Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱ་དང་དྲུག་པ།


   
   
   
   
ཤེས་རབ་ལེའུའི་དཀའ་འགྲེལ། 
   
   
   
   


 
previousཤེས་རབ་ལེའུའི་དཀའ་འགྲེལ། next

ཤེས་རབ་ལེའུའི་དཀའ་འགྲེལ།


DTG106_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ལེའུའི་དཀའ་འགྲེལ་བཞུགས།། བདེ་བར་གཤེགས་པ་ལ་ཕྱག་འཚལ་ལོ། །ཆོས་དང་ལོངས་སྤྱོད་སྤྲུལ་པ་ཡི། །སྐུ་གསུམ་བདག་ཉིད་རྒྱལ་བ་ལ། །རབ་ཏུ་བཏུད་ནས་ཤེས་རབ་ཀྱི། །ལེའུའི་དཀའ་འགྲེལ་བདག་གིས་བྱ། །བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་སྦྱིན་པ་ལ་སོགས་པ་དང༌། ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུ་ཞི་གནས་ཕན་ཚུན་ཚོགས་པའི་མཚན་ཉིད་བསམ་གཏན་བརྗོད་ནས། དེའི་རྗེས་ལ་ལྷག་མཐོང་བསྟན་པའི་ཕྱིར། ཡན་ལག་འདི་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཡན་ལག་ཅེས་བ་ནི་འཁོར་ཏེ་བྱང་ཆུབ་ཀྱི་གྲོགས་ཡིན་པའི་ཕྱིར་རོ། །ཐམས་ཅད་ཅེས་བྱ་བ་ནི་སྦྱིན་པ་ལ་སོགས་པའོ། །ཐུབ་པས་ཞེས་བྱ་བ་ནི་ཆད་པ་དང་རྟག་པའི་མཐའ་གཉིས་དང་བྲལ་བ་བརྗོད་དུ་མེད་པ་མི་གསུང་བས་ཐུབ་པའོ། །ཤེས་རབ་དོན་དུ་ཞེས་བྱ་བ་ལ། ཡང་དག་པའི་ཤེས་པ་ཉིད་ནི་ཤེས་རབ་ཡིན་པས་དེ་བསྐྱེད་པའི་དོན་དུའོ། །ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཡན་ལག་འདི་དག་ཐམས་ཅད་གསུངས་པ་སྟེ་བརྗོད་པ་དེའི་ཕྱིར་ཤེས་རབ་བསྐྱེད་དོ་ཞེས་བྱ་སྟེ། རྒྱུ་དང་འབྲས་བུ་ཁྱད་པར་མེད་པའི་ཕྱིར་བྱང་ཆུབ་ཀྱི་རྒྱུ་ལམ་དུ་གྱུར་པ་ཡིན་ནོ། །ཅིའི་དོན་དུ་ཞེ་ན། སྡུག་བསྔལ་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རང་དང་གཞན་གྱི་ཕུང་པོ་ལྔ་ཉེ་བར་ཞི་བར་འདོད་པས་ཤེས་བྱ་སྟེ། ཕུང་པོ་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པ་ཐོབ་པའི་དོན་དུ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་ཡན་ལག་འདི་ཀུན་ཤེས་རབ་ཀྱི་དོན་དུ་ཡིན་ན། དེའི་ཚེ་དེ་ཉིད་དོན་


DTG106_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པར་འགྱུར་བའི་ཕྱིར་རོ། །སྦྱིན་པ་ལ་སོགས་པ་ཇི་ལྟར་ཞེ་ན་ཀུན་རྫོབ་དང་ནི་ཞེས་གསུངས་སོ། །འདི་དེ་ཁོ་ན་སྒྲིབ་པས་ན་ཀུན་རྫོབ་ཡིན་ལ། བྱིས་པས་དེ་ལྟ་དེ་ལྟར་མངོན་པར་ཞེན་པའི་ཕྱིར་ན་བདེ་བ་ཡིན་ནོ། །བཅོས་བུ་མ་ཡིན་པས་དོན་ཡང་ཡིན་ལ། དམ་པ་ཡང་ཡིན་པས་ནི་དོན་ཇི་ལྟ་བ་ཉིད་དུ་བདེན་པ་ཡིན་ནོ། །འདོད་པའི་སངས་རྒྱས་རྣམས་བཞེད་པའོ། །གང་གི་ཕྱིར། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་གསུངས་པ་དེའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་པའི་རང་བཞིན་བདེན་པ་ཡིན་ཡང༌། དོན་གྱི་ཚོགས་ཀྱི་རྒྱུ་ཀུན་རྫོབ་ཏུ་ཡོད་པའི་སྦྱིན་པ་ལ་སོགས་པ་ཡང་ཡོད་པ་ཡིན་ཏེ། དེ་མེད་པར་ནི་དེ་རྣམས་ཕ་རོལ་ཏུ་ཕྱིན་པའི་མིང་མི་ཐོབ་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ཤེས་རབ་ཡོད་པ་ཡིན་ན། འོ་ན་དེ་ཉིད་ཀྱིས་བྱང་ཆུབ་རྟོགས་པའི་ཕྱིར། གཞན་གྱིས་ཅི་ཞིག་བྱ་ཞེ་ན། དོན་དམ་དུ་ཞེས་བྱ་བ་ནི། སངས་རྒྱས་ཉིད་ཅེས་བྱ་བ་བསྒྲུབ་པར་བྱའོ། །དེ་སྐད་དུ་ཡང༌། སྤྱོད་ཡུལ་མིན་པས་གང་མི་འཇུག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འོ་ན་ཤེས་པ་ཉིད་ཡོད་དོ་སྙམ་ན། བློ་ནི་ཞེས་གསུངས་སོ། །དེ་སྐད་དུ་ཡང༌། གསལ་བའམ་ནི་མི་གསལ་བ་ལ་སོགས་པས་འཆད་པར་འགྱུར་རོ། །ད་ནི་ཀུན་རྫོབ་དོན་དམ་པ་ཉིད་སྟོབས་ཆེ་ཆུང་བསྟན་པའི་ཕྱིར་གཞི་འདིང་བ་ནི། དེ་ཡང་འཇིག་རྟེན་ཞེས་གསུངས་པའོ། །ཕལ་ཞེས་བྱ་བ་ནི་མ་རིག་པ་ཡིན་ལ། དེ་ལ་གནས་པ་ནི་ཕལ་པ་ཡིན་པས་དེ་ཉིད་སྨད་པའི་ཕྱིར། ཕལ་པ་ཞེས་བརྗོད་དོ། །དེ་ལ་ཞེས་བྱ་བ་ནི་དེ་གཉིས་ཀྱི་ནང་གནས་སོ། །ཕལ་པ་ཞེས་བྱ་བ་ཀུན་རྫོབ་ཀྱི་རྣམ་པ་སྟོན་ཏེ། རྟག་ཏུ་དོན་དམ་པ་ལ་མཉམ་པར་འཇོག་པ་དང་ལྡན་པས་རྣལ་འབྱོར་པ་ཡིན་ལ། དེ་ཉིད་ནི་འཇིག་རྟེན་ཡང་ཡིན་ཏེ། ཕུང་པོ་ལྔའི་བདག་ཉིད་ཡིན་པའི་ཕྱིར་རོ། །འདིས་ནི་དོན་དམ་པའི་རྣམ་པ་བསྟན་ཏོ། །བློའི་ཁྱད་པར་ཅན་རྣལ་འབྱོར་པའི་འཇིག་རྟེན་དེས་གནོད་ཅིང་ཞེས་བྱ་བར་རང་གི་ངོ་བོ་བསྟན་པས་འཁྲུལ་པ་ཉིད་དོ་ཞེས་བྱ་བར་བསྒྲུབ་པོ། །དེ་བཞིན་དུ་རྣལ་འབྱོར་པ་ཡང་ཞེས་བྱ་བ་ཚུ་རོལ་མཐོང་བའི་རྣལ་འབྱོར་པ་ཡང་གོ་འཕང་གོང་ནས་གོང་དུ་


DTG106_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་རྣལ་འབྱོར་པ་རྣམས་ཀྱིས་གནོད་དེ། དཔེར་ན་ས་དང་པོ་ལ་ཡང་ས་གཉིས་པ་ལ་སོགས་པས་གནོད་པ་བཞིན་ནོ། །ཇི་ལྟར་གནོད་སྙམ་ན། གཉི་ག་ཡང་ནི་ཞེས་བྱ་བ་ལ་སོགས་པ་སྟེ། སྒྱུ་མ་དང་སྨིག་རྒྱུ་དང་དྲི་ཟའི་གྲོང་ཁྱེར་དང༌། ཆུ་ཟླ་ལ་སོགས་པ་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ཡང་ནི་འདོད་པ་སྟེ། མངོན་པར་འདོད་པའི་དཔེས་སོ། །གལ་ཏེ་ཐ་སྙད་པའི་སྟོབས་ཀྱིས་ཡིན་ན། དེའི་ཚེ་སྦྱིན་པ་ལ་སོགས་པ་ལ་འཇུག་པ་ཡང་དོན་དམ་པར་འགྱུར་རོ་ཞེས་བྱ་བའམ། ཡང་ན་གང་ལ་དེ་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་ན། ཇི་ལྟར་སྦྱིན་པ་ལ་སོགས་པ་ལ་འཇུག་སྙམ་ན། འབྲས་བུའི་དོན་དུ་མ་དཔྱད་ཕྱིར། །ཞེས་གསུངས་ཏེ། སྦྱིན་པ་ལ་སོགས་པ་འཇུག་གོ་ཞེས་བྱ་བ་ལ་སོགས་པ་ནི་ལྷག་མའོ། །འབྲས་བུའི་དོན་ནི་དགོས་པའི་ཆེད་དུ་སྟེ། སངས་རྒྱས་ཉིད་ཀྱི་དོན་དུ་ཞེས་བྱ་བའི་དོན་དུའོ། །མ་དཔྱད་ཕྱིར་ནི་ཞེས་བྱ་བ་ནི་ཆོས་ཐམས་ཅད་གཅིག་དང་དུ་མ་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་རྣམ་པར་མ་དཔྱད་པར་གྲགས་པ་ཙམ་གྱིས་རབ་ཏུ་གྲུབ་པར་རྣམ་པར་མ་དཔྱད་པར་འདི་སྦྱིན་པ་ལ་སོགས་པ་ལ་འཇུག་པའི་ཕྱིར་རོ། །འཇུག་པ་ཉིད་ཀྱང་མ་བརྟགས་ན། །ཉམས་དགའ་བ་ཙམ་ཡིན་པས་ཆད་པ་འགའ་ཡང་མེད་དོ། །འཇིག་རྟེན་པ་ཡང་འདིར་ལོག་པར་རྟོག་པ་ཅི་ཡོད་སྙམ་ན། འཇིག་རྟེན་པ་ཡིས་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་དངོས་པོ་འདི་དག་འབྱུང་ཞིང་སྐྱེ་བ་ཅན་ཡིན་པ་དེའི་ཕྱིར་དོན་དམ་པ་ཉིད་ཡིན་གྱི་སྒྱུ་མའི་རང་བཞིན་ནི་མ་ཡིན་ནོ་ཞེས་འཇིག་རྟེན་པ་དང་རྣལ་འབྱོར་པ་རྩོད་པ་ཆེན་པོ་ཡོད་དོ། །གལ་ཏེ་དེ་ལྟར་གཟུགས་ལ་སོགས་པ་འདི་དག་ནི་བ་ལང་རྫི་ལ་སོགས་པའི་བར་ལ་ཚད་མས་གྲུབ་པས་བདེན་པ་མ་ཡིན་ནམ། ཇི་ལྟར་ན་སྒྱུ་མ་ཉིད་དུ་འགྱུར་སྙམ་ན། གཟུགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གྲགས་པས་ཞེས་བྱ་བས་ནི་དེའི་རང་བཞིན་མ་ཡིན་པ་ལ་དེའི་རང་བཞིན་དུ་ལྷག་པར་ཞེན་པའི་འཁྲུལ་པས་གཟུགས་ལ་སོགས་པ་མངོན་སུམ་ཉིད་དོ་ཞེས་དགོས་པ་ཡིན་གྱི། ཆ་འདི་ལ་ཚད་མ་ནི་ཡོད་པ་མ་ཡིན་ཏེ། རང་རིག་པ་ཉིད་ཀྱང་བསྒྲུབ་པར་དཀའ་བའི་ཕྱིར་རོ་སྙམ་དུ་དགོངས་པའོ། །ཅི་དང་འདྲ་


DTG106_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྙམ་ན། དེ་ནི་མི་གཙང་ལ་ཞེས་བྱ་བ་ལ་སོགས་པའོ། །འདིས་ནི་འཁྲུལ་པ་ཉིད་བསལ་བར་བྱས་སོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་གཟུགས་ལ་སོགས་པར་རྟོག་པ་ནི་བརྫུན་ཡིན་ནོ། །གལ་ཏེ་དེ་ལྟར་ཡིན་ན། འོ་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་དང༌། སྐད་ཅིག་མ་དང་བདག་མེད་པ་ལ་སོགས་པ་དག་བསྟན་ཞེ་ན། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཇིག་རྟེན་རྣམས་དོན་དམ་པ་ལ་གཞུག་པའི་དོན་དུ་ཕུང་པོ་ལ་སོགས་པའི་དངོས་པོ་དང་སྐད་ཅིག་མ་ལ་སོགས་པ་དག །མགོན་པོ་བཅོམ་ལྡན་འདས་ཀྱིས་བསྟན་པར་ཟད་ཀྱི་དངོས་པོའི་གནས་པར་ནི་སྐད་ཅིག་མ་ཉིད་ཡོད་པ་མ་ཡིན་ནོ། །གལ་ཏེ་དོན་དམ་པར་མེད་དུ་ཆུག་མོད། ཀུན་རྫོབ་ཏུ་ནི་ཡོད་པར་འགྱུར་རོ་སྙམ་ནས། གལ་ཏེ་ཀུན་རྫོབ་ཏུ་ན་ཞེས་སྨྲས་པ་ལས། སློབ་དཔོན་གྱི་ལན་དུ་འགལ་ཞེས་གསུངས་སོ། །འཇིག་རྟེན་གྱི་དངོས་པོ་རྣམས་སྐད་ཅིག་མར་རྟོགས་སོ་ཞེས་བྱ་བ་ནི་འགལ་ཏེ་དེ་དག་ནི་རྟག་ཏུ་གནས་པ་ཉིད་ལ་མངོན་པར་ཞེན་པའི་ཕྱིར་རོ། །འོ་ན་ས་དང་པོ་ལ་སོགས་པ་ཐོབ་པ་རྣམས་ལ་ཡང་ཇི་ལྟར་སྐད་ཅིག་མ་ལ་སོགས་པར་སྣང་ཞེ་ན། རྣལ་འབྱོར་ཀུན་རྫོབ་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དངོས་པོ་རྣམས་སྐད་ཅིག་མ་ཉིད་དུ་རྣལ་འབྱོར་པའི་ཀུན་རྫོབ་ཏུ་སྣང་གི་རྣལ་འབྱོར་པའི་དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །འོ་ན་ཇི་ལྟར་ས་ཐོབ་པ་རྣམས་ལ་རྣལ་འབྱོར་པའི་ཀུན་རྫོབ་ཏུ་དེ་སྣང་བ་བཞིན་དུ་འཇིག་རྟེན་གཞན་ལ་ཡང་སྣང་ལ་རག་མོད་སྙམ་ན། འཇིག་རྟེན་ལ་ལྟོས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གི་ཕྱིར་ས་དང་པོ་ལ་སོགས་པ་ཐོབ་པའི་རྣལ་འབྱོར་པ་དེ་དག་འཇིག་རྟེན་ལ་ལྟོས་ནས་ཅུང་ཟད་དེ་ཁོ་ན་མཐོང་བ་ཡིན་པ་དེའི་ཕྱིར་སྐད་ཅིག་མ་ལ་སོགས་པ་དེ་དག་དེ་ཁོ་ན་མཐོང་བ་ཡིན་ནོ་ཞེས་བྱའོ། །གཞན་དུ་ཞེས་བྱ་བ་གལ་ཏེ་དེ་དག་འཇིག་རྟེན་ལ་ལྟོས་ནས་དེ་ཉིད་མཐོང་བར་མི་འདོད་ན། དེའི་ཚེ་འདོད་པ་ལ་རོ་མྱགས་སུ་མང་དུ་བསྒོམ་པའི་རྣལ་འབྱོར་པ་མི་གཙང་བར་བསྒོམ་པ་སྟོབས་དང་ལྡན་པ་རྣམས་ཀྱིས་རྣམ་པར་དཔྱོད་པའི་སྟོབས་ཀྱིས་ངེས་པར་རྟོགས་པ་ལ་འཇིག་རྟེན་པས་གནོད་པར་འགྱུར་བའི་ཕྱིར་འཇིག་རྟེན་རྒྱལ་བར་


DTG106_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་གྱི་རྣལ་འབྱོར་པ་ནི་མ་ཡིན་ནོ་སྙམ་དུ་དགོངས་སོ། །འདིར་གཞན་གྱིས་སྒྱུ་འདྲའི་རྒྱལ་ལས་ཞེས་སྨྲས་སོ། །གལ་ཏེ་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་ན་དེའི་ཚེ་རྒྱལ་བ་ཡང་སྒྱུ་མ་དང་འདྲ་བ་ཡིན་པས་དེས་ན་མཆོད་པ་ལ་སོགས་པ་དེ་ལས་བསོད་ནམས་ཇི་ལྟར་ཐོབ་སྙམ་ན། དངོས་པོ་ཡོད་ལ་ཇི་བཞིན་ཞེས་བྱ་བས་གྲུབ་པའི་མཐའ་གསུངས་སོ། །གལ་ཏེ་རྒྱལ་བ་དོན་དམ་པ་ཉིད་ཡིན་ཡང་དེ་ལས་ཇི་ལྟར་བསོད་ནམས་སུ་འགྱུར། དཔེར་ན་རྣམ་པ་གང་གིས་བདེན་པ་ཉིད་ཡིན་པ་ལ་བསོད་ནམས་སུ་འགྱུར་བའི་རྣམ་པ་དེ་ཁོ་ནས་བརྫུན་པ་ལས་འགྱུར་བའི་ཕྱིར་གཉི་ག་ཡང་མཚུངས་ཏེ། འཁྲུལ་པ་ལས་འཁྲུལ་པ་སྐྱེ་བ་ནི་མི་འགལ་བའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱིའོ། །གལ་ཏེ་སེམས་ཅན་སྒྱུ་མ་དང་འདྲ་བ་ཡིན་ན། དེའི་ཚེ་དེ་ཞིག་ན་སླར་ཇི་ལྟར་སྐྱེ་སྟེ། དེས་ན་ཤི་ནས་ཇི་ལྟར་སྐྱེ། །མི་སྐྱེ་བར་འགྱུར་རོ་ཞེས་བྱའོ། །ཇི་སྲིད་རྐྱེན་རྣམས་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའོ། །ཇི་སྲིད་དུ་འཁོར་བའི་རྒྱུ་མ་རིག་པའི་རྐྱེན་ཚང་བ་དེ་སྲིད་དུ་རྒྱུ་མ་ཚང་བ་མེད་པའི་སྒྱུ་མ་ཡང་སྐྱེ་བའི་ཕྱིར་དེ་ནམ་ཡང་རྒྱུན་མི་འཆད་དོ་སྙམ་དུ་དགོངས་པའོ། །གལ་ཏེ་དེ་ལྟར་ཡིན་ན་སྐྱེ་བ་དང་འཆི་བ་བརྒྱུད་པ་གཞན་དང་གཞན་གྱི་མཚན་ཉིད་ཀྱི་རྒྱུ་དོན་དམ་པར་ཡོད་པ་དེས་རྒྱུན་མ་ཆད་དོ་སྙམ་ན། རྒྱུན་རིང་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རིང་བ་ཞེས་བྱ་བ་ནི་ཐོག་མ་མེད་པའོ། །དེ་ཡང་ཡིན་ལ་རྒྱུན་ཀྱང་ཡིན་པ་དེ་ཙམ་གྱིས་ནི་སེམས་ཅན་བདེན་པ་ཉིད་དུ་མི་འཐད་དེ། བརྫུན་པ་ཉིད་དུ་ཡང་མི་འགལ་བའི་ཕྱིར་རོ། །འདི་སྙམ་དུ་འགལ་ཏེ། འདི་མཐའ་དག་སྒྱུ་མ་ཡིན་ན་དེའི་ཚེ་སྒྱུ་མའི་སྐྱེས་བུ་བཞིན་དུ་བདེན་པའི་སྐྱེས་བུ་བསད་པ་ལ་སོགས་པ་ལ་ཡང་བསོད་ནམས་མ་ཡིན་པར་མི་འགྱུར་རོ་ཞེས་དགོངས་ན་སྒྱུ་མའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དཔེ་མི་མཐུན་ཏེ་འདི་ལྟར་གལ་ཏེ་སྒྱུ་མའི་སྐྱེས་བུ་ལ་སེམས་ཡོད་པ་ཉིད་ཡིན་ན་ནི་དེའི་ཚེ་དེ་བསད་པས་སྡིག་པར་འགྱུར་བ་ཁོ་ན་སྟེ། གཞན་དུ་མ་ཡིན་པ་ཞིག་ན་གང་གི་ཚེ་སྒྱུ་མའི་སྐྱེས་བུའི་སེམས་དང་ལྡན་པ་སྟེ། སེམས་ཉིད་སྒྱུ་མ་ཡིན་པ་དེ་དང་ལྡན་པ་ཞེས་བྱ་བ་དེ་དང་བཅས་པ་སྐྱེས་བུ་ཅིག་ཤོས་


