Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱ་དང་དྲུག་པ།


   
   
   
   
   
   
   
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དོན་བསྡུས་པ།  གསེར་གླིང་པ།
   


 
previousབྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དོན་བསྡུས་པ། གསེར་གླིང་པ།next

བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དོན་བསྡུས་པ།
གསེར་གླིང་པ།


DTG106_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བོ་ཤི་ས་ཏྭ་ཙཱ་ཪྻཱ་བ་ཏཱ་ར་པིཎྜཱ་རྠ། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དོན་བསྡུས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུ་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང༌། །དེ་ལྟར་དགེ་བ་ཉམ་ཆུང་ཉིད་ལ་རྟག །སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ། །དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར། །བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །འདིས་ནི་ཚད་མེད་སྐྱེ་བོའི་ཚོགས་རྣམས་ཀྱི། །བདེ་མཆོག་བདེ་བླག་ཉིད་དུ་ཐོབ་པར་བྱེད། །འཇིགས་དང་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང༌། །སེམས་ཅན་མི་བདེ་བསལ་པར་འདོད་པ་དང༌། །བདེ་མང་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང༌། བྱང་ཆུབ་སེམས་ཉིད་རྟག་ཏུ་གཏང་མི་བྱ། །རིན་ཆེན་སེམས་འདི་གཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་


DTG106_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ནི་བསྐྱེད་པ་ན། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་བའི་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལའང༌། །རིམ་པ་བཞིན་དུ་བསླབ་པར་བགྱི། །རྒྱལ་བའི་སྲས་ཀྱིས་དེ་ལྟ་བུར། །བྱང་ཆུབ་སེམས་རབ་བརྟན་བཟུང་ནས། །གཡེལ་བ་མེད་པར་རྟག་ཏུ་ཡང༌། །བསླབ་ལས་མི་འདའ་འབད་བར་བྱ། །བསླབ་པ་བསྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམས་ནས་སེམས་བསྲུང་སྟེ། །སེམས་ནི་བསྲུང་བར་མ་བྱས་ན། །བསླབ་པ་བསྲུང་བར་ཡོང་མི་ནུས། །སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབ་ཀྱང་སྲུངས་ཤིག་ཅེས། །བདག་ནི་དེ་སྐད་འདོམས་པར་བྱེད། །བླ་མ་དང་ནི་འགྲོགས་པ་དང༌། །མཁན་པོས་རྗེས་སུ་བསྟན་པ་ལ། །འཇིགས་པས་སྐལ་ལྡན་གུས་བྱེད་པ། །དྲན་པ་ཤིན་ཏུ་སྐྱེ་བར་འགྱུར། །རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང༌། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏང་ངོ༌། །བསྐལ་བ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཡང༌། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །དེ་ལྟར་བཟོད་པས་བརྩོན་འགྲུས་བརྩམ། །འདི་ལྟར་བརྩོན་ལ་བྱང་ཆུབ་གནས། །རླུང་མེད་གཡོ་བ་མེད་པ་བཞིན། །བསོད་ནམས་བརྩོན་འགྲུས་མེད་མི་འབྱུང༌། །བརྩོན་གང་དགེ་ལ་སྤྲོ་བ་སྟེ། །དེ་ཡི་མི་མཐུན་ཕྱོགས་སྤང་བྱ། །སྒྱིད་ལུག་མེད་དང་དཔུང་ཚོགས་དང༌། །ལྷུར་བླང་བདག་ཉིད་དབང་བྱ་སྟེ། །བདག་དང་གཞན་དུ་མཉམ་པ་དང༌། །བདག་དང་གཞན་དུ་བརྗེ་བར་གྱིས། །དེ་ལྟར་བརྩོན་འགྲུས་བསྐྱེད་ནས་ནི། །ཡིད་ནི་ཏིང་ངེ་འཛིན་ལ་གཞག །སེམས་ནི་རྣམ་པར་གཡེངས་པའི་མི། །ཉོན་མོངས་མཆེ་བའི་ཕྲག་ན་གནས། །ལུས་དང་སེམས་ནི་དབེན་པ་ཡིས། །རྣམ་པར་གཡེང་བ་མི་འབྱུང་ངོ༌། །དེ་བས་འཇིག་རྟེན་སྤང་བྱ་ཞིང༌། །རྣམ་པར་རྟོག་པ་ཡོངས་སུ་དོར། །ཆགས་


