པ་ལ་ཞེས་བྱ་བ་རྒྱུ་དང་འབྲས་བུར་གྱུར་པ་སྐད་ཅིག་གཞན་དང་གཞན་གྱི་བདག་ཉིད་རྒྱུན་གྱི་ངོ་བོ་ཡང་དག་པའི་དངོས་པོ་ཁས་ལེན་ན། སྔར་བསྟན་པའི་ཉེས་པ་གང་ཡིན་པ་དེ་རྒྱུན་འདི་ལ་དངོས་པོའི་ངོ་བོ་ཁས་ལེན་པ་ན་མེད་པ་སྟེ། དེ་ཁས་ལེན་པ་པོ་ཉེས་པ་དང་ལྡན་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་སྐད་ཅིག་


DTG103_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ་སྐད་ཅིག་གསུམ་པ་ལ་འབྱུང་བའི་འབྲས་བུའི་རྒྱུ་བྱིན་ནས་ནི་དངོས་པོ་འགག་སྟེ་རང་གི་ངང་གིས་འཇིག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་ཡང་སྐད་ཅིག་གཅིག་ལ་བྱ་བ་གཉིས་ཡོད་པའི་ཕྱིར་སྔ་ཕྱིའི་དངོས་པོ་མེད་ཀྱང་ཁ་གདངས་ནས་ཉལ་ལོ་ཞེས་བྱ་བ་བཞིན་དུ་ཀའི་རྐྱེན་མི་འགལ་ལོ། །སྔ་མ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ཕྱེད་ཕྱི་མས་ལན་འདེབས་པར་བྱེད་དོ། །ཇི་ལྟར་གོང་དུ་མེད་དེ་དེ་ལ་ཡང་རྒྱུ་མིན་མཚུངས་ཞེས་སྨོས་པས་བཤད་པའི་ཚུལ་གྱིས་འབྲས་བུ་མ་འོངས་པ་ལ་ལྟོས་ནས་རྒྱུར་མངོན་པར་འདོད་པའི་རྒྱུ་ཉིད་མ་གྲུབ་པ་དེ་བཞིན་དུ་འདིར་དེའི་སྒོ་ནས་བསྟན་པར་བྱ་བ་རྒྱུན་དུ་མངོན་པར་འདོད་པའི་རྒྱུན་ཉིད་འདི་མ་གྲུབ་པ་ཡིན་ནོ། །སླར་རྒྱུ་མ་ཡིན་པ་དང་མཚུངས་པར་གྱུར་པས་འགའ་དང་འགའི་རྒྱུར་མེད་པ་ཉིད་དོ་ཞེས་རྒྱུན་ཆད་པར་ཐལ་བ་བཟློག་པར་དཀའོ། །དེ་ལྟ་བས་ན་རྣམ་པ་ཇི་ལྟར་ཡང་དངོས་པོར་ཁས་བླང་བར་རིགས་པ་མ་ཡིན་ནོ། །གལ་ཏེ་དེ་ལྟར་སྐྱེ་བ་དང་འཇིག་པ་མེད་ན་དེ་མ་མཐོང་བ་ལ་བཅོམ་ལྡན་འདས་ཀྱིས་མྱ་ངན་ལས་འདས་པའི་ལམ་བསྟན་པ་འབྲས་བུ་དང་ལྡན་པར་ཅི་ལྟར་རིགས་ཞེས་ཕྱོགས་སྔ་མར་བྱ་བའི་ཕྱིར། སྐྱེ་འཇིག་མཐོང་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཕྱིར་གང་དག་ལམ་གྱི་བདེན་པས་བསྡུས་པ་རྣམ་པར་བྱད་པའི་ཆོས་སྐྱེ་བ་རྣམས་སྐྱེ་བ་དང༌། སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པས་བསྡུས་པ་རྣམས་ནི་དེའི་དབང་གིས་འཇིག་པར་མཐོང་ན། དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ལྷག་མ་དང་བཅས་པ་དང༌། ལྷག་མ་མེད་པའི་བདག་ཉིད་ཀྱི་མྱ་ངན་ལས་འདས་པའི་ལམ་གྱི་ཚོགས་དང༌། སྦྱོར་བ་དང༌། མཐོང་བ་དང༌། སྒོམ་པ་དང༌། མི་སློབ་པའི་དབྱེ་བས་ཐ་དད་པ་དེ་བསྟན་པ་ནི་རིགས་ཞེས་བྱ་བ་ལྷག་མའོ། །ཡང་གང་ཞིག་རང་བཞིན་ཀུན་ནས་ཉོན་མོངས་པ་མ་ཡིན་ཞིང་རྣམ་པར་བྱང་བ་མ་ཡིན་པ་རིགས་པ་དེ་ལ་ནི་མ་ཡིན་ཏེ། སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །འདིར་ལྡན་བསྟན་པ་ནི་འདི་དག་ཅེས་བྱ་བ་ལ་སོགས་པ་སྟེ། འདི་དག་ནི་སྐྱེ་བ་དང་འཇིག་པའོ། །ཕན་ཚུན་ནི་གཞན་ནི་གཞན་དག་གོ །


DTG103_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

གང་བཟློག་པ་ནི་གཞན་མི་མཐུན་པའི་མཚན་ཉིད་ཀྱི་རྣམ་གྲངས་ཅན་ཕྱིན་ཅི་ལོག་པ་རུང་སྟེ། དེ་ལས་དེས་མཐོང་བ་སྟེ། ཤེས་པ་གང་ཡིན་པ་དེ་ནི་ཕྱིན་ཅི་ལོག་ལས་ཡིན་ཏེ། མེད་པ་སྣང་བར་ནུས་པའི་ངོ་བོ་མ་རིག་པའི་དབང་གིས་དེ་ཁོ་ན་མཐོང་བ་ལས་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་བསྟན་པ་ཡིན་ཏེ། ཇི་སྐད་བསྟན་པའི་རིགས་པས་རང་བཞིན་སྟོང་པ་ཡིན་ཕྱིར་གཟོད་མ་ནས་ཞི་བའི་ཆོས་ཐམས་ཅད་ཀྱི་སྐྱེ་བ་དང་འཇིག་པ་དག་གིས་སྣ་ཚོགས་པ་ཉིད་ཡོད་པ་མ་ཡིན་ཞིང༌། གང་ཞིག་དེ་རིག་པ་དེ་ནི་གཞན་མ་ཡིན་པའི་རྣམ་གྲངས་ཅན་ཕྱིན་ཅི་ལོག་ནས་གཞན་ལས་མ་ཡིན་པ་དེའི་ཕྱིར། ཇི་ལྟར་དེའི་ཆེད་དུ་བསྟན་པ་འབྲས་བུ་དང་བཅས་པ་ཡིན། འདིར་གཞན་སྨྲ་བ་ནི། གལ་ཏེ་སྐྱེ་འགག་མེད་ཡིན་ནོ། །ཞེས་བྱ་བ་ལ་སོགས་པའོ། །འདི་སྙམ་དུ་གང་ཞིག་ལ་མ་སྐྱེད་པར་བྱེད་པ་དང༌། ཀུན་འབྱུང་འགོག་པར་བྱེད་པ་དེ་ལ་དེའི་དབང་གིས་མ་འོངས་པའི་སྡུག་བསྔལ་མི་སྐྱེ་བའི་ངོ་བོ་མྱ་ངན་ལས་འདས་པར་རིག་ན། སྟོང་པ་ཉིད་དུ་སྨྲ་བ་ཁྱོད་ཀྱིས་ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་ཡིན་པའི་ཕྱིར་གལ་ཏེ་སྐྱེ་བ་དང་འགག་པ་ཡོད་པ་མ་ཡིན་པ་དེའི་ཚེ་གང་ཞིག་འགག་པས་གང་ཞིག་མྱ་ངན་ལས་འདས་པར་འགྱུར་ཏེ། འགའ་ཞིག་ཀྱང་མ་ཡིན་པ་ཉིད་དོ། །དེའི་ཕྱིར་ཐར་བ་མེད་པར་ཐལ་བར་འགྱུར་རོ་སྙམ་དུ་སེམས་ན། མ་ཡིན་ཏེ། གང་གི་ཕྱིར་རང་བཞིན་ཉིད་ཀྱིས་ཞེས་བྱ་བ་རྒྱས་པར་ཏེ་རང་གི་ངོ་བོ་དང༌། སྒྲོ་མ་བཏགས་པའི་ངོ་བོ་དང་དེ་ཁོ་ན་ཉིད་ཅེས་བྱ་བ་དོན་གཅིག་པ་དེ་ཉིད་ཀྱིས་གཟོད་མ་ཉིད་ནས་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་དེ་ཉིད་ཀྱི་ཕྱིར་འགག་པ་མེད་པ་གང་ཡིན་པ་དེ་ཉིད་ཐར་མིན་ནམ་ཞེས་བྱ་བའོ། །འདི་ཉིད་ཁྱོད་ཀྱིས་ཀྱང་གདོན་མི་ཟ་བར་ཁས་བླང་བར་བྱ་སྟེ། གཞན་དུ་ན་གལ་ཏེ་འགོག་ལས་ཞེས་བྱ་བ་རྒྱས་པར་ཏེ། འགའ་ཞིག་ཅེས་བྱ་བ་ལྷག་མའོ། །གལ་ཏེ་ཆོས་འགའ་ཞིག་འགོག་ལས་ཏེ། དངོས་པོ་མེད་པར་འགྱུར་བ་ལས་མྱ་ངན་ལས་འདས་པར་ཐལ་བར་འགྱུར་ཞེས་བྱ་བ་ལྷག་མའོ། །འོན་ཏེ་མི་འགོག་པ་ལས་ཞེས་བྱ་བ་ནི་ཅིག་ཤོས་ལྟར་གྱི་སྒྲའི་དོན་ཡིན་ཏེ། དེའི་ཚེ་རྟག་པ་ནི་དངོས་པོའི་རང་


DTG103_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

གི་ངོ་བོ་བརྟན་པ་ཁོ་ན་སྟེ། མྱ་ངན་ལས་འདས་པར་ཐལ་བར་འགྱུར་རོ་ཞེས་སྦྱར་རོ། །མྱ་ངན་ལས་འདས་པ་དེ་ལྟ་བུ་ཡང་མི་རིགས་ཤིང་ཁྱོད་ཀྱིས་ཀྱང་ཁས་མ་བླངས་ཏེ། ཉོན་མོངས་པ་འགོག་པ་ཡིན་ན་ཡང་དེའི་བག་ཆགས་ནི་མི་འགོག་པས་སྐྱེ་བ་རྣམ་པར་ཆད་པ་མ་གྲུབ་པའི་ཕྱིར་ཏེ། མར་མེ་བཞིན་མྱ་ངན་ལས་འདས་པ་བསྟན་པ་ཡང་དགོངས་པ་ཅན་ཡིན་པའི་ཕྱིར་དང༌། འདུས་བྱས་ཐམས་ཅད་སྐད་ཅིག་མ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །དེ་ཕྱིར་དངོས་པོ་དངོས་མེད་མིན། །ཞེས་བྱ་བ་སྟེ། ཐར་པ་ཞེས་བྱ་བར་འབྲེལ་ཏོ། །འོ་ན་ཅི་ཞེ་ན། སྐྱེ་བ་མེད་དང་འགག་མེད་ཡིན། །ཞེས་བྱ་བ་སྟེ། གཟོད་མ་ནས་ཞི་བ་ཉིད་ཐར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་སོ་སོར་བརྟགས་པའི་འགོག་པ་ནི་ཐར་པ་ཡིན་ཏེ། དེ་ཡང་འདུས་མ་བྱས་པ་ཉིད་དུ་འདོད་པས་རྟག་ཏུ་ཡོད་པ་ཉིད་དུ་གནས་པ་ཡིན་ནོ། །དེ་ལྟར་ཡང༌། འདུས་མ་བྱས་རྣམས་གསུམ་ཡང་སྟེ། །ནམ་མཁའ་དང་ནི་འགོག་པ་གཉིས། །ཞེས་བསྟན་ཏོ། །དེའི་ཕྱིར་འདི་འགོག་པར་བྱ་བ་མ་ཡིན་པས་ཇི་ལྟར་དེ་ཡང་བཀག་པ་ལས་ཐར་བར་བྱ་ཞེས་བྱ་སྙམ་དུ་དོགས་པ་ལ་གལ་ཏེ་འགོག་པ་འགལ་ཞེས་བྱ་བ་ལ་སོགས་པའོ། །དགོངས་པ་ནི་འདི་ཡིན་ཏེ། གནས་པ་ཉིད་དུ་འདོད་པའི་འགོག་པ་འདི་ནི་རེ་ཞིག་གང་གིས་ཀྱང་མི་རྟོགས་པ་ཉིད་ཀྱི་ངོ་བོ་དེ་ལྟ་བུ་ཡིན་ཡང་གལ་ཏེ་ཡོད་དོ་ཞེས་ཁ་ཅིག་སེམས་པ་དེའི་ཚེ། ལམ་གང་ཞིག་ཡོད་པ་ནའམ། འདོད་ཆགས་ལ་སོགས་པའི་ངོ་བོའི་ལྡན་པའི་རྫས་གང་ཡིན་པ་འདི་ནི་འདི་ཡོད་ན་འབྱུང་བར་འགྱུར་བས་སམ། འབྱུང་བར་བྱེད་པ་ཡིན་པས་དངོས་པོ་ཞེས་བསྒྲུབ་པའི་དབྱེ་བས་ཐ་དད་པ་དེ་གཉི་གའི་ངོ་བོ་དེ་མེད་པར་ཡང་དེར་འགྱུར་ཏེ། གང་གི་ཕྱིར་རང་གི་ངོ་བོ་འགྲུབ་པ་ལ་གཞན་ལ་ལྟོས་པ་དང་བཅས་པ་ནི། འདུས་མ་བྱས་སུ་རིགས་པ་མ་ཡིན་ནོ། །མི་ལྟོས་པར་ཁས་བླངས་པ་ཡང་མ་ཡིན་ཏེ། སོ་སོར་བརྟགས་པ་ནི་དེའི་ལམ་ཉིད་དུ་ཁས་ལེན་པའི་ཕྱིར་དང༌། འདོད་ཆགས་ལ་སོགས་པ་བྲལ་བར་བྱ་བ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །དེ་ལྟར་ཡང༌། སོ་སོར་བརྟགས་པས་འགོག་པ་གང༌། །བྲལ་བ་སོ་སོ་སོ་སོ་ཡིན། །ཞེས་བསྟན་


DTG103_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །གལ་ཏེ་གཞན་ཡང་དེ་དག་སོ་སོར་བརྟགས་པ་ནི་འགོག་པ་ཐོབ་པའི་ཡན་ལག་ཉིད་དུ་འདོད་ན་དེ་ལྟ་ཡང་ཐོབ་པ་ནི་སྐྱེ་བ་ལས་ཐ་དད་པར་རིགས་པ་མ་ཡིན་ནོ་ཞེས་མི་ལྡན་པའི་འདུ་བྱེད་དཔྱད་པའི་ཞར་ལ་གཞན་དུ་གཏན་ལ་ཕབ་ཟིན་ཏོ། །དེའི་ཕྱིར་གནས་པའི་བདག་ཉིད་ཀྱི་འགོག་པ་དེ་མེད་དེ། དེ་ཡོད་པ་ཉིད་དུ་ཁས་ལེན་པ་ན་བྱེ་བྲག་ཏུ་སྒྲུབ་པའི་དབྱེ་བས་སྔར་བརྗོད་པའི་དངོས་པོ་སོ་སོར་བརྟགས་པའི་མཚན་ཉིད་ཀྱི་ལམ་ནི་ལྟོས་པར་བྱ་བ་མ་ཡིན་པའི་ཕྱིར་དང༌། འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པ་ནི་དེས་ཐོབ་པར་བྱ་བའི་བྲལ་བའི་རྟེན་ཉིད་དུ་མི་རིགས་པས་ཡོད་ཀྱང་ནི། མེད་པ་དང་ཁྱད་པར་མེད་པའི་ཕྱིར་དངོས་པོ་མེད་པར་ཐལ་བའི་ཕྱིར་རོ། །འོན་ཏེ་གལ་ཏེ་དེའི་ལམ་དང་དེའི་བྱེད་པའི་རྟེན་དུ་གྱུར་པ་ཀུན་ནས་ཉོན་མོངས་པ་ལྟོས་པར་བྱ་བ་ཡིན་པ་དེ་ཉིད་དུ་ཁས་བླངས་པ་དེའི་ཚེ་དེ་དག་ལ་མི་ལྟོས་པའི་བྲལ་བའི་མཚན་ཉིད་ཀྱི་དངོས་པོ་མེད་པ་མེད་པའི་ཕྱིར་ཡང་གནས་པའི་འགོག་པ་མེད་དོ། །དེའི་ཕྱིར་སྔར་བརྗོད་པ་ཁོ་ན་ཐར་པའི་མཆོག་ཡིན་ནོ། །གང་ཡང་ཇི་ལྟར་དངོས་པོ་རྣམས་ཀྱི་སྐྱེ་བ་མེད་པ་ཉིད་ཐར་པ་ཡིན་ཏེ། མཚན་གཞི་དང་མཚན་ཉིད་ཡོད་པ་ཉིད་ཀྱིས་དེ་ཉིད་མ་གྲུབ་པའི་ཕྱིར་རོ། །གང་གི་ཕྱིར་གཟུགས་ལ་སོགས་པ་རྣམས་སྐྱེ་བ་མེད་པ་ཡིན་ན་གཟུགས་སུ་རུང་བ་དང༌། ཉམས་སུ་མྱོང་བ་དང༌། མཚན་མར་འཛིན་པ་ལ་སོགས་པའི་མཚན་ཉིད་དེ་ཁོ་ན་ཉིད་དུ་རིགས་པ་མ་ཡིན་ནོ་ཞེས་ཟེར་བ་དེ་ལ། མཚན་གཞི་དང་མཚན་ཉིད་མ་གྲུབ་པར་བསྟན་པར་འདོད་ནས་མཚན་གཞི་ལས་མཚན་ཉིད་གྲུབ་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དགོངས་པ་ནི་འདི་ཡིན་ཏེ། གང་གི་ཕྱིར་སྒྲུབ་པར་བྱེད་པ་གང་ཞིག་རང་ཉིད་གྲུབ་པའི་ཁང་བཟངས་ཀྱི་སྟེང་དུ་འཛེགས་ནས་དེ་ཉིད་གཞན་མ་གྲུབ་པ་སྒྲུབ་པར་བྱེད་པར་ནུས་པ་ཡིན་གྱི་འདི་དངོས་པོ་རྣམས་སྐྱེ་བ་དང་ལྡན་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་སྒྲུབ་བྱེད་ཉིད་དུ་བསྟན་པ་ན་མཚན་གཞི་དང་མཚན་ཉིད་འདི་གྲུབ་པ་ནི་མ་ཡིན་ཏེ། འདི་ལྟར་རེ་ཞིག་མཚན་གཞི་དང་མཚན་ཉིད་ལས་འདས་པའི་དེའི་དངོས་པོ་གཞན་སྲིད་པ་ནི་མ་ཡིན་ཏེ། དེ་གཞན་ཉིད་ཡིན་ན་ཇི་ལྟར་འདི་དག་


DTG103_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གི་ཞེས་བྱ་བའི་འབྲེལ་པ་གཞན་འདོད་པ་གཞན་ཡིན་ལ་དེ་ལ་ཡང་འདིའི་དོན་གཞན་ཉིད་དུ་ཁས་ལེན་ན། ཇི་ལྟར་དེ་དང་དེ་དག་འབྲེལ་པ་ཡིན་ཞེས་དེ་ལ་ཡང་དེ་ལྟར། དེ་ཁོ་ན་ཡོད་པ་ཉིད་དུ་རྟོག་པ་ན་ཐུག་པ་མེད་པ་ཉིད་ཀྱིས་རྟོགས་པ་མེད་པར་ཐལ་བའི་ཕྱིར་རོ། དེ་དག་ཀྱང་རང་ལས་གྲུབ་པ་མ་ཡིན་ཏེ། གང་གི་ཕྱིར། མཚན་གཞི་ལས་མཚན་གྲུབ་མཚན་ལས། །མཚན་གཞི་གྲུབ་སྟེ་ཞེས་བྱ་བར་སྦྲེལ་བར་བྱའོ། །གང་གི་ཕྱིར་གང་གིས་མཚན་གཞི་མཚོན་པར་བྱེད་པ་དེ་ནི་མཚན་ཉིད་ཅེས་བྱ་བ་ཡིན་གྱི་མཚན་གཞི་ལ་མཚན་གཞི་ཉིད་དུ་མཚོན་པར་མི་བྱེད་པའི་མཚན་ཉིད་དེ་མཚན་གཞི་ཉིད་དུ་མཚོན་པ་ནི་མ་ཡིན་ནོ། །དེ་ལྟར་རེ་ཞིག་མཚན་གཞི་ལ་རག་ལས་ནས་མཚན་ཉིད་གྲུབ་པ་ཡིན་ནོ། །མཚན་གཞི་ཡང་མཚན་ཉིད་ལ་ལྟོས་ནས་གྲུབ་པ་ཡིན་ཏེ། འདི་ལྟར་གང་ཞིག་མཚན་ཉིད་ཀྱིས་མཚན་པར་བྱ་བ་དེ་ནི་མཚན་གཞི་ཞེས་བྱ་བ་ཡིན་གྱི། མཚན་ཉིད་དེ་ལྟ་བུས་ཉེ་བར་མཚོན་པ་ནི་མཚན་གཞི་དེའི་མཚན་གཞི་ཉིད་དུ་ཉེ་བར་མཚོན་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་དེ་དག་རང་ཉིད་ལས་གྲུབ་པ་མ་ཡིན་ནོ། །འོན་ཏེ་དེ་དག་རང་ལས་གྲུབ་པར་མ་གྱུར་མོད། འོན་ཀྱང་ཕན་ཚུན་ལྟོས་པ་ཉིད་ལས་གྲུབ་པ་ཡིན་ནོ་ཞེ་ན། གཅིག་ལས་གཅིག་ཀྱང་མ་གྲུབ་སྟེ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར། མ་གྲུབ་མ་གྲུབ་གྲུབ་བྱེད་ཡིན་ཏེ། གང་གི་ཕྱིར་ཕན་ཚུན་ལྟོས་པ་ན་གཉིས་པོ་དག་གྲུབ་པར་འདོད་ན་གཅིག་ཀྱང་གྲུབ་པ་མ་ཡིན་ཏེ། དེའི་ཕྱིར་མཚན་གཞི་མ་གྲུབ་པ་ནི་མཚན་ཉིད་མ་གྲུབ་པའི་སྒྲུབ་བྱེད་མ་ཡིན་པ་ལ་མཚན་ཉིད་མ་གྲུབ་པ་ཡང་མཚན་གཞི་མ་གྲུབ་པའི་མ་ཡིན་ནོ། །དེ་ལྟ་བས་ན་ཅི་ལས་ཀྱང་མཚན་གཞི་དང་མཚན་ཉིད་གྲུབ་པ་མ་ཡིན་ནོ། །དེ་ལས་ཅིར་འགྱུར་ཞེས་དགོངས་པ་ལས་མ་གྲུབ་ཅེས་བྱ་བ་ལ་སོགས་པ་སྐབས་ཀྱི་དོན་ལ་སྦྱར་བའི་ཕྱིར་ཡང་གདོན་པར་བྱའོ། །དེས་ན་དོན་ནི་འདི་ཡིན་ཏེ། མ་གྲུབ་པའི་མཚན་གཞི་དང་མཚན་ཉིད་གང་ཡིན་པ་དེ་ཡང་མ་གྲུབ་པའི་སྐྱེ་བ་དང་ལྡན་པའི་གྲུབ་བྱེད་ངེས་པ་སྐྱེད་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བའོ། །རིགས་པ་འདི་ཉིད་རྒྱུ་དང་


DTG103_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཉིད་ལ་སོགས་པ་གཞན་དག་ཀྱང་དངོས་པོ་རྣམས་སྐྱེ་བ་དང་ལྡན་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་སྒྲུབ་བྱེད་ཉིད་དུ་གཞན་དག་གིས་ཉེས་པར་སྦྱར་བ་དག་མ་གྲུབ་པ་ཉིད་དུ་བརྗོད་པའི་ཕྱིར། གཞན་ལ་བསྒྲེ་བ་བསྟན་པའི་ཕྱིར། །འདིས་ནི་རྒྱུ་དང་འབྲས་བུ་དང༌། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་རེ་ཞིག་རྒྱུ་དང་འབྲས་བུ་ཉིད་ནི་རྒྱུ་དང་འབྲས་བུར་མངོན་པར་འདོད་པའི་དངོས་པོ་ལས་ཕྱི་རོལ་དུ་གྱུར་པ་མ་ཡིན་ཏེ། སྔ་མ་ཐུག་པ་མེད་པར་ཐལ་བར་འགྱུར་བ་བཟློག་དཀའ་བའི་ཕྱིར་རོ། །དངོས་པོ་དེ་དག་ཀྱང་དེ་ཉིད་དུ་རང་ལས་གྲུབ་པ་མ་ཡིན་ཏེ། གང་གི་ཕྱིར་རྒྱུར་གྲུབ་པ་ནི་འབྲས་བུ་ལས་ཡིན་ལ། འབྲས་བུའི་ཡང་རྒྱུ་ལས་ཡིན་ནོ། །གང་གི་འབྲས་བུ་བྱེད་པ་དེ་ནི་རྒྱུ་ཞེས་བྱ་བ་ཡིན་གྱིས་འབྲས་བུ་ལ་འབྲས་བུ་ཉིད་དུ་མ་རྟོགས་ན་རྒྱུ་དེ་ཉིད་དུ་རྟོགས་པར་འགྱུར་བ་ཡང་མ་ཡིན་ནོ། །དེ་བཞིན་དུ་རྒྱུས་བསྐྱེད་པར་བྱ་བ་འབྲས་བུ་ལས་ཡིན་གྱི་རྒྱུ་ལ་རྒྱུ་ཉིད་དུ་ཉེ་བར་མ་མཚོན་པ་ན་འབྲས་བུ་ལ་འབྲས་བུ་ཉིད་དུ་ཡོངས་སུ་གཅོད་པར་འགྱུར་བ་ཡང་མ་ཡིན་ནོ། །གལ་ཏེ་རྗེས་སུ་འགྲོ་བ་དང་ལྡོག་པ་རྟོགས་པས་གཉིས་པོ་དག་གི་རྒྱུ་འབྲས་ཉིད་རྟོགས་པར་བྱ་བ་ཡིན་གྱི་ཕན་ཚུན་ལྟོས་པ་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། རྗེས་སུ་འགྲོ་བ་སྒྲུབ་པར་བྱེད་པ་དང་ལྡོག་པ་སྒྲུབ་པར་བྱེད་པའི་ཚད་མ་ནི་གཅིག་གམ་དུ་མ་མི་སྲིད་པའི་ཕྱིར་རོ། །ཇི་ལྟར་ཡང་དེ་མི་སྲིད་པ་དེ་ལྟར་སེམས་གཅིག་ལ་ཡང་མི་འཐད་ལ། དུ་མ་ལ་ཡང་མི་འཐད་དོ་ཞེས་བྱ་བའི་ནད་འདིར་བཤད་པ་ཡིན་ནོ། །དེའི་ཕྱིར་དེ་དག་གྲུབ་པ་ལ་ཕན་ཚུན་ལྟོས་པ་སྲིད་པའི་ཕྱིར་རང་ལས་གྲུབ་པ་མ་ཡིན་ནོ། །འོ་ན་ནི་ཕན་ཚུན་ལྟོས་པ་ཉིད་དུ་འགྱུར་རོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། དེ་ཉིད་དུ་གཅིག་ཀྱང་མ་གྲུབ་པ་ཡིན་ན། དེ་ལས་གཞན་གྱི་སྒྲུབ་པར་བྱེད་པ་ཉིད་དུ་མི་སྲིད་པའི་ཕྱིར་རོ། །དེ་ལྟ་བས་ན་རང་དང༌། ཕན་ཚུན་ལས་མ་གྲུབ་པའི་རྒྱུ་དང་འབྲས་བུ་ཉིད་འདི་ནི་གཞན་གྱི་སྐྱེ་བ་དང་ལྡན་པ་ཉིད་མ་གྲུབ་པའི་སྒྲུབ་བྱེད་མ་ཡིན་ནོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །དེ་ལྟར་བྱ་བ་དང་བྱེད་པ་པོ་ཉིད་དང་བྱེད་པ་པོ་དང་ལས་ཉིད་ཀྱང་འདི་ལ་སྒྲུབ་