DTG106_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྲོག་བཅད་པ་ལ་སོགས་པ་བྱས་པ་དེའི་ཚེ་བསོད་ནམས་དང་སྡིག་པ་ཇི་ལྟར་མི་འབྱུང་སྟེ། བསོད་ནམས་ལ་སོགས་པ་ནི་སེམས་ལ་རག་ལས་པའི་ཕྱིར་རོ། །དེ་སྐད་དུ། གང་ཕྱིར་བསམས་པའི་རྩ་བ་ལས། །སྡིག་དང་བསོད་ནམས་རྣམ་པར་གནས། །ཞེས་གསུངས་སོ། །གང་ཡང་སྤྲུལ་པའི་དེ་བཞིན་གཤེགས་པ་ལས་བསྟན་པའི་སྒོ་ནས་འབྲས་བུ་ཐོབ་པ་དེ་ནི་དེར་དེ་བཞིན་གཤེགས་པ་ཉིད་སྐྱེས་བུའི་བྱེད་པ་ཡིན་པའི་ཕྱིར་སྐྱོན་མེད་དོ། །འོན་ཏེ་སྒྱུ་མའི་སྐྱེས་བུ་ལ་ཡང་ཅི་སྟེ་སེམས་མི་སྐྱེ་ཞེ་ན། སྔགས་ལ་སོགས་གསུངས་སོ། །ནོར་བུ་དང་སྔགས་ལ་སོགས་པ་གང་དག་གིས་སྒྱུ་མ་མཁན་གླང་པོ་ཆེ་ལ་སོགས་པ་སྤྲུལ་པ་བྱེད་པའི་སྔགས་ལ་སོགས་པ་དེ་དག་ལ་ནི་སྒྱུ་མའི་སྐྱེས་བུའི་སེམས་སྤྲུལ་པ་ནུས་པ་མེད་པ་དེས་ན་དེར་སྒྱུ་མའི་སེམས་ཅན་མ་བྱུང་བ་ཡིན་ནོ། །འོན་ཏེ་དེ་དང་འདྲ་བར་སྤྲུལ་པ་མཁན་ཉིད་ལ་ཡང་སྒྱུ་མའི་སེམས་འབྱུང་བར་མི་འགྱུར་ཞེ་ན། སྣ་ཚོགས་བྱ་བ་ལ་སོགས་པའོ། །གལ་ཏེ་སྒྱུ་མ་རྣམ་པ་གཅིག་ཏུ་ཟད་ན་དེའི་ཚེ་དེ་སྐད་བརྗོད་པར་རིག་པར་བྱ་ཞེ་ན། འོན་ཀྱང་རྣམ་པ་ནི་དུ་མ་ཡིན་ལ། དེ་ལ་རྐྱེན་སྣ་ཚོགས་ཀྱིས་སྐྱེ་བ་ཡིན་ཏེ། དེས་ན་འགར་ནི་སྒྱུ་མའི་སེམས་ཡོད་ལ། འགར་ནི་མ་ཡིན་ཏེ། འབྲས་བུའི་ཁྱད་པར་རྣམས་ནི་རྒྱུའི་ནུས་པ་སྣ་ཚོགས་པས་བསྐྱེད་པ་ཞེས་བྱ་བ་ལས་ཆད་པ་ཅི་ཡང་ཡོད་པ་མ་ཡིན་ནོ། །འོན་ཏེ་གཅིག་ན་ཡོད་པའི་རྐྱེན་གྱིས་ཚོགས་པ་དེ་ཐམས་ཅད་དུ་ཅི་སྟེ་མི་འབྱུང་ཞེ་ན། །རྐྱེན་གཅིག་གིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འབྲས་བུ་གཅིག་འབའ་ཞིག་ལ་རྐྱེན་གཅིག་ནུས་པ་ཡོད་པ་ཙམ་གྱིས་ཐམས་ཅད་ལ་ནུས་པ་ཞེས་བརྗོད་པར་མི་རིགས་སོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱིའོ། །གལ་ཏེ་དོན་དམ་པར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་མྱ་ངན་ལས་འདས་ཞེས་བྱ་བ་གདོད་མ་ནས་ཞི་བ་ཉིད་ཀྱི་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་ཡང༌། ཀུན་རྫོབ་ཏུ་སེམས་ཅན་འཁོར་བ་ཡིན་ན་དེའི་ཚེ། དེ་ལྟར་ན་ཞེས་བྱ་བ་གདོད་མ་ནས་ཞི་བས་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་ཡང་ཀུན་རྫོབ་ཏུ་དེ་བཞིན་གཤེགས་པ་ཡང་ཇི་ལྟར་མི་འཁོར། གལ་ཏེ་དེ་ལྟར་འཁོར་མོད་ཅི་སྐྱོན་སྙམ་ན་དེ་བཤད་པ་དེ་བས་ན། བྱང་ཆུབ་སྤྱོད་པས་ཅི་ཞིག་བྱ། །ཞེས་བྱ་བ་ཡིན་ནོ། །


DTG106_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་རྫོགས་པའི་བྱང་ཆུབ་ཀྱི་ཆེད་དུ་མགོ་དང་ལག་པ་དང་རྐང་པ་ལ་སོགས་པ་ཐམས་ཅད་གཏོང་བ་དང༌། ཚངས་པར་སྤྱོད་པ་ལ་སོགས་པའི་ཚུལ་ཁྲིམས་དང་བཟོད་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་གོམས་པར་བྱེད་པ་ལ་སོགས་པའི་དཀའ་བ་སྤྱོད་པ་གང་ཡིན་པ་དེ་ལས་དགོས་པ་ཅི་ཡོད་དེ། སྤྱིར་ཡང་འཁོར་བར་སྐྱེ་བའི་ཕྱིར་ཞེ་ན། འདི་ལ་བརྗོད་པ་ནི། རྐྱེན་རྣམས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་ལ། ཇི་སྲིད་རྐྱེན་རྣམས་ཚོགས་གྱུར་པ། །ཞེས་བྱ་བ་ལ་སོགས་པས་བཤད་པ་ཟིན་མོད་ཀྱི། དེ་ལྟར་ན་ཡང་བརྗོད་པར་བྱ་སྟེ། སངས་རྒྱས་ནི་འཁོར་བ་མ་ཡིན་ཏེ། འོན་ཀྱང་སེམས་ཅན་རྣམས་ཁོ་ན་ཡིན་ནོ། །འདི་ལྟར་གལ་ཏེ་སེམས་ཅན་རྣམས་དེ་ཁོ་ནར་གཟོད་མ་ནས་ཞི་བ་ཡིན་པ་དེ་ལྟར་ན་ཡང་ཐོག་མ་མེད་པ་ཅན་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་གོམས་པའི་བག་ཆགས་ཀྱི་ཆོ་འཕྲུལ་གྱིས་དེ་ལ་དེ་ལྟར་ཡང་ཤེས་པ་ནི་མ་ཡིན་ནོ། །དེ་ལྟར་མ་རིག་པའི་རྐྱེན་ཡང་རྒྱུན་མ་ཆད་པའི་ཕྱིར་རྒྱུ་མ་ཚང་བ་མེད་པའི་འཁོར་བའི་རྒྱུན་མི་འཆད་པ་དེས་ན། དེ་དག་ནི་འཁོར་བར་འགྱུར་རོ། །སངས་རྒྱས་ལ་ནི་མ་རིག་པ་ལ་སོགས་པ་རྣམས་བག་ཆགས་དང་བཅས་པ་རྒྱུན་ཆད་པ་སྐྱེས་ཏེ། རང་བཞིན་གྱིས་ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པའི་ཕྱིར་རོ། །དེ་ནས་དེ་ནི་ཀུན་རྫོབ་ཏུ་ཡང་འཁོར་བར་སྐྱེ་བ་མ་ཡིན་ནོ། །ཡང་གང་གི་ཚེ་སེམས་ཅན་དེ་དག་ཀྱང་མ་རིག་པ་ལ་སོགས་པའི་རྐྱེན་རྒྱུན་ཆད་པར་འགྱུར་བ་དེའི་ཚེ་ནི་དེ་དག་ཀྱང་ཀུན་རྫོབ་ཏུ་ཡང་མི་འཁོར་བས་འདི་ནི་མི་མཚུངས་པ་ཁོ་ནའོ། །མདོ་སྡེ་པ་དགག་པའོ། །ད་ནི་རྣལ་འབྱོར་སྤྱོད་པ་དག་ལ། གལ་ཏེ་ཞེས་བྱ་བ་ལ་སོགས་པ་རབ་ཏུ་སྨྲ་བར་བྱེད་དོ། །གང་གི་ཚེ་རྣམ་པར་ཤེས་པ་ཡང་མེད་པ་དེའི་ཚེ་འཁྲུལ་པ་དང་མ་འཁྲུལ་པའི་རྣམ་པར་དབྱེ་བ་མེད་པའི་ཕྱིར་ན་སྒྱུ་མ་འདི་འཛིན་པར་བྱེད་པའི་ཤེས་པ་གང་གིས་དམིགས་ཤེ་ན། སློབ་དཔོན་གྱིས། གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ཞིག་རྣམ་པར་ཤེས་པ་ལས་ཕྱི་རོལ་གྱི་གཟུང་བ་ལ་སོགས་པ་མེད་པ་དེའི་ཚེ་ཅི་ཞིག་དམིགས་པར་བྱ་བ་ཡིན། གཞན་གྱིས་གལ་ཏེ་རྣམ་པ་དེ་སེམས་ཉིད་ན་ཡང༌། དེ་ཉིད་དུ་གཞན་ཡོད་ཅེས་


DTG106_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་ཏེ། གལ་ཏེ་ཡང་རྣམ་པ་དེ་ནི་རྣམ་པར་ཤེས་པ་ཉིད་དང་ཐ་མི་དད་པ་ཡིན་ཏེ་དེ་ཁོ་ན་རྣམ་པར་ཤེས་པ་གཉིས་མེད་པ་ཉིད་ཡིན་པ་དེ་ལྟ་ན་ཡང་ཐོག་མ་མེད་པ་ཅན་གྱི་ཕྱིན་ཅི་ལོག་པ་ཕྱི་རོལ་གྱི་བག་ཆགས་ཀྱི་གདོན་གྱིས་ཡིད་གཟུང་བའི་འཇིག་རྟེན་གྱི་ཕྱི་རོལ་སྣང་བར་རྣམ་པར་འཁྲུལ་པའི་ཕྱིར་ན། དེ་ཉིད་དུ་ན་གཟུང་བ་རྣམ་པར་ཆད་པ་གཞན་ཡིན་པར་ངེས་སོ། །ཡིན་ནོ་ཞེ་ན་གྲུབ་པའི་མཐའ་ལས་གང་ཚེ་སེམས་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འཇིག་རྟེན་གྱི་ནི་མགོན་པོས་ཀྱང༌། །ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་སྒྲུབ་པའོ། །ཅི་དང་འདྲ་བར་ཞེ་ན། རལ་གྲིའི་སོ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་སྐད་དུ་འཕགས་པ་ལང་ཀར་གཤེགས་པ་ལས། རལ་གྲི་ཡི་ནི་སོ་དེ་ཉིད། །དེ་ཉིད་ཀྱིས་ནི་མི་གཅོད་དང༌། །སོར་མོའི་རྩེ་མོ་དེ་ཉིད་ལ། །དེ་ཉིད་ཀྱིས་ནི་མི་རེག་བཞིན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ད་ནི་ཇི་ལྟར་མར་མེ་ཞེས་བྱ་བ་ལ་སོགས་པས་རང་རིག་པའི་ཚད་མ་གྲུབ་པའི་དོན་དུ་ཕ་རོལ་པོ་ཕྱིར་འཇིལ་བར་བྱེད་དོ། །འདིར་ནི་དེ་གྲུབ་པའི་དོན་དུ་གསལ་བཞིན་པ་ནི་དེའི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའི་ཚད་མས་བསམ་པར་བྱ་བ་ཡིན་ནོ་ཞེས་སོ། །འདིར་མར་མེ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའོ། །གལ་ཏེ་གསལ་བ་ཞེས་བྱ་བ་ལ་གསལ་བའི་དོན་འཐད་ན་མར་མེ་རང་གི་བདག་ཉིད་གསལ་བར་བྱེད་པ་ཉིད་ན་གཞན་གསལ་བར་བྱེད་པར་འགྱུར་བ་ཞིག་ན་གང་གི་ཕྱིར་ཅི་ཞིག་གསལ་བར་བྱེད་ཅེས་འདྲི་ན། འདི་ལ་ཇི་སྐད་བརྗོད་པར་བྱ་སྟེ། འདི་ལྟར་མུན་པ་འཇོམས་པ་ཉིད་ཀྱིས་མར་མེ་བདག་ཉིད་མར་མེས་གསལ་བར་འགྱུར་བ་ཡིན་ན་དེ་ནི་མི་འཐད་དེ། མར་མེ་གང་གསལ་བའི་དོན་འཐད་ན་མར་མེ་རང་གི་བདག་ཉིད་གསལ་བར་བྱེད་པ་ཉིད་ན་གཞན་གསལ་བར་བྱེད་པར་འགྱུར་བ་ཞིག་ན། གང་ཕྱིར་ཅི་ཞིག་གསལ་བར་བྱེད། །ཅེས་དྲི་ན་འདི་ལ་ཇི་སྐད་བརྗོད་པར་བྱ། འདི་ལྟར་མུན་པ་འཇོམས་པ་ཉིད་ཀྱིས་མར་མེ་བདག་ཉིད་མར་མེས་གསལ་བར་འགྱུར་བ་ཡིན་ན་དེ་ནི་མི་འཐད་དེ། མར་མེ་ནི་གང་གི་ཕྱིར་མུན་གྱིས་བསྒྲིབས་པ་མེད་པའི་ཕྱིར་རོ། །མར་མེ་ལ་ནི་མུན་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ལ་སློབ་དཔོན་ཉིད་ཀྱིས་རྒྱ་ཆེར་བཀག་ཟིན་པ་དེས་ན་འདིར་རྒྱ་མི་སྐྱེད་དོ། །དེའི་ཕྱིར་དཔེ་མ་གྲུབ་ན་དོན་དམ་


DTG106_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པ་རང་གི་རིག་པ་ཡང་མི་འགྲུབ་པའི་ཕྱིར་ན། ཀྱེ་ལམ་འདི་ཡང་བཤིག་པ་ཡིན་ནོ། །འདིར་རྣལ་འབྱོར་སྤྱོད་པ་སླར་སྨྲ་བ་ནི། ཤེལ་བཞིན་ཞེས་བྱ་བ་ལ་སོགས་པའོ། །དཔེར་ན་ཤེལ་གྱི་རྡོ་བ་བདག་ཉིད་སྔོན་པོ་དང་དམར་པོའི་རྣམ་པར་བྱ་བ་ལ་སོགས་པའི་ཉེ་བར་གཞག་པ་ལ་ལྟོས་པ་དེ་བཞིན་དུ། རང་བཞིན་གྱི་སྔོན་པོའི་དངོས་པོ་ཡི་ནི་རང་གི་བདག་ཉིད་སྔོན་པོ་ཉིད་དུ་བྱ་བ་ལ་ཉེ་བར་གཞག་པ་ལ་མི་ལྟོས་ཏེ། དེས་ན་ངོ་བོ་ཉིད་ཁོ་ནས་གཞན་ལ་མི་ལྟོས་པ་ཡིན་ནོ། །དེ་བཞིན་དུ་མར་མེ་ཡང་དེ་ཡིན་ཏེ། དེའི་ཕྱིར་དེ་ལྟར་རང་གི་རྒྱུ་ངེས་པར་བྱས་པའི་རྣམ་པ་དེས་བུམ་པ་ལ་སོགས་པ་འགའ་ཞིག་ནི་གཞན་ལ་ལྟོས་པ་ཡིན་ཏེ། རང་གསལ་བ་ལ་མར་མེ་ལ་ལྟོས་པ་གང་ཡིན་པའོ། །འགའ་ཞིག་ནི་མི་ལྟོས་པ་ཡིན་ཏེ། མར་མེའོ། །དེས་ན་དཔེ་གྲུབ་པོ་ཞེ་ན། ད་ནི་འདི་ཡང་མི་འཐད་དོ། །ཞེས་བརྗོད་པ་ནི། སྔོ་ཉིད་མིན་ལ་ཞེས་བྱ་བ་ལ་སོགས་པའོ། །ཁོ་བོ་ཅག་རང་ཉིད་དངོས་པོ་མ་ཡིན་པར་གྲུབ་པར་འགྱུར་བ་ན་སྔོན་པོའི་དངོས་པོ་གཞན་ལ་ལྟོས་པ་དེ་ཉིད་དུ་བདག་ཉིད་ཀྱི་དངོས་པོ་ཉིད་དུ་བྱེད་དོ་ཞེས་ནི་མི་སྨྲའོ། །འོ་ན་ཅི་ཞེ་ན། དེ་རང་གི་རྒྱུ་ཉིད་ལས་དེ་ལྟར་སྔོན་པོ་ཉིད་སྐྱེས་པའི་ཕྱིར། །གཞན་ལ་ལྟོས་པ་ཡིན་ནོ་ཞེས་བརྗོད་དོ། །དེ་བཞིན་དུ་སྒྲོན་མ་ཡང་གལ་ཏེ་རང་གསལ་བའི་རང་བཞིན་དུ་སྐྱེ་བ་ལ་རྒྱུ་ལ་མི་ལྟོས་ན་ནི། དེའི་ཚེ་རྒྱུ་མེད་པ་ཅན་ཉིད་དུ་གྱུར་པས། འདི་གཞན་ལ་ལྟོས་པར་འགྲུབ་པ། དེ་ལྟ་ན་ལྟོས་པ་མེད་པ་ཉིད་མ་ཡིན་ནོ། །དེ་སྟེ་བདག་གི་དངོས་པོ་ཉིད་རྒྱུ་ལ་ལྟོས་ཀྱི་གསལ་བ་ནི་མ་ཡིན་ན་དེ་ནི་མ་ཡིན་ཏེ། འདི་གསལ་བ་ལས་ཐ་དད་པ་མེད་པའི་ཕྱིར་རོ། །འོན་ཏེ་གསལ་བ་ཉིད་དུ་སྐྱེས་ཟིན་པ་ཡང་གཞན་ལ་ལྟོས་པ་མ་ཡིན་ནོ་ཞེ་ན། དེ་ནི་མི་རིག་པ་ཏེ། སྣམ་བུར་སྐྱེས་ཟིན་བཞིན་དུ་ཡང་སྣམ་བུ་ཉིད་དུ་འགྱུར་བ་གཞན་ལ་ལྟོས་སོ་ཞེས་དེ་སྐད་དུ་ཟེར་བ་སུ་ཡོད། དེས་ན་འདི་ནི་གྱི་ནའོ། །གཞན་ཡང་མར་མེ་གསལ་བར་བྱེད་དོ་ཞེས་གང་བརྗོད་པ་དེ་ནི་རེ་ཞིག་འཛིན་པར་བྱེད་པ་ཤེས་པས་ཤེས་ཏེ། བརྗོད་པར་བྱེད་པ་ཡིན་ན་བློ་གསལ་བར་བྱེད་དོ་ཞེས་བརྗོད་པས་གང་ཡིན་པ་དེ་ནི་གོ་གང་གིས་ཤེས་པ་ཡིན་ཞེས་མི་ཤེས་སོ། །འདི་ལྟར་དེ་ནི་གཟུང་བར་བྱ་བ་མ་ཡིན་ལ་དེས་འཛིན་པར་


DTG106_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ཡང་མ་ཡིན་ཏེ། ཤེས་པས་ཤེས་པ་གཞན་འཛིན་པར་བྱེད་པས་ཀྱང་སྟོང་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལུགས་ཡིན་པའི་ཕྱིར་རོ་ཞེས་དགོངས་པའོ། །གང་ཚེ་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བའོ། །མོ་གཤམ་བུ་ཡི་འགྱིང་བག་བཞིན། །ཞེས་བྱ་བ་འདིས་ཅི་ཞིག་བསྟན་ཞེ་ན། གཟོད་མ་ནས་མ་སྐྱེས་པས་ན་བློ་ནི་གདོད་མ་ནས་ཞི་བ་ཡིན་ནོ་ཞེས་བསྟན་པའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་སྟེ། མྱོང་བ་ལ་དྲན་པ་སྐྱེས་པའི་ཕྱིར་ཞེས་བྱ་བའི་ལུགས་ཡིན་པའི་ཕྱིར་རོ་ཞེ་ན། འདི་ལ་བརྗོད་པ་ནི། གཞན་མྱོང་བ་ན་ཞེས་བྱ་བ་ལ་སོགས་པའོ། །སྔར་ཉམས་སུ་མྱོང་བའི་དོན་གྱི་རྣམ་པ་ཅན་གྱིས་ཤེས་པ་དང་འབྲེལ་པས་དོན་གྱི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་ཕྱི་མ་ཕྱི་མ་ཁྱད་པར་གྱི་རིམ་པ་ཐ་དད་པ་ཅན་གཞན་དང་གཞན་སྐྱེ་བ་ཡིན་ཏེ། གང་གིས་རང་རིག་པ་མེད་ཀྱང་རྟོགས་པ་ཙམ་ནུས་པ་སྣ་ཚོགས་དང་ལྡན་པའི་ཕྱིར། དེ་ཇི་ལྟར་ཉམས་སུ་མྱོང་བ་ཁོ་ན་ལྟར་དྲན་པ་སྐྱེ་བ་ཞེས་བྱ་བ་འདི་ལ་འགལ་བ་ཅི་ཡོད། ཅི་སྟེ་དེ་ལྟར་མཐོང་བ་ཡོད་དམ་ཞེ་ན། བྱི་བའི་དུག་བཞིན་ནོ་ཞེས་གསུངས་ཏེ། དཔེར་ན་བྱི་བའི་དུག་དུས་གཅིག་གི་ཚེ་འགའ་ཞིག་ཏུ་ཞུགས་ཀྱང་དུས་བཞིན་དུ་ནུས་པ་སད་ལ། དེ་ལ་རང་རིག་པ་ནི་ཅུང་ཟད་ཀྱང་མེད་པ་བཞིན་ནོ། །རྐྱེན་གཞན་དག་དང་ལྡན་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གཞན་གྱིའོ། །འདི་སྙམ་དུ་ལྟས་མཁས་པ་ལ་སོགས་པས་ཀྱང་གཞན་གྱི་སེམས་ཤེས་པ་ཡིན་ཏེ། དེས་ན་གཞན་གྱི་སེམས་ཤེས་པར་རིག་པ་ལ་སོགས་པའི་ལྷན་ཅིག་བྱེད་པའི་རྐྱེན་གཞན་དང་ལྡན་པ་དེ་གཞན་གྱི་སེམས་ཤེས་པ་སྐྱེ་བ་མཐོང་བའི་ཕྱིར། རང་ཉིད་ཅེས་བྱ་བ་རང་རིག་པ་རབ་ཏུ་གསལ་ལོ་ཞེས་སྨྲའོ་ཞེ་ན་གྲུབ་པའི་མཐའ་གསུངས་པ་ནི། གྲུབ་པའི་མིག་སྨན་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་གཞན་གསལ་བའི་སྒོ་ནས་རང་རབ་ཏུ་གསལ་བ་ཡིན་པ་དེའི་ཚེ་གྲུབ་པའི་མིག་སྨན་སྦྱོར་བ་ལས་ཏེ། གྲུབ་པའི་མིག་སྨན་རྗེས་སུ་སྦྱར་བ་ལས་བུམ་པ་དམིགས་པའི་ཕྱིར་ན་མིག་སྨན་ཡང་བུམ་པར་འགྱུར་ཏེ། དེའི་སྟོབས་ཀྱིས་དེ་ལྟ་བུ་ཉིད་དུ་རྟོགས་པའི་ཕྱིར་ན། དེ་ལྟར་ཧ་ཅང་ཐལ་བ་ཡིན་ནོ། །འདིར་བསམས་པ་ནི་འདི་ཡིན་ཏེ། གལ་ཏེ་ཡུལ་གསལ་བའི་སྟོབས་ཀྱིས་དེའི་ཆོས་ཤེས་བ་ལ་སྦྱོར་ན་དེའི་ཚེ་མིག་སྨན་གང་ཞིག་གཏེར་གྱི་བུམ་པ་


DTG106_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་བྱེད་པ་དམིགས་པ་དེར་ཡང་ཡུལ་བུམ་པ་ཉིད་གང་ཡིན་པ་དེ་མིག་སྨན་ལ་ཡང་སྦྱོར་བར་འགྱུར་ཏེ། དེས་ན་མིག་སྨན་ཡང་བུམ་པར་འགྱུར་ཏེ། བུམ་པའི་ཐ་སྙད་ལ་བརྟེན་པར་འགྱུར་རོ། །གཞན་ཡང་མི་སླུ་བར་ལྷག་པར་ཞེན་པའི་སྟོབས་ཀྱིས་མེ་ལོང་གིས་བཞིན་རིག་པ་ལྟར་འཁྲུལ་པའི་ཐ་དད་དུ་འགྱུར་བས་འདི་ནི་གྱི་ནའོ། །གལ་ཏེ་དེ་ལྟར་ན་ཡང་ཤེས་པ་རིག་པ་མེད་ན་དེ་ཇི་ལྟར་མཐོང་ངོ་འདི་ཐོས་སོ་འདི་ཤེས་སོ་ཞེས་བྱ་བའི་ཐ་སྙད་དུ་འགྱུར་རོ་ཞེ་ན། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཐོང་བ་ལ་སོགས་པའི་ཐ་སྙད་དག་འཇིག་རྟེན་འདིར་དགག་པར་བྱ་བ་མ་ཡིན་པ་དེ་ཁོ་ནའོ། །འོན་ཀྱང་འདིར་ནི་འཁོར་བའི་སྡུག་བསྔལ་མ་ལུས་པའི་རྒྱུར་འགྱུར་བའི་དངོས་པོར་ཀུན་རྟོག་པ་ནི་གདོན་ཆེན་པོས་བདེན་པ་ཉིད་དུ་སྒྲོ་བཏགས་པ་བྱས་པ་གང་ཡིན་པ་དེ་དགག་པར་བྱ་བ་ཡིན་པས་སྐྱོན་མེད་དོ། །གཞན་ཡང་ཁྱོད་ཀྱིས་ཇི་སྐད་དུ། གལ་ཏེ་འཁྲུལ་པ་ཡང་མེད་ན། །ཞེས་བྱ་བ་ལ་སོགས་པ་བརྗོད་པ་དེ་ལ་ཡང་བརྗོད་པར་བྱ་སྟེ། གང་གི་ཚེ་ཁྱོད་ཀྱིས་རྣམ་པར་ཤེས་པ་ལས་ཐ་དད་པར་སྒྱུ་མ་ལ་སོགས་པ་མེད་པའི་ཕྱིར། རྣམ་པར་ཤེས་པ་ལ་སྒྱུ་མ་ལ་སོགས་པའི་ཐ་དད་ཡོད་པ་མ་ཡིན་ལ། ཐ་མི་དད་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པ་དེའི་ཚེ་ནི་རྩོད་པའི་གོ་སྐབས་ཉིད་ཀྱང་མེད་དོ། །འོན་ཏེ་གཞན་གྱིས་ཁས་བླངས་པ་ལ་ལྟོས་ནས་རྩོད་པ་འདིར་འགྱུར་རོ་ཞེ་ན་མ་ཡིན་ཏེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་ཀྱང་ཁས་བླང་བར་བྱ་བར་འགྱུར་བ་དེས་ན་ཕྱོགས་འདི་ཡང་ཡང་དག་པ་ཉིད་མ་ཡིན་ནོ། །འོན་ཏེ་སྒྱུ་མ་དངོས་པོ་ཉིད་ཡིན་ན་དེའི་ཚེ་སྒྱུ་མ་དེ་དངོས་ན་ཇི་ལྟར་སེམས་ལས་གཞན་མིན་ཏེ། གཞན་མིན་པ་ཁོ་ནའོ། །འོན་ཏེ་གཞན་མིན་ཞེ་ན་སྟེ། སྒྱུ་མ་སེམས་ལས་ཐ་དད་པ་མ་ཡིན་ནོ་ཞེ་ན། ཡང་དེའི་ཚེ་དེ་གཉིས་གཅིག་ཡིན་པས་སེམས་དངོས་པོ་མེད་པར་འགྱུར་རོ། །དེས་ན་དངོས་པོར་གནས་པར་སྒྱུ་མ་ཡང་མེད་པས་ན་འདི་མུན་ཁུང་གི་གར་ཉིད་དུ་འགྱུར་རོ། །འོན་ཏེ་དེ་ཁོ་ནར་གཟུང་བའི་རྣམ་པར་མི་བདེན་པ་ཡོད་པ་མ་ཡིན་ཡང་འཇིག་རྟེན་གྱིས་སྒྱུ་མ་ཡང་མཐོང་བ་ཡིན་ནོ་ཞེས་རྟོག་ན། དེའི་ཚེ་འཛིན་པར་བྱེད་པའི་སེམས་ཀྱང་མེད་པ་ཉིད་དུ་བརྟག་པར་བྱ་བའི་ཕྱིར་མཚུངས་པར་ཐལ་བར་འགྱུར་རོ། །གལ་ཏེ་འཁོར་བ་དངོས་


DTG106_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཅན་ཞེས་བྱ་བ་ནི་འདི་སྙམ་དུ་འཁོར་བ་ནི་སེམས་ལ་བརྟེན་ནས་འཇུག་པ་དེས་ན་སེམས་ཡོད་པ་ཡིན་ནོ། །དེས་ན་འདི་ལ་སེམས་ཀྱི་མཚན་ཉིད་ཀྱི་རྟེན་ཏེ། གཞི་ཡོད་པས་ན་དངོས་པོ་རྟེན་ཅན་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ནི་གཞན་དུ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའ་གསུང་བ་ཡིན་ནོ། །འདིར་བསམ་པ་ནི་འདི་ཡིན་ཏེ། གལ་ཏེ་སེམས་ཁོ་ནར་ཡོད་པ་ཡིན་ནོ། །དེ་ལྟར་འཁོར་བའི་རྟེན་དུ་གྱུར་པ་ཞིག་ན། གང་གི་ཚེ་སེམས་ཉིད་མེད་པས་འཁོར་བ་རྟེན་མེད་པ་ཁོ་ནར་འགྱུར་བས་ནམ་མཁའ་བཞིན་དུ་དེ་ཡང་མེད་པའི་ཕྱིར་ན་རྟེན་དང་བརྟེན་པ་ཡོད་པ་མ་ཡིན་པར་བྱས་པ་ཡིན་ནོ། །གལ་ཏེ་དེ་ལྟར་དངོས་པོ་བདག་ཉིད་ཀྱི་འཁོར་བ་མེད་མོད་འདི་ལ་ཉེས་པ་ཅི་ཡོད་སྙམ་ན། དངོས་མེད་དངོས་ལ་བརྟེན་པས་ན། །ཞེས་གསུངས་ཏེ། གང་ལ་ངོ་བོ་ཡོད་པ་མ་ཡིན་པའི་འཁོར་བ་དངོས་པོ་མེད་པ་གང་ཡིན་པ་དེ་སེམས་ཀྱི་དངོས་པོ་ལ་བརྟེན་པས་ན་དོན་བྱེད་པ་དང་ལྡན་པར་ཇི་ལྟར་དེ་ག་ལ་འགྱུར། དེ་ལྟར་འགྱུར་ན་ཡང༌། ཁྱོད་ཀྱི་སེམས་ནི་གྲོགས་མེད་པར། །ཞེས་བྱ་བ་འཁོར་བ་ཡན་ལག་དང་བཅས་པའི་གྲོགས་པོ་དང་བྲལ་བ་སྲིད་པ་དང་མི་ལྡན་པ་སེམས་འདི་གཅིག་པུ་ཞིག་ཉིད་དུ་འདུག་པར་འགྱུར་བ་ཡིན་ནོ། །དེ་ལྟར་ཡིན་ན་འདིར་རྣམ་པ་ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་ཐམས་ཅད་གཟུང་བ་དང་འཛིན་པ་མཐའ་དག་དང་བྲལ་བའི་སེམས་འབའ་ཞིག་ཏུ་གནས་པར་འགྱུར་བས་ན་སེམས་ཅན་མཐའ་དག་ཐོག་མ་མེད་པ་ནས་སངས་རྒྱས་ཉིད་ཐོབ་པ་དེས་ན་ད་ལྟར་ཉིད་ནས་གྲོལ་བ་གང་གིས་བཟློག །དོན་དམ་པ་ནི་དེ་ཁོ་ན་ལྟར་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ད་ལྟར་ཉིད་གཟུང་བ་དང་འཛིན་པའི་རྣམ་པ་དང་བྲལ་བའི་སེམས་ཡོད་པ་ཡིན་པས་ཡང་ཀུན་ནས་ལྡང་བའི་ཉོན་མོངས་པ་མ་ལུས་པ་དང་ལྡན་པའི་ཕྱིར་ན་ཡོན་ཏན་ལྷག་པ་ཅི་ཞིག་ཡོད་དེ་དེས་ན་སེམས་ཀུན་ཏུ་རྟོག་པའི་ངལ་བ་འབའ་ཞིག་འབྲས་བུར་འགྱུར་རོ། །ཡང་གཞན་གྱི་སྒྱུ་མ་ཞེས་བྱ་བ་ལ་སོགས་པའོ། །ཆོས་ཐམས་ཅད་སྒྱུ་མ་ལྟར་ཤེས་ནས་ཡང་ཇི་ལྟར་ཉོན་མོངས་པ་ལྡོག་པར་འགྱུར་ཏེ། འདི་ལྟར་གང་གི་ཚེ་སྒྱུ་མ་བྱེད་པ་རང་ཉིད་ཀྱིས་སྨན་དང་སྔགས་ལ་སོགས་པ་རྣམས་ཀྱིས་སྒྱུ་མའི་བུད་མེད་སྤྲུལ་པ་དེའི་ཚེ་དེ་བྱེད་པ་ཉིད་ཀྱང་དེ་ལ་


DTG106_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་སྐྱེ་བ་དེས་ན་ཁྱེད་ལ་ཡང་འཁོར་བ་ཇི་ལྟར་ལྡོག་ཅེ་ན། འདི་ལ་བརྗོད་པ་ནི། དེ་བྱེད་པ་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་བྱེད་པ་ནི་སྒྱུ་མའི་བུད་མེད་བྱེད་པའོ། །གང་གི་ཕྱིར་ད་དུང་དུ་ཡང་ཤེས་བྱའི་དཀྱིལ་འཁོར་ལ་དམིགས་པ་ཅན་འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པའི་བག་ཆགས་མ་སྤངས་པ་དེས་ན་དེའི་མཐོང་དུས་ན་ཞེས་བྱ་བ་བུད་མེད་ཀྱི་ལུས་ལ་སོགས་པའི་ཤེས་བྱ་ཉམས་སུ་མྱོང་བའི་དུས་ན་སྟོང་པ་ཉིད་ཀྱི་བག་ཆགས་ཉམ་ཆུང་བའི་ཕྱིར་ན་འདོད་ཆགས་ལ་སོགས་པ་འབྱུང་བ་ཡིན་ནོ། །ཡང་གང་གི་ཚེ་སྟོང་པ་ཉིད་གོམས་པའི་སྟོབས་ཀྱིས་དེ་བག་ཆགས་བསྐྱེད་པ་དེའི་ཚེ་ནི་དངོས་པོའི་བག་ཆགས་སྤོང་བར་འགྱུར་ལ། གང་གི་ཚེ་ན་གོམས་པ་གསལ་བར་གྱུར་པ་ཅི་ཡང་མེད་དོ་ཞེས་གོམས་པ་དེའི་ཚེ་ནི་སྟོང་པ་ཉིད་དེའི་བག་ཆགས་ཀྱང་སྤང་བར་འགྱུར་ཏེ། ཆོས་ཀྱི་རྣམ་གྲངས་ནི་གཟིངས་ལྟ་བུ་ཡིན་པའི་ཕྱིར་རོ། །དེ་སྐད་དུ། རྟོག་པ་ཐམས་ཅད་སྤངས་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གལ་ཏེ་དེ་ལྟར་མེད་དོ་ཞེས་བྱ་བའི་གོམས་པར་བྱས་པའི་དངོས་པོ་མེད་པ་དེ་ཉིད་དོན་དམ་པར་འགྱུར་རོ་ཞེ་ན་གང་གི་ཚེ་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་ཁྱོད་ཀྱི་དངོས་པོ་གང་ཞིག་མེད་དོ་ཞེས་བརྟག་པར་བྱ་བ་དེ་གལ་ཏེ་ཁོ་ན་མི་དམིགས་པ་དེའི་ཚེ་དངོས་པོ་མེད་པ་རྟེན་དང་བྲལ་བ་རྣམ་པར་དཔྱོད་པའི་བློའི་མདུན་དུ་ཇི་ལྟར་གནས་པར་འགྱུར། དེ་སྐད་དུ་ཡང༌། དངོས་པོ་གཞན་དུ་གྱུར་པ་ནི། །དངོས་པོ་མེད་ཅེས་སྐྱེ་བོ་སྨྲ། །ཞེས་གསུངས་སོ། །དེས་ན་གང་ཚེ་དངོས་དང་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བའོ། །དམིགས་པ་མེད་པ་ཞེས་བྱ་བ་ནི་གདོད་མ་ནས་མ་སྐྱེས་པའི་ཕྱིར་རོ། །དེ་སྐད་དུ། འགྲོ་བའི་ཆོས་ཀུན་རྣམ་ཤེས་ཀྱི། །མེ་ཡི་བུད་ཤིང་ཡིན་པར་འདོད། །དེ་དག་ཇི་བཞིན་རྣམ་འབྱེད་པའི། །མེ་ཡིས་བསྲེགས་ནས་ཉེར་ཞིར་འགྱུར། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཡང་གདོད་མ་ནས་ཞི་པ་མ་ཡིན་ནམ། དེ་ཇི་ལྟར་སྐྱེ་བ་དང་བྱང་ཆུབ་ལ་སོགས་པའི་བྱ་བ་མཛད་སྙམ་ན། ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣམ་པར་རྟོག་པ་མི་མངའ་ཡང་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་བསོད་ནམས་ཀྱི་དབང་དང༌།


DTG106_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྨོན་ལམ་གྱི་སྟོབས་ལྷུན་གྱིས་གྲུབ་པར་འགྱུར་བ་ཡིན་ནོ། །དེ་ཞེས་བྱ་བ་ནི་མཆོད་སྡོང་སྒྲུབ་མཁན་ནོ། །ཚོགས་ཡོངས་སུ་རྫོགས་པའི་དོན་དུ་བྱང་ཆུབ་ཀྱི་ཆེད་དུ་སྤྱོད་པ་སྦྱིན་པ་ལ་སོགས་པ་སྟེ། སྟོང་པ་ཉིད་དང་སྙིང་རྗེ་གོམས་པའི་འབྲས་བུ་རྣམ་པར་རྟོག་པ་མཐའ་དག་འགགས་པ་དང༌། བག་ཆགས་ཀྱི་མཚམས་སྦྱོར་བ་ཅན་གྱི་བྱང་ཆུབ་སེམས་དཔའ་ལ་ཡོད་པའི་བསམ་པ་ཁྱད་པར་ཉི་མ་ལྟར་སྐྱེ་དགུ་སྨིན་པར་བྱེད་པའི་བྱང་ཆུབ་ཀྱི་བསམ་པ་གང་ཡིན་པ་དེ་དང་རྗེས་སུ་མཐུན་པས་དེའི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་བརྟེན་པ་ཅན་རྣམ་པར་རྟོག་པ་མ་ལུས་པ་འགག་པ་དང་རྗེས་སུ་མཐུན་པས་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཉན་ཐོས་དང་རང་སངས་རྒྱས་ལས་ཁྱད་པར་དུ་འཕགས་པ་བརྗོད་པ་ཡིན་ནོ། །འདི་གཞན་གྱི་སེམས་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱལ་བ་ཉིད་མཆོད་སྡོང་དང་འདྲ་བས་རྒྱལ་བའི་མཆོད་སྡོང་ངོ༌། །སློབ་དཔོན་འདི་ཡི་ཐུགས་དགོངས་ནི། མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་ན་སེམས་དང་སེམས་ལས་བྱུང་བའི་རྒྱུ་མཐའ་དག་མི་མངའ་ཡང༌། སྐུ་བྱིན་གྱིས་བརླབས་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་མཛད་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །འདིར་གཞན་གྱི་སེམས་མེད་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྦྱིན་པ་ལ་སོགས་པ་ནི་ཡིད་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ་ཞེ་ན། གྲུབ་པའི་མཐའ་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་མཆོད་པ་གཉིས་འབྲས་བུ་དང་ལྡན་པར་མཚུངས་པར་ལུང་ལས་གསུངས་པའི་ཕྱིར་རོ། །འདིས་ནི་ལུང་ཚད་མ་ཉིད་དུ་བསྟན་པ་ཡིན་ནོ། །གལ་ཏེ་སངས་རྒྱས་ཉིད་དང་སྦྱིན་པ་ལ་སོགས་པའི་འབྲས་བུ་ལུང་གི་དབང་ལས་ཡིན་ན། དེའི་ཚེ་ཀུན་རྫོབ་ཏུ་འམ་དོན་དམ་པར་ཡིན་ཡང་སླ་སྟེ། ཁྱད་པར་ཅི་ཡོད་ཅེས་སྟོན་པ་ནི། ཀུན་རྫོབ་བམ་ནི་ཞེས་བྱ་བ་ལ་སོགས་པའོ། །འདི་ལ་གཏན་ཚིགས་གཞན་ཡང་བསགས་པའི་དོན་དུ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་ལྟར་ཞེས་བྱ་བ་ནི་ཅི་ལྟ་བ་བཞིན་དུའོ། །ད་ནི་བྱེ་བྲག་ཏུ་སྨྲ་བ་དག་གིས་བདེན་པ་མཐོང་བས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་སངས་རྒྱས་པ་ཉིད་ནི་དེའི་ཚེ་འཕགས་པའི་བདེན་པ་བཞི་མཐོང་བས་ཡིན་གྱི། སྟོང་པ་ཉིད་ཀྱིས་ནི་མ་ཡིན་


DTG106_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་ནམ་ཞེ་ན། ལན་དུ་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལམ་འདི་ནི་ཞེས་བྱ་བ་ནི་སྟོང་པ་ཉིད་མཐོང་བའོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །ལན་ནི་ཁྱོད་ཀྱིས་ཞེས་བྱ་བའོ། །གང་གི་ཕྱིར་ཞེས་བྱ་བ་ནི་གཞན་གྱིའོ། །གཉི་ག་ལ་ཞེས་བྱ་བ་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲུབ་པའོ། །དང་པོ་ཁྱོད་ལ་འདི་མ་གྲུབ། །ཅེས་བྱ་བ་ནི་ཁས་མ་བླངས་པའི་སྔོན་རོལ་དུ་མ་གྲུབ་པ་སྟེ། དབུ་མ་པའི་དགག་པའོ། །དེས་ངེད་ཀྱི་ལུང་ནི་བླ་མ་བརྒྱུད་པ་ལས་འོངས་པ་ཡིན་ནོ་སྙམ་ན། རྐྱེན་གང་གིས་ནི་ཞེས་གསུངས་སོ། །གང་ལ་བླ་མ་བརྒྱུད་པ་ལས་བྱུང་བའི་རྐྱེན་ཡོད་པའོ། །དེ་ནི་ཁྱེད་ཀྱི་ལུང་ལའོ། །ཡིད་ཆེས་པ་ནི་རེ་བ་འཆའ་བའོ། །དེ་ནི་ཞེས་བྱ་བ་ནི་ཡིད་ཆེས་པའོ། །འོན་ཏེ་ངེད་ཀྱི་ལུང་ནི་ཁྱེད་དང་ང་མ་གཏོགས་པའི་རྒོལ་བ་གཞན་དང་ཕྱིར་རྒོལ་བ་གཞན་གཉིས་འདོད་པས་བདེན་པ་ཡིན་ནོ་ཞེ་ན། དེའི་ཚེ་ཐུག་པ་མེད་དོ་ཞེས་གསུངས་པ་ནི། གཞན་གཉིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཐེག་ཆེན་ཞེས་བྱ་བས་གཞན་གྱིའོ། །ལུང་ལ་ཞེས་བྱ་བ་ལ་སོགས་པ་ནི་ལན་ཏེ། ཁྱོད་ཀྱི་ལུང་ལ་མུ་སྟེགས་པའི་སྐྱེ་བོ་རྣམས་དང་ལྷན་ཅིག་རྩོད་པ་དང་བཅས་པའི་ཕྱིར་རང་གི་ལུང་ཡང་དོར་བྱར་འགྱུར་ལ། དེ་བཞིན་དུ་ལུང་གཞན་ལ་ཡང་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་ལུང་གི་ཁྱད་པར་ཐམས་ཅད་ལ་ཡང་ཞེས་བྱ་བ་རང་གི་སྡེ་པ་རྣམས་དང་ཕན་ཚུན་ནམ། གཞན་དང་ཞེས་བྱ་བ་གཞན་གྱི་སྡེ་པ་རྣམས་ལ་རྩོད་པ་དང་བཅས་པ་ཞེས་བྱ་བ་རྩོད་པ་ཡོད་པས་ན་དོར་བྱར་འགྱུར། གཞན་ཡང་བཀའི་རང་བཞིན་བསྟན་པའི་རྩ་བ་དགེ་སློང་ཡིན་པར་འདོད་དོ་ཞེས་གྲགས་པ་ཡིན་ན། གཞན་ཡང་རྩོད་པ་ཡོད་པས་དགེ་སློང་ཉིད་ཀྱང་དཀའ་བར་གནས་པའི་ཕྱིར་དོར་བྱར་འགྱུར་རོ། །གཞན་ཡང་སེམས་ནི་དམིགས་པ་དང་བཅས་པ་རྣམས་ཀྱི་བདེན་པ་བཞི་བསྒོམས་པས་དགེ་སློང་ཉིད་ཀྱང་དཀའ་བར་གནས་ལ་མྱ་ངན་ལས་འདས་ཏེ། སངས་རྒྱས་ཉིད་ཀྱང་དཀའ་བར་གནས་སོ། །འདི་ལྟར་དགེ་སློང་ནི་ཉོན་མོངས་པ་བཅོམ་པ་ཡིན་ལ། ཉོན་མོངས་པ་རྣམས་སྤོང་ཡང་སྟོང་པ་ཉིད་བསྒོམས་པ་ཡིན་པའི་ཕྱིར་སྙམ་དུ་དགོངས་པའོ། །ཉོན་མོངས་པ་སྤང་པ་ཡང་ཞེས་བྱ་བ་ནི་


DTG106_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིའོ། །དེའི་དེ་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པ་ནི་ལན་ཏེ། བདེན་པ་མཐོང་བའི་དེ་མ་ཐག་ཏུ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་འཕགས་པ་མཽད་གལ་གྱི་བུ་ཆེན་པོ་ལ་སོགས་པ་རྣམས་བདེན་པ་བསྒོམས་པས་ཉོན་མོངས་པ་བྲལ་བའི་ཕྱིར་གྲོལ་བ་ཡིན་ནོ་ཞེ་ན། ཉོན་མོངས་པ་མེད་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉོན་མོངས་པ་མེད་པ་ཡིན་ཡང་འཕགས་པ་རྣམས་ཀྱི་ལུས་ཀྱི་ཚོར་བ་ལ་སོགས་པའི་ལས་ཉམས་སུ་མྱོང་བ་མཐོང་བའི་ཕྱིར་དེ་དག་གྲོ་ལ་བར་ཇི་ལྟར་འགྱུར། ཉོན་མོངས་མེད་ཅེས་བྱ་བ་ནི། །ཉོན་མོངས་པ་ཅན་མ་ཡིན་བཞིན་དུ་ཡང་ངོ༌། །དེ་དག་ལ་ཞེས་བྱ་བ་ནི་འཕགས་པ་རྣམས་ལའོ། །འདི་སྙམ་དུ་སྐྱེ་བའི་རྒྱུ་ནི་སྲེད་པ་ཡིན་ལ། དེ་དག་ལ་ནི་དེ་མེད་དོ་ཞེས་དོགས་ན། གྲུབ་པའི་མཐའ་སྲེད་འདི་ཞེས་གསུངས་སོ། །ཀུན་རྨོངས་བཞིན་དུ་ཞེས་པ་ནི་དཔེར་ན་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་ཡོད་པ་དེ་བཞིན་དུ་དེ་དག་ལ་ཉོན་མོངས་པ་ཅན་མ་ཡིན་པའི་སྲེད་པ་ཡང་ཅི་སྟེ་མེད། ཚོར་བའི་རྐྱེན་གྱིས་ཞེས་བྱ་བ་ལ་སོགས་པས་ནི་འདི་ཉིད་ལ་གཏན་ཚིགས་གཞན་བརྗོད་པའོ། །དེའི་ཕྱིར་ཐར་པ་ག་ལ་ཡོད་ཅེས་དགོངས་པའོ། །དེའི་ཕྱིར་གལ་ཏེ་བདེན་པ་བསྒོམས་པས་ཡོངས་སུ་ཟིན་པའི་སེམས་དམིགས་པ་དང་བཅས་པ་ཡིན་ན་དེའི་ཚེ་སེམས་དེ་བསྒོམ་པར་བྱ་བའི་དོན་གང་ཡང་རུང་བ་འགའ་ཞིག་ལ་གནས་པར་འགྱུར་ཞེས་བྱ་བ་ཆགས་པར་འགྱུར་བའི་ཕྱིར་ཆགས་པ་དང་བྲལ་བའི་བསྒོམ་པ་སྲིད་པ་མ་ཡིན་ནོ། །གཞན་ཡང་ཉོན་མོངས་པའི་ཞགས་པ་དང་བྲལ་བས་ཡང་དག་པར་བསྡམས་ཤིང་འགག་པའི་སེམས་ཀྱང་སྟོང་པ་ཉིད་བསྒོམ་པ་དང་འདྲ་ན་འཁོར་བར་སླར་ཡང་སྐྱེ་བར་འགྱུར་ཏེ། དམིགས་པའི་ཞགས་པས་བཅིངས་པའི་ཕྱིར་ཏེ། དཔེར་ན་དེ་ལྟ་བུ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་སླར་སྐྱེ་བ་བཞིན་ནོ། །དེས་ན་ཐར་པ་མེད་དོ། །ངག་གང་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱིའོ། །ངེད་ཀྱི་ལུང་ཁོ་ན་མདོ་སྡེ་ལ་འཇུག་གི །ཐེག་པ་ཆེན་པོ་ནི་མ་ཡིན་ནོ་ཞེས་བསམས་པའོ། །ཐེག་ཆེན་ཕ་རོལ་ཞེས་བྱ་བ་ནི་ལན་ཏེ། འདི་མང་པོས་ཅི་ཞིག་བྱ་སྟེ། ཐེག་པ་ཆེན་པོ་ཡང་ཕལ་ཆེར་ཁྱེད་ཀྱི་མདོ་སྡེ་དང་མཚུངས་པ་དམིགས་ཏེ། འདི་སྟོང་པ་


DTG106_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བརྗོད་པའི་ཚིག་མཐོང་བའི་ཕྱིར་རོ། །ཕལ་ཆེར་སྨོས་པས་ནི་དེ་ཉིད་དུ་ཞེས་སྟོན་པར་བྱེད་དོ། །འོན་ཏེ་སྟོང་པ་ཉིད་སྟོན་པའི་ཚིག་དང་བྲལ་བ་ངེད་ཀྱི་མདོ་སྡེ་གང་ཡང་རུང་བ་འགའ་ཞིག་དང་མི་མཚུངས་པའི་ཕྱིར་ཐེག་པ་ཆེན་པོ་འདི་ལ་ཉེས་པ་ཆགས་པ་ཡིན་ནོ། །བརྗོད་པ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །མ་གཏོགས་གཅིག་གིས་ནི་ཞེས་བྱ་བས་ནི་སྟོང་པ་ཉིད་སྟོན་པ་མ་ཡིན་པའི་མདོ་སྡེ་སྟེ། དེ་དང་མི་མཚུངས་པས་ཞེས་བྱ་བ་ནི་ལྷག་མའོ། །གྲུབ་པའི་མདོ་མཚུངས་གཅིག་གིས་ཞེས་གསུངས་ཏེ། སྟོང་པ་ཉིད་རྗོད་པར་བྱེད་པའི་ཁྱོད་ཀྱིས་མདོ་གང་ཡང་རུང་བ་དང་སྟོང་པ་ཉིད་བརྗོད་པ་མེད་པ་ཉིད་དུ་མཚུངས་པ་གཅིག་གིས་ན་ཞེས་བྱ་བའི་དོན་ཏོ། །འོན་ཏེ་འཕགས་པ་འོད་སྲུངས་ཆེན་པོ་ལ་སོགས་པ་རྣམས་ཀྱིས་སྟོང་པ་ཉིད་བཅོམ་ལྡན་འདས་ཀྱིས་གསུངས་སུ་ཟིན་ཀྱང་བསྐལ་པ་གྲངས་མེད་པར་མི་རྟོགས་པར་འདི་ནི་དོན་དམ་པ་མ་ཡིན་པ་ཉིད་ཀྱིས་ཁོ་བོས་ཀྱང་མ་རྟོགས་པར་ཟད་དོ་སྙམ་ན། ངག་གང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་ནི་སྐལ་བ་དང་མི་ལྡན་པའི་ཕྱིར་རོ། །སུ་ཞིག་བྱེད་ཅེས་བྱ་བ་ནི། སུ་ཡང་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ད་ནི་སུའི་གནས་སྐབས་སུ་ཡང་སྟོང་པ་ཉིད་ཀྱི་འབྲས་བུ་གསུངས་པ་དེ། རྨོངས་པས་ཞེས་བྱ་བ་ལ་སོགས་པའོ། །སྟོང་པ་ཉིད་མཐོང་བའི་འབྲས་བུ་གཞན་འདི་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་སུ་མཐོང་སྟེ། འདི་ལྟར་མཆོག་ཏུ་ཐུགས་རྗེའི་རོས་བརླན་ཏེ། སྡུག་བསྔལ་ཅན་གྱི་སྐྱེ་བོ་མཐའ་དག་པའི་སྡུག་བསྔལ་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་དེ། དེ་དག་གི་དོན་ཉིད་དུ་འཁོར་བ་ཇི་སྲིད་པར་རྟག་པ་དང་ཆད་པའི་མཐའ་གཉིས་ལས་རྣམ་པར་གྲོལ་བའི་སེམས་དང་ལྡན་པས་བཞུགས་པས་ཞེས་བྱ་བས་དེ་ལྟ་བུའི་འབྲས་བུ་འདི་ནི་སྟོང་པ་ཉིད་རྟོགས་པས་འགྲུབ་ཀྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་བརྗོད་པར་བྱ་སྟེ། རྨོངས་པ་སྟེ་རྨོངས་པའི་དབང་གིས་སྡུག་བསྔལ་བ་དང་ལྡན་པ་རྣམས་ཀྱི་དོན་དུ་ཆགས་པ་སྟེ། རྟག་པའི་མཐའ་འཛིན་པས་ཞེན་པ་དང༌། ཆད་པའི་མཐའ་འཛིན་པས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པས་སྐལ་བ་དང་མི་ལྡན་པས་འཇིག་པའོ། །ཆགས་པ་


DTG106_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཇིག་པ་དེ་དག་ཉིད་ནི་མཐའ་ཡིན་ལ། དེ་དག་ལས་གྲོལ་བ་ནི་མཐའ་གཉིས་ལ་ཆགས་པ་དང་བྲལ་བའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པའོ། །ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོ་ཞེས་བྱ་བ་ལ་སོགས་པས་ན་རྫོགས་པའི་བྱང་ཆུབ་ཀྱི་ཐུན་མོང་པ་མ་ཡིན་པའི་རྒྱུ་སྟོན་པའོ། །འོན་ཏེ་འདི་ལས་སྡུག་བསྔལ་བ་སྐྱེའོ་སྙམ་ན། དེ་ནི་མི་རིགས་སོ་ཞེས་གསུངས་པ་ནི། དངོས་གང་ཞེས་བྱ་བ་ལ་སོགས་པའོ། །འདི་ནི་སྡུག་བསྔལ་སྐྱེད་པར་བྱེད་པ་མ་ཡིན་ཞེས། འོན་ཀྱང་སྡུག་བསྔལ་གྱི་ཕུང་པོ་ཞི་བར་བྱེད་པ་ཡིན་ནོ། །ད་ནི་མུ་སྟེགས་པ་ལ་གྲུབ་པའི་བདག་དགག་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལྟར། སོ་དང་སྐྲ་སེན་བདག་མ་ཡིན། །ཞེས་བྱ་བ་ལ་སོགས་པས་དེ་རྣམ་པར་དཔྱད་པའོ། །ཆུ་སེར་ནི་ཟ་བ་ཕྲུགས་པ་ལས་བྱུང་བའི་ཁུ་བ་རུལ་བའོ། །ཞག་ནི་ནང་ན་གནས་པའི་ཁུ་བ་རུལ་བའོ། །ད་ནི། གལ་ཏེ་སྒྲ་ཡི་ཤེས་རྟག་ན། །ཞེས་བྱ་བ་ལ་སོགས་པས་གྲངས་ཅན་ལ་རབ་ཏུ་གྲགས་པའི་བདག་འགོག་པ་ལ་གསུངས་པའོ། །དེ་ནི་འདི་སྐད་སྟོན་པས་སྒྲ་དང་གཟུགས་ལ་སོགས་པའི་ཡུལ་ལྔ་པོ་བློའི་མེ་ལོང་ལས་ཐོས་པའི་ཕྱིར་ན་བདག་གིས་མྱོང་བར་བྱེད་དོ་ཞེས་ཟེར་རོ། །བློས་ཞེན་པར་བྱ་བའི་དོན་ནི་སྐྱེས་བུས་སེམས་པ་བྱེད་དོ་ཞེས་བྱ་བར་ལུགས་ཡིན་པའི་ཕྱིར་རོ། །དེས་ན་བདག་ནི་རྟག་ཏུ་སྒྲའི་ཤེས་པ་ལ་སོགས་པའི་རང་བཞིན་ཅན་ཡིན་ནོ་ཞེས་བྱ་བར་འདོད་དོ། །འདི་སློབ་དཔོན་གྱིས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རྟག་པ་ཉིད་ཀྱིས་ནམ་ཡང་བྱ་བ་བྱེད་པ་དང་ལྡན་པར་མི་འགྱུར་རོ་ཞེས་དགོངས་པའོ། །འོན་ཏེ་སྒྲ་ཉེ་བ་མེད་པའི་ཕྱིར་དེ་སེམས་ཅན་ཐམས་ཅད་ཀྱི་ཚེ་འདི་ལྟར་མི་འགྱུར་རོ་སྙམ་ན། ཤེས་བྱ་མེད་ན་ཞེས་བྱ་བ་ལ་སོགས་པའོ། །སྒྲ་མེད་ན་འདི་མེད་པ་དེས་ན་གང་གི་ཤེས་པ་ཞེས་བྱ་བར་བརྗོད་པ་སྒྲ་ལ་སོགས་པའི་ཤེས་བྱ་མེད་ན་འདིས་ཅི་ཞིག་ཤེས་པར་བྱེད་པ་ཡིན། གལ་ཏེ་ཤེས་མེད་ཤེས་ཡིན་ན། །ཞེས་བྱ་བ་ལ་སོགས་པས་ནི་འདི་ཉིད་གཞུང་འཛུགས་པའོ། །ཤེས་བྱ་ཉེ་བར་གནས་པ་མེད་པར་ཞེས་བྱ་བ་ནི།


DTG106_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་ཤེས་བྱ་ཉེ་བར་གནས་པ་ཡོད་པ་མ་ཡིན་པའོ། །འོན་ཏེ་བདག་འདིའི་ཡུལ་འཛིན་པའི་རང་བཞིན་ཡིན་པའི་ཕྱིར་ན་སྒྲ་ཉེ་བ་མེད་ཀྱང་དེའི་ཚེ་ཉེ་བར་གནས་པའི་གཟུགས་ལ་སོགས་པ་གང་ཡིན་པ་དེ་ཉིད་ཤེས་པར་བྱེད་པ་ཡིན་གྱི་སྒྲ་ནི་མ་ཡིན་ཏེ། གང་གི་ཕྱིར་སེམས་པའི་རང་གི་ངོ་བོ་ནི་རྟོགས་པ་ཡིན་ནོ་ཞེས་བྱ་བ་ལུགས་ཡིན་པའི་ཕྱིར་རོ་དེས་ན་ཉེས་པ་འདི་མེད་དོ་ཞེ་ན། དེ་ནི་མ་ཡིན་ནོ། །དེ་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་འདི་ཡུལ་འཛིན་པའི་རང་བཞིན་མིན་པའི་ཕྱིར་ཤེས་པ་དེ་ཉིད་ཀྱི་གཟུགས་འཛིན་པ་ཡིན་ན་དེའི་ཚེ་དེ་ཉིད་ཀྱི་དུས་ན་སྒྲ་ཐོས་པ་ཡང་ཅི་སྟེ་མེད། དེས་ན་མཚུངས་པར་འཛིན་པ་ཁོ་ནར་ཐལ་ལོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །དེ་ནས་ཞེས་བྱ་བ་ནི་ལན་ནོ། །དེའི་ཕྱིར་བདག་ལ་སྒྲ་ཡོངས་སུ་གཅོད་པའི་ཤེས་པ་དེ་ཡང་མེད་པས་ན་དེ་ཡང་བདག་ཡིན་པར་མ་གྲུབ་པའོ། །དེས་ན་གཅིག་པ་དང་རྟག་པའི་ཡུལ་གྱི་ཚོགས་མ་ལུས་པར་འཛིན་པའི་རང་བཞིན་དུ་འདོད་པར་བྱ་བ་ཡིན་ལ། དེ་ལྟ་ན་ཡང༌། སྒྲ་འཛིན་རང་བཞིན་གང་ཡིན་པ། །དེ་གཟུགས་འཛིན་པར་རང་བཞིན་དུ། །ཇི་ལྟར་འགྱུར་ཞེས་བྱ་བར་འགྱུར་བ་འགལ་བ་ཡིན་ནོ། །འོན་ཏེ་ཡང་ལྟོས་པའི་དབང་གིས་སྲོག་ཆགས་གཅིག་ཁོ་ན་ལ་ཕ་དང་བུ་ཡང་འདོད་པ་དེ་བཞིན་དུ་ཤེས་པ་འདི་ཡང་རྣམ་གྲངས་ཀྱི་སྒྲས་འཛིན་པའི་རང་བཞིན་ཡང་ཡིན་ལ་གཟུགས་འཛིན་པའི་རང་བཞིན་ཡང་ཡིན་མོད་ཅེ་ན། གཅིག་ནི་ཞེས་གསུངས་སོ། །བརྟགས་ཡིན་ཞེས་བྱ་བའི་ཐ་སྙད་འདི་བརྟགས་པ་ལས་འགྱུར་བ་ཁོ་ནའོ་ཞེས་བྱའོ། །གཞན་ཡང་འགྲོ་བ་ནི་སྙིང་སྟོབས་དང་རྡུལ་དང་མུན་པ་ཡིན་ནོ་ཞེས་ཡོན་ཏན་གསུམ་གྱི་རང་བཞིན་དུ་འདོད་དེ། དེས་ན་འགྲོ་བ་ཡོན་ཏན་གསུམ་གྱི་བདག་ཉིད་ཅན་ཡིན་པས་ན་ཕ་འམ་བུ་ཞེས་བྱ་བ་ཐ་དད་པར་ཡང་ཇི་ལྟར་འགྱུར་ཏེ་རྣམ་པར་འགྱུར་བ་ཐ་དད་ན་ཡོད་དུ་ཆུག་ཀྱང་དེ་ནི་སྔ་ཕྱི་ཁྱད་པར་མེད་པར་རྟག་པ་འབའ་ཞིག་ཡིན་པར་ཟད་དོ། །དེའི་ཕྱིར་འདི་ལྟར་ཞེས་གསུངས་སོ། །དེའི་ཕྱིར་དེ་ནི་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བའོ། །གལ་ཏེ་འདི་གར་མཁན་བཞིན་དུ་རང་བཞིན་དུ་མ་ཅན་ཡིན་པའི་ཡུལ་ཡོངས་སུ་གཅོད་དོ་ཞེ་ན། དེ་ནི་སྒྲ་འཛིན་ཞེས་བྱ་བ་ལ་


DTG106_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་གསུངས་སོ། །བདག་ཅེས་བརྗོད་པའི་ཤེས་པ་དེ་ཉིད་ཀྱིས་ཚུལ་གཞན་དང་གཞན་གྱི་སྒོ་ནས་གཟུགས་ལ་སོགས་པ་འཛིན་པར་འདོད་ན། དེ་ཡང་མི་རིགས་ཏེ་འདི་ལྟར་འོ་ན་ནི་བདག་དེ་གར་མཁན་བཞིན་དུ་དུ་མར་གྱུར་པའི་ཕྱིར་མི་རྟག་པར་འགྱུར་རོ། །གལ་ཏེ་ཚུལ་གཞན་དེ་ཉིད་ན་ཞེས་བྱ་བ་ནི་གཞན་གྱིའོ། །གཅིག་ཉིད་དེ་ནི་སྔོན་མེད་ཅིག་ཅེས་བྱ་བ་ནི་གྲུབ་པའི་མཐའ་སྟེ། གལ་ཏེ་དེ་གཉིས་གཅིག་ཡིན་ན་དེའི་ཚེ་ཇི་ལྟར་རང་བཞིན་གཞན་ཡིན་ཏེ་འདི་ནི་འགལ་བའི་ཆོས་གནས་པ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །འདི་ལྟར་གཟུགས་ལ་སོགས་པ་འཛིན་པར་བྱེད་པ་རང་བཞིན་གཞན་ཞེས་བྱ་བ་གང་ཡིན་པ་དེ་ནི་འདིའི་ཁྱད་པར་ལྷག་མ་མ་ཡིན་པའི་ཕྱིར་བདེན་པ་མ་ཡིན་ཏེ། བརྫུན་པ་ཡིན་ལ་འདིའི་རང་བཞིན་ནི་དེ་ཁོ་ན་ཉིན་པ་དེས་ན་བདག་གཅིག་པུར་འགྱུར་བས་མི་འགལ་ལོ་ཞེ་ན། གྲུབ་པའི་མཐའ་གསུངས་པ་ནི་འོ་ན་འདིའི་རང་བཞིན་ཅི་ཡིན་ཏེ། གལ་ཏེ་ཁྱོད་དེ་ཡོད་པར་སྨྲ་བ་ཡིན་ན་དེ་སྨྲོས་ཤིག །གཞན་གྱིས་བརྗོད་པ་འདི་ལ་སྨྲར་ཅི་ཡོད། དེ་ཤེས་པ་ཙམ་དུ་ཟད་དོ་ཞེ་ན། དེ་ལྟར་ན་ཞེས་བྱ་བ་ནི་ལན་འདེབས་པའོ། །རང་ཉིད་ནི་ཤེས་པའི་རང་བཞིན་ཙམ་དུ་ཐམས་ཅད་ལ་ཁྱད་པར་མེད་པའི་ཕྱིར་སྐྱེས་བུ་ཀུན་གཅིག་ཏུ་ཐལ་ལོ། །གཞན་ཡང་སེམས་དང་སེམས་མེད་པ་སྐྱེས་བུ་དང་རང་བཞིན་དེ་དག་ཀྱང་གཅིག་ཏུ་ཐལ་བར་འགྱུར་ཏེ། གང་གི་ཕྱིར་དེ་དག་ཀྱང་ཡོད་ཉིད་ཅེས་བྱ་བ་དངོས་པོ་ཙམ་ཉིད་དུ་མཚུངས་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །གཞན་ཡང་གང་གི་ཚེ་བྱེ་བྲག་ཅེས་བྱ་བ་གཟུགས་ལ་སོགས་པ་འཛིན་པ་འདིའི་ཁྱད་པར་གང་ཡིན་པ་སྟེ། གལ་ཏེ་མི་བདེན་པས་ཕྱིན་ཅི་ལོག་ཏུ་བརྗོད་ན་དེའི་ཚེ་འདྲ་བའི་ལྷ་རྟེན་ཉིད་མེད་པར་འགྱུར་ཏེ། བ་ལང་དང་བ་མེད་དག་གི་འདྲ་བ་ཉིད་བཞིན་དུ་ཁྱད་པར་གཟུང་བ་མེད་ན་མེད་པའི་ཕྱིར་རོ། །ཁྲ་བོ་དང་སེར་སྐྱ་དག་ཀྱང་ཁད་པར་དང་ལྡན་པ་ནི་མ་ཡིན་ཏེ། དེ་དག་ཁོ་ན་བ་ལང་གི་སྒྲས་བརྗོད་པར་བྱ་བ་ཡིན་པའི་ཕྱིར་རོ། །ད་ནི་རིགས་པ་ཅན་གྱི་བདག་འགོག་པར་རྩོམ་མོ། །དེ་ནི་འདི་སྐད་ཅེས། བདག་ནི་སེམས་པའི་རང་བཞིན་མ་ཡིན་ཏེ། །སེམས་དང་ལྡན་པར་སེམས་པ་ཅན་ཡིན་ནོ། །ཞེས་ཟེར་རོ།


DTG106_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་བརྗོད་པ་ནི། སེམས་མེད་པ་ཡང་ཞེས་བྱ་བ་ལ་སོགས་པའོ། །དེ་སེམས་པ་མ་ཡིན་ན་དེའི་ཚེ་བདག་ཅེས་བརྗོད་པར་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཉིད་མེད་ཕྱིར་བུམ་སོགས་བཞིན། །འདི་ལྟར་གང་སེམས་པ་མ་ཡིན་པ་དེའི་བདག་ཡིན་པར་འོས་པ་མ་ཡིན་ཏེ། དཔེར་ན་བུམ་པ་བཞིན་ནོ། །ཞོན་ཏེ་ཞེས་བྱ་བ་ནི་ཕ་རོལ་གྱིའོ། །མི་ཤེས་རིག་པར་ཐལ་ཞེས་བྱ་བ་ནི་ལན་ནོ། །འདི་ལྟར་གལ་ཏེ་སེམས་པ་དང་ལྡན་པས་དུས་ཕྱིས་འདི་ཤེས་པར་བྱེད་པ་ཉིད་དུ་འགྱུར་ན། དེའི་ཚེ་སྔར་གྱི་མི་ཤེས་པའི་རང་བཞིན་གང་ཡིན་པ་དེ་འཇིག་པར་ཐལ་བའི་ཕྱིར་ན་བདག་གཅིག་པ་དང་རྟག་པ་ཉིད་དུ་མི་འགྱུར་རོ། །ཅི་སྟེ་ཞེས་བྱ་བ་ནི་གཞན་གྱིའོ། །འགྱུར་མོད་ཅེས་བྱ་བ་ནི། རང་བཞིན་གཅིག་ཉིད་དོ། །སློབ་དཔོན་གྱི་སེམས་པ་ནི་ཞེས་གསུངས་ཏེ། སེམས་པ་དང་ལྡན་པ་དེ་ལ་ཕྱིས་སྔ་ན་མེད་པའི་རང་བཞིན་གཅིག་ཉིད་ཅི་ཞིག་སྐྱེ་སྟེ། ཅི་ཡང་མ་སྐྱེས་སོ། །སེམས་པ་དང་ལྡན་པ་ཉིད་ཀྱང་མི་འཐད་དེ། འགྱུར་བ་མེད་པས་བོགས་དབྱུང་དུ་མེད་པའི་ཕྱིར་རོ། །དེའི་ཕྱིར་དེ་ཁོ་ན་ཤེས་པ་མ་ཡིན་པར་འགྱུར་བ་མེད་པས་བྱ་བ་དང་བྲལ་བ་ནམ་མཁའ་དང་འདྲ་བ་འདི་ལ་བདག་ཏུ་མིང་ཙམ་བཏགས་པར་འགྱུར་རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱིའོ། །བྱ་བ་འབྲས་གཞི་ཞེས་བྱ་བ་ལ་སོགས་པས་ནི་གྲུབ་པའི་མཐའོ། །འདི་ལྟར་ཚེ་འདིའི་ཕུང་པོ་ལྔས་བྱས་པའི་སྦྱིན་པ་ལ་སོགས་པའི་ལས་གང་ཡིན་པ་དེའི་འབྲས་བུ་ནི་གཞན་དུ་འབྱུང་བ་མེད་པས་བྱ་བ་དང་བྲལ་བ་ནམ་མཁའ་དང་འདྲ་བའི་ཕུང་པོ་ལྔས་དཔྱད་པ་ཡིན་ནོ་ཞེས་བྱ་བ་འདི་ལ་ནི། རེ་ཞིག་འུ་བུ་ཅག་བརྩད་པ་མེད་དོ། །དེས་ན་བྱ་བ་འབྲས་གཞི་ཞེས་བྱ་བ་ལས་རྣམ་པར་སྨིན་པ་དག་རྟེན་ཐ་དད་པར་འགྲུབ་པ་ཁོ་ནའོ། །འོན་ཀྱང་ལས་དང་འབྲས་བུ་དེ་དག་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་བྱེད་པ་ཉིད་ཅེས་ཀྱང་བརྗོད་དོ། །དེ་ལྟར་ཡིན་པས་ཡང་བདག་ཡོད་དོ་ཞེས་བརྗོད་པ་ནི་གནས་མ་ཡིན་པར་ཞེན་པ་ཡིན་ན་དོན་མེད་མ་ཡིན་ནམ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་དེ་ལྟར་ན་ཚེ་འདི་ཉིད་ལ་བདེ་བ་ལ་སོགས་པའི་ལོངས་སྤྱོད་པའི་རྒྱུ་སྦྱིན་པ་ལ་སོགས་པའི་


DTG106_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དང་ལྡན་པར་མཐོང་བའི་སེམས་ཅན་གང་ཡིན་པ་དེ་ཉིད་སྦྱིན་པ་ལ་སོགས་པའི་འབྲས་བུ་ཕྱུག་པོ་ལ་སོགས་པའི་ཆོས་དང་ལྡན་པ་མཐོང་བའི་ཕྱིར། གཞན་གྱིས་བྱས་པ་གཞན་གྱིས་ལོངས་སྤྱོད་པར་ཇི་ལྟར་འགྱུར་རོ་ཞེ་ན། དེ་ཡང་མི་བདེན་ཏེ། གང་གི་ཕྱིར་གང་ཞིག་རྒྱུ་དང་ལྡན་པ་དེ་ཉིད་འབྲས་བུ་དང་བཅས་པ་ཡིན་ནོ། །ཞེས་བྱ་བ་འདི་ནི་མཐོང་བ་ནི་མི་སྲིད་དེ། མངོན་པར་ཞེན་པ་ཙམ་ཡིན་པའི་ཕྱིར་རོ། །ཐམས་ཅད་ཚེ་འདི་ཉིད་དུ་བསོད་ནམས་བྱས་པས་འཁོར་ལོས་སྒྱུར་བ་ལ་སོགས་པར་འགྱུར་བར་ཐལ་བས་སྐྱེ་བ་བརྒྱུད་པར་ཚངས་པར་སྤྱད་པ་སྤྱོད་པ་དོན་མེད་པ་ཁོ་ནའོ། །འོ་ན་ལྷ་སྦྱིན་ལ་སོགས་པ་ལས་བྱེད་པ་གང་ཡིན་པ་དེ་ནི་འབྲས་བུ་ལ་སྤྱོད་པ་ཡིན་ནོ་ཞེས་ཐ་སྙད་འདི་ཅི་ལྟར་འགྱུར་ཞེ་ན། རྒྱུན་གཅིག་ལ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྟེན་ཞེས་བྱ་བ་ལ་སོགས་པ་ནི་ལུང་ནས་སོ། །ད་ནི་སྤྱོད་པ་པ་ལ་སོགས་པའི་བདག་དགག་པའི་ཚུལ་གྱིས་གནས་མ་བུ་ལ་སོགས་པའི་གང་ཟག་དགག་པར་གསུངས་པ་ནི། འདས་པ་དང་ཞེས་བྱ་བ་ལ་སོགས་པའོ། །བདག་མིན་ཞེས་བྱ་བ་ལ་སོགས་པ་ནི་མ་ཡིན་པའོ། །གང་གི་ཕྱིར་འདས་པ་དང་མ་འོངས་པའི་སེམས་དེ་ནི་མེད་པའི་ཕྱིར་ཏེ། འགགས་པ་དང་མ་ཐོབ་པས་དངོས་པོ་མེད་པའི་ཕྱིར་རོ། །འོན་ཏེ་སྐྱེས་ཞེས་བྱ་བ་ནི། འོ་ན་ནི་ཡོད་པའི་ཕྱིར་ད་ལྟར་བའི་སེམས་བདག་ཡིན་པར་འགྱུར་རོ་སྙམ་ན་དེ་ནི་མ་ཡིན་ཏེ། དེ་ཞིག་ན་ཡང་ཞེས་བྱ་བ་ད་ལྟར་འབྱུང་བའི་སེམས་དེ་སྐད་ཅིག་མ་ཉིད་ཀྱིས་ཞིག་པར་འགྱུར་བ་ན་བདག་མེད་དེ། བདག་ཡིན་པར་མི་འོས་ཞེས་བྱ་བའི་དོན་ཏོ།། གཞན་ཡང་རེ་ཞིག་བདག་ལུས་སམ་འོན་ཏེ་གཞན་ཡིན་ཞེས་དཔྱད་དེ། །དེ་ལ་དཔེར་ན་ཡན་ལག་སོ་སོར་ཆར་རྣམ་པར་ཕྱེ་ན་དེ་ཁོ་ནར་ཆུ་ཤིང་གི་སྡོང་པོ་ཞེས་བྱ་བ་ཡང་ཡོད་པ་མ་ཡིན་ན་དེ་བཞིན་དུ་བདག་ཀྱང་ཡིན་ཏེ། བདག་ཀྱང་རྣམ་པར་དཔྱོད་པས་བཙལ་ན། དོན་དམ་པར་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱིའོ། །གལ་ཏེ་སེམས་ཅན་དང་བདག་ཀྱང་མེད་ན་གང་ལ་གང་གིས་སྙིང་རྗེ་བྱ་ཞེ་ན། གྲུབ་པའི་མཐའ་འབྲས་བུའི་དོན་དུ་ཞེས་བྱ་བ་ལ་སོགས་པའོ། །འབྲས་བུའི་དོན་ཞེས་བྱ་བ་ལ། འབྲས་བུ་ཡང་སངས་རྒྱས་ཉིད་ཀྱི་དོན་དུ་ཁས་བླངས་ཏེ་


DTG106_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་མེད་པའི་བདག་གཅིག་པུ་ཁོ་ནས་སེམས་ཅན་ཐམས་ཅད་གདོན་པར་བྱ་བའོ་ཞེས་སེམས་ཅན་གྱི་དོན་བྱ་བར་འདོད་པའི་རྨོངས་པའོ། །བརྟགས་ཞེས་བྱ་བ་ནི་བདག་གིས་གདོན་པར་བྱའོ་ཞེས་རྟོགས་པས་ཡུལ་དུ་བྱས་པ་དེ་ལ་སྙིང་རྗེ་བྱ་བ་ཡིན་ནོ་དེས་ན་བདག་གིས་མེད་ཀྱང་ཕུང་པོ་ལྔ་ཙམ་གྱི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་བསྐྱེད་དོ་ཞེས་གྲུབ་པ་ཡིན་ནོ། །གཞན་གྱིས་བརྗོད་པ། གལ་ཏེ་བདག་ཏུ་གྱུར་པའི་སེམས་ཅན་མེད་ན་འབྲས་བུ་སྟེ། གྲུབ་པར་བྱས་པ་སངས་རྒྱས་ཉིད་དུ་ཡིན་ཞེ་ན། ལན་དུ་བདེན་ཏེ་ཞེས་བྱ་བ་ལ་སོགས་པའོ། །འབྲས་བུའི་རྨོངས་པ་ཞེས་བྱ་བ་ནི་འབྲས་བུ་བསྒྲུབ་པར་བྱ་བ། རེ་ཞིག་སྡུག་བསྔལ་བ་ཅན་རྣམས་ལ་དྲང་བར་འདོད་པའི་རྨོངས་པ་ལ་ནི་ཡོད་པ་ཡིན་ལ། དེས་ནི་འབྲས་བུ་བསྒྲུབ་ཅིང་དེ་ལས་ཀྱང་འབྲས་བུ་གྲུབ་པ་ཡིན་པའི་ཕྱིར། བདག་མེད་པར་ཡང་འབྲས་བུ་གྲུབ་པ་ཞེས་བྱ་བ་ལ་འཐད་པ་ཅི་ཡོད། གལ་ཏེ་འབྲས་བུའི་རྨོངས་པ་ཉིད་ཀྱང་མི་འཐད་དོ་ཞེ་ན། སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འབྲས་བུའི་རྨོངས་པ་ཞེས་བྱ་བ་ནི་འབྲས་བུ་བསྒྲུབ་པར་བྱ་བ་སངས་རྒྱས་ཉིད་ཀྱི་ཡུལ་ལ་རྨོངས་པའི་ཞེས་བྱ་བའི་དོན་དེ་ཇི་སྐད་དུ། །གཞན་ཕན་མཁས་ལ་རང་གི་ནི། །རང་བཞིན་ལ་གནས་མ་འཁྲུལ་བ།། འདི་ནི་མ་འདྲེས་ཆོས་ཡིན་ཏེ། །དམ་པ་རྣམས་ལ་རྟག་ཏུ་གནས། །ཞེས་གསུངས་པ་ཡིན་ནོ། །དེ་ནི་ཀུན་རྫོབ་ཀྱི་བདེན་པའོ། །གལ་ཏེ་དེ་ལྟ་ཡིན་ན་ཅི་ལྟར་འབྲས་བུའི་རྨོངས་པ་ཁས་ལེན་པར་བྱེད་པ་དེ་བཞིན་དུ་བདག་ཏུ་རྨོངས་པ་ཡང་ཁས་བླང་བར་བྱ་དགོས་སོ་ཞེ་ན། སྡུག་བསྔལ་རྒྱུའི་ཞེས་བྱ་བ་ལ་སོགས་པའོ། །བདག་ཏུ་རྨོངས་པ་ནི་སྡུག་བསྔལ་ཉེ་བར་ཞི་བའི་དོན་ཡིན་ན་ནི་ཞེས་བྱ་བ་ཁོ་ནའོ། །དེ་ལས་ཀྱང་ཞེས་བྱ་བ་ནི་སྡུག་བསྔལ་གྱི་རྒྱུའི་ང་རྒྱལ་དེ་བདག་རྨོངས་པ་ལས་ཀྱང་བཟློག་པ་མེད་ན་དེའི་ཚེ་དེ་ནི་བདག་མེད་པ་བསྒོམ་པ་ཁོ་ན་མཆོག་ཡིན་ནོ་ཞེས་བྱ་བའོ། །འོ་ན་ནི་ལུས་ཉིད་བདག་ཡིན་པར་འགྱུར་རོ་ཞེ་ན། ལུས་རྐང་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕྲག་པ་ལུས་མ་ཡིན་ཞེས་བྱ་བ་ལ་ནི་ཕྲག་གོང་ལུས་མ་ཡིན་པའོ། །ཡང་ལུས་འདི་ལ་ལག་པ་ལ་སོགས་པ་ལ་ཕྱོགས་ཀྱིས་གནས་སམ་བདག་ཉིད་ཐམས་ཅད་ཀྱིས་གནས་ཞེས་བརྗོད་པ་ནི། གལ་ཏེ་ཞེས་བྱ་


DTG106_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སོགས་པའོ། །ཐམས་ཅད་ལ་ཞེས་བྱ་བ་ནི་ལག་པ་ལ་སོགས་པའི་ཡན་ལག་གོ །ཆ་རྣམས་ཞེས་བྱ་བ་ནི་ལུས་ཀྱི་ཕྱོགས་རྣམས་སོ། །ཆ་ལ་ཞེས་བྱ་བ་ནི་ལག་པ་ལ་སོགས་པའོ། །གཞན་ཡང་དེའི་ཕྱོགས་རྣམས་ལ་ཡང་འདི་ཕྱོགས་གཅིག་གམ་འོན་ཏེ་བདག་ཉིད་ཐམས་ཅད་གནས་ཞེས་མཚུངས་པར་ཐལ་བར་འགྱུར་རོ། །ཕྱོགས་གཉིས་པ་ལ་བརྗོད་པ་ནི། གལ་ཏེ་བདག་ཉིད་ཀུན་གྱིས་ཞེས་བྱ་བ་ལ་སོགས་པའོ། །ཕྱི་དང་ནང་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བའོ། །རྨོངས་པ་ཡིས་ནི་ཞེས་བྱ་བ་ནི་མ་རིག་པའི་དབང་གིས་སོ། །གལ་ཏེ་ཐོ་ཡོར་ལ་ནི་དུས་ཅུང་ཟད་ཀྱིས་སྐྱེས་བུའི་བློར་འགྱུར་བ་མ་ཡིན་ནམ། ལག་པ་ལ་སོགས་པ་ལ་ནི་ལུས་ཀྱི་ཐ་སྙད་དུ་ཡུན་རིང་པོར་ཡང་ཡོད་པ་མ་ཡིན་ནོ་ཞེ་ན། ཇི་སྲིད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རྐྱེན་ཚོགས་ཞེས་བྱ་བ་ནི་མྱ་ངན་དང་ཉི་མའི་འོད་ཟེར་གྱིས་ཉམས་པའི་མིག་ལ་སོགས་པ་ཚང་བའོ། །ཐོ་ཡོར་ཞེས་བྱ་བ་སྡོང་པོའི་དུམ་བུ་ལ་སོགས་པའོ། །སྐྱེས་བུ་ལྟར་སྣང་བ་ནི་དབྱིབས་ཀྱི་ཁྱད་པར་དེ་དང༌། སྐྱེས་བུའི་ཐ་སྙད་ལ་བརྟེན་པའོ། །ཇི་སྲིད་བྱ་བ་འདིས་ནི་ཚོགས་པ་འགའ་ཞིག་ནི་དུས་དེ་སྲིད་ཙམ་ཡིན། འགའ་ཞིག་ནི་དུས་རིང་དུ་སྟེ། དེ་ལྟར་ན་ཡང་ཁྱད་པར་ཅི་ཡོད་ཅེས་བྱ་བ་འདི་བསྟན་པའོ། །དེ་ཞེས་བྱ་བ་ནི་རྐྱེན་སྣ་ཚོགས་པའོ། །དེར་ཞེས་བྱ་བ་ནི་ལག་པ་ལ་སོགས་པའོ། །ལུས་སུ་སྣང་ཞེས་བྱ་བ་ནི་དབྱིབས་ཀྱི་ཁྱད་པར་དེ་དང་དེ་ལྟ་བུའི་དབང་གིས་ལུས་སུ་ཐ་སྙད་བྱེད་པའོ། །དེ་བཞིན་ཞེས་བྱ་བ་ལ་སོགས་པས་ནི་རྐང་པ་ལ་སོགས་པའི་སྤྱོད་པ་སྟོན་ཏོ། །དེ་ཡང་ཞེས་བྱ་བ་ནི་སོར་མོ་ལ་སོགས་པ་དེ་ཡང་དེ་བཞིན་རང་གི་ཡན་ལག་གི་ཚོགས་ཙམ་ཡིན་པའི་ཕྱིར། གང་ཞིག་ཡིན་པར་འགྱུར། དེ་བཞིན་དུ་རང་གི་ཆ་ཕྱེ་བས་དཔྱད་ན་ཚིགས་ཀྱང་གང་ཞིག་ཡིན་པར་འགྱུར་ཞེས་འབྲེལ་ཏོ། །དེ་བཞིན་དུ་རང་གི་ཆ་ཡང་གང་ཞིག་ཡིན་པར་འགྱུར་ཞིང༌། དེ་བཞིན་དུ་རྡུལ་ཕྲ་རབ་ཀྱང་གང་ཞིག་ཡིན་པར་འགྱུར། དེ་བཞིན་དུ་ཕྱོགས་ཆའི་དབྱེ་བ་ཡང་སོ་སོར་ཆ་དང་བྲལ་བའི་ཕྱིར་ན་འདི་ཐམས་ཅད་ནམ་མཁའ་ལྟ་བུ་ཡིན་ཏེ། དེས་ན་རྡུལ་ཕྲ་རབ་ཙམ་ཡང་མེད་པ་ཡིན་ནོ། །གལ་ཏེ་དེ་ལྟར་ཡིན་དུ་ཟད་མོད། དེས་ན་ཡང་ཉེས་པ་ཅི་ཞིག་ཡོད་སྙམ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཟུགས་ལ་ཞེས་བྱ་བ་ནི་


DTG106_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་བདག་ཏུ་མངོན་པར་ཞེན་ནས་ངར་འཛིན་པར་འགྱུར་བ་ཕུང་པོ་ལྔའི་རང་བཞིན་ལའོ། །དེ་ལྟར་ན་ལུས་དྲན་པ་ཉེ་བར་གཞག་པ་བསྟན་པ་ཡིན་ནོ། །ད་ནི་ཚོར་བ་དྲན་པ་ཉེ་བར་གཞག་པ་བསྟན་པའི་ཕྱིར། སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཚོར་བའི་རྣམ་པ་གསུམ་སྟེ། བདེ་བ་དང་སྡུག་བསྔལ་བ་དང༌། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའོ། །དེ་ལ་གལ་ཏེ་སྡུག་བསྔལ་ཞེས་བྱ་བ་སྡུག་བསྔལ་གྱི་ཚོར་བ་དེ་ཉིད་དུ་ཞེས་བྱ་བ་དོན་དམ་པར་ཡོད་ན། སྲིད་པ་ཡིན་ན་དེའི་ཚེ་རྟག་པར་འགྱུར་བའི་ཕྱིར་དེའི་ཚོར་བས་རབ་ཏུ་དགའ་བའི་སྐྱེ་བོ་ལ་ཅི་སྟེ་རབ་ཏུ་མི་གནོད་དེ། དེས་ན་དེའི་ཚེ་རྒྱུད་གཅིག་ལ་བདེ་བའི་ཚོར་བ་འགལ་བར་འགྱུར་རོ། །དེ་བཞིན་དུ་སྡུག་བསྔལ་གྱི་ཚོར་བ་དེ་ཁོ་ནར་ཡོད་པ་ལ་ཡང་བརྗོད་པར་བྱའོ། །བདེ་བ་དང་སྡུག་བསྔལ་འདི་དག་ནི་རྒྱུད་གཅིག་ལ་ཡོད་པ་མ་ཡིན། དེས་ན་རྟོག་པས་སྒྲོ་བཏགས་པ་ཡིན་ནོ། །འོན་ཏེ་བདེ་བར་མྱོང་བར་འགྱུར་བ་ལ་སོགས་པའི་དངོས་པོ་དེ་དག་གིས་བདེ་བ་ལ་སོགས་པ་ཡིན་པར་བརྗོད་དོ་ཞེ་ན། དེའི་ཚེ་དེ་ལ་ཡང་འདི་མཚུངས་པ་འདི་བསྟན་པའི་ཕྱིར། ཞིམ་སོགས་བདེ་ན་མྱ་ངན་སོགས། །གདུངས་པ་དགའ་བར་མེད་དམ་ཅི། །ཞེས་གསུངས་སོ། །འདི་ལྟར་ག་བུར་ལ་སོགས་ཞིམ་པོ་དག་ཀྱང་དེ་ཁོ་ནར་བདེ་བ་ཡིན་པར་བརྗོད་ན། དེའི་མྱ་ངན་ལ་སོགས་པའི་སྡུག་བསྔལ་དེས་དགའ་བ་མེད་པར་འགྱུར་དགོས་ཏེ། བདེ་བ་ཉིད་སྟོབས་དང་ལྡན་པའི་ཕྱིར་རོ། །དེ་ལ་ནི་སྡུག་བསྔལ་ལ་དགའ་བ་ཡོད་པ་མ་ཡིན་ཏེ། དེས་ན་བདེ་བ་སྒྲུབ་པར་བྱེད་པ་ཡང་བརྫུན་པ་ཉིད་དོ། །སྟོབས་དང་ལྡན་པས་ཞེས་བྱ་བ་ནི་གཞན་གྱིའོ། །བདེ་བའམ་སྡུག་བསྔལ་སྟོབས་དང་ལྡན་པ་གཅིག་གིས་གཉིས་པ་ཟིལ་གྱིས་གནོན་པའི་ཕྱིར། ཟིལ་གྱིས་མནན་པ་དེ་མྱོང་བ་མ་ཡིན་ནོ་ཞེ་ན། གལ་ཏེ་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བའི་རང་བཞིན་མ་ཡིན་ན། དེའི་ཚེ་དེ་ཚོར་བ་ཉིད་ཡིན་པར་ཇི་ལྟར་འགྱུར་ཞེས་བྱ་བ་འདི་ནི་མཐའ་གཅིག་ཏུ་ངེས་པ་ཡིན་ནོ། །འོན་ཏེ་བདེ་བ་གཞན་གྱིས་ཟིལ་གྱིས་གནོན་པ་དེ་ལྟ་ན་ཡང་དེ་ལྟ་བུའི་སྡུག་བསྔལ་ཕྲ་མོའི་རང་བཞིན་ཉིད་ནི་ཡོད་དོ་ཞེ་ན། དེའི་ཚེ་སྡུག་བསྔལ་འདིའི་མྱོང་བ་རགས་པ་ཉིད་བསལ་བར་གྱུར་ན། དེ་ལྟ་ན་ཡང་


DTG106_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཏེ། འཇིག་རྟེན་ལ་དུས་གཅིག་ཏུ་གཉིས་ཉམས་སུ་མྱོང་བར་མངོན་པར་རློམ་པ་ཡོད་པའི་ཕྱིར་རོ། །འདི་སྙམ་དུ་དེ་ནི་དེ་ལས་ཞེས་བྱ་བ་བདེ་བ་རགས་པ་ཉིད་ཉམས་སུ་མྱོང་བ་ལས་གཞན་དགའ་བ་ཙམ་ཞེས་བྱ་བ་དམན་པའི་རང་བཞིན་དུ་མྱོང་བ་ཡིན་ཏེ། དུས་ཕྱིས་ཀྱང་རགས་པ་ནི་ཡོད་པ་མ་ཡིན་ཏེ། གཞན་གྱིས་ཟིལ་གྱིས་གནོན་པའི་ཕྱིར་རོ་ཞེ་ན་འོ་ན་ནི་དེའི་ཕྲ་མོ་ཉིད་ཀྱང་ཡོད་པ་མ་ཡིན་ཏེ། སྡུག་བསྔལ་དེའི་ཕྲ་མོ་དེ་ཉིད་ཡང་བསལ་བ་ཡིན་ཏེ། དེས་ན་ཡོད་པ་མ་ཡིན་ནོ། །དེས་ན་གཅིག་ལ་གཅིག་གི་ཚེ་འམ་རིགས་ཀྱིས་རགས་པ་དང་ཕྲ་བ་མེད་པའི་ཕྱིར་ན་མི་བདེན་པ་ཉིད་དོ། །འོན་ཏེ་སྡུག་བསྔལ་གྱི་རྒྱུ་དང་འགལ་བ་བདེན་པའི་རྒྱུ་སྐྱེས་པས་ན་བདེ་བ་སྐྱེས་པས་སྡུག་བསྔལ་མ་སྐྱེས་པ་ཡིན་ན་ནི། དེའི་ཚེ་ཚོར་བ་རྟོག་པས་སྒྲོ་བཏགས་པ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ན་ཞེས་བྱ་བ་ལ་སོགས་པ་ལ་འདིའི་ཞེས་བྱ་བ་ནི་ཚོར་བ་སྡུག་བསྔལ་གྱིའོ། །ཅིའི་ཕྱིར་ཞེ་ན། རྣམ་བརྟགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལྟར་དང་པོ་ཁོ་ནར་ནི་རེ་ཞིག་རྣལ་འབྱོར་པ་རྣམ་པར་བརྟག་པར་བྱ་བའི་ལམ་ལ་མངོན་དུ་ཕྱོགས་པར་བྱེད་དེ། དེས་ན་རྣམ་པར་བརྟགས་པ་ཉིད་བསམ་གཏན་གྱི་ས་བོན་གྱི་ཞིང་ཡིན་ནོ། །དེས་ན་རྣམ་བརྟགས་ཞིང་ལས་བྱུང་བའི་བསམ་གཏན་དེ་ཉིད་ཀྱི་ཟས་གང་ལ་ཡོད་པའོ། །འདིས་ནི་དོན་དམ་པར་མ་ཡིན་པའི་རྣམ་པར་རྟོག་པ་ཐ་སྙད་དུ་བྱས་པའི་ཚོར་བ་ལ་སོགས་པ་དག་དོན་དམ་པ་ཉིད་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །གལ་ཏེ་དབང་དོན་ཞེས་བྱ་བ་ལ་སོགས་པ་ནི་ཕ་རོལ་པོ་རྣམས་ཀྱིའོ། །བསམ་པ་ནི་འདི་ཡིན་ཏེ། ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་གསུམ་འདུས་པ་ནི་རེག་པ་ཡིན་ལ། དེ་ཡང་དོན་དམ་པ་ཡིན་ལ་དེས་ན་དེའི་རྒྱུ་རྐྱེན་གྱིས་བྱུང་བའི་ཚོར་བ་ཡང་དོན་དམ་པ་ཡིན་ཏེ། དེས་ན་དེ་ལྟ་བ་ཡིན་ཞེས་བྱ་བའོ། །འདིར་ནི་འདི་རྣམ་པར་དཔྱད་དེ། ཅི་ཡུལ་དང་དབང་པོ་འདི་དག་མཐའ་གཅིག་ཏུ་ཐ་དད་པས་ན་བར་དང་བཅས་པར་འདོད་དམ། འོན་ཏེ་མཐའ་གཅིག་ཏུ་ཐ་དད་པས་ན་བར་མེད་པར་འདོད་ཅེས་རྣམ་པར་རྟོག་པ་གཉིས་སོ། །དེས་ན་འདི་གཉིས་འདུས་པའི་དོན་ཅི་ཡིན། དེ་ལ་གལ་ཏེ་དབང་པོ་དང་དོན་བར་དང་བཅས་པ་ཡིན་ནོ། །དེའི་ཚེ་འདི་དག་གང་དུ་ཕྲད་པར་འགྱུར་ཏེ་འདུ་བ་ཇི་ལྟར་འགྱུར། འོན་ཏེ་བར་མེད་ན་ཡང་


DTG106_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་ན་ཡང་གཅིག་ཉིད་ཡིན་པའི་ཕྱིར་གང་ཞིག་གང་དང་ལྷན་ཅིག་ཕྲད་པར་དེ་འདུ་བར་འགྱུར་རོ། །འོན་ཏེ་ཡང་རགས་པ་རྣམས་ནི་འདུ་བ་མ་ཡིན་གྱི། འོན་ཀྱང་རྡུལ་ཕྲན་རྣམས་ཡིན་ཞེ་ན་རྡུལ་ཕྲན་ཞེས་པ་ལ་སོགས་པ་གསུངས་སོ། །སྐབས་མེད་ཅེས་བྱ་བ་ནི་བུ་ག་མེད་པ་སྟེ། གཞན་གྱི་གོ་སྐབས་མེད་པའོ། །མཉམ་པ་ཞེས་བྱ་བ་ནི་ཆ་མེད་པའོ། །གང་གི་ཕྱིར་མ་ཞུགས་པ་ལ་འདྲི་མེད་ཅིང་ཞེས་བྱ་བ་ནི་སྔ་མ་ཉིད་ཀྱི་མཇུག་སྡུད་དོ། །འདི་ཉིད་ལ་གཏན་ཚིགས་གཞན་ཡང་བསགས་པ་བརྗོད་པ་ནི། ཆ་མེད་པ་ལ་ཞེས་བྱ་བ་ལ་སོགས་པའོ། །ཡང་ན་ལུས་ཅན་རྣམས་ལ་ཕྲད་པ་ཡོད་དུ་ཆུག་མོད། ལུས་ཅན་མ་ཡིན་པ་རྣམས་ལ་གོ་ཇི་ལྟར་ཡོད་ཅེས་གསུངས་པ་ནི། རྣམ་ཤེས་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་ལུས་ཅན་དང་ལུས་ཅན་མ་ཡིན་པ་རྣམས་དེ་ལྟར་ཡིན་མོད། འོན་ཀྱང་ཡན་ལག་གི་མཚན་ཉིད་ཚོགས་པ་འབའ་ཞིག་ཡོད་པ་དེ་ལ་ཕྲད་པ་ཡོད་པ་མ་ཡིན་ནོ་ཞེ་ན། ཚོགས་པ་ལ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བའོ། །རེག་པ་ཡོད་མིན་ན་སྟེ་རེག་པ་མེད་པར་འགྱུར་ན་རེག་པའི་རྐྱེན་ལས་བྱུང་བའི་ཚོར་བ་ཡང་ཡོད་པ་མ་ཡིན་པས་ན་སྡུག་བསྔལ་ལ་སོགས་པས་འཇིག་རྟེན་ལ་མི་གནོད་པའི་ཕྱིར་ན། འཇིག་རྟེན་གྱི་སྡུག་བསྔལ་དང་མྱ་ངན་ལ་སོགས་པ་སྤོང་བའི་ངལ་བ་འདི་ཅིའི་དོན་དུ་ཡིན་ཞེས་མི་ཤེས་སོ། །གལ་ཏེ་ཚོར་བར་བྱ་བ་དང་ཚོར་བར་བྱེད་པ་ཡོད་པ་མ་ཡིན་ནམ། དེས་ན་ཚོར་བ་ཡང་ཡོད་དོ་ཞེ་ན། གང་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གནས་སྐབས་འདི་ཞེས་བྱ་བ་ནི་ཆོས་ཐམས་ཅད་གདོད་མནས་ཞི་བ་ཉིད་ཀྱིས་ཚོར་བྱ་དང་ཚོར་བ་པོ་ལ་སོགས་པ་དང་བྲལ་བའི་གནས་སྐབས་སོ། །དེ་སྐད་དུ། ཚོར་བྱ་མེད་ན་ཚོར་བ་ནི། །ཡོད་མིན་དེས་ན་བདག་མེད་པ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་མཐོང་བ་གང་ཡིན་པ་དེ་ཉིད་ལ་རེག་གོ་ཞེས་བྱ་བ་ནི་ཐ་སྙད་ལས་རིག་པ་ཡོད་པ་ཡིན་ནོ་ཞེ་ན་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མཐོང་བ་འམ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལྷན་ཅིག་སྐྱེས་པའི་ཕྱིར་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུའི་སེམས་ནི་ཚོགས་པ་གཅིག་ལ་རག་ལས་པས་ན། མཐོང་བ་དང་རེག་པའི་དངོས་པོ་དང་ལྷན་ཅིག་སྐྱེས་པའི་ཕྱིར་


DTG106_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །འོན་ཏེ་ལྷན་ཅིག་སྐྱེས་པའི་ཕྱིར་ཞེས་བྱ་ཇི་ལྟར་བརྗོད་དེ། གང་གི་ཕྱིར་ཚུལ་འདིའི་རྒྱུ་དང་འབྲས་བུ་ཐོག་མ་མེད་པ་ཅན་ཕན་ཚུན་འབྲེལ་པས་འཇུག་པ་ཡིན་ཏེ། དེས་ན་རེག་པ་ལས་ཚོར་བ་ཉམས་སུ་མྱོང་བའི་ཕྱིར་རོ་ཞེ་ན། དེ་ཡང་ཡང་དག་པ་མ་ཡིན་ཏེ་གང་གི་ཕྱིར་སྔར་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ཞིག་སྔར་གྱི་རྒྱུ་ལས་སྐྱེས་པ་དེ་ནི་ཉམས་སུ་མྱོང་བའི་རང་བཞིན་དུ་འགྱུར་བར་འོས་པ་མ་ཡིན་གྱི་འོན་ཀྱང་རྣམ་པར་རྟོག་པ་བཞིན་དུ་དེས་ཕྱིས་སྐྱེས་པའི་རང་བཞིན་གྱིས་ན་དྲན་པའི་རང་བཞིན་ཡིན་ནོ། །དེས་ན་ཕྱིས་རེག་པ་ལས་སྐྱེས་པའི་སྔར་གྱི་རེག་པ་ཞེས་བྱ་བ་དྲན་པར་ཟད་ཀྱི་མྱོང་བ་ནི་མ་ཡིན་པའི་ཕྱིར་ཚོར་བ་ཉམས་སུ་མྱོང་བ་ག་ལ་ཡོད། གཞན་ཡང་སེམས་ཀྱིས་སེམས་མི་མཐོང༌། །ཞེས་བཤད་ཟིན་མོད་ཀྱི། འོན་ཀྱང་བརྗོད་པ་ནི་རང་གིས་ཞེས་བྱ་བ་ལ་སོགས་པའོ། །ཚོར་བ་པོ་འགའ་ཡང་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་དོ།། འདི་ཞེས་བྱ་བ་ནི་ཚོར་བས་སོ། །ད་ནི་སེམས་དྲན་པ་ཉེ་བར་གཞག་པ་གསུངས་པ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ་གོ་སླའོ། །དེའི་ཚེ་ཤེས་པ་གང་ལས་ཞེས་བྱ་བ་ལ་སོགས་པ་ནི་གདོང་མ་ནས་མ་སྐྱེས་པའི་ཕྱིར། དེ་སྐད་དུ། ཤེས་བྱ་ཡོངས་སུ་མ་ངེས་པར། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ད་ནི་ཆོས་དྲན་པ་ཉེ་བར་གཞག་པ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྙམ་དུ་གལ་ཏེ་དེ་ལྟར་ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་པ་ཡིན་ན། དེའི་ཚེ་དོན་དམ་པའི་བདེན་པ་འབའ་ཞིག་ཡིན་པས་ཇི་ལྟར་ཀུན་རྫོབ་ཀྱི་བདེན་པར་འགྱུར། དེས་ན་བདེན་པ་གཉིས་རྣམ་པར་གནས་པ་མེད་པར་འགྱུར་རོ་ཞེས་བསམས་ནས་གཞན་གྱི་བརྗོད་པ་ནི་གལ་ཏེ་དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། །དེའང་ཞེས་བྱ་བ་ལ་སོགས་པ་ནི་ཕ་རོལ་ཉིད་ཀྱི་དོགས་པ་བསུ་བའོ། །གང་ཀུན་རྫོབ་ཡིན་པ་དེ་ནི་ཀུན་རྫོབ་གཞན་གྱིས་རྟོགས་པ་ཡིན་ཏེ། དཔེར་ན་སྨིག་རྒྱུ་ལ་ཆུའི་རྣམ་པར་རྟོག་པ་ནི། སྨིག་རྒྱུ་ལ་ཆུར་སྣང་བའི་ཀུན་རྫོབ་ཀྱི་བློ་གཞན་གྱིས་རྟོགས་པ་བཞིན་ནོ། །དེ་བཞིན་དུ་མྱ་ངན་ལས་འདས་པའི་སངས་རྒྱས་ལ་ཡང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལ་གཞན་གྱིས་དམིགས་པ་ཡིན་ནོ། །དེས་ན་སངས་རྒྱས་ཀྱང་དོན་དམ་པར་མྱ་ངན་ལས་འདས་པར་


DTG106_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ་ཞེ་ན། སློབ་དཔོན་གྱིས་འདིས་ནི་གཞན་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་གིས་སངས་རྒྱས་ཀྱི་ཤེས་པ་མཐོང་ངོ་སྙམ་པ་འདི་ནི་གཞན་རང་ཉིད་ཀྱི་དེ་ལྟ་དེ་ལྟར་སྣང་བའི་རྣམ་པར་རྟོག་པ་ཡིན་ལ་གཞན་གྱིས་གཞན་དྲན་པ་ཙམ་གྱིས་ཀྱང་ཀུན་རྫོབ་ཏུ་ཡོད་པར་འགྱུར་བ་མ་ཡིན་ནོ། །དེ་སྟེ་སངས་རྒྱས་ཉིད་ཀྱི་རང་གི་ཀུན་རྫོབ་ཀྱི་རང་གི་ཤེས་པ་ཉམས་སུ་མྱོང་བའི་ཕྱིར་ཀུན་རྫོབ་ཏུ་ཡོད་པ་ཡིན་ནོ། །དེ་ལྟར་ནི་མ་ཡིན་ཏེ། དེ་ནི་རང་གི་ཀུན་རྫོབ་མིན། །གལ་ཏེ་སངས་རྒྱས་ལ་ཀུན་རྫོབ་འདོད་ན། དེའི་ཚེ་ཀུན་རྫོབ་པའི་ཤེས་པ་ཡོད་པའི་ཕྱིར་ན་དོན་དམ་པར་དེ་ཉིད་ཀྱང་མ་ཐོབ་པར་འགྱུར་རོ། །འོ་ན་ཀུན་རྫོབ་ཇི་ལྟར་གནས་སྙམ་ན། ཕྱིས་དེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ཞིག་རྒྱུའི་ཕྱིར་ངེས་པར་བྱ་བ་གདོན་མི་ཟ་བར་འབྱུང་བ་ཡིན་པ་དེ་ནི། དེའི་འབྲས་བུ་ཡིན་ལ་ཅིག་ཤོས་ནི་རྒྱུ་ཡིན་ནོ་ཞེས་བྱ་བ་ནི་ཐ་སྙད་རྐྱེན་ཉིད་འདི་བ་ཙམ་གྱི་མཚན་ཉིད་ཡོད་ན་ནི་དེའི་ཚེ་ཀུན་རྫོབ་ཡོད་དོ་ཞེས་བརྗོད་ལ་འོན་ཏེ་དེ་མེད་ན་ནི་དེའི་ཚེ་ཀུན་རྫོབ་བ་མེད་པ་ཉིད་དོ་ཞེས་བརྗོད་དོ། །འོན་ཏེ་ཡང་འདི་སྙམ་དུ་གལ་ཏེ་ཤེས་པ་དང་ཤེས་བྱ་དེ་ཁོ་ན་མ་ཡིན་པ་དེའི་ཚེ་དེའི་རྟོགས་པ་མ་ཡིན། འདི་ནི་བརྟགས་པས་ཡིན་ནོ་ཞེས་བྱ་བའི་ཐ་སྙད་འདི་ཅི་ལྟར་ཞེ་ན། རྟོག་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕན་ཚུན་རྟེན་པ་ཞེས་བྱ་བ་ནི་ཐ་སྙད་འདི་ནི་བཏགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟ་ཡིན་ན་རྣམ་པར་དཔྱོད་པ་གང་གིས་ཁྱོད་རྣམ་པར་དཔྱོད་པ་དེ་གལ་ཏེ་དངོས་པོར་ཡོད་ན་དེའི་ཚེ་གཞན་ཡང་དེ་བཞིན་དུ་འགྱུར་རོ་ཞེ་ན། ཅི་ལྟར་ཞེས་གསུངས་ཏེ། ཇི་ལྟར་གྲགས་པ་ནི་ཇི་ལྟར་སྒྲོ་བཏགས་པ་ལོག་པའི་ཐ་སྙད་ལ་བརྟེན་ནས་སོ། །དེས་ན་རྣམ་པར་དཔྱོད་པ་དེ་ཡང་དོན་དམ་པ་ཉིད་མ་ཡིན་ནོ་ཞེས་གྲུབ་པའོ། །གཞན་དུ་གལ་ཏེ་དེ་ལྟར་མི་འདོད་ན་དེའི་ཐུག་པ་མེད་པར་འགྱུར་རོ་ཞེས་བརྗོད་པ་ནི། གང་གི་ཚེ་ཞེས་བྱ་བ་ལ་སོགས་པའོ། །དཔྱད་བྱ་དཔྱོད་པར་བྱེད་ན་ཞེས་ཁོང་ནས་དབྱུང་ངོ༌། །འོ་ན་རྣམ་པར་དཔྱད་པར་བྱ་བ་ཁོ་ན་ཉིད་རྣམ་པར་དཔྱོད་པ་ལ་ཐུག་པ་མེད་པར་ཅི་ཡང་ཅི་འགྱུར་ཞེ་ན། དཔྱད་བྱ་རྣམ་པར་དཔྱད་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གི་ཚེ་དེ་ཁོ་ན་རྣམ་པར་དཔྱད་པ་དེའི་ཚེ་ནི་དཔྱད་བྱ་ཙམ་རྣམ་པར་དཔྱོད་པར་


DTG106_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ན་རྣམ་པར་དཔྱད་པར་བྱ་བ་ཉིད་མེད་པའི་ཕྱིར་དེ་ལ་བརྟེན་པའི་རྣམ་པར་དཔྱོད་པ་ཡང་དེ་ཁོ་ནར་མེད་པ་ཞེས་བྱ་བ་དེ་ལྟར་འགྱུར་བ་ཡིན་ནོ། །དེ་ཡང་མྱ་ངན་འདས་པར་བརྗོད། །ཅེས་བྱ་བ་ནི་གདོད་མ་ནས་ཞི་བ་ཉིད་དེ་ཡང༌། རྒོལ་བ་གང་གི་ལྟར་ན་རྣམ་པར་དཔྱད་པར་བྱ་བ་དང་དཔྱོད་པར་བྱེད་པ་དེ་ཁོ་ན་ཡིན་པར་དེའི་ལྟར་ན་མཐའ་གཉིས་སུ་འཛིན་པའི་ཕྱིར་དེ་ཉིད་དཀའ་བར་གནས་སོ་ཞེས་བྱ་བ་ལས་སྔར་ཡོད་ཤེས་ཡོད་ན་ཞེས་བྱ་བ་ལ་སོགས་པ་བརྗོད་ཟིན་པ་དེ་ཉིད་ལ། གལ་ཏེ་ཤེས་དབང་ལས་དོན་ཡོད་བྱས་ཞེས་པས་གཏན་ཚིགས་ཀྱི་རྣམ་པ་གཞན་སྟོན་པ་ཡིན་ཏེ། གཉི་ག་ཡང་ནི་མེད་པར་འགྱུར་ཞེས་བྱ་བ་འདི་ཉིད་གསལ་བར་བྱེད་པ་ནི། གལ་ཏེ་བུད་མེད་ཅེས་བྱ་བ་ལ་སོགས་པའོ། །གལ་ཏེ་ཤེས་པ་དང་ཤེས་བྱ་དག་མེད་ན་དེའི་ཚེ་ཤེས་བྱ་ཅི་ལྟར་ཤེས་ཞེས་བརྗོད་པ་ནི་ས་བོན་ཞེས་བྱ་བ་ལ་སོགས་པའོ། །རྟོགས་པ་ནི་ངེས་པའོ། །ཤེས་བྱ་ལས་སྐྱེས་པའི་ཤེས་པས་ཤེས་པར་བྱ་བ་རྟོགས་པར་བྱ་བའི་དོན་ངེས་པར་བྱས་པ་གང་ཡིན་ན་ཤེས་པ་མེད་པས་གོ་ཇི་ལྟར་ཤེས། གཞན་ཡང་མྱུ་གུ་ཡོད་པ་ཙམ་གྱིས་ནི་ས་བོན་རྟོགས་པར་མི་བྱེད་དེ། འོན་ཀྱང་དེ་ཤེས་པ་ཡིན་ན། ཤེས་པ་ལ་ནི་ཤེས་པ་གཞན་མེད་པའི་ཕྱིར་ཇི་ལྟར་དེས་ཤེས་པར་བྱེད་དེ། དེས་ན་འདི་ནི་ལོང་བ་དང༌། ལྐུགས་པའི་མདུན་སར་གསལ་ལོ། །ད་ནི་ངོ་བོ་ཉིད་དུ་སྨྲ་བ་རྣམས་སེལ་བར་བྱེད་དོ། །དེ་ནི་འདི་སྐད་ཅེས་པདྨའི་སྡོང་བུ་ལ་སོགས་པའི་རྒྱུ་གང་ཞིག་རྟོགས་ཏེ། དེས་ན་ཤེས་བྱ་དང་ཤེས་བྱ་ལ་སོགས་པ་འདི་མཐའ་དག་ནི་ངོ་བོ་ཉིད་ཀྱིས་གྲུབ་པ་ཡིན་ནོ་ཞེས་ཟེར་རོ། །དེ་ལ་གྲུབ་པའི་མཐའ་སྨྲ་བ་བརྗོད་པ་ནི། རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །འབྲས་ཤེས་སྐྱེས་བུས་ཞེས་བྱ་བ་ནི་ཁྱད་པར་ཅན་གྱི་འབྲས་བུ་མེད་པའོ། །ད་ནི་དབང་ཕྱུག་ཏུ་སྨྲ་བའི་ལུགས་སུན་འབྱིན་པས་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་གཞན་གྱིས་རྣམ་པར་དཔྱད་ན་གཞན་མེད་པའི་ཕྱིར་ས་ལ་སོགས་པའི་འབྱུང་བ་ཉིད་དབང་ཕྱུག་ཡིན་ནོ་ཞེས་བརྗོད་པ་ནི་འབྱུང་རྣམས་ཞེས་བྱའོ། །དེ་ལྟ་མོད་ཅེས་བྱ་བ་ལ་སོགས་པ་ནི་ཡིན་ནོ། །འོན་ཏེ་གཞན་འགའ་ཞིག་དབང་ཕྱུག་ཡིན་པར་འགྱུར་རོ་ཞེ་ན། འོན་ཀྱང་ཞེས་བྱ་བ་ལ་སོགས་པའོ། །རེ་


DTG106_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་སྣམ་བུ་ལ་སོགས་པ་གང་ཡིན་པ་དེ་དག་ཀྱང་ནི་དུ་མ་དང་མི་རྟག་པ་དང༌། གཡོ་བ་དང་བཅས་པར་མཐོང་ལ། དེ་དག་ནི་རེ་ཞིག་ལྷ་ཡང་མ་ཡིན་ཏེ། དེས་ན་དེ་དག་ནི་དབང་ཕྱུག་གི་སྒྲ་བརྗོད་པར་མི་བྱ་སྟེ། དབང་ཕྱུག་ནི་དེ་དང་མཚན་ཉིད་མི་མཐུན་པར་འདོད་བའི་ཕྱིར་རོ། །དེ་བཞིན་དུ་གཞན་བསྒོམ་པར་བྱ་བ་འདམ་ལ་སོགས་པ་དང༌། དེ་བཞིན་དུ་གཞན་མི་གཙང་བ་ལ་སོགས་པ་དང༌། ས་ལ་སོགས་པ་གང་ཡིན་པ་དེ་དག་ཀྱང་དབང་ཕྱུག་མ་ཡིན་ན་ཁྱོད་ཀྱི་དབང་ཕྱུག་དེ་གང་ཡིན་པ་སྨྲོས་ཤིག །དེ་བཞིན་དུ་གཞན་དག་དབང་ཕྱུག་ཏུ་མི་རིགས་སོ་ཞེས་བརྗོད་པ་ནི། དབང་ཕྱུག་མཁའ་མིན་ཞེས་བྱ་བ་ལ་སོགས་པའོ། །འོན་ཏེ་བསམ་དུ་མེད་པ་འགའ་ཞིག་དབང་ཕྱུག་ཡིན་པར་འགྱུར་རོ་ཞེ་ན། བསམ་མིན་པའི་ཞེས་གསུངས་སོ། །བརྗོད་པ་ཅི་ཞིག་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་ལས་འདས་པའི་ཕྱིར་རོ་ཞེས་དགོངས་པའོ། །གཞན་ཡང་དེའི་འབྲས་བུ་ཡང་ཅུང་ཟད་མ་མཐོང་བས་ན་དབང་ཕྱུག་དེས་སྤྲུལ་བར་འདོད་པ་ཡང་གང་ཞིག་ཡིན་པར་མི་ཤེས་སོ་ཞེས་བརྗོད་པ་ནི། དེས་བསྐྱེད་འདོད་པའང་ཞེས་བྱ་བའོ། །འོན་ཏེ་ཐམས་ཅད་བདག་གིས་སྤྲུལ་པས་ན་དེ་ཉིད་དབང་ཕྱུག་ཡིན་ནོ་ཞེ་ན། དེ་དང་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྟེ། དེ་ནི་གཅིག་པུ་དང་རྟག་པ་ཡིན་པའི་ཕྱིར་ཐམས་ཅད་དུས་གཅིག་ཁོ་ནར་སྤྲུལ་པར་འགྱུར་རོ། །ས་ལ་སོགས་པའི་རང་བཞིན་དབང་ཕྱུག་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་ཤེས་པ་ཤེས་བྱ་ལས་མ་ཡིན། ཤེས་བྱ་སྔ་ནས་ཐོག་མ་མེད་པ་ནས་གྲུབ་པའི་ཕྱིར་གང་ཞིག་གང་གིས་བསྐྱེད། འོན་ཏེ་བདེ་བ་དང་སྡུག་བསྔལ་བྱེད་ན་དེ་ཡང་མི་རིགས་ཏེ། བདེ་བ་འམ་སྡུག་བསྔལ་བ་དེ་དག་ནི་ལས་ལས་སྐྱེས་པ། དེས་ན་གང་ཞིག་གང་གིས་སྤྲུལ། །གཞན་ཡང་རྒྱུ་དབང་ཕྱུག་ལ་ཐོག་མ་ཡོད་པ་མ་ཡིན་ན་འབྲས་བུ་ལ་ཡང་ཐོག་མ་ག་ལ་ཡོད་དེ། དེས་ན་ཐམས་ཅད་ཐོག་མ་མེད་པ་ཅན་དུ་འགྱུར་རོ། །རྟག་ཏུ་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་སུན་འབྱིན་པ་ལ་གཞན་ཡིན་ནོ། །གཞན་ལ་ཞེས་བྱ་བ་ནི་ལྷན་ཅིག་བྱེད་པའི་རྒྱུ་པའོ། །གཞན་ཡང་ལྷན་ཅིག་བྱེད་པའི་རྐྱེན་ཉིད་ཀྱང་འདིས་བྱས་པ་དེས་ན་དེས་བྱས་པ་མ་ཡིན་པ་འགའ་ཡང་མེད་པ་གཉིས་ལ། དེས་ན་འདི་


DTG106_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ག་ལ་ལྟོས་པར་འགྱུར། འོན་ཏེ་འདི་ཚོགས་པ་ལ་ལྟོས་ན་དེའི་ཚེ་དེ་ཉིད་རྒྱུ་ཡིན་པར་འགྱུར་གྱི་དབང་ཕྱུག་ནི་མ་ཡིན་ནོ། །འོན་ཏེ་གཞན་དག་བརྒྱ་ལམ་ཞིག་ན་འདི་སྐད་ཅེས་དབང་ཕྱུག་འདིས་ནི་ཚོགས་པ་ཉིད་ཀྱང་མི་སྐྱེ་བའི་དབང་མེད་དེ། དེས་ན་དེ་ཡང་འདི་ཉིད་ཀྱིས་བྱེད་པ་ཡིན་ནོ་ཞེས་ཟེར་པའི་དོགས་པ་བསུ་བ་ནི། ཚོགས་པ་མི་སྐྱེད་དབང་མེད་ན། །ཞེས་བྱ་སྟེ་མི་སྐྱེད་པའི་མཐུ་མེད་པའོ། །འདི་ལ་བརྗོད་པ་ནི་སྐྱེད་པ་མ་ཡིན་ཏེ། མེད་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་འདི་ནི་ཚོགས་པ་ཡང་བསྐྱེད་པའི་ནུས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་མེད་ཕྱིར་ཏེ་རིམ་དང་ཅིག་ཅར་གྱིས་དོན་བྱེད་ནུས་པ་དེ་མེད་པའི་ཕྱིར། དེས་ན་འདི་ནི་དེ་ལ་ཡང་ནུས་པ་ཡང་ཡོད་པ་ཡིན་ནོ། །གཞན་ཡང་འདི་འདོད་པ་ལ་རག་ལས་བྱེད་དམ། འོན་ཏེ་དེ་ལ་རག་མ་ལས་བར་བྱེད་གྲང༌། དེ་ལ་གལ་ཏེ་འདི་མི་འདོད་བཞིན་དུ་གནས་ཀྱིས་བསྐྱེད་ནས་བྱེད་ན་དེའི་ཚེ་འདི་གཞན་གྱི་དབང་དུ་འགྱུར་པའི་ཕྱིར་དབང་ཕྱུག་མ་ཡིན་ནོ། །འོན་ཏེ་འདོད་པས་བྱེད་ན། དེ་ལྟ་ན་ནམ་ཡང་དེ་དབང་ཕྱུག་མ་ཡིན་ཏེ། འདོད་པའི་གཞན་གྱི་དབང་དུ་གྱུར་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པའི་ཕྱིར་ན་བྱེད་པ་ལ་དོན་བྱེད་པ་མེད་པའི་ཕྱིར་ན་དབང་ཕྱུག་ལ་དབང་ཕྱུག་གི་མཚན་ཉིད་ག་ལ་ཡོད། འོན་ཏེ་རྡུལ་ཕྲ་རབ་རྟག་པ་འགྲོ་བའི་བྱེད་པ་པོ་ཡིན་ནོ། །དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། གང་དག་ཅེས་བྱ་བ་ལ་སོགས་པའོ། །གལ་ཏེ་དེ་ལྟ་ན་རེ་ཞིག་གྲངས་ཅན་པས་འདོད་པའི་དེ་འགྲོ་བ་བྱེད་པ་པོ་ཡིན་ནོ་སྙམ་ན། གཙོ་བོ་རྟག་པ་ཞེས་བྱ་བ་ལ་སོགས་པའོ། །མཉམ་གནས་ཞེས་བྱ་བ་ལ་སོགས་པ་ནི་ཡོན་ཏན་གསུམ་གནས་སྐབས་མཉམ་པར་གནས་པའོ། །གང་གི་ཚེ་ཡོན་ཏན་རྣམས་ཀྱི་གནས་སྐབས་ཀྱི་མི་མཉམ་བར་གནས་པ་དེའི་ཚེ་འགྲོ་བ་ཞེས་བྱ་བ་སྐྱེ་བ་དང་འཇིག་པ་དང་གནས་པ་དང་ལྡན་པ་ཡིན་ནོ། །དེ་སྐད་དུ། རྡུལ་གྱིས་སྐྱེས་བུ་སྐྱེད་བྱེད་ཅིང༌། །སྙིང་སྟོབས་ཀྱིས་ནི་འགྲོ་བ་གནས། །མུན་པས་སྐྱེ་དགུ་འཇིག་པ་ཡིན། །ཞེས་བརྗོད་པ་ཡིན་ནོ། །གྲུབ་པའི་མཐའ་བརྗོད་པ་ནི། གཅིག་ལ་ཞེས་བྱ་བ་ལ་སོགས་པ་སྟེ། གཙོ་བོ་གཅིག་ལའོ། །དེ་ཡང་ཞེས་པ་ནི་སྙིང་སྟོབས་ལ་སོགས་པའི་ཡོན་ཏན་ཡང་ངོ༌། །ཡོན་ཏན་མེད་ན་ཞེས་བྱ་བ་ནི་སྙིང་སྟོབས་


DTG106_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་མེད་ནའོ། །གཞན་ཡང་འགྲོ་བ་ཡོན་ཏན་གསུམ་གྱི་བདག་ཉིད་ཡིན་པས་གོས་ལ་སོགས་པ་ཡང་བདེ་བ་ལ་སོགས་པ་སྐྱེ་བར་འགྱུར་ན། དེ་ནི་རིགས་པ་མ་ཡིན་ཏེ། དེ་ནི་སེམས་པ་མ་ཡིན་ཕྱིར་རྒྱུ་དང་འབྲས་བུ་དག་མི་འདྲ་བར་འགྱུར་རོ། །འོན་ཏེ་ཡང་དངོས་པོ་རྣམས་བདེ་བ་ལ་སོགས་པའི་རྒྱུའི་དངོས་པོ་ཡིན་པས་ཇི་ལྟར་བདེ་བ་ལ་སོགས་པ་མི་སྐྱེ་སྙམ་ན། དངོས་པོ་རྣམས་དཔྱད་ཟིན་མིན་ནམ་ཞེས་སྨོས་ཏེ། ཡན་ལག་ཅན་དང་རྡུལ་ཕྲ་རབ་ཀྱི་དངོས་པོ་དཔྱད་ཟིན་ཏོ། །གཞན་ཡང་གྲངས་ཅན་ལ་ཁྱོད་ཀྱི་རྒྱུ་ཡང་བདེ་སོགས་ཏེ། བདེ་བ་ལ་སོགས་པའི་རང་བཞིན་འགྲོ་བའི་རྒྱུར་འདོད་པ་ཡིན་ན། དེ་ལས་ནི་སྣམ་བུ་ལ་སོགས་པ་འབྱུང་བར་རིགས་པ་མ་ཡིན་ཏེ། རྒྱུ་དང་འབྲས་བུ་དག་མི་འདྲ་བའི་ཕྱིར་རོ། །དེ་ལྟར་འགྱུར་མོད་སྐྱོན་ཅི་ཡོད་སྙམ་ན། སྣམ་སོགས་ལས་ནི་ཞེས་གསུངས་ཏེ། དངོས་པོའི་རང་བཞིན་དུ་ནི་སྣམ་བུ་ལ་སོགས་པ་ལས་འགྲོ་བའི་བདེ་བ་ལ་སོགས་པ་སྐྱེ་བར་དམིགས་ཏེ། སྣམ་བུ་ལ་སོགས་པ་མེད་ན་བདེ་བ་ལ་སོགས་པ་མེད་པའི་ཕྱིར་རོ། །གཞན་ཡང་སྙིང་སྟོབས་རྡུལ་དང་མུན་པ་འདི་དག་ཐམས་ཅད་དེ་ཁོ་ནར་རྟག་པའམ་མི་རྟག་པ་ཞིག་ཡིན། དེ་ལ་རེ་ཞིག་རྟག་པ་ཡིན་ན། དེ་མི་འཐད་དོ་ཞེས་བརྗོད་པ་ནི། བདེ་སོགས་རྟག་པ་ཉིད་དུ་ཡང་ཞེས་བྱ་བ་ལ་སོགས་པའོ། །དེ་སྟེ་བདེ་བའི་གསལ་བརྟག་པ་ཉིད་ཡིན་ན་དེའི་ཚེ་བདེ་བར་རིག་པ་ཅི་སྟེ་ཉམས་སུ་མ་མྱོང༌། བདེ་སོགས་གསལ་བ་ཞེས་བྱ་བ་འདིས་ནི། སློབ་དཔོན་འབྲས་བུའི་ཚོགས་ཉིད་གསལ་བའི་སྒྲར་བརྗོད་པར་བྱ་བ་གྲངས་ཅན་འདོད་པ་ཡིན་ནོ་ཞེས་བསྟན་པར་དགོངས་པའོ། །གལ་ཏེ་དེ་ལྟར་བདེ་བར་གསལ་བ་ཡིན་ཡང་ཕྲ་མོར་འགྱུར་བ་ཉིད་ཀྱིས་མི་འཛིན་ནོ་སྙམ་ན། དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་བདེ་བ་རགས་པར་འགྱུར་བ་ཉིད་ཕྲ་མོ་ཉིད་དུ་འགྲོ་ན་དེའི་ཚེ་རགས་པ་དང་ཕྲ་བ་ཡང་འགྱུར་ན། དེ་ཡང་ཅི་ལྟར་འཐད། འོན་ཏེ་བདེ་བར་དེ་ཉིད་བདེ་བ་དོར་བས་ཕྲ་མོར་འགྱུར་ན་དེའི་ཚེ་རགས་པ་དང་ཕྲ་བ་གཉིས་ཀ་མི་རྟག་པར་འགྱུར་ཏེ། རང་བཞིན་གཞན་དང་གཞན་དག་སྐྱེས་པ་དང་ཞིག་པའི་ཕྱིར་རོ། །དེ་བཞིན་དུ་དངོས་པོ་ཐམས་ཅད་ནི་ཞེས་བྱ་བ་ནི་སྔ་མའི་མཇུག་བསྡུ་པའོ། །འོན་ཏེ་བདེ་བ་ལ་སོགས་པ་རྟག་པར་རགས་པ་ལ་སོགས་


DTG106_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་སྐབས་སུ་འགྱུར་བ་ཡིན་ནོ་ཞེ་ན། རགས་པ་བདེ་བ་ལས་ཞེས་བྱ་བ་ལ་སོགས་པའོ། །ཅི་རགས་པ་དེ་བདེ་བ་ལ་གནས་གཞན་ནམ། འོན་ཏེ་གཞན་མ་ཡིན། གཞན་མ་ཡིན་ན་ནི། བདེ་བ་ཉིད་མི་རྟག་པར་འགྱུར་རོ། །འདི་སྙམ་དུ་རྐྱེན་ཉིད་འདི་པ་ཙམ་དུ་སྨྲ་བའི་ལྟར་ན་མེད་པ་སྐྱེ་ཞེས་བྱ་བ་གྲུབ་པའི་མཐའ་ཡིན་ན། དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། གལ་ཏེ་མེད་པ་ཞེས་བྱ་བ་ལ་སོགས་པའོ། །གསལ་བ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའོ། །གསལ་བ་གང་ཡིན་པ་ནི་སྔར་གྱི་གནས་སྐབས་ན་གཞན་དུ་འགྱུར་བ་ཁོ་ན་ཡིན་ཏེ། དེ་ལྟ་མ་ཡིན་ན་དབུས་ཀྱི་གནས་སྐབས་སུ་ཡང་དམིགས་པར་འགྱུར་རོ། །དེས་ན་གསལ་བ་མེད་པ་ཉིད་སྐྱེ་བར་ནི་གྲངས་ཅན་ཁྱོད་མི་འདོད་ཀྱང་ཁས་བླང་བར་བྱ་བ་ཡིན་ནོ། །གཞན་ཡང་གལ་ཏེ་འབྲས་བུ་ཡོད་པ་ཡིན་ན། དེའི་ཚེ་རྒྱུའི་གནས་སྐབས་ན་ཡང་དེ་ཡོད་པ་དེས་ན་རྒྱུ་དང་འབྲས་བུ་གཉིས་ཐ་མི་དད་པས་ན། ཁྱོད་ལ་འཇིག་གིས་གནོད་དོ་ཞེས་བརྗོད་པ་ནི། གལ་ཏེ་རྒྱུ་ལ་ཞེས་བྱ་བ་ལ་སོགས་པའོ། །རས་ཀྱི་རིན་གྱིས་ཞེས་བྱ་བ་ནི་རས་ཀྱི་རིན་ཚད་ཀྱིས་སོ། །བགོ་བར་བགྱིས་ཞེས་བྱ་བ་ནི་ལུས་ཀྱིས་གྱོན་ཅིག་པའོ། །འཇིག་རྟེན་རྨོངས་པས་ཞེས་བྱ་བ་ནི་གཞན་གྱི་སྟེ། རྨོངས་པའི་དབང་གིས་འཇིག་རྟེན་པས་རྒྱུ་ལ་འབྲས་བུ་ཡོད་པ་མ་མཐོང་དུ་ཟད་དོ་ཞེ་ན། ལན་དུ་དེ་ཉིད་ཤེས་ལའང་དེ་གནས་ཉིད། །ཅེས་སྨོས་ཏེ། གྲངས་ཅན་ཁྱེད་ཀྱི་ལྟར་ན་རྨོངས་པ་དེ་ནི་དེ་ཁོ་ན་ཤེས་པ་ལ་ཡང་གནས་པ་སྟེ། ཡོད་པའི་ཕྱིར་འབྲས་བུ་ཡོད་པ་སྐྱེ་བ་ནི་ངོ་མཚར་བ་ཁོ་ནའོ། །ཡང་ན་རྒྱུ་ལ་འབྲས་བུ་ཡོད་པར་རྟོགས་པའི་ཤེས་པ་དེ་འཇིག་རྟེན་ལ་ཡང་ཡོད་པ་དེས་ན་ཅི་སྟེ་མཐོང༌། །འོན་ཏེ་འཇིག་རྟེན་གྱི་མཐོང་བ་ཚད་མ་མ་ཡིན་ནོ་ཞེ་ན། འཇིག་རྟེན་ཞེས་གསུངས་སོ། །གསལ་བ་མཐོང་བའང་ཞེས་བྱ་བ་ནི་ཁྱོད་ཀྱི་ཆེན་པོ་ཉིད་ལ་སོགས་པ་འབྲས་བུའི་ཚོགས་མཐོང་བ་འང་ཚར་མ་ཡིན་པའི་ཕྱིར་རོ། །གཙོ་བོ་ལ་སོགས་པ་མཐའ་དག་ཚད་མ་ཅན་མ་ཡིན་པར་འགྱུར་རོ། །དེས་ན་མེད་པ་ཁོ་ནའོ། །འདི་སྙམ་དུ་གལ་ཏེ་གཙོ་བོ་ལ་སོགས་པའི་ཚད་མ་དག་ཚད་མ་མ་ཡིན་པ་ཁོ་ན་ཡིན་ན། དེའི་ཚེ་ཚད་མ་དེས་གཞལ་བའི་དངོས་པོ་ཡང་བརྫུན་པས་ན་ཁྱོད་ཀྱིས་སྟོང་པ་ཉིད་ལ་ཡང་ཡིད་བརྟན་ཅི་ཡོད་ཅེས་གཞན་གྱིས་བརྗོད་པ་ན། གལ་ཏེ་ཚད་མ་


DTG106_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ་སོགས་པའོ། །འདི་ལ་ལན་ནི་བཏགས་པའི་དངོས་ལ་ཞེས་བྱ་བ་ལ་སོགས་པའོ། །དངོས་པོ་དང་དངོས་པོ་མེད་པ་དག་གིས་བཀག་པ་ནི། སྟོང་པ་ཉིད་ཡིན་ནོ་ཞེས་མི་བརྗོད་དེ། དོན་དམ་པར་ན་དེ་དག་གིས་དགག་པ་ནི་དུས་གསུམ་དུ་ཡང་བསྒྲུབ་པ་དག་དགག་པའི་ངོ་བོར་བྱ་བར་མི་ནུས་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན་ངོ་བོ་ཉིད་དུ་སྒྲོ་བཏགས་པ་སྟེ། དགོས་པར་བྱ་བ་ལ་དགོས་པར་བྱེད་པ་ཡིན་ནོ། །དེ་ལྟར་བཏགས་པའི་དངོས་པོ་ལ་ཞེས་བྱ་བ་ལ་རྟོག་པས་སྒྲོ་བཏགས་པའི་དངོས་པོ་ལ་མ་རིག་པར་དེ་གཟུང་བར་དེའི་དངོས་པོ་མེད་པ་སྟེ། དགག་པ་གཟུང་བར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པ་སྟེ། འདིར་མཇུག་བསྡུས་པའི་སྒོ་ནས་དཔེ་སྟོན་པ་ནི་དེས་ན་ཞེས་བྱ་བ་ལ་སོགས་པའོ། །དེ་ཡོད་རྣམ་པར་རྟོག་པའི་ཞེས་བྱ་བ་ནི། རྨི་ལམ་དུ་དམིགས་པའི་མཚན་ཉིད་ཀྱི་བུ་དེ་ཡོད་པའི་ཞེས་བྱ་བ་ཡོད་དོ་ཞེས་བྱ་བར་རྟོགས་པ་དེའི་སྐྱེ་བའི་གེགས་བྱེད་པ་སྟེ། འདི་མེད་སྙམ་པའི་རྣམ་པར་རྟོག་པ་བྱེད་པ་པོར་གྱུར་པས་འགོག་པར་བྱེད་པ་ཡིན་ནོ། །འོ་ན་རྣམ་པར་རྟོག་པ་ཉིད་དེ་ཁོ་ནར་ཡོད་པར་འགྱུར་རོ་སྙམ་ན། དེ་ཡང་བརྫུན་ཞེས་གསུངས་སོ། །དེས་ན་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པའོ། །རྒྱུ་མེད་ཅེས་བྱ་བ་ནི་དངོས་པོ་འདི་དག་རྒྱུ་མེད་བཞིན་དུ་རང་གི་ངོ་བོ་ཁོ་ནས་སྐྱེས་པ་ཡིན་ནོ་ཞེས་བྱ་བ་དེ་ནི་མི་སྲིད་དོ་ཞེས་རྒྱུ་མེད་པར་སྨྲ་བ་འགོག་པའོ། །སོ་སོར་ཞེས་བྱ་བ་ནི་དབང་ཕྱུག་ཏུ་སྨྲ་བ་འདོད་པ་འགོག་པའོ། །འདུས་པའི་ཞེས་བྱ་བ་ནི་རྒོལ་བ་གཞན་གྱི་འདོད་པ་འགོག་པའོ། །རྐྱེན་རྣམས་ལ་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པའི་རྐྱེན་དུ་གྱུར་པ་རྣམས་ལ་ཡང་འབྲས་བུ་རྣམ་པ་འགའ་མེད་དེ། དེས་ན་དབང་ཕྱུག་ལ་སོགས་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་གནས་སོ། །ད་ནི་གཞན་ནས་ཞེས་བྱ་བ་ལ་སོགས་པ་དུས་སུ་འཕོ་བ་ཟླ་བའི་ལུགས་འགོག་པར་བྱེད་དོ། །འདི་ཉིད་ལ་རྒྱུ་གཞན་ཡང་བསགས་པའི་ཕྱིར་རྨོངས་པས་བདེ་བར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཉིད་ཀྱང་གོ་སླའོ། །གལ་ཏེ་དེ་ལྟར་ན་འགྲིབ་པ་འདི་ལ་ཡོད་པའི་རྒྱུའི་རྗེས་སུ་འགྲོ་བ་དང༌། ལྡོག་པའི་རྗེས་སུ་བྱེད་པ་གང་ཡིན་པ་དེ་ནི་སྒྱུ་མ་ལས་ཁྱད་པར་དུ་འགྱུར་བ་ཡིན་ནོ་


DTG106_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་ན། སྒྱུ་མ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ནི་གཟུགས་བརྙན་ལ་ཡང་མཚུངས་སོ་ཞེས་གསུངས་པ་ནི། གཟུགས་བརྙན་ལ་ཡང་མཚུངས་སོ། །གཞན་ཡང་འབྲས་བུ་ཡོད་པ་འམ་མེད་པ་གང་ཞིག་རྗེས་སུ་དཔག་ཅེས་སྟོན་པ་ནི། དངོས་པོ་ཡོད་པར་གྱུར་བ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། རྟོགས་པར་སླའོ། །འོན་ཏེ་སྔར་མེད་པ་གང་ཡིན་པ་དེ་ཉིད་སྐྱེ་བའོ་སྙམ་ན། བྱེ་བ་ཕྲག་བརྒྱ་ཞེས་བྱ་བ་ལ་སོགས་པའོ། །བསྒྱུར་དུ་མེད་པ་ནི་བསྐྱོད་དུ་མེད་པའོ། །འོན་ཏེ་དངོས་པོ་མེད་པའི་གནས་སྐབས་ཉིད་ཕྱིས་དངོས་པོར་འགྱུར་རོ་ཞེ་ན། མ་ཡིན་ཏེ། གནས་སྐབས་དེ་ཉིད་དངོས་པོར་ཇི་ལྟར་འགྱུར་ཏེ་མི་འགྱུར་རོ། །འོན་ཏེ་གཞན་ཞིག་དངོས་པོར་འགྱུར་མོད་སྙམ་ན། དངོས་འགྱུར་གཞན་ཡང་ཞེས་གསུངས་སོ། །འདི་ལྟར་དངོས་པོ་མེད་པ་གང་ཡིན་པ་དེ་ནི་རེ་ཞིག་དངོས་པོར་འགྱུར་བར་མི་འོས་སོ། །དངོས་པོ་ཡང་དངོས་པོ་ཉིད་དུ་གྲུབ་ཟིན་པས་དེ་ལ་ཡང་དངོས་པོར་ཅི་བྱ་དེ་གཉིས་ལས་གཞན་རྣམ་པ་གསུམ་པ་ཡང་ཡོད་པ་མ་ཡིན་ཏེ། དེས་ན་འགའ་ཞིག་དངོས་པོར་འགྱུར་བ་ནི་མི་ཤེས་སོ། །འོན་ཏེ་དངོས་པོ་མེད་པའི་དུས་ཉིད་ན་དངོས་པོ་ཡོད་དོ་ཞེས་ནི་མི་བརྗོད་དོ། །འོན་ཀྱང་དངོས་པོ་མེད་པ་ཉིད་སྲིད་པ་དེའི་ཚེ་དངོས་པོ་ཡོད་དོ་ཞེས་བརྗོད་དོ། །འོན་ཏེ་དངོས་པོ་མེད་པའི་དུས་ཉིད་ན་དངོས་པོ་ཡོད་དོ། །འོན་ཀྱང་དངོས་པོ་མེད་པ་ཉིད་སྲིད་པ་དེའི་ཚེ་དངོས་པོ་མེད་དོ་ཞེས་གཞན་གྱིས་སྨྲས་པ་ནི། མེད་ཚེ་ཞེས་བྱ་བ་ལ་སོགས་པའོ། །དངོས་པོ་ཡོད་པར་ཞེས་བྱ་བ་ལ་སོགས་པ་ནི་ལན་འདེབས་པ་སྟེ། སྔར་གྱི་དངོས་པོ་མེད་པ་ནི་རྟག་ཏུ་ཉེ་བར་གནས་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །འོན་ཏེ་དངོས་པོ་སྐྱེས་པའི་དུས་ན་དངོས་པོ་མེད་པ་འཇིག་གོ་སྙམ་ན། དངོས་པོ་སྐྱེས་པར་ཞེས་གསུངས་སོ། །འདི་སྙམ་དུ་དངོས་པོ་སྐྱེས་པ་ཁོ་ནས་དངོས་པོ་མེད་པར་བྱེད་དོ་ཞེ་ན། དངོས་མེད་དང་ནི་མ་བྲལ་ན། །ཞེས་བྱ་བ་ལ་སོགས་པའོ། །འོན་ཏེ་དངོས་པོ་མེད་པ་གང་ཡིན་པ་དེ་ཉིད་ཀྱང་དངོས་པོར་འགྱུར་རོ་སྙམ་ན། དངོས་པོ་ལ་ཡང་ཞེས་བྱ་བ་ལ་སོགས་པའོ། །རིགས་པའི་ཚོགས་དེ་མཐའ་དག་གིས་སྐྱེ་བ་བཀག་ནས། དེ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པས་འཇིག་པ་ཡང་འགོག་པར་བྱེད་དོ། །དངོས་པོ་དང་དངོས་པོ་མེད་པ་དག་ཡོད་པ་དང༌། མེ་


DTG106_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཀྱིས་དགག་པ་མི་སྲིད་པའི་ཕྱིར་ན། དོན་དམ་པར་འགག་པ་ཡང་མེད་དོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་སྔ་མའི་མཇུག་སྡུད་དོ། །དེ་སྐད་དུ། འགག་པ་མེད་པ་སྐྱེ་མེད་པ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གལ་ཏེ་ཆོས་འདི་དག་ཐམས་ཅད་སྐྱེ་བ་དང་འགག་པ་མེད་པ་ཡིན་ན། དེའི་ཚེ་འགྲོ་བ་དྲུག་པོ་ཇི་ལྟར་ཡིན་སྙམ་ན། འགྲོ་བ་རྨི་ལམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་དེ་ལྟ་ཡིན་ན་གྲོལ་བ་དང་མ་གྲོལ་བའི་ཐ་སྙད་ཇི་ལྟར་སྙམ་ན། མྱ་ངན་འདས་དང་མ་འདས་པ། །ཞེས་གསུངས་སོ། །དེ་ལྟར་སྟོང་པའི་ཞེས་བྱ་བ་ལ་སོགས་པས་ནི་ཡོན་ཏན་སྐྱོན་ཁྱད་པར་མེད་པས་བསྟན་པའོ། །ད་ནི་བྱིས་པ་མ་རིག་པས་ལྡོངས་པ་རྣམས་ཀྱི་རིམ་པའི་སྤྱོད་པ་སྟོན་པས། བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཚེགས་ཆེན་ཞེས་བྱ་བ་ནི་འབད་པ་ཆེན་པོས་སོ། །འཚོ་ཞེས་བྱ་བ་ནི་གནས་པའོ། །བདེ་འགྲོར་ཡང་དང་ཡང་འོངས་ཏེ། །ཡང་ངན་སོང་རྣམས་སུ་ལྟུང་ཞེས་འབྲེལ་ཏོ། །གང་གི་ཕྱིར་དེ་ལྟར་སྲིད་པ་ན་འདི་དག་ནི་བཟོད་དཀའ་བའི་སྡུག་བསྔལ་གྱི་ཁུར་མང་པོའི་ཚོགས་གང་ཡིན་པ་དང༌། དེར་ནི་དེ་ཉིད་མིན་ཞེས་བྱ་བ་མི་ཤེས་པ་འབའ་ཞིག་དང༌། འདི་འདྲ་ཞེས་བྱ་བ་སྡུག་བསྔལ་སྣ་ཚོགས་ཀྱི་རྒྱུ་སྡུག་བསྔལ་གྱི་འབྱུང་གནས་སུ་གྱུར་པ་དང་ལྡན་པ་ཡིན་ནོ། །འོན་ཏེ་འཁོར་བའི་སྡུག་བསྔལ་བསྐྱེད་པ་ལ་ཡང་དག་པའི་ཤེས་པ་ཉིད་རྒྱུ་ཅི་སྟེ་མི་འདོད་ཅེ་ན། དེར་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དུ་ཤིན་ཏུ་མི་བཟོད་པའི་ཚོར་བས་གནོད་པ་འཁོར་བའི་ཕན་ཚུན་འགལ་བའི་ངལ་བ་ཆེན་པོ་འདི་འདྲ་བ་ཡོད་པ་དེར་ཡང་དག་པའི་ཤེས་པ་འདི་ལྟ་བུ་སྲིད་པའི་རྒྱུར་འཐད་པ་མ་ཡིན་ནོ་ཞེས་བྱ་བ་ནི་གཅིག་ཏུ་ངེས་པའོ། །དེར་ཡང་ཞེས་བྱ་བ་ལ་སོགས་པ་དེ་ཁོ་ན་མེད་པ་ཉིད་གསལ་བར་བྱེད་དོ། །དེར་ཡང་ཞེས་བྱ་བ་ནི་སྲིད་པར་རོ། །སྟོབས་ཆུང་ཞིང་ཞེས་བྱ་བ་ནི་གཟི་བརྗིད་ཆུང་བའོ། །གསོན་དང་ནད་མེད་ཀྱི་བྱེད་དང༌། །ཞེས་བྱ་བ་ནི། གསོན་དུ་རེ་བ་དང༌། ནད་མེད་པར་རེ་བ་དང༌། གཞན་ལ་སྟོན་པ་ལ་སོགས་པ་བྱེད་པས་སོ། །ཚེ་འདི་མྱུར་འདའ་ཞེས་བྱ་བ་ནི་ཚེ་མྱུར་དུ་འགྲོ་བའོ། །སྐྱོན་གཞན་ཡང་སྟོན་པ་ནི་དེར་ཡང་ཞེས་བྱའོ། །རྣམ་གཡེངས་གོམས་པ་ཞེས་བྱ་བ་ནི་ལུས་ཀྱི་གནས་ངན་ལེན་ལ་སོགས་


DTG106_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚན་ཉིད་དེ་དག་བཟློག་པའི་ཐབས་ག་ལ་ཡོད་དེ་མཐུ་མེད་དོ་ཞེས་བྱ་བའི་དོན་ཏོ། །ལོག་པའི་ལམ་ཞེས་བྱ་བ་ནི་ལོག་པའི་ལྟ་བར་ལྟུང་བའོ། །ཐེ་ཚོམ་ལས་ཀྱང་ཞེས་བྱ་བ་ནི་ལམ་ལ་ཡིད་གཉིས་ཟ་བ་ལས་སོ། །རྒལ་བ་ཞེས་བྱ་བ་ནི་བཟློག་པར་དཀའོ། །དལ་བ་རྙེད་དཀའ་ཞེས་བྱ་བས་ནི་མི་ཁོམ་པ་བརྒྱད་སྤང་བར་བརྗོད་དོ། །སྟོང་པ་ཉིད་ཀྱི་ཆ་བསྟན་ནས། ད་ནི་སྙིང་རྗེའི་ཆ་སྟོན་པ་ལ་འཇུག་པ་ནི། དེ་ལྟར་ཤིན་ཏུ་ཞེས་བྱ་བ་ལ་སོགས་པའོ། །དཔེར་ན་འགའ་ཞིག་ཅེས་བྱ་བ་ལ་སོགས་པ་ནི། སྲིད་པའི་སྡུག་བསྔལ་གྱི་རང་བཞིན་ཡིན་ཡང་བདེ་བར་མངོན་པར་རློམ་པར་ཟད་དོ་ཞེས་སྟོན་པའོ།། དེ་ལྟར་དགའ་དང་ཞེས་བྱ་བ་ལ་སོགས་པས་ནི། མང་དུ་སྨྲ་བས་ཅི་བྱ་སྟེ། འདི་ཐམས་ཅད་ནི་མ་རིག་པའི་རྣམ་པར་འགྱུར་བ་ཡིན་ནོ་ཞེས་སྟོན་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི། སྨོན་ལམ་འབྲས་བུ་དང་བཅས་པར་བྱེད་པའོ། །ནམ་ཞིག་ཅེས་བྱ་བ་ལ་སོགས་པས་ནི། བྱང་ཆུབ་ཀྱི་སེམས་འབྲས་བུ་དང་བཅས་པར་བྱེད་པའོ། །གལ་ཏེ་དོན་དམ་པར་བསྟན་པ་ཡང་མེད་མོད་ཀྱི། འོན་ཀྱང་ཀུན་རྫོབ་ཏུ་ཡོད་པ་ཡིན་ནོ། །དེ་ལྟ་མོད་ཀྱི་དེ་དག་ལ་བདག་ནམ་ཞིག་སྟོང་པ་ཉིད་སྟོན་པར་འགྱུར་ཞིག་གུ་ཞེས་བྱ་དེ་ལྟར་འཁོར་གསུམ་མི་དམིགས་པའི་ཚུལ་གྱིས་སྦྱིན་པ་ལ་སོགས་པའི་སྒོ་ནས་བསོད་ནམས་ཀྱི་ཚོགས་སུ་ཇི་ལྟར་འགྱུར་བ་དེ་ལྟར་ཡང་གུས་པར་རྗེས་སུ་བསྒྲུབས་ནས་ནམ་ཞིག་གཞན་ལ་སྟོན་པར་འགྱུར་ཞིག་གུ་ཞེས་དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྣམ་པར་བསྟན་ཏོ། །ནམ་ཞིག་དམིགས་པ་མེད་ཚུལ་དུ། །ཀུན་རྫོབ་ཏུ་ནི་བསོད་ནམས་ཀྱི་ཚོགས་ལ་གུས་པས་དམིགས་པ་དང་བཅས་པར་ལྟ་བ་ལ། སྟོང་ཉིད་སྟོན་པར་འགྱུར་ཞེས་ཁ་ཅིག་ལས་འདོད་དོ། །དེའི་ཚེ་ནི་འཁོར་གསུམ་མི་དམིགས་པའི་ཚུལ་དུ་ཀུན་རྫོབ་ཏུ་སྦྱིན་པ་ལ་སོགས་པའི་སྒོ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་གུས་པར་ཏེ། འབད་པས་དམིགས་པའི་ལྟ་བ་ཅན་དག་སྡུག་བསྔལ་དང་ལྡན་པར་གྱུར་པ་འདི་རྣམས་ལ་བདག་སྟོང་པ་ཉིད་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་འཇོམས་པར་བྱེད་པ་སྟོན་པར་ནམ་ཞིག་འགྱུར་ཞེས་བྱ་བ་ཡིན་ནོ། །སྡུག་བསྔལ་མ་ལུས་སྤོང་བྱེད་ཤེས་རབ་ཀྱི། །ལེའུ་ནུས་པ་ཇི་བཞིན་རྣམ་བཀྲོལ་ལས། །བསོད་ནམས་སྦྲང་མའི་རྡུལ་ཙམ་གང་ཐོབ་དེས། །འགྲོ་བ་མྱུར་དུ་ཞི་བའི་


DTG106_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ལྷར་གྱུར་ཅིག །ཤེས་རབ་ལེའུའི་དཀའ་འགྲེལ་རྫོགས་སོ།། །།པཎྜི་ཏ་མི་མཉམ་ཁོལ་པོ་དང༌། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བ། ལི་སྟོན་རྡོ་རྗེ་རྒྱལ་མཚན་མོས་པའི་དབང་གིས་འགྲེལ་པ་འདི་ལེགས་པར་བསྒྱུར། །


previousཤེས་རབ་ལེའུའི་དཀའ་འགྲེལ། next