DTG106_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་དང་རྙེད་སོགས་ལ། །སྲེད་པས་འཇིག་རྟེན་མི་སྤོང་སྟེ། །དེ་བས་འདི་དག་ཡོངས་སྤངས་ལ། །མཁས་པས་འདི་དག་སྦྱར་བར་བྱ། །བདག་ཉིད་སྐྱོན་བཅས་གཞན་ལ་ཡང༌། །ཡོན་ཏན་རྒྱ་མཚོར་ཤེས་བྱས་ནས། །བདག་འཛིན་ཡོངས་སུ་དོར་བ་དང༌། །གཞན་བླང་བ་ནི་བསྒོམ་པར་བྱ། །བདག་དང་གཞན་དུ་མཉམ་པ་ནི། །དང་པོ་ཉིད་དུ་འབད་དེ་སྒོམ། །བདེ་དང་སྡུག་བསྔལ་མཉམ་པས་ན། །ཐམས་ཅད་བདག་བཞིན་བསྲུང་བར་བྱ། །གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབ་པར་འདོད་པ་ཡིས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །དེ་བས་སྒྲིབ་པ་བསལ་བའི་ཕྱིར། །ལོག་བའི་ལམ་ལས་སེམས་བླན་ཞིང༌། །ཡང་དག་དམིགས་ལ་རྟག་ཏུ་ཡང༌། །ཡིད་ནི་བརྟན་པོར་གཟུང་བར་བྱ། །དེ་ལྟར་དེ་དག་ཐམས་ཅད་ཀྱང༌། །ཤེས་རབ་དོན་དུ་ཐུབ་པས་གསུངས། །དེ་བས་མྱ་ངན་འདས་པ་དང༌། །བདེ་བ་འདོད་པས་ཤེས་རབ་སྐྱེད། །དོན་དམ་དང་ནི་ཀུན་རྫོབ་སྟེ། །དེ་ནི་བདེན་པ་གཉིས་སུ་འདོད། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་དང་སྒྲ་ནི་ཀུན་རྫོབ་ཡིན། །དེ་ལ་འཇིག་རྟེན་རྣམ་གཉིས་མཐོང༌། །རྣལ་འབྱོར་པ་དང་དེ་བཞིན་ཕལ། །དེ་ལ་རྣལ་འབྱོར་འཇིག་རྟེན་གྱིས། །འཇིག་རྟེན་ཕལ་པ་སུན་ཡང་འབྱིན། །གོང་མ་གོང་མའི་ཁྱད་པར་གྱིས། །རྣལ་འབྱོར་པ་ཡང་སུན་འབྱིན་ཏོ། །བདག་གིས་བྱང་ཆུབ་སྤྱོད་པ་ལ། །འཇུག་པར་རྣམ་པར་བསམས་པ་ཡིས། །དགེ་བ་གང་དེས་འགྲོ་བ་ཀུན། །བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག །གསེར་གླིང་གི་བླ་མ་ཆོས་སྐྱོང་བས་གུས་པ་དང་ལྡན་པའི་སློབ་མ་ཀ་མ་ལ་ར་ཀྵི་ཏ་དང༌། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་གསོལ་བ་བཏབ་ནས། སྤྱོད་པ་ལ་འཇུག་པའི་གཙོ་བོའི་དོན་བཅུ་གཅིག་བསྡུས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་དང༌། བོད་ཀྱི་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། །།


previousབྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དོན་བསྡུས་པ། གསེར་གླིང་པ།next