cover

སྡེ་དགེའི་བསྟན་འགྱུར་པོད་བརྒྱ་དང་བདུན་པ།

དབུ་མ། ས༽

ཡེ་ཤེས་སྙིང་པོ། ཞི་བ་འཚོ།

Nitartha Publication

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

བདེན་པ་གཉིས་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ།
ཡེ་ཤེས་སྙིང་པོ།


DTG107_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ས་ཏྱ་དྭ་ཡ་བི་བྷ་ག་ཀཱ་རི་ཀཱ། བོད་སྐད་དུ། བདེན་པ་གཉིས་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བདེན་པ་གཉིས་པོ་རྣམ་ཕྱེ་ཡང༌། །ཤིང་རྟ་ཆེ་དག་རྨོངས་ཉིད་ན། །གཞན་རྣམས་སྨོས་ཀྱང་ཅི་དགོས་ཏེ། །དེ་བས་བདག་གིས་རྣམ་པར་དབྱེ། །བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་དེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །ཀུན་རྫོབ་དང་ནི་དམ་པའི་དོན། །བདེན་གཉིས་ཐུབ་པས་གསུངས་པ་ལ། །ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་ཅིག་ཤོས་ཡིན། །སླུ་བ་མེད་པས་རིགས་པ་ནི། །དོན་དམ་ཡིན་ཏེ་ཀུན་རྫོབ་མིན། །དེ་ལྟར་མི་སླུ་མིན་ཕྱིར་ཏེ། །ཇི་ལྟར་སྣང་བ་དེ་ཉིད་བདེན། །ཇི་ལྟར་སྣང་བའི་དངོས་པོར་ནི། །རྣམ་པར་གནས་པར་མི་རུང་སྟེ། །ཤེས་པའི་དངོས་པོ་ཐམས་ཅད་ལ། །ཇི་ལྟ་བུར་ཡང་སྣང་མི་འགྱུར། །གལ་ཏེ་བརྟགས་པའི་ངོ་བོ་ཉིད། །འགའ་ཡང་མཐོང་བ་མེད་ཅེ་ན། །རང་


DTG107_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

རིག་རིགས་པ་མ་ཡིན་ཕྱིར། །རྒྱུ་ཡི་ནུས་པ་བཀག་ཕྱིར་རོ། །ཡོད་མེད་དངོས་པོ་མཁྱེན་པ་པོ། །ཀུན་མངོན་མཁྱེན་པས་གང་མ་གཟེགས། །དེ་ཡི་དངོས་པོ་ཅི་འདྲ་ཞིག །ཤིན་ཏུ་ཞིབ་པའི་ལྟ་བས་དཔྱོད། །བརྟགས་པའི་དོན་གྱིས་དབེན་གྱུར་པ། །དངོས་ཙམ་བརྟེན་ནས་སྐྱེས་པ་སྟེ། །ཡང་དག་ཀུན་རྫོབ་ཤེས་པར་བྱ། །ཡང་དག་མ་ཡིན་ཀུན་བརྟགས་ཡིན། །སྐྱེ་ལ་སོགས་པ་བཀག་པ་ཡང༌། །ཡང་དག་པ་དང་མཐུན་ཕྱིར་འདོད། །དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །བརྟགས་པའི་རང་གི་ངོ་བོ་ཡི། །བཀག་པ་བརྟགས་མིན་ཇི་ལྟར་འགྱུར། །དེ་བས་འདིར་ནི་ཀུན་རྫོབ་སྟེ། །ཡང་དག་དོན་ཡིན་ཡང་དག་མིན། །ཡང་དག་ཉིད་དུ་གཉིས་མེད་དེ། །དེ་ནི་སྤྲོས་པ་མེད་པ་ཡིན། །འཇམ་དཔལ་གྱིས་ནི་ཡང་དག་དྲིས། །རྒྱལ་བའི་སྲས་པོ་མི་གསུང་བཞུགས། །སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པས། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །གལ་ཏེ་ཁྱོད་ཀྱང་རིགས་མིན་པར། །ཇི་ལྟར་སྣང་བཞེན་འདོད་ན་ནི། །འུ་བུ་ཅག་ལ་དེ་མཚུངས་ཉིད། །རིགས་པར་ན་ནི་ཐམས་ཅད་འཁྲུགས། །དུ་མས་གཅིག་གི་དངོས་མི་བྱེད། །དུ་མས་དུ་མ་བྱེད་མ་ཡིན། །གཅིག་གིས་དུ་མའི་


DTG107_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་མི་བྱེད། །གཅིག་གིས་གཅིག་བྱེད་པ་ཡང་མིན། །གང་ཞིག་གིས་སམ་གང་ཞིག་ལ། །ཡང་དག་སྒྲིབ་བྱེད་ཀུན་རྫོབ་འདོད། །དེས་ན་འདི་ཀུན་བདེན་པ་སྟེ། །དམ་པའི་དོན་དུ་བདེན་མ་ཡིན། །དམ་པའི་དོན་དུ་མ་སྐྱེས་པ། །ཚིག་དོན་དེ་ནི་རིགས་པ་ཡི། །རྗེས་སུ་འབྲངས་ནས་སྐྱེ་བ་མེད། གཞན་ལའང་དེ་བཞིན་སྦྱར་བར་གྱིས། །ཀུན་རྫོབ་དེ་བཞིན་ཉིད་གང་ཡིན། །དེ་ཉིད་དམ་པའི་དོན་ཕྱིར་བཞེད། །ཐ་དད་མིན་ཕྱིར་རིགས་དེ་ཡང༌། །ཇི་ལྟར་སྣང་བ་བཞིན་དུ་གནས། །རྒོལ་བ་གཉིས་ཀའི་ཤེས་པ་ལ། །ཇི་ཙམ་སྣང་བའི་ཆ་ཡོད་པ། །དེ་ཙམ་དེ་ལ་བརྟེན་ནས་ནི། །ཆོས་ཅན་ཆོས་ལ་སོགས་པར་རྟོག །དེ་ཚེ་རྗེས་སུ་དཔག་པ་འབྱུང༌། །གང་གི་ཚེ་ན་གཞན་ན་མིན། །དེ་བས་རིགས་པ་སྨྲ་བ་རྣམས། །དེ་སྐད་སྨྲ་ལ་སུ་ཞིག་འགོག །གལ་ཏེ་རིགས་པའི་སྟོབས་ཀྱིས་ན། །ཀུན་རྫོབ་ཏུ་ཡང་མི་སྐྱེ་དང༌། །དེ་བདེན་དེ་ཡི་ཕྱིར་ན་ནི། །ཇི་ལྟར་སྣང་བཞིན་ཡིན་པར་གསུངས། །ཇི་ལྟར་རང་བཞིན་ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ །རྣམ་པར་དཔྱོད་པ་བྱེད་ན་དོན། །གཞན་དུ་སོང་བས་གནོད་པར་འགྱུར། །ཅི་ཡི་ཕྱིར་ན་རྒྱུ་འདི་ལས། །དེར་སྣང་བ་འདི་སྨྲ་བར་བྱོས། །འདི་འདྲ་འདི་ནི་རྒྱུ་འདི་ལས། །སྣང་སྟེ་ཅི་ཞིག་སྨྲ་བར་བྱ། །བརྟགས་པ་གཞི་དང་བཅས་པ་ནི། །འགའ་ཡང་གང་ལའང་མི་སྣང་ངོ༌། །ཤིང་ལ་སོགས་པ་འདི་ཡང་ནི། །གཞི་ལ་ལྟོས་པ་མ་ཡིན་ཉིད། །འདི་ལྟར་བརྟགས་པའི་ངོ་བོ་ཉིད། །ཅི་ལའང་མི་ལྟོས་ཁོ་ན་ཡིན། །གལ་ཏེ་དེ་ལྟ་ཡིན་ན་ནི། །གཞན་དབང་ཉིད་སྨྲོས་ཏེ་སུ་བཟློག །རྩོད་ངན་གྲགས་པ་ཁ་ཅིག་ནི། །ཡང་དག་པར་དངོས་མ་སྐྱེས་པ། །མོ་གཤམ་བུ་ལ་སོགས་བཞིན་དུ། །ཀུན་རྫོབ་ཏུ་ཡང་མི་སྐྱེ་ཟེར། །གལ་ཏེ་ཀུན་རྫོབ་མི་རུང་ན། །རིགས་སྨྲ་དེ་ལ་ཅི་ཞིག་གནོད། །རིག་པ་ཤེས་པས་དཔྱད་པ་ཡི། །འོག་ཏུ་ཁས་བླང་བྱ་བར་བཤད། །བརྟགས་པའི་འོག་ཏུ་ཁས་བླང་གི །མངོན་སུམ་ལ་སོགས་འགལ་ཅི་ན། །དེ་ཅི་འདི་སྨྲ་ཉིད་ལའང༌། །ཚད་མས་གནོད་ན་ཚད་མའི་བདག །ཡིད་བརྟན་དུ་ནི་མི་རུང་འགྱུར། །སྣང་བའི་ངོ་བོ་གང་ཡིན་པ། །དེ་ནི་འགོག་པ་མ་ཡིན་ཉིད། །ཉམས་སུ་མྱོང་བ་གང་ཡང་ནི། །དགག་པར་རིགས་པ་མ་ཡིན་ནོ། །སྐྱེ་ལ་སོགས་པའི་རྣམ་པ་གང༌། །སྣང་བ་མིན་ལ་དེ་ཡང་ནི། །ཡང་


DTG107_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་ཤེས་བྱ་སོགས་པར། །གཞན་གྱིས་ཡོངས་སུ་བརྟགས་པ་འགོག །དེ་བས་འདིར་ནི་དེ་ལྟ་བུའི། །བརྟགས་པ་ཁོ་ན་དགག་པར་རིགས། །བརྟགས་པ་མ་ཡིན་འགོག་པ་ནི། །བདག་ལ་གནོད་འགྱུར་འབའ་ཞིག་གོ །མཐོང་བ་པོ་ཡི་ལྟ་བ་ལ། །ལས་འབྲས་ཇི་ལྟར་སྣང་བ་དག །དེ་ལྟར་དེས་བཤད་དེ་ཡི་ཕྱིར། །ཐམས་ཅད་ཇི་ལྟར་རང་བཞིན་གནས། །ཐུགས་རྗེའི་བདག་ཉིད་དེ་ཉིད་ཀྱིས། །རྟོག་པས་བཅིངས་པ་གཟིགས་ནས་ནི། །སེམས་ཙམ་ལ་སོགས་བྱེ་བྲག་གིས། །བཅིངས་པ་ཐར་པ་བསྟན་པར་མཛད། །སེམས་དང་སེམས་བྱུང་ཁམས་གསུམ་པ། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །དེ་དག་འཆིང་བའི་རྒྱུ་ཉིད་དུ། །ཇི་ལྟར་གཟིགས་པ་དེ་བཞིན་གསུང༌། །མེད་པ་རྣམས་ཀྱི་ནུས་པ་ཡང༌། །ཇི་ལྟར་བརྟགས་པ་བཞིན་དུ་འདོད། །ཡོད་པ་རྣམས་ཀྱི་ནུས་པ་ནི། །ཇི་ལྟ་བུར་ཡང་མི་མཐོང་ངོ༌། །གཞན་ལ་དངོས་པོ་ཇི་བཞིན་དུ། །ཐ་སྙད་རུང་བ་མ་ཡིན་ནོ། །མི་སྣང་ཕྱིར་དང་མི་རུང་ཕྱིར། །རིགས་པའི་རྗེས་སུ་འབྲངས་ནས་བཤད། །གང་ཕྱིར་རྒྱུ་ལས་བྱུང་དེའི་ཕྱིར། །དེ་ནི་ཅི་ཕྱིར་ཆད་པར་འགྱུར། །དེ་ལོག་ན་ནི་ལྡོག་པ་ལ། །ཅི་ཕྱིར་བརྟགས་པ་ཉིད་སྨྲས་སོ། །བརྟགས་པའི་ངོ་བོ་དབེན་པ་ཡི། །ཇི་ལྟ་བ་འདི་ཁོ་ན་ལ། །རྟེན་ཏེ་སྐྱེས་པ་ཐམས་ཅད་ནི། །ཐམས་ཅད་མཁྱེན་པས་མངོན་སུམ་གཟིགས། །གང་ལ་དོན་གཞན་ཡོངས་སྤྱོད་པའི། །ཤེས་པ་ཅུང་ཟད་ཀྱང་མེད་པ། །དེ་ཡི་ཐམས་ཅད་མཁྱེན་པ་འདིར། །བརྟགས་ཡིན་ཅུང་ཟད་འདིར་མི་འགལ། །གང་ཚེ་ཤེས་དང་ཤེས་བྱ་དང༌། །བདག་ཉིད་རྗེས་སུ་མི་མཐོང་བ། །དེ་ཚེ་མཚན་མ་མི་འགྱུར་ཕྱིར། །གནས་པ་བརྟན་ཕྱིར་མི་བཞེངས་སོ། །གང་ལ་བཞུགས་ན་བསམ་མི་ཁྱབ། །ཡོན་ཏན་ཀུན་གྱི་གནས་གྱུར་དང༌། །མཚུངས་མེད་ཕྱག་ནས་འདྲེན་གྱུར་པའི། །གནས་སྐབས་འགའ་དེ་བསམ་མི་ཁྱབ། །ཆོས་རྣམས་ཀུན་གྱི་ལུས་ཡིན་ཕྱིར། །ཡོན་ཏན་བསམ་ཡས་ཀུན་རྟེན་ཕྱིར། །རིག་པའི་རྗེས་འབྲང་ངོ་བོའི་ཕྱིར། །སྐྱོབ་པ་རྣམས་ཀྱི་ཆོས་སྐུ་ཡིན། །དེ་ལྟར་བདེན་གཉིས་རྣམ་ཕྱེ་འདིར། །ཅི་ཉེས་ཡོད་དམ་འོན་ཏེ་མེད། །ཕྱོགས་འཛིན་པ་ཡིས་དཀྲུགས་པའི་ཡིད། །ལེགས་པར་བོར་ལ་དཔྱད་པར་གྱིས། །མི་ཡང་ཤིན་ཏུ་ཐོབ་


DTG107_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

པར་དཀའ། །བློ་སྦྱངས་ཉམ་ཡང་རབ་ཏུ་ཆུང༌། །འཁོར་བའི་དགོན་པ་བགྲོད་པར་དཀའ། །སྲོག་ཀྱང་ཤིན་ཏུ་གཡོ་བ་ཡིན། །བཤེས་གཉེན་བཟང་པོ་རྙེད་དཀའ་ན། །རབ་ཏུ་སྡང་བ་གང་དུ་དགོས། །མོས་པ་མེད་དུ་ཟིན་ན་ཡང༌། །དེ་ནི་འགའ་ལ་བསོད་ནམས་ཀྱིས། །གོམས་པར་བྱས་ལ་རིམ་གྱིས་ནི། །འདི་ནི་རེ་ཞིག་གཅིག་ལ་འགྱུར། །སྡང་བས་ཚིག་པ་ཁྱོད་ལ་ནི། །དལ་བ་འབྱོར་པའང་རིང་པར་གསལ། །བདེན་པ་གཉིས་ནི་རྣམ་ཕྱེ་བས། །དགེ་བ་བདག་གིས་ཐོབ་པ་གང༌། །དེས་ནི་འགྲོ་བ་མ་ལུས་པ། །ཡེ་ཤེས་སྙིང་པོ་བསྐྱེད་པར་ཤོག །བདེན་པ་གཉིས་རྣམ་པར་གཏན་ལ་ཕབ་པ་ཡང་དག་པར་མཐོང་བར་བརྩོན་པ་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།

བདེན་གཉིས་རྣམ་པར་འབྱེད་པའི་འགྲེལ་པ།
ཡེ་ཤེས་སྙིང་པོ།


DTG107_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ས་ཏྱ་དྭ་ཡ་བི་བྷཾ་ག་བྲྀཏྟི། བོད་སྐད་དུ། །བདེན་པ་གཉིས་རྣམ་པར་འབྱེད་པའི་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་དག་དངོས་པོའི་ངོ་བོ་ཉིད་མེད་ཡང་དག་མཁྱེན་གྱུར་ཀྱང༌། །ཐུགས་རྗེས་འཁོར་བ་ཇི་སྲིད་བར་དུ་ཐུབ་དབང་སྲས་བཅས་རྣམས། །འཇིག་རྟེན་མ་ལུས་པ་ཡི་འཚལ་བའི་དངོས་པོ་བསྒྲུབ་སླད་དུ། །འདིར་བཞུགས་དྲི་མེད་བློ་ལྡན་དེ་དག་རྣམས་ལ་ཕྱག་འཚལ་ལོ། །བདེན་པ་གཉིས་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། རབ་ཏུ་འབྱེད་པ་འདི་བརྩམས་ཏེ། གང་གི་ཕྱིར། བདེན་པ་གཉིས་པོ་རྣམ་ཕྱེ་ཡང༌། །ཤིང་རྟ་ཆེ་དག་རྨོངས་ཉིད་ན། །གཞན་རྣམས་སྨོས་ཀྱང་ཅི་དགོས་ཏེ། །དེ་བས་བདག་གིས་རྣམ་པར་དབྱེ། །གཞན་གྱི་དོན་འབྱུང་བ་ལ་མཁས་པ་བཅོམ་ལྡན་འདས་ཀྱིས་སྐྱེ་བོ་བློ་ཆུང་དུ་ལ་ཕན་གདགས་པའི་ཕྱིར། བདེན་པ་གཉིས་ལས་མང་དུ་རྣམ་པར་ཕྱེ་ལ། སློབ་དཔོན་ཀླུ་སྒྲུབ་ལ་སོགས་པས་ཀྱང་གསལ་བར་མཛད་དུ་ཟིན་ཀྱང༌། རང་གི་སྡེ་པ་ཆེན་པོ་དག་ཀྱང་རྨོངས་པ་ཉིད་ཡིན་ན། དེ་དག་གི་ཁ་ན་ལས་པས་འཇུག་པ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །བདེན་པ་གཉིས་རྣམ་པར་དབྱེ་བ་ལ་མཁས་པ་ནི། འགྲོ་བ་ལ་ཕན་པ་འབྱུང་བ་བསྐྱེད་པའི་བློ་དང་


DTG107_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ། བདེ་བར་གཤེགས་པའི་བཀའ་རབ་འབྱམ་དག་ལ་ཤེས་པའི་སྣང་བ་སྐྱེས་པའི་འཇིག་རྟེན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་ལུས་པར་བསྒྲུབས་པ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བྱེ་བྲག་ཏུ་བྱར་མེད་པའི་ཕ་རོལ་ཏུ་ངེས་པར་ཤིན་ཏུ་ཕྱིན་པར་འགྱུར་རོ། །གཞན་ནི་ཡིད་ལ་བསམས་པ་བཞིན་དུ་རེ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །ཀུན་རྫོབ་དང་ནི་དམ་པའི་དོན། །བདེན་གཉིས་ཐུབ་པས་གསུངས་པ་ལ། །མདོ་དེ་དང་དེར་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་ཅིག་ཤོས་ཡིན། །དོན་དམ་པའི་བདེན་པ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་བ་ལང་རྫི་མོ་ལ་སོགས་པ་ཡན་ཆད་ཀྱིས་མཐོང་བ་དེ་ལྟར་ཀུན་རྫོབ་ཏུ་བདེན་པ་རྣམ་པར་གནས་ཀྱི་ཡང་དག་པར་ནི་མ་ཡིན་ཏེ། མཐོང་བ་དང་མཐུན་པར་དངོས་པོའི་དོན་ངེས་པར་འཛིན་པའི་ཕྱིར་རོ། །མཐོང་བ་ནི་རྣམ་པ་གཉིས་ཏེ་རྣམ་པར་རྟོག་པ་དང་བཅས་པ་དང༌། རྣམ་པར་རྟོག་པ་མེད་པའོ། །རིགས་པ་ཇི་ལྟ་བ་བཞིན་ཉིད་ནི་དོན་དམ་པའི་བདེན་པའོ། །ནི་ཞེས་བྱ་བའི་སྒྲ་ནི་བསྣན་པའི་དོན་ཏོ། །དོན་དམ་པར་བདེན་པ་ནི་དོན་དམ་པའི་བདེན་པ་སྟེ། དེ་ནི་རིགས་པའི་རྗེས་སུ་འགྲོ་བ་ཅན་གྱི་བདེན་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ །གང་གི་ཕྱིར། སླུ་བ་མེད་པས་རིགས་པ་ནི་དོན་དམ་ཡིན་ཏེ། རིགས་པའི་སྟོབས་ཀྱིས་དོན་ལ་ངེས་པ་ནི་སླུ་བར་མི་འགྱུར་ཏེ། དེའི་ཕྱིར་ཚུལ་གསུམ་པའི་རྟགས་ཀྱིས་བསྐྱེད་པའི་རྟོགས་པ་གང་ཡིན་པ་དེ་ནི་དམ་པ་ཡང་ཡིན་ལ། དོན་ཡང་ཡིན་པས་དོན་དམ་པའོ། །དེས་གཏན་ལ་ཕབ་པའི་དོན་ཀྱང་དོན་དམ་པ་སྟེ། མངོན་སུམ་ལ་སོགས་པ་བཞིན་དུ་བརྗོད་དོ། །ཀུན་རྫོབ་མིན། དོན་དམ་པ་ནི་ཀུན་རྫོབ་ཀྱི་བདེན་པ་མ་ཡིན་ཏེ། ཚིག་ཐ་མ་ཁོང་ནས་དབྱུང་བའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། དེ་ལྟར་མི་སླུ་མིན་ཕྱིར་ཏེ། དེ་ཇི་ལྟར་ཤེས་པའི་བདག་ཉིད་ལ་གནས་པ་དེ་ལྟར་རིགས་པས་མི་རུང་བའི་ཕྱིར་རོ། །ཇི་ལྟར་སྣང་བ་དེ་ཉིད་བདེན། །ཇི་ལྟར་སྣང་བ་དེ་ཉིད་ནི་ཀུན་རྫོབ་ཀྱི་བདེན་པའོ་ཞེས་བཤད་དོ། །ཟླ་བ་གཉིས་པ་ལ་སོགས་པ་ཡང་ཇི་ལྟར་སྣང་བ་ཁོ་ན་ཡིན་ན། འཇིག་རྟེན་པ་དག་དེ་ལྟར་ནི་ཁས་མི་ལེན་ཏེ། དེའི་ཕྱིར་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཅེས་འོག་ནས་འཆད་དོ། །ཇི་ལྟར་སྣང་བའི་དངོས་པོར་ནི། །རྣམ་པར་གནས་པར་མི་རུང་སྟེ། །ཤེས་པའི་དངོས་པོ་ཐམས་ཅད་ལ། །ཇི་ལྟ་བུར་ཡང་སྣང་མི་འགྱུར། །དོན་དམ་པ་ནི་


DTG107_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་སྣང་བ་བཞིན་དུ་རྣམ་པར་གནས་པ་མེད་དེ། ཐམས་ཅད་མཁྱེན་པའི་མཁྱེན་པ་ཉིད་ལ་ཡང་མི་སྣང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མདོ་སྡེ་ལས་འགའ་ཡང་མཐོང་བ་མེད་པ་ནི་དེ་ཁོ་ན་མཐོང་བ་ཞེས་གསུངས་སོ། །གལ་ཏེ་བརྟགས་པའི་ངོ་བོ་ཉིད། །འགའ་ཡང་མཐོང་བ་མེད་ཅེ་ན། །བརྟགས་པའི་ངོ་བོ་ཉིད་ཀྱི་དབང་དུ་མཛད་ནས་འགའ་ཡང་མཐོང་བ་མེད་པ་ནི་དེ་ཁོ་ན་མཐོང་བ་ཞེས་བྱ་བ་འདི་གསུངས་པར་འདོད་དེ། དེ་ནི་དེ་ལྟ་བུ་ཡིན་ནོ། །དེ་ལྟ་བུ་མ་ཡིན་ན་འགའ་ཡང་ཞེས་ཅིའི་ཕྱིར་གསུངས་ཏེ། ངོ་བོ་ཉིད་མི་མཐོང་བ་ཞེས་བྱ་བ་ཁོ་ནར་གསུང་བར་འགྱུར་བའི་རིགས་སོ་ཞེ་ན། དེ་ནི་མི་རུང་སྟེ། རང་རིག་རིགས་པ་མ་ཡིན་པའི་ཕྱིར། ཤེས་པ་ནི་གཉིས་ཀྱིས་དབེན་པའི་ངོ་བོ་རིག་པར་བྱུང་བ་ཡིན་པ་དང༌། དེ་མེད་པར་ཤེས་པར་འགྱུར་གྱི། དེ་ལྟ་མ་ཡིན་ན་མི་རིགས་པའི་ཕྱིར་རོ། །ཤེས་པ་ནི་བདག་གིས་བདག་ཤེས་པ་མ་ཡིན་ཏེ། རང་སྣང་བས་སྟོང་པའི་ཕྱིར་ཤེས་པ་གཞན་བཞིན་ནོ། །རང་སྣང་བར་ཁས་མི་ལེན་ན་ནི་ཐ་དད་པར་ཐལ་བར་འགྱུར་ཏེ། སྔོན་པོ་དང་དེ་ཤེས་པ་བཞིན་ནོ། །རིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་རང་རིག་པའི་ངོ་བོ་ཡིན་པས་དེའི་ཕྱིར་ཧ་ཅང་ཐལ་བར་མི་འགྱུར་རོ་ཞེ་ན། དེ་ཡང་མི་རུང་སྟེ་ཉེ་བའི་རྒྱུ་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཧ་ཅང་ཐལ་བ་ཉིད་དུ་འགྱུར་རོ། །གལ་ཏེ་ཤེས་པའི་ངོ་བོ་ཉིད་ནི་འདི་འདྲ་སྟེ། རང་གི་རྒྱུ་ལས་སྐྱེས་ཤིང་དེས་དེ་ལྟར་འགྱུར་རོ་ཞེ་ན། ཡང་མི་རུང་སྟེ། ལན་བཏབ་ཟིན་པའི་ཕྱིར་རམ། མི་སླུ་བའི་ཚད་མ་མེད་པའི་ཕྱིར་ཏེ། སེམས་མི་མཐུན་པའི་གཞན་རྣམས་ནི་རང་གི་ཚུལ་བརྗོད་པ་ཙམ་ལ་གུས་པར་མི་བྱེད་དོ། །ཤེས་པ་རྣམ་པ་མེད་པར་སྨྲ་བས་དེ་སྐད་བརྒལ་བ་ལ། མཚན་ཉིད་དང་རྣམ་འགྲེལ་བྱེད་པའམ། གཞན་ཡང་རུང་གང་གིས་ཡུལ་གྱི་རྣམ་པ་ཉིད་ཀྱི་ཚད་མ་བསྒྲུབ་པ་ཇི་སྐད་བརྗོད་པར་བྱ། རྒྱུའི་ནུས་པ་བཀག་ཕྱིར་རོ། །འོག་ནས་རྒྱུའི་ནུས་པ་བཀག་པའི་ཕྱིར་ཡང་འདི་རིགས་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ངོ་བོ་ཉིད་ཐམས་ཅད་མི་མཐོང་བ་ནི་དེ་ཁོ་ན་མཐོང་བའོ་ཞེས་བྱ་བར་ཆུག་ན་ཡང་ཇི་ག་ངེས་པར་བྱ་བར་མི་ནུས་ཏེ། འདི་ལྟར། ཡོད་མེད་དངོས་པོ་མཁྱེན་པ་པོ། །ཀུན་མཁྱེན་པས་ཀྱང་གང་མ་གཟིགས། །དེ་ཡི་དངོས་པོ་ཅི་འདྲ་ཞིག །ཤིན་ཏུ་ཞིབ་པའི་ལྟ་བས་དཔྱོད། །ཤེས་བྱ་མཐའ་དག་ལ་ཁྱབ་པའི་ཡེ་ཤེས་དང་