DTG103_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །ཚོར་བ་ཚོར་བ་པོ་སོགས་དང༌། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་ཡང་ཚོར་བ་ལས་ཐ་དད་པར་བདག་ལ་སོགས་པ་གཞན་གྱིས་ཡོངས་སུ་བརྟགས་པའི་ཚོར་བ་པོ་ནི་ཤིན་ཏུ་མེད་པ་དེ་ལྟ་ན་ཡང་ནག་པ་ལ་སོགས་པ་ཀུན་རྫོབ་ཏུ་དེར་ཁས་བླངས་ནས་གཏན་ཚིགས་སུ་བསྟན་པ་འདི་ལ་བསྒྲེ་བར་རྣམ་པར་གཞག་པར་བྱ་བ་ཡིན་ནོ། །འདི་དག་རང་རིག་པ་དང་དབང་པོའི་མངོན་སུམ་དག་གིས་ཡང་དག་པར་ཁོང་དུ་ཆུད་པའི་ངོ་བོ་དག་ཡིན་ཡང་བྱ་བ་དང་བྱེད་པ་པོ་ཉིད་དུ་ཚད་མེད་པ་དེ་དག་གིས་རྟོགས་པར་བྱ་བ་ཡང་མ་ཡིན་ཏེ། དེ་ནི་ཕན་ཚུན་ལྟོས་པ་ཁོ་ནས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་རོ། །བྱེད་པ་པོས་བསྒྲུབ་པར་བྱ་བའི་ངོ་བོ་བྱ་བ་ཡིན་ཏེ། དེ་ཡང་བྱེད་པ་པོར་མངོན་པར་འདོད་པ་ལ་བྱེད་པ་པོ་ཉིད་དུ་མ་རྟོགས་ན་རྟོགས་པར་ནུས་པ་མ་ཡིན་ནོ། །དེ་ཡང་བྱ་བ་སྒྲུབ་པར་བྱེད་པ་ཉིད་ཀྱིས་བྱེད་པ་པོ་ཡིན་པའི་ཕྱིར་བྱ་བ་རྟོགས་པ་ལ་ལྟོས་པ་ཁོ་ནས་བྱེད་པ་པོ་ཉིད་དུ་རྟོགས་པ་ཡིན་ནོ། །དེའི་ཕྱིར་དེ་དག་ནི་དེའི་ངོ་བོར་རང་ལས་རྟོགས་པར་བྱ་བ་ཡིན་ནོ། །ཕན་ཚུན་ལས་ཀྱང་མ་ཡིན་ཏེ། དེ་ལྟ་ན་གཅིག་མ་གྲུབ་ན་མ་གྲུབ་པ་ལ་ཡང་གཞན་དུ་སྒྲུབ་པར་བྱེད་པ་ཉིད་དུ་མི་རིགས་པའི་ཕྱིར་རོ། །དེ་ལྟ་བས་ན་ཚོར་བ་དང་ཚོར་བ་པོ་ཞེས་བྱ་བ་རང་དང་ཕན་ཚུན་ལས་མ་གྲུབ་པའི་གཏན་ཚིགས་འདི་ཡང་སྐབས་ཀྱིས་སྐྱེ་བ་དང་ལྡན་པ་ཉིད་ཀྱིས་གཏན་ཚིགས་མ་ཡིན་ནོ་ཞེས་བྱ་བར་གནས་པ་ཡིན་ནོ། །དེ་ལྟར་བྱེད་པ་པོ་དང་ལས་ཉིད་ཀྱི་བདག་ཉིད་ལྟ་བ་པོ་དང་བ་ལྟ་བར་བྱ་བ་ཉིད་ཀྱང་སྒྲུབ་པར་བྱེད་པ་ཉིད་མ་ཡིན་པར་སྦྱར་བར་བྱའོ། །སྒྲ་གཉིས་པོ་དག་གིས་འདི་འཚེད་པ་པོ་དང་འཚེད་པ་དང་ཉན་པ་པོ་དང༌། མཉན་བྱ་ཉིད་ལ་སོགས་པའི་གཏན་ཚིགས་གཞན་དག་ཀྱང་རིགས་པ་ཐུན་མོང་བ་ཉིད་ཀྱིས་མ་གྲུབ་པའི་ཕྱིར། སྐབས་ཀྱིས་བསྒྲུབ་བྱ་སྒྲུབ་པར་བྱེད་པའི་ནུས་པ་དང་བྲལ་བ་ཉིད་དུ་ཉེ་བར་བརྗོད་པར་བྱའོ། །གལ་ཏེ་གང་ཡང་དངོས་པོ་རྣམས་རང་བཞིན་གྱིས་སྐྱེ་བ་དང་འགག་པ་མེད་པ་དག་ཡིན་ན་འོ་ན་ནི་དེ་དག་ཡོད་པ་མ་ཡིན་ཞིང་གང་དག་ཡོད་པ་མ་ཡིན་པ་དེ་དག་


DTG103_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དུས་གསུམ་དུ་འཇུག་པ་ཉིད་དུ་ཐ་སྙད་བྱ་བར་མི་ནུས་པར་འགྱུར་ན། ཐ་སྙད་ཀྱང་བྱེད་པ་ཡིན་ནོ། །དེའི་ཕྱིར་དེའི་ཐ་སྙད་གཞན་དུ་མི་འཐད་པས་སྐྱེ་བ་དང་འགག་པ་དང་ལྡན་པའི་དངོས་པོ་རྣམས་ཡིན་པ་དེའི་ཕྱིར་ཇི་ལྟར་ན། རང་བཞིན་ཉིད་ཀྱིས་སྐྱེ་མེད་ཅིང༌། །འགག་མེད་གང་དེ་ཐར་མིན་ནམ། །ཞེས་རྗོད་པར་བྱེད་སྙམ་དུ་སེམས་ན། དེ་ལ་དུས་གསུམ་ཉིད་མེད་དོ་ཞེས་བསྟན་པའི་ཕྱིར་བདག་ཉིད་མ་གྲུབ་མི་གནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཕྱིར་དུས་ཞེས་བྱ་བ་དངོས་པོ་ལས་དོན་གཞན་དུ་གྱུར་པ་ཞིག་ཡིན་ནམ། དོན་གཞན་དུ་གྱུར་པ་དེ་ཡང་ཅི་གཅིག་ཡིན་ནམ། དུས་མ་ཡིན། དེ་ལ་རེ་ཞིག་དོན་གཞན་དུ་གྱུར་པ་ནི་མ་ཡིན་ཏེ། བདག་ཉིད་དེ་རང་ཉིད་དངོས་པོའི་བདག་ཉིད་མ་ཡིན་པར་གྱུར་པ་རང་གི་ངོ་བོ་ཉིད་དུ་མ་གྲུབ་པའི་ཕྱིར་ཏེ། ཚད་མས་ཁོང་དུ་མ་ཆུད་པའི་ཕྱིར་རོ། །དེ་ལྟར་ཁས་བླངས་པ་ན་ཡང་གཅིག་མ་ཡིན་ཏེ། མི་གནས་ཕྱིར་ཏེ་དེ་གཅིག་ཏུ་ཞེས་བྱ་བ་ནི་ལྷག་མའོ། །གང་གི་ཕྱིར་རྣམ་པ་གསུམ་དུ་ཐ་སྙད་དུ་བྱ་བ་དེ་ནི་གཅིག་ཉིད་དུ་རྣམ་པར་གནས་པ་མ་ཡིན་ནོ། །འོ་ན་ནི་དུ་མར་འགྱུར་རོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། ཕན་ཚུན་གྲུབ་ཕྱིར་དང༌། འཆོལ་ཕྱིར་ཞེས་བྱ་བའི་གཏན་ཚིགས་གཉིས་པོ་དག་གིས་སོ། །གང་གི་ཕྱིར་འདས་པ་དང༌། ད་ལྟར་བ་དང༌། མ་འོངས་པ་དག་དེ་ལྟར་རྟོགས་པར་བྱ་བ་རྣམས་རེ་རེ་ཞིང་དེ་ལས་གཞན་གྲུབ་པ་ལ་རག་ལས་ན་གྲུབ་པ་དག་ཡིན་ཏེ། ད་ལྟར་ཡང༌། མ་འོངས་པ་དག་དེ་ལྟར་ཉིད་དུ་རྟོགས་པ་མེད་པར་ནི་འདས་པའི་དུས་དེ་ལྟར་རྟོགས་པར་ནུས་པ་མེད་པ་མ་ཡིན་ན་འདས་པའི་ངོ་བོར་རྟོགས་པ་མེད་ན་ད་ལྟར་དང་མ་འོངས་པ་དག་རང་གི་བདག་ཉིད་དུ་ཡང་མ་ཡིན་ནོ། །དེ་ལྟར་གཞན་ལ་ཡང་བརྗོད་པར་བྱའོ། །དེའི་ཕྱིར་གཅིག་ལ་གཅིག་བརྟེན་པ་ཉིད་ཀྱིས་གཅིག་ཀྱང་མ་གྲུབ་པ་དེའི་ཕྱིར་ཇི་ལྟར་འདི་དུ་མའི་བདག་ཉིད་དུ་ཡང་གྲུབ་པ་ཡིན། འདི་དག་ནི་འཆོལ་བ་ཡང་ཡིན་ཏེ། འདི་ལྟར་ད་ལྟར་ཉིད་ལ་ལྟོས་ནས་གང་ད་ལྟར་བ་ཉིད་འདས་པ་ལ་ལྟོས་ནས་མ་འོངས་པ་ཉིད་ཡིན་ཏེ། དེ་ལ་ལྟོས་


DTG103_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འདི་འབྱུང་བར་འགྱུར་བ་ཡིན་ནོ། །མ་འོངས་པ་ལ་ལྟོས་ནས་འདས་པ་ཡིན་ཏེ། དེ་ལ་ལྟོས་ནས་འདས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟར་གཞན་དུ་ཡང་ལྟོས་པའི་དབྱེ་བས་གསུམ་ཉིད་ཡིན་ནོ། །དེ་ལྟར་འཆོལ་བའི་ཕྱིར་ཡང་འདི་དུ་མ་འདི་ཡང་དག་པར་མ་གྲུབ་པ་ཉིད་དོ། །དེའི་ཕྱིར་འདི་ལྟར་དངོས་པོ་ལས་དོན་གཞན་དུ་གྱུར་པའི་དུས་གཅིག་གམ་དུ་མར་མ་གྲུབ་པ་ཡིན་ནོ་ཞེས་བྱ་བར་རྣམ་པར་གནས་པ་ཡིན་ན། གང་ཞིག་དངོས་པོ་ཉིད་སྐྱེས་ལ་འགགས་པ་དང༌། སྐྱེས་ལ་མ་འགགས་པ་དང༌། མ་སྐྱེས་པ་ལས་འདས་པ་དང༌། ད་ལྟར་དང་མ་འོངས་པའི་བདག་ཉིད་དུས་ཀྱི་དབྱེ་བ་ཡིན་པར་སེམས་པ་དེ་ལས་ཡང་འདི་དངོས་པོ་བ་ཉིད་དུ་མ་གྲུབ་བོ་ཞེས་བསྟན་པའི་ཕྱིར་གཏན་ཚིགས་བསྟན་པ་ནི་དངོས་པོ་མེད་ཕྱིར་ཡོད་མིན་ཏེ་ཞེས་བྱ་བའོ། །གང་གི་ཕྱིར་གལ་ཏེ་དངོས་པོ་ཉིད་འགའ་ཞིག་དངོས་པོ་བ་ཉིད་ཡིན་པ་དེའི་ཚེ་འདི་གནས་སྐབས་ཀྱི་དབྱེ་བ་ལ་བརྟེན་ནས་དུས་གསུམ་གྱི་བདག་ཉིད་དུ་རྣམ་པར་གཞག་པར་བྱ་བ་མ་ཡིན་ན་འདི་ཡོད་པ་ཡང་མ་ཡིན་ཏེ། དེ་ནི་སྔར་ཁོ་ན་འཐད་པ་མང་པོའི་སྒོ་ནས་རང་བཞིན་སྟོང་པ་ཉིད་དུ་ཉེ་བར་བསྟན་པའི་ཕྱིར་རོ། གལ་ཏེ་དངོས་པོ་ལས་དོན་གཞན་དུ་གྱུར་བའམ། དོན་གཞན་མ་ཡིན་པར་གྱུར་པའི་དུས་ཀྱི་དབྱེ་བ་དངོས་པོ་པ་ཉིད་དུ་ཡོད་པ་མ་ཡིན་ན། དེའི་ཚེ་འཇིག་རྟེན་ན་ཐོག་མ་མེད་པའི་བརྒྱུད་པ་ནས་གྲགས་པ་དེ་ལ་བརྟེན་པའི་ཐ་སྙད་འདི་ཇི་ལྟར་ཡིན་སྙམ་དུ་དོགས་པ་བསལ་བའི་ཕྱིར། དུས་གསུམ་ཉིད་ནི་རྟོགས་པ་ཙམ། །ཞེས་བྱ་བ་སྨོས་སོ།། ཐོག་མ་མེད་པའི་བརྫུན་པའི་རྣམ་པར་རྟོག་པ་གོམས་པའི་བག་ཆགས་ལས་བྱུང་བ་ཅན་དུས་གསུམ་མོ་སྙམ་པ་དེ་ལྟ་བུའི་རྣམ་པར་རྟོག་པ་ཉིད་འབའ་ཞིག་ཡིན་གྱི་དངོས་པོའི་ཉེ་བར་ལེན་པ་ཅན་ནི་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །གང་ཡང་སྐྱེ་བ་དང་འགག་པར་བྱ་བའི་ངོ་བོ་དག་སྤོང་བ་ཡིན་ན་འདུས་བྱས་སྤང་བར་འགྱུར་ལ། དེ་སྤངས་ན་ཡང་འདུས་བྱས་ཀྱི་མཚན་ཉིད་གསུམ་པོ་རྣམས་སྤོང་བར་འགྱུར་ན་དེ་དག་ནི་སྤང་བར་ནུས་པ་ཡང་མ་ཡིན་ཞེས་ཟེར་བ་དེ་ལ། གང་ཕྱིར་སྐྱེ་དང་གནས་དང་འཇིག །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །


DTG103_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་བྱས་མཚན་ཉིད་ཅེས་བྱ་བར་རིགས་ལ་གཅིག་གིས་ཚིག་ཡིན་ལ། རིགས་ཀྱང་གསལ་བ་མཐའ་དག་འཕེན་པར་འཇུག་པ་ཡིན་ནོ། །དེའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་རྣམས་ཞེས་བྱ་བའི་དོན་དུ་གནས་པ་ཡིན་ནོ། །དེ་ལྟར་འདུས་བྱས་ཀྱི་མཚན་ཉིད་རྗེས་སུ་བརྗོད་ནས་སྤང་བའི་ཕྱིར། འདི་གསུམ་མེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཕྱིར་འཆད་པར་འགྱུར་བའི་རིགས་པས་འདི་གསུམ་ཡོད་པ་མ་ཡིན་ཞིང༌། དེའི་སྒོ་ནས་འདུས་བྱས་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །འདུས་བྱས་དང་འདུས་མ་བྱས་དག་ཕན་ཚུན་སྤངས་པས་གནས་པའི་ཕྱིར་གཅིག་དགག་པ་ནི་གཞན་སྒྲུབ་པར་བྱེད་ན་མེད་པའི་ཕྱིར་ཞེས་བྱ་བའི་རིགས་པས་འདུས་མ་བྱས་ཉིད་ཡོད་པ་ཉིད་དུ་ལུས་པ་ཡིན་ན་དེ་ཡང་ཅི་ཡང་ཡོད་པ་མ་ཡིན་ཏེ། གཞན་གྱིས་ཁས་བླངས་པའི་དོན་བྱེད་ནུས་པའི་མཚན་ཉིད་ཀྱི་ཡོད་པ་ནི་དེ་ལ་མི་རིགས་པའི་ཕྱིར་རོ་སྙམ་དུ་སེམས་པའོ། །འདི་སྐད་བསྟན་པ་ཡིན་ཏེ། གལ་ཏེ་འདུས་བྱས་ཀྱི་མཚན་ཉིད་གསུམ་གདོན་མི་ཟ་བར་ཁས་བླང་བར་བྱ་བར་ཡོད་པར་གྱུར་པ་དེའི་ཚེ་དེའི་བྱེད་པའི་གནས་འདུས་བྱས་ཀྱང་ཡོད་པ་ཉིད་དུ་ཁས་བླང་བར་བྱ་བར་འོས་པར་འགྱུར་ན་འདི་གསུམ་ནི་གདོན་མི་ཟ་བར་ཁས་བླང་བར་བྱ་བར་ཡོད་པ་ཅན་ཡང་མ་ཡིན་ཏེ། དེའི་བྱེད་པ་ནི་ཇི་ལྟར་ཡང་འཐད་པ་མ་ཡིན་པ་ཉིད་ཡིན་པའི་ཕྱིར་རོ། །འདི་ཉིད་བསྟན་པའི་ཕྱིར། མ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །འདིས་ནི་འདི་སྐད་བསྟན་ཏེ། གལ་ཏེ་འདུས་བྱས་སྐྱེ་བ་དང༌། གནས་པ་དང༌། འཇིག་པ་ཡང་ཡིན་ལ། དེའི་ཚེ་དེའི་མཚན་ཉིད་ཀྱང་དེ་དག་རབ་ཏུ་སྦྱོར་དུ་འཇུག་པ་ཉིད་ཀྱིས་བྱེད་པ་དང་ལྡན་པ་ཉིད་དུ་གདོན་མི་ཟ་བར་ཁས་བླང་བར་བྱ་བར་ཡོད་པར་འགྱུར་ན། དེའི་ཚེ་སྐྱེ་བ་དང༌། གནས་པ་དང༌། འཇིག་པ་ཡང་མ་ཡིན་ནོ། །གང་གིས་སྐྱེས་པ་ནི་སྐྱེ་བ་མ་ཡིན་ཏེ། སྐྱེ་བའི་བྱ་བ་རྫོགས་པ་ཉིད་ཡིན་པའི་ཕྱིར་རོ། །མ་སྐྱེས་པ་ཡང་མ་ཡིན་ཏེ། གང་ཞིག་རི་བོང་གི་རྭ་བཞིན་དུ་སྐྱེ་བའི་བྱ་བའི་དགག་པ་གྲུབ་པ་ཡིན་ནོ། །གལ་ཏེ་གང་ལ་སྐྱེ་བ་ལ་རྒྱུ་མེད་པ་ནི་སྐྱེ་བའི་ཆོས་ཅན་གྱིས་མ་སྐྱེས་པ་དེ་ནི་སྐྱེ་བར་མི་འགྱུར་དུ་ཆུག་ན་། གང་


DTG103_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐྱེ་བ་ལ་རྒྱུ་ཡོད་པ་སྐྱེ་བའི་ཆོས་ཅན་གྱི་མ་སྐྱེས་པ་དེ་ནི་ཅིའི་ཕྱིར་སྐྱེ་བར་མི་འགྱུར་ཞེ་ན། དེ་ཡང་སྐྱེ་བ་མ་ཡིན་ཏེ། དེའི་རྒྱུར་མངོན་པར་འདོད་པ་ནི་རྒྱུ་མ་ཡིན་པ་དང་མཚུངས་པའི་ཕྱིར་རོ། །འདིར་ཡང་རིགས་པ་ནི། ཡོད་པའི་འབྲས་ལའང་འབྲས་ལྡན་རྒྱུ། །ཞེས་བྱ་བྱ་བ་ལ་སོགས་པ་ལན་མང་དུ་བསྟན་ཟིན་ཏོ། །དེ་ལྟར་གནས་པ་དང་མི་གནས་པ་དང༌། ཞིག་པ་དང་མ་ཞིག་པའི་ཡུལ་གྱི་དབྱེ་བས་གནས་པ་དང་འཇིག་པ་མི་རིགས་པར་བཤད་པར་བྱ་བ་ཡིན་ནོ། །དེའི་ཕྱིར་སྐྱེ་བ་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་གསུམ་ནི་བྱེད་པས་སྟོང་པའི་ཕྱིར་རང་བཞིན་སྟོང་པ་ཉིད་ཡིན་ཏེ། དེའི་ཕྱིར་དེའི་རྗེས་སུ་འབྲངས་ནས་ཀྱང་འདུས་བྱས་དངོས་པོ་བ་ཉིད་དུ་ཁས་བླང་བར་འོས་པ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་འདུས་བྱས་དང་འདུས་མ་བྱས་སྣ་ཚོགས་ཉིད་རང་བཞིན་ཉིད་མེད་པ་ཉིད་དེ། དེའི་ཕྱིར་དུ་མ་དང་གཅིག་ཉིད་ལ་སོགས་པའི་རྣམ་པར་རིགས་པ་རྣམས་ཀྱང་དེ་ལ་བརྟེན་པ་ཉེ་བར་ལེན་པ་མེད་པ་རྣམས་ཉིད་ཡིན་ནོ། །འདུས་བྱས་དང་འདུས་མ་བྱས་ཉིད་ཀྱི་མཚམས་ལས་ཕྱི་རོལ་དུ་གྱུར་པ་ཉིད་དུ་དངོས་པོ་སྲིད་དུ་ཡང་མ་ཡིན་ཞིང་ཐམས་ཅད་འདི་ཁོ་ནར་འདུས་པ་ཡིན་པའི་ཕྱིར་གཟོད་མ་ནས་ཞི་བ་ཉིད་ཁོ་ན་རིགས་པ་དང་ལྡན་པའི་ཐར་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །འདུས་བྱས་ནི་འདུས་མ་བྱས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཕགས་པ་འདིའི་དོན་རྟོགས་པར་ཟད་དོ། །འདིར་ཐམས་ཅད་གང་ཞིག་འདུས་པར་འདོད་པ་དེ་ནི་ཕྱོགས་སྔ་མ་བཀོད་པ་སྔོན་དུ་འགྲོ་བ་ཅན་གྱི་གྲུབ་པའི་མཐའ་བསྟན་པའི་སྒོ་ནས་གསལ་བར་བྱ་བའི་ཕྱིར། བླ་མ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་འདུས་བྱས་དང་འདུས་མ་བྱས་ཐམས་ཅད་རང་བཞིན་སྟོང་པ་ཉིད་ཡིན་པ་དེའི་ཚེ་ལས་ཀྱང་འདུས་བྱས་ཀྱི་ནང་དུ་གཏོགས་པའི་ཕྱིར་དེ་ལྟར་གྱུར་ན་ཡང་མ་ཡིན་ཏེ། འདི་ལྟར་བླ་མ་སྟེ་འཇིག་རྟེན་གསུམ་གྱི་སྟོན་པ་གཅིག་པུའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པ་ལ། །དྲུག་པོ་དེ་ལ་ལྡན་ཞེས་བརྗོད། །ཅེས་


DTG103_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་བཅོམ་ལྡན་འདས་ཀྱི་སྒྲས་བརྗོད་པར་བྱ་བ་ཡོན་ཏན་མ་ལུས་པ་འཕེན་པར་བྱེད་པའི་ཡོན་ཏན་དྲུག་དང་ལྡན་པའི་སངས་རྒྱས་སོ། །ངེས་པར་རྣམ་པར་སྨིན་པར་བྱེད་པ་ཡིན་པའི་ཕྱིར་ལས་གནས་ཏེ་ངེས་པར་གནས་ཤིང་ཉེ་བར་བསྟན་པའོ། །དེ་ཡང་རྣམ་པ་གསུམ་སྟེ། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་དང༌། སྐྱེས་ནས་མྱོང་བར་འགྱུར་བ་དང༌། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་དབྱེ་བ་སྟེ། ཇི་སྐད་དུ། ངེས་པ་དང་ནི་མ་ངེས་ལས། །ངེས་པ་ཡང་ནི་རྣམ་གསུམ་སྟེ། །མཐོང་ཆོས་ལ་སོགས་མྱོང་ཕྱིར་རོ། །ཞེས་བསྟན་པ་ལྟ་བུའོ། །དེ་བཞིན་དུ། ལས་བདག་དང་ནི་འབྲས་བུ་དང༌། །ཞེས་བྱ་བ་སྟེ། གནས་པ་དང་གསུང་ཞེས་བྱ་བ་དང་སྦྲེལ་བར་བྱའོ། །འདིར་བདག་ཉིད་ཀྱི་སྒྲ་ནི་རང་བཞིན་བརྗོད་དོ། །དེས་ན་འདི་སྐད་བསྟན་པ་ཡིན་ཏེ། གང་ཡང་ལས་རྣམས་ཀྱི་བདག་ཉིད་གནས་པ་སྟེ། མཚན་ཉིད་ངེས་པ་ནི་འདི་ལྟ་སྟེ། ཡིད་ཀྱི་ནི་སེམས་པའོ། །ལུས་དང་ངག་གི་ནི་སེམས་པས་ཀུན་ནས་བསླང་བ་ཉིད་དེ། སེམས་པ་ཡིད་ཀྱི་ལས་ཡིན་ཏེ། །དེས་བསྐྱེད་ལུས་དང་ངག་གི་ལས། །ཞེས་གང་བསྟན་པའོ། །རང་གི་དོན་ལ་བཀའ་སྒྲུབ་པའི་ཕྱིར་དེ་ནི་ལས་ཀྱི་བདག་ཉིད་དོ། །དེའི་འབྲས་བུ་སྟེ། ལས་གཅིག་ཏུ་གནག་པ་རྣམས་ཀྱི་བདག་ཉིད་སྨིན་པ་ནི་གཅིག་ཏུ་གནག་པའོ། །གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་དཀར་བའོ། །འདྲེན་མ་རྣམས་ཀྱི་རྣམ་པར་སྨིན་པ་ནི་འདྲེན་མའོ་ཞེས་བྱ་བའི་དབྱེ་བ་གནས་པས་ཉེ་བར་གནས་པ་ཡིན་ནོ། །འཇིག་རྟེན་ནི་ལས་བདག་གིར་བྱ་བ་ཡིན་ནོ་ཞེས་གསུངས་པས་ལས་ཉིད་རང་གི་བདག་ཉིད་དུ་བྱ་བ་རྟག་ཏུ་དབང་སྒྱུར་བ་ཡིན་ཏེ། འཇིག་རྟེན་གཞན་དུ་རྗེས་སུ་འབྲང་བའི་བེའུ་ལྟ་བུ་གང་དག་ཡིན་པ་དེ་དག་སྟེ། དེ་དག་ནི་སེམས་ཅན་དག་བྱ་བ་གསུང་ཞེས་བྱ་བ་དང་སྦྲེལ་བར་བྱའོ། །དེ་བཞིན་དུ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བ་ཉིད་ཡིན་ཏེ། །ཚོགས་ཤིང་དུས་ལ་བབ་པ་ན། །ལུས་ཅན་རྣམས་ལ་འབྲས་བུ་སྨིན། །ཞེས་གསུངས་པ་ལས་རྣམས་ཆུད་མི་ཟ་བར་གསུངས་པའོ། །དང་པོ་ནི་ཐ་མ་དག་ཏུ་གསུངས་ཞེས་བྱ་བའི་ཚིག་གཉིས་


DTG103_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་བཟུང་བ་ནི་དབུས་སུ་ཡང་དེ་སྦྱར་བའི་དོན་དུའོ། །དེ་ལྟ་བས་ན་གལ་ཏེ་ལས་ཀྱང་སྟོང་པ་ཉིད་ཡིན་ན་འདི་ལྟར་བཅོམ་ལྡན་འདས་གསུང་བར་མི་འགྱུར་བ་ཞིག་ན་ཞེས་བསྟན་པ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བ་ནི། ལས་གསུངས་ཏེ་གང་ཕྱིར་མ་སྐྱེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལས་གནས་པ་ཞེས་བྱ་བ་འདི་ལྟ་བུའི་རང་བཞིན་ཅན་ཞེས་བྱ་བའི། སེམས་ཅན་རྣམས་ཀྱིས་ལས་བདག་གིར་ཞེས་བྱ་བ་འབྲས་བུ་མ་བྱིན་པར་ཆུད་མི་ཟ་ཞེས་བྱ་བར་གསུངས་པ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་ཏེ། དེ་ནི་གང་གི་ཕྱིར་མ་སྐྱེས། །མི་འཇིག་པ་དེའི་ཕྱིར། དེ་ཁོ་ན་ཉིད་དུ་རང་བཞིན་མེད་ཅེས་ཚིག་སྦྲེལ་ཏེ་སྦྱར་བར་བྱའོ། །སྒྱུ་མ་ལ་སོགས་པ་བཞིན་དུ་བརྟེན་ནས་སྐྱེས་པའི་ཕྱིར། གང་ཞིག་དེ་ཁོ་ན་ཉིད་དུ་སྐྱེ་བ་དང་འགག་པ་མི་རིགས་པ་དེ་ནི་ཇི་ལྟར་རང་བཞིན་དང་ལྡན་པ་ཉིད་ཅེས་གསུངས་པར་འགྱུར་ཏེ། དེ་ལ་འདི་སྙམ་དུ་སེམས་ཏེ། གལ་ཏེ་རང་བཞིན་མེད་པའི་ལས་དེའི་དབང་གིས་ཇི་ལྟར་བདག་ཉིད་ཀྱི་དངོས་པོ་ཡོངས་སུ་འཛིན་པ་ཡིན་ཞེ་ན། འདིར་ལན་བསྟན་པ་ནི། དེ་སྐྱེས་བདག་འཛིན་དེ་འཛིན་མེད། །ཅེས་བྱ་བའི་ལས་ལས་སྐྱེས་པ་ཉིད་དུ་མངོན་པར་འདོད་པ་བདག་ཉིད་ཀྱི་དངོས་པོ་ཡོངས་སུ་འཛིན་པ་གང་ཡིན་པ་དེ་ཡང་དེ་ཁོ་ན་ཉིད་དུ་དེ་ཡོངས་སུ་འཛིན་པ་མེད་པ་དེ་ཁོ་ནའོ། །གང་ལས་ཤེ་ན། དེ་ཡང་རྣམ་པར་རྟོག་པ་ལས་ཡིན་ཞེས་བྱ་བ་སྨོས་སོ། །ཡང་ནི་གང་གི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར་ལས་ལས་སྐྱེས་པར་མངོན་པར་འདོད་པ་བདག་ཉིད་ཀྱི་དངོས་པོར་སྣང་བ་གང་ཡིན་པ་དེ་ནི་ཐོག་མ་མེད་པའི་མ་རིག་པའི་བདག་ཉིད་ཀྱི་རྣམ་པར་རྟོག་པ་ཁོ་ན་ལས་ཡིན་གྱི་དངོས་པོ་ཉིད་ནི་མ་ཡིན་ཏེ། རབ་རིབ་ཀྱི་རྒྱུ་མཚན་སྐྲ་ཤད་འཛིངས་པ་དང་ཟླ་བ་གཉིས་པ་ལ་སོགས་པ་ལྟ་བུའོ། །འདི་ཉིད་ཀྱང་ཁྱོད་ཀྱིས་ཀྱང་གདོན་མི་ཟ་བར་ཁས་བླང་བར་བྱ་བ་ཡིན་ཏེ། གཞན་དུ་གལ་ཏེ་ལས་ནི་རང་བཞིན་དུ་གྱུར་ཞེས་བྱ་བ་རྒྱས་པར་རོ། །དགོངས་པ་ནི་འདི་ཡིན་ཏེ། གང་ཞིག་རྟེན་འབྲེལ་མ་ཡིན་པ་དེ་ནི་རང་བཞིན་གྱིས་ཡིན་ནོ་ཞེས་བྱ་བར་རིགས་པ་ཡིན་ཏེ། རྒྱུ་དང་རྐྱེན་ལས་སྐྱེས་པ་ནི་སྒྱུ་མ་ལ་སོགས་པ་བཞིན་དུ་ཡང་


DTG103_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་མ་སྐྱེས་པ་ཉིད་ཀྱིས་རང་བཞིན་མེད་པའི་ཕྱིར་རོ། །གལ་ཏེ་ལས་ཀྱང་རྟེན་འབྲེལ་མ་ཡིན་ཏེ། དེར་འགྱུར་བ་ན་གཞན་ལ་ལྟོས་པ་མེད་པའི་ཕྱིར་རྟག་ཏུ་བ་ཉིད་དུ་འགྱུར་བ་དེའི་ཕྱིར་དེས་བསྐྱེད་པར་བྱ་བར་མངོན་པར་འདོད་པ་ལུས་ཀྱི་དངོས་པོ་ཡང་རྒྱུ་མ་ཚང་བ་མེད་པ་ཉིད་ཀྱིས་རྟག་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་ཉེས་པ་གཅིག་སྟེ། གང་གི་ཕྱིར་ཁྱོད་ཀྱིས་རྟག་པ་ཉིད་དངོས་པོའི་ཆོས་ཉིད་དུ་མི་འདོད་དོ། །ལས་དང་ལས་ཀྱི་འབྲས་བུ་རྟག་པ་ཉིད་ཡིན་ན་ནི། ལས་ཀྱང་སྡུག་བསྔལ་རྣམ་སྨིན་ཅན་མི་འགྱུར། །ཞེས་བྱ་བ་ཉེས་པ་གཉིས་པ་དང༌། དེའི་ཕྱིར་བདག་ཏུ་འགྱུར་ཏེ་བདག་མེད་པ་མ་ཡིན་ནོ་ཞེས་བྱ་བ་ཉེས་པ་གསུམ་པ་ཡིན་ཏེ། མི་རྟག་ཁོ་ན་ལས་སྡུག་བསྔལ་བ་དེ་ཉིད་དང༌། བདག་མེད་པ་ཉིད་དུ་འདོད་པའི་ཕྱིར་རོ། །གང་གི་ཕྱིར་རྟག་པ་ནི་འདུ་བྱེད་དང༌། འགྱུར་བའི་སྡུག་བསྔལ་དག་དང༌། བདག་མེད་པ་དང་འབྲེལ་པའམ། ཁྱོད་ཀྱིས་ཁས་བླངས་པ་ཡང་མ་ཡིན་ཏེ། གང་མི་རྟག་པ་དེ་ནི་སྡུག་བསྔལ་བ་ཡིན་ལ། གང་སྡུག་བསྔལ་བ་དེ་ནི་བདག་མེད་པ་ཡིན་ནོ་ཞེས་བྱ་བར་གྲུབ་པའི་མཐའ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ཡང་སྒྱུ་མ་ཉིད་ལ་སོགས་པ་བཞིན་དུ་བརྟེན་ནས་སྐྱེ་བའི་ཕྱིར་དེ་ཁོ་ན་ཉིད་དུ་རང་བཞིན་མེད་པར་ཁྱོད་ཀྱིས་ཁས་ལེན་པ་དེའི་ཕྱིར་ཇི་སྐད་བཤད་པའི་ཉེས་པར་ཐལ་བ་མ་ཡིན་ཏེ། གང་གི་ཕྱིར། གང་བརྟེན་ནས་སྐྱེས་པ་དེ་ནི་མི་རྟག་པ་ཉིད་ཡིན་ལ། གང་མི་རྟག་པ་དེ་ནི་སྡུག་བསྔལ་བ་ཡིན་ལ། གང་སྡུག་བསྔལ་བ་དེ་ནི་བདག་མེད་པ་ཡིན་ནོ་ཞེས་སྟོང་པ་ཉིད་དུ་སྨྲ་བས་ཀྱང་ཀུན་རྫོབ་ཀྱི་བདེན་པ་ལ་མི་བསྙོན་པའི་ཕྱིར་ཁས་ལེན་པ་ཉིད་དོ། །དེའི་ཕྱིར། ལས་ནི་རྐྱེན་སྐྱེས་ཅི་ཡང་མེད། །ཅེས་རྒྱས་པར་རོ། །གང་གི་ཕྱིར་ལས་བརྟེན་ནས་སྐྱེས་པར་ཁས་ལེན་ན། སྒྱུ་མ་ལ་སོགས་པ་བཞིན་དུ་དེ་ཁོ་ན་ཉིད་དུ་སྐྱེ་བ་མེད་ཅིང་འགག་པ་མེད་པའི་ཕྱིར་དང༌། བརྟེན་ནས་མ་སྐྱེས་པ་ལ་ཇི་སྐད་བཤད་པའི་སྐྱོན་གསུམ་དུ་ཐལ་བའི་ཕྱིར་གོ་རིམས་བཞིན་དུ་འཕགས་པ་གཉིས་པོ་དག་གིས་དེ་མ་ཐག་ཏུ་རང་བཞིན་མེད་པ་ཉིད་དུ་བསྟན་པ་དེའི་ཕྱིར། ལས་ནི་རྐྱེན་སྐྱེས་ཅི་ཡང་མེད། །རྐྱེན་ལས་སྐྱེས་མིན་ཡོད་མིན་ཏེ། །དེ་ཁོ་ན་ཉིད་དུ་


DTG103_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལྷག་མའོ། །འོན་ཏེ་དེ་ལས་རབ་ཏུ་སྤངས་ན་རིགས་པ་ཐུན་མོང་བ་ཉིད་ཀྱིས་དེའི་རྒྱུ་ཉིད་དུ་འདོད་པའི་ཉོན་མོངས་པ་དང༌། དེ་གཉི་ག་རྒྱུ་མཚན་ཅན་གྱི་སྐྱེ་བ་ཡང་རབ་ཏུ་སྤང་བར་འགྱུར་བ་མ་ཡིན་ནམ། དེའི་ཕྱིར་འདུ་བྱེད་འདི་གང་དག་གིས་འདུ་བྱེད་པ་དང༌། གང་དག་འདུ་བྱེད་པ་ཞེས་བྱེ་བྲག་ཏུ་སྒྲུབ་པའི་དབྱེ་བས་དངོས་པོ་རྒྱུ་དང་འབྲས་བུའི་བདག་ཉིད་རྣམས་སོ་སོར་སྣང་བའི་སྤྱོད་ཡུལ་དུ་འགྲོ་བ་ཇི་ལྟར་འགྱུར་སྙམ་དུ་དོགས་པ་བསལ་བའི་ཕྱིར། འདུ་བྱེད་རྣམས་ནི་སྒྱུ་མ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་ཡང་དག་པར་ཡོད་པ་མ་ཡིན་པ་རྣམས་ཀྱང་བརྟེན་ནས་བྱུང་བའི་ངོ་བོ་ཉིད་དུ་ལོག་པར་སྣང་བའི་བདག་ཉིད་ཀྱིས་སྣང་བ་དེ་བཞིན་དུ་འདུ་བྱེད་ཐམས་ཅད་ཀྱང་ཡིན་ཏེ། གང་གིས་ན་དེ་དག་ཉིད་ཡང་དག་པར་ཡོད་པ་ཉིད་དུ་རྣམ་པར་གཞག་པ་ལས་རྒྱུ་མཚན་ལྷག་མ་མཐོང་ངོ་ཞེས་དགོངས་པ་ཡིན་ནོ། །འདི་དག་ཉིད་གསལ་བར་བྱེད་པའི་ཕྱིར། ལས་ནི་ཉོན་མོངས་རྒྱུ་མཚན་ཅན། །ཞེས་བྱ་བ་རྒྱས་པར་སྨོས་སོ། །གང་གི་ཕྱིར་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་བཞིན་དུ་འདུ་བྱེད་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་དངོས་པོ་ཉིད་དུ་མེད་ཀྱང་བརྫུན་པའི་རྣམ་པ་ཉིད་དུ་སྣང༌། བ་དེ་ཉིད་ཀྱི་ཕྱིར་ལས་འབའ་ཞིག་སྟོང་པ་ཉིད་དུ་དཔྱོད་པའི་སྐབས་སུ་བབ་པ་ཡིན་ན་ཡང་རིགས་པ་ཐུན་མོང་ཉིད་ཀྱིས་གསུམ་ཀ་ཡང་ངོ་བོ་ཉིད་ཀྱིས་སྟོང་པར་དཔྱོད་པ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །གསུམ་ཀ་ཞེས་བྱ་བ་གང་ཡིན་ཞེ་ན། ཉོན་མོངས་པ་དང༌། ལས་དང༌། ལུས་ཞེས་བྱ་བ་ཡིན་ནོ། །སྔར་འདུ་བྱེད་ཅེས་བརྗོད་པས་གཙོ་བོ་ཡིན་པའི་ཕྱིར་འདི་དག་ཉིད་ཙམ་སྔར་བསྟན་པའི་བྱེ་བྲག་ཏུ་བསྒྲུབ་པའི་དབྱེ་བས་བསྡུས་པ་ཡིན་པའི་ཕྱིར་རོ། །དེ་ལ་བྱེད་པ་སྒྲུབ་པ་བསྟན་པས་ཉོན་མོངས་པ་དང་ལས་དག་ནི་རྒྱུ་ཉིད་དུ་བསྟན་ཏོ། ཉོན་མོངས་པ་ནི་ལས་ཀྱི་རྒྱུ་ཡིན་ལ། ལས་ཀྱང་ལུས་ཀྱི་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། ལས་ནི་ཉོན་མོངས་ལ་རྒྱུ་མཚན་ཅན་ཞེས་བྱ་བ་དང༌། ལུས་ནི་ལས་ཀྱི་རྒྱུ་མཚན་ཅན་ཞེས་བྱ་བ་སྨོས་སོ། །འདི་ཇི་ལྟར་རྟོགས་པར་ཡིན་ཞེ་ན། འདུ་བྱེད་ཉོན་མོངས་པ་ལས་བདག་ཉིད་ཅེས་


DTG103_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བར་སྨོས་སོ། །འང་ནི་གང་གི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར་ལས་དང་ཉོན་མོངས་པའི་བདག་ཉིད་ཀྱི་འདུ་བྱེད་ཀྱི་རྣམས་ཏེ། རྒྱུ་རྣམས་ནི་གྲུབ་པའི་མཐའ་ལས་བསྟན་ཏོ་ཞེས་བྱ་བ་དགོངས་པའོ། །དེ་ལྟར་ཡང༌། སྲིད་པའི་རྩ་བ་ཕྲ་རྒྱས་ཡིན། །ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་བྱ་བ་བསྟན་ཏོ། །འདིར་རྩ་བ་ནི་རྒྱུ་ལས་ཀྱི་རྒྱུ་ཡིན་པར་རྟོགས་པར་བྱའོ། །ལས་སྒྲུབ་པ་བསྟན་པ་ནི་ལུས་གཙོ་བོར་ལས་ཀྱི་འབྲས་བུ་ཉིད་ཡིན་ལ་དེ་ལས་གཞན་ལོངས་སྤྱོད་དང་གནས་ཀྱི་དངོས་པོ་ལ་སོགས་པ་ནི་དེའི་ཡན་ལག་ཉིད་ཀྱིས་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཡང་དེ་ཉིད་ཀྱིས་དེ་འཕེན་པར་གྲུབ་པའི་ཕྱིར་ལོགས་ཤིག་ཏུ་མ་སྨོས་ཏེ། རྒྱལ་པོ་འོངས་ཞེས་སྟོན་པ་ན་དེའི་འཁོར་ལོགས་ཤིག་ཏུ་སྟོན་པར་མི་བྱེད་པ་ལྟ་བུའོ། །དེ་བས་ན་འདི་ལྟར་རང་བཞིན་སྟོང་པ་ཉིད་དུ་རྣམ་པར་དཔྱོད་པའི་སྐབས་སུ་བབ་ན་དེ་དང་རྗེས་སུ་འབྲེལ་བའི་དབང་གིས་འདུ་བྱེད་ཐམས་ཅད་རང་བཞིན་སྟོང་པ་ཉིད་དུ་ཉེ་བར་བསྟན་པ་ཡིན་ལ། སྐབས་སུ་བབ་པའི་ལས་རང་བཞིན་མེད་པར་མཐར་ཕྱིན་པས། རང་བཞིན་ཉིད་ཀྱིས་སྐྱེ་མེད་ཅིང༌། །འགག་མེད་གང་ཚེ་མཐར་མིན་ནམ། །ཞེས་བྱ་བ་སྐབས་ཀྱི་རང་གཟོད་མ་ནས་ཞི་བའི་མཚན་ཉིད་མྱ་ངན་ལས་འདས་པའི་གཞུང་གཟུགས་ལ་ཆེས་ཤིན་ཏུ་གྲུབ་བོ་ཞེས་བསྟན་པའི་ཕྱིར། ལས་མེད་ན་ནི་བྱེད་པ་མེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ལས་ནི་བྱ་བ་ཡིན་ལ་དེ་ཡང་བྱེད་པ་པོ་མེད་པར་མི་རིགས་པའི་ཕྱིར་དེ་དག་ཉིད་ཡོད་ན་བྱེད་པ་པོ་ཡང་ཡོད་པ་འཕེན་པར་བྱེད་དོ། །དེ་བྱེད་པ་དང་ལྡན་པ་འདི་དེ་ནི་འབྲས་བུ་མེད་པ་མ་ཡིན་ལ། འབྲས་བུ་ཡང་ལོངས་སྤྱོད་པ་པོ་རྣམས་ཀྱང་དེ་ཉིད་ཐོབ་པ་མེད་པའི་ཕྱིར་ལས་དང་བྱེད་པ་པོ་ཡོད་པ་ནི་འབྲས་བུ་དང་ལོངས་སྤྱོད་པ་པོའི་ཡོད་པ་འཕེན་པར་བྱེད་དོ། །ཡང་གང་གི་ཚེ་བསྟན་ཟིན་པའི་རིགས་པས་རང་བཞིན་སྟོང་པ་ཉིད་ཀྱི་ལས་ཉིད་ཡོད་པ་མ་ཡིན་པ་དེའི་ཚེ་དེར་མེད་པས་དེར་འབྲེལ་པར་འཇུག་པར་བྱེད་པ་པོ་དང་འབྲས་བུ་དང་ལོངས་སྤྱོད་པ་པོ་རྣམས་ཀྱང་མེད་པ་ཡིན་པ་དེ་བས་ན་དབེན་པ་ཡིན་ཏེ། རྣམ་པར་དབེན་པ་ཉིད་ཡིན་ཞིང་རང་བཞིན་སྟོང་པ་ཉིད་དེ་གཟོད་མ་ནས་ཞི་བ་ཉིད་ཁོ་ན་མཐར་ཕྱིན་པ་ཉིད་དོ། །


DTG103_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཀྱང་སྔར་ཐར་པར་རྣམ་པར་གཞག་པ་ཡིན་པས་སྟོང་པ་ཉིད་སྨྲ་བ་ལ་འགལ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གལ་ཏེ་གཟོད་མ་ནས་ཞི་བ་ཉིད་ཁོ་ན་ཐར་པ་ཡིན་ནོ། །འོ་ན་ནི་དེ་བསྒྲུབ་པར་བྱ་བ་མ་ཡིན་པ་དེའི་ཕྱིར་སྟོང་པ་ཉིད་སྨྲ་བ་ལ་ལམ་གོམས་པའི་འབད་པ་དོན་མེད་པ་ཉིད་དོ་ཞེ་ན། མ་ཡིན་ཏེ། གང་གི་ཕྱིར། ལས་སྟོང་པར་ནི་ཡང་དག་པར། །ཞེས་རྒྱས་པར་རོ། །འདི་ལྟར་རྟོགས་པ་ཡིན་ཏེ། གལ་ཏེ་དོན་དམ་པར་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་པ་དེ་ལྟར་ན་ཡང་དེ་ཀུན་རྫོབ་ཏུ་ཡང་དེ་ལྟར་མ་ཡིན་ཏེ། གང་གི་ཕྱིར་མ་རིག་པ་ནི་ཀུན་རྫོབ་ཡིན་ཏེ། དེ་ཁོ་ན་ཉིད་ལ་སྒྲིབ་པར་བྱེད་པའི་ཕྱིར་རོ། །འདི་ན་ཡང་དག་མིན་དངོས་ཀྱང༌། །ཡང་དག་ཉིད་དུ་སྣང་གང་དེ། །མ་རིག་དེ་ཉིད་ཀུན་རྫོབ་ཡིན། །དེ་ཡི་སྐྱེ་བར་ཡང་དག་འདོད། །དེ་ལྟར་ཡང༌། རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས། །ཡང་དག་པར་ནི་རྟོགས་པ་གང༌། །དེ་ནི་སྟོན་པས་མ་རིག་གསུངས། །དེ་ལས་ཡན་ལག་བཅུ་གཉིས་འབྱུང༌། །ཞེས་འཆད་པར་འགྱུར་རོ། །དེ་བས་ན་འདི་ལྟར་སྐྱེ་བའི་རིམ་པ་མི་འགལ་བ་ཡིན་ན། འགོག་པའི་རིམ་པ་ཡང་མི་འགལ་བ་ཉིད་ཡིན་ཏེ། དངོས་སྟོང་ཤེས་ན་ཡང་དག་པ། །མཐོང་ཕྱིར་མ་རིག་མི་འབྱུང་བ། །དེ་ནི་མ་རིག་འགོག་པ་ཡིན། །དེའི་ཕྱིར་ཡན་ལག་བཅུ་གཉིས་འགག །ཅེས་འཆད་པར་འགྱུར་རོ། །དེའི་ཕྱིར་སྟོང་པ་ཉིད་དུ་ལྟ་བ་ལ་ཀུན་རྫོབ་ཀྱི་བདེན་པ་སྐྱེ་བ་དང་འགག་པ་དག་མི་འགལ་བའི་ཕྱིར་རོ། །ཕ་རོལ་པོ་ས་ལམ་གོམས་པའི་འབད་པས་འབྲས་བུ་མེད་པའི་ཉེས་པས་ཐལ་བར་འགྱུར་བ་སྨྲ་བ་ལ་ལན་འདེབས་པར་འདོད་པས། ལས་སྟོང་པར་ནི་ཡང་དག་པར། །ཞེས་བྱ་བ་ལ་སོགས་པའི་ལན་བསྟན་པ་གང་ཡིན་པ་དེ་ནི་རིགས་པ་ཉིད་ཡིན་ཏེ། འདི་ལྟར་ཚོགས་དང་སྦྱོར་བའི་ལམ་རྣམས་མེད་པར་ལས་ཡང་དག་པར་སྟོང་པར་རྣམ་པར་ཤེས་པར་མི་འགྱུར་ཏེ། དེ་ལ་ཆོས་མཆོག་གི་གནས་སྐབས་སུ་ནེམ་ནུར་མེད་པར་སྟོང་པར་རྣམ་པར་ཤེས་ན་དེ་མ་ཐག་ཏུ་དེ་ཉིད་མཐོང་བའི་ཕྱིར་དང་ལམ་མི་འབྱུང་སྟེ། མ་རིག་པ་འགགས་པས་འགོག་པར་འགྱུར་ཏེ་མི་འཇུག་གོ་ཞེས་བྱ་བར་དགོངས་པའོ། །དེ་ལས་དེ་མེད་ན། ལས་ལས་


DTG103_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས་པ་ལ་སོགས་པ་འབྱུང་བ་སྟེ་སྐྱེ་བའོ། །མི་འབྱུང་བ་ནི་མི་སྐྱེ་བའོ། །དེ་ཞེས་བྱ་བ་ལྷག་མའོ། །རྒྱུ་མེད་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །དེ་བས་ན་འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ལུགས་ལས་བཟློག་པའི་རིམ་པ་བསྟན་པས་ཀུན་རྫོབ་ཏུ་ལམ་འབྲས་བུ་དང་བཅས་པར་བསྒྲུབས་པ་ཡིན་ནོ། །འོན་ཏེ་དོན་དམ་པར་རྣམ་པར་དཔྱད་ན་མེད་པ་གང་ཡིན་པ་དེ་ཉིད་མ་བརྟགས་ན་ཉམས་དགའ་བར་གྲགས་པའི་མཚན་ཉིད་ཀུན་རྫོབ་ཏུ་རྒྱུའི་ངོ་བོ་ཉིད་དམ་འབྲས་བུའི་ངོ་བོ་ཉིད་དུ་ཡོད་དོ་ཞེས་བྱ་བར་དངོས་པོ་གཅིག་ལ་ལྟོས་པའི་དབྱེ་བས་ཡོད་པ་དང་མེད་པའི་བདག་ཉིད་དུ་ཁས་བླངས་པ་ཡིན་ན། དེ་ཡང་དཔེ་མེད་པར་བསྟན་པའི་མེད་པར་འགའ་ཞིག་གིས་ཀྱང་རྟོགས་པར་ནུས་པ་མ་ཡིན་ཞིང་འདི་ལ་དཔེ་འགའ་ཞིག་ཀྱང་ཡོད་པ་ཡང་མ་ཡིན་པ་དེའི་ཕྱིར་འདི་མ་བསྟན་པ་དང་འདྲ་བ་ཁོ་ན་མ་ཡིན་ནམ། ཞེས་བྱ་བར་ཕྱིར་རྒོལ་བ་དེ་ལ་ཤིན་ཏུ་གྲགས་པའི་དཔེ་རབ་ཏུ་བསྟན་པས་དོན་འདི་ཉིད་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་ཁྱོད་དང་ཁོ་བོ་ཅག་ལ་རྩོད་པ་མེད་པར་གྲུབ་པ། བཅོམ་ལྡན་འདས་ནི་ཆོས་རྣམས་ཐམས་ཅད་ཀྱི་ཇི་ལྟ་བ་དེ་ཁོ་ན་བཞིན་གནས་པ་དེ་ནི་དེ་ཁོ་ན་བཞིན་དུ་རྟོགས་ཤིང་ཁོང་དུ་ཆུད་པའམ་ཡང་ན་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཏིང་ངེ་འཛིན་མཐར་ཐུག་པའི་བདག་ཉིད་དུ་གྱུར་པ་ཐོབ་པ་དང་འབྲེལ་བས་འཁོར་བ་ཁོ་ནའམ། མྱ་ངན་ལས་འདས་པ་ཁོ་ནར་ཇི་ལྟར་གནས་པར་མི་འགྱུར་བ་དེ་བཞིན་དུ་མྱ་ངན་ལས་འདས་པའི་དབྱིངས་སུ་གཤེགས་ཤིང་ཐོབ་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་སངས་རྒྱས་གང་ཡིན་པ་དེ་ནི་རྫུ་འཕྲུལ་གྱིས་ཞེས་བྱ་བའི་ཆོ་འཕྲུལ་གྱི་ཁྱད་པར་གྱིས་གདུལ་བྱའི་སྐྱེ་བོ་རྗེས་སུ་བཟུང་ནས་རྗེས་སུ་མཐུན་པའི་རྣམ་པའི་ཁྱད་པར་སྤྲུལ་པ་སྤྲུལ་པར་མཛད་ལ་སྟེ་སྐྱེད་པར་བྱེད་པའོ། །སྤྲུལ་པ་དེས་ཀྱང་སྤྲུལ་པ་གཞན་ལ་ཡང་སྟེ་སླར་ཡང་སྤྲུལ་པར་བྱེད་དོ། །དེ་ལ་སྟེ་སྤྲུལ་པ་དེ་དག་གི་ནང་ནས་དེ་བཞིན་གཤེགས་པས་དངོས་སུ་སྤྲུལ་པ་གང་ཡིན་པ་དེ་དག་ཏུ་སྟོང་པ་རང་བཞིན་དང་བྲལ་བ་དེར་སྤྲུལ་པས་


DTG103_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་ལ་གཏམ་དུ་བརྗོད་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བར་བསྟན་པ་ནི། སྤྲུལ་པས་སྤྲུལ་སྨོས་ཅི་དགོས་ཞེས་བྱ་བ་སྟེ། དཔེ་འདིས་དེ་ཁོ་ན་ཉིད་དུ་རང་བཞིན་མེད་པ་བསྟན་ནས་དེ་ཉིད་ལ་ཀུན་རྫོབ་ཏུ་ཡོད་པ་ཡིན་ཡང་མི་འགལ་ལོ་ཞེས་བསྟན་པའི་ཕྱིར་སྨོས་པ་ནི། དེ་ནི་གཉི་ག་ཡོད་མིན་ཏེ། སྤྲུལ་པ་གཉི་ག་ཞེས་བྱ་བའི་དོན་ཏོ། །ཅི་ཡང་དག་པ་ཉིད་དུ་ཡིན་ནམ་ཞེ་ན། གང་ཅི་ཡང་རུང་སྟེ་ཞེས་བྱ་བ་སྨོས་ཏེ། དཔྱད་པར་འོས་པ་མ་ཡིན་པའི་ངོ་བོ་ནི་དཔྱད་མི་བཟོད་པའི་ཕྱིར་ཏེ་ཀུན་རྫོབ་བོ་ཞེས་བྱ་བར་དགོངས་པའོ། །དེ་ཉིད་ཀྱི་ཕྱིར་བསྟན་པ་རྟོགས་པ་ཙམ་སྟེ་འཁྲུལ་པ་ཙམ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་རྒྱུ་དང་འབྲས་བུའི་ངོ་བོར་གྱུར་པ་ཉིད་ཀྱིས་དཔེ་ལ་ལྟོས་པའི་དབྱེ་བས་གཅིག་ལ་ཡང་དག་པར་མེད་པའི་ངོ་བོ་དང༌། ཀུན་རྫོབ་ཏུ་ཡོད་པའི་ངོ་བོ་ཉིད་དུ་བསྟན་ནས་གཉི་གའི་ངོ་བོ་དེ་ཉིད་དོན་ལ་སྦྱར་བར་བྱ་བའི་ཕྱིར་དེ་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱེད་པ་པོ་འདིར་དེ་བཞིན་གཤེགས་པས་དངོས་སུ་སྤྲུལ་པ་གང་ཡིན་པ་དེ་དང་མཚུངས་པར་རྟོགས་པར་བྱས་ཏེ། སྐྱེད་པར་བྱེད་པ་ཉིད་དུ་མཚུངས་པའི་ཕྱིར་རོ། །ལས་ནི་དེའི་སྤྲུལ་པ་དང་མཚུངས་པ་ཡིན་ཏེ། བསྐྱེད་པར་བྱ་བ་མཚུངས་པའི་ཕྱིར་རོ། །བྱེད་པ་པོ་དང་ལས་ཀྱི་ངོ་བོ་དེ་ལྟ་བུ་གཉིས་ཀ་དེ་ནི་དེ་བཞིན་ཏེ་རྒྱུ་དང་འབྲས་བུའི་དངོས་པོར་གྱུར་པའི་སྤྲུལ་པ་གཉིས་བཞིན་དུ། དོན་དམ་པར་རང་བཞིན་གྱིས་ནི་ཞེས་བྱ་བ་རང་གི་ངོ་བོས་སྟོང་པ་ཡིན་པར་རྟོགས་པར་བྱ་ཞེས་བྱ་བ་ལྷག་མའོ། །དེ་ཙམ་གྱིས་རྣམ་པ་ཐམས་ཅད་དུ་མེད་པ་ནི་མ་ཡིན་ཏེ། དེ་ནི་ཀུན་རྫོབ་ཏུ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྟོག་ཙམ་གང་ཅི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་འདིར་ཡང་དེ་བཞིན་ཞེས་བྱ་བར་སྦྱར་རོ། །དོན་ནི་སྔ་མ་བཞིན་ནོ། །འོན་ཏེ་ལས་ལ་སོགས་པ་གཅིག་ཁོ་ནར་ཡོད་པ་ཉིད་མེད་པ་ཉིད་དུ་ཁས་བླངས་ནས་སྐྱོན་ཅི་ཞིག་ཏུ་འགྱུར། གང་གིས་ནི་དེ་སྤང་བའི་ཕྱིར་ལྟོས་པའི་དབྱེ་བས་གཉི་གའི་ངོ་བོར་འདོད་པ་ཡིན་ཞེ་ན། གལ་ཏེ་རང་བཞིན་གྱིས་ལས་ཡོད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་གཅིག་ཁོ་ནར་རང་བཞིན་གྱིས་ལས་དང་དེས་ཉེ་བར་མཚོན་པ་


DTG103_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་བྱེད་པ་པོ་ལ་སོགས་པ་ཡོད་པར་ཁས་བླངས་པ་དེའི་ཚེ་དེའི་འབྲས་བུར་སྐྱེ་བའི་ཡང་རྒྱུ་མ་ཚང་བ་མེད་པ་གཉིས་ཀྱིས་རྟག་པ་ཉིད་དུ་འཇུག་པས་དེ་ཉེ་བར་ཞི་བའི་བདག་ཉིད་ཀྱི་མྱ་ངན་ལས་འདས་པ་མེད་པ་དེའི་ཕྱིར་ཐར་པ་ལ་སྐུར་བ་ཉིད་ཡིན་ནོ་ཞེས་བྱ་བ་དགོངས་སོ། །འོན་ཏེ་ལས་དང་བྱེད་པ་པོ་རང་བཞིན་གྱིས་གཏན་དུ་གལ་ཏེ་མེད་ན་དེའི་ཚེ་རྒྱུ་མེད་པའི་ཕྱིར་འབྲས་བུ་མེད་པ་ཡིན་ནོ་ཞེས་བྱ་བའི་རིགས་པས་དེའི་འབྲས་བུ་སྡུག་པ་དང་མི་སྡུག་པ་ཡང་མེད་པ་དེའི་ཕྱིར་འཁོར་བར་འཇུག་པའི་རིམ་པ་ཉམས་སུ་མྱོང་བས་གྲུབ་པ་འདི་ལ་བསྙོན་པ་ཉིད་དུ་འགྱུར་རོ། །ཡང་སྔར་བསྟན་པའི་རིགས་པས་སྐྱོན་འདི་གཉིས་ཀྱི་གོ་སྐབས་མེད་པ་དེའི་ཕྱིར་ཐམས་ཅད་ལེགས་པར་གནས་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཀུན་རྫོབ་དང་དོན་དམ་པའི་བདེན་པའི་དབྱེ་བ་ལ་ལྟོས་ནས་ཡོད་པ་གང་ཡིན་པ་དེ་ཉིད་མེད་པ་ཡིན་པར་མི་འགལ་བ་ཡིན་པ་དེའི་ཕྱིར་ཐེག་པ་གསུམ་གྱིས་བསྡུས་པའི་བསྟན་པ་ནི་གདུལ་བྱའི་སྐྱེ་བོའི་བསམ་པའི་བྱེ་བྲག་གི་ངོ་བོར་འཇུག་པ་དོན་སྔ་ཕྱི་འགལ་བ་ཉིད་ལྟ་བུར་མངོན་དུ་སྣང་ཡང་དོན་མི་འགལ་བ་དོན་ཅན་ཁོ་ནའོ་ཞེས་བསྟན་པའི་ཕྱིར་ཡོད་ཅེས་རྒྱས་པར་སྨོས་སོ། །ཡོད་ཅེས་པའམ་ནི་ཇི་ལྟར་ཕྱི་རོལ་གྱི་ཚུལ་ལ་གཟུགས་ཀྱི་ཕུང་པོ་ལྟ་བུའོ། །མེད་ཅེས་པའམ་ནི་ཇི་ལྟར་དེ་ཉིད་རྣམ་པར་ཤེས་པའི་ཚུལ་ལྟ་བུའོ། །ཡོད་མེད་དམ་ཞེས་བྱ་བ་ནི་ཇི་ལྟར་རྣམ་པར་ཤེས་པའི་ཚུལ་ལྟ་བུ་སྟེ། བཅོམ་ལྡན་འདས་ཀྱིས་བསྟན་པར་བྱ་བ་གང་ཡིན་པ་དེ་ཀུན་རྫོབ་དང༌། དོན་དམ་པ་ལ་ལྟོས་ནས་ཅི་རིགས་པར་མི་འགལ་བའི་ཕྱིར་ཡོད་པ་ཉིད་དོ་ཞེས་ཤེས་པར་བྱའོ། །ཕྱོགས་གཉིས་པ་དག་ལ་ཡོད་པར་ཞེས་བྱ་བ་བྱེད་པའི་ཚིག་དང་འབྲེལ་ཏེ་བརྗོད་པ་ན་ཕྱོགས་གསུམ་པ་ལ་ཡང་གི་སྒྲས་འཕངས་པ་དེ་དང་འབྲེལ་པར་ཤེས་པར་བྱའོ། །མཆོག་གི་དོན་དམ་པ་ལ་ལྟོས་ནས་ནི། ཡང་མེད་པ་ཞེས་བྱ་བ་སྨོས་ཏེ། མེད་པ་ཡང་ཞེས་ཡང་གི་སྒྲས་རིམ་པ་བཞིན་དུ་སྦྱར་རོ། །ཅི་ཞིག་ཅེས་སྡིག་པ་ལ། ཡོད་ཅེས་བྱ་བའམ་མེད་ཅེས་བྱ་བའམ། ཡོད་མེད་ཅེས་བྱ་བ་རྣམ་པ་གསུམ་བསྟན་པ་མ་བརྗོད་པ་སྡུད་པའི་དོན་ཅན་གྱི་ཡང་གི་སྒྲས་འཕངས་པ་རྣམས་པ་གསུམ་པ་འགོག་པའི་


DTG103_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་རྣམ་པ་བཞི་པར་བསྟན་པར་བྱ་བ་དགག་པ་ཉིད་དུ་འདི་སྦྱར་བར་བྱ་སྟེ། གང་གི་ཕྱིར་མཆོག་གི་དམ་པ་ནི་རྣམ་པ་བཞི་པོ་འདི་དག་གིས་ཀྱང་བསྟན་པར་འོས་པ་མ་ཡིན་ཏེ། དེ་ནི་མཐའ་བཞི་དག་ལས་རྣམ་པར་གྲོལ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང༌། ཡོད་མིན་མེད་མིན་ཡོད་མེད་མིན། །གཉི་ག་མིན་པའི་བདག་ཉིད་མིན། །མཐའ་བཞི་དག་ལས་གྲོལ་བ་ལ། །དབུ་མ་པ་ཡིས་དམ་པར་རྟོགས། །ཞེས་བསྟན་ཏོ། །འཕགས་པའི་ཞལ་སྔ་ནས་ཀྱིས་ཀྱང༌། གང་བློ་ཡོད་དང་མེད་པ་ལས། །རྣམ་པར་འདས་ཤིང་མི་གནས་པ། །དེ་དག་ཟབ་མོ་དམིགས་མེད་པར། །རྐྱེན་གྱི་དོན་ལ་རྣམ་པར་སྒོམ། །ཞེས་གསུངས་སོ། །འདིར་ཡང་མཐའ་གཉིས་སྨོས་པ་ནི་ཅིག་ཅར་སྒྲུབ་པ་དང་དགག་པས་དེ་ལས་གཞན་པའི་མཐའ་གཉིས་ཡོད་པ་ཡིན་ཏེ། དེའི་ཕྱིར་དོན་གྱིས་འཕངས་པ་ཉིད་ཀྱིས་མཐར་ཕྱི་མ་གཉིས་མ་བསྟན་པ་ནི་མདོར་བསྡུས་པ་བརྗོད་པར་འདོད་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ནི་མཐའ་བཞི་དག་ལས་རྣམ་པར་འདས་པ་ཉིད་ཡིན་ཏེ། གཉིས་སུ་མེད་ཅིང་བརྗོད་དུ་མེད་པ་ཉིད་ཀྱིས་ཐ་སྙད་ཐམས་ཅད་ལས་འདས་པ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་མཆོག་གི་དོན་དམ་པ་ནི་ངག་དང་རྣམ་པར་རྟོག་པ་ལས་འདས་པ་ཉིད་ཀྱི་སངས་རྒྱས་རྣམས་ཀྱིས་ཀྱང་བསྟན་པར་མི་སྤྱོད་པ་ཡིན་ན། འོ་ན་ནི་དེ་ལས་གཞན་དུ་དེ་དག་གི་བསྟན་པ་རྣམས་འཇུག་པར་བྱེད་ཅེ་ན། སངས་རྒྱས་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཆོག་གི་དོན་དམ་པ་གཟིགས་པའི་སྐྱོབ་པ་སངས་རྒྱས་རྣམས་ཀྱིས་དགོངས་ནས་ཏེ། རིགས་ཀྱི་ཁྱད་པར་ལ་ལྟོས་ནས་དགོངས་པའི་ཁྱད་པར་གདུལ་བྱའི་སྐྱེ་བོ་རྗེས་སུ་བཟུང་བ་དང༌། རྗེས་སུ་མཐུན་པའི་དགོངས་པ་ལ་རྒྱུ་ཉིད་དུ་བརྟེན་ནས་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱི་དབང་གིས་གང་གསུངས་པ་བསྟན་པའི་ངོ་བོའི་གསུང་འཇུག་པ་དེ་ནི་རྟོགས་པར་སླ་བ་མ་ཡིན་པ་སྟེ། རྒན་པོ་ཉེ་བར་བསྟེན་པ་མ་བྱས་པ་རྣམས་ཀྱིས་ནི་རྟོགས་པར་སླ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་བསྟན་པ་ཡིན་ཏེ། གང་དག་བླ་མ་དམ་པ་ཉེ་བར་བསྟེན་པ་དེའི་དབང་གིས་བསྒྲུབས་པ་བདེ་བར་གཤེགས་པའི་བཀའ་ལ་མཁས་པའི་བློ་གྲོས་ཅན་ཡིན་པ་དེ་དག་


DTG103_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

གིས་དེ་དག་རྟོགས་པར་སླ་བ་མ་ཡིན་ནོ། །དེ་ལྟར་ཡང་བསྟན་བཅོས་མཛད་པ་པོ་ཉིད་ཀྱིས་འདིར་གནས་པའམ། སྐྱེ་འཇིག་ཅེས་བྱ་བ་ལ་སོགས་པས་བསྟན་བཅོས་རྩོམ་པ་ནི་ཐེག་པ་གསུམ་དང་འབྲེལ་བའི་སངས་རྒྱས་ཀྱི་བསྟན་པའི་རྒྱུ་བསྟན་པ་ཡིན་ནོ། །འདི་ཉིད་ཀྱི་ཕྱིར་ཡང་དེ་དག་གིས་ནི་རྟོགས་པར་སླ་བ་མ་ཡིན་ཏེ། གང་གི་ཕྱིར་དེ་ལྟར་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ལ་བསྟེན་པར་མི་འགལ་བར་འཇུག་པ་བདེ་བར་གཤེགས་པའི་བཀའ་མ་ལུས་པའི་བསྟན་པ་འབྲས་བུ་དང་བཅས་པ་ཉེ་བར་བསྟན་པ་ཡིན་ན་ཡང༌། ཁ་ཅིག་ཐོག་མ་མེད་པའི་སྲིད་པ་བརྒྱུད་པ་ནས་གོམས་པའི་བདེན་པའི་དངོས་པོར་འཛིན་པའི་ཞེན་པས་མི་མཁས་པའི་བློ་ཅན་གཟུགས་ལ་སོགས་པ་རྣམས་ལ་ཀུན་རྫོབ་ཉིད་བཟོད་པར་མི་བྱེད་དོ། །དེ་ཉིད་ཀྱི་ཕྱིར་བསྟན་བཅོས་མཛད་པས་ཀྱང་དེ་དག་ལ་དོན་དམ་པ་ཉིད་དུ་རང་གི་ལུགས་ཀྱིས་སྔར་གསལ་བ་ཡིན་ཡང༌། མི་འགྱུར་བའི་ངེས་པ་བསྐྱེད་པར་བྱ་བའི་ཕྱིར་དེ་ཉིད་ཀྱི་ལུགས་ཀྱིས་གསལ་བར་བཞེད་པ་ན། གལ་ཏེ་གཟུགས་ནི་འབྱུང་རང་བཞིན། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འབྱུང་བ་རྣམས་རང་བཞིན་ཐ་མི་དད་པའི་རྒྱུ་གང་ལ་ཡོད་པ་དེ་ནི་གལ་ཏེ་གཟུགས་ནི་འབྱུང་བའི་རང་བཞིན་ཏེ། དེ་ཁོ་ན་ཉིད་དུ་ཞེས་རྗེས་སུ་བརྗོད་ནས་གཟུགས་དེ་ཞེས་བྱ་བ་ལ་སོགས་པ་སུན་འབྱིན་པར་བྱེད་དོ། །གཟུགས་དེ་འབྱུང་ལས་ཞེས་བྱ་བ་ནི་བདག་ཉིད་དུ་གྱུར་པའི་འབྱུང་བ་ལས་བྱུང་བ་སྟེ་གྲུབ་པ་མ་ཡིན་ནོ། །འདིར་ཨའི་ཚིག་ཕྲད་ནི་དགག་པ་གསལ་བར་བྱེད་པ་ཡིན་ཏེ། ཨ་དང་མ་དང་ན་དང་ནཱ་དག་ནི་དགག་པར་བྱེད་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །གང་ཡང་སེམས་པ་རང་བཞིན་ལས་མིན་མ་ཡིན་ནམ་སྟེ། རང་གི་ངོ་བོར་གྲུབ་པའི་འབྱུང་བ་ལས་ཞེས་བྱ་བའི་དོན་ཏོ། །དེས་ནི་གདོན་མི་ཟ་བར་གཞན་དུ་གྱུར་པའི་འབྱུང་བ་ལས་བྱུང་ངོ་ཞེས་ཁས་ལེན་པ་ཉིད་ཡིན་ནོ་ཞེ་ན། འདི་ལ་བསྟན་པ་ནི། གཞན་ལས་ཀྱང་མིན་ཏེ་དོན་གཞན་དུ་གྱུར་པའི་འབྱུང་བ་ལས་ཞེས་བྱ་བའི་དོན་ཏོ། །གང་ལས་ཤེ་ན། དེ་མེད་ཕྱིར་ཞེས་སྨོས་ཏེ་གཞན་དུ་གྱུར་པའི་འབྱུང་བ་དེ་དག་མེད་པའི་ཕྱིར་རོ། །དགོངས་པ་ནི་འདི་ཡིན་ཏེ། དབང་པོ་དང་ཡུལ་གྱི་དབྱེ་བས་གཟུགས་


DTG103_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་བཅུ་འབྱུང་བ་ལས་གྱུར་པ་དང༌། རེག་བྱས་བསྡུས་པ་འབྱུང་བ་རྣམ་པ་བཞིའི་བདག་ཉིད་དངོས་པོ་བར་ཁས་ལེན་པ་གང་ཡིན་པ་དེ་ནི་འདི་ལྟ་བུར་བརྗོད་པར་བྱ་བ་ཡིན་ཏེ། གང་ཞིག་འབྱུང་བའི་རྒྱུ་ཅན་དེ་ནི་འབྱུང་བ་ལས་གྱུར་པ་ཞེས་བྱ་སྟེ། འདི་ལྟར་འབྱུང་བ་ལས་གྲུབ་པ་ནི་འབྱུང་བ་ལས་གྱུར་པ་ཞེས་རྗོད་པར་བྱེད་དོ། །འབྱུང་བ་དེ་དག་ཀྱང་ཅི་དེ་ལས་དོན་གཞན་མ་ཡིན་པར་གྱུར་པའམ། འོན་ཏེ་དོན་གཞན་དུ་གྱུར་པ་ཞིག་ཡིན། དེ་ལ་རེ་ཞིག་དོན་གཞན་མ་ཡིན་པར་གྱུར་པ་དག་ནི་མ་ཡིན་ཏེ། དེ་དག་ནི་སྐྱེད་པར་བྱེད་པ་ཉིད་དུ་མི་རིགས་པའི་ཕྱིར་རོ། །དེ་མི་རིགས་པ་ནི་འབྲས་བུ་ལས་སྔར་འབྲས་བུ་བཞིན་དུ་དེ་དག་ཀྱང་མེད་པའི་ཕྱིར་རོ། །ཡང་ན་ཡོད་པ་ཉིད་དེ་ལས་ཐ་མི་དད་པའི་ཕྱིར་འབྲས་བུ་ཡང་ཡོད་པ་ཉིད་ཡིན་པའི་ཕྱིར། དེ་ནི་འབྲས་བུ་ཉིད་མ་ཡིན་ཏེ་དེས་ཕན་གདགས་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་ནི་དེའི་འབྲས་བུ་ཉིད་དུ་འདོད་རྒྱལ་བ་ཉིད་ཡིན་ན་ཡང་དེ་དག་ཀྱང་དེ་ལ་ལྟོས་ནས་འབྲས་བུ་ཉིད་དུ་གྱུར་ན། དེ་ལྟར་ཡང་མ་ཡིན་ནོ། །དེ་ལྟ་བས་ན་དོན་གཞན་མ་ཡིན་པར་གྱུར་པའི་འབྱུང་བ་ལ་ལྟོས་ནས་འབྱུང་བ་ལས་གྱུར་པ་ལ་མངོན་པར་འདོད་པའི་གཟུགས་དེའི་འབྲས་བུ་ཉིད་དུ་རིགས་པ་མ་ཡིན་ནོ། །འོན་ཏེ་ཡང་སྐྱོན་འདི་སྤང་བའི་ཕྱིར་དོན་གཞན་དུ་གྱུར་པའི་འབྱུང་བ་རྣམས་དེའི་རྒྱུ་ཉིད་དུ་རྟོག་པར་བྱེད་ན། དེ་ཡང་རིགས་པ་མ་ཡིན་ཏེ། དོན་གཞན་དུ་གྱུར་པ་ཉིད་མ་གྲུབ་པའི་ཕྱིར་རོ། །དེ་མ་གྲུབ་པའི་གཟུགས་ལས་རྣམས་པར་དབྱེ་བ་མེད་པར་གནས་པ་ཉིད་ཀྱི་དེ་དག་ཁྱེད་ཀྱིས་དེའི་རྒྱུ་ཉིད་དུ་ཁས་ལེན་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ཡང་རྣམ་འགྲེལ་མཛད་པས་བརྟེན་པའི་གཟུགས་རྣམ་པར་བཤད་པ་ན། དེ་བརྟེན་སྒྲ་ཡང་རྒྱུ་དོན་དམ། །ཡང་ན་རང་གི་རྟེན་དང་ནི། །དབྱེར་མེད་པར་ནི་གནས་པའི་ཕྱིར། །རྟེན་ཡིན་གཞན་དུ་འཐད་མ་ཡིན། །ཞེས་བྱ་བའི་ཚིག་གིས་འབྱུང་བ་རྣམས་ནི་འབྱུང་བ་ལས་གྱུར་པ་ལས་ཐ་མི་དད་པ་ཉིད་དུ་དེའི་རྒྱུར་བཤད་པ་ཡིན་ནོ། །དོན་གཞན་ཉིད་ཡིན་ན་རྣམ་པར་དབྱེ་བ་མེད་པར་རིགས་པ་ཡང་མ་ཡིན་ཏེ། བུམ་པ་ལས་སྣམ་བུ་ལྟ་བུའོ། །དེ་ལྟ་བས་ན་ཁྱེད་ཅག་གིས་ཁས་བླངས་པ་ཁོ་ནས་གཞན་ཉིད་དུ་མ་གྲུབ་པའི་ཕྱིར་གཞན་དུ་གྱུར་པའི་འབྱུང་བ་ལས་ཀྱང་འབྱུང་བ་ལས་གྱུར་པ་བྱུང་བ་མ་ཡིན་ནོ་ཞེས་བྱ་བ་


DTG103_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གནས་པ་ཡིན་ནོ། །གཞན་ཡང་གལ་ཏེ་ཡང་འབྱུང་བ་ལས་གྱུར་པ་ལ་ལྟོས་ནས་འབྱུང་བ་རྣམས་ཀྱི་རྣམ་པར་དབྱེ་བ་མེད་པར་གནས་པ་ཉིད་དེའི་རྟེན་ཉིད་དུ་རྣམ་པར་གཞག་པའི་རྒྱུ་མཚན་ཉིད་དུ་འདོད་པ་དེ་ཡང་གཞན་ཕན་ཚུན་བདག་ཉིད་དུ་གྲུབ་པ་ཡིན་ནི་རིགས་ན་དེ་ཉིད་ཀྱང་མ་གྲུབ་པོ་ཞེས་བསྟན་པ་ནི། གཅིག་ལས་བཞི་ཉིད་ཡོད་མིན་ཞིང༌། །ཞེས་བྱ་བ་ལ་སོགས་པའོ། །དགོངས་པ་ནི་འདི་ཡིན་ཏེ། གལ་ཏེ་གང་གི་ཕྱིར་འབྱུང་བ་ལས་གྱུར་པ་རྣམ་པ་བཅུར་ཁས་བླངས་པ་སོ་སོར་འབྱུང་བ་བཞིའི་རང་བཞིན་ཡིན་ན་དེའི་ཚེ་དེའི་སོ་སོར་གཅིག་ནི་དེ་ལས་ཐ་མི་དད་པའི་ཕྱིར་གཅིག་ཉིད་ཉམས་ཤིང་འབྱུང་བ་བཞིན་དུ་བཞི་ཉིད་དུ་འགྱུར་ན་དེ་ཡང་ཡོད་པ་མ་ཡིན་ནོ། །དེ་ཡོད་ན་ནི་འབྱུང་བ་བཞིན་དུ་མིག་ལ་སོགས་པ་དང༌། གཟུགས་ལ་སོགས་པ་རྣམས་ཀྱང་ལུས་ཀྱི་དབང་པོའི་གཟུང་བ་ཉིད་དུ་ཐལ་བའི་ཕྱིར་དབང་པོ་ལས་འདས་པ་ཉིད་དུ་དབང་པོ་ཐ་དད་པའི་གཟུང་བ་ཉིད་མེད་པར་ཐལ་བ་བཟློག་པར་དཀའོ། །དེ་ལྟ་བས་ན་གཅིག་ལ་བཞི་ཉིད་ཡོད་པ་མ་ཡིན་ནོ། །དེ་ལ་འདི་སྙམ་དུ་ཇི་སྐད་བཤད་པའི་སྐྱོན་དུ་ཐལ་བའི་ཕྱིར་འབྱུང་བ་ལས་གྱུར་པ་འབྱུང་བ་བཞིའི་རང་བཞིན་དུ་མ་གྱུར་མོད། འབྱུང་བ་བཞི་པོ་དག་ནི་འབྱུང་བ་ལས་གྱུར་པའི་རང་བཞིན་ཉིད་ཡིན་ན་སྐྱོན་ཅི་ཡང་མེད་དོ་སེམས་ན། འདི་ཡང་ཡང་དག་པ་མ་ཡིན་ཏེ། གང་གི་ཕྱིར། བཞི་ལའང་གཅིག་ཉིད་ཡོད་མིན་ཏེ། །ཞེས་བྱ་བའོ། །དགོངས་པ་ནི་འདི་ཡིན་ཏེ། གང་གི་ཚེ་བཞི་པོ་དག་གིས་འབྱུང་བ་ལས་གྱུར་པ་གཅིག་གི་རང་བཞིན་ཡིན་པ་དེའི་ཚེ་དེ་དག་དེ་ལས་ཐ་མི་དད་པའི་ངོ་བོ་ཉིད་ཀྱིས་བཞི་ཉིད་ཉམས་ཤིང༌། འབྱུང་བ་ལས་གྱུར་པ་བཞིན་དུ་གཅིག་ཉིད་ཁོ་ནར་འགྱུར་ན་བཞི་པོ་དག་ལ་གཅིག་ཉིད་ཡོད་པ་ཡང་མ་ཡིན་ནོ། །དེ་དག་ལ་དེ་ཡོད་པ་ཡིན་ན་འབྱུང་བ་ལས་གྱུར་པ་བཞིན་དུ་དབང་པོ་ལས་འདས་པ་ཉིད་དང༌། དབང་པོ་ཐ་དད་པའི་གཟུང་བ་ཉིད་དག་ཏུ་ཅི་རིགས་པར་ཐལ་བའི་ཕྱིར་ལུས་ཀྱི་དབང་པོས་གཟུང་བ་ཉིད་མེད་པར་ཐལ་བ་ལན་གདབ་པར་མི་ནུས་པ་ཅན་དུ་འགྱུར་རོ། །དེ་ལྟ་བས་ན་བཞི་པོ་དག་ནི་གཅིག་ཉིད་མ་ཡིན་ནོ། །དེ་བས་ན་འདི་ལྟར་འབྱུང་བ་དང་འབྱུང་བ་ལས་གྱུར་པ་དག་ཕན་ཚུན་དེའི་བདག་ཉིད་དུ་མ་གྲུབ་


DTG103_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་འབྱུང་བ་ཆེན་པོ་བཞི་པོ་རྣམས་ནི་འབྱུང་བ་ལས་གྱུར་པའི་གཟུགས་ལས་རྣམ་པར་དབྱེ་བ་མེད་པར་གནས་པ་མེད་པ་ཉིད་དུ་མེད་པ་ཡིན་ལ། དེ་དག་ཀྱང་དེ་ལྟ་བུར་མེད་པ་དག་ལ་བརྟེན་ནས་དེ་རྒྱུ་ཉིད་དུ་བརྟེན་ནས་འབྱུང་བ་ལས་གྱུར་པའི་གཟུགས་ནི་ཇི་ལྟར་གྲུབ་པར་འགྱུར་ཏེ་ཇི་ལྟར་ཡང་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་འདི་ལྟར་སྐྱེ་བའི་སྒོ་ནས་འབྱུང་བ་ལས་གྱུར་པ་དང༌། དེའི་ཞར་ལ་འབྱུང་བའི་བདག་ཉིད་ཀྱི་ངོ་བོ་དངོས་པོ་ཉིད་དུ་བསལ་བ་མཛད་ནས་ཤེས་པའི་སྒོ་ནས་དེ་ཉིད་སེལ་བར་བྱེད་པའི་ཕྱིར་ཤིན་ཏུ་མི་འཛིན་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དབྱེ་བས་དངོས་པོ་པའི་ངོ་བོར་ཁས་བླངས་པ་མེད་ཅེས་བྱ་བ་ཡོད་པའི་ཐ་སྙད་དུ་བྱར་རུང་བར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལ་རེ་ཞིག་འབྱུང་བ་ལས་གྱུར་པ་དབང་པོའི་བདག་ཉིད་ཀྱི་གཟུགས་ཡོད་པའི་ཐ་སྙད་བྱར་མི་རུང་བ་ཉིད་ལ་གཏན་ཚིགས་བསྟན་པ་ནི། ཤིན་ཏུ་མི་འཛིན་ཕྱིར་ཞེས་བྱ་བ་སྨོས་ཏེ། རྟག་ཏུ་ལྐོག་ཏུ་གྱུར་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་འདི་ལ་མི་དམིགས་པ་མངོན་སུམ་གྱི་ཚད་མ་མི་འཇུག་པའི་ངོ་བོར་གཏན་ཚིགས་ཉིད་དུ་བསྟན་པ་ཡིན་ནོ། །ཅི་སྟེ་དེ་ལ་རྗེས་སུ་དཔག་པ་འཇུག་པ་ཡིན་ནོ་ཞེས་ཁས་ལེན་པ་གང་ཡིན་པ་དེའི་འདོད་པའི་དོགས་པ་བསུ་བའི་ཕྱིར། རྟགས་ལས་ཤེན་ཞེས་བྱ་བ་སྨོས་སོ། །རྟགས་ཅན་གྱི་དོན་གོ་བར་བྱེད་པའམ། འདིས་ལྐོག་ཏུ་གྱུར་པའི་དོན་གོ་བར་བྱེད་ཅིང་ཁོང་དུ་ཆུད་པར་བྱེད་པའི་ཕྱིར་རྟགས་ཡིན་ལ་དེ་ལས་ཡོད་ཅེས་གལ་ཏེ་སེམས་སོ་ཞེ་ན། ལན་བསྟན་པ་ནི། རྟགས་དེ་ཡང་མེད་ཅེས་བྱ་བ་སྟེ། དེ་མེད་ཅེས་བྱ་བའི་ཚིག་སྔར་དོན་བྱས་ཟིན་པ་ཡང་གྲུབ་པའི་མཐའི་གཞུང་འདིར་ཡང་བླངས་ཏེ་སྦྱར་བར་བྱའོ། །གང་གི་ཕྱིར་དབང་པོའི་གཟུགས་ནི་རྟག་ཏུ་ལྐོག་ཏུ་གྱུར་པ་ཉིད་ཀྱིས་འབྲས་བུ་ལྡོག་པའི་སྒོ་ནས་གོ་བར་བྱ་བ་ཉིད་དུ་འདོད་པས་དབང་པོའི་བློ་རྟགས་ཉིད་དུ་ཁས་བླངས་པ་ཡིན་ལ། རྟགས་དེ་ཡང་དབང་པོ་ཡོད་པའི་དུས་སུ་ནི་མེད་ལ་གང་གི་ཚེ་ཡང་ཡོད་པ་དེའི་ཚེ་ནི་དབང་པོ་གཟུགས་མེད་པ་ཡིན་ནོ། འདི་ཉིད་ག་ལས་ཤེ་ན། རྒྱུ་དང་རྐྱེན་ལས་སྐྱེས་ཕྱིར་ཏེ། །ཞེས་བྱ་བ་སྨོས་སོ། །འདི་སྐད་བསྟན་


DTG103_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཏེ། དབང་པོ་ཡོད་པའི་གོ་བྱེད་ཉིད་དུ་འདོད་པའི་དབང་པོའི་བློ་རང་དབང་ཅན་ཡིན་ནམ། གཞན་དབང་ཅན་ཡིན་གྲང་ན། རེ་ཞིག་རང་དབང་ཅན་ནི་མ་ཡིན་ཏེ། རེས་འགའ་བ་ཡིན་པའི་ཕྱིར་ཏེ། དེ་དང་འབྲེལ་པ་མེད་པས་རྟགས་ཉིད་དུ་མི་རིགས་པའི་ཕྱིར་དང་མི་འདོད་པའི་ཕྱིར་རོ། །འོན་ཏེ་རྒྱུ་དང་རྐྱེན་ལ་རག་ལས་ཏེ་སྐྱེ་བ་ཉིད་ཡིན་པའི་ཕྱིར་གཞན་དབང་ཡིན་ན་དེའི་ཚེ་དབང་པོ་ལ་ཡང་བདག་པོའི་རྐྱེན་ཉིད་ཀྱིས་དེ་ལ་རྒྱུ་ཉིད་དུ་ཁས་བླངས་པར་འགྱུར་ན། དུས་མཉམ་པ་ཉིད་ནི་དེ་དག་བསྐྱེད་བྱ་དང་སྐྱེད་བྱེད་ཉིད་ཀྱང་མ་ཡིན་ནོ། །དེའི་ཕྱིར་རྒྱུར་མངོན་བར་འདོད་པའི་དབང་པོ་ཡོད་པའི་དུས་སུ་བློ་ཞེས་བྱ་བའི་རྟགས་དེ་མེད་པ་ཡིན་ནོ། །དེ་ལས་སྐྱོན་ཅིར་འགྱུར་ཞེ་ན། ཡོད་ལའང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དབང་པོའི་གཟུགས་ཡོད་ཅིང་བདོག་པ་ལ་མེད་ཅིང་མི་བདོག་པ་ནི་རྟགས་སུ་ཡང་རིགས་པ་མ་ཡིན་ཏེ། གང་ཞིག་མ་གྲུབ་པས་བསྒྲུབ་པར་བྱ་བ་དེ་ནི་མི་གྲུབ་པོ་ཞེས་བྱ་བའི་རིགས་པས་སོ། །དེ་ལྟ་བས་ན་དབང་པོའི་གཟུགས་རྗེས་སུ་དཔག་པས་གོ་བར་བྱ་བ་ཡང་མ་ཡིན་ལ་ཚད་མ་གཞན་ཡང་མེད་པའི་ཕྱིར་ཇི་ལྟར་ན་ཡོད་པའི་ཐ་སྙད་དུ་བྱར་རུང་བ་ཡིན། །འདིས་ནི་འབྱུང་བ་ལས་གྱུར་པའི་དབང་པོའི་གཟུགས་ལ་སྒྲུབ་པར་བྱེད་པའི་ཚད་མ་མི་སྲིད་པར་བསྟན་པས་ཡོད་པའི་ཐ་སྙད་དུ་བྱར་མི་རུང་བར་བསྟན་ནས་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་བདག་ཉིད་ཀྱི། ཡུལ་གྱི་གཟུགས་ལའང་གང་དུ་མེད། །ཅེས་བྱ་བས་དམ་བཅས་པ་དེ་བསྟན་པའི་ཕྱིར། །གལ་ཏེ་བློ་གཟུགས་འཛིན་གྱུར་ན། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་དབང་པོ་ལས་སྐྱེས་པའི་བློ་ཡུལ་དུ་གྱུར་པའི་གཟུགས་འཛིན་པར་གྱུར་ན་སྟེ། མངོན་སུམ་དུ་གྱུར་ན་ཞེས་བྱ་བ་འདིས་ནི་གཞན་དག་ལ་གྲགས་པའི་མངོན་སུམ་གྱིས་གཟུགས་འཛིན་པ་ཉིད་རྗེས་སུ་བརྗོད་ནས་སུན་དབྱུང་བའི་ཕྱིར་བསྟན་པ་ནི། བདག་གིས་ཞེས་བྱ་བ་ལ་སོགས་པའོ། །བདག་གི་རང་བཞིན་ཉིད་རང་གི་ངོ་བོ་ཁོ་ན་བློས་འཛིན་པར་འགྱུར་ཏེ་མངོན་སུམ་དུ་བྱེད་ཀྱི་ཡུལ་གྱི་ངོ་བོ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་དགོངས་པ་ཡིན་ཏེ། གང་གི་ཕྱིར་ཡུལ་ཁོ་ན་མངོན་སུམ་དུ་གཟུང་བར་བྱ་བ་ཉིད་དུ་དམ་བཅའ་བར་བྱེད་པ་གང་


DTG103_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དེ་ནི་གདོན་མི་ཟ་བར་དོན་དང་ཤེས་པ་དག་ལ་དུས་མཉམ་པ་ཉིད་དུ་གཟུང་བ་དང་འཛིན་པའི་དངོས་པོར་མངོན་པར་འདོད་པ་ཡིན་ལ་འདི་ནི་ཕན་གདགས་པར་བྱ་བ་དང༌། །ཕན་འདོགས་པར་བྱེད་པ་ཉིད་ཀྱིས་རྒྱུ་མཚན་ཅན་ཡང་མ་ཡིན་ཏེ། དུས་གཅིག་དག་ལ་དེ་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་གིས་འདི་མ་ངེས་པ་ཁོ་ནར་འགྱུར་རོ། །གལ་ཏེ་རང་གི་རིགས་སུ་སྐྱེས་པའི་ཕྱིར་དེ་ལྟ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ལྟར་རྣམ་པར་གནས་པ་ཡིན་ན་རང་གི་རིགས་སུ་སྐྱེས་པ་ཉིད་དུ་བརྗོད་པར་རིགས་ན། རྣམ་པར་གནས་པ་ཉིད་ཀྱང་མ་ཡིན་ཏེ་རྒྱུ་མཚན་མེད་པའི་ཕྱིར་རོ། །གལ་ཏེ་སོ་སོར་སྣང་བ་ཉིད་ཀྱི་ཕྱིར་ཡུལ་གཟུགས་ཁོ་ན་བཟུང་བ་ཉིད་ཡིན་ཞེ་ན། དེའི་ཚེ་ཤེས་པ་ཡང་སོ་སོར་སྣང་བ་ཉིད་ཡིན་པས་དེ་ཡང་བཟུང་བ་ཉིད་དུ་ཐལ་བའི་ཕྱིར་རོ། །ནང་དང་ཕྱིའི་ངོ་བོ་ཉིད་རྒྱུ་མཚན་གྱི་ཁྱད་པར་དེ་དག་ལ་ཡོད་པ་བཞིན་ནོ་ཞེ་ན། དེ་ནི་མ་བསྟན་པ་དང་མཚུངས་པ་ཡིན་ཏེ། གཟུགས་བརྙན་སྣང་བས་འཁྲུལ་པ་སྲིད་པའི་ཕྱིར་རོ། །འོན་ཏེ་ཤེས་པ་ནི་ལྐོག་ཏུ་གྱུར་པ་ཡིན་པའི་ཕྱིར་དེའི་ཚེ་སོ་སོར་སྣང་བ་ཉིད་མ་ཡིན་ཏེ། དོན་གསལ་བས་རྗེས་སུ་དཔག་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེ་ན། འོ་ན་ནི་གསལ་བ་དེ་ཤེས་པས་བསྐྱེད་པ་ཡུལ་གྱི་རང་གི་ཆོས་ཡིན་ཏེ། འདི་ནི་མ་རྟོགས་པར་གྲུབ་པའམ་ཤེས་པ་ཡོད་པའི་སྒྲུབ་པར་བྱེད་པ་ཡང་མ་ཡིན་ནོ། །རྟོགས་པ་ཡང་ཤེས་པ་དེ་ཉིད་ཀྱིས་ནི་མ་ཡིན་ཏེ། ཁྱད་པར་མ་བཟུང་བར་ཁྱད་པར་ཅན་རྟོགས་པར་མི་འགྱུར་རོ་ཞེས་བྱ་བའི་རིགས་པས་རང་ཉིད་མ་རྟོགས་པའི་ངོ་བོ་དེ་ནི་འདི་ལ་རྟོགས་པར་བྱེད་པ་པོ་ཉིད་དུ་མི་རིགས་པའི་ཕྱིར་རོ། །དེ་ཉིད་ལས་དེ་རྟོགས་ན་ཕན་ཚུན་བརྟེན་པ་ཡིན་པའི་ཕྱིར་རོ། །ཤེས་པ་གཞན་ལ་རག་ལས་ནས་གྲུབ་པ་ཉིད་ཡིན་ན་ཡང་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །དེས་ན་འདིར་རིག་པ་ཁོ་ནར་ཁས་བླང་བར་བྱའོ། །དེ་ལྟར་ན་ཡང་ཤེས་པ་ནི་དེ་མི་འཛིན་པ་ཉིད་དུ་ཐལ་བར་འགྱུར་རོ། །འོན་ཏེ་འདི་ནི་ཤེས་པ་ཉིད་ཀྱི་ཆོས་ཡིན་ནོ་ཞེ་ན། འོ་ན་ནི་འདི་ཤེས་པ་བཞིན་དུ་ཉམས་སུ་མྱོང་བར་བྱ་བ་མི་འགྱུར་ལ། དེ་ཉམས་སུ་མ་མྱོང་ཡང་དོན་ཀྱང་ཉམས་སུ་མྱོང་བར་མི་འགྱུར་བས་འགྲོ་བ་མ་ལུས་པ་


DTG103_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་པ་ཉིད་དུ་འོངས་པ་ཡིན་ནོ། །དེ་ལྟ་བས་ན་ཤེས་པ་ནི་ལྐོག་ཏུ་གྱུར་པར་ཁས་བླང་བར་མི་བྱའོ། །ལྐོག་གྱུར་མ་ཡིན་པ་ཉིད་ན་དེ་ཡང་སོ་སོར་སྣང་བ་ཉིད་ཡིན་པས་དེ་ནི་བཟུང་བ་ཉིད་དུ་ཐལ་བས་བཟློག་པར་བྱ་བ་མ་ཡིན་ནོ། །འོན་ཏེ་དེ་ཡང་ཤེས་པ་ལ་སོ་སོར་སྣང་བ་ཡོད་ན་ཡང་གཟུང་བར་བྱ་བ་ཉིད་མེད་པ་ནི་ཡུལ་ལ་ཡང་དེ་མེད་པར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །གཟུང་བར་བྱ་བ་ཉིད་མེད་ན་ཡང་གང་ཞིག་སོ་སོར་སྣང་བ་དེ་ནི་ཤེས་པ་ཉིད་ཡིན་ཏེ། བདེ་བ་ལ་སོགས་པ་ལྟ་བུའོ། །དེའི་ཕྱིར་ཡང་སྔོན་པོ་ལ་སོགས་པ་རྣམས་ནི་ཤེས་པའི་བདག་ཉིད་རྣམས་ཁོ་ན་ཡིན་པས་ཤེས་པའི་བདག་ཉིད་ལས་གཞན་ནི་ནམ་ཡང་མི་འཛིན་པའི་ཕྱིར། བློ་བདག་རང་བཞིན་ཉིད་འཛིན་འགྱུར། །ཞེས་བྱ་བར་བསྟན་པ་ནི་རིགས་པ་ཡིན་ནོ། །དེ་བས་ན་འདི་ལྟར་ཡུལ་གཟུགས་ཀྱི་ཡོད་པ་དགག་པ་སྒྲུབ་པར་བྱེད་པ་ལ་མི་དམིགས་པ་མངོན་སུམ་མི་འཇུག་པའི་ངོ་བོ་བསྟན་ནས། ད་རྗེས་སུ་དཔག་པ་མི་འཇུག་པའི་ངོ་བོར་ཡང་བསྟན་པའི་ཕྱིར། མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མདོ་སྡེ་པ་དག་ནི་ཇི་སྐད་དུ་བཤད་པའི་སྐྱོན་དུ་ཐལ་བའི་ཕྱིར་ཤེས་པ་དང་དུས་མཉམ་པའི་དོན་སོ་སོར་སྣང་བ་ཉིད་གཟུང་བར་བྱ་བ་ཉིད་ནི་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། འདྲ་བའི་ཤེས་པ་སྐྱེད་པར་བྱེད་པ་ཉིད་ཡིན་ཏེ། འདི་ལྟར་ཤེས་པ་ཉེ་བར་སྐྱེ་བ་ན་རྣམ་པ་མེད་པར་སྐྱེ་བ་ནི་མ་ཡིན་ཏེ། སྔོན་པོ་ལ་སོགས་པ་རྣམས་ལ་དེའི་རྣམ་པ་ཉིད་དུ་མེད་པ་ཡིན་ན་ཉམས་སུ་མྱོང་བ་མེད་པར་ཐལ་བའི་ཕྱིར་རོ། །ཉམས་སུ་མྱོང་བ་ནི་ཤེས་པ་ཆོས་ཡིན་ལ། ཤེས་པ་ཡང་དོན་ལས་དོན་གཞན་ཉིད་ཡིན་ནོ། །གཞན་གྱི་ཆོས་ནི་གཞན་གྱི་ཡིན་པ་ཡང་མི་རིགས་ཏེ། སྒྲོན་མ་གསལ་བའི་མུན་པ་ལྟ་བུའོ། །དེ་ལྟ་བས་ན་ཤེས་པ་ཉིད་རྣམ་པ་དང་བཅས་པ་ཉིད་ཡིན་ནོ། །དེ་ཡང་རེས་འགའ་བ་ཡིན་པའི་ཕྱིར་རྗེས་སུ་མཐུན་པའི་རྒྱུ་མཚན་ལ་ལྟོས་པ་ཡིན་ལ། དབང་པོ་ལ་སོགས་པ་རྣམས་ནི་དེ་ལ་རྗེས་སུ་མཐུན་པ་ཉིད་ཀྱང་མ་ཡིན་ཏེ། ཐུན་མོང་བ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་ཤེས་པའི་རྣམ་པ་གཏོད་པར་བྱེད་པ་དེ་ལྟ་བུའི་རྣམ་པའི་རྒྱུ་གང་ཡིན་པ་དེ་ནི་ཕྱི་རོལ་ཏེ་རྟག་ཏུ་ལྐོག་ཏུ་གྱུར་


DTG103_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཡང་རྒྱུ་ཉིད་ཡིན་པ་ཉིད་ཀྱིས་ཤེས་པའི་གཟུང་བར་ཁོ་བོ་ཅག་གི་འདོད་པ་ཡིན་ཞེས་ཟེར་རོ། །དེ་ལྟར་སྨྲ་བ་དེ་དག་གིས་དོན་འདི་བློའི་མཚན་ཉིད་ཀྱི་འབྲས་བུ་ལྡོག་པས་ཁོང་དུ་ཆུད་པ་ཉིད་ཀྱིས་དེ་ཁོ་ན་ཉིད་དུ་རྗེས་སུ་དཔག་པས་གཟུང་བར་བྱ་བར་ཁས་བླངས་པར་འགྱུར་ན་དེ་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་པ་བསྟན་པ་ནི། མེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱུ་དང་འབྲས་བུ་ཉིད་དུ་གྱུར་པ་དོན་དང་བློའི་སྐད་ཅིག་དག་ནི་དུས་ཐ་དད་པ་ཡིན་པའི་ཕྱིར། གང་གི་ཚེ་དོན་ཡོད་པ་དེའི་ཚེ་བློ་མེད་པ་ཡིན་ལ་མེད་པ་དེ་ཡང་གཟུགས་ནི་ཇི་ལྟར་འཛིན་པར་འགྱུར་ལ་ཞེས་སྦྱར་ཏེ། མ་ཡིན་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཡང་གང་གི་ཚེ་དམིགས་པ་ལ་སོགས་པའི་རྐྱེན་ལས་སྐྱེས་པ་སྟེ་གྲུབ་པའི་བློ་དེའི་ཚེ་ཤུགས་ཀྱིས་དེ་ཡོད་པ་ཡིན་ཡང་འགགས་པ་ཡིན་པའི་ཕྱིར་གཟུགས་མེད་ཇི་ལྟར་འཛིན་པར་འགྱུར་ཏེ། ཇི་ལྟར་ཡང་མི་འགྱུར་བ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་འདི་ལྟར་ཡུལ་གཟུགས་ཡོད་པ་དགག་པ་སྒྲུབ་པར་བྱེད་པ་མི་དམིགས་པ་རྗེས་སུ་དཔག་པ་མི་འཇུག་པའི་ངོ་བོ་བསྒྲུབ་པ་ཡིན་ནོ། །དེ་ལྟ་བས་ན་ཤེས་པའི་སྒོ་ནས་ཀྱང་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ངོ་བོའི་གཟུགས་མ་གྲུབ་པ་ཡིན་ནོ། །དེ་གཟུགས་མདོར་བསྡུས་པའི་བདག་ཉིད་ཀྱི་ཕུང་པོའི་ནི་གཏམ་ཙམ་ཉིད་དུ་ལྟ་ག་ལ་འགྱུར་ཏེ། འདི་ལྟར་གཟུགས་ཀྱི་ཕུང་པོ་རྣམ་པར་འཇོག་པར་བྱེད་པ་དག་ན་གཟུགས་གང་ཅི་ཡང་རུང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའམ། ནང་ངམ་ཕྱིའི་བདག་ཉིད་དམ། རགས་པའམ། ཕྲ་བའམ། དམན་པའམ། གྱ་ནོམ་པའམ། རྒྱང་རིང་པོ་གང་ཡིན་པའམ། ཐག་ཉེ་བ་གང་ཡིན་པ་དེ་ཐམས་ཅད་གཅིག་ཏུ་བསྡུས་ནས་གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་དེ་ལྟར་གདོན་པར་བྱའོ། །དེ་ལ་འདས་པ་ལ་སོགས་པ་གཟུགས་ཀྱི་དབྱེ་བ་རྣམས་ཚད་མས་རྟོགས་པ་ཡིན་ན་ནི་དེ་མདོར་བསྡུས་པ་ལ་ཕུང་པོ་རྣམ་པར་གཞག་པ་རིགས་ན་དེ་ཉིད་ཀྱང་མེད་དོ་ཞེས་བསྟན་པའི་ཕྱིར་གང་ཚེ་སྐད་ཅིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་གང་གི་ཚེ་དེ་ལྟར་ལྟ་བ་གཉིས་ཀྱི་སྐད་ཅིག་པ་བློ་ནི་གཟུགས་སྐྱེས་ཏེ་ད་ལྟར་བ་སྐད་ཅིག་མ་མི་འཛིན་ཏོ་ཞེས་བཤད་པ་སྟེ། རབ་ཏུ་བསྟན་པ་དེའི་ཚེ་


DTG103_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་པའི་བློ་དེ་ནི་འདས་པ་དང་མ་འོངས་པའི་གཟུགས་རྟོགས་པར་ནི་ཇི་ལྟར་འགྱུར་ཏེ། མ་ཡིན་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་བསྟན་པ་ཡིན་ཏེ། གང་གི་ཕྱིར་གང་ལ་གཟུགས་ད་ལྟར་བ་བློ་ལ་ཉེ་བ་ཉིད་དུ་ཁྱེད་ཀྱིས་ཁས་བླངས་ཀྱང་ཡུལ་དུ་འགྲོ་བ་མ་ཡིན་ན། དེ་ལས་འདས་པ་དང༌། མ་འོངས་པ་བསྐལ་པ་དག་གི་གཏམ་དུ་བརྗོད་པ་ལྟག་ལ་ཡོད། འདི་ཡང་འདི་ལས་གཞན་པའི་དབྱེ་བ་མ་གྲུབ་པའི་ཕྱིར་ཉེ་བར་མཚོན་པ་གཙོར་བསྟན་པ་ཡིན་ནོ། །དེ་ལྟ་བས་ན་དབྱེ་བ་རྣམས་མ་རྟོགས་པ་ཉིད་ཀྱིས་གཟུགས་ཀྱི་ཕུང་པོ་མ་གྲུབ་པ་ཡིན་ནོ། །ད་ནི་གཟུགས་ཀྱི་ཕུང་པོའི་ནང་དུ་མ་གཏོགས་པ་ནང་གི་བདག་ཉིད་ཀྱི་མིག་ལ་སོགས་པ་དང་ཕྱི་རོལ་གྱི་གཟུགས་ལ་སོགས་པ་རྣམས་གདུལ་བྱའི་སྐྱེ་བོའི་བྱེ་བྲག་གི་ངོར་སྐྱེ་མཆེད་ཉིད་དུ་བསྟན་པ་དག་ལ་གང་དག་དེ་ཁོ་ན་ཉིད་དུ་ཞེན་པར་བྱེད་པ་དེ་སྤང་བར་བྱ་བའི་ཕྱིར་དེ་དག་ལ་མིག་དང་གཟུགས་ཀྱི་སྐྱེ་མཆེད་གཉིས་རྣམ་པར་དཔྱད་པའི་སྒོ་ནས་སྐྱེ་མཆེད་ཐམས་ཅད་རང་བཞིན་སྟོང་པ་ཉིད་དུ་བསྟན་པའི་ཕྱིར། གང་ཚེ་ནམ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིས་ནི་གཟུགས་ཀྱི་སྐྱེ་མཆེད་ལ་ཁ་དོག་དང་དབྱིབས་ཀྱི་དབྱེ་བས་གཟུགས་རྣམ་གཉིས་ཏེ་ཞེས་བྱ་བའི་ཚིག་གི་དབྱེ་བ་བསྟན་པ་གང་ཡིན་པ་དེ་ནི་གྲུབ་པ་དང་ཤེས་པའི་རིམ་པ་དག་གིས་མ་གྲུབ་པར་བསྟན་པ་ཡིན་ནོ། །ནམ་ཡང་ཁ་དོག་དབྱིབས་དེ་དག་དང༌། སྔོན་པོ་དང་སེར་པོ་ལ་སོགས་པ་བཞིན་དུ་ཐ་དད་པའི་དབྱེ་བས་ཡོད་ཅིང་བདོག་པ་ནི་མ་ཡིན་ནོ། །ཁ་དོག་དང་དབྱིབས་དེ་གཉིས་ཐ་དད་པ་འཛིན་པ་སྟེ་ཤེས་པ་གཟུང་བ་ཡང་མེད་པ་ཡིན་ནོ། །གང་ལ་ཡང་ཐ་དད་པར་ཡོད་པའམ་སྒྲུབ་པར་བྱེད་པའི་ཚད་མ་ཡིན་པ་དེ་དག་ཇི་ལྟར་དངོས་པོ་པ་ཉིད་དུ་ཁས་བླང་བར་འོས་པ་དག་ཡིན། འོ་ན་ནི་གཟུགས་དེ་རྣམ་པ་གཅིག་པུར་ཡོད་པ་ཡིན་ནོ་ཞེ་ན། གཟུགས་དེའང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིར་གྲག་ཅེས་བྱ་བ་ནི་ལུང་མཚོན་པར་བྱེད་པའི་དོན་ཏོ། །དེས་ན་དོན་འདི་ཡིན་ཏེ་གཟུགས་དེ་གཅིག་པུ་སྟེ། རྣམ་པ་གཅིག་ཉིད་དུ་གྲུབ་པའི་མཐའ་ལས་གྲགས་པ་ཡོད་པ་ཡང་མ་ཡིན་ནོ། །དེ་བས་ན་ཇི་ལྟར་ཁས་བླངས་པ་བཞིན་མ་གྲུབ་པའི་ཕྱིར་


DTG103_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱི་སྐྱེ་མཆེད་མེད་པ་ཡིན་ནོ། །འོ་ན་ནི་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བའི་གྲུབ་པའི་མཐའ་ཇི་ལྟར་དྲང་བར་བྱ། གང་གི་ཕྱིར་མེད་པ་འགའ་ཞིག་འགའ་ཞིག་གི་རྟེན་ཡིན་པར་བརྗོད་པར་རིགས་པ་ནི་མ་ཡིན་ནོ་ཞེ་ན། འདི་ཡང་སྙིང་པོ་མེད་པ་ཡིན་ནོ་ཞེས་བསྟན་པ་ནི། མིག་བློ་མིག་ལ་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་སྐྱེ་མཆེད་ཅེས་བྱ་བ་ནི་སྐྱེ་བའི་གནས་ཏེ་སྐྱེ་བ་མཆེད་པར་བྱེད་པ་ཞེས་བྱ་བས་སོ། །དེ་ཡང་འབྲས་བུ་སྐྱེད་པར་བྱེད་པ་ལས་ལྷག་མ་ནི་མ་ཡིན་ནོ། །སྐྱེད་པར་བྱེད་པ་ཡང་ཡུལ་མཚུངས་པའམ། ཡུལ་མི་མཚུངས་པའི་འབྲས་བུ་ལ་ཡིན་གྱི་རྣམ་པ་གཞན་ནི་མི་སྲིད་དོ། །གཉི་ག་ལྟར་ཡང་མིག་དང་གཟུགས་དག་ལས་སྐྱེ་མཆེད་ཉིད་དུ་མི་རིགས་ཏེ། འདི་ལྟར། མིག་བློ་མིག་ལ་འབྱུང་མིན་ཏེ། །གཟུགས་ལ་འབྱུང་མིན་ཞེས་བྱ་བ་འདིས་ནི་ཡུལ་མཚུངས་པའི་འབྲས་བུ་བྱེད་པ་ཉིད་དུ་དེ་མེད་པར་བསྟན་ཏེ། བར་ན་མེད་ཅེས་བྱ་བ་འདིས་ནི་ཡུལ་མི་མཚུངས་པའི་འབྲས་བུ་བྱེད་པ་ཉིད་དུའོ། །དེའི་ཡུལ་ཉིད་དང་དེ་མ་ཡིན་པའི་ཡུལ་ཉིད་དུ་དེ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་པའོ། །དེས་ན་ཡང་བློ་སྐྱེ་མཆེད་གཉི་ག་ལས་སྐྱེ་བ་ཉིད་དུ་ཡོངས་སུ་བརྟགས་པ་ནི་འཁྲུལ་པ་ཉིད་ཡིན་ནོ་ཞེས་བསྟན་པ་ནི། དེ་ནི་མིག་དང་གཟུགས་ཞེས་བྱ་བ་ལ་སོགས་པའོ། །དེ་བས་ན་འདི་ལྟར་མིག་དང་གཟུགས་དག་ལ་སྐྱེ་མཆེད་ཉིད་ཡིན་པ་བསལ་ནས་མཚན་ཉིད་ལས་ཀྱང་གསལ་བར་བསྟན་པ་ནི། གལ་ཏེ་མིག་ཅེས་བྱ་བ་ལ་སོགས་པའོ། །ལྟ་བ་པོ་དང་བལྟ་བར་བྱ་བ་ཉིད་ནི་མིག་དང་གཟུགས་དག་གི་མཚན་ཉིད་དུ་འདོད་དེ། དེ་ལྟར་ཡང༌། མིག་གིས་གཟུགས་རྣམས་མཐོང་བརྟེན་བཅས། །དེ་ལ་བརྟེན་པའི་རྣམ་ཤེས་མིན། །གང་ཕྱིར་རབ་ཏུ་ཆོད་པ་ཡི། །གཟུགས་ནི་མཐོང་བ་ཡིན་ཕྱིར་རོ། །ཞེས་སྨྲས་པ་ཡིན་ནོ། །འདི་ཡང་འཐད་པ་མ་ཡིན་ཏེ། འདི་ལྟར་དངོས་པོ་ཉིད་དུ་ཁས་བླང་བར་བྱ་བ་མིག་བདག་ཀྱང་མཐོང་ངམ་མ་མཐོང༌། གལ་ཏེ་དེས་བདག་ཉིད་མི་མཐོང་ན་གཟུགས་དེ་མཐོང་བར་ནི་ཇི་ལྟར་འགྱུར་ཏེ། དེས་ཞེས་བྱ་བ་ལྷག་མའོ། །འདི་སྐད་བསྟན་པ་ཡིན་ཏེ། བལྟ་བའི་བྱ་བ་དེ་ནི་མིག་གི་ཆོས་


DTG103_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཏེ། དེའི་ཆོས་ཉིད་ཡིན་ན་ནི་དེའི་བདག་ཉིད་གདོན་མི་ཟ་བར་མཐོང་བར་འགྱུར་རོ། །གང་གི་ཕྱིར་ཆོས་དེ་དག་གི་མ་ཡིན་པ་དེ་ཡང་གང་གི་དབང་གིས་གང་ལ་མཐོང་དུ་རུང་བ་དེ་ལ་འདི་དངོས་སུ་གང་གི་ཆོས་ཡིན་པ་དེའི་མ་མཐོང་བ་ལ་གཏམ་དུ་བརྗོད་པ་ལྟ་ག་ལ་ཡོད། དེ་ནི་དེའི་ཆོས་ཉིད་དུ་མ་ཡིན་ཡང་མཐོང་དུ་རུང་བ་མ་ཡིན་པའི་ཆོས་ཉིད་དུ་ཁས་བླངས་པར་འགྱུར་རོ། །དེ་ཉན་པ་པོ་ལ་སོགས་པ་བཞིན་དུ་མིག་ནི་བལྟ་བའི་བྱ་བ་དང་བྲལ་བའི་ཕྱིར་ལྟ་བ་པོ་མེད་པ་ཉིད་ཡིན་པས་མིག་མཚན་ཉིད་སྟོང་པ་ཉིད་ཡིན་ན། དེའི་མཚན་ཉིད་ལ་རག་ལས་པའི་མཚན་ཉིད་ཅན་གྱི་གཟུགས་ཀྱང་མཚན་ཉིད་མེད་པ་ཉིད་དོ་ཞེས་དོན་གྱིས་བསྟན་པར་འགྱུར་རོ། །འདི་ཉིད་ཉེ་བར་སྡུད་པར་བྱེད་པ་ནི། །དེ་ཕྱིར་མིག་དང་གཟུགས་བདག་མེད། །ཅེས་བྱ་བ་སྟེ། བདག་མེད་ཅེས་བྱ་བ་ནི་རང་བཞིན་དང་བཅས་པ་མ་ཡིན་ཏེ། དངོས་པོ་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རིགས་པ་འདི་ཉིད་གཞན་ལ་བསྒྲེ་བར་བསྟན་པའི་ཕྱིར། སྐྱེ་མཆེད་ལྷག་མ་ལ་ཡང་དེ་དང་འདྲ། །ཞེས་བྱ་བ་སྨོས་སོ། །རིགས་པ་གང་ཁོ་ནས་མིག་གི་སྐྱེ་མཆེད་དང༌། གཟུགས་ཀྱི་སྐྱེ་མཆེད་རང་བཞིན་མེད་པར་བསྟན་པ་དེ་ཉིད་ཀྱིས་སྐྱེ་མཆེད་ལྷག་མ་རྣ་བ་དང་སྒྲ་ལ་སོགས་པ་རང་བཞིན་མེད་པར་རྟོགས་པར་བྱའོ། །དེ་བས་ན་འདི་ལྟར་མིག་ལ་སོགས་པའི་སྐྱེ་མཆེད་ཐམས་ཅད་དག་ནི་རང་བཞིན་དུ་སྟོང་པ་ཉིད་བསྟན་དུ་ཟིན་ཀྱང་བརྒྱ་ལ་གཞན་འགའ་ཞིག་དེ་དག་ལ་གཞན་གྱི་བདག་ཉིད་ཀྱིས་རང་བཞིན་དང་ལྡན་པ་ཉིད་དུ་དོགས་པར་འགྱུར་བ་དེ་དག་དེའི་དོགས་པ་རྣམ་པར་གཅད་པའི་ཕྱིར་བསྟན་པ་ནི། མིག་ནི་རང་བཞིན་ཉིད་ཀྱིས་སྟོང༌། །ཞེས་བྱ་བ་ལ་སོགས་པའོ། །དགོངས་པ་ནི་འདི་ཡིན་ཏེ། དེ་དག་ལ་གཞན་གང་གིས་བདག་ཉིད་ཀྱི་རང་བཞིན་དང་ལྡན་པ་ཉིད་དུ་དོགས་པར་འགྱུར་བ་དེས་མཚན་ཉིད་དང་ལྡན་པར་ཡང་བྱ་དགོས་ལ་མཚན་ཉིད་དེ་ཡང་སྔར་བསྟན་པའི་རིགས་པས་དེ་ལ་ཡང་མི་འཐད་པའི་ཕྱིར་དེའི་བདག་ཉིད་ཀྱང་སྟོང་པ་ཉིད་དོ། །དེ་བས་ན་འདི་ལྟར་གཟུགས་ཀྱི་ཕུང་པོ་དང་དེའི་ནང་དུ་གཏོགས་པའི་ནང་དང་ཕྱིའི་


DTG103_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མཆེད་དག་ལ་རང་བཞིན་སྟོང་པ་ཉིད་དུ་ཡོངས་སུ་དཔྱད་པ་དག་ནི་དེའི་བདག་ཉིད་ཀྱི་ལུས་རྟག་པར་ཕྱིན་ཅི་ལོག་པར་འཇུག་པའི་རྒྱུ་མཚན་ཡང་ཡོངས་སུ་དཔྱོད་པ་ཡིན་ནོ། །ད་ནི་བདེ་བའི་ཕྱིན་ཅི་ལོག་པ་འཇུག་པའི་རྒྱུ་མཚན་ཚོར་བའི་ཕུང་པོ་རང་བཞིན་མེད་པ་ཉིད་དུ་དེའི་རྒྱུ་རེག་པ་མེད་པར་བསྟན་པའི་སྒོ་ནས་ཉེ་བར་བསྟན་པའི་ཕྱིར། འཕགས་པ་གཉིས་བསྟན་པ་ནི། གང་ཚེ་གཅིག་རེག་ལྷན་ཅིག་འགྱུར། །ཞེས་བྱ་བ་ལ་སོགས་པའོ། །གང་ཉན་ཐོས་དག་གིས་ཚོར་བ་དངོས་པོ་ལ་རང་བཞིན་ཡོད་པ་ཉིད་དུ་ཁས་ལེན་པར་བྱེད་དོ། །དེ་ཡང་རྐྱེན་མེད་ན་མི་རིགས་པས་རེག་པ་ཡང་དེའི་རྒྱུ་ཉིད་དུ་དེ་དག་གིས་ཁས་བླངས་པ་ཡིན་ཏེ། རེག་པའི་རྐྱེན་གྱིས་ཚོར་བའོ། །ཞེས་འབྱུང་བའི་ཕྱིར་རོ། །དེ་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་འདི་འདིས་རེག་པར་བྱེད་པས་རེག་པ་ཞེས་བྱ་བ་བྱེད་པས་རེག་པ་ཞེས་བྱ་བ་བྱེད་པའི་ངོ་བོ་ཡིན་ནམ་རེག་པས་རེག་པ་ཞེས་བྱ་བའི་ངོ་བོ་གྲང༌། དེ་ལ་རེ་ཞིག་འདི་བྱེད་པ་པོའི་ངོ་བོར་རིགས་པ་ནི་མ་ཡིན་ཏེ། གང་གི་ཕྱིར་དབང་པོ་དང་ཡུལ་དང༌། རྣམ་པར་ཤེས་པ་ཞེས་བྱ་བ་གསུམ་པ་འདི་ནི་འདི་ལ་བྱེད་པ་པོ་དག་ཡིན་ཏེ། དེ་དག་ཀྱང་ཐུན་མོང་མ་ཡིན་པའི་ངོ་བོ་དག་ཡིན་ནོ། །དེའི་ཕྱིར་གང་གི་ཚེ་བྱེད་པ་པོ་གཅིག་དཔེར་ན་མིག་རེག་པ་གང་རེག་པའི་བྱ་བ་སྒྲུབ་པར་བྱེད་པ་ཉིད་དུ་གྱུར་པའི་བདག་ཉིད་ལ་ཉེ་བར་གྱུར་པའི་ངོ་བོ་དང་ལྷན་ཅིག་པར་གྱུར་ཅིང་འབྲེལ་པའི་ཚེ་ཡང་གཟུགས་ལ་སོགས་པ་གཞན་རྣམས་སྟོང་པ་ཡིན་ཏེ། དེ་ཞེས་བྱ་བ་ལྷག་མའོ། །གཞན་ཡང་གལ་ཏེ་སྐབས་སུ་བབ་པ་གསུམ་པོ་འདི་ལ་སྔར་གཅིག་བསྟན་པ་ནི་ལྷག་མར་གྱུར་པ་གཞན་དག་སྟོང་པ་ཡིན་ཞེས་བསྟན་པར་རིགས་པ་དེ་ལྟ་ན་ཡང་དེ་ལས་གཞན་གསུམ་པོ་རྣམས་རིགས་པ་མཚུངས་པ་ཉིད་ཡིན་པར་བསྟན་པའི་ཕྱིར། དེ་ལ་ལྟོས་ནས་གསལ་བ་མང་པོ་ཉིད་ཀྱིས་གཞན་རྣམས་སྟོང་པ་ཡིན། དེའི་ཕྱིར་མང་པོའི་ཚིག་ཏུ་བསྟན་པ་ནི་འཐད་པ་མ་ཡིན་ནོ། །གང་ཡང་གཞན་དག་ལ་རེག་པ་དེས་སྟོང་ཞིང་བྲལ་བའི་ངོ་བོ་དེ་ནི་ནམ་ཡང་མི་སྟོང་པ་ཉིད་དེ་ལྡན་པ་ཉིད་མི་བསྟེན་པ་ཡིན་ནོ། །གང་ཞིག་དེས་མི་སྟོང་པ་ནི་སྟོང་པ་


DTG103_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དེ་བསྟན་པ་ནི་དངོས་པོ་ཉིད་གཙོ་བོ་ཡིན་པའི་ཕྱིར་ཏེ། བསྟེན་པ་མིན་ཞེས་སྦྱར་རོ། །དགོངས་པ་ནི་འདི་ཡིན་ཏེ། རེག་པའི་བྱ་བ་སྒྲུབ་པར་བྱེད་པ་ཉིད་དུ་གྱུར་པའི་ངོ་བོ་ནི་གསལ་བ་སོ་སོ་ཐ་དད་པ་ཉིད་ཡིན་པའི་ཕྱིར་དུ་མ་ཉིད་ཡིན་ལ། ཚོར་བའི་རྐྱེན་རེག་པ་ནི་དུ་མའི་བདག་ཉིད་དུ་འདོད་པ་ཡང་མ་ཡིན་ནོ། །དེ་ལྟ་བས་ན་རེག་པའི་བྱ་བ་སྒྲུབ་པར་བྱེད་པའི་ངོ་བོའི་རེག་པ་ནི་མེད་པ་ཡིན་ནོ། །འདི་བྱ་བའི་ངོ་བོར་ཡང་རིགས་པ་མ་ཡིན་ནོ་ཞེས་བསྟན་པ་ནི། རང་གི་ངོ་བོ་གནས་མེད་པས་ཞེས་བྱ་བ་ལ་སོགས་པའོ། །འདུ་བ་ནི་འདུས་ཤིང་རེག་པ་སྟེ། དེ་ཡང་དབང་པོ་ལ་སོགས་པ་ཡོད་པ་རྣམས་ཉིད་ལ་རིགས་ཀྱིས་མེད་པ་དག་ལ་ནི་མ་ཡིན་ནོ། །འདི་དག་ཡོད་པ་ཡང་མ་ཡིན་ཏེ། རང་གི་ངོ་བོ་གནས་པ་མེད་པའི་ཕྱིར་རོ། །གང་གི་ཕྱིར་སྔར་བསྟན་པའི་རིགས་པས་རྣམ་པར་དཔྱད་པ་བཞིན་འདི་དག་ལ་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཉིད་དུ་ངེས་པར་གནས་པའི་ངོ་བོ་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་དབང་པོ་ལ་སོགས་པ་གསུམ་པོ་རྣམས་ལ་བྱ་བའི་ངོ་བོའི་རིགས་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་རྒྱུ་མེད་པས་ཚོར་བ་ཡང་ཡོད་པ་མ་ཡིན་ན་དེའི་ཕུང་པོ་ཡོད་པར་འགྱུར་བ་ལྟ་ག་ལ་ཡིན། ད་ནི་བདག་ཏུ་ཕྱིན་ཅི་ལོག་འཇུག་པའི་རྒྱུ་མཚན་རྣམ་པར་ཤེས་པའི་ཕུང་པོ་གཞན་གསལ་བར་འདོད་པས་བསྟན་པ་ནི། ནང་དང་ཞེས་བྱ་བ་ལ་སོགས་པ་སྨོས་པའོ། །གང་གི་ཕྱིར་ནང་མིག་ལ་སོགས་པ་དང༌། ཕྱི་གཟུགས་ལ་སོགས་པའི་སྐྱེ་མཆེད་ལ་བརྟེན་ནས་རྣམ་པར་ཤེས་པ་འབྱུང་བ་དེ་སྐྱེ་བའོ། །དེ་ལྟ་བས་ན་རྣམ་ཤེས་མེད་དོ། །རང་བཞིན་ཡོད་པ་མ་ཡིན་ནོ། །དེའི་རྒྱུ་ཉིད་དུ་ཁས་བླངས་པའི་སྐྱེ་མཆེད་གཉིས་པོ་འདི་ཉིད་སྔར་བསྟན་པའི་རིགས་པས་རང་བཞིན་ཡོད་པ་མ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པའོ།། །འོ་ན་ཇི་ལྟར་དེ་མེད་ཀྱང་སྣང་ཞེ་ན། སྨིག་རྒྱུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་སྨིག་རྒྱུ་བྱེ་མ་དང་འབྲེལ་བ་ཉིད་ཀྱིས་ཉི་མའི་འོད་ཟེར་རྣམས་དང༌། ནོར་བུ་དང་སྔགས་དང་སྨན་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་གཟུང་བ་ཤིང་བུ་དང་འཇིམ་དུམ་ལ་སོགས་པ་སྒྱུ་མའི་བདག་ཉིད་རྣམས་ནི་


DTG103_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

བརྫུན་པའི་རྣམ་པ་ཆུ་དང་གླང་པོ་ལ་སོགས་པའི་རྣམ་པ་ཉིད་དུ་སྣང་སྟེ་འོན་ཀྱང་ཇི་ལྟར་སྣང་བའི་རང་བཞིན་སྟོང་པ་ཡིན་པ་དེ་བཞིན་དུ་རྣམ་པར་ཤེས་པ་ཡང་མ་རིག་པས་ཡོངས་སུ་བཟུང་བས་གང་དང་གང་གི་བདག་ཉིད་དུ་སྣང་བ་དེ་ཡང་དེས་ནི་དེ་ཁོ་ན་ཉིད་དུ་སྟོང་པ་ཡིན་པའི་ཕྱིར་དེ་མེད་པ་ཡིན་ཡང་སྣང་བ་མི་འགལ་ལོ། །དེ་ལ་གལ་ཏེ་འདི་སྙམ་དུ་སེམས་ཏེ། རྣམ་པར་ཤེས་པ་དོན་དམ་པར་མ་གྱུར་མོད་བདག་ནི་རྣམ་པར་ཤེས་པ་པོ་ཉིད་དུ་འགའ་ཞིག་གིས་ཁས་བླངས་པ་དེ་ཡང་ཡང་དག་པར་འགྱུར་རོ་ཞེ་ན། འདི་ཡང་སྙིང་པོར་གྱུར་པ་མ་ཡིན་ཏེ། གང་གི་ཕྱིར་རྣམ་ཤེས་ཞེས་བྱ་བ་རྒྱས་པར་རོ། །རྣམ་པར་ཤེས་པ་པོ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་བྱ་བའི་བྱེད་པ་པོ་སྟེ། དེ་ཡང་ལས་དང་བཅས་པའི་བྱ་བ་ཡིན་པ་དེའི་ཕྱིར། དེས་གདོན་མི་ཟ་བར་ལས་ཞེས་བྱ་བའི་ངོ་བོ་ལ་ལྟོས་པར་བྱ་བ་ཡིན་ལ་གཟུགས་ལ་སོགས་པའི་རྣམ་པར་ཤེས་པ་བྱ་བ་དེ་ཡང་སྔར་བསྟན་པར་རིགས་པས་ཡོད་པ་མ་ཡིན་ལ་དེ་མེད་པའི་ཕྱིར་ཤེས་པ་ཡང་ཡོད་པ་མ་ཡིན་ནོ། །དེས་ན་ཤེས་དང་ཤེས་བྱ་མེད་པའི་ཕྱིར་དེ་གཉི་ག་ལ་ལྟོས་ནས་འཇུག་པའི་རྣམ་པར་ཤེས་པར་བྱེད་པ་པོ་ཡང་མེད་པ་ཡིན་ནོ། །ཤེས་པ་དང་ཤེས་བྱ་དག་ལ་སྐུར་བ་བཏབ་ན་འདུས་བྱས་ཐམས་ཅད་ལ་སྐུར་བ་བཏབ་པར་གྱུར་པ་མ་ཡིན་ནམ། དེ་ནི་དེ་ལས་ཕྱི་རོལ་དུ་གྱུར་པ་ཡང་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཆོས་ཀྱི་མདོ་བཞི་སྟོན་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཉིད་ཀྱིས་མགུར་ནས་གསུངས་པ། འདུས་བྱས་ཐམས་ཅད་མི་རྟག་པ། ཞེས་བྱ་བ་འདི་ཇི་ལྟར་ཡིན་ཞེས་བྱ་བའི་དོགས་པ་བསལ་བར་མཛད་པར་བཞེད་ནས། ཐམས་ཅད་མི་རྟག་ཅེས་བྱ་བ་པ་སོགས་པ་སྨོས་སོ། །དགོངས་པ་ནི་འདི་ཡིན་ཏེ། གལ་ཏེ་ཀུན་རྫོབ་ཀྱི་བདེན་པ་ལ་ལྟོས་ནས་འདྲ་བར་བྱེད་ན། དེའི་ཚེ་ཐམས་ཅད་མི་རྟག་པ་ཉིད་ཡིན་ཏེ། ངས་ནི་ཅུང་ཟད་ཀྱང་འདུས་བྱས་རང་གི་ཆོས་ཉིད་དུ་ལྷན་ཅིག་ཏུ་གྱུར་པ་ལ། སྐུར་བ་མ་བཏབ་བོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དོན་དམ་པའི་བདེན་པ་ལ་ལྟོས་ནས་ཉིད་ཀྱིས་མགུར་ནས་གསུངས་པ་མ་ཡིན་པའི་ཕྱིར་རོ། །དེ་ལ་བསྙོན་ཡང་འགལ་བ་ཅུང་ཟད་ཀྱང་མེད་དོ་ཞེས་བསྟན་པ་ནི་ཡང་


DTG103_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནི་ཞེས་བྱ་བ་ལ་སོགས་པའོ། །འདིས་ནི་འདི་སྐད་བསྟན་ཏེ། ཇི་ལྟར་ཆོས་ཅན་བདག་དང་ནམ་མཁའ་ལ་སོགས་པ་དངོས་པོ་ལ་ཚད་མ་མེད་པ་ཉིད་དང༌། ཚད་མས་གནོད་པ་ཉིད་ཀྱིས་མེད་པའི་ཕྱིར། དེ་ལ་རྟེན་པ་རྟག་པ་ཉིད་ཀྱང་བྱེད་པ་ཉིད་དུ་ཁས་བླངས་པ་དེ་བཞིན་དུ་མི་རྟག་པ་ཉིད་ཀྱང་དེའི་རྟེན་དུ་གྱུར་པ་འདུས་བྱས་ཀྱི་དངོས་པོ་ལ་སྔར་རྒྱས་པར་བརྗོད་པའི་རིགས་པས་དངོས་པོ་ཉིད་ཡིན་པ་གསལ་བའི་ཕྱིར་ཁྱེད་ཀྱིས་མེད་དོ་ཞེས་ཁས་བླང་བར་བྱ་དགོས་པ་ཡིན་ནོ། །གལ་ཏེ་ནང་དང་ཕྱིའི་སྐྱེ་མཆེད་མེད་པའི་ཕྱིར་ཤེས་པ་མེད་པ་འོ་ན་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་པ་འདོད་ཆགས་ལ་སོགས་པ་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པར་གྲུབ་པ་མ་ཡིན་ཏེ། གང་གི་ཕྱིར་སེམས་དང་ལྷན་ཅིག་དེ་དག་རྟེན་དང་དམིགས་པ་དང༌། རྣམ་པ་དང༌། དུས་དང༌། རྫས་མཚུངས་པ་རྣམས་ཀྱིས་མཚུངས་པར་ལྡན་པ་ཉིད་དུ་དེ་ལྟར་འདོད་པའི་ཕྱིར་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་མེད་པར་བརྗོད་པར་མི་བྱ་བ་ཡིན་ནམ་ཞེས་ཕྱིར་རྒོལ་བར་གནས་པ་གང་ཡིན་པ་དེ་ལ་ཕྱིན་ཅི་ལོག་ཙམ་ལས་བྱུང་བ་ཉིད་ཀྱིས་འདོད་ཆགས་ལ་སོགས་པ་དེ་དག་གི་ངོ་བོ་ཉིད་ཀྱིས་ཡང་དག་པར་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་མི་སྡུག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །མི་སྡུག་པ་དམན་པའི་དངོས་པོ་ལ་སྡུག་པར་མཆོག་གི་རྣམ་པར་ཞེན་པའི་བདག་ཉིད་ཀྱི་ཕྱིན་ཅི་ལོག་གང་ཡིན་པ་དེ་ཉིད་རྒྱུ་ཡིན་པའི་ཕྱིར་རྐྱེན་ཏེ་དེ་ལས་གང་གི་ཕྱིར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་དངོས་དང་བརྒྱུད་པས་དངོས་པོ་འབྱུང་སྟེ་སྐྱེ་བ་འགྲུབ་པར་བྱེད་དོ། །དེའི་ཕྱིར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་འདིར་རང་བཞིན་གྱིས་ཏེ་རང་གི་ངོ་བོས་ཡང་དག་པར་མེད་པ་ཡིན་ནོ། །མཚུངས་པར་ལྡན་པ་གཞན་དག་ཀྱང་ཡོད་ན་འདིར་འདོད་ཆགས་པ་དག་ཁོ་ན་ཉེ་བར་སྨོས་པ་ནི་དེ་དག་གསལ་བར་ཡང་དག་པར་ཡོད་པའི་ཕྱིར་རོ། །གང་ཡང་ཇི་སྐད་དུ་འདི་ལ་འདོད་པ་དང་དགྲ་བོ་དང་གྲུབ་པ་ལ་སོགས་པའི་གཟུགས་ཀྱི་ཡུལ་ལ་ཡང་རྒྱུ་ཉིད་དུ་ཡོད་པ་ཡིན་པ་དེའི་ཕྱིར་ཇི་ལྟར་ན་འཁྲུལ་པ་ཙམ་གྱིས་ཐ་སྐྱེད་པ་ཉིད་ཀྱིས་འདི་དག་ལ་ཡང་


DTG103_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་མེད་པ་ཉིད་སྟོན་པར་བྱེད། དེ་ལྟར་ཡང༌། ཕྲ་རྒྱས་སྤངས་པ་མ་ཡིན་དང༌། །ཡུལ་ནི་ཉེ་བར་གྱུར་པ་དང༌། །ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །ཉོན་མོངས་རྒྱུ་ནི་ཚང་བ་ཡིན། །ཞེས་བསྟན་ཏོ་ཞེས་ཟེར་བ་དེ་ལ། ཡུལ་ནི་དེའི་རྒྱུ་ཉིད་ཁོ་ནར་མ་གྲུབ་ཅེས་བསྟན་པའི་ཕྱིར། གང་ཕྱིར་དེར་ཆགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིས་ནི་འདི་སྐད་བསྟན་ཏེ། གང་གི་ཕྱིར་གལ་ཏེ་ཡུལ་གྱིས་ཀྱང་འདོད་ཆགས་ལ་སོགས་པ་རྣམས་སྐྱེད་པར་བྱེད་པ་དེའི་ཚེ་ཡུལ་གང་ཞིག་གང་སྐྱེད་པར་བྱེད་པའི་རང་བཞིན་དེས་དེ་ཉིད་བསྐྱེད་དགོས་ན། བསྐྱེད་པ་ནི་མ་ཡིན་ཏེ། དེ་ཉིད་ལ་རྟོགས་པ་པོ་གཞན་ནམ་དེ་ཉིད་དུས་གཞན་གྱི་ཚེ་དེ་ལས་གཞན་པའི་ཉོན་མོངས་པ་སྐྱེད་པ་མཐོང་བའི་ཕྱིར་རོ། །འདི་ལྟར་འདོད་པ་གང་ལ་སྣང་བའི་སྤྱོད་ཡུལ་དུ་སྤྱོད་པ་ན་འདོད་པ་དང་ལྡན་པས་འདོད་ཆགས་སྐྱེད་པར་བྱེད་ལ། དེ་ཉིད་གཞན་གྱི་ཚེ་ཉིད་དམ་དེའི་ཚེ་ཀུན་དུ་རྒྱུས་ཞེ་སྡང་སྐྱེད་པར་བྱེད་དེ། དེ་ལས་གཞན་པས་ནི་གཏི་མུག་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ལྟར་རྟོགས་པ་པོ་ཐ་དད་པ་རྣམས་ཀྱིས་ཡུལ་གཅིག་ལ་མཐར་ཐུག་པ་ཉིད་ཀྱིས་གང་གི་ཕྱིར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྐྱེ་བར་ཉམས་སུ་མྱོང་བར་བྱེད་པ་དེའི་ཕྱིར་འདི་ལྟ་སྟེ། འདི་དག་རྣམ་པར་རྟོག་པ་ཇི་ལྟར་གོམས་པ་བཞིན་དུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དག་ཁོ་ནས་སྐྱེ་བར་ཁོང་དུ་ཆུད་པར་བྱ་སྟེ། རྨི་ལམ་དུ་ཉམས་སུ་མྱོང་བར་གྱུར་པ་འདོད་པ་ལ་སོགས་པའི་ཡུལ་ལ་ཇི་ལྟ་བ་བཞིན་དུ་ཕྱི་རོལ་གྱི་དངོས་པོའི་རྒྱུ་མཚན་ཅན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་དེ་ཉིད་ནི་རྟག་ཏུ་མངོན་པར་འབྲེལ་བ་ཡིན་པའི་ཕྱིར་འདིར་གཅིག་ལ་གང་གི་སྒྲ་མ་སྨོས་པ་ནི་འདུན་པའི་མཐའ་ཅན་གྱིས་དེར་གྱི་སྒྲ་འབའ་ཞིག་ལན་གསུམ་བརྗོད་པ་མ་འབྲེལ་བ་ལྟ་བུར་མཛད་པ་ནི་ལན་གསུམ་བརྗོད་པའི་དེར་གྱི་སྒྲའི་དོན་གྱི་ཤུགས་ཀྱིས་འཕངས་པའི་གང་གི་སྒྲ་དེར་གྱི་སྒྲས་སྒྲུབ་པའི་དོན་ལ་རིམ་པ་ཇི་ལྟ་བ་བཞིན་དུ་འབྲེལ་བར་ཤེས་པར་བྱ་བ་ཡིན་པར་དེའི་ཕྱིར་རོ། །དེ་ལྟར་ན་གང་ཁོ་ན་ལ་འདོད་ཆགས་པ་དེ་ཉིད་ལ་ཞེ་སྡང་པ་ཡིན་ལ། དེ་ཉིད་ལ་རྨོངས་པ་ཡིན་ནོ། །གང་ཁོ་ན་


DTG103_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞེ་སྡང་བ་དེ་ཉིད་ལ་འདོད་ཆགས་པ་ཡིན་པ་དེ་ཉིད་ལ་རྨོངས་པ་ཡིན་ནོ། །གང་ཁོ་ན་ལ་རྨོངས་པ་དེ་ཉིད་ལ་འདོད་ཆགས་པ་ཡིན་ལ། དེ་ཉིད་ལ་ཞེ་སྡང་བ་ཡིན་ནོ་ཞེས་ངག་གི་དོན་ཐ་དད་པ་འཐད་པ་ཡིན་ན་ཐམས་ཅད་ལ་འབྲས་བུ་མ་ངེས་པར་བསྟན་པར་འགྱུར་རོ། །གཞན་དུ་ན་ཡུལ་གཅིག་ལ་གང་གི་སྒྲ་འབྲེལ་བར་བྱས་ནས་དེ་ཉིད་ལ་འབྲས་བུ་མ་ངེས་པར་དོགས་པ་ཡིན་ལ། དེ་ལྟ་བས་ན་འདོད་ཆགས་ལ་སོགས་པ་རྣམས་མཚུངས་པར་ལྡན་པའི་འདུ་བྱེད་ཀྱི་ཕུང་པོའི་བདག་ཉིད་ཡུལ་ལ་ལྟོས་པ་མེད་པ་རྣམས་ཁོ་ན་ཕྱིན་ཅི་ལོག་ཙམ་གྱི་རྒྱུ་མཚན་ཅན་དང་རང་ཉིད་ཀྱང་ཕྱིན་ཅི་ལོག་གི་བདག་ཉིད་ཡིན་པ་དེས་ན་ཡང་དག་པར་རང་བཞིན་མེད་དོ་ཞེས་བྱ་བར་བསྒྲུབས་པ་ཡིན་ནོ། །འདི་ཉིད་ཀྱིས་ནི་སྡུག་པར་ཕྱིན་ཅི་ལོག་པའི་འཇུག་པའི་རྒྱུ་མཚན་ཡང་དག་པར་མེད་པ་ཉིད་དུ་བཤད་པ་ཡིན་ནོ། །གང་གི་ཕྱིར་འདུ་བྱེད་ཀྱི་ཕུང་པོ་བསྡུས་པའི་ཆོས་རྣམ་མ་ལས་གཞན་ནི་སྡུག་པར་ཕྱིན་ཅི་ལོག་པའི་རྒྱུ་མེད་དེ། རྒྱུན་ལ་ལྟོས་ནས་དེ་དག་ལན་ཅིག་ཕན་ཚུན་འབྲས་བུ་ཉིད་ཡིན་པ་ལ་འགལ་བ་མེད་པའི་ཕྱིར་རོ། །ད་ནི་འདུ་ཤེས་ཀྱི་ཕུང་པོ་ལ་བརྟག་པའི་ཕྱིར། བསྐྱེད་དེ་རྣམ་པར་རྟོག་དེ་ཡང༌། །ཡང་དག་ཉིད་དུ་ཡོད་མ་ཡིན། །ཞེས་སྨོས་སོ། །འདིར་འདི་མངོན་པར་འབྲེལ་བ་ཅི་ཡོད་ཅེ་ན། གང་གི་ཕྱིར་གང་དག་འདི་སྙམ་དུ་གལ་ཏེ་དེའི་སྐྱེད་པར་བྱེད་པ་ཉིད་དུ་མི་འཐད་པའི་ཕྱིར་འདོད་ཆགས་ལ་སོགས་པ་འདི་དག་ཡུལ་གྱིས་བསྐྱེད་པ་མ་ཡིན་ན། འོ་ན་ནི་གང་དག་གིས་འདི་དག་བསྐྱེད་པ་དེ་དག་ཉིད་མཚན་མར་འཛིན་པའི་མཚན་ཉིད་ཀྱིས་འདུ་ཤེས་ཀྱི་སྔོན་པོ་རྣམ་པར་རྟོག་པ་ཡང་ཡང་དག་པར་ཡོད་པ་ཡིན་ཏེ། ཡང་དག་པ་མ་ཡིན་པ་ལ་རྒྱུ་མཚན་ཉིད་དུ་མི་རིགས་པའི་ཕྱིར་རོ་ཞེས་སེམས་པ་དེ་ཡང་ཡང་དག་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གང་གི་ཕྱིར་གང་དག་གིས་འདོད་ཆགས་ལ་སོགས་པ་བསྐྱེད་པ་དེ་ལྟར་ཀུན་རྫོབ་ཏུ་འདོད་པ་རྣམ་པར་རྟོག་པ་དེ་དག་ཀྱང་ཡང་དག་པ་མ་ཡིན་པ་ཉིད་ཀྱིས་དོན་དམ་པར་མ་གྲུབ་བོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་ལ་བརྟག་བྱ་གང་དེ། །ཞེས་བྱ་བ་ལ་སོགས་པ་འཐད་པ་


DTG103_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ནི། འདི་ལྟར་དགོངས་པ་ཡིན་ཏེ། གང་གི་ཕྱིར་རྣམ་པར་རྟོག་པ་ཞེས་བྱ་བ་བསྐྱེད་པ་ན་གདོན་མི་ཟ་བར་ཅུང་ཟད་རྣམ་པར་རྟོག་པར་བྱེད་དེ། དེ་ལ་རྣམ་པར་རྟོག་པ་མེད་ན་རྣམ་པར་རྟོག་པ་ཉིད་དུ་མི་རིགས་པའི་ཕྱིར་རོ། །དེ་ལ་ཅི་འདི་རྣམ་པར་བརྟག་པར་བྱ་བ་བདག་ཉིད་མ་ཡིན་པ་ལ་ཡང༌། ཅི་ཀུན་རྫོབ་ཏུ་རང་གི་མཚན་ཉིད་ཀྱི་བདག་ཉིད་དམ། དེའི་ངོ་བོར་ཞེན་པ་གཞན་སེལ་བའི་ངོ་བོ་ཡིན་གྲང་ན། དེ་ལ་རེ་ཞིག་བདག་ཉིད་ལ་ནི་མ་ཡིན་ཏེ། རྣམ་པར་རྟོག་པའི་རང་གི་བདག་ཉིད་ལ་རྣམ་པར་མི་རྟོག་གོ་ཞེས་ཁྱེད་ཅག་ཉིད་ཀྱིས་བཀག་པའི་ཕྱིར་རོ། །བདག་ཉིད་མ་ཡིན་པ་རང་གི་མཚན་ཉིད་ཀྱི་རང་བཞིན་ལ་ནི་མ་ཡིན་ཏེ། །དེ་ནི་ཐམས་ཅད་ལ་ལོག་པ་ཉིད་ཀྱིས་ཤིན་ཏུ་ཁྱད་པར་དུ་འགྱུར་བའི་ངོ་བོ་ཡིན་པའི་ཕྱིར། འདི་ནི་སྤྱིའི་རྣམ་པར་འཇུག་པ་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། དེ་ཡི་ངོ་བོ་ཀུན་ལས་ལོག །དེ་ལྟར་དེ་ནི་རྟོག་བྱེད་པ། །སྒྲ་དང་རྣམ་རྟོག་ཡོད་མིན་ཏེ། །སྤྱི་ཉིད་ལ་ནི་འཇུག་ཕྱིར་རོ། །ཞེས་བསྟན་ཏོ། །གཞན་སེལ་བའི་ངོ་བོར་ཞེན་པ་ནི་རྣམ་པར་བརྟག་པར་བྱ་བ་ཡིན་ན་ཡང༌། ཡང་དག་པ་ཀུན་རྫོབ་པའི་དངོས་པོའི་ངོ་བོར་མེད་པའི་ཕྱིར་རྣམ་པར་བརྟག་པར་བྱ་བ་དངོས་པོར་འགྱུར་བ་མེད་པས་རྣམ་པར་རྟོག་པ་ཡང་ཡང་དག་པ་མ་ཡིན་ནོ། །འདི་ཉིད་སྟོན་པར་བྱེད་པ་ནི་བརྟག་བྱ་གང་རྣམ་པར་རྟོག་པ་སྐྱེད་པར་བྱེད་པ་ཉིད་ཀྱིས་དེའི་ཡུལ་དུ་གྱུར་པ་དེ་དངོས་པོར་ཡོད་པ་མ་ཡིན་ནོ། །བརྟག་བྱ་དངོས་པོར་གྱུར་པ་མེད་ན་གལ་ཏེ་རྣམ་པར་རྟོག་པ་དངོས་པོའི་བདག་ཉིད་དུ་གྱུར་པ་གང་ན་ཡང་མེད་པ་ཉིད་དོ། །གང་གི་ཕྱིར་དེ་ལྟར། དེ་ཕྱིར་བརྟག་བྱ་རྟོག་པ་ཡང༌། །ཞེས་བྱ་བ་གཉིས་ཀ་ཡང་སྟོང་པ་ཡིན་ཏེ། ཇི་ལྟར་ཞེན་པ་དེའི་ངོ་བོ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་ལ་གཏན་ཚིགས་གཞན་བསྟན་པ་ནི། རྐྱེན་ལས་སྐྱེས་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལྟར་དགོངས་པ་ནི་འདི་ཡིན་ཏེ། གང་ཡང་དངོས་པོ་དང་འབྲེལ་བ་མེད་པའི་ཕྱིར་རྣམ་པར་རྟོག་པ་ཐམས་ཅད་དངོས་པོའི་བདག་ཉིད་དུ་མ་གྱུར་མོད། རྗེས་སུ་དཔག་པ་ལ་སོགས་པའི་རྣམ་པར་རྟོག་པ་


DTG103_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་ལ་བརྒྱུད་པས་དངོས་པོ་ལ་རག་ལས་པར་འཇུག་པ་ཉིད་དུ་ཡོད་པ་དེའམ། དེའི་རྣམ་པར་བརྟག་པར་བྱ་བ་ཇི་ལྟར་དངོས་པོར་མ་གྱུར་པ་ཡིན་སྙམ་དུ་སེམས་པ་དེ་ལ་གཏན་ཚིགས་འདི་ཉེ་བར་བསྟན་པ་ཡིན་ནོ། །འདིས་ནི་འདི་སྐད་བསྟན་ཏེ། གང་ཡང་བརྒྱུད་པས་རྗེས་སུ་དཔག་པ་ལ་སོགས་པའི་རྣམ་པར་རྟོག་པ་སྐྱེད་པར་བྱེད་པ་ཉིད་ཀྱིས་རྣམ་པར་བརྟག་པར་བྱ་བ་ཉིད་དུ་འདོད་པའི་དངོས་པོ་དང༌། རྗེས་སུ་དཔག་པ་ལ་སོགས་པའི་རྣམ་པར་རྟོག་པ་དེ་གཉི་ག་ཡིན་པ་འདི་ཡང་རྐྱེན་ལས་སྐྱེས་ཕྱིར་ཏེ། ཇི་ལྟར་ལན་གྱི་རྒྱུ་ལ་རག་ལས་ནས་སྐྱེ་བའི་ཕྱིར་སྒྱུ་མ་ལ་སོགས་པ་བཞིན་དུ་ཡང་དག་པར་རང་བཞིན་མེད་པ་ཉིད་ཀྱིས་སྟོང་པ་ཉིད་དོ། །འདི་ལྟར་རྟོགས་པའི་སྒྲས་རང་དགའི་རྣམ་པར་རྟོག་པ་ཡང་བཟུང་བ་དེས་ན་དེ་ཡང་ཕྱི་རོལ་གྱི་དངོས་པོ་ལ་རག་ལས་པ་ཉིད་མེད་ཀྱང་མཚུངས་པ་དེ་མ་ཐག་པའི་རྐྱེན་ལ་རག་ལས་ནས་སྐྱེ་བའི་ཕྱིར་རང་བཞིན་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། །འདི་ཁྱད་པར་ནི་འདི་ཙམ་ཡིན་ཏེ། སྔར་ནི་རྣམ་པར་བརྟག་པར་བྱ་བ་དང༌། རྣམ་པར་རྟོག་པ་དག་ཕ་རོལ་གྱི་འདོད་པ་ཁོ་ནས་ཡང་དག་པའི་ངོ་བོ་གསལ་བ་ཡིན་ལ། ད་ལྟར་ནི་རང་གི་འདོད་པས་ཡིན་ནོ། །དེ་ལྟ་བས་ན་གང་དག་གིས་གཟུགས་ལ་སོགས་པ་འདི་དག་ཡང་དག་པར་ཡོད་པ་ཉིད་དུ་ཁས་བླངས་པ་དེ་དག་ཉིད་ཀྱི་གཞུང་གིས་དེ་དག་རྣམ་པར་དཔྱད་པ་ན་མི་འཐད་པའི་རང་བཞིན་རྣམས་དབུ་མ་པའི་ལུགས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །ད་ནི་བདེན་པའི་དངོས་པོར་ཞེན་པའི་གདོན་གྱིས་བཟུང་བ་དེ་དག་ཁོ་ན་ལ་སྟོང་པ་ཉིད་ཀྱིས་ཚུལ་འདི་རང་གི་མངོན་པར་འདོད་པའི་རྣམ་པར་གྲོལ་བ་དང་རྗེས་སུ་མཐུན་པ་བསྟན་པས་གདོན་མི་ཟ་བར་ཁས་བླང་བར་བྱ་བ་ཉིད་དུ་བསྟན་པའི་ཕྱིར། ཡང་དག་རྟོགས་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཚེ་ཡང་དེ་ལྟར་གཟུགས་ལ་སོགས་པ་རྣམས་ལ་དེ་ཁོ་ན་ཉིད་དུ་སོ་སོར་བརྟག་པ་ལ་སོགས་པ་མཐར་ཕྱིན་པ་ལས་སྐྱེས་པ་འཇིག་རྟེན་ལས་འདས་པ་རྣམ་


DTG103_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་རྟོག་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་རང་བཞིན་མེད་པའི་མཚན་ཉིད་རྟོགས་ཤིང་མངོན་དུ་བྱེད་དེ་ཁོང་དུ་ཆུད་པར་གྱུར་པ། དེའི་ཚེ་ཡང་དག་རྟོགས་ཕྱིར་ཏེ། །དེས་ན་མ་རིག་པ་མེད་ཅིང་འཇུག་པར་མི་འགྱུར་ཏེ། གང་གི་ཕྱིར་དེ་ནི་ཕྱིན་ཅི་ལོག་བཞི་ལས་སྐྱེས་པ་ཡིན་ནོ། །ཕྱིན་ཅི་ལོག་བཞི་པོ་དེ་དག་ཀྱང་དེ་ཁོ་ན་ཉིད་མཐོང་བ་ན་ཉི་མ་ཤར་བ་ལ་མུན་པ་བཞིན་དུ་མེད་པར་འགྱུར་བའི་ཕྱིར་རོ་སྙམ་དུ་དགོངས་པའོ། །གང་གི་ཕྱིར་ལུས་དང༌། ཚོར་བ་དང༌། སེམས་དང༌། ཆོས་དག་ལ་བརྟེན་པ་དེ་དག་རྟག་པ་དང༌། བདེ་བ་དང༌། བདག་དང༌། སྡུག་པའི་རྣམ་པར་ཞེན་པའི་ངོ་བོར་གོ་རིམས་འཇུག་པ་རྣམས་ནི་མ་རིག་པའི་རྒྱུ་མཚན་ཉིད་དུ་འདོད་དེ། ལུས་ལ་སོགས་པ་དེ་དག་ཀྱང་ཇི་སྐད་བསྟན་པའི་རིགས་པས་རང་བཞིན་སྟོང་པ་ཡིན་ལ། གང་དག་རང་བཞིན་སྟོང་པ་དེ་དག་ནི་རྟག་པ་ཞེས་བྱ་བ་མི་རྟག་པ་ཞེས་བྱ་བར་རིགས་པ་མ་ཡིན་ཏེ། དངོས་ཡོད་རྟག་དང་མི་རྟག་ཉིད། །ཡིན་ན་དེ་ལྟ་ག་ལ་ཡོད། །ཅེས་བསྟན་ཏོ། །དེ་ལྟ་བས་ན་གཞི་མེད་པའི་ཕྱིར་ཕྱིན་ཅི་ལོག་རྣམས་མི་འཇུག་ན་མ་རིག་པ་མི་འཇུག་གོ་ཞེས་བསྟན་པ་ཡིན་ནོ། དེ་མེད་ཕྱིར་ཏེ་མ་རིག་པ་དེ་མི་འཇུག་ན་འདུ་བྱེད་རྣམས་ཏེ། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་ཀྱི་དབྱེ་བ་རྣམས་མི་འབྱུང་སྟེ་མི་སྐྱེ་བ་ཡིན་ནོ། །དེ་བཞིན་དུ་དེ་མ་ཐག་ཏུ་བསྟན་པས་རྒྱུ་མི་འཇུག་པས་ན་འབྲས་བུ་མི་འཇུག་པའི་རིམ་པས་ལྷག་མ་སྟེ། ལུས་ལ་རྟེན་ཅིང་འབྲེལ་པར་འབྱུང་པའི་ཡན་ལག་རྣམ་པར་ཤེས་པ་ལ་སོགས་པ་རྒ་ཤིའི་མཐར་ཐུག་པ་མི་འཇུག་པའི་ཆོས་ཅན་ཡིན་པར་ཤེས་པར་བྱའོ། །འདི་ཉིད་ལ་འཕགས་པའི་ཕྱེད་ཀྱིས་ཕ་རོལ་ལ་ཤིན་ཏུ་གྲགས་པ་བསྟན་པ་ནི། གང་གང་ཞེས་བྱ་བ་ལ་སོགས་པ་གང་ཡིན་ཏེ། འབྲས་བུ་མངོན་པར་འདོད་པའི་དངོས་པོ་གང་རྒྱུར་འདོད་པའི་དངོས་པོ་ལ་བརྟེན་པ་སྟེ་བརྟེན་ནས་སྐྱེས་པ་སྟེ་འབྱུང་བའི་འབྲས་བུར་མངོན་པར་འདོད་པ་དེ་ལས་སྐྱེས་པ་སྟེ། རྒྱུར་མངོན་པར་འདོད་པའི་དངོས་པོ་དེ་ལ་དངོས་སུ་སྐྱེས་པ་ཉིད་ངེས་པ་ན་རྒྱུར་མངོན་པར་


DTG103_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་དངོས་པོ་དེ་མེད་ན་འབྲེལ་པ་མིན་ན་མི་འབྱུང་བ་སྟེ་མི་སྐྱེ་བའོ། །གང་གི་ཕྱིར་ཞེས་བྱ་བ་ནི་ལྷག་མའོ། །དེ་ལྟ་བས་ན་ཡན་ལག་སྔ་མ་སྔ་མ་མ་ཚང་བའི་ཕྱིར་ཡན་ལག་ཕྱི་མ་ཕྱི་མ་མི་འཇུག་པར་བསྟན་པས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ཉེ་བར་ཞི་བའི་མཚན་ཉིད་ཀྱི་ཐར་པ་ཐོབ་པ་དང་རྗེས་སུ་མཐུན་པ་ཚུལ་འདི་བསྟན་པ་གང་ཡིན་པ་དེ་རིགས་པ་དང་མི་ལྡན་པ་མ་ཡིན་པ་དེའི་ཕྱིར། ཕ་རོལ་པོ་དག་གིས་ཀྱང་གདོན་མི་ཟ་བར་ཚུལ་འདི་ཁོ་ན་ཁས་བླང་བར་བྱ་བ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འདི་ཙམ་གྱིས་མྱ་ངན་ལས་འདས་པ་མཚུངས་པ་ཉིད་དུ་དགོངས་པར་བྱ་བ་ཡང་མ་ཡིན་ཏེ། འདི་ལ་ཁྱད་པར་ཆེན་པོ་སྲིད་པའི་ཕྱིར་རོ། །ཁྱད་པར་དེ་ཉིད་བསྟན་པའི་ཕྱིར། དངོས་དང་དངོས་མེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །སྐྱེ་བར་བྱེད་པའི་ཕྱིར་དངོས་པོ་སྟེ། སྡུག་བསྔལ་གསུམ་གྱིས་ཟིན་པའི་འབྲས་བུར་གྱུར་པ་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་ནི་འཁོར་བའོ། །དེ་བཞིན་དུ་གང་ཡོད་ན་འབྱུང་བའི་ཕྱིར་དངོས་པོ་སྟེ་ལས་དང་ཉོན་མོངས་པའི་མཚན་ཉིད་དེའི་རྒྱུའོ། །དངོས་པོ་མེད་པ་ནི་དངོས་པོ་མེད་པ་སྟེ། འཁོར་བ་ལྡོག་པའི་མཚན་ཉིད་ཐར་པའོ། །དེ་བཞིན་གང་ཡོད་ན་མི་འབྱུང་བས་དངོས་པོ་མེད་པ་སྟེ། ལས་དང་ཉོན་མོངས་པ་དག་གི་གཉེན་པོར་གྱུར་པ་ལམ་མོ། །དངོས་པོ་དག་དང་དངོས་པོ་མེད་པ་དག་ནི། དངོས་པོ་དང་དངོས་པོ་མེད་པ་རྣམས་ཏེ་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་རྣམས་ཞེས་བྱ་བའོ། །འདུས་བྱས་རྣམས་ཀྱི་སྡུག་བསྔལ་དང་ཀུན་འབྱུང་དང་ལམ་རྣམས་སོ། །འདུས་མ་བྱས་ནི་སོ་སོར་བརྟགས་པའི་འགོག་པའོ། །འདུས་བྱས་རྣམས་དང་འདུས་མ་བྱས་ནི་འདུས་བྱས་དང་འདུས་མ་བྱས་རྣམས་ཏེ་མདོ་སྡེ་པ་དག་གིས་ནི་དངོས་པོ་དང་དངོས་པོ་མེད་པའི་ཚིག་གིས་སྡུག་བསྔལ་ལ་སོགས་པ་རྣམས་ཐ་སྙད་བཏགས་པ་ཡིན་ལ། བྱེ་བྲག་ཏུ་སྨྲ་བ་དག་གིས་ནི་འདུས་བྱས་དང་འདུས་མ་བྱས་པའི་མིང་གིས་ཡིན་ནོ་ཞེས་རྟོགས་པ་པོ་རྣམས་ཀྱིས་དབྱེ་བས་བསྡུས་པས་དགོངས་པས་


DTG103_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

མིང་གི་དབྱེ་བ་སྨོས་པ་ན་ཟློག་པར་དོགས་པར་བྱ་བ་མ་ཡིན་ནོ། །དངོས་པོ་དང་དངོས་པོ་མེད་པ་ཡང་ཡིན་ལ། འདུས་བྱས་དང་འདུས་མ་བྱས་ཀྱང་ཡིན་ནོ་ཞེས་བྱ་བ་ནི་དངོས་པོ་མེད་པ་དང་འདུས་བྱས་དང་འདུས་མ་བྱས་དག་གོ ། །དེ་དག་ནི་ཞི་བ་ནི་རང་བཞིན་གྱིས་ཉེ་བར་ཞི་བའི་མྱ་ངན་ལས་འདས་པར་ཚུལ་འདི་ལ་རིགས་པར་བྱ་བ་ཡིན་ནོ་ཞེས་དགོངས་པ་ཡིན་ནོ། །འདི་ལྟར་སྡུག་བསྔལ་ནི་གཟོད་མ་ནས་དེ་ཁོ་ན་ཉིད་དུ་མ་སྐྱེས་པ་ཡིན་ལ། གང་སྐྱེས་པ་དེ་ནི་རང་བཞིན་སྟོང་པའོ། །གང་རང་བཞིན་སྟོང་པ་ནི་རྒྱུ་མ་ཡིན་ལ། རང་བཞིན་དང་རྒྱུ་མ་ཡིན་པ་དེ་ནི་འགོག་པ་མ་ཡིན་ནོ། །གང་འགོག་པ་མ་ཡིན་པ་དེ་ནི་འགོག་པའི་རྒྱུ་མཚན་རྒྱུའི་གཉེན་པོ་ལམ་རིགས་པ་མ་ཡིན་ནོ། །དེའི་ཕྱིར་ཆོས་རྣམས་ཀྱི་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཁོ་ན་ཐར་པ་ཡིན་ནོ། །གཞན་དག་གི་ཐེག་པ་ལ་ནི་སྡུག་བསྔལ་དངོས་པོར་གྱུར་པ་ཉིད་ཀྱང༌། དེ་ལྟ་བུ་ཉིད་ཀྱི་རྒྱུ་ལས་སྐྱེ་བ་དང༌། རྒྱུའི་གཉེན་པོའི་ལམ་སྐྱེ་བ་ན་དེ་འགོག་པ་ཡིན་པའི་ཕྱིར་སྡུག་བསྔལ་ལ་སོགས་པ་རྣམས་ཀྱི་གཟོད་མ་ནས་ཉེ་བར་ཞི་བའི་མཚན་ཉིད་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་ཁས་བླངས་པ་མ་ཡིན་ནོ། །ཐེག་པ་དེའི་ཕྱིར་ཐེག་པ་འདི་ལ་ནི་ཁྱད་པར་ཆེ་བ་ཡིན་ནོ། །དེ་ལ་འདི་སྙམ་དུ་སེམས་པར་གྱུར་ཏེ། གལ་ཏེ་ཆོས་རྣམས་ཀྱི་རང་བཞིན་གྱིས་མྱང་འདས་ཉིད་ཐར་པ་དམ་པ་ཡིན་ན། ཀུན་ནས་ཉོན་མོངས་པ་གསུམ་གྱི་རྒྱུ་མཚན་ཉིད་ཅན་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱིས་འཇུག་པའི་རིམ་པའམ་ལྡོག་པའི་རིམ་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་སྤང་བར་བྱ་བ་དང་བླང་བར་བྱ་བ་འཁོར་བ་དང༌། མྱ་ངན་ལས་འདས་པ་དག་གི་རྣམ་པར་དབྱེ་བ་མེད་པས་མ་རིག་པའི་རྐྱེན་གྱིས་འདུ་བྱེད། སྐྱེ་བའི་རྐྱེན་གྱིས་རྒ་ཤིའི་བར་དང༌། དེ་བཞིན་དུ་མ་རིག་པ་འགོག་པས་འདུ་བྱེད་འགོག །སྐྱེ་བ་འགོག་པས་རྒ་ཤི་འགོག་ཅེས་བྱ་བའི་བར་དུ་རྟེན་ཅིང་འབྲེལ་པར་འབྱུང་བའི་རིམ་པ་གཉིས་བཅོམ་ལྡན་འདས་ཀྱིས་དེ་དང་དེར་བསྟན་པ་ཇི་ལྟར་ན་འབྲས་བུ་མེད་པ་ཉིད་དུ་ཐལ་བར་མི་འགྱུར་ཞེ་ན། ཐལ་བར་


DTG103_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་ཏེ། དངོས་པོ་འཇུག་པ་ལ་ལྟོས་ནས་ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཉིད་ཡིན་ན་ཡང་ཐོག་མ་མེད་པ་ནས་ཕྱིན་ཅི་ལོག་གི་རྣམ་རྟོག་གོམས་པའི་བག་ཆགས་ཀྱི་རང་བཞིན་གྱིས་རྨོངས་པའི་རབ་རིབ་ཀྱིས་ཉམས་པའི་བློའི་མིག་ཅན་གྱི་རྟོགས་པ་པོ་རྣམས་ཀྱི་རྟོགས་པའི་འཇུག་པ་ལ་ལྟོས་ནས། རྟེན་ཅིང་འབྲེལ་པར་འབྱུང་བའི་རིམ་པ་གཉིས་སུ་དེ་ཉིད་ཀྱིས་ཡོད་པར་ཞལ་གྱིས་བཞེས་པར་མཛད་པའི་ཕྱིར་རོ། །འདི་ཉིད་བསྟེན་པའི་ཕྱིར། རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས། །ཞེས་བྱ་བ་ལ་སོགས་པ་འཕགས་པ་གཉིས་སྨོས་སོ། །རྒྱུ་ཉེ་བར་ལེན་པའི་རྒྱུ་རྐྱེན་དེ་ལྷན་ཅིག་བྱེད་པའི་རྐྱེན་རྣམས་ལས་སྐྱེས་པའི་དངོས་པོ་རྣམས་ལ་ཡང་དག་པ་ཉིད་དུ་སྟེ། དེ་ཁོ་ན་ཉིད་ཀྱི་ངོ་བོར་རྟོགས་པ་གང་བརྟེན་ནས་སྐྱེས་པ་ཉིད་ཀྱི་སྒྱུ་མ་ལ་སོགས་པ་བཞིན་དུ་བརྫུན་པའི་རྣམ་པ་རྣམས་ལ་ཡང་བརྫུན་པ་མ་ཡིན་པའི་རྣམ་པ་ཉིད་དུ་ཁོང་དུ་ཆུད་པ་གནག་ཡིན་པ་དེ་ནི་སེམས་ཅན་ཐམས་ཅད་ལ་སྟོན་པར་བྱེད་པའི་ཕྱིར་སྟོན་པས་མ་རིག་པར་གསུངས་ཏེ། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ཀུན་རྫོབ་འདིའི་རྐྱེན་ཉིད་དུ་བསྟན་པ་ན་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་མ་རིག་པ་དེ་ཉིད་ལ་ཡན་ལག་བཅུ་གཉིས་ཀྱི་ཆ་གང་ལ་ཡོད་པ་དེ་ནི་ཡན་ལག་བཅུ་གཉིས་ཡིན་ཏེ། འབྱུང་ཞིང་རྒྱུན་དུ་སྐྱེ་བ་ནི་སྲིད་པའི་འཁོར་ལོ་ཞེས་བྱ་བ་ལྷག་མའོ། །གང་གི་ཚེ་ཡང་ཆོས་ཐམས་ཅད་རང་བཞིན་མེད་པ་མངོན་པར་གསལ་བར་བྱེད་པའི་ཐེག་པ་ཆེན་པོ་འདི་ཐོས་པ་དང༌། བསམ་པ་དང། བསྒོམ་པའི་རང་བཞིན་གྱི་ཤེས་པ་ཚོགས་དང་སྦྱོར་བའི་ལམ་གྱིས་བསྡུས་པས་དངོས་པོ་དེ་དག་ཉིད་སྟོང་པ་སྟེ། རང་བཞིན་གྱིས་དབེན་པར་ངེས་པ་སྟེ་སོམ་ཉི་མེད་པར་རྟོགས་པར་འགྱུར་བ་དེའི་ཚེ་དེ་དག་དེ་ལྟར་རྟོགས་པ་དག་ཡིན་ན། དེ་མ་ཐག་ཏུ་རབ་ཏུ་དགའ་བའི་ས་རྙེད་པའི་ཡང་དག་པའི་མཐོང་བའི་ལམ་སྐྱེ་བ་དེ་གང་ལས་སྔར་བཤད་པའི་མཚན་ཉིད་ཅན་གྱི་རྨོངས་པར་མི་འགྱུར་རོ། །དེ་མི་འབྱུང་བ་གང་ཡིན་པ་དེ་ནི་མ་རིག་པ་འགོག་པ་ཡིན་ལ། མ་རིག་པ་འགོག་པ་དེ་ཉིད་ལས་ཀྱང་ཡན་ལག་བཅུ་གཉིས་ཀྱིས་སྲིད་


DTG103_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཁོར་ལོ་འགག་པ་སྟེ། ཀུན་རྫོབ་ཏུ་ཡང་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། མདོ་ལས། དངོས་པོ་ཞེས་རིགས་ལ་གཅིག་གི་ཚིག་ཏུ་ཁོང་དུ་ཆུད་པར་བྱའོ། །གཞན་དུ་སྔར་དངོས་པོ་རྣམས་མང་པོ་ཉིད་དུ་བསྟན་པ་གང་དག་ལ་མདོར་གསལ་བ་གཅིག་ཡོངས་སུ་བཟུང་ན་སྐབས་སུ་བབ་པའི་ཉམས་པའི་ཉེས་པར་འགྱུར་རོ། །དེ་བས་འདི་ལྟར་དངོས་པོའི་འཇུག་པས་ཆོས་རྣམས་ཐམས་ཅད་གཟོད་མ་ནས་ཞི་བ་ཉིད་དུ་ཡིན་ན་ཡང་རྟོགས་པ་པོའི་ཁྱད་པར་གྱི་རྟོགས་པ་ལ་ལྟོས་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྐྱེ་བ་དང་འགོག་པའི་རིམ་པ་ཡོད་པ་ཉིད་དུ་བསྟན་པས་ཀུན་རྫོབ་ཏུ་སྤང་བ་དང་བླང་བར་བྱ་བ་དང༌། འཁོར་བ་དག་མྱ་ངན་ལས་འདས་པའི་རྣམ་པར་དབྱེ་བ་ཡོད་པས་དེ་དག་སྤང་བ་དང༌། བླང་བ་རྒྱུ་མཚན་དུ་གྱུར་པའི་ལམ་ཡང་ཀུན་རྫོབ་ལ་མི་འགལ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་བསྟན་པ་འབྲས་བུ་དང་ལྡན་པ་ཉིད་དོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །འདི་ནི་རིགས་པ་ཡང་ཡིན་ཏེ། གང་གི་ཕྱིར་དངོས་པོ་རྣམས་ཡང་དག་པར་སྐྱེ་བ་དང་འགག་པ་དང་བྲལ་བ་ཡིན་ཡང་ཀུན་རྫོབ་ཏུ་སྐྱེ་བ་དང་འགག་པ་ཡིན་ནོ་ཞེས་བྱ་བར་བསྟན་པའི་ཕྱིར་རོ། འདུ་བྱེད་དྲི་ཟའི་གྲོང་ཁྱེར་དང༌། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཕྱིར་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་ཡང་དག་པར་སྐྱེ་བའམ། འགག་པ་མ་ཡིན་པ་དེ་ལྟར་ན་ཡང་ཚོགས་པ་དེ་དང་དེ་ཡང་དག་པར་ཐོབ་པའི་དབང་གིས་འཇིག་རྟེན་ལས་སྐྱེ་བ་དང་འགག་པ་དང་ལྡན་པ་ཉིད་དུ་མ་དམིགས་པ་མ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་འདུས་བྱས་ཐམས་ཅད་ཡིན་ནོ། །འདྲ་བའི་རྒྱུ་མཚན་དེ་ཉིད་གསལ་བར་བྱ་བའི་ཕྱིར། འདི་ལ་དངོས་འགའ་ཡོད་མིན་ཞིང༌། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཕྱིར་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་འདི་ལ་དངོས་པོ་སྟེ། སྐྱེ་བ་དང༌། དངོས་མེད་དེ་འགོག་པ་རང་བཞིན་གྱིས་ཏེ། དོན་དམ་པར་འགའ་ཡང་ཡོད་པ་མ་ཡིན་པ་ཉིད་དེ། འདི་དག་ནི་བརྟེན་ནས་སྐྱེས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་པའོ། །དེའི་ཕྱིར་གང་ཡང་དངོས་པོ་འདུས་བྱས་རྣམས་ཀྱི་རང་བཞིན་དེ་ཡང་བརྟེན་ནས་སྐྱེས་པ་


DTG103_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར་སྟོང་པ་སྟེ་ཡང་དག་པར་སྐྱེ་བ་དང་འགག་པ་དང་བྲལ་བ་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱའོ། །དོན་འདི་ཉིད་འཇུག་བསྡུ་བའི་ཕྱིར་དང༌། ཐེག་པ་གཞན་དུ་འགལ་བ་སྤང་བར་བྱ་བའི་ཕྱིར། འཕགས་པ་གཉིས་སྨོས་པ་ནི། དངོས་ཀུན་རང་བཞིན་སྟོང་ཡིན་ནོ། །ཞེས་བྱ་བ་ལ་སོགས་པའོ། །དངོས་པོ་འདི་ལ་དེའི་ཕྱིར། །ཞེས་ཁོང་ནས་དབྱུང་བར་བྱ་སྟེ། གང་གི་ཕྱིར་འདུས་བྱས་ཐམས་ཅད་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་དང་འདྲ་བ་དེའི་ཕྱིར་དངོས་པོ་ཀུན་རང་བཞིན་གྱིས་སྟོང་པ་རང་བཞིན་གྱིས་མྱ་ངན་ལས་འདས་པ་གནས་པ་ཡིན་ན་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཚུངས་པ་མེད་པ་སྟེ། སྟོན་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པས་དངོས་པོ་རྣམས་ཀྱི་རྟེན་འབྱུང་སྟེ། རྒྱུ་དང་རྐྱེན་ལ་སོགས་པས་བརྟེན་ནས་སྐྱེ་བ་འདི་འདྲ་བ་ནི་ཞེས་བྱ་བ་སྟེ། དེ་ལྟ་བུའི་ངོ་བོར་ཉེ་བར་བསྟན་པ་སྟེ། དྲི་ཟའི་གྲོང་ཁྱེར་ལ་སོགས་པ་རྣམས་ཀྱི་སྐྱེ་བ་བཞིན་དུ་བརྫུན་པ་ཀུན་རྫོབ་པ་ཞེས་བྱ་བའི་དོན་ཏོ། །འོ་ན་ཇི་ལྟར་ཐེག་པ་གཞན་དུ་འདི་ཉིད་ཡང་དག་པ་ཉིད་དུ་བསྟན་ཞེ་ན། བསྟན་པ་ནི་བདེན་མོད་ཀྱི། དེ་ཙམ་གྱིས་འགལ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་དམ་པ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པའི་རྣལ་འབྱོར་པའི་ཡེ་ཤེས་ཀྱི་དོན་ཏེ་ཡུལ་སྐྱེ་བ་འདིར་ཟད་པ་ནི་འདི་ཙམ་གྱིས་ཆད་དེ་སྒྱུ་མ་ལ་སོགས་པ་བཞིན་དུ་བརྫུན་པའི་རྣམ་པ་ཡོངས་སུ་ཆད་པ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་ཐ་སྙད་ཅེས་བྱ་བ་ལ་འཇིག་རྟེན་སོ་སོའི་སྐྱེ་བོ་འཕགས་པའི་ལམ་ལ་མ་ཞུགས་པའི་སེམས་ཅན་གྱི་ཁམས་དེ་ལ་གྲགས་པའི་ཐ་སྙད་ནི་སེམས་དང་ངག་དང་ལུས་ཀྱི་དབྱེ་བས་རྣམ་པ་གསུམ་སྟེ། ཤེས་པ་དང་བརྗོད་པ་དང༌། འཇུག་པའི་ངོ་བོ་ལ་བརྟེན་ནས་ཏེ་དེ་རྗེས་སུ་གཟུང་བར་འདོད་ནས་དེ་ཉིད་དོན་དམ་པ་ལ་འཇུག་པར་བྱ་བའི་ཕྱིར་ཁས་བླངས་ནས་མ་ཆགས་ཤིང་མ་ཐོགས་པའི་རྣམ་པར་དག་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐུགས་སུ་ཆུད་པ་ཞེས་བྱ་བའི་སངས་རྒྱས་


DTG103_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པའི་བཅོམ་ལྡན་འདས་ཀྱིས་ནི་སྣ་ཚོགས་ཐམས་ཅད་དེ་དོན་གྱི་ཚོགས་མ་ལུས་པར་ཡང་དག་པར་ཕྱིན་ཅི་ལོག་པ་བརྟགས་པ་སྟེ། ཚིག་གིས་བསྙད་ཅིང་ཉེ་བར་བསྟན་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བས་ན་འཕགས་པ་དང་འཕགས་པ་མ་ཡིན་པའི་སྐྱེ་བོའི་ཐ་སྙད་ཀྱི་དབྱེ་བ་ལ་ལྟོས་ནས་བདེ་བར་གཤེགས་པའི་བསྟན་པ་འདི་ཐམས་ཅད་ཁོ་ན་དོན་མི་འགལ་བ་ཡིན་ནོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །དེ་ལྟ་བས་ན་འདི་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་བསྟན་པ་ཁ་ན་མ་ཐོ་བ་མེད་པ་ལ་ཡང་གང་དག་ལ་སྐྲག་པའི་འབྱུང་བ་དེ་དག་ལ་དེའི་དགོངས་པ་མ་རྟོགས་པ་ཉིད་སྐྲག་པའི་རྒྱུ་ཡིན་པར་བསྟན་པའི་ཕྱིར། འཇིག་རྟེན་ཆོས་ཅན་མི་འཇིག་ཅིང༌། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཕྱིར་དེ་ལྟར་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ལ་ལྟོས་ནས་བསྟན་པ་འཇུག་པ་ན། འཇིག་རྟེན་པའི་ཆོས་བསྟན་པ་མི་འཇིག་པ་སྟེ། ཀུན་རྫོབ་དག་གི་སྐྱེ་བ་དང་འགག་པ་ལ་སོགས་པ་དག་མ་སྤངས་པའི་ཕྱིར་རོ། །དེ་བཞིན་དུ་ཡང་དག་པ་སྟེ་དོན་དམ་པར་ཆོས་བསྟན་པ་ཅི་ཡང་མཛད་པར་འགྱུར་བ་མེད་དེ། ཆོས་ཀྱི་དངོས་པོ་ཡོད་པ་ཅུང་ཟད་ཀྱང་གཞག་པ་མེད་པའི་ཕྱིར་ཏེ་སྒྲོ་བཏགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་དྲི་མ་མེད་པ་འདི་ནི་སྒྲོ་འདོགས་པ་དང༌། སྐུར་བ་འདེབས་པའི་སྐྱོན་གྱིས་སྟོང་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་ཡིན་ལ། ཆོས་ཀྱི་དེ་ཁོ་ན་ཉིད་མཆོག་ཏུ་ཟབ་པ་མི་ཤེས་པ་ཤེས་པར་བྱེད་པའི་ཕྱིར་ཚུལ་དེ་སྟོང་པ་ཉིད་ཀྱི་ཐེག་པ་གང་ཡིན་པ་དེ་ལ་དྲི་མ་མེད་པའི་ཚུལ་འདི་གང་དག་སྐྲག་པ་དེ་དག་ནི་ཆོས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་གནས་པ་དེ་བཞིན་དུ་སྟོན་པར་བྱེད་པའི་ཞེས་བྱ་བའི་ངེས་པའི་ཚིག་གི་ཚུལ་གྱིས་ཕྱིན་ཅི་མ་ལོག་པའི་ཆོས་ཀྱི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་སངས་རྒྱས་དེ་བཞིན་གཤེགས་པ་རྣམས་ཀྱིས་བཤད་ཅིང་བསྟན་པ་མ་རྟོགས་ནས་ཏེ། དགོངས་པ་ཇི་ལྟ་བ་བཞིན་གྱི་དེ་ཁོ་ན་ཉིད་མ་ངེས་ནས་ཞེས་བྱ་བའི་དོན་ཏོ། །འདིར་དེ་ཁོ་ན་ཉིད་ངེས་པ་ཅི་འདྲ་བ་གང་ཡོད་ན་སྐྲག་པ་མི་སྐྱེ་བ་དེ་གསལ་བར་བྱ་བར་བཞེད་པ་ནི། འདི་བརྟེན་


DTG103_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

འདི་འབྱུང་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱུར་མངོན་པར་འདོད་པའི་དངོས་པོ་འདི་ལ་བརྟེན་པ་སྟེ། བརྟེན་ནས་འབྲས་བུར་མངོན་པར་འདོད་པ་འདི་འབྱུང་བ་སྟེ་སྐྱེ་བ་ཞེས་འཇིག་རྟེན་མཐའ་དག་ལ་གྲགས་པའི་ཕྱིར་འཇིག་རྟེན་པའི་ཚུལ་འདི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་འགོག་པར་མི་མཛད་པ་སྟེ་མི་སྤོང་པ་ཉིད་དོ་ཞེས་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་པའི་བསྟན་པ་ལ་དེ་ཁོ་ན་ཉིད་དུ་ངེས་པ་ཡིན་ནོ། །དོན་དམ་པའི་བདེན་པ་ལ་བརྟེན་པ་དེ་ལ་ནི། །རྟེན་འབྱུང་གང་དེ་རང་བཞིན་མེད་པ་སྟེ། དེ་ཁོ་ན་ཉིད་དུ་སྒྱུ་མ་ལ་སོགས་པ་བཞིན་དུ་ཡོད་པ་མ་ཡིན་པ་ཉིད་དོ། །གང་དེ་ཁོ་ན་ཉིད་དུ་ཡོད་པ་མ་ཡིན་པ་དེ་ཡང་འགའ་ཞིག་ཡོད་པ་ཉིད་ཁས་ལེན་པར་བྱེད་པ་ན་ཡང་ཇི་ལྟར་དེ་སྣང་བ་དེ་གང་གིས་ན་ཡོད་དེ། ཇི་ལྟར་ཡང་དེ་ཡོད་པར་ཡང་མི་འགྱུར་པ་ཉིད་ཅེས་དེ་ཁོ་ན་ཉིད་དུ་ངེས་པའོ། །ད་ནི་གང་དག་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རིགས་ཅན་རྣམས་དང༌། གང་ཡང་དམན་པའི་བྱང་ཆུབ་ཀྱི་རིགས་ཅན་དེ་དག་ཐམས་ཅད་འདི་ཉིད་ལ་རབ་ཏུ་འཇུག་པར་བྱ་བའི་ཕྱིར་ཚུལ་འདི་ནི་མངོན་པར་འདོད་བའི་འབྲས་བུ་གྲུབ་བསྒྲུབ་པར་བྱེད་པ་ཉིད་དུ་ཉེ་བར་བསྟན་པའི་སྒོ་ནས་དོན་ཆེན་པོ་ཉིད་དུ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་གཉིས། ཚུལ་འདི་རིགས་པས་རྗེས་དཔོག་གང༌། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་ཚིགས་སུ་བཅད་པ་དང་པོས་བྱང་ཆུབ་དམ་པའི་རིགས་ཅན་རྣམས་དེ་ལ་ཡང་དག་པར་རྟོགས་པར་བྱེད་དོ། །བྱང་ཆུབ་ཀྱི་སེམས་བསྐྱེད་པའི་སྒྲུབ་པ་པོ་གང་ཐོག་མར་ལུང་ལས་ཐོས་པའི་རང་བཞིན་གྱི་ཤེས་པས་སྟོང་པ་ཉིད་བདུན་ཅུ་པས་བསྟན་པའི་ཐེག་པ་དམ་པའི་ཚུལ་འདི་ཁོང་དུ་ཆུད་ནས་རིགས་པས་ཏེ་འཐད་པས། རྐྱེན་ལས་སྐྱེས་པ་ཉིད་ལ་སོགས་པའི་རྟགས་ལས་རྗེས་སུ་དཔོག་པ་སྟེ། རིགས་པ་ལས་སྐྱེས་པ་བསམ་པའི་རང་བཞིན་ཤེས་པས་ངེས་པར་བྱེད་པའོ། །དེའི་འོག་ཏུ་དང་ལྡན་ཏེ་མངོན་པར་ཡིད་ཆེས་པའི་མཚན་ཉིད་ཀྱི་དད་པ་དང་ཡང་དག་པར་ལྡན་པའོ། །ཡང་དག་ཚོལ་ལྷུར་ལེན་པ་སྟེ། ཆོས་ཐམས་ཅད་རང་བཞིན་མེད་པའི་ཡང་དག་ཚོལ་བ་དེ་རྗེས་སུ་ཚོལ་བའི་སྦྱོར་བ་དང༌། མཐོང་བ་དང༌། བསྒོམ་པ་དག་གིས་གོམས་པའི་རིམ་པས་རྟོགས་པའོ། །


DTG103_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ལྷུར་ལེན་པ་ནི་ཡིད་གཞན་དུ་མི་གཏོད་པའོ། །དེའི་བར་དུ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་ལས་གདམས་ངག་ཐོབ་པ་ན་ཡང་ཆོས་བསྟན་འགའ་ཡང་མི་བརྟེན་པ་སྟེ། ཆོས་ནི་ཤེས་བྱ་དང༌། སྤང་བྱ་དང༌། རྣམ་པར་དག་པ་ལ་སོགས་པ་གང་བསྟན་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གདམས་ངག་གིས་སྟོན་པ་འགའ་ཞིག་ལ་ཡང་མི་བརྟེན་པ་ཆོས་སྟོན་པ་འགའ་ཞིག་ལ་ཡང་མངོན་པར་ཞེན་པ་མེད་པ་སྟེ། ཇི་ལྟར་སྒྱུ་མའི་གླང་པོ་ནི། །སྒྱུ་མའི་སེང་གེས་ཉམས་བྱེད་པ། །བདེན་མིན་དེ་བཞིན་ལོག་རྟོགས་ནི། །དེ་ཉིད་ངེས་པར་ཉམས་པར་བྱེད། །ཅེས་པའི་ཚུལ་གྱིས་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ཐམས་ཅད་ལ་སྒྱུ་མ་ལྟ་བུ་ཉིད་དུ་ལྷག་པར་མོས་པ་རྙེད་པའི་ཕྱིར་རོ། །གང་ཡང་དེ་ལྟར་གོམས་པ་ཁྱད་པར་ཅན་གྱི་གནས་སྐབས་ལ་ལྷག་པར་ཞུགས་པར་གྱུར་པ་དེ་ནི་དངོས་པོ་མེད་པ་དང་འཁོར་བ་དང་མྱ་ངན་ལས་འདས་པ་དག་སྤངས་ནས་ཞི་བ་སྟེ། དེ་དག་ལ་མངོན་པར་ཞེན་པ་མེད་ཅིང་རྣམ་པ་ཐམས་ཅད་ཡོངས་སུ་དག་པར་ཐོབ་པར་བྱེད་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་ཡིན་ཞེས་བྱ་བའི་དོན་ཏོ། །གང་ཡང་བདག་ཉིད་འཁོར་བའི་སྡུག་བསྔལ་ལྡོག་པར་འདོད་པས་རྐྱེན་ཉིད་འདི་པ་སྟེ། རྐྱེན་འདི་སྐྱེ་བ་ག་ལ་ཡོད་པ་དེ་ནི་རྐྱེན་འདི་པ་ཡིན་ལ། དེ་ཉིད་རྐྱེན་འདི་པ་སྟེ་བདག་མེད་པ་ཉིད་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་འབའ་ཞིག་ལ་དེ་ནི་རྐྱེན་ཉིད་འདི་པའོ། །འདི་ན་དེ་ལྟ་བུའི་ངོ་བོ་སྟེ་སྒྱུ་མ་ལ་སོགས་པ་བཞིན་དུ་བརྫུན་པའི་རང་བཞིན་དུ་ཚོར་བ་དང༌། སྦྱོར་བ་དང༌། མཐོང་བ་ལ་སོགས་པའི་རིག་པས་རིག་ཅིང་ཁོང་དུ་ཆུད་ལ། དེ་ཤེས་ནས་ཀྱང་ལྟ་ངན་དྲ་བ་ཀུན་ཏེ། འཇིག་ཚོགས་དང་མཐར་འཛིན་དང་ལོག་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཞེས་བྱ་བའི་ལྟ་བ་གང་བདེན་པ་མཐོང་བ་དང་མི་མཐུན་པའི་ཕྱིར་དང༌། འཁོར་བའི་རྩ་བ་ཡིན་པའི་ཕྱིར་ངན་པ་སྟེ་དེ་ཉིད་དང་དེས་ཉེ་བར་མཚོན་པའི་མཐོང་བས་སྤང་བར་བྱ་བ་འདོད་ཆགས་ལ་སོགས་པའི་ཕྲ་རྒྱས་ནི་དྲ་བ་དང་འདྲ་བའི་ཕྱིར་དྲ་བ་སྟེ།


DTG103_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

འཆིང་བའི་གནས་ཡིན་པའི་ཕྱིར་རོ། །དེ་ཀུན་མ་ལུས་པ་ལྡོག་པ་སྟེ་མཐོང་བའི་ལམ་གྱིས་མི་ལྡན་པར་བྱས་པ་དེས་འཇིག་རྟེན་ལས་འདས་པའི་བསྒོམ་པས་སྤང་བར་བྱ་བ་འདོད་ཆགས་དང༌། རྨོངས་པ་དང༌། ཁོང་ཁྲོ་བ་དང༌། དེས་ཉེ་བར་མཚོན་པའི་ང་རྒྱལ་སྤང་བའི་ཕྱིར་ཏེ། འཇིག་རྟེན་ལས་འདས་པའི་བསྒོམ་པའི་ལམ་གྱིས་སྤངས་པ་ཐོབ་པའི་ཕྱིར་རོ། །ཉོན་མོངས་པ་མཐའ་དག་གི་དྲི་མའི་གདོན་དང་བྲལ་བ་ཉིད་ཀྱིས་མ་གོས་པ་ཡིན་ལ། མྱ་ངན་ལས་འདས་པ་དེ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་འཕགས་པའི་སྐྱེ་བོས་སོ་སོར་རང་གིས་རིག་བར་བྱའོ། མྱ་ངན་ལས་འདས་པ་དེ་ཐོབ་པ་སྟེ། འཁོར་བའི་སྡུག་བསྔལ་ལས་རྣམ་པར་གྲོལ་བ་ཐོབ་པ་ཞེས་བྱ་བའི་དོན་ཏོ། །འདིས་ནི་འདི་སྐད་བསྟན་པ་ཡིན་ཏེ། གང་གི་ཕྱིར་གང་ལ་དངོས་པོ་པ་ཉིད་དུ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་མི་རྟག་པ་དང༌། སྡུག་བསྔལ་བ་ལ་སོགས་བའི་རྣམ་པར་མཐོང་བ་སྡུག་བསྔལ་ཟད་པར་ནུས་པ་ཡིན་ན། དྲི་ཟའི་གྲོང་ཁྱེར་དང་སྒྱུ་མ་ལ་སོགས་པ་དང་ཆོས་མཐུན་པར་ལྟ་སྨོས་ཀྱང་ཅིང་གོས། དགོངས་པ་འདི་ཉིད་ཀྱིས་ཀྱང་རྒྱལ་བ་བསྐྱེད་མ་ལས་ཉན་ཐོས་ཀྱི་བྱང་ཆུབ་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟ་བས་ན་ཐེག་པ་ཆེན་པོ་འདི་དོན་ཆེན་པོ་ཅན་ཡིན་ནོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །བསྐལ་པ་མི་ཉུང་རབ་གོམས་པའི། །བསོད་ནམས་ཡེ་ཤེས་བློ་ཆེ་བའི། །འཕགས་པ་ཀླུ་སྒྲུབ་ཆེ་མཆོག་གི །གཞུང་གང་ལ་ནི་བདག་བློ་གང༌། །དེ་ལྟ་ན་ཡང་གང་གི་ཕྱིར། །བདུན་ཅུ་པ་འདིར་མཁས་གང་གིས། །ད་ལྟ་ཡང་ནི་དོན་བྱེད་ཚུལ། །འབད་བྱས་མེད་པ་དེ་ཡི་ཕྱིར། །སློབ་དཔོན་དམ་པ་ཟླ་དཔལ་ཞབས། །བརྟེན་ནས་བརྒྱུད་པའི་མན་ངག་འདི། །བདག་བློའི་ནུས་པ་ཐོབ་པ་ཡིས། །བདག་གི་རྨོངས་པ་འདིར་འཁྲུལ་གང༌། །ཅུང་ཟད་བྱུང་བ་གང་ཡིན་པ། །ཁྱེད་རྣམས་ཀྱིས་ནི་བཟོད་བྱས་ཏེ། །གང་ཕྱིར་བདག་འདྲ་ཀུན་མཁྱེན་མིང༌། །དེ་ལས་ཀུན་ད་ཁ་བ་མུ་ཏིག་དང༌། །ཟླ་འདྲའི་བསོད་ནམས་རྒྱ་ཆེན་གང་བྱུང་དེས། །འཇིག་རྟེན་གྱི་ནི་སྤྲོས་ཀུན་ཉེར་ཞི་བས། །རྣམ་དག་རང་གི་ཆོས་


DTG103_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རྟོགས་པར་ཤོག །ཁ་ཆེའི་ཡུལ་གྱི་མཁས་པ་ཆེན་པོ་སློབ་དཔོན་སོ་མ་ཤྲཱིའི་ཞལ་སྔ་ནས་ཀྱི་ཞབས་ཀྱི་རྡུལ་ལ་ཉེ་བར་བརྟེན་པར་མཛད་པའི་སློབ་དཔོན་མཁས་པ་ཆེན་པོ་དཔལ་གཞན་ལ་ཕན་པའི་ཞལ་སྔ་ནས་ཀྱིས་མཛད་པ་སྟོང་པ་ཉིད་བདུན་ཅུ་པའི་འགྲེལ་པ་རྫོགས་སོ།། ཐུགས་དམ་པའི་སྙིང་པོ་ཐོ་ལིང་དུ། ཁ་ཆེའི་མཁན་པོ་པ་ར་ཧི་ཏའི་ཞལ་སྔ་ནས་ཉིད་དང༌། ལོ་ཙཱ་བ་ཤཱཀྱའི་དགེ་སློང་གཞོན་ནུ་མཆོག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།


previousསྟོང་པ་ཉིད་བདུན་ཅུ་པའི་རྣམ་པར་བཤད་པ། གཞན་ལ་ཕན་པ།next