DTG107_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི་ཕྱིར་ཀུན་མཁྱེན་པ་སྟེ། དེས་མི་དམིགས་པ་ཇི་ལྟར་ཡོད་པར་འགྱུར་ཞེས་བསམས་པའོ། །དེ་ཉིད་ཀྱི་ཕྱིར་མདོ་ལས་ཀྱང་དེ་ལ་ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། ཇི་སྙེད་འཇིག་རྟེན་གྱི་ཐ་སྙད་གདགས་པ་དང༌། ཡི་གེ་དང་སྐད་དང་བརྡ་བསྟན་བདག་གོ །དོན་དམ་པའི་བདེན་པ་ནི་གང་ལ་སེམས་རྒྱུ་བ་ཡང་མེད་ན། ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་སོ། །འཇིག་རྟེན་གྱི་ཐ་སྙད་གདགས་པ་ནི་འཇིག་རྟེན་གྱི་འཇུག་པ་སྟེ། ཤེས་པ་དང་ཤེས་བྱའི་མཚན་ཉིད་ཡིན་གྱི། རྗོད་པར་བྱེད་པའི་མཚན་ཉིད་ནི་མ་ཡིན་ཏེ། དེ་ནི་འོག་མས་བརྗོད་པའི་ཕྱིར་རོ། །ཇི་སྙེད་ཅེས་བྱ་བའི་ཚིག་ནི་མཐའ་དག་ཅེས་བྱ་བའི་དོན་ཏོ། །དེས་ན་རྣམ་པར་རྟོག་པ་མེད་པའི་མངོན་སུམ་གྱི་ཤེས་པས་ཡོངས་སུ་བཅད་པའི་ངོ་བོའི་དངོས་པོ་གཟུགས་ལ་སོགས་པ་དང་བདེ་བ་ལ་སོགས་པར་རིག་པར་གྲུབ་པ་རྣམས་ནི་ཀུན་རྫོབ་ཀྱི་བདེན་པ་ཁོ་ན་ཡིན་ནོ། །དེ་ནི་འོག་ཏུ་ཡང་སྦྱར་བར་བྱའོ། །དེའི་ཕྱིར་མོད་ལས་འབྱུང་བ་དང༌། ཡི་གེ་དང་སྐད་དང་བརྡ་བསྟན་པ་གཞན་དག་ཀྱང་གཟུང་ངོ༌། །དེ་ནི་དེ་ལྟར་རྟོགས་པར་བྱ་སྟེ། དོན་དམ་པའི་བདེན་པ་བསྟན་པ་ལ། སེམས་རྒྱུ་བ་ཡང་མེད་ཅེས་གསུངས་པའི་ཕྱིར་རོ། །རྗོད་པར་བྱེད་པའི་མཚན་ཉིད་ཁོ་ན་ཀུན་རྫོབ་ཀྱི་བདེན་པ་ཡིན་ན་ནི། ཡི་གེ་རྒྱུ་བ་ཡང་མེད་ན་ཞེས་གསུང་བར་འགྱུར་གྱི། སེམས་ཞེས་གསུང་བར་ནི་མི་འགྱུར་རོ། །གལ་ཏེ་ཇི་སྐད་གསུངས་པའི་གོ་རིམས་ཅན་དེ་གཉིས་མི་འདོད་ན་ནི། སེམས་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བར་བརྗོད་པར་བྱ་བའི་གོ་རིམས་ཅིའི་ཕྱིར་མཛད། རྣམ་པར་རྟོག་པའི་ཤེས་པ་ཉིད་ཡིན་པར་ཡོངས་སུ་གཟུང་ན་ནི་རྣམ་པར་རྟོག་པ་རྒྱུ་བ་ཡང་མེད་ན་ཞེས་གསུངས་པར་འགྱུར་ཏེ། ཐེ་ཚོམ་མེད་པའི་ཕྱིར་རོ། །འདི་ལ་ངེས་པར་བྱེད་པའི་ཚད་མ་ནི་མེད་དོ། །སྤྱིའི་སྒྲ་ཡང་དོན་དང་སྐབས་ལ་སོགས་པ་མེད་པར་བྱེ་བྲག་ཏུ་གཞག་པར་མི་ནུས་སོ། །ཡང་ན་རྗོད་པར་བྱེད་པའི་སྤྱི་ནི་རྣམ་པར་རྟོག་པའི་རྗེས་སུ་འཇུག་པའི་ཕྱིར། དེ་བརྗོད་པས་གཉིས་སྨོས་པ་ཁོ་ན་ཡིན་ན། ཅིའི་ཕྱིར་གཉིས་གསུངས། དེ་ལྟ་ན་ནི་སེམས་རྒྱུ་བ་ཡང་མེད་པ་ནི་ཡི་གེ་རྣམས་རྒྱུ་བ་མེད་པ་ཁོ་ནར་བསྟན་པའི་ཕྱིར། ཡང་ཞེས་བྱ་བའི་སྒྲ་མཛེས་པ་མ་ཡིན་པའི་ཕྱིར་རོ། །རང་གི་མཚན་ཉིད་ནི་དོན་རྗོད་པར་བྱེད་པ་མ་ཡིན་པའི་ཕྱིར་དེ་ཐུགས་ལ་བཞག་ནས་བརྗོད་པར་


DTG107_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བ་ཁོ་ན་མ་ཡིན་ནོ། །དོན་འོག་མ་བརྗོད་པར་ཡང་གོང་མ་འདུས་པ་ཉིད་ཡིན་ཏེ། རྗོད་པར་བྱེད་པ་སྤྱིའི་རྗེས་སུ་ནང་གི་བརྗོད་པ་འབྲང་བ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་དངོས་པོ་ཙམ་དང་མཐུན་པར་བྱེད་པའི་ངང་ཅན་གྱི་སེམས་ཀྱང་རྒྱུ་བ་ཡང་མེད་ཅེས་བྱ་བ་འདི་ཉིད་ཡང་དག་པར་ན་བཅོམ་ལྡན་འདས་བཞེད་དོ། །དེ་ལྟ་ནི་ཐམས་ཅད་འཚམ་མོ། །དེ་ལྟར་གྱུར་ན། བདག་ཉིད་རིག་པ་ཡིན་པའི་ཕྱིར། །སེམས་ཀྱི་སྤྱོད་ཡུལ་གྱུར་པའི་ཤེས། །རྣམ་པར་དག་པའང་ཡང་དག་ཏུ། །རིགས་སམ་འོན་ཏེ་མིན་ཞེས་སྨོས། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ཀུན་རྫོབ་དེ་ནི་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། དེ་ལ་བརྟགས་པའི་དོན་གྱིས་དབེན་གྱུར་པ། །དངོས་ཙམ་བརྟེན་ནས་གང་སྐྱེས་ཏེ། །ཡང་དག་ཀུན་རྫོབ་ཤེས་པར་བྱ། །བརྟགས་པའི་དོན་ནི་ཡང་དག་པར་སྐྱེ་བ་ལ་སོགས་པ་དང༌། རྣམ་པར་ཤེས་པ་སྣང་བ་དང༌། གཙོ་བོ་དང་འབྱུང་བའི་ཡོངས་སུ་འགྱུར་བ་ལ་སོགས་པ་སྟེ། དེ་དག་གིས་དབེན་པའོ། །དངོས་པོ་ཙམ་གང་ཡིན་པ་ནི་ཇི་ལྟར་སྣང་བ་བཞིན་དུ་དོན་བྱེད་ནུས་པའི་ཕྱིར་རོ། །རྒྱུ་དང་རྐྱེན་རྣམས་ལ་བརྟེན་ནས་སྐྱེས་པ་དེ་ནི་ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་ཤེས་པར་བྱ་སྟེ། འདི་ལྟར་བྱིས་པ་ཡན་ཆད་ཀྱི་ཤེས་པ་ལ་མཐུན་པར་དོན་ཇི་སྙེད་རྒྱུ་ལས་སྣང་བ་དེ་ནི་ཡང་དག་པའི་ཀུན་རྫོབ་ཡིན་པར་རིགས་ཏེ། ཤེས་པ་ལ་སྣང་བ་དང་མཐུན་པར་དངོས་པོ་གནས་པའི་ཕྱིར་རོ། །ཡང་དག་པར་སྐྱེ་བ་ལ་སོགས་པ་ནི་མི་སྣང་སྟེ། ཇི་ལྟ་བུར་ཡང་རུང་བའམ། གྲུབ་པའི་མཐའ་ལ་བརྟེན་ནས་སྒྲོ་བཏགས་པ་འབའ་ཞིག་ཏུ་ཟད་དོ། །དེ་ལྟ་མ་ཡིན་ན་ནི་རྩོད་པ་མེད་པར་ཐལ་བ་ཁོ་ནར་འགྱུར་རོ། །རྒོལ་བ་དང་ཕྱིར་རྒོལ་བའི་ཤེས་པ་ལ་སྣང་བའི་ཆ་ལ་ནི་རྩོད་པ་སུ་ཡང་མེད་དོ། །རྩོད་པར་བྱེད་ན་ནི་མངོན་སུམ་ལ་སོགས་པས་གནོད་པར་འགྱུར་རོ། །ཡང་དག་མིན་ནི་ཀུན་བརྟགས་ཡིན། །ཡང་དག་པར་སྐྱེ་བ་ལ་སོགས་པ་གང་ཡིན་པ་དེ་ནི་རྟོག་པའི་བཟོས་སྦྱར་བ་སྟེ། དེ་ནི་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཀྱི་བདེན་པའོ། །ནི་ཞེས་བྱ་བ་ནི་བསྣན་པའི་དོན་ཏམ་གོ་རིམས་བཟློག་པའོ། །འོ་ན་ཡང་དག་པར་སྐྱེ་བ་ལ་སོགས་པ་བཀག་པ་ཡང་ཅི་ག་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཏུ་འགྱུར་ཏེ། དེ་ནི་དངོས་པོ་སྣང་བ་ན་ཡང་དག་པར་སྐྱེ་བ་ལ་སོགས་པ་བཞིན་དུ་མི་སྣང་ངོ༌། །མ་ཡིན་ཏེ་དངོས་པོའི་


DTG107_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་དང་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །ཆོས་གཞན་ཞིག་ཡིན་པར་ཡོངས་སུ་བརྟགས་ན་ནི་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཏུ་ཡང་འགྱུར་རོ། །གང་གི་ཕྱིར། སྐྱེ་ལ་སོགས་པ་བཀག་པ་ཡང༌། །ཡང་དག་པར་སྐྱེ་བ་ལ་སོགས་པར་རྟོག་པའི་དངོས་པོ་བཀག་པའི་གཏན་ཚིགས་ཀྱིས། ཡང་དག་པ་དང་མཐུན་ཕྱིར་འདོད། །དོན་དམ་པ་ཡིན་པར་ཁོ་བོ་ཅག་འདོད་དོ། །གཞན་དག་ནི་ཡང་དག་པ་ཁོ་ནར་འཛིན་པས། ཡང་ཞེས་བྱ་བ་ནི་བསྡུ་བའི་དོན་ཏོ། །དེ་ཡང་རིགས་པས་དཔྱད་ན་ཀུན་རྫོབ་ཁོ་ན་སྟེ། ཅིའི་ཕྱིར་ཞེ་ན། དགག་བྱ་ཡོད་པ་མ་ཡིན་ཕྱིར། །ཡང་དག་ཏུ་ན་བཀག་མེད་གསལ། །དགག་བྱ་མེད་ན་བཀག་པ་མི་འབྱུང་བའི་ཕྱིར་ཏེ། ཡུལ་མེད་པའི་བཀག་པ་མི་རིགས་པའི་ཕྱིར་རོ། །གལ་ཏེ་གཟུགས་ལ་སོགས་པ་ལ་སྐྱེ་བ་ལ་སོགས་རྣམ་པར་རྟོག་པའི་རྒྱུ་ཅན་ཕ་རོལ་པོས་དངོས་པོ་ཡང་དག་པ་ཉིད་དུ་བརྟགས་པ་གང་ཡིན་པ་དེ་དགག་བྱ་ཉིད་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན། བརྟགས་པའི་རང་གི་ངོ་བོ་ཡི། །བཀག་པ་བརྟགས་མིན་ཇི་ལྟར་འགྱུར། །དགག་བྱ་བརྟགས་པ་ཡིན་དུ་ཟིན་ན། བཀག་པ་ཡང་བརྟགས་པ་ཉིད་དུ་འགྱུར་ཏེ། མོ་གཤམ་གྱི་བུའི་སྔོ་བ་སངས་ཉིད་ལ་སོགས་པ་བཀག་པ་བཞིན་ནོ། །ཡང་དག་པ་བཀག་པ་མེད་ཀྱང་སྐྱེ་བ་ལ་སོགས་པ་ཡོད་པར་མི་འགྱུར་ཏེ། བཀག་པས་སྐྱེ་བ་མེད་པ་ལ་སོགས་པ་ལ་མ་ཁྱབ་པའི་ཕྱིར་དང༌། དེ་ཡོད་པའི་རིགས་པ་མེད་པའི་ཡང་ཕྱིར་རོ། །དེ་བས་འདི་ནི་ཀུན་རྫོབ་སྟེ། །ཡང་དག་པར་ན་སྐྱེ་བ་མེད་ཅེས་བྱ་བ་ལ་སོགས་པའོ། །ཡང་དག་དོན་ཡིན་ཡང་དག་མིན། །ཡང་དག་པའི་དོན་ཅེས་བྱ་བར་བསྙེགས་སོ། །གང་གི་ཕྱིར་ཞེ་ན། ཡང་དག་ཏུ་ན་གཉིས་མེད་དེ། །དེ་ཉིད་ཕྱིར་ན་དེ་སྟོང་མིན། །མི་སྟོང་མ་ཡིན་ཡོད་མེད་མིན། །མི་སྐྱེ་མ་ཡིན་སྐྱེ་མིན་ཞེས། །དེ་ལ་སོགས་པ་བཅོམ་ལྡན་གསུངས། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་སྤྲོས་པ་མེད་པ་ཡིན། །དེ་ཁོ་ན་རྟོག་པའི་དྲ་བ་ཐམས་ཅད་དང་བྲལ་བའོ། །དེ་ཉིད་ཀྱི་ཕྱིར། འཇམ་དཔལ་གྱིས་ནི་ཡང་དག་དྲིས། །རྒྱལ་བའི་སྲས་པོ་མི་གསུང་བཞུགས། །མདོ་ལས། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། ལིཙྪ་བཱི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བདག་ཅག་གིས་ནི་རང་རང་གི་བསྟན་པ་བཤད་ཟིན་ན། ཁྱོད་ཀྱང་གཉིས་


DTG107_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མེད་པའི་ཆོས་ཀྱི་སྒོ་བསྟན་པ་ལ་སྤོབས་པ་མཛོད་ཅིག །ལིཙྪ་བཱི་དྲི་མ་མེད་པར་གྲགས་པ་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། ལིཙྪ་བཱི་དྲི་མ་མེད་པར་གྲགས་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་གང་ལ་ཡི་གེ་དང་སྐད་དང༌། རྣམ་པར་རིག་བྱེད་འཇུག་པ་མེད་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཉིས་སུ་མེད་པའི་སྒོ་ལ་འཇུག་པ་སྟེ། ལེགས་སོ་ལེགས་སོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །གཉིས་པོ་དག་ལས་དབེན་པའི་དངོས། །གཞན་དབང་དངོས་པོ་ཡང་དག་ན། །དྲིས་ན་ཅི་ཕྱིར་རྒྱལ་བའི་སྲས། །དེ་ནི་མི་གསུང་བཞུགས་པར་གྱུར། །བརྡ་ཤེས་རིགས་པ་ཤེས་པ་ཡི། །སྐྱེ་བོ་དག་ནི་ཇི་ལྟར་ཡང༌། །རང་གི་རྟོགས་པ་རྗོད་བྱེད་དེ། །དེ་བས་མི་གསུང་མི་རིགས་སོ། །དེ་ལྟ་མིན་ན་སྒྲ་རྣམས་ཀྱི། །རང་གི་མཚན་ཉིད་མཐར་ཕྱིན་ཉིད། །རིགས་པ་སྨྲ་བས་གང་བརྗོད་དེ། །ཇི་ལྟར་རིགས་པ་གསལ་བར་སྨྲོས། །གང་ཕྱིར་ཁོ་ན་དེ་ལ་ནི། །བརྗོད་བྱའི་བག་ཀྱང་ཅི་ཡང་མེད། །དེ་ཡི་ཕྱིར་ན་དྲིས་ཀྱང་དོན། །མི་གསུང་བཞུགས་པས་རྒྱ་ཆེར་བཤད། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བ་ཅན་དུ་གནས་པའི་བྱང་ཆུབ་སེམས་དཔའ་དེས་གང་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་མ་གཏོགས་པའི་ཆོས་རྡུལ་ཕྲ་རབ་ཙམ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་འདི་ལ་འགལ་བ་མེད་དེ། ཆོས་སྨོས་པའི་ཕྱིར་རོ། ཡང་ཀུན་རྫོབ་ནི་རྣམ་པ་གཉིས་སུ་བསྟན་ཏེ། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པས། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་བྱ་བའོ། ཤེས་པ་གསལ་བའི་རྣམ་པ་སྣང་བ་ཅན་དུ་འདྲ་ཡང༌། ཇི་ལྟར་སྣང་བ་བཞིན་དུ་དོན་བྱེད་པ་ལ་སླུ་བ་དང་མི་སླུ་བ་ཡིན་པར་ངེས་པར་བྱས་ནས་ཆུ་ལ་སོགས་པ་དང་སྨིག་རྒྱུ་ལ་སོགས་པ་དག་འཇིག་རྟེན་གྱིས་ཡང་དག་པ་དང་ཡང་དག་པ་མ་ཡིན་པར་རྟོགས་སོ། །དངོས་སུ་ན་གཉིས་ནི་ངོ་བོ་ཉིད་མེད་པ་ཉིད་དུ་ངོ་བོ་ཉིད་མཚུངས་པ་ཁོ་ནའོ། །ཇི་ལྟར་སྣང་བ་བཞིན་དུ་ནི་རྣམ་པར་གནས་སོ། །དོན་བྱེད་པ་ལ་སླུ་བ་དང་མི་སླུ་བ་ཡང་ཇི་ལྟར་གྲགས་པ་ཁོ་ན་བཞིན་ཏེ། དེ་ཡང་ངོ་བོ་ཉིད་མེད་པའི་ཕྱིར་རོ། །བརྟེན་ནས་སྐྱེས་པ་དོན་གྱི་བྱ་བ་ཕྱེད་པ་དངོས་པོ་ཙམ་ནི་ཁོ་བོ་དང་ཁྱོད་ཀྱིས་ཀྱང་ཁས་བླངས་ཏེ། དེ་ལ་འུ་བུ་ཅག་བྱེ་བྲག་ཅི་ཞིག་ཡོད་པ་མ་ཡིན་


DTG107_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ནམ། བདེན་ཏེ། གལ་ཏེ་ཁྱོད་ཀྱང་རིགས་མིན་པར། །ཇི་ལྟར་སྣང་བཞིན་འདོད་ན་ནི། །འུ་བུ་ཅག་ལ་དེ་མཚུངས་ཉིད། །རིགས་པར་ན་ནི་ཐམས་ཅད་འཁྲུགས། །གལ་ཏེ་ཇི་ལྟར་སྣང་བ་བཞིན་དུ་ཁྱོད་ཀྱང་འདོད་ན་ནི། འུ་བུ་ཅག་མཚུངས་པ་ཡིན་ཏེ་ཁོ་བོ་ཅག་ཀྱང་ང་རྒྱལ་ག་ལ་བྱེད། གལ་ཏེ་ཁྱོད་འདི་རིགས་པའི་རྗེས་སུ་འགྲོ་བ་ཅན་ཡིན་པར་ཁས་ལེན་ན་ནི། དེ་ཁོ་བོ་ཅག་མི་འདོད་དོ། །གང་གི་ཕྱིར་རིགས་པར་ན་ཐམས་ཅད་བརྡས་ནས་འཐོར་བ་དང་འདྲ་བའི་ཕྱིར་ཏེ། འདི་ལྟར་རྒྱུ་དང་འབྲས་བུའི་དངོས་པོར་ངེས་པ་འདི་ལ་ཁྱོད་ཀྱི་ཐབས་མེད་པ་ཁོ་ན་ཡིན་ནོ། །འདི་ལྟར་རྣམ་པ་མེད་པའི་ཤེས་པ་ནི། །ཡུལ་ལ་འཛིན་པར་མི་རིགས་སོ། །རྣམ་པ་ཚད་མ་མིན་ཕྱིར་དང༌། །མི་རིགས་ཕྱིར་ན་ཅིག་ཤོས་མིན། །གང་ཕྱིར་སྣ་ཚོགས་ངོ་བོ་རུ། །སྣང་བ་ཅན་གྱི་དངོས་གཅིག་ལ། །རྣམ་པ་རྣམས་བདེན་ཇི་ལྟར་འགྱུར། །དེ་ཡི་གཅིག་ཉིད་ཉམས་ཕྱིར་རོ། །དེ་ལྟ་ཡིན་ན་མངོན་སུམ་དང༌། །མི་དམིགས་པ་ཡི་འབྲས་བུ་དང༌། །རྒྱུ་ཉིད་དུ་ནི་མི་འགྲུབ་བོ། །རྣམ་པ་གཞན་ཞིག་རྣམ་པར་སྨོས། །གལ་ཏེ་རྒྱུ་འབྲས་ཉིད་བློ་ཡི། །ཐབས་འགའ་ཞིག་ནི་ཡོད་ཅེ་ན། །དེ་སྨྲོས་འདུད་པ་བདག་ཅག་ལ། །སེར་སྣ་བྱ་བར་ག་ལ་རིགས། །དེས་ན་ཐམས་ཅད་མཁྱེན་དེས་ཀྱང༌། །གཞན་གྱི་དབང་གི་སྐད་ཅིག་གི ། རྒྱུ་དང་འབྲས་བུ་གསལ་བར་ནི། །ཅུང་ཟད་ཙམ་ཡང་མཁྱེན་མི་སྤྱོད། །སངས་རྒྱས་སྤྱོད་ཡུལ་བསམ་ཡས་པས། །ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན། །རིགས་པའི་རྗེས་སུ་འགྲོ་བ་ལ། །ཡུག་པ་རྐྱང་འདི་མི་རིགས་སོ། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །རྒྱུ་དང་འབྲས་བུའི་དངོས་པོ་ཡང་རིགས་པ་མ་ཡིན་ཏེ་འདི་ལྟར། དུ་མས་དངོས་པོ་གཅིག་མི་བྱེད། །དུ་མས་དུ་མ་བྱེད་མ་ཡིན། །གཅིག་གིས་དུ་མའི་དངོས་མི་བྱེད། །གཅིག་གིས་གཅིག་བྱེད་པ་ཡང་མིན། །དུ་མས་གཅིག་བྱེད་མ་ཡིན་ཏེ། །འདི་ལྟར་ངོ་བོ་ཉིད་ཐ་དད་པ་མིག་ལ་སོགས་པ་དག་ལས་འབྲས་བུ་ཐ་དད་པ་མ་ཡིན་པ་འབྱུང་ན་ནི། རྒྱུའི་ཐ་དད་པ་ནི་ཐ་དད་པ་བྱེད་པར་མི་འགྱུར་ཏེ། དེ་ཐ་དད་ཀྱང་ཐ་དད་པ་མེད་པའི་ཕྱིར་རོ། །ཐ་དད་པ་མ་ཡིན་པ་མེད་ཀྱང་ཐ་དད་པ་མེད་པར་འགྱུར་བས། ཐ་དད་པ་མེད་པ་ཡང་ཐ་དད་པ་མེད་པ་བྱེད་པར་མི་འགྱུར་རོ། །དེའི་ཕྱིར་ཐ་དད་པ་དང་ཐ་དད་པ་མེད་པ་ནི་རྒྱུ་མེད་པ་ཅན་དུ་འགྱུར་ཏེ། ཐམས་ཅད་ཀྱང་དེ་ལས་


DTG107_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

གུད་ན་མེད་པའི་ཕྱིར། ཐམས་ཅད་ཀྱང་རྒྱུ་མེད་པ་ཅན་དུ་འགྱུར་རོ། །དེ་ལྟར་གྱུར་ན་རྟག་ཏུ་ཡོད་པའམ་མེད་པ་ཞིག་ཏུ་འགྱུར་རོ། །དེ་ལྟར་མི་འགྱུར་ཏེ་གང་གི་ཕྱིར་རྒྱུ་དུ་མས་དུ་མ་བྱེད་བའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། རང་གི་ངོ་བོ་ཉིད་ཇི་ལྟ་བའི་བྱེ་བྲག་གིས་དེའི་བྱེ་བྲག་ལ་ཉེ་བར་སྦྱོར་བའི་ཕྱིར་ཏེ། རྒྱུའི་ཉེ་བར་སྦྱོར་བས་འབྲས་བུའི་ངོ་བོ་ཉིད་ཀྱི་བྱེ་བྲག་མ་འདྲེས་པའི་ཕྱིར་རོ། །འདི་ལྟར་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་རྣམ་པར་ཤེས་པ་ལས་ནི་མིག་གི་རྣམ་པར་ཤེས་པ་རྟོགས་པའི་བདག་ཉིད་དུ་འགྱུར་རོ། །མིག་གི་དབང་པོ་ལས་ནི་རྟོགས་པའི་བདག་ཉིད་དེ་ཉིད་གཟུགས་ལ་འཛིན་ནུས་པ་ཉིད་དུ་སོ་སོར་དེས་སོ། །ཡུལ་ལས་ནི་དེ་དང་མཐུན་པའི་ངོ་བོ་ཉིད་ཁོ་ནར་འགྱུར་རོ། །དངོས་སུ་ན་འབྲས་བུ་ཐ་དད་པ་མ་ཡིན་ཡང་རྒྱུ་རྣམས་ཀྱི་ངོ་བོ་ཉིད་ཐ་དད་པ་དག་གིས་ངོ་བོ་ཉིད་ཐ་དད་པ་ཁོ་ནར་འགྱུར་ཏེ། རྒྱུའི་ཐ་དད་པས་ཀྱང་འབྲས་བུ་བྱེ་བྲག་དེ་ཐ་དད་པ་མེད་པ་ནི་མ་ཡིན་ནོ། །གཞན་དུ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་ནི་རིགས་པ་མ་ཡིན་ཏེ་རྟོགས་པའི་བདག་ཉིད་ལ་སོགས་པ་དག་ཕན་ཚུན་ཐ་དད་ན་ནི། རྣམ་པར་ཤེས་པ་དེ་དུ་མར་འགྱུར་ཏེ། དེ་དག་དང་ཐ་མི་དད་པའི་ཕྱིར་རོ། །ཐ་དད་ན་ནི་རྒྱུ་མེད་པ་ཅན་དུ་འགྱུར་ཏེ་རྒྱུའི་བྱེད་པ་གཞན་དུ་ཉེ་བར་སྦྱར་བ་བྱས་པའི་ཕྱིར་རོ། །དེ་དག་ཕན་ཚུན་ཐ་དད་པ་མེད་པར་ཡང་འགྱུར་ཏེ། རྣམ་པར་ཤེས་པ་གཅིག་ལས་གཞན་མ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ནི་རྒྱུའི་ཡུལ་ཐ་དད་པར་བརྟགས་པས་དོན་ཅི་ཞིག་སོས་པར་འགྱུར་ཏེ། དེའི་ཕྱིར་གནས་སྐབས་དེའི་ཉེས་པར་འགྱུར་རོ། །གལ་ཏེ་འབྲས་བུའི་བདག་ཉིད་དུ་མ་ལས་ལོག་པ་དང་ལྡན་པའི་ཆོས་རྒྱུ་དང་མཐུན་པར་ཐ་དད་པར་བརྟགས་པ་བྱས་ན་དེའི་བྱེད་པའི་ཡུལ་ཐ་དད་བར་བརྟག་པ་བྱེད་དོ་ཞེ་ན། གྱིས་ཤིག་རྒྱུའི་བྱེད་པ་དེ་ནི་རྟོགས་པའི་བཟོས་སྦྱར་བ་དག་ལ་ཡིན་ཏེ། དེའི་ཕྱིར་ཡང་དག་པའི་དོན་དུ་ན་བཏགས་པ་ཁོ་ན་ཡིན་པར་འགྱུར་རོ། །དེ་ལྟ་ན་ནི་འབྲས་བུ་རྒྱུ་མེད་པ་ཅན་དུ་འགྱུར་ཏེ། རྒྱུའི་བྱེད་པ་བརྟགས་པའི་བདག་ཉིད་རྣམས་ལ་ཉེ་བར་སྦྱོར་བར་བྱེད་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་དངོས་སུ་ན་འབྲས་བུ་ཐ་དད་པ་མ་ཡིན་ཡང་བྱེ་བྲག་རྣམས་ནི་ཐ་དད་དོ་ཞེ་ན། དེ་ལྟར་གྱུར་ན་ནི་ཆོས་དང་ཆོས་ཅན་དངོས་སུ་ཐ་དད་པ་ཁོ་ནར་འགྱུར་ཏེ། ཐ་དད་པ་དང་ཐ་དད་པ་མ་ཡིན་པའི་ངོ་བོ་ཉིད་དང་ལྡན་པའི་ཕྱིར་རོ། །དེ་ལྟ་ན་ཡང་སྔར་སྨོས་


DTG107_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཉེས་པ་ཡོད་དོ། །ཇི་སྟེ་བྱེ་བྲག་དེ་དག་ཀྱང་བརྟགས་པ་ཁོ་ན་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་ནི་རྒྱུའི་ཐ་དད་པའི་རང་བཞིན་རྣམས་ལས་བྱེ་བྲག་ཐ་དད་པ་རྣམས་ཁོ་ན་འབྱུང་ངོ་ཞེས་བྱ་བ་ཡང་རིགས་པ་མ་ཡིན་ཏེ་རྟོག་པས་བཀོད་པའི་ཐ་དད་པ་ནི་རྒྱུའི་བྱེད་པ་ལ་མི་ལྟོས་སོ། །འབྲས་བུ་ཐ་དད་མ་ཡིན་ཡང༌། །བྱེ་བྲག་རྣམས་ནི་ཐ་དད་དང༌། །གཞན་མིན་ཁྱེད་འདོད་དེ་བས་ན། །ཀྱེ་ཅི་དབང་ཕྱུག་གིས་བྱས་སམ། །རྟོགས་པའི་ངོ་བོ་ལས་གཞན་མིན། །དེ་ནི་གཟུགས་ལས་སྐྱེས་མ་ཡིན། །རྣམ་པ་དེ་ལས་གཞན་མིན་ཕྱིར། །གཟུགས་ལས་ཀྱང་ནི་སྐྱེ་བར་འགྱུར། །གཅིག་ལ་ཅིག་ཅར་སྐྱེ་བ་དང༌། །མི་སྐྱེ་དེ་བཞིན་སྐྱེད་བྱེད་དང༌། །སྐྱེད་བྱེད་མ་ཡིན་ཡང་དག་པར། །ཅི་ཡི་ཕྱིར་ན་མི་འགལ་སྨྲོས། །ཀུན་ལས་ཐམས་ཅད་སྐྱེ་ན་ནི། །ཐ་དད་ཐ་དད་མ་ཡིན་པ། །ཁྱེད་ལ་རྒྱུ་མེད་གསལ་བར་འགྱུར། །རིགས་པའི་རྗེས་སུ་འབྲངས་ནས་སྨྲས། །གལ་ཏེ་བྱེ་བྲག་རྐྱེན་རྣམས་ལས། །སྐྱེ་བར་འདོད་ན་རེ་རེ་ནི། །སྐྱེད་པར་བྱེད་པ་མ་ཡིན་འགྱུར། །ཡིན་ན་འབྲས་བུ་རྒྱུ་མེད་འགྱུར། །གལ་ཏེ་ཁྱོད་ནི་རྐྱེན་རྣམས་ལས། །འབྲས་བུ་སྐྱེ་བར་འདོད་ན་ནི། །ཐ་དད་ཐ་དད་མ་ཡིན་པ། །སྔ་མ་བཞིན་དུ་རྒྱུ་མེད་ཐལ། །ཇི་སྟེ་དེ་གཉིས་གཞན་མིན་ན། །རྣམ་པར་དབྱེ་བ་ཅི་ཕྱིར་འཐད། །བཤད་ཟིན་ཉེས་པར་ཐལ་འགྱུར་ཕྱིར། །འདི་ནི་གླང་ཆེན་ཁྲུས་འདྲར་འགྱུར། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །གཞན་ཡང་གཞན་འདི་བརྗོད་པར་བྱ་སྟེ། མིག་ལ་སོགས་པའི་བདག་ཉིད་ཁྱད་པར་གང་གིས་འབྲས་བུ་གཅིག་སྐྱེད་པ་ན་ཅི་དེ་ཉིད་ཀྱིས་གཞན་ཡང་བྱེད་དམ། གལ་ཏེ་དེ་ཉིད་ཀྱིས་སོ་ཞེ་ན། ཇི་ལྟར་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་དག་རྒྱུ་མེད་པ་ཅན་དུ་མི་འགྱུར་ཏེ་རྒྱུ་ཐ་དད་པ་མེད་པ་བཞིན་དུ་ཡང་འབྲས་བུ་ཐ་དད་པའི་ཕྱིར་རོ། །གལ་ཏེ་གཞན་གྱིས་སོ་ཞེ་ན། འོ་ན་ནི་དངོས་པོ་དེ་གཅིག་པུར་མི་འགྱུར་ཏེ། བདག་ཉིད་ཀྱི་ཁྱད་པར་ལས་ཐ་དད་པ་མེད་པའི་ཕྱིར་རོ། །གལ་ཏེ་རྒྱུ་གཅིག་གིས་འབྲས་བུ་གཅིག་ཁོ་ན་བྱེད་དུ་ཟད་མོད་ཅེ་ན། དེ་ལྟ་ནི་མ་ཡིན་ཏེ། མིག་ལ་སོགས་པ་རང་གི་རིགས་དང་མཐུན་པའི་སྐད་ཅིག་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར། འགྲོ་བ་ཐམས་ཅད་ལོང་བ་དང་འོན་པ་ལ་སོགས་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །རང་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཉིད་ཡིན་


DTG107_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནི། རང་གི་རིགས་ཆད་དེ། དེ་བས་ན་ཅིར་ཡང་མི་རུང་ལ། ཁས་ཀྱང་མི་ལེན་ཏོ། །དབང་ཕྱུག་བཞིན་དུ་གཞལ་བྱའི་ཕྱིར། །འགྲོ་བའི་བྱེད་པོ་དབང་ཕྱུག་མིན། །དེ་ལྟ་མིན་ན་གཞལ་བྱ་ཉིད། །ལ་སོགས་ཡེ་མེད་ཁོ་ནར་འགྱུར། །སློབ་དཔོན་གྱིས་ནི་སྐྱེ་དགག་འདི། །རྣམ་པ་མང་པོ་མཛད་དེ་ལ། །སྐྱེ་བོ་བདག་ཉིད་མི་ཤེས་པས། །སུན་འབྱིན་བྱེད་པ་འདི་འདྲ་སྨྲ། །བདག་ལས་གཞན་ལས་ཞེས་བྱ་བའི། །སྙད་འདོགས་པ་ནི་བཏགས་པ་ཡིན། །དེ་བཞིན་སྐྱེ་བ་འགོག་བྱེད་འདི། །གྲུབ་པ་བསྒྲུབ་པ་དེ་མ་ཡིན། །འདི་ལྟར་དངོས་པོ་རྒྱུ་མེད་མིན། །འདི་ཡི་རྒྱུ་ནི་དགོས་པས་ན། །དེ་གང་ཞེས་ནི་མངོན་དྲིས་ན། །ཁྱོད་ཀྱིས་འགའ་ཞིག་མངོན་སྨྲ་དགོས། །སཱ་ལུའི་ས་བོན་སོགས་རྒྱུན། །ཅི་དེ་གཞན་ནམ་དེ་ཉིད་ཡིན། །ཕན་ཚུན་ལོག་པའི་ལུས་ལ་ནི། །རྣམ་པ་གཞན་དག་མི་སྲིད་དོ། །བརྗོད་པར་མི་ནུས་ཞེ་ན་ཡང༌། །མི་རིགས་བྲམ་ཟེའི་རྒོད་མ་བཞིན། །འདི་ལྟར་རིགས་པ་ཤེས་པ་ཡིས། །ལམ་གཞན་ཞིག་ཀྱང་བགྲོད་ན་ལེགས།། ཐ་སྙད་ཀྱི་ནི་རྗེས་མཐུན་པར། །ཇི་ལྟར་བསྙད་པར་ནུས་པ་ལྟར། །འདི་ཡང་ཅུང་ཟད་དེ་བཞིན་གནོད། །དེ་ལྟ་མིན་ན་མི་སྨྲ་ཐུག །ཁྱོད་ཕྱོགས་གཉིས་ལས་འགའ་བརྗོད་ན། །དེ་གཉིས་ཁོ་བོ་ཅག་གིས་དགག །དེ་བས་དེ་ལྟ་ཡིན་ན་ནི། །རྩོད་ལ་བཟོ་བ་ག་ལ་ཡིན། །མ་ཞིག་པ་ལས་འབྲས་སྐྱེ་ན། །དེ་ཚེ་ཅི་ཕྱིར་འབྲས་བུ་མེད། །ཞིག་ནས་འབྲས་བུ་སྐྱེ་ན་ནི། །དེ་ཚེ་གང་ལས་འབྲས་བུ་འབྱུང༌། །དེ་དག་རྣམ་པར་རྟོག་བྱེད་པ། །དོན་མེད་འགྱུར་བས་ཡལ་བར་དོར། །ལག་འགྲོ་འོ་མ་འཐུང་བ་ནི། །དུག་འཕེལ་འགྱུར་བ་འབའ་ཞིག་བཞིན། །གཅིག་པུ་བྱེད་པོ་མ་ཡིན་ཏེ། །དུ་མའང་བྱེད་པོ་གང་ཡང་མིན། །གཅིག་དང་དུ་མ་མ་གཏོགས་པ། །གཞན་གང་བྱེད་པོ་ཡིན་པ་སྨྲོས། །གཅིག་པུ་བྱ་བ་མ་ཡིན་ཏེ། །དུ་མ་བྱ་བ་གང་ཡང་མིན། །གཅིག་དང་དུ་མ་མ་གཏོགས་པ། །གཞན་ནི་གང་ཞིག་བྱ་བ་སྨྲོས། །འདི་ཡོད་འདི་ཞེས་བྱ་བ་འདི། །ཚད་མ་མེད་པར་མི་འགྱུར་རོ། །སྔར་བཤད་པ་ཡི་རྣམ་པ་ཡིས། །ཚད་མའང་ཁྱེད་ལ་ཡོད་མ་ཡིན། །ངེད་ཀྱི་རྐྱེན་ཉིད་འདི་པ་ཙམ། །ཇི་ལྟར་སྣང་བ་ཁོ་ནར་ཟད། །འདི་ལྟར་འདི་ལ་དངོས་བསམས་ན། །གནས་མི་རྙེད་པ་ཁོ་ན་ཡིན། །ངེད་ཀྱང་དེ་ལྟར་འདོད་ཅེ་ན། །ཁོ་བོའི་དགའ་སྟོན་ཆེན་པོ་ནི། །དངོས་པོར་འཛིན་པའི་གདོན་བབས་ལས། །གྲོལ་བ་ཡིན་ན་འབྱུང་བར་


DTG107_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། རྐྱེན་ཉིད་འདི་པ་ཙམ་ཞིག་ནི། །ཡང་དང་ཡང་དུ་རྗོད་བྱེད་དེ། །དེ་བསྒྲུབ་བྱ་ལ་ཚད་མ་ནི། །ཅུང་ཟད་ཙམ་ཡང་སྟོན་མི་བྱེད། །ཐམས་ཅད་གྲུབ་པར་ཐལ་འགྱུར་ཕྱིར། །ཚིག་གིས་ཀྱང་ནི་དེ་མི་འགྲུབ། །བདག་ཉིད་སྟོད་པར་བྱེད་པ་ནི། །ཀྱེ་མའོ་བློ་ནི་ཤིན་ཏུ་ཞིབ། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །ཅི་སྟེ་ཀུན་རྫོབ་ཅེས་བྱ་བ་འདི་ཅི་ཞིག་ཡིན་ཞེ་ན། །གང་ཞིག་གིས་སམ་གང་ཞིག་ལ། །ཡང་དག་སྒྲིབ་བྱེད་ཀུན་རྫོབ་བཞེད། །བློ་གང་ཞིག་གིས་སམ་བློ་གང་ཞིག་ལ་ཡོད་ན་ཡང་དག་པ་སྒྲིབ་པར་བྱེད་པ་འཇིག་རྟེན་ན་གྲགས་པ་དེ་ལྟ་བུ་ནི་ཀུན་རྫོབ་ཏུ་བཞེད་དེ། མདོ་ལས་ཇི་སྐད་དུ། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །རང་བཞིན་མེད་ལ་འཁྲུལ་པ་གང༌། །དེ་ནི་ཡང་དག་ཀུན་རྫོབ་འདོད། །ཅེས་གསུངས་པ་ལྟ་བུའོ། །དེས་ན་འདི་ཀུན་བདེ་བ་སྟེ། །དམ་པའི་དོན་དུ་བདེན་མ་ཡིན། །ཀུན་རྫོབ་དེས་ན་འདི་ཀུན་ཐམས་ཅད་བདེན་པ་ཡིན་ནོ། །ཇི་ལྟར་འཇིག་རྟེན་ན་གྲགས་པ་དེ་ལྟར་བདེན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། མདོ་ལས་ཇི་སྐད་དུ། རབ་འབྱོར་ཕྱིན་ཅི་ལོག་མ་གཏོགས་པར་གང་ལ་གནས་ནས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལས་མངོན་པར་འདུ་བྱེད་པར་འགྱུར་བའི་དངོས་པོ་བདེན་པ་ནི་སྐྲའི་རྩེ་མོའི་ཆ་ཤས་གཟུགས་པའི་ཚད་ཙམ་ཡང་མེད་དོ་ཞེས་གསུངས་པ་ལྟ་བུའོ། །ཕྱིན་ཅི་ལོག་ནི་འཇིག་རྟེན་ན་གྲགས་པ་སྟེ། རིགས་པའི་མཚན་ཉིད་གསུམ་ཇི་ལྟར་འཇུག་པ་དེ་ལྟར་བདེན་ནོ་ཞེས་བྱ་བའི་བར་དུའོ། །ཀུན་རྫོབ་དངོས་པོ་མེད་ཡིན་ན། །སྐྱེ་བ་དངོས་པོ་ཡིན་པའི་ཕྱིར། །དེ་ཚེ་དངོས་པོ་གཅིག་དེ་ལ། །ནུས་དང་མི་ནུས་ཅིག་ཅར་འགྱུར། །ཀུན་རྫོབ་སྐྱེ་བ་ཡིན་ན་ཡང༌། །ཀུན་རྫོབ་ཏུ་སྐྱེ་ཞེས་བྱ་འདིར། །མཁས་པ་རྣམས་ཀྱི་ཚིག་དོན་ནི། །སྐྱེ་བ་སྐྱེ་བར་འགྱུར་ཏེ་མཚར། །འདི་ཡི་སྐྱེ་བ་ཀུན་རྫོབ་སྟེ། །དོན་དམ་པར་ནི་སྐྱེ་མེད་ན། །སྐྱེ་བ་མེད་པས་དངོས་པོ་རྣམས། །མ་སྐྱེས་པར་ནི་སྨྲ་ན་དེ། །གྲུབ་པ་བསྒྲུབ་པ་སྨྲ་འགྱུར་འདིས། །མི་འདོད་ཅི་ཞིག་བསྒྲུབ་པར་འགྱུར། །རིགས་པའི་རྗེས་སུ་འབྲངས་ནས་འདིས། །གནས་པ་ལ་སོགས་དེ་བཞིན་བརྗོད། །དེ་ལ་སོགས་པ་མ་འབྲེལ་ལ། །སྒྲ་དོན་མ་ཡིན་རྣམ་རྟོག་ཅིང༌། །རྒོལ་བ་ཀུན་རྫོབ་མཚན་འདི་ལས། །ཉམས་པར་ཁོང་དུ་ཆུད་


DTG107_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱིས། །རིགས་པས་བརྟགས་ན་བདེན་མ་ཡིན། །དེ་ལས་གཞན་དུ་བདེན་པ་ཡིན། །དེས་ན་གཅིག་ལ་བདེན་ཉིད་དང༌། །མི་བདེན་པར་ནི་ཇི་ལྟར་འགལ། །རིགས་པས་བརྟགས་ན་དངོས་མ་ཡིན། །དེ་ལས་གཞན་དུ་དངོས་པོ་ཡིན། །དེས་ན་གཅིག་ལ་དངོས་པོ་དང༌། །དངོས་པོ་མེད་པ་ཇི་ལྟར་འགལ། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །དེ་ལྟར་ཡིན་ན་ཡང༌། དམ་པའི་དོན་དུ་མ་སྐྱེས་པ། །ཚིག་དོན་འདི་ནི་རིགས་པ་ཡི། །རྗེས་སུ་འབྲངས་ན་སྐྱེ་བ་མེད། །གཞན་ལའང་དེ་བཞིན་སྦྱར་བར་གྱིས། །ཇི་ལྟར་འདི་སྦྱར་བ་དེ་བཞིན་དུ་ཡང་དག་པར་ན་མེད་དོ། །ཡང་དག་པར་ན་སྟོང་ངོ་ཞེས་བྱ་བ་ལ་སོགས་པ་འདི་དག་ལ་ཡང་རིགས་པའི་ལམ་གྱི་རྗེས་སུ་འབྲངས་ན་ཡོད་པ་མ་ཡིན་ཞིང་དེ་དག་ལ་སྟོང་པ་ཉིད་མ་ཡིན་པ་མེད་ཅེས་བྱ་བ་ལ་སོགས་པ་སྦྱར་བར་བྱའོ། །ཕ་རོལ་རྣམས་ཀྱིས་དངོས་རྣམས་ཀྱི། །སྐྱེ་སོགས་རིགས་ལམ་བརྟེན་པ་ཅན། །འདོད་པ་དག་ནི་འགོག་བྱེད་དེ། །དེས་ན་འདི་ལ་ཅི་ཞིག་གནོད། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །དེ་ཉིད་ཀྱི་ཕྱིར། ཀུན་རྫོབ་དེ་བཞིན་ཉིད་གང་ཡིན། །དེ་ཉིད་དམ་པའི་དོན་གྱིས་བཞེད། །ཅིའི་ཕྱིར་ཞེ་ན། ཐ་དད་མིན་ཕྱིར། ཀུན་རྫོབ་དང་དོན་དམ་པ་གཉིས་ཞེས་བྱ་བ་ལྷག་མའོ། །རིགས་དེ་ཡང༌། ཇི་ལྟར་སྣང་བ་བཞིན་དུ་གནས། །རིགས་པ་ཡང་ཇི་ལྟར་སྣང་བའི་ངོ་བོ་ཡིན་པའི་ཕྱིར་ཀུན་རྫོབ་ཁོ་ན་ཡིན་ཏེ། རིགས་པ་ནི་གཞན་དུ་མི་འཇུག་གོ །འདི་ལྟར། རྒོལ་བ་གཉི་གའི་ཤེས་པ་ལ། །ཇི་ཙམ་སྣང་བའི་ཆ་ཡོད་པ། །དེ་ཙམ་དེ་ལ་བརྟེན་ནས་ནི། །ཆོས་ཅན་ཆོས་ལ་སོགས་པར་རྟོག །དེ་ཚེ་རྗེས་སུ་དཔག་པ་འབྱུང༌། །གང་གི་ཚེ་ན་གཞན་ན་མིན། །དེ་བས་རིགས་པ་སྨྲ་བ་རྣམས། །དེ་སྐད་སྨྲ་ལ་སུ་ཞིག་འགོག །རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བ་འདི་ཐ་སྙད་ཀྱི་རྒོལ་བ་དང༌། ཕྱིར་རྒོལ་བ་དག་གི་བློའི་བདག་ཉིད་ལ་སྣང་བའི་ཆོས་ཅན་དང་ཆོས་དང་དཔེ་ཉིད་དུ་རྣམ་པར་གཞག་པར་འབྱུང་གི །ཆོས་ཅན་དང་ཆོས་ལ་སོགས་པ་གཉི་ག་ལ་མ་གྲུབ་པ་ཉིད་ཀྱིས་རྗེས་སུ་དཔག་པ་འབྱུང་བ་མི་རུང་བའི་ཕྱིར་གཞན་ན་ནི་མ་ཡིན་ཏེ། གཞུང་ལུགས་ཐ་དད་པ་ལ་གནས་པ་རྣམས་ནི་གང་ལ་ཡང་བློ་མཚུངས་པ་ཉིད་མེད་པའི་ཕྱིར་རོ། །ཆོས་ཅན་དེ་ལྟ་བུ་ལ་གནས་པ་


DTG107_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་གཏན་ཚིགས་ལ་སོགས་པ་དེ་ལྟ་བུ་ཁོ་ནས་ཡང་དག་པར་ན་ཡོད་དམ་མེད་ཅེས་སེམས་པར་བྱེད་པར་ཁས་བླང་བར་བྱའོ། །དེ་ལྟ་བས་ན་རིགས་པས་སྨྲ་བ་ཡང་དེ་ལྟར་རྗེས་སུ་དཔག་པ་འབྱུང་བར་བྱེད་ན། སུ་ཞིག་འགོག་པར་འགྱུར། འདི་ནི་མཚུངས་པ་ཉིད་དུ་གྲུབ་པར་གཏན་ལ་ཕབ་པས། འདིར་ནི་འདིའི་རྒྱ་མ་བསྐྱེད་དོ། །དེ་ཉིད་ཀྱི་ཕྱིར་མདོ་ལས་ཀྱང་རབ་འབྱོར་འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་ལ། དོན་དམ་པ་ཡང་གཞན་པ་ནི་མ་ཡིན་གྱི། འཇིག་རྟེན་གྱི་ཀུན་རྫོབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་དོན་དམ་པའི་དེ་བཞིན་ཉིད་ཡིན་ནོ་ཞེས་གསུངས་སོ། །ཡང་ན་སྐྱེ་བ་ལ་སོགས་པ་བཀག་པ་ཡང་འགའ་ཞིག་གིས་དོན་དམ་པ་ཉིད་དུ་འདོད་ལ། གཞན་དག་གིས་ནི་ཡང་དག་པ་ཁོ་ནར་འདོད་དེ། དེ་ལྟ་ན་ཡང་མདོའི་ཚིག་འདི་ལེགས་པར་དྲངས་པ་ཁོ་ན་ཡིན་ནོ། །འདི་ལྟར། གཞན་གྱི་དོན་དམ་བྱས་གང་ཡིན། །དེ་ནི་གཞན་གྱི་ཀུན་རྫོབ་སྟེ། །གཞན་གྱི་མར་འདོད་གང་ཡིན་དེ། །གཞན་གྱི་ཆུང་མར་འདོད་པ་བཞིན། །ཞེས་བཤད་དོ། །གལ་ཏེ་རིགས་པའི་སྟོབས་ཀྱིས་ན། །ཀུན་རྫོབ་ཏུ་ཡང་མི་སྐྱེ་དང༌། །ཅི་སྟེ་ཀུན་རྫོབ་ཏུ་ཡང་སྣང་བ་དང་ལྡན་པ་དང༌། ཤེས་པ་ཅིག་ཤོས་ཀྱིས་ཡོངས་སུ་གཅོད་པར་མི་རུང་བའི་ཕྱིར་སྔ་མ་བཞིན་དུ་རྒྱུ་དང་འབྲས་བུ་ཉིད་ངེས་པ་མེད་པ་ཁོ་ནའོ། །དུ་མས་དངོས་པོ་གཅིག་མི་བྱེད། །ཅེས་བྱ་བ་ལ་སོགས་པ་གཏན་ཚིགས་སྔ་མ་ཁོ་ནའི་ཕྱིར་ཡང་དེ་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བར་འདོད་ན། བཤད་པ། དེ་བདེན་དེ་ཡི་ཕྱིར་ན་འདི། །ཇི་ལྟར་སྣང་བཞིན་ཡིན་པར་གསུངས། །གང་གི་ཕྱིར། དེ་ལྟ་ཡིན་ན་ཉིད་ཀྱི་ཕྱིར། །བཅོམ་ལྡན་འདས་ཀྱིས་སྐྱེ་བའམ། གཞན་ཡང་རུང་ཇི་ལྟར་སྣང་བ་བཞིན་ཡིན་པར། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཀུན་ཀྱང་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་ཡིས། །འཇིག་རྟེན་ན་ནི་མེད་པའི་ཆོས་ལ་སྤྱོད། །ཅེས་བྱ་བ་གསུངས་ཏེ། འདི་ལྟར། ཇི་ལྟར་སྣང་བཞིན་ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ །ཅི་སྟེ་ཀུན་རྫོབ་ནི་ཇི་ལྟར་སྣང་བ་བཞིན་ཡིན་ཏེ། དེ་ལ་ནི་ཇི་སྐད་བཤད་པའི་དཔྱད་པའི་གནས་མེད་པ་ཉིད་དོ། །འདི་ལྟར། རྣམ་པར་དཔྱོད་པ་བྱེད་ན་དོན། །གཞན་དུ་སོང་བས་གནོད་པར་འགྱུར། །ཁོ་བོ་


DTG107_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་ནི་འདི་ལ་དཔྱོད་པར་མི་བྱེད་ཀྱི། དཔྱོད་པར་བྱེད་པ་ལ་ནི་འགོག་པར་བྱེད་དོ། །གལ་ཏེ་དཔྱད་པར་བྱས་ཏེ་མ་རུང་ན་མ་རུང་དུ་ཟད་དོ། །ཇི་ལྟར་སྣང་བའི་ངོ་བོའི་ཀུན་རྫོབ་པ་ལ་བརྟེན་ནས་དེ་ལ་དཔྱོད་པ་བྱེད་པ་ནི་དོན་གཞན་དུ་འགྲོ་བའི་ཕྱིར་གནོད་པ་འབའ་ཞིག་ཏུ་ཟད་དོ། །ཇི་སྐད་བཤད་པའི་མཚན་ཉིད་མ་ཡིན་པ་ལ་ནི་ཉེས་པ་བརྗོད་ཀྱང་ཁོ་བོ་ཅག་ལ་གནོད་པ་ཅི་ཡང་མེད་པ་ཉིད་དོ། །འོ་ན་གལ་ཏེ་དོན་དམ་པར་མ་སྐྱེས་པ་ཁོ་ན་ཡིན་ན་དེའི་ཚེ། ཅི་ཡི་ཕྱིར་ན་རྒྱུ་འདི་ལས། །དེར་སྣང་བ་འདི་སྨྲ་བར་བྱོས། །འདི་ཡི་ལན་གློན་པར་བྱེད་དེ། །འདི་འདྲ་འདི་ནི་རྒྱུ་འདི་ལས། །སྣང་སྟེ་ཅི་ཞིག་སྨྲ་བར་བྱ། །ཁྱོད་ལ་ཆ་ཇི་ཙམ་སྣང་བ་དེ་ཙམ་ཁོ་བོ་ཅག་ལ་ཡང་སྣང་ན་དེ་ལ་ཁོ་བོ་ཅག་ལ་ཡང་ཅི་ཞིག་དྲི། དྲིས་ན་ཡང་ཁོ་བོས་དེ་ཙམ་ཁོ་ན་ཞིག་སྨྲ་བར་བྱའི། སྔོན་མ་བྱུང་བ་ནི་ཅི་ཡང་སྨྲར་མེད་དོ། །དེའི་ཕྱིར་འདྲི་བ་འདི་ནི་ཀུན་ནས་ཉོན་མོངས་པ་ལ་བརྟེན་པ་འབའ་ཞིག་ཏུ་ཟད་དོ། །སྐྱེ་བོ་གང་ཞིག་མཐོང་བཞིན་དུའང༌། །མི་ཤེས་པ་དེས་རྩོད་པ་ཡིས། །གྲགས་པས་གཞན་ལ་སྨྲ་བ་ན། །མི་ཤེས་མ་འཕགས་ངན་པ་ཡིན། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །འདི་ནི་གཞི་མེད་པར་མི་རུང་ངོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། འདི་ལྟར། བཏགས་པ་གཞི་དང་བཅས་པ་ནི། །འགའ་ཡང་གང་ལའང་མི་སྣང་ངོ༌།། ཤིང་ལ་སོགས་པ་འདི་ཡང་ནི། །གཞི་ལ་ལྟོས་པ་མ་ཡིན་ཉིད། །ཤིང་ལ་སོགས་པ་གདགས་པའི་རྒྱུ་ནི་ཡལ་ག་ལ་སོགས་པ་ཡིན་ལ། དེའི་ཡང་གཞན་ཡིན་ཏེ། རིམ་གྱིས་རྡུལ་ཕྲ་རབ་ཀྱི་བར་དུ་ཡིན་ལ། དེ་ཡང་ཕྱོགས་ཐ་དད་པས་དཔྱད་ན་མེད་པ་ཁོ་ན་ཡིན་ན། ཤིང་ལ་སོགས་པ་གདགས་པའི་རྒྱུ་དངོས་པོ་ཡོད་པ་དེ་ལྟ་ག་ལ་ཡོད། དེ་ལྟ་བས་ན་ཇི་ལྟར་སྣང་བ་འདི་ཁོ་ན་ཡིན་གྱི། གང་ལ་ཡང་རྒྱུ་དངོས་པོ་ཡོད་པ་ཁོ་ན་ལ་ལྟོས་ནས་འཇུག་པ་ནི་མ་ཡིན་ཞེས་ཁས་བླང་བར་བྱའོ། །གལ་ཏེ་ཀུན་རྫོབ་གཞི་ལ་ནི། །ལྟོས་གྱུར་དེ་ལྟ་ཡིན་ན་ནི། །དངོས་འགྱུར་ཡང་ན་ཁྱོད་ཀྱི་གཞི། །དེ་ལྟར་ཀུན་རྫོབ་མི་འགྱུར་ཏེ། བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །དེ་ནི་དེ་ལྟ་ཡིན་ཏེ་གང་གི་ཕྱིར་ཁྱོད་ཀྱི་ལྟར་ན་ཡང༌། འདི་ལྟར་བརྟགས་པའི་ངོ་བོ་ཉིད། །ཅི་ལའང་མི་ལྟོས་ཁོ་ན་ཡིན། །གལ་ཏེ་མེད་པའི་ཕྱིར་མི་ལྟོས་སོ་ཞེ་ན། མངོན་སུམ་དང་འགལ་བ་ཀུན་ཏུ་སྤྱོད་དེ། གཟུང་བ་དང་འཛིན་


DTG107_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་བརྟགས་པའི་ངོ་བོ་ཉིད་ཡིན་ལ། དེ་གཉིས་ཀྱང་མངོན་སུམ་ཁོ་ནར་གྲགས་པ་དེ་དག་ཡིན་ནོ། །གལ་ཏེ་མ་རིག་པས་དཀྲུགས་པའི་རྣམ་པར་ཤེས་པ་ཉིད་དེ་ལྟར་རྟོགས་སོ་ཞེ་ན། མྱོང་བ་དང་འགལ་བ་གྲུབ་པ་ཁྱོད་ལ་འགོག་པར་བྱེད་པ་སུ་ཞིག་ཡོད་དེ། བདག་ཉིད་མི་ཤེས་པ་དེ་ལྟ་བུ་དེ་ནི་འཇིག་རྟེན་གྱིས་ཐག་རིང་པོ་ཁོ་ནར་སྤང་ངོ༌། །གལ་ཏེ་རྨི་ལམ་ལ་སོགས་པ་ན་མཐོང་ངོ་ཞེ་ན། བདེན་ན་མཐོང་བཞིན་དུ་ཡང་མངོན་པར་ཞེན་པ་ངན་པས་ཁྱོད་ལ་ལོག་པར་སྣང་ངོ༌། །གང་ཡང་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བ་འདི་ཅི་ཞིག་གཞན་གྱི་དབང་ཡིན་ནམ། དེ་ནི་ཡང་དག་པར་ན་དེས་དབེན་པའི་ངོ་བོ་ཅན་ཡིན་ན། ཇི་ལྟར་དེ་ལྟར་སྣང༌། མ་རིག་པས་དཀྲུགས་པའི་ཕྱིར་དེ་ལྟར་སྣང་བར་ནི་ཆུག་མོད་ཀྱི། དེ་ནི་དེའི་བདག་ཉིད་ནི་མ་ཡིན་ཏེ་དེའི་བདག་ཉིད་ནི་གཉིས་ཀྱིས་དབེན་པའི་ཕྱིར་རོ། །དེ་ལྟ་ཡིན་ན་ཡང་འབྲེལ་བ་མེད་པའི་ཕྱིར་དེ་སྣང་བ་ན་གཉིས་པོ་ཅིའི་ཕྱིར་སྣང་བར་འགྱུར། གལ་ཏེ་འབྲེལ་པ་སྨྲས་ཟིན་ཏོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་ན་ནི། གཞན་དབང་ཉིད་སྨྲོས་དེ་སུ་བཟློག །ཅིག་ཤོས་ཀྱང་གཞན་གྱི་དབང་ཉིད་དུ་བྱ་བ་ལ། རྒྱུ་འདི་ཁོ་ནར་ཟད་ལ། དེ་ནི་འདི་ལ་ཡང་ཡོད་དེ། དེ་བས་ན་བརྟགས་པ་མེད་དོ། །གལ་ཏེ་ཡང་ཤེས་པ་ཁོ་ན་རྒྱུ་དང་རྐྱེན་རྣམས་ཀྱིས་སྐྱེད་ན། སྐྱེད་ལ་ནི་རེག་ན་དེ་གོ་ཅིའི་ཕྱིར་སྣང༌། གལ་ཏེ་ཤེས་པ་ཁོ་ན་དེ་ལྟར་སྣང་ངོ་ཞེ་ན། དེ་ནི་བཤད་ཟིན་ཏེ་དེ་དག་གིས་ཇི་ལྟ་བུ་ཁོ་ནར་བསྐྱེད་པ་དེ་ལྟ་བུ་ཁོ་ནར་སྣང་དུ་ཟད་དོ། །གལ་ཏེ་དེ་ལྟ་བུ་ཁོ་ནར་བསྐྱེད་དོ་ཞེ་ན། འོ་ན་ནི་གཉིས་ཀྱིས་དབེན་པ་ཅན་གྱི་ངོ་བོ་མ་ཡིན་ཏེ། འདི་ལ་བཤད་ཀྱང་ཟིན་ཏོ། །གཉིས་མེད་པའི་ངོ་བོ་ཉིད་ཡིན་ཡང་ཤེས་པ་གཞན་གྱིས་འཁྲུལ་པའི་དབང་གིས་དེ་ལྟར་རྟོགས་པ་ཡང་མ་ཡིན་ཏེ། བརྒལ་ཞིང་བརྟགས་པ་མཚུངས་པའི་ཕྱིར་རོ། །དེའི་ཕྱིར་ན་འདི་ནི་གྱི་ནའོ། །རྩོད་ངན་གྲགས་པ་ཁ་ཅིག་ནི། །ཡང་དག་པར་དངོས་མ་སྐྱེས་པས། །མོ་གཤམ་བུ་ལ་སོགས་བཞིན་དུ། །ཀུན་རྫོབ་ཏུ་ཡང་མི་སྐྱེ་ཟེར། །ཡང་དག་པར་མ་སྐྱེས་པའི་ངོ་བོ་ཉིད་གང་ཡིན་པ་དེ་དག་ནི་ཀུན་རྫོབ་ཏུ་ཡང་སྐྱེ་བར་མི་འགྱུར་ཏེ། དཔེར་ན་མོ་གཤམ་གྱི་བུ་ལ་སོགས་པ་ལྟ་བུའོ། །གཟུགས་ལ་སོགས་པ་འདི་དག་ཀྱང་དེ་དང་འདྲའོ། །དེ་ནི་རིགས་པ་མ་ཡིན་ཏེ།


DTG107_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གནོད་སོགས་སྲིད་པའི་ཕྱིར། །འདི་ལ་བསྒྲུབ་པ་ཉིད་མེད་དོ། །གལ་ཏེ་འཇིག་རྟེན་མ་སྐྱེས་ཕྱིར། །གནོད་པ་མེད་པར་ཁྱོད་འདོད་ན། །གཏན་ཚིགས་ལ་སོགས་མེད་པའི་ཕྱིར། །དེ་ཚེ་བསྒྲུབ་བྱ་འགྲུབ་མི་འགྱུར། །རང་གི་ཚིག་དང་འགལ་བའི་ཕྱིར། །གལ་ཏེ་དེ་གཅིག་མ་གཏོགས་ན། །འོ་ན་དེས་ན་ཁྱོད་ཀྱི་ནི། །མ་ངེས་ཉིད་འགྱུར་བཟློག་པར་དཀའ། །སྒྲུབ་པར་བྱེད་པ་ཡོད་ན་ནི། །དཔེ་ལའང་ཡོད་པ་མ་ཡིན་ནོ། །གལ་ཏེ་རྒྱུ་འདི་ཁྱོད་ལ་གྲུབ། །བསྒྲུབ་བྱས་ཁྱབ་པའང་དེ་བཞིན་ནོ། །དེར་ནི་བདག་ལ་ཉེས་མེད་པར། །ཁྱོད་ཀྱིས་ཇི་ལྟར་ཀླན་ཀ་བཙལ། །གལ་ཏེ་ང་ལ་ཚད་མ་ཡིས། །གྲུབ་ན་གྲུབ་སྟེ་ཁྱོད་ལ་ཁྱབ། །མཁས་ཁྱོད་ཅིའི་ཕྱིར་བདག་ཉིད་ཀྱི། །ཉེས་པ་ང་ལ་འདོགས་པར་བྱེད། །ཚད་མས་མ་གྲུབ་ཅེ་ན་ཡང༌། །ཡོད་མེད་སྐྱེ་བ་བཀག་པའི་ཕྱིར། །ཡང་དང་ཡང་དུ་བསྒྲུབས་ཟིན་ནོ། །ཁྱབ་པ་དེ་ཡང་ཁྱོད་ཀྱིས་སྨྲས། །ཁོ་བོའི་བདེན་པར་མ་སྐྱེས་དང༌། །ཀུན་རྫོབ་མི་སྐྱེ་ལྷན་ཅིག་ཏུ། །ཁྱབ་བྱ་ཁྱབ་བྱེད་ཉིད་མ་གྲུབ། །དེ་ལྟ་ཡིན་ན་ཁྱོད་ཀྱིས་ཉེས། །ཡང་དག་སྐྱེ་བ་བཀག་པ་ཡིས། །ཡང་དག་པར་ན་སྐྱེ་མེད་འདོད། །བརྟགས་པ་མི་སྐྱེ་དེ་ལྟ་མིན། །དེ་ཕྱིར་འདི་གཉིས་དེ་བདག་མིན། །ཡང་དག་པར་ན་གཉིས་པོ་མེད། །གང་ཕྱིར་སྤྲོས་དང་བྲལ་བ་ནི། །ཡང་དག་འདོད་དེ་དེ་ཕྱིར་དེར། །གཏན་ཚིགས་ལ་སོགས་ཡན་ལག་མེད། །འདི་ལྟར་དེ་གཉིས་མེད་པའི་ཕྱིར། །རྒྱུ་དང་འབྲས་བུ་མེད་པ་ཉིད། །འདི་ཉིད་ཀྱིས་ནི་ཐལ་བར་ཡང༌། །དོགས་པ་རྣམ་པར་བཟློག་པ་ཡིན། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །གཞན་ཡང༌། གལ་ཏེ་ཀུན་རྫོབ་མི་རུང་ན། །ཚད་མས་སོ། །ཚད་མ་མ་ཡིན་པ་ནི་གཟུང་བར་བྱ་བ་མ་ཡིན་པའི་ཕྱིར། རིགས་སྨྲ་དེ་ལ་ཅི་ཞིག་གནོད། །རིགས་པས་འོངས་པའི་དངོས་པོ་ལ་རྟོག་པ་སྔོན་དུ་གཏོང་བ་སུ་ཡང་སྔར་བར་གཟོ་པ་མེད་པའི་ཕྱིར་རོ། །སྔར་ཁས་བླངས་པའི་ཕྱིར་ཚད་མས་གནོད་བཞིན་དུ་ཡང་དོར་བར་མི་ནུས་སོ་ཞེས་ཀྱང་བརྗོད་པར་རིགས་པ་མ་ཡིན་ནོ། །གང་གི་ཕྱིར་ཀུན་རྫོབ་ཁས་བླངས་ནས་འདི་ཅི་རིགས་སམ་འོན་ཏེ་མི་རིགས་ཞེས་དཔྱོད་པར་བྱེད་པ་མི་མཛེས་པ་དེའི་ཕྱིར་འདི་སྔར་ཁས་མ་བླངས་སོ་


DTG107_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་དུ་བསམས་ཏེ་འདི་ལྟར། རིགས་པ་ཤེས་པས་དཔྱད་པ་ཡི། །འོག་ཏུ་ཁས་བླངས་བྱ་བར་བཤད། །བརྟགས་པའི་འོག་ཏུ་ཁས་བླང་གི །ཁས་བླངས་ནས་བརྟག་པ་འཇུག་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་ནི་ཚད་མ་རྣམ་པར་གཏན་ལ་དབབ་པ་ལ་སོགས་པར་རབ་ཏུ་དཔྱད་ཟིན་པའི་ཕྱིར་རོ། །མངོན་སུམ་ལ་སོགས་འགལ་ཞེ་ན། །ཀུན་རྫོབ་ནི་ཇི་ལྟར་སྣང་བ་བཞིན་ཡིན་ལ། དེ་ཡང་གལ་ཏེ་ཁས་མི་ལེན་ན་མངོན་སུམ་ལ་སོགས་པ་དང་འགལ་བར་ཐལ་བར་འགྱུར་བར་སེམས་ན། བདེན་ན་མངོན་སུམ་ལ་སོགས་པ་དང་འགལ་བ། དེ་ཅི་འདི་སྨྲ་ཉིད་ལའམ། གང་གིས་ན་ཁྱོད་མ་གཏོགས་པར་འགྱུར་བ་ཁྱོད་དང་འབྲེལ་བར་མ་བྱས་པ་དེ་ནི་མེད་དོ། །གལ་ཏེ་དེས་ཁྱོད་མི་འཇིགས་སོ་ཞེ་ན། དེ་ཅི་ཁོ་བོ་ཅག་རང་བཞིན་མེད་པར་སྨྲ་བ་ཡིན་བཞིན་དུ་ཡང་འཇིགས་སམ་ཞེས་བསམས་པའོ། །ཚད་མས་གནོད་ན་ཚད་མའི་བདག །ཡིད་བརྟན་དུ་ནི་མི་རུང་འགྱུར། །ཀུན་རྫོབ་ནི་ཇི་ལྟར་སྣང་བ་བཞིན་ཡིན་ལ་དེ་ཡང་གལ་ཏེ་ཚད་མས་མི་རུང་ན་མི་རུང་དུ་ཟད་དོ། །མངོན་སུམ་དེ་ལ་གནོད་པ་བབ་ན། ཚད་མའི་བདག་ཉིད་ལ་ཡིད་བརྟན་དུ་མི་རུང་བར་བརྗོད་དེ། མཚན་ཉིད་དང་ལྡན་པ་ལ་གནོད་པ་སྲིད་ཕན་ཆད་མཚན་ཉིད་སུན་ཕྱུང་བར་འགྱུར་རོ། །དེའི་ཕྱིར་ཚང་མའམ་ཚད་མ་མ་ཡིན་པ་ཅིར་ཡང་མི་འགྱུར་རོ། །དེ་ལྟ་ན་ཡང་ཀུན་རྫོབ་ཀྱང་དགག་པར་མི་ནུས་པ་ཁོ་ནའོ་སྙམ་དུ་སེམས་པའོ། །གང་ཞིག་ཡང་དག་དངོས་མི་འདོད། །དེ་ལ་ཀུན་རྫོབ་ཅི་ཞིག་སྨོས། །གལ་ཏེ་ཐ་སྙད་སོགས་མེད་ན། །དེ་ཅི་གཞན་ལའང་མི་མཚུངས་སམ། །ཁྱོད་དང་དེ་བཞིན་ཁོ་བོས་ཀྱང༌། །འཇིག་རྟེན་བཞིན་དུ་བསྙད་བྱ་དགོས། །དེ་ལྟ་ཡིན་ན་ཁྱོད་ཀྱིས་ནི། །བསྙད་པར་བྱས་པས་ཁེ་ཅི་ཡོད། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །དེ་ལྟ་བས་ན། སྣང་བའི་ངོ་བོ་གང་ཡིན་པ། །དེ་ནི་འགོག་པ་མ་ཡིན་ཉིད། །ཉམས་སུ་མྱོང་བ་གང་ཡང་ནི། །དགག་པར་རིགས་པ་མ་ཡིན་ནོ། །མངོན་སུམ་དང་འགལ་བར་འགྱུར་བའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །སྐྱེ་ལ་སོགས་པའི་རྣམ་པ་གང༌། །སྣང་བ་མིན་ལ་དེ་ཡང་ནི། །ཡང་དག་པར་ཞེས་བྱ་སོགས་པར། །གཞན་གྱིས་ཡོངས་སུ་བརྟགས་པ་འགོག །གང་ཡང་གཟུགས་ལ་སོགས་པ་སྣང་བ་དང་ལྡན་པའི་ཤེས་པ་ལ་མི་སྣང་


DTG107_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྣམ་པ་ཡང་དག་པར་སྐྱེ་བ་དང་རྣམ་པར་ཤེས་པ་སྣང་བ་དང༌། གཙོ་བོ་དང་ཡོངས་སུ་འགྱུར་བ་ལ་སོགས་པ་བསྟན་བཅོས་ལ་སོགས་པ་ལ་བརྟེན་ནས་ཡོངས་སུ་བརྟགས་པ་འདི་འབའ་ཞིག་འགོག་པར་བྱེད་དེ། དེ་བཀག་པ་ལ་མངོན་སུམ་ལ་སོགས་པའ་གནོད་པ་མི་འཇུག་པ་ཁོ་ནའོ། །སོགས་པ་སྨོས་པ་ནི་ཡོད་པ་ཉིད་ལ་སོགས་པ་ཡོངས་སུ་བསྡུ་བའོ། །དེ་བས་འདིར་ནི་དེ་ལྟ་བུའི། །བརྟགས་པ་ཁོ་ན་དགག་པར་རིགས། །ཇི་སྐད་སྨོས་པའི་ཉེས་པ་མེད་པའི་ཕྱིར་རོ། །བརྟགས་པ་མ་ཡིན་འགོག་པ་འདི། །བདག་ལ་གནོད་འགྱུར་འབའ་ཞིག་གོ །གཟུགས་ལ་སོགས་པའི་ལུས་རྟོག་པའི་ཉེས་པས་མ་སྦགས་པ་གཞན་གྱི་དབང་གི་བདག་ཉིད་རྣམ་པར་ཤེས་པ་ཙམ་སྣང་བ་དགག་པར་མི་ནུས་པ་འབའ་ཞིག་ཏུ་མ་ཟད་ཀྱི། བྱེད་ན་བྱེད་པ་པོ་ལ་མངོན་སུམ་ལ་སོགས་པས་ཕྱིར་གནོད་པ་ཁོ་ན་བྱེད་དོ། །རྣམ་པར་རྟོག་པ་སྣང་བ་ཡི། །གཙོ་བོ་ལ་སོགས་ཡང་དག་པར། །དངོས་པོ་རྣམས་ཀྱི་རྒྱུར་གྱུར་པར། །གཞན་གྱིས་བརྟགས་གང་དེ་འགོག་གོ །བརྟགས་པ་འགོག་པར་བྱེད་པ་ལ། །ཡང་དག་ཅེས་བྱ་བཀག་པ་ཡི། །བྱེ་བྲག་མིན་ཏེ་དེ་ཡི་ཕྱིར། །ཀུན་རྫོབ་ཇི་ལྟར་མེད་པར་འགྱུར། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །དེ་ཉིད་ཀྱི་ཕྱིར་མདོ་ལས་ཀྱང༌། བརྟགས་པའི་དངོས་པོ་ཡོད་མ་ཡིན། །གཞན་གྱི་དབང་ནི་ཡོད་པ་སྟེ། །སྒྲོ་འདོགས་པ་དང་སྐུར་འདེབས་པའི། །མཐར་རྟོག་པ་ནི་ཕུང་བར་འགྱུར། །ཆོས་རྣམས་ཐམས་ཅད་བརྟགས་པ་ཡི། །ངོ་བོ་ཉིད་ཀྱིས་མ་སྐྱེས་སོ། །མི་རྣམས་གཞན་གྱི་དབང་ལ་ནི། །བརྟེན་ནས་རྣམ་པར་རྟོག་པ་སྐྱེ། ཞེས་གསུངས་ཏེ། །དེ་ལྟར་བྱས་ན། རབ་འབྱོར་གཟུགས་ནི་གཟུགས་མེད་པའི་ངོ་བོ་ཉིད་ཡིན་ནོ་ཞེས་རྒྱས་པར་འབྱུང་བ་དང༌། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་གཟུགས་ནི་རང་བཞིན་གྱིས་སྟོང་ངོ༌། །གང་ཡང་རང་བཞིན་གྱིས་སྟོང་པ་དེ་ལ་ནི་སྐྱེ་བ་མེད་འཇིག་པ་མེད་དོ། །གང་ཡང་སྐྱེ་བ་མེད་འཇིག་པ་མེད་པ་དེ་ལ་ནི་གཞན་དུ་འགྱུར་བར་མི་མངོན་ཏེ། ཚོར་ལྦ་ནས་རྣམ་པར་ཤེས་པའི་བར་དུ་ཡང་དེ་དང་འདྲའོ་ཞེས་རྒྱས་པར་འབྱུང་བ་འདི་ཡང་གྲུབ་པ་ཡིན་ནོ། །གལ་ཏེ་དངོས་པོ་ཇི་ལྟར་སྣང་བ་བཞིན་ཁོ་ནར་གནས་པར་ཟད་ན་ལས་དང་འབྲས་བུ་དག་ཇི་ལྟར་བུ་སྙམ་པ་ལ། མཐོང་བ་པོའི་ལྟ་བ་ལ།


DTG107_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འབྲས་ཇི་ལྟར་སྣང་བ་དག །དེ་ལྟར་དེས་བཤད་དེ་ཡི་ཕྱིར། །ཐམས་ཅད་ཇི་ལྟར་སྣང་བཞིན་གནས། །སྟོན་པའི་གཟིགས་པ་སྣང་བ་ཐོགས་པ་མི་མངའ་བ་ཅན་གྱིས་མཁྱེན་པའི་བདག་ཉིད་ལ་ལས་དང་འབྲས་བུ་དག་བྱེ་བྲག་ཏུ་ཇི་ལྟར་སྣང་བ་དེ་བཞིན་དུ་འགྲོ་བ་ལ་ཕན་པར་བཞེད་པ་ཐུགས་རྗེའི་རང་བཞིན་ཅན་དེས་བྱེ་བྲག་ཏུ་རབ་ཏུ་བཤད་དེ། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་དབང་པོའི་ཡུལ་དུ་མ་གྱུར་པ་ཐམས་ཅད་ཀྱང་ཇི་ལྟར་སྨད་པ་བཞིན་ཁོ་ནར་གནས་སོ། །ཐུགས་རྗེའི་བདག་ཉིད་དེ་ཉིད་ཀྱིས། །རྟོག་པས་བཅིངས་པ་གཟིགས་ནས་ནི། །སེམས་ཙམ་ལ་སོགས་བྱེ་བྲག་གིས། །བཅིངས་པ་ཐར་པ་བསྟན་པ་མཛད། །བཅོམ་ལྡན་འདས་ལས་དང་འབྲས་བུ་མཁྱེན་པ་ཐུགས་རྗེའི་རང་བཞིན་གྱི་སྐུར་ན་དེ་ཉིད་ཀྱིས་འཁོར་བའི་བཙོན་རར་འགྲོ་བ་རྟོག་པའི་ལྕགས་སྒྲོག་གིས་བཅིངས་པ་ལ་གཟིགས་ནས། བསམ་པ་ཇི་ལྟ་བ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང། སེམས་ཙམ་དང༌། ཆོས་ཐམས་ཅད་བདག་མེད་པར་བསྟན་པའི་རིམ་གྱིས་དངོས་པོར་འཛིན་པ་མ་ལུས་པར་སེལ་བར་མཛད་ཅིང༌། འགྲོ་བ་ལ་བཅིངས་པ་དང་ཐར་པ་བསྟན་པ་མཛད་དོ། །ཇི་སྟེ་རྟོག་པ་ཞེས་བྱ་བ་འདི་ཅི་ཡིན་ཞེ་ན། སེམས་དང་སེམས་བྱུང་ཁམས་གསུམ་པ། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བའི་སྒྲོ་བཏགས་པའི་རྣམ་པ་ཅན་དུ་འབྱུང་བའི་རྣམ་པ་ནི་རྟོག་པ་ཡིན་ནོ། །དེ་དག་འཆིང་བའི་རྒྱུ་ཉིད་དུ། །ཇི་ལྟར་གཟིགས་པ་དེ་བཞིན་གསུངས། །དེ་དག་ཀྱང་དེ་བཞིན་གཤེགས་པས་རྣམ་པ་གང་གིས་ཀྱང་འཆིང་བའི་རྒྱུ་ཉིད་དུ་གཟིགས་པ་དེ་ཁོ་ན་བཞིན་དུ་གསུངས་ཀྱི་ཡང་དག་པར་ནི་མ་ཡིན་ཏེ། འདི་ལྟར། མེད་པ་རྣམས་ཀྱི་ནུས་པ་ཡང༌། །ཇི་ལྟར་སྣང་བ་བཞིན་དུ་འདོད། །མེད་པ་རྣམས་ཀྱང་ཇི་ལྟར་གྲགས་པ་བཞིན་དུ་འཆིང་བ་ལ་སོགས་པའི་བྱ་བ་བྱེད་པར་མི་འགལ་བ་ཁོ་ནའོ། །ཡང་དག་པར་ན་འཆིང་བ་དང༌། འཆིང་བར་བྱ་བ་དག་ཀྱང་མེད་དོ། །ཡོད་པ་རྣམས་ཀྱི་ནུས་པ་ནི། །ཇི་ལྟ་བུར་ཡང་མི་མཐོང་ངོ༌། །ཡོད་པ་རྣམས་དོན་བྱེད་པར་ནུས་པ་ནི་སངས་རྒྱས་རྣམས་ཀྱིས་ཀྱང་གཟིགས་པར་མི་སྤྱོད་དེ། ཤེས་པ་རྣམ་པ་མེད་པ་དང༌། །རྣམ་པ་དང་བཅས་པས་ཡོངས་


DTG107_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཅོད་པ་མི་སྲེད་པའི་ཕྱིར་ལ། ཡོངས་སུ་གཅོད་པར་བྱེད་པ་གཞན་ཡང་མི་རུང་བའི་ཕྱིར་རོ། །གང་ལས་གང་ཞིག་ཡོད་གཟིགས་པ། །དེ་ཡོད་ན་ནི་དེ་ངེས་ཡོད། །དེ་མེད་ན་ནི་དེ་མེད་ཉིད། །དེ་ཕྱིར་ཧ་ཅང་ཐལ་མི་འགྱུར། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །གཞན་ལ་དངོས་པོ་ཇི་བཞིན་དུ། །ཐ་སྙད་རུང་བ་མ་ཡིན་ནོ། །ཐ་སྙད་ཐམས་ཅད་ཇི་ལྟར་སྣང་བ་ཁོ་ན་བཞིན་དུ་འཇུག་གོ་ཞེས་བྱ་བ་དེ་ནི་དེ་ལྟ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱ་སྟེ། འདི་ལྟར་དངོས་པོར་སྨྲ་བའི་ལྟ་བ་ལ་ཡང༌། དངོས་པོ་ཇི་ལྟ་བ་བཞིན་ཐ་སྙད་གདགས་སུ་ནི་མི་སྣང་བའི་ཕྱིར། རིགས་པས་མི་རུང་ངོ༌། །ཤེས་པའི་བདག་ཉིད་ལ་ནི་རྡུལ་ཕྲ་རབ་དག་དང༌། གཉིས་སུ་མེད་པའི་དངོས་པོའི་ངོ་བོ་མི་སྣང་ངོ༌། །མི་སྣང་བ་ལ་ནི་ཐ་སྙད་མེད་དོ། །སྣང་བ་གང་ཡིན་པ་དེ་ཡང་དངོས་པོའི་ངོ་བོ་ཁོ་ན་མ་ཡིན་ཏེ། འདུས་པ་དང་གཉིས་ཀྱང་དངོས་པོ་མ་ཡིན་པའི་ཕྱིར་རོ། །ཐ་སྙད་ནི་འདི་གཉིས་ལས་ཡིན་ན། འདི་གཉིས་ཀྱང་དངོས་པོ་མ་ཡིན་པ་ཁོ་ནའོ། །གལ་ཏེ་སྣང་བཞིན་དུ་ཡང་དེ་ངེས་པར་མི་ཟིན་ཏོ་སྙམ་ན། དེས་ན་ཅི་དེ་ལྟ་བུ་ལ་ནི་ཐ་སྙད་མེད་དོ། །སྣང་བ་ཞེས་བྱ་བ་ཡང་ཡིད་ཆེས་པ་མེད་པའི་ཕྱིར་མནའ་ཆུ་བཏུང་དགོས་སོ། །ཚད་མ་མེད་པའི་ཕྱིར་དང༌། ཚད་མས་གནོད་པའི་ཕྱིར་ཡང༌། དངོས་པོའི་ངོ་བོ་མི་རུང་བའི་ཕྱིར་རོ། །དེ་ཇི་ལྟར་སྙམ་པ་ལ། རིགས་པའི་རྗེས་སུ་འབྲངས་ནས་བཤད། །ཅེས་བྱ་བ་སྨོས་ཏེ། དེ་ལྟ་བས་ན་དངོས་པོའི་ངོ་བོ་ཡོད་དུ་ཟིན་ཀྱང་ཇི་ལྟར་སྣང་བ་བཞིན་ཐ་སྙད་འདོགས་པས་དེ་ལ་མངོན་པར་ཞེན་པ་ནི་ཅིར་ཡང་མི་དགོས་སོ།། རང་ལྟ་ཆགས་པས་ཅི་ཞིག་བྱ། །སྐྱེ་བོ་རེད་བུར་སྐྱེས་འགྱུར་ཞིང༌། །ཡོན་ཏན་ཉེས་པ་མ་མཐོང་ལ། །རང་གི་ལྟ་བ་ཅི་ཞིག་ཡོད། །རང་གི་ལྟ་ལ་ཆགས་བོར་ཏེ། །རིགས་པ་ཉིད་ལ་འཇུག་པར་གྱིས། །གང་ཚེ་རིགས་སྟོབས་ལས་འོངས་པའི། །དངོས་པོ་ཡང་དག་ཉིད་ཟུང་ཤིག །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །ལྟ་བ་འདི་ལ་ཆད་པར་ཐལ་བར་འགྱུར་བ་ཡང་མ་ཡིན་ཏེ། གང་ཕྱིར་རྒྱུ་ལས་བྱུང་དེའི་ཕྱིར། །འདི་ནི་ཅི་ཕྱིར་ཆད་པར་འགྱུར། །དེ་ལོག་ན་ནི་ལོག་པ་ལ། །ཅི་ཕྱིར་རྟག་པ་ཉིད་ཡིན་སྨྲོས། །གང་གི་ཚེ་དངོས་པོ་འདི་ཇི་ལྟར་སྣང་བ་བཞིན་ལས་དང་ཉོན་མོངས་པའི་དབང་


DTG107_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

གིས་འཁོར་བ་ཇི་སྲིད་པར་འཇུག་པ་དེའི་ཚེ། འདི་ཆད་པར་ཇི་ལྟར་འགྱུར་ཏེ་འགྲོ་བ་བརྒྱུད་པ་འཁོར་བའི་རྗེས་སུ་འགྲོ་བ་ཁོ་ན་ལ་ནི་ཆད་པར་རིགས་པ་མ་ཡིན་ནོ། །གང་གི་ཚེ་འཕགས་པའི་བདེན་པ་མཐོང་བའི་མེས། ལས་དང་ཉོན་མོངས་པ་མཐའ་དག་བསྲེགས་པ་ཅན་མྱ་ངན་ལས་འདས་པའི་གྲོང་ཁྱེར་ན་གནས་པ་དེའི་ཚེ། འདི་ཇི་ལྟར་རྟག་པར་འགྱུར། དེ་བས་དེ་ལྟར་ན་ཀུན་རྫོབ་ཀྱི་དངོས་པོ་མེད་པའི་བདག་ཉིད་ལ་ཡང་རྟག་པ་དང་ཆད་པའི་ཆོས་ཉིད་ཐག་རིང་པོ་ཁོ་ནར་གནས་སོ། །དོན་དམ་པ་ལ་ལྟ་བའི་གནས་མི་ཐོད་པ་ཁོ་ན་སྟེ། འདི་ལྟར། མ་སྐྱེས་ངོ་བོ་ཉིད་ལ་ནི། །རྟག་དང་ཆད་ཉིད་ག་ལ་ཞིག །ཆོས་ཀྱི་བྱེ་བྲག་རྣམ་རྟོག་པ། །ངོ་བོ་ཉིད་ལ་རྟོག་པར་བྱེད། །ཇི་ལྟར་སུས་ཀྱང་ནམ་མཁའ་ལ། །ཡིག་སོགས་དགོད་པར་མི་ནུས་ལྟར། །དངོས་པོ་རྣམས་ནི་མ་སྐྱེས་ལ། །ཆོས་སུ་རྣམ་རྟོག་དེ་བཞིན་ནོ། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །བརྟགས་པའི་ངོ་བོས་དབེན་པ་ཡི། །ཇི་ལྟར་སྣང་བ་འདི་ཁོ་ན། །བརྟེན་ཏེ་སྐྱེས་པ་ཐམས་ཅད་ནི། །ཐམས་ཅད་མཁྱེན་པས་མངོན་སུམ་གཟིགས། །དངོས་པོ་རྣམས་ངོ་བོ་ཉིད་མེད་བཞིན་དུ་ཡང་ཇི་ལྟར་སྣང་བ་ལ་ཡང་དག་པར་སྐྱེ་བ་ལ་སོགས་པས་དབེན་པ་བརྟེན་ནས་སྐྱེས་པ་ཁོ་ནའི་དངོས་པོ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཅིག་ཅར་མངོན་སུམ་དུ་མཁྱེན་པས་ན། ཐམས་ཅད་མཁྱེན་པ་ཞེས་བྱའོ། །གང་ལ་དོན་གཞན་ཡོངས་གཅོད་པའི། །ཤེས་པ་ཅུང་ཟད་ཀྱང་མེད་པས། །དེ་ཡི་ཐམས་ཅད་མཁྱེན་པ་འདིར། །བརྟགས་ཡིན་ཅུང་ཟད་འགལ་བ་མེད། །ཤེས་བྱ་ནང་གི་ཡིན་པར་སྨྲ་བའི་ལྟར་ན། ཐམས་ཅད་མཁྱེན་པ་བརྟགས་པ་ཁོ་ན་ཡིན་པར་འགྱུར་ཏེ། བློ་རྣམ་པ་དང་བཅས་པ་དང་ཅིག་ཤོས་ཀྱིས་ཡོངས་སུ་གཅོད་པ་མི་རུང་བའི་ཕྱིར་རོ། །རྒྱུད་གཞན་ལ་ཡོད་པའི་དངོས་པོ་ཡོངས་སུ་མི་གཅོད་པའི་ཕྱིར་ཏེ། རང་གི་རྒྱུད་ལ་ཡོད་པ་ཡང་དེ་དང་འདྲའོ། །ངོ་བོ་ཉིད་མེད་པར་སྨྲ་བའི་ལྟར་ན་ནི། ཇི་ལྟར་གྲགས་པ་བཞིན་དུ་ཡོངས་སུ་གཅོད་པའི་ཕྱིར་ཉེས་པ་མེད་དོ། །གང་གི་ཚེ་ཡང་དག་པར་སྐྱེ་བ་ལ་སོགས་པར་རྟོག་པ་བཀག་པའི་ངོ་བོ་ཉིད་ཀྱིས་ཆོས་རྣམས་མ་སྐྱེས་སོ་ཞེས་བྱ་བ་ལ་སོགས་པ་ཡང་བརྟགས་པའི་བདག་ཉིད་ཡང་དག་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ནས། དངོས་པོའི་རང་གི་ངོ་བོ་དཔྱོད་པར་བྱེད་


DTG107_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ཅུང་ཟད་ཀྱང་མི་མཐོང་བ་དེའི་ཚེ་ནི་དེ་ཁོ་ན་བཞིན་གནས་ཏེ། འདི་ལྟར། གང་ཚེ་ཤེས་དང་ཤེས་བྱ་དང༌། །བདག་ཉིད་རྗེས་སུ་མི་མཐོང་བ། །དེ་ནི་མཚན་མ་མི་འབྱུང་ཕྱིར། །གནས་པ་བརྟན་ཕྱིར་མི་བཞེངས་སོ། །བཅོམ་ལྡན་འདས་འདི་རྟོག་པའི་ས་བོན་མཐའ་དག་བག་ཆགས་དང་བཅས་ཏེ། རྩད་ནས་བཏོན་པ་ཉིད་ཀྱི་ཕྱིར། །མཚན་མ་མི་འབྱུང་ན་བཞེངས་པ་ལྟ་ག་ལ་ཡོད། བསྐལ་པ་གྲངས་མེད་པ་དུ་མར་གུས་པར་མཛད་དེ། བར་ཆད་མེད་པར་ལེགས་པར་བསྒོམས་པས་ཏིང་ངེ་འཛིན་བརྟན་པའི་ཡང་ཕྱིར་རོ། །གང་ལ་བཞུགས་ན་བསམ་མི་ཁྱབ། །ཡོན་ཏན་ཀུན་གྱི་གནས་འགྱུར་དང༌།། མཚུངས་མེད་ཕྱག་གནས་འདྲེན་གྱུར་པའི། །གནས་སྐབས་འགའ་དེ་བསམ་མི་ཁྱབ། །ཆོས་རྣམས་ཀུན་གྱི་ལུས་ཡིན་ཕྱིར། །ཡོན་ཏན་བསམ་ཡས་ཀུན་རྟེན་ཕྱིར། །རིགས་པའི་རྗེས་འབྲང་ངོ་བོའི་ཕྱིར། །སྐྱོབ་པ་རྣམས་ཀྱི་ཆོས་སྐུ་ཡིན། །རྣམ་པ་གསུམ་གྱིས་ཆོས་ཀྱི་སྐུ། །ཞེས་བྱ་སྟེ། ཆོས་ཐམས་ཅད་ཀྱི་ལུས་ཀྱི་འགྲོ་བ་ཐམས་ཅད་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ལས་མི་འདའ་བའི་ཕྱིར་རོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ལུས་ནི་ཚོགས་ཡིན་པའི་ཕྱིར་རམ། ཡང་ན་འདིར་ཆོས་རྣམས་སྒྲོགས་པའི་ཕྱིར་རོ། །རྟེན་གྱི་དངོས་པོ་ནི་དེ་ལ་འཇུག་པ་ཐོབ་པས་ཀུན་བརྟགས་པའོ། །ཆོས་ཀྱི་སྐུ་ནི་རིགས་པས་རྣམ་པར་གནས་པའི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ །དེ་ཉིད་རིགས་པ་དང་ལྡན་པའི་ཕྱིར་རོ། །དེ་ཚེ་རྣམ་རྟོག་མེད་དེ་ཡི། །སྔོན་གྱི་ཤུགས་ཀྱིས་སེམས་ཅན་དོན། །རྟག་ཏུ་ཕྱོགས་རྣམས་ཐམས་ཅད་དུ། །རྣམ་པ་ཀུན་ཏུ་ཐམས་ཅད་འབྱུང༌།། མཁྱེན་པའི་སྐད་ཅིག་གཅིག་གིས་ནི། །ཤེས་བྱ་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཡོན་ཏན་རིན་ཆེན་ཚོགས་ཏིང་འཛིན། །བསམ་གཏན་བསམ་མི་ཁྱབ་པའི་རྟེན། །རྟོག་པ་དང་ནི་ཉོན་མོངས་དང༌། །བག་ཆགས་མ་ལུས་གཏན་བཅད་ཅན། །ཤེས་བྱའི་ཡུལ་ལ་མི་ཤེས་པའི། །ཚོགས་ནི་མཐའ་དག་རྣམས་སྤངས་ཅན། །ཉེས་པ་ཀུན་གྱིས་མ་ཡིན། །ཡོན་ཏན་རྒྱ་མཚོ་ཀུན་གྱིས། །རྟག་ཏུ་འགྲོ་བ་ཐམས་ཅད་ཀྱི། །འདོད་པ་རྣམ་པ་ཀུན་དུ་སྒྲུབ། །ཡིད་བཞིན་ནོར་བུ་བཞིན་དུ་ནི། །མཚུངས་མེད་འཁོར་བ་སྲིད་དུ་འཇུག །ཐུགས་རྗེ་ཆེས་བསྒྲུབས་བསམ་མི་ཁྱབ། །བསོད་ནམས་ཡེ་ཤེས་


DTG107_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་མེད་འབྱུང༌། །ཡང་དག་པ་མི་མཆོག་ཐོབ་ཅིང༌། །བསོད་ནམས་རབ་ཆེའི་ལས་མངའ་བ། །བྱང་ཆུབ་སེམས་དཔའ་རྣམས་མིག་གི །ཡུལ་དུ་བསམ་གྱིས་མི་ཁྱབ་འགྱུར། །དེ་ལས་བྱང་ཆུབ་སེམས་དཔའ་རྣམས། །གང་གིས་ཆོས་ཀྱི་ལོངས་སྤྱོད་ནི། །ཇི་ལྟར་འདོད་བཞིན་ཉེར་སྤྱོད་པས། །སྐུ་ནི་ལོངས་སྤྱོད་རྫོགས་པར་འདོད། །སེམས་ཅན་སོ་སོའི་འདོད་པའི་དོན། །དུས་བཞིན་རབ་ཏུ་འགྲུབ་པའི་ཕྱིར། །དེ་ལས་སྤྲུལ་བའི་སྤྲིན་གྱི་རྒྱུན། །ཀུན་དུ་རབ་ཏུ་འབྱུང་བར་འགྱུར། །རྣམ་པ་གང་དང་གང་གིས་ན། །གང་དང་གང་ན་གང་གང་ཚེ། །སྐལ་ལྡན་སྐྱེ་བོ་གང་དང་གང༌། །དེ་དེ་ཡོངས་སུ་སྨིན་བྱ་བར། །རྣམ་པ་དེ་དེས་དེ་དང་དེར། །དེ་ཡི་ཚེ་དང་དེ་ཡི་ཚེ། །ཐུབ་པའི་སྤུ་ཡི་ཁུང་སོགས་ནས། །སྤྲུལ་པ་གདོན་མི་ཟ་བར་འབྱིན། །རྒྱལ་བས་འཇིག་རྟེན་མ་ལུས་པའི། །བྱ་བ་དག་ལ་གང་གིས་མཛད། །དེ་ནི་དེ་ཡི་སྤྲུལ་སྐུ་སྟེ། །འགྲོ་བ་དབུགས་འབྱིན་མཛད་པ་ཡིན། །ཁྱབ་བདག་ཤུགས་ཀྱི་མཐུ་ཡིས་ནི། །སྤྲུལ་པ་ཡིས་ནི་སྤྲུལ་པ་ཡང༌། །ཇི་ལྟར་བཞེད་བཞིན་མཛད་ཉིད་དེ། །མཛད་པ་ཀུན་ལ་འཇུག་པ་བཞིན། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །བཅོམ་ལྡན་འདས་ཀྱི་སྐུ་འདི་ནི་ཤིན་ཏུ་མདོར་བསྡུས་ནས་རྣམ་པ་གསུམ་དུ་བཤད་ཀྱི། རྣམ་པ་ཐམས་ཅད་དུ་མ་ལུས་པར་བརྗོད་པར་ནི། ཡེ་ཤེས་དང་ལྡན་པ་ཐམས་ཅད་མཁྱེན་པས་ཀྱང་མི་སྤྱོད་ན་བདག་འདྲ་བས་ལྟ་སྨོས་ཀྱང་ཅི་དགོས། ཕྱོགས་འདིས་ཉན་ཐོས་ལ་སོགས་པའི་ལུས་ཀྱི་རྣམ་པར་དབྱེ་བ་ཡང་ཤེས་པར་བྱའོ། །དེ་ལྟར་བདེན་གཉིས་རྣམ་ཕྱེ་འདིར། །ཅི་ཉེས་ཡོད་དམ་འོན་ཏེ་མེད། །ཕྱོགས་འཛིན་པ་ཡིས་དཀྲུགས་པའི་ཡིད། །ལེགས་པར་བོར་ལ་དཔྱད་པར་གྱིས། །མི་ཡང་ཤིན་ཏུ་ཐོབ་པར་དཀའ། །བློ་སྦྱངས་ཉམ་ཡང་རབ་ཏུ་ཆུང༌། །འཁོར་བའི་དགོན་པ་བགྲོད་པར་དཀའ། །སྲོག་ཀྱང་ཤིན་ཏུ་གཡོ་བ་ཡིན། །བཤེས་གཉེན་བཟང་པོ་རྙེད་དཀའ་ན། །རབ་ཏུ་སྡང་བ་གང་དུ་དགོས། །མོས་པ་མེད་དུ་ཟིན་ན་ཡང༌། །དེ་ནི་འགའ་ལ་བསོད་ནམས་ཀྱིས། །གོམས་པར་བྱས་ལ་རིམ་གྱིས་ནི། །འདི་ནི་རེ་ཞིག་ཅིག་ན་འགྱུར། །སྡང་བས་ཚིག་པ་ཁྱོད་ལ་ནི། །དལ་བ་འབྱོར་པའང་རིང་བར་གསལ། །བདེན་པ་གཉིས་ནི་རྣམ་ཕྱེ་བས། །དགེ་བ་བདག་ཉིད་ཐོབ་པ་གང༌། །དེས་ནི་འགྲོ་


DTG107_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བ་མ་ལུས་པ། །ཡེ་ཤེས་སྙིང་པོར་བསྐྱེད་པར་ཤོག །བདེན་པ་གཉིས་རྣམ་པར་གཏན་ལ་དབབ་པ། ཡང་དག་པ་མཐོང་བར་བརྩོན་པ་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཤཱི་ལེན་དྲ་བོ་དྷི་དང་བནྡེ་ཡེ་ཤེས་སྡེའི་འགྱུར།། །།

བདེན་པ་གཉིས་རྣམ་པར་འབྱེད་པའི་དཀའ་འགྲེལ།
ཞི་བ་འཚོ།


DTG107_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ས་ཏྱ་དྭ་ཡ་བི་བྷཾ་ག་པཉྫི་ཀ །བོད་སྐད་དུ། བདེན་པ་གཉིས་རྣམ་པར་འབྱེད་པའི་དཀའ་འགྲེལ། བམ་པོ་དང་པོ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བློ་ཆུང་རྣམས་ཀྱི་ཤེས་རབ་དག །རབ་ཏུ་རྒྱས་པར་བྱ་བའི་ཕྱིར། །བདེན་གཉིས་རྣམ་པར་དབྱེ་བ་ཡིས། །དཀའ་འགྲེལ་འདི་ནི་མདོར་བསྡུ་བྱ། །དེ་ལ་བསྟན་བཅོས་བརྩམ་པ་ལ། །གང་དག་དངོས་པོ་ངོ་བོ་ཉིད་མེད་ཡང་དག་མཁྱེན་གྱུར་ཀྱང༌། །ཐུགས་རྗེས་འཁོར་བ་ཇི་སྲིད་བར་དུ་ཐུབ་དབང་སྲས་བཅས་རྣམས། །འཇིག་རྟེན་མ་ལུས་པ་ཡི་འཚལ་བའི་དངོས་པོ་བསྒྲུབ་སླད་དུ། །འདིར་བཞུགས་དྲི་མེད་བློ་ལྡན་དེ་དག་རྣམས་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་སྡུག་པའི་ལྷ་ལ་ཕྱག་བྱ་བ་བརྗོད་པ་ནི་བཀྲ་ཤིས་པར་བྱ་བའི་ཕྱིར་རོ། །གཅིག་ཏུ་ན་ཡ་རབས་ཀྱི་ཚུལ་དང་མཐུན་པར་འཇུག་པ་ཡིན་པར་བསྟན་པ་ཡིན་ནོ། །གཅིག་ཏུ་ན་བསྟན་བཅོས་བརྩམ་པ་ལ་སྟོན་པ་ལ་མཆོད་པ་བྱ་བ་ནི་བསྟན་བཅོས་དེ་ལ་གུས་པ་བསྐྱེད་པའི་ཕྱིར་རམ། དེའི་དོན་བཟང་བ་ལས་ན་སྟོན་པ་གྲུབ་པར་བྱ་བའི་ཕྱིར་ཏེ། དེ་ལ་གྲུབ་པ་དང་མ་གྲུབ་པའི་རིགས་གཉིས་ཡོད་པའི་ཕྱིར་རོ། །ཕྱག་བྱ་བ་འདི་ནི་བསྟན་བཅོས་ཀྱི་དོན་ཇི་ལྟ་བུ་ཡིན་པ་དེ་དང་མཐུན་པ་ཁོ་ནར་བྱས་པ་ཡིན་ཏེ། བདག་གིས་འདིར་དོན་འདི་ལྟ་བུ་རབ་ཏུ་བསྒྲུབ་བོ་ཞེས་བསྟན་པའི་ཕྱིར་ཏེ། ཚིགས་སུ་བཅད་པ་འདིར་དོན་གསུམ་བསྟན་ཏེ། དངོས་པོའི་དེ་ཁོ་ན་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པ་ནི། གང་དག་དངོས་པོ་ངོ་བོ་ཉིད་མེད་ཡང་དག་མཁྱེན་གྱུར་ཀྱང༌། །ཞེས་བྱ་བ་འདིས་བསྟན་ཏོ། །དངོས་པོ་དང་དངོས་པོ་མེད་པའི་ངོ་བོ་ཉིད་ལས་འདས་པ་ནི་ངོ་བོ་ཉིད་མེད་པ་སྟེ། དངོས་པོ་དང་དངོས་པོ་མེད་པ་གཉི་ག་ངོ་བོ་ཉིད་མེད་པའི་ཕྱིར་རོ། །དངོས་པོ་ཞེས་བྱ་བའི་སྒྲ་ནི་ངོ་བོ་ཉིད་ལ་བྱའོ། །བཞུགས་པ་ནི་ཆེན་པོ་རྣམ་པ་ལྔས་བསྟན་ཏེ། རྒྱུ་ཆེན་པོ་ནི་ཐུགས་རྗེའི་རྒྱུ་ལས་བྱུང་བའི་ཕྱིར་རོ། །ཐུགས་རྗེ་ནི་སེམས་ཅན་ལ་སོགས་པ་ལ་དམིགས་པས་རྣམ་པ་གསུམ་མོ། །དུས་ཆེན་པོ་ནི་འཁོར་བ་ཇི་སྲིད་བར་


DTG107_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཞུགས་པའི་ཕྱིར་རོ། །མཛད་པ་ཆེན་པོ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཛད་པ་པོ་ཡིན་པའི་ཕྱིར་རོ། །ལུས་དང་ངག་དང་ཡིད་ཐུབ་པ་དང་ལྡན་པའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ཐུབ་པ་རྣམས་སོ། །བཅོམ་ལྡན་འདས་ནི་ལུས་དང་ངག་དང་ཡིད་ཐུབ་པ་ཐུན་མོང་མ་ཡིན་པ་དང་ལྡན་པའི་ཕྱིར་དེ་དག་གི་དབང་པོ་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། སྐུའི་གསང་བ་ལ་སོགས་པ་སྨོས་བས་བསྟན་ཏེ། སྲས་བཅས་ཞེས་སྨོས་པ་ནི། བཅོམ་ལྡན་འདས་ཀྱི་འཁོར་རྟག་ཏུ་མང་ཞིང་རྣམ་པར་དག་པ་ཡིན་པར་བསྟན་པའི་ཕྱིར་རོ། །དགོས་པ་ཆེན་པོ་དེ་ཡང་འཇིག་རྟེན་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འཇིག་རྟེན་མ་ལུས་པའི་འཚལ་བ་ནི། འདི་མ་ལུས་པ་ཡང་ཡིན། འཇིག་རྟེན་གྱི་འཚལ་བའི་དངོས་པོ་འགྲུབ་པ་ཡང་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །སྐྱོན་རྣམས་ཀྱིས་མ་གོས་པ་ཆེན་པོ་ནི། དྲི་མེད་བློ་ལྡན་ཞེས་བྱ་བས་བསྟན་ཏོ། །བློ་དྲི་མ་མེད་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དེ་གཉིས་གཏན་དུ་སྤངས་པ་དང༌། བག་ཆགས་དང་བཅས་པར་སྤངས་པ་དང༌། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ཀྱི་སྒྲིབ་པ་སྤངས་པའི་ཕྱིར་རོ། །གཅིག་ཏུ་ན་འཁོར་བ་ན་གནས་པ་རྣམས་ཀྱི་འཁོར་བའི་སྐྱོན་འཇིག་རྟེན་གྱི་ཆོས་ལ་སོགས་པས་མི་གོས་པའི་ཕྱིར་བློ་དྲི་མ་མེད་པ་ཡིན་ནོ། །ཀྱང་ཞེས་བྱ་བ་ནི་མི་མཐུན་པའི་རྒྱན་སྟོན་པ་ཡིན་ཏེ། དོན་དམ་པའི་བདེན་པ་ལ་བརྟེན་ནས་ནི་དངོས་པོའི་དེ་ཁོ་ན་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་ལ། ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་ནི་བཞུགས་པ་ཡང་བསྟན་ཏོ། །གང་གི་ཕྱིར་རྫོགས་པར་ལོངས་སྤྱོད་པའི་སྐུ་དེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་ངེས་པར་བྱུང་བ་ཡིན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་མོས་པ་ཇི་ལྟ་བ་བཞིན་དུ་སྔོན་པོ་ལ་སོགས་པའི་ངོ་བོར་སྣང་བ་ཇི་ལྟ་བ་དེ་བཞིན་དུ་རྣམ་པར་འཇོག་སྟེ་དེའི་ཕྱིར་འགལ་བ་མེད་དོ། །ཕྱག་བྱ་བ་དེ་ནི་མདོར་ན་ལས་གསུམ་གྱི་རང་བཞིན་གྱི་དོན་ཡིན་པའི་ཕྱིར་རོ། །རབ་ཏུ་བྱེད་པ་འདི་ནི་དགོས་པ་མེད་པའི་ཕྱིར་བརྩམ་པར་བྱ་བ་མ་ཡིན་ཏེ། བྱ་རོག་གིས་སོ་བརྟག་པ་དང་འདྲའོ་སྙམ་དུ་དོགས་པའི་གཏན་ཚིགས་མ་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར། བདེན་པ་གཉིས་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་


DTG107_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཇི་ལྟ་བ་བཞིན་ཞེས་བྱ་བའི་ཚིག་ནི། གཞན་དག་གིས་ཀྱང་བདེན་པ་གཉིས་རྣམ་པར་དབྱེ་བ་བསྟན་མོད་ཀྱི། དེ་ནི་ཡང་དག་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །འབྲེལ་བ་ནི་དགོས་པའི་ནང་དུ་འདུས་པའི་ཕྱིར་ལོགས་ཤིག་ཏུ་མ་སྨོས་ཏེ། འདི་ལྟར་བསྟན་བཅོས་ཐམས་ཅད་དམ། ལས་ལ་ནི་དགོས་པ་ཉིད་ཀྱི་འབྲེལ་པ་བརྗོད་པར་བྱའི། བྱེད་པའི་མཇུག་ཐོགས་ལ་སོགས་པའི་མཚན་ཉིད་ཀྱི་འབྲེལ་པ་གཞན་ནི་བརྗོད་པར་མི་བྱ་སྟེ། བསྟན་བཅོས་ལ་བྱ་བའི་ཡན་ལག་མ་ཡིན་པའི་ཕྱིར་རོ། །དཔེར་ན་གསོ་བའི་བསྟན་བཅོས་ཇི་ལྟ་བ་དེ་བཞིན་དུ། དགོས་པ་དང་ལྡན་པ་གང་ཡིན་པ་དེ་བརྩམ་པར་བྱ་སྟེ། རབ་ཏུ་བྱེད་པ་འདི་ཡང་དགོས་པ་དང་ལྡན་པ་ཡིན་ནོ། །དཔེར་ན་གསོ་བའི་བསྟན་བཅོས་ལ་ཇི་ལྟ་བ་དེ་བཞིན་དུ་འབྲེལ་པ་དང་ལྡན་པ་གང་ཡིན་པ་དེ་རྟོག་པ་སྔོན་དུ་གཏོང་བ་རྣམས་ཀྱིས་གཟུང་བར་བྱ་སྟེ། རབ་ཏུ་བྱེད་པ་འདི་ཡང་འབྲེལ་པ་དང་བཅས་པ་ཡིན་ཏེ། རྟོག་པ་སྔོན་དུ་གཏོང་པའི་སྐྱེ་བོ་བདེན་པ་གཉིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རོ་ཞེས་བྱ་བ་ལྷག་མའོ། །འདི་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་རབ་ཏུ་བྱེད་པ་ནང་དུ་ཡོངས་སུ་རྫོགས་པའི་ངོ་བོར་བཞག་ནས་བརྗོད་པ་ཡིན་ཏེ། མངོན་སུམ་ཉེ་བའི་ཚིག་ཡིན་པའི་ཕྱིར་རོ། །བརྩམས་ཏེ་ཞེས་བྱ་བ་ནི། ད་ལྟར་དང་ཉེ་བ་ལ་ད་ལྟར་ཞེས་བཤད་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་བརྩམས་ལ་ཡོངས་སུ་རྫོགས་པ་མ་ཡིན་པ་ནི་ད་ལྟར་གྱི་དུས་སོ། །བཅོམ་ལྡན་འདས་ཀྱིས་བདེན་པ་གཉིས་ཇི་ལྟ་བ་བཞིན་དུ་རྣམ་པར་ཕྱེ་ལ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཀྱང་གསལ་བར་མཛད་ཟིན་པ་མ་ཡིན་ནམ། ཅིའི་ཕྱིར་བདེན་པ་གཉིས་རྣམ་པར་དབྱེ་བ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རབ་ཏུ་བྱེད་པ་འདི་བརྩམས་ཤེ་ན། གང་གི་ཕྱིར། བདེན་པ་གཉིས་པོ་རྣམ་ཕྱེ་ཡང༌། །ཤིང་རྟ་ཆེ་དག་རྨོངས་ཉིད་ན། །གཞན་རྣམས་སྨོས་ཀྱང་ཅི་དགོས་ཏེ། །དེ་བས་བདག་གིས་རྣམ་པར་དབྱེ། །ཞེས་བྱ་བ་སྨོས་སོ། །གཞན་གྱི་དོན་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་མཚན་ཉིད་དེ། དེ་འབྱུང་བ་དེ་ལ་མཁས་ཞེས་བྱ་བར་ཚིག་རྣམ་པར་སྦྱར་བར་བྱའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཞི་བཅོམ་པའི་ཕྱིར་རམ། དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །སྐྱེ་བོ་བློ་ཆུང་ངུ་ནི་བློ་མི་གསལ་བའོ། །རང་གི་སྡེ་བ་ནི་སློབ་དཔོན་ཆོས་སྐྱོང་ལ་སོགས་


DTG107_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་དག་གི་ཁ་ན་ལས་པས་འཇུག་པ་གང་དག་སློབ་དཔོན་ཆོས་སྐྱོང་ལ་སོགས་པའི་ལྟ་བའི་རྗེས་སུ་འབྲང་བས་ཞུགས་པ་དེ་དག་ནི་ཤིན་ཏུ་རྨོངས་པ་ཁོ་ན་ཡིན་པའི་ཕྱིར། གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་སྨོས་སོ། །བདེན་པ་གཉིས་རྣམ་པར་ཕྱེ་བ་དེ་ཉིད་ཀྱིས་དོན་ཅི་ཞིག་ཏུ་འགྱུར་ཞེ་ན། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་བདེན་པ་གཉིས་རྣམ་པར་དབྱེ་བ་ཤེས་པ་ནི་དགོས་པ་ཡིན་ལ། དགོས་པ་དེ་ཡང་བཅོམ་ལྡན་འདས་ཀྱི་བཀའ་དག་ལ་མི་རྨོངས་ཤིང་མ་རྨོངས་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་ལུས་པ་ཡོངས་སུ་རྫོགས་པར་འགྱུར་ལ། རྫོགས་པ་དེ་ཡང་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་རབ་ཀྱི་མཐར་ཕྱིན་པར་འགྱུར་ཏེ། དེ་ནི་སངས་རྒྱས་ཉིད་དུ་འགྱུར་རོ་ཞེས་དེ་སྐད་དུ་སྟོན་ཏེ། དེ་ལས་དགོས་པ་གཞན་མེད་པའི་ཕྱིར། ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །ཅེས་བྱ་བ་སྨོས་ཏེ། འགྲོ་འམ། མི་འགྲོ་སྙམ་དུ་ཐེ་ཚོམ་ཟ་བའི་རྒྱུ་མེད་པའི་ཕྱིར། འགྲོ་བ་ཉིད་ཅེས་བྱ་བ་སྨོས་སོ། །འདི་ནི་གོ་རིམས་ཁོ་ན་བཞིན་དུ་རྣམ་པར་དགྲོལ་བའི་ཕྱིར། བདེན་པ་གཉིས་རྣམ་པར་དབྱེ་བ་ལ་མཁས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འགྲོ་ལ་ཕན་པ་དེ་འབྱུང་བ། །དེ་བསྐྱེད་པ་ནི་བྱེད་པ་སྟེ། །དེར་བློ་དང་ལྡན་པའོ། །ཡང་ན་བློ་དེས་འགྲོ་བ་ལ་ཕན་པ་འབྱུང་བ་སྐྱེད་པས་དེ་འགྲོ་བ་ལ་ཕན་པ་འབྱུང་བ་སྐྱེད་པའི་བློ་དང་ལྡན་པའོ་ཞེས་ཚིག་རྣམ་པར་སྦྱར་རོ། །འཇིག་རྟེན་སྨོས་པ་ནི་བདེན་པ་གཉིས་རྣམ་པར་དབྱེ་བ་ལ་མཁས་པའི་ཆེ་བ་ཉིད་བརྗོད་པའི་ཕྱིར་ཏེ། བདེན་པ་གཉིས་རྣམ་པར་དབྱེ་བ་ལ་མཁས་པ་འདི་ལྟ་བུ་ནི། གང་གིས་འཇིག་རྟེན་འཁོར་བའི་སྲིན་བུ་ཡང༌། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ་ཕྱིན་པར་འགྱུར་བའོ། །བདག་གི་དོན་ཕུན་སུམ་ཚོགས་པ་ནི་ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པའི་མཚན་ཉིད་དེ། གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡང་དེ་དང་འདྲའོ། །བྱེ་བྲག་ཏུ་བྱར་མེད་པ་ནི་སངས་རྒྱས་ཀྱི་ཐུགས་ཀྱི་རྒྱུད་ལ་མངའ་བའི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བརྗོད་པའི་ཕྱིར་རོ། །ཤིན་ཏུ་ཞེས་བྱ་བ་ནི། བདེན་པ་གཉིས་རྣམ་པར་དབྱེ་བ་ལ་མཁས་པ་ཞེས་བྱ་བ་ལ་སོགས་པ་ཚིག་ལྔ་པོ་


DTG107_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

དག་དང་སྦྱར་རོ། །གཞན་ནི་ཞེས་བྱ་བ་ནི། ཉན་ཐོས་ལ་སོགས་པའི་རིགས་ཅན་ཏེ། འགྲོ་བ་ལ་ཕན་པ་འབྱུང་བ་བསྐྱེད་པའི་བློ་དང་ལྡན་པ་དག་ལས་གཞན་ཡིན་པའི་ཕྱིར་རོ། །དེ་ཡང་བདེན་པ་གཉིས་རྣམ་པར་དབྱེ་བ་ལ་མཁས་པ་ཁོ་ནར་གྱུར་ན། བདེ་བར་གཤེགས་པའི་གསུང་རབ་རབ་འབྱམ་དག་ལ་ཤེས་པའི་སྣང་བ་ཐོབ་ནས་བསམ་པ་དང་མཐུན་པ་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་ཡིད་ལ་བསམས་པ་བཞིན་དུ་ཡོངས་སུ་རྫོགས་པའི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ངེས་པར་ཞེས་བྱ་བ་ནི་གཉི་ག་དང་ཡང་སྦྱར་བར་བྱའོ། །དེའི་ཕྱིར་འདིས་ནི་གདོན་མི་ཟ་བ་ཁོ་ནར་ཕ་རོལ་ཏུ་ཕྱིན་པར་འགྱུར་ཏེ། འཁྲུལ་པ་ཡིན་པ་སྙམ་དུ་མི་བྱའོ་ཞེས་སྟོན་ཏོ། །དེ་དང་དེར་ཞེས་བྱ་བ་ནི་སྤྱིར་བཏང་བའི་ཚིག་སྟེ། མདོ་སྡེ་མང་བ་ཉིད་དུ་སྟོན་ཏོ། །བདེན་པ་གཉིས་རྣམ་པར་དབྱེ་བའི་དོན་ཀྱང་བྱའོ་ཞེས་སྟོན་པ་ལ། ཇི་ལྟར་སྣང་བ་འདི་ཁོ་ན་ཞེས་བྱ་བ་བསྣན་པ་ནི་རིགས་པ་ཇི་ལྟ་བ་བཞིན་དུ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །ཀུན་རྫོབ་སྨོས་པ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ་ཚིག་ཐ་མ་ཁོང་ནས་དབྱུང་བའི་ཕྱིར་རོ། །གཞན་ནི་ཞེས་བྱ་བ་ནི། ཇི་ལྟར་སྣང་བ་ལས་གཞན་པའོ། །དེའི་ཕྱིར་འདིས་ནི་རིགས་པ་ཇི་ལྟ་བ་བཞིན་ཉིད་ནི་དོན་དམ་པའི་བདེན་པའོ་ཞེས་སྟོན་ཏོ། །ནི་ཞེས་བྱ་བ་ནི་བསྣན་པའི་དོན་ཏེ། །གཞན་ཁོ་ན་ཞེས་བྱ་བའམ་ཅིག་ཤོས་ཁོ་ན་ཞེས་བྱ་བར་བསྣན་པར་བྱའོ། །འདི་རྣམ་པར་དགྲོལ་བའི་ཕྱིར། ཇི་ལྟར་བ་ལང་རྫི་མོ་ཞེས་བྱ་བ་སྨོས་ཏེ། བ་ལང་རྫི་མོ་སྨོས་པ་ནི་བློ་མ་བྱང་བའི་འཇིག་རྟེན་བསྟན་པའི་ཕྱིར་རོ། །སོགས་པ་སྨོས་པས་ནི་བློ་བྱང་བ་རྣམས་གཟུང་སྟེ། ཇི་ལྟར་དེ་དག་གི་མཐོང་བ་བུམ་པ་ལ་སོགས་པའི་རྣམ་པ་དང་མཐུན་པར་ཞགས་པ་ཡིན་ནོ་ཞེས་བྱ་བ་ལྷག་མ་སྟེ། དེ་བཞིན་དུ་ཀུན་རྫོབ་ཏུ་བུམ་པ་ལ་སོགས་པ་བདེན་པར་རྣམ་པར་གནས་ཀྱི་དེ་ཁོ་ན་ཉིད་དུ་ནི་མ་ཡིན་ཏེ། རིགས་པས་དཔྱད་ན་བུམ་པར་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་མཐོང་བ་བཞིན་དུ་རྣམ་པར་གནས་པ་ཇི་ལྟ་བུ་ཞེ་ན། མཐོང་བ་དང་མཐུན་པར་དངོས་པོའི་དོན་ངེས་པར་འཛིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་འདིས་ནི་བྱིས་པ་དང༌། མཁས་པ་དག་བུམ་པ་ལ་སོགས་པ་གང་ལ་བློ་མཐུན་པ་དེ་ནི་ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །མཐོང་བ་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པས་ནི། ཡང་དག་པ་དང་


DTG107_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པ་མ་ཡིན་པ་ལ་སོགས་པའི་བྱེ་བྲག་གི་ཚུལ་ཉིད་ཀྱིས་ཀུན་རྫོབ་ཀྱི་བདེན་པ་བསྡུས་པར་བསྟན་ཏོ། །ནི་ཞེས་བྱ་བའི་སྒྲ་ནི་བསྣན་པའི་དོན་ཏོ་ཞེས་བྱ་བ་ནི་སྔར་བཤད་པ་ཉིད་དོ། །ཅིའི་ཕྱིར་རིགས་པ་ལ་དོན་དམ་པ་ཞེས་བྱ་ཞེ་ན། གང་གི་ཕྱིར། སླུ་བ་མེད་པས་རིགས་པ་ནི། །དོན་དམ་ཡིན་ཏེ་ཞེས་བྱ་བ་སྨོས་སོ། །མི་སླུ་བ་དེ་ཉིད་ཇི་ལྟ་བུ་ཞེ་ན། རིགས་པའི་སྟོབས་ཀྱིས་དོན་ལ་ངེས་པ་ནི་སླུ་བར་མི་འགྱུར་ཏེ། དེའི་ཕྱིར་ཚུལ་གསུམ་པའི་རྟགས་ཀྱི་བསྐྱེད་པའི་རྟོགས་པ་གང་ཡིན་པ་དེ་ནི་དམ་པ་ཡང་ཡིན་ལ། དོན་ཀྱང་ཡིན་པས་དོན་དམ་པའོ་ཞེས་བྱ་བ་སྨོས་སོ། །རིགས་པའི་སྟོབས་ནི་དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་བ་དང་ལྡན་པའི་དངོས་པོའི་སྟོབས་སོ། །སླུ་བར་མི་འགྱུར་ཞེས་བྱ་བ་ནི། གང་གི་ཕྱིར་འབྲས་བུས་རྒྱུ་ལ་འཁྲུལ་བར་མི་འགྱུར་བ་སྟེ། དེའི་འབྲས་བུ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ངོ་བོ་ཉིད་ཀྱང་ངོ་བོ་ཉིད་ལ་འཁྲུལ་བར་མི་འགྱུར་ཏེ། དེའི་ངོ་བོ་ཉིད་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དམ་པ་ཡང་ཡིན་ཞེས་བྱ་བ་ནི་མི་སླུ་བའི་ཕྱིར་རམ། དོན་དང་འབྲེལ་བའི་ཕྱིར་རོ། །མངོན་སུམ་གྱིས་གཏན་ལ་ཕབ་པའི་དོན་ནི། །མངོན་སུམ་དང་བྲེས་གཞལ་བའི་འབྲུ་ནི་བྲེ་ཞེས་བྱ་བ་དང་འདྲ་བར། དོན་དམ་པས་གཏན་ལ་ཕབ་པའི་དོན། སྐྱེ་བ་མེད་པ་ལ་སོགས་པ་ཡང་དོན་དམ་པ་ཞེས་བརྗོད་དོ། །གལ་ཏེ་ཚུལ་གསུམ་པའི་རྟགས་ཀྱིས་བསྐྱེད་པའི་ཤེས་པ་དོན་དམ་པ་ཡིན་ན། དེ་ལྟ་ན་ནི་འདི་ན་དུ་བ་ཡོད་པའི་ཕྱིར་མེ་ཡོད་དོ་ཞེས་བྱ་བའི་ཤེས་པ་ཡང་དོན་དམ་པར་འགྱུར་ཏེ། དེ་ལྟ་ན་དེས་གཏན་ལ་ཕབ་པའི་དོན་ཀྱང་དོན་དམ་པར་འགྱུར་རོ་ཞེ་ན། དེ་ལྟར་ནི་ཤེས་པར་མི་བྱ་སྟེ། དུ་བ་ལ་སོགས་པ་ནི་གཟོད་མ་ནས་མ་སྐྱེས་པས་མེད་པའི་ཕྱིར་དེས་བསྐྱེད་པའི་ཤེས་པའམ། དེས་གཞལ་པའི་དོན་ཡོད་པར་ག་ལ་འགྱུར། ཇི་སྟེ་ཇི་ལྟར་མཐོང་བ་ཉིད་ཀྱི་དུ་བ་ལ་སོགས་པའི་རྟགས་ཀྱིས་མེ་ལ་སོགས་པའི་དོན་སྒྲུབ་ན། དེ་ལྟ་ན་ནི་འདོད་པ་ཡིན་པའི་ཕྱིར་དེ་ཉེས་པ་མེད་དེ། འདི་ལྟར་མེ་ལ་སོགས་པ་མེད་པ་གཅོད་པར་སྒྲུབ་པ་དེ་ནི་དོན་དམ་པ་དང་མཐུན་པའི་ཕྱིར། དོན་དམ་པ་ཉིད་ཅེས་བྱ་བར་འདོད་པ་ཉིད་དེ། དོན་དམ་པ་ནི་རྟོག་པའི་དྲ་བ་མ་ལུས་པ་རྣམ་པར་གཅོད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཚིག་ལེའུར་


DTG107_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་ལས་ནི་ཀུན་རྫོབ་ཅེས་བརྗོད་པ་མ་ཡིན་ནམ། འབྲེལ་བ་ལས་ཀུན་རྫོབ་ཀྱི་བདེན་པ་ཞེས་ཅིའི་ཕྱིར་བརྗོད་ཅེ་ན། ཚིག་ཐ་མ་ཁོང་ནས་དབྱུང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །གལ་ཏེ་རིགས་པས་རུང་བ་མ་ཡིན་ན་ཇི་ལྟར་བདེན་པ་ཞེས་བྱ་ཞེ་ན། ཇི་ལྟར་སྣང་བ་དེ་ཉིད་བདེན། །ཞེས་བྱ་བ་སྨོས་སོ། །དེ་ལྟ་ན་བུམ་པ་ལ་སོགས་པ་དང༌། ཟླ་བ་གཉིས་པ་ལ་སོགས་པ་བྱེ་བྲག་ཅི་ཡང་མེད་པར་འགྱུར་རོ་ཞེ་ན། ཟླ་བ་གཉིས་ལ་སོགས་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་ཞེས་བྱ་བའི་སྒྲས་ནི་བུམ་པ་ལ་སོགས་པ་འབའ་ཞིག་མ་ཡིན་པའོ། །འོ་ན་འཇིག་རྟེན་པ་དག་བུམ་པ་ལ་སོགས་པ་དང༌། ཟླ་བ་གཉིས་པ་ལ་སོགས་པ་ལ་བདེན་པ་དང༌། བདེན་པ་མ་ཡིན་པའི་ཐ་སྙད་ཇི་ལྟ་བུར་འདོགས་ཤེ་ན། མ་རིག་པས་ལྡོངས་པའི་འཇིག་རྟེན་པ་རྣམས་བུམ་པ་ལ་སོགས་པ་བཞིན་དུ། ཟླ་བ་གཉིས་པ་ལ་སོགས་པ་བདེན་པ་ཉིད་དུ། དེ་ལྟར་ཁས་མི་ལེན་པས་སོ། །ཚིག་དེ་དག་གིས་དོན་དམ་པ་དང་མཐུན་པའི་དོན་དམ་པ་གང་ཡིན་པ་དེ་ནི། དེའི་ས་བོན་ཙམ་ཞིག་སྨོས་པ་བྱས་ནས། ཞིབ་ཏུ་ནི་འོག་ནས་རྣམ་པར་འབྱེད་པར་བྱེད་དོ། །ད་ནི་རྣམ་གྲངས་མ་ཡིན་པའི་དོན་དམ་པ་གང་ཡིན་པ་དེ། ཇི་ལྟར་སྣང་བའི་དངོས་པོར་ནི། །རྣམ་པར་གནས་པར་མི་རུང་སྟེ། །ཤེས་པའི་དངོས་པོ་ཐམས་ཅད་ལ། །ཇི་ལྟ་བུར་ཡང་སྣང་མི་འགྱུར། །ཞེས་བྱ་བ་སྨོས་པ་ལ་སོགས་པ་མདོ་ཙམ་ཞིག་བྱེད་དོ། ཞིབ་ཏུ་ནི་འོག་ནས་གསལ་བར་བྱེད་དོ། །ཤེས་པའི་དངོས་པོ་ཐམས་ཅད་ནི། །ཤེས་པའི་བདག་ཉིད་ཐམས་ཅད་དོ། །ཐམས་ཅད་སྨོས་པ་ནི་ཐམས་ཅད་མཁྱེན་པ་དང༌། ཐམས་ཅད་མཁྱེན་པ་མ་ཡིན་པ་བསྡུ་བའི་ཕྱིར་ཏེ། དེ་ལྟར་ན་དྲུག་པར་བསྡུའོ། །གཅིག་ཏུ་ཐམས་ཅད་སྨོས་པ་ནི་མཐའ་དག་གི་དོན་ཏེ་བྱེ་བག་གི་ཚིག་སྡུད་པའོ། །ཡང་ཞེས་བྱ་བའི་སྒྲ་ནི་ཐམས་ཅད་མཁྱེན་པ་མ་ཡིན་པའི་ཡང་ངོ༌། །ཤེས་པའི་དངོས་པོ་ཐམས་ཅད་ལ། །ཇི་ལྟ་བུར་ཡང་མི་སྣང་འགྱུར། །ཞེས་བྱ་བ་འདི་ལུང་དང་སྦྱར་བར་བྱ་བའི་ཕྱིར། དེ་ཉིད་ཀྱི་ཕྱིར་མདོ་སྡེ་ལས་ཞེས་བྱ་བ་སྨོས་སོ། །འགའ་ཡང་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་ངོ་བོ་ལ་བྱའོ། །མཐོང་བ་མེད་པ་ཞེས་བྱ་བ་ནི་མེད་པར་དགག་པ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་གཟུང་བ་དང་འཛིན་པ་དང་བྲལ་བ་སོ་སོ་རང་གིས་རིག་


DTG107_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤེས་པ་ནི་ཡོད་པ་ཁོ་ན་ཡིན་ཏེ། འགའ་ཡང་མཐོང་བ་མེད་པ་ནི་ཞེས་དེ་སྐད་གང་གསུངས་བ་དེ་ནི། ཀུན་བརྟགས་པའི་ངོ་བོ་ཉིད་ལ་དགོངས་ནས་གསུངས་པ་ཡིན་ནོ་ཞེས་ཟེར་བ་ལ། གལ་ཏེ་བརྟགས་པའི་ངོ་བོ་ཉིད། །འགའ་ཡང་མཐོང་བ་མེད་ཅེ་ན། །ཞེས་བྱ་བ་སྨོས་ཏེ། དེ་ནི་རྟག་ཏུ་མེད་པ་ཉིད་ཡིན་པས་དེ་སྣང་བའི་ལམ་དུ་མི་འགྱུར་རོ། །དེ་ནི་དེ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ནི་བརྟགས་པའི་ངོ་བོ་ཉིད་ཀྱི་དབང་དུ་མཛད་ནས་གསུངས་པའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་ངོ་བོ་ཉིད་མ་ལུས་ཕར་ཡོངས་སུ་བསྡུ་ན་ནི། འགའ་ཡང་ཞེས་ཅིའི་ཕྱིར་གསུངས། ཅིའི་ཕྱིར་ཞེས་བྱ་བ་ནི་སྤང་བ་ལ་བྱ་སྟེ། །སྤྱིར་བྱ་བ་ཡིན་ན་ནི། ངོ་བོ་ཉིད་མི་མཐོང་བ་ཞེས་བྱ་བ་ཁོ་ནར་གསུང་བར་འགྱུར་ཏེ། དེ་ལྟ་ན་བཤད་པ་ཡོངས་སུ་རྫོགས་པར་འགྱུར་གྱི། དེ་ལྟ་མ་ཡིན་ན་སྐབས་དང་མཐུན་པར་མི་འགྱུར་རོ། །དེ་མེད་པར་ཞེས་བྱ་བ་ནི་གཉིས་མེད་པར་རོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི། གལ་ཏེ་དབེན་པའི་ངོ་བོར་རིག་པ་མི་འབྱུང་ན་ཞེས་བྱ་བའི་ཐ་ཚིག་གོ །མི་རིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་གཉིས་མེད་པར་ཤེས་པ་ཞེས་བྱ་བ་ལྷག་མ་སྟེ། འདིས་ནི་ཇི་ལྟར་བུམ་པ་ལ་སོགས་པས་དབེན་པའི་ངོ་བོའི་ས་ཞིག་ཁོང་དུ་ཆུད་པར་དེ་ན་བུམ་པ་མེད་པར་མི་ཤེས་པ་དེ་བཞིན་དུ་བསྟན་ཏོ། །གཉིས་ཀྱིས་དབེན་པའི་ངོ་བོའི་བདག་ཤེས་པ་ཡོད་དོ་ཞེ་ན། དེའི་ཕྱིར། ཤེས་པ་ནི་བདག་གིས་བདག་ཤེས་པ་མ་ཡིན་ཏེ། རང་སྣང་བས་སྟོང་པའི་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ནི་སྦྱོར་བ་གཙོ་བོ་སྨོས་པའི་ཚིག་ཡིན་གྱི། འདི་ཉིད་སྒྲུབ་པའི་སྦྱོར་བ་ནི་མ་ཡིན་ཏེ། གལ་ཏེ་ཡིན་ན་ནི་དེའི་ཚེ་ཤེས་པ་གཞན་བཞིན་ནོ་ཞེས་བྱ་བའི་དཔེ་ནི་བསྒྲུབ་པར་བྱ་བ་དང་མི་ལྡན་པར་འགྱུར་ཏེ། ཕ་རོལ་གྱི་ཤེས་པ་གཞན་ནི་བདག་ཤེས་པ་ཉིད་དོ། །འདིར་སྦྱོར་བ་ནི་འདི་ལྟ་བུ་ཡིན་ཏེ། གང་དང་གང་སྣང་བས་སྟོང་པ་དེ་དང་དེ་མི་ཤེས་ཏེ། དཔེར་ན་ཤེས་པ་གཞན་མི་ཤེས་པ་བཞིན་ཏེ། དེ་བཞིན་དུ་བསྒྲུབ་པར་བྱ་བ་ཉིད་དུ་བརྗོད་པར་འདོད་པའི་ཤེས་པ་ནི་རང་སྣང་བས་སྟོང་པ་ཡིན་ནོ། །གཏན་ཚིགས་འདི་མ་གྲུབ་པ་ཡང་མ་ཡིན་ཏེ། དེའི་ཕྱིར། རང་སྣང་བར་ཁས་མི་ལེན་ན་ནི། ཐ་དད་པར་ཐལ་བར་འགྱུར་ཏེ། སྔོན་པོ་དང་དེ་ཤེས་པ་བཞིན་ནོ་ཞེས་བྱ་བ་སྨོས་ཏེ། དེ་ནི་འདི་སྐད་དུ་དཔེར་ན་སྔོན་པོ་དང༌།


DTG107_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དེར་སྣང་བ་སྔོན་པོ་ཤེས་པ་ནི་ཐ་དད་དེ། གང་གི་ཕྱིར་སྔོན་པོ་ཉིད་སྔོན་པོར་སྣང་བ་མ་ཡིན་པ་དེ་བཞིན་དུ། ཤེས་པ་དང་ཤེས་པའི་བདག་ཉིད་དུ་སྣང་བ་ཐ་དད་པར་འགྱུར་རོ། །དེ་ལྟར་ནི་མི་འདོད་དོ། །ཤེས་པ་གཞན་གྱིས་ཤེས་པ་མྱོང་བར་བརྟགས་ན་ནི་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་གཏན་ཚིགས་འདི་མ་གྲུབ་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །གལ་ཏེ་རིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་བདག་ཤེས་པ་ཡང་ཡིན་ལ། རང་གི་རྣམ་པས་སྟོང་པ་ཡང་ཡིན་ཏེ་འདི་གཉིས་ལ་འགལ་པ་ཅི་ཞིག་ཡོད། དེ་བས་ན་གཏན་ཚིགས་འདི་ནི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཡོད་པ་ཡིན་ནོ་ཞེ་ན། རིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཡང་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། བདག་ཤེས་པར་ཞེས་བྱ་བ་བསྙེགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཧ་ཅང་ཐལ་བའི་ཕྱིར་རོ། །དེ་ལྟ་ན་ནི་ཤེས་པ་ཐམས་ཅད་ཀྱང་ཐམས་ཅད་རིག་པ་པོར་འགྱུར་ཏེ། ཤེས་པ་གང་ཡང་དངོས་པོ་ཅི་ཡང་མི་ཤེས་པ་མེད་པའི་ངོ་བོ་ཉིད་དུ་འགྱུར་རོ། །གལ་ཏེ་སྔོན་པོ་ཤེས་པ་ནི་སེར་པོ་ཤེས་པའི་རིག་པའི་ངོ་བོ་ཉིད་མ་ཡིན་ནོ་ཞེ་ན། རིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་མི་རུང་སྟེ། ཡུལ་མྱོང་བ་ན་འདི་ནི་སྔོན་པོ་ཤེས་པ་ཉིད་ཡིན་གྱི། འདི་སེར་པོ་ཤེས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་རྣམ་པར་དབྱེ་བ་མེད་པའི་ཕྱིར་རོ། །གལ་ཏེ་རང་རིག་པའི་ངོ་བོ་ཡིན་པས། བདག་རིག་ཅེས་བྱ་བར་བསྙེགས་ཏེ། དེའི་ཕྱིར་རྒྱུ་དེས་ཧ་ཅང་ཐལ་བར་མི་འགྱུར་རོ་ཞེ་ན། དེ་ཡང་མི་རུང་སྟེ་དེ་ནི་མི་རིགས་སོ་ཞེས་བྱ་བ་ལྷག་མའོ། །ཅིའི་ཕྱིར་ཞེ་ན། ཉེ་བའི་རྒྱུ་མེད་པའི་ཕྱིར་རོ། །དེ་ནི་འདི་སྐད་དུ་འདི་ནི་རང་རིག་པའི་ངོ་བོ་ཡིན་གྱི། འདི་གཞན་རིག་པའི་ངོ་བོ་ནི་མ་ཡིན་ནོ་ཞེས་འདི་ལ་ཉེ་བའི་རྒྱུ་ཅི་ཞིག་ཡོད་དེ། གང་གིས་ན་དེ་སྐད་ཅེས་སྨྲ་ཞེས་བྱ་བར་བསྟན་པར་འགྱུར་རོ། །དེ་ལྟ་མ་ཡིན་ཏེ། ཉེ་བའི་རྒྱུ་མེད་པར་ཡིན་ན་ནི་ཧ་ཅང་ཐལ་བར་སྔ་མ་དེ་ཉིད་དུ་འགྱུར་རོ། །ཇི་སྟེ་རྒྱུ་ཡོད་ལ་རྒྱུ་དེ་ཡང་དེའི་རྣམ་པ་ལས་གཞན་མ་ཡིན་ན་ནི། དེ་ལྟ་ན་ཡང་རང་སྣང་བར་ཁས་ལེན་ན་ནི་ཐ་དད་པར་འགྱུར་རོ་ཞེས་སྐྱོན་སྔར་བསྟན་ཟིན་ཏོ། །མི་རུང་སྟེ་ལན་བཏབ་ཟིན་པའི་ཕྱིར་རམ་ཞེས་བྱ་བས་ནི་འདི་སྐད་དུ། གལ་ཏེ་རིག་པའི་ངོ་བོ་ཉིད་ནི་རང་གི་རྒྱུ་ལས་སྐྱེས་པ་ཡིན་ནོ་ཞེ་ན། དེ་ལ་ཁོ་བོས་རིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་


DTG107_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་ཕྱིར་རོ་ཞེས་བྱ་བས་ལན་བཏབ་ཟིན་ཏོ། །ཞེས་བྱ་བར་བསྟན་པ་ཡིན་ནོ། །ཇི་སྟེ་རིག་པའི་ངོ་བོ་ཉིད་ནི་རང་གི་རྒྱུ་ལས་སྐྱེས་པ་ཡིན་ནོ་ཞེ་ན། ཁོ་བོས་དེ་ལ་ཡང་རང་རིག་པའི་ངོ་བོ་ཡིན་པས་དེའི་ཕྱིར་ཧ་ཅང་ཐལ་བར་མི་འགྱུར་རོ་ཞེ་ན་ཡང་མི་རུང་སྟེ། ཉེ་བའི་རྒྱུ་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཧ་ཅང་ཐལ་བ་ཉིད་དུ་འགྱུར་རོ་ཞེས་བྱ་བས་ལན་བཏབ་ཟིན་ཏེ་རྣམ་པ་གཞན་ནི་མི་སྲིད་དོ། །ཅིའི་ཕྱིར་མི་སྲིད་དེ། འདི་ལྟར་གང་གི་ཕྱིར་འདི་ནི་བདག་རིག་པ་ཡིན་གྱི་འདི་གཞན་རིག་པ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་ངོ་བོ་ཉིད་ཅིག་ཤེས་པ་དེ་ལ་ཡོད་མོད་ཀྱི། དེ་ནི་དཔྱད་པར་མི་ནུས་སོ་ཞེ་ན། གལ་ཏེ་དེ་ལྟར་དཔྱད་དུ་མེད་པས་འདི་ནི་བདག་གིས་བདག་རིག་པ་ཡིན་གྱི། གཞན་རིག་པ་ནི་མ་ཡིན་ནོ་ཞེས་དེ་ལྟར་རྣམ་པར་འཇོག་ན། ཇི་སྐད་བརྗོད་པར་བྱ། བདག་རིག་པ་ལེགས་པར་གནས་པ་ཡིན་ཏེ། དེའི་ཕྱིར་འདི་ནི་གྱི་ནའོ། །ཤེས་པ་དེའི་ངོ་བོ་ཉིད་ནི་འདི་འདྲ་སྟེ། རང་གི་རྒྱུ་ལས་སྐྱེས་ཞེས་བྱ་བ་དེ་ལ་ཚད་མ་ཅི་ཡང་མེད་པ་དེའི་ཕྱིར་མི་སླུ་བའི་ཚད་མ་མེད་པའི་ཕྱིར་ཏེ་ཞེས་བྱ་བ་སྨོས་སོ། །ཚད་མ་མེད་ཀྱང་ཤེས་པ་དེ་ལྟ་བུ་འབྱུང་བ་མི་རིགས་པར་བརྗོད་པའི་ཕྱིར་སེམས་མི་མཐུན་པ་གཞན་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སེམས་མི་མཐུན་པ་ཞེས་བྱ་བ་ནི་གཞུང་ལུགས་ཐ་དད་པ་གང་ལ་གནས་པ་རྣམས་སོ། །རང་གི་ཚུལ་བརྗོད་པ་ནི་རང་གི་གྲུབ་པའི་མཐའ་བརྗོད་པའོ། རྣམ་པ་མེད་པར་སྨྲ་བ་ཞེས་བྱ་བ་ལ་སོགས་པ་ནི་འདིར་སྣོན་སྨྲས་པའོ། །དེ་སྐད་བརྒལ་བ་ཞེས་བྱ་བ་ནི་ཤེས་པ་འདི་ནི་རྣམ་པ་མེད་པ་ཁོ་ན་ཡིན་ལ། དེའི་བདག་ཉིད་ནི་འདི་འདྲ་སྟེ། རང་གི་རྒྱུ་ལས་སྐྱེས་ཤིང་གང་གིས་འདི་ལྟར་འདི་ནི་སྔོན་པོ་རིག་པ་ཡིན་གྱི་སེར་པོ་རིག་པ་ནི་མ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །དེ་བས་ནི་འདིར་གཏན་ཚིགས་ཀྱིས་ཅི་ཞིག་བྱ་ཞེས་བྱ་བའོ། །མཚན་ཉིད་དང་རྣམ་འགྲེལ་བྱེད་པ་སྨོས་པ་ནི་དེ་གཉིས་ཁྱེད་ཀྱི་ནང་ན་རྟོག་གེ་པའི་མཆོག་ཡིན་ནོ། །གཞན་ཡང་རུང་ཞེས་སྨོས་པ་ནི་རིགས་པ་འདིའི་རྗེས་སུ་འབྲང་བ་ཁྱེད་ཡིན་ཏེ། ཅི་བྱར་ཡང་མེད་དོ་ཞེས་བསྟན་པའི་ཕྱིར་ལ་ཡུག་པ་རྐྱང་གི་རིགས་པ་འདི་ལྟ་བུ་རྟོག་གེ་པ་གཞན་དག་ཀྱང་ཁས་མི་ལེན་ཏེ། དེའི་ཕྱིར་དེ་ནི་རིགས་པ་དང་ལྡན་པ་མ་ཡིན་ནོ་ཞེས་བསྟན་པའོ། །གཞན་ཡང་དེའི་ངོ་བོ་ནི་འདི་འདྲ་སྟེ་རང་གི་རྒྱུ་ལས་སྐྱེས་ཞེས་


DTG107_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་འདི་ལྟ་བུ་ནི་རིགས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུའི་ནུས་པ་བཀག་ཕྱིར་རོ། །འོག་ནས་ཞེས་བྱ་བ་ལྷག་མའོ། །རང་རིག་པ་མི་རིགས་པའི་ཕྱིར་ངོ་བོ་ཉིད་གསུམ་པོ་ཡང་མི་མཐོང་བ་ཡིན་དུ་ཆུག་ཀྱང༌། ངོ་བོ་ཉིད་གསུམ་པོ་དེ་ནི་ཡོད་པ་ཁོ་ན་སྟེ། གང་གི་ཕྱིར་མི་དམིགས་པ་ཙམ་གྱི་ཕྱིར་མེད་དོ་ཞེས་ངེས་པར་བྱར་མི་ནུས་སོ་ཞེས་བརྒྱ་ལ་དེ་སྐད་ཟེར་ན་དེའི་ཕྱིར། ངེས་པར་བྱ་བར་མི་ནུས་ཞེས་བྱ་བར་སྨོས་ཏེ། དེ་དང་སྦྱར་རོ། །གང་གིས་ཤེ་ན། མི་མཐོང་བ་ནི་དེ་ཁོ་ན་མཐོང་བའོ་ཞེས་བྱ་བར་ཆུག་ན་ཡང་ཞེས་བྱ་བ་སྨོས་སོ། །གང་ཞིག་ཅེ་ན། ངོ་བོ་ཉིད་ཐམས་ཅད་ཅེས་བྱ་བ་སྨོས་ཏེ། གཞན་གྱི་དབང་ལ་སོགས་པའི་ངོ་བོ་ཉིད་ཡོད་པར་ཞེས་བྱ་བ་ལྷག་མའོ། །ཅིའི་ཕྱིར་ཞེ་ན། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྨོས་ཏེ། རང་རིག་པ་མི་རིགས་པའི་ཕྱིར་རོ། །ཇི་ག་ཞེས་བྱ་བ་ནི་མི་བཟོད་པ་སྟོན་པའོ། །ཅིའི་ཕྱིར་ངེས་པར་བྱར་མི་ནུས་ཤེ་ན། དེའི་ཕྱིར་འདི་ལྟར། ཡོད་མེད་དངོས་པོ་མཁྱེན་པའོ། །ཀུན་མཁྱེན་པས་ཀྱང་གང་མ་གཟིགས། །དེ་ཡི་དངོས་པོ་ཅི་འདྲ་ཞིག །ཤིན་ཏུ་ཞིབ་པའི་ལྟ་བས་དཔྱོད། །ཅེས་བྱ་བ་སྨོས་སོ། །ཀྱང་ཞེས་བྱ་བའི་སྒྲ་ནི་གཞན་ལྟ་ཞོག་ཅེས་བྱ་བའོ། །ཅི་འདྲ་ཞིག་ཅེས་བྱ་བ་ནི་སྤོང་བའོ། །ཤིན་ཏུ་ཞིབ་པའི་ལྟ་བས་ཞེས་བྱ་བ་ནི་མཆོག་ཏུ་ཕྱས་བྱ་བའི་ཐ་ཚིག་གོ །ཤིན་ཏུ་ཞེས་བྱ་བ་ནི་ཞིབ་པའི་ལྟ་བ་ཞེས་བྱ་བའི་བྱེ་བྲག་གོ །ཡང་ན་དཔྱོད་ཅིག་པའོ། །དེ་ཉིད་ཀྱི་ཕྱིར་ཇི་ལྟར་སྣང་བ་ནི་ཀུན་རྫོབ་ཀྱི་བདེན་པའོ། །དོན་དམ་པའི་བདེན་པ་ནི་སོ་སོ་རང་ལ་ཇི་ལྟར་ཡང་སྣང་བར་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་མདོ་ལས་ཀྱང༌། དེ་ལ་ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། ཇི་སྙེད་འཇིག་རྟེན་གྱི་ཐ་སྙད་གདགས་པ་དང༌། ཡི་གེ་དང་སྐད་དང་བརྡ་བསྟན་པ་དག་གོ །དོན་དམ་པའི་བདེན་པ་ནི་གང་ལ་སེམས་རྒྱུ་བ་ཡང་མེད་ན། ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་སོ་ཞེས་བྱ་བ་སྨོས་སོ། །མདོའི་ཚིག་འདི་དག་བཤད་པར་འདོད་ནས་འཇིག་རྟེན་གྱི་ཐ་སྙད་གདགས་པ་ནི་འཇིག་རྟེན་གྱི་འཇུག་པ་སྟེ། ཤེས་པ་དང་ཤེས་བྱའི་མཚན་ཉིད་ཡིན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཐ་སྙད་གདགས་པ་ཞེས་བྱ་བ་ནི་ལས་སུ་སྒྲུབ་པའོ། །རྗོད་པར་བྱེད་པའི་མཚན་ཉིད་དེ་ནི་ཡི་གེ་དང་སྐད་དང་བརྡ་བསྟན་པ་ཞེས་བྱ་བའི་ཚིག་འོག་མ་འདིས་བརྗོད་པའི་ཕྱིར་རོ། །


DTG107_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

རྗོད་པར་བྱེད་པའི་མཚན་ཉིད་དེ་ཡང་འཇིག་རྟེན་གྱི་འཇུག་པ་ཤེས་བྱའི་མཚན་ཉིད་དུ་མ་གཏོགས་སམ་ཞེ་ན། རྗོད་པར་བྱེད་པའི་མཚན་ཉིད་ནི་མ་ཡིན་ནོ་ཞེས་བཤད། དེ་ནི་བདེན་ཏེ་ཤེས་བྱའི་ངོ་བོས་ནི་འདུས་མོད་ཀྱི། རྗོད་པར་བྱེད་པའི་ངོ་བོས་ནི་མ་ཡིན་ཏེ། དེ་ནི་བྱེད་པ་ཡིན་ལ། ལས་ཀྱི་ངོ་བོ་ནི་མ་ཡིན་པས་ཉེས་པ་མེད་དོ། །དེས་ན་ཞེས་བྱ་བ་ནི་ཇི་སྙེད་པ་ཞེས་བྱ་བ་ཚིག་གིས་སོ། །ཡང་ན་དེས་ན་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཐ་སྙད་གདགས་པ་འཇིག་རྟེན་གྱི་འཇུག་པ་ཤེས་པ་དང༌། ཤེས་བྱའི་མཚན་ཉིད་ཅེས་བྱ་བ་འདིས་སོ། །ཡང་ཞེས་བྱ་བའི་སྒྲ་ནི་གཞན་གྱི་མི་སྲིད་དོ་སྙམ་པ་གཅད་པ་སྟོན་ཏོ། །ཁོ་ན་ཡིན་ནོ་ཞེས་བྱ་བའི་ཚིག་ནི་མ་ཡིན་ནོ་སྙམ་དུ་དོགས་པར་མི་བྱ་བར་བསྟན་པའི་ཕྱིར་རོ། །དེ་ནི་ཞེས་བྱ་བ་ནི་ཇི་སྙེད་ཅེས་བྱ་བའི་ཚིག་ལ་བྱའོ། །འོག་ཏུ་ཡང་ཞེས་བྱ་བ་ནི་ཡི་གེ་དང་སྐད་དང་བརྡ་བསྟན་པའོ་ཞེས་བྱ་བ་དེར་རོ། །བརྗོད་ཟིན་པའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནི་དེ་ལྟར་རྟོགས་པར་བྱ་ཞེས་བྱ་བ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་ཤེས་པ་དང་ཤེས་བྱའི་མཚན་ཉིད་ཅེས་བྱ་བ་དང༌། རྗོད་པར་བྱེད་པའི་མཚན་ཉིད་དེ་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ་ཞེས་དེ་ནི་དེ་ལྟར་རྟོགས་པར་བྱའོ། །ཅིའི་ཕྱིར་སྙམ་པ་ལ། དོན་དམ་པའི་བདེན་པ་བསྟན་པ་ལ་སེམས་རྒྱུ་བ་ཡང་མེད་དེ་ཞེས་གསུངས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །འདིས་ནི་གང་ལ་སེམས་རྒྱུ་བ་ཡང་མེད་པ་ཡིན་གྱི་ཚིག་འབའ་ཞིག་ནི་མ་ཡིན་ཏེ། དེ་ནི་དོན་དམ་པའི་བདེན་པ་ཡིན་ནོ་ཞེས་བརྗོད་པའི་ཕྱིར་ལ། གང་ལ་སེམས་རྒྱུ་བ་དང་ཚིག་ཀྱང་ཡོད་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ཤེས་པ་དང་ཤེས་བྱ་འཇུག་པའི་མཚན་ཉིད་ཀུན་རྫོབ་ཀྱི་བདེན་པ་ཡིན་ན། གཟུགས་ལ་སོགས་པ་དང་བདེ་བ་ལ་སོགས་པ་སེམས་ཀྱི་ཡུལ་ཡིན་པར་གྱུར་པ་ཡང༌། གང་གིས་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་མི་འགྱུར་ཞེས་སུ་ཞིག་ཟློག་པར་བྱེད་ཅེས་དེ་སྐད་བསྟན་པ་ཡིན་ཏེ། དེ་ནི་དེ་ལྟར་རྟོགས་པར་བྱའོ། །གང་གི་ཕྱིར། རྗོད་པར་བྱེད་པའི་མཚན་ཉིད་ཁོ་ན་ཀུན་རྫོབ་ཀྱི་བདེན་པ་ཡིན་ན་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་ཁས་ལེན་ན་ནི་ཞེས་བྱ་བ་ལྷག་མའོ། །ཡི་གེ་རྒྱུ་བ་ཡང་མེད་ན་ཞེས་གསུངས་པར་འགྱུར་གྱི། སེམས་ཞེས་གསུང་བར་མི་འགྱུར་རོ་ཞེས་བྱ་བ་ནི་སེམས་རྒྱུ་བ་མེད་པ་ལ་


DTG107_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མི་བྱ་སྟེ། གང་གི་ཕྱིར་སེམས་རྒྱུ་བ་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་ཁས་མ་བླངས་པའི་ཕྱིར་རོ། །ཁོ་ན་ཞེས་བྱ་བ་ནི་སེམས་རྒྱུ་བའི་མཚན་ཉིད་ཀུན་རྫོབ་ཀྱི་བདེན་པ་མ་ཡིན་པར་རྣམ་པར་གཅད་པའི་ཕྱིར་རོ། །གལ་ཏེ་ཇི་སྐད་གསུངས་པའི་གོ་རིམས་ཅན་དེ་གཉིས་མི་འདོད་ན་ནི་སེམས་རྒྱུ་བ་ཡང་མེད་ན། ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་བརྗོད་པར་བྱ་བའི་གོ་རིམས་ཅིའི་ཕྱིར་མཛད་ཅེས་བྱ་བས་ནི་སྣོན་བསྟན་ཏོ། །གོ་རིམས་དེ་གང་ཡིན་ཞེ་ན། སེམས་རྒྱུ་བ་ཡང་མེད་ན། ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་གོ་རིམས་མི་རུང་ཞེ་ན། །གལ་ཏེ་ཇི་སྐད་གསུངས་པ་ཞེས་བྱ་བ་སྨོས་ཏེ། ཇི་སྐད་གསུངས་པ་ནི་གཉིས་ཏེ། སེམས་རྒྱུ་བའི་མཚན་ཉིད་དང༌། རྗོད་པར་བྱེད་པའི་མཚན་ཉིད་དོ། །ཅི་འདྲ་བ་ཞིག་ཅེ་ན། གོ་རིམས་ཅན་ཞེས་བྱ་བ་སྨོས་ཏེ། གོ་རིམས་ཅན་ཞེས་བྱ་བ་ནི་སེམས་རྒྱུ་བ་དེ་རྗོད་པར་བྱེད་པའི་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །མི་འདོད་ནི་ཞེས་བྱ་བ་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་ཞེས་བྱ་བ་ལྷག་མའོ། །གལ་ཏེ་འདོད་པར་གྱུར་ན་ནི་དེའི་རྒྱུ་མེད་ན་འབྲས་བུ་མེད་པས་སེམས་རྒྱུ་བ་ཡང་མེད་ན། ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་གོ་རིམས་རུང་བར་འགྱུར་རོ། །རྗོད་པར་བྱེད་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཉིད་དེ། དེ་ཀུན་ནས་སློང་བ་ཡིན་པས་རྣམ་པར་རྟོག་པའི་ཤེས་པ་ཡང་ངོ༌། །རྣམ་པར་མི་རྟོག་པའི་ཤེས་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་མ་ཡིན་པ་ཁོ་ན་ཡིན་པས། དེས་ཡོངས་སུ་གཅད་པའི་བདེ་བ་ལ་སོགས་པ་ཀུན་རྫོབ་ཀྱི་བདེན་པར་ཇི་ལྟར་འགྱུར་ཏེ། དེ་ལྟར་ན་སེམས་རྒྱུ་བ་མེད་པ་ཞེས་བྱ་བ་འདིར་རྣམ་པར་རྟོག་པའི་ཤེས་པ་ཁོ་ན་ཡོངས་སུ་གཟུང་ངོ་ཞེས་བརྒྱ་ཞིག་ལ་དེ་སྐད་ཟེར་དུ་འོང་བས། རྣམ་པར་རྟོག་པའི་ཤེས་པ་ཉིད་ཡིན་པར་ཡོངས་སུ་གཟུང་ན་ནི། སེམས་རྒྱུ་བ་ཡང་མེད་ན་ཞེས་བྱ་བ་འདིར། རྣམ་པར་རྟོག་པ་རྒྱུ་བ་ཡང་མེད་ན་ཞེས་གསུང་བར་འགྱུར་ཏེ་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་ཞེ་ན། ཐེ་ཚོམ་མེད་པའི་ཕྱིར་རོ། །སེམས་ཡིན་པར་གཟུང་ན་ནི་ཅི་རྣམ་པར་རྟོག་པའི་ཤེས་པ་ཡོངས་སུ་གཟུང་ངམ། འོན་ཏེ་སེམས་ཙམ་ཁོ་ན་ཡིན་ཞིག་གུ་སྙམ་དུ་ཐེ་ཚོམ་ཟ་བར་འགྱུར་རོ། །གལ་ཏེ་སེམས་སྨོས་པ་སྤྱིའི་སྒྲ་ཡིན་ཡང་རྣམ་པར་རྟོག་པའི་ཤེས་པ་ཡོངས་སུ་གཟུང་བར་འགྱུར་རོ་ཞེ་ན། འདི་ལ་ངེས་པར་བྱེད་


DTG107_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚད་མ་ནི་མེད་དོ་ཞེས་བྱ་བ་སྨོས་སོ། །འདི་ལ་ཞེས་བྱ་བ་ནི་སེམས་རྒྱུད་མེད་ཅེས་བྱ་བ་འདི་ལའོ། །གལ་ཏེ་རྣམ་པར་རྟོག་པ་ཉིད་ཡོངས་སུ་གཟུང་གི །སེམས་ཙམ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ། སེམས་ཀྱི་སྒྲ་ནི་སྤྱིའི་སྒྲ་ཡིན་མོད་ཀྱི། བྱེ་བྲག་ཏུ་ནི་རྣམ་པར་རྟོག་པ་ལ་གནས་པར་འགྱུར་ཞེ་ན། སྤྱིའི་སྒྲ་ཡང་དོན་དང་སྐབས་ལ་སོགས་པ་མེད་པར་བྱེ་བྲག་ཏུ་གཞག་པར་མི་ནུས་སོ་ཞེས་བྱ་བ་སྨོས་ཏེ། སོགས་པ་སྨོས་པ་ནི་ལྷན་ཅིག་རྒྱུ་བ་ལ་སོགས་པ་ཡོངས་སུ་གཟུང་ངོ༌། །གཉིས་ནི་སེམས་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའོ། །ཅིའི་ཕྱིར་གཉིས་བརྗོད་པར་མི་བྱ་ཞེ་ན། རྗོད་པར་བྱེད་པའི་སྤྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནི་འདི་སྐད་དུ་སྤྱི་ཞེས་བྱ་བ་གུད་ན་མེད་དེ། རྣམ་པར་རྟོག་པའི་ཤེས་པའི་རྗེས་སུ་འཇུག་པ་ཁོ་ནའི་ངོ་བོ་ལ། ཕྱི་རོལ་གྱི་ངོ་བོར་གཟུང་བ་ནི་ཡི་གེའི་སྤྱི་ཡིན་ནོ། །དེ་ལྟར་ན་སེམས་རྒྱུ་བ་མེད་པ་བརྗོད་ན་འོག་མ་ཡི་གེ་རྣམས་རྒྱུ་བ་མེད་པ་ཡང་བརྗོད་པ་ཉིད་དུ་འགྱུར་ཏེ། དེའི་ཕྱིར་ཡི་གེ་རྣམས་རྒྱུ་བ་མེད་ཅེས་བརྗོད་པ་དོན་མེད་དོ་ཞེས་བསྟན་པར་འགྱུར་རོ། །སྣོན་བསྟན་པ་ནི། ཡང་ཞེས་བྱ་བའི་སྒྲ་མཛེས་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། རྗོད་པར་བྱེད་པའི་སྤྱི་རྣམ་པར་རྟོག་པའི་རྗེས་སུ་འབྲང་བ་ཡིན་པ། དེ་ལྟ་ན་ནི་སེམས་རྒྱུ་བ་མེད་པ་དེ་དང་ཐ་དད་པ་མ་ཡིན་པའི་ཕྱིར། ཡི་གེ་རྣམས་རྒྱུ་བ་མེད་པ་ཡང་བསྟན་པ་ཡིན་ཏེ། དེའི་ཕྱིར་འདི་ལ་གང་གིས་ཡང་ཞེས་བྱ་བའི་སྒྲ་མཛེས་པར་བྱེད་པ་ལྷག་པ་ཅི་ཡང་མེད་དོ། །ཕྱིར་ཞེས་བྱ་བ་ནི་དེའི་ཕྱིར་རོ་ཞེས་བྱ་བ་འདིའི་དོན་ཏོ། །གལ་ཏེ་ཡི་གེ་རང་གི་མཚན་ཉིད་དུ་གྱུར་པ་རྣམས་རྣམ་པར་རྟོག་པའི་ཤེས་པའི་རྗེས་སུ་འབྲང་བ་མ་ཡིན་ཏེ། དེ་དག་ཐུགས་ལ་བཞག་ནས་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་དེ་སྐད་གསུངས་སོ་ཞེ་ན། རང་གི་མཚན་ཉིད་ནི་རྗོད་པར་བྱེད་པ་མ་ཡིན་པའི་ཕྱིར་དེ་ཐུགས་ལ་བཞག་ནས་རྗོད་པ་རུང་བ་ཁོ་ན་མ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །ཡི་གེ་རྣམས་རྒྱུ་བ་ནི་རྗོད་པར་སྐྱེད་པ་ཡིན་པའི་ཕྱིར་ཏེ། དེ་ནི་རང་གི་མཚན་ཉིད་ལ་ཡོད་པ་མ་ཡིན་པ་ཁོ་ནའོ། །དེ་ལྟ་ན་ནི་འདི་གསུངས་པས་ཅི་ཞིག་ཏུ་འགྱུར་སྙམ་དུ་སེམས་སོ། །ཇི་སྟེ་ཡང་ཇི་ལྟར་གྱུར་ཀྱང་ཅི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་འདི་མི་བརྗོད་དུ་མི་རུང་ངོ་སྙམ་དུ་སེམས་ན། དེ་ལྟ་ན་ཡང༌། དོན་


DTG107_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མ་བརྗོད་པར་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་འོག་ཏུ་བརྗོད་པ་འདིར། གོང་མ་སེམས་རྒྱུ་བ་ཡང་མེད་ན་ཞེས་བྱ་བ་དེ་འདུས་པ་ཉིད་དུ་འགྱུར་རོ། །ཅིའི་ཕྱིར་འདུས་པར་འགྱུར་ཞེ་ན། རྗོད་པར་བྱེད་པ་སྤྱིའི་རྗེས་སུ་ནང་གི་རྗོད་པ་འབྲང་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དེའི་ཕྱིར་གཉིས་བརྗོད་པར་མི་འགྱུར་བ་ཞིག་ན། གཉིས་ཀ་ཡང་བཀའ་སྩལ་ཏོ། །དེའི་ཕྱིར་རབ་ཏུ་བསྒྲུབ་པར་བྱ་བ་འདོད་པའི་དོན་མཇུག་བསྡུ་བའི་ཕྱིར། དེ་ལྟ་བས་ན་དངོས་པོ་ཙམ་དང་མཐུན་པར་བྱེད་པའི་ངང་ཅན་གྱི་སེམས་རྒྱུ་བ་ཡང་མེད་ཅེས་བྱ་བ་འདི་ཉིད་ཡང་དག་པར་ན། བཅོམ་ལྡན་འདས་བཞེད་དོ་ཞེས་བྱ་བ་སྨོས་ཏེ། དངོས་པོ་ཙམ་དང་མཐུན་པར་བྱེད་པའི་ངང་ཅན་གྱི་སེམས་ནི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་གྱི་ཤེས་པ་ལ་བྱའོ། །ཡང་ཞེས་བྱ་བའི་སྒྲ་ནི་སྲིད་པ་སྟེ། རྣམ་པར་རྟོག་པའི་ཤེས་པ་ཡོངས་སུ་གཟུང་བའི་ཕྱིར་ནི་མ་ཡིན་ནོ། །ཡང་ན་བཅོམ་ལྡན་འདས་ཀྱང་བཞེད་དོ་ཞེས་བལྟ་བར་བྱ་སྟེ། འཕགས་པ་བློ་གྲོས་མི་ཟད་པ་འབའ་ཞིག་ནི་མ་ཡིན་པར་འདོད་དོ། །ཡང་དག་པར་ན་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུ་ནའོ། །བཞེད་ཅེས་བྱ་བ་ནི་དགོངས་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་ན་ནི་ཐམས་ཅད་འཚམ་མོ་ཞེས་བྱ་བ་ནི་མཛེས་སོ་ཞེས་བྱ་བའི་ཐ་ཚིག་སྟེ་དེ་ནི་བརྡ་ཕྲད་པར་སླའོ། །དེ་ལྟར་ན་དངོས་པོ་ཙམ་དང་མཐུན་པར་བྱེད་པའི་ངང་ཅན་གྱི་སེམས་ཀྱི་རྗེས་སུ་འཇུག་པ་རྗོད་པར་བྱེད་པ་སྤྱི་ནི་མ་ཡིན་ཏེ། དེའི་ཕྱིར་གཉིས་བརྗོད་པ་རིགས་ཏེ། གང་དུ་དངོས་པོ་ཙམ་དང་མཐུན་པར་བྱེད་པའི་ངང་ཅན་གྱི་སེམས་མི་འཇུག་པ་དེར། རྣམ་པར་རྟོག་པ་ཡང་མི་འཇུག་པ་ཁོ་ན་སྟེ་དེས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དེ་ལྟ་ན་རྣམ་པར་རྟོག་པའི་རྗེས་སུ་འཇུག་པ་རྗོད་པར་བྱེད་པའི་ཕྱི་ནི་ཐག་རིང་བ་ཁོ་ན་ཡིན་པས་ཡང་ཞེས་བྱ་བའི་སྒྲ་ཡང་འཚམ་པ་ཉིད་དོ། །དེ་ལྟར་གྱུར་ན་གཟུགས་ལ་སོགས་པ་དང༌། བདེ་བ་ལ་སོགས་པ་ཡང་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ། །ཡི་ནི་དེ་ལྟ་ཡིན་ན། གལ་ཏེ་ཁ་ཅིག་འདི་སྐད་དུ་གཟུགས་ལ་སོགས་པ་དང༌། བདེ་བ་ལ་སོགས་པ་སོ་སོ་རང་གིས་གནས་པ་གང་དག་ཡིན་པ་དེ་དག་ནི་དོན་སོ་སོར་ངེས་པའི་རྣམ་པའི་ཚིག་གིས་རིག་པ་མ་ཡིན་ཏེ། དེ་དག་ནི་དག་གི་ལམ་ལས་འདས་པས་ཀུན་རྫོབ་ཀྱི་བདེན་པ་མ་ཡིན་ཏེ། དེ་ན་ཐ་སྙད་གདགས་པ་ཡིན་པའི་ཕྱིར་ཏེ། འདི་


DTG107_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མདོ་ལས་དེ་ལ་ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། འཇིག་རྟེན་གྱི་ཐ་སྙད་གདགས་པ། ཡི་གེ་དང་སྐད་དང་བརྡ་བསྟན་པ་ཇི་སྙེད་པ་དག་གོ་ཞེས་གསུངས་པའི་ཕྱིར་རོ། །འདི་ལ་ཚིག་གི་དོན་ནི་གྲགས་པའི་དངོས་པོའི་རྒྱུ་ལས་བྱུང་བ། སྒྲ་དང་དོན་མ་གྲགས་པའི་རྣམ་པ་གསལ་བར་བྱ་བའི་ཕྱིར་དེ་གཉིས་དང་མཐུན་པར་བྱེད་པ་བརྡ་ཤེས་པ་རྣམས་ཀྱི་ཡི་གེ་དང༌། ཚིག་དང་ངག་མདོ་སྡེ་དང་འབྲེལ་པ་ཡང་རུང་སྟེ། བརྗོད་པར་བྱ་བ་དང་བཅས་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་གསུངས་སོ། །དེ་དག་ནི་དེ་བཞིན་དུ་སྤྱིའི་རྣམ་པ་འཛིན་པ་མ་ཡིན་ཏེ། དེའི་ཕྱིར་རྗོད་པར་བྱེད་དོ་ཞེ་ན། དོན་དམ་པ་ལ་ཡང་ཐལ་བར་འགྱུར་ཏེ། དེ་ཡང་ཚིག་གི་ངོ་བོའི་རྗོད་པར་བྱེད་པས། བརྗོད་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་དག་ནི་དོན་དམ་པའི་བདེན་པ་མ་ཡིན་ཏེ། དེ་དག་ལ་དངོས་པོའི་སྒྲ་ཡོད་པའི་ཕྱིར་རོ། །རྣམ་པ་གཞན་ནི་མེད་པས། དེའི་ཕྱིར་དེ་དག་ནི་མེད་དེ། རང་གི་ཤེས་པ་འགལ་བ་བདེན་པ་གཉིས་ཀྱིས་མ་བསྡུས་པའི་ཕྱིར་ལ། དེ་དག་ནི་ཡོངས་སུ་འཁྱམ་པ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་ནི་ཐ་སྙད་གདགས་པ་ཁོ་ན་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་མི་གསུང་གི །གང་ལ་སེམས་འཇུག་པ་དེ་ཀུན་རྫོབ་ཀྱི་བདེན་པའོ་ཞེས་གསུངས་སོ། །མདོའི་དོན་ནི་བཤད་ཟིན་པ་ཉིད་ཡིན་ནོ། །དོན་དམ་པ་ནི་ངག་གི་ངོ་བོ་རྗོད་པར་བྱེད་པས། བརྗོད་པར་བྱ་བ་མ་ཡིན་པར་འོག་ནས་བརྗོད་པར་བྱའོ། །བདེན་པ་གཉིས་ཀྱིས་མ་ཟིན་པ་ཉིད་ནི་མ་གྲུབ་པ་ཁོ་ན་ཡིན་ཏེ་སྤྲོས་པས་ཆོག་གོ །སེམས་སྤྱོད་ཡུལ་ཇི་སྙེད་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། དོན་དམ་པའི་བདེན་པ་མ་ཡིན་པའོ་ཞེས་བྱ་བའི་ཐ་ཚིག་གོ་ཞེ་ན། རྣམ་པར་དག་པའང་ཡང་དག་ཏུ། །རིགས་སམ་འོན་ཏེ་མིན་ཞེས་སོམས། །ཞེས་བྱ་བ་ནི་རིགས་པ་མ་ཡིན་པ་ཁོ་ནའོ་ཞེས་བསམས་པའོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་སེམས་སྤྱོད་ཡུལ་དུ་གྱུར་པའོ་ཞེས་སྨོས་སོ། །ཅིའི་ཕྱིར་སྙམ་པ་ལ། བདག་ཉིད་རིག་པ་ཡིན་པའི་ཕྱིར། ཞེས་བྱ་བ་སྨོས་སོ། །གལ་ཏེ་དེ་ནི་བྱེད་པ་དང་ལས་དང་བྱ་བའི་ངོ་བོས་བདག་ཉིད་རིག་པ་ནི་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་ནི་ཤེས་པའི་ངོ་བོར་འགྱུར་རོ། །གལ་ཏེ་རིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དེ་ལྟ་མ་ཡིན་ནོ་ཞེ་ན། འོ་ན་ནི་དེ་དངོས་པོ་ཐམས་ཅད་རིག་པར་འགྱུར་རོ། །འདི་ནི་བདག་ཉིད་རིག་


DTG107_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོ་བོ་ཉིད་ཡིན་ནོ་ཞེས་སྨྲ་ན་ནི། སེམས་ཀྱི་སྤྱོད་ཡུལ་ཡིན་པས་དེ་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་ཁས་བླངས་པས་རེ་ཞིག་གཞག་གོ །ཀུན་རྫོབ་ལ་ལོག་པར་རྟོགས་པའི་བློ་ཅན་དག་ལ་རབ་ཏུ་དབྱེ་བ་བྱས་པས་ཀྱང་རྟོགས་པར་བྱ་བའི་ཕྱིར། ཀུན་རྫོབ་དེ་ནི་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། དེ་ལ། བརྟགས་པའི་དོན་གྱིས་དབེན་གྱུར་པ། །དངོས་ཙམ་བརྟེན་ནས་གང་སྐྱེས་དེ། །ཡང་དག་ཀུན་རྫོབ་ཤེས་པར་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སོགས་པ་ཞེས་བྱ་བའི་སྒྲ་དང་པོས་ནི་གནས་པ་ལ་སོགས་པ་ཡོངས་སུ་གཟུང་ངོ༌། །འོག་མས་ནི་སྐྱེས་བུའི་ཡོངས་སུ་འགྱུར་བ་ལ་སོགས་པ་བསྡུའོ། །ཡང་དག་པར་ཞེས་བྱ་བ་ནི། རེ་རེ་དང་ཡང་སྦྱར་རོ། །དངོས་པོ་ཙམ་ཉིད་ཀྱི་གཏན་ཚིགས་ནི་དོན་བྱེད་ནུས་པ་སྟེ། འདི་ཡང་ཇི་ལྟར་སྣང་བ་བཞིན་དུ་ཡིན་གྱི། ཡང་དག་པ་ཇི་ལྟ་བ་བཞིན་དུ་ནི་མ་ཡིན་ནོ། །རྒྱུ་དང་རྐྱེན་རྣམས་ལ་བརྟེན་ནས་སྐྱེས་པ་ནི། ཇི་ལྟར་སྣང་བ་ཞེས་བྱ་བར་བསྙེམས་སོ། །རྒྱུ་རྣམས་ནི་ཐུན་མོང་མ་ཡིན་པའི་བྱེད་རྒྱུའོ། །རྐྱེན་རྣམས་ནི་ཐུན་མོང་བའོ། །དངོས་སུ་དཔྱད་ན་ནི་རྐྱེན་རྣམས་ཀྱང་རྒྱུ་ཉིད་ཡིན་ནོ། །ཅིའི་ཕྱིར་འདི་ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་ཞེ་ན། འདི་ལྟར་བྱིས་པ་ཡན་ཆད་ཀྱི་ཤེས་པ་ལ་དོན་ཇི་སྙེད་ཅེས་བྱ་བ་སྨོས་ཏེ། བུམ་པ་ལ་སོགས་པ་ཤེས་པ་ལ། སྣང་བ་དེ་ནི་ཡང་དག་པའི་ཀུན་རྫོབ་ཡིན་པར་རིགས་ཏེ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་སྣང་ཞེ་ན། མཐུན་པར་ཞེས་བྱ་བ་སྨོས་སོ། །སུ་དག་དང་མཐུན་ཞེ་ན། བྱིས་པ་ཡན་ཆད་ཅེས་བྱ་བ་སྨོས་ཏེ། མཁས་པ་རྣམས་ནས་བཟུང་སྟེ། བྱིས་པའི་བར་དུ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་འདི་སྐད་དུ་གང་དག་བསྟན་བཅོས་ཀྱིས་བརྟན་པོར་བྱས་པའི་བློ་དང་ལྡན་པ་དེ་དག་ལ་ཡང་ཇི་ལྟར་བྱིས་པ་ལ་སྣང་བདེ་བཞིན་དུ་བུམ་པ་ལ་སོགས་པ་སྣང་བ་གང་ཡིན་པ་དེ་ནི་ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པའོ། །བསྟན་བཅོས་ལ་སོགས་པའི་སྟོབས་ཀྱིས་སྒྲོ་བཏགས་པའི་རྣམ་པ་མི་སྣང་བའི་ཚུལ་ཅན་ནི་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་བར་བསྟན་པར་འགྱུར་རོ། །ཇི་ལྟ་བུར་སྣང་ཞེ་ན། རྒྱུ་ལས་ཞེས་བྱ་བ་སྨོས་ཏེ། མིག་ལ་སོགས་པ་ཚོགས་པ་ལས་ཞེས་བྱ་བའི་ཐ་ཚིག་སྟེ། ལོག་པ་ལ་གོམས་པའི་བག་ཆགས་ཡོངས་


DTG107_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྨིན་པ་ལས་སམ། བསྟན་བཅོས་ལས་བྱུང་བ་ནི་མ་ཡིན་པར་བསམས་པའོ། །འདིས་ནི་རྒྱུའི་སྟོབས་ཀྱིས་གཟུགས་ལ་སོགས་པ་སྣང་བ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་གྱི། དོན་དམ་པའི་བདེན་པ་ནི་མ་ཡིན་ནོ་ཞེས་དེ་སྟོན་པར་བྱེད་དོ། །ཅིའི་ཕྱིར་འདི་ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་ཞེ་ན། ཤེས་པ་ལ་སྣང་བ་དང་མཐུན་པར་དངོས་པོ་གནས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །གལ་ཏེ་དེ་ལྟར་ན་ཡང་དག་པར་སྐྱེ་བ་ལ་སོགས་པ་ཡང་ཇིག་ཡང་དག་པ་ལ་ཀུན་རྫོབ་ཀྱི་བདེན་པར་མི་འགྱུར་རམ་ཞེ་ན། ཡང་དག་པར་སྐྱེ་བ་ལ་སོགས་པ་ནི་མི་སྣང་སྟེ་ཞེས་བྱ་བ་སྨོས་སོ། །གལ་ཏེ་མི་སྣང་ན་ཇི་ལྟར་སྒྲོ་བཏགས་པ་ཡིན་ཞེ་ན། ཇི་ལྟ་བུའང་རུང་བའམ། གྲུབ་པའི་མཐའ་ལ་བརྟེན་ནས་སྒྲོ་བཏགས་པ་འབའ་ཞིག་ཏུ་ཟད་དོ་ཞེས་བྱ་བ་སྨོས་སོ། །ཇི་ལྟ་བུའང་རུང་ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་ནས་ལོག་པར་ཡོངས་སུ་བརྟགས་པའི་དབང་གིས་ཏེ། དེ་ནི་དེ་ལྟའོ། །དེ་ལྟ་མ་ཡིན་ན་ནི་ཡང་དག་པར་སྐྱེ་བ་ལ་སོགས་པ་སྣང་བར་གྱུར་པ་དེ་དག་ལ། རྩོད་པ་མེད་པར་ཐལ་བ་ཁོ་ནར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རྒོལ་བ་དང་ཕྱིར་རྒོལ་བའི་ཤེས་པ་ལ་སྣང་བའི་ཆ་ལ་ནི་རྩོད་པ་སུ་ཡང་མེད་དོ་ཞེས་བྱ་བ་སྨོས་སོ། །གལ་ཏེ་འདི་ལྟ་བུའི་ཆ་ལ་བརྒྱ་ལ་རྩོད་པར་བྱེད་དོ་ཞེ་ན། རྩོད་པར་བྱེད་ན་ནི་མངོན་སུམ་ལ་སོགས་པས་གནོད་པར་འགྱུར་རོ་ཞེས་བྱ་བ་སྨོས་སོ། །སོགས་པའི་བསྡུ་བས་ནི་རྗེས་སུ་དཔག་པ་ལ་སོགས་པ་ཡོངས་སུ་བསྡུའོ། །ཡང་དག་མིན་ནི་ཀུན་རྫོབ་སྟེ་ཀུན་བརྟགས་པའི་དངོས་པོ་ཞེས་བྱ་བ་ལྷག་མའོ། །འདི་དགྲོལ་བའི་ཕྱིར། ཡང་དག་པར་སྐྱེ་བ་ལ་སོགས་པ་གང་ཡིན་པ་དེ་ནི་ཞེས་བྱ་བ་སྨོས་སོ། །དེ་ནི་རྟོག་པའི་བཟོས་སྦྱར་བའོ་ཞེས་བྱ་བ་འདིས་བསྟན་ཏེ། མིག་ལ་སོགས་པ་ཚོགས་ཀྱང་སྣང་བ་མ་ཡིན་ཏེ། དེ་བས་ན་དེ་ནི་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། །ནི་ཞེས་བྱ་བ་ནི་བསྣན་པའི་དོན་ཏམ། ཀུན་བརྟགས་པ་ཁོ་ནའོ་ཞེས་གོ་རིམས་བཟློག་པའོ། །གལ་ཏེ་དེ་ལྟ་ན་ནི་ཟླ་བ་གཉིས་པ་ལ་སོགས་པ་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཀྱི་བདེན་པར་མི་འགྱུར་རོ་ཞེ་ན། ཉེས་པ་མེད་དེ་སྐབས་ཀྱིས་རྒོལ་བའི་དངོས་པོའི་ངོ་བོ་རྣམ་པར་གཅད་པ་གཙོ་བོ་ཡིན་པའི་ཕྱིར་རོ། །ཡང་དག་པར་སྐྱེ་བ་ལ་སོགས་པ་བཀག་པ་ཡང༌། ཇིག་སྣང་བའི་


DTG107_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཅན་མ་ཡིན་པའི་ཕྱིར་ཡང་དག་པར་སྐྱེ་བ་ལ་སོགས་པ་བཞིན་དུ་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཏུ་འགྱུར་རོ། །ཅིའི་ཕྱིར་མི་སྣང་ཞེ་ན། དེ་ནི་ཞེས་བྱ་བ་སྨོས་ཏེ། ཡང་དག་པར་སྐྱེ་བ་ལ་སོགས་པ་བཀག་པའོ། །དངོས་པོ་བུམ་པ་ལ་སོགས་པ་སྣང་བ་ན་མི་སྣང་ངོ་ཞེས་བྱ་བར་སྦྱར་རོ། །ཅི་འདྲ་ཞེ་ན། ཡང་དག་པར་སྐྱེ་བ་ལ་སོགས་པ་བཞིན་དུའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་མི་སྣང་ཞེས་བྱ་བར་སྦྱར་རོ། །དགག་པ་གཉིས་ཀྱིས་ནི་སྣང་བ་ཁོ་ནའོ་ཞེས་བྱ་བར་བསྟན་ཏོ། །ཅིའི་ཕྱིར་སྣང་ཞེ་ན། དངོས་པོའི་ངོ་བོ་དང་ཐ་དད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དངོས་པོ་བཞིན་ནོ། །ཇི་ལྟར་བུམ་པ་ལ་སོགས་པས་དབེན་པ་ནི་དེས་དབེན་ཕ་དང་ལྡན་པའི་ས་ཕྱོགས་སྣང་བར་གྱུར་ན་ཐ་དད་པ་མ་ཡིན་པའི་ཕྱིར་སྣང་སྟེ། འདི་ཡང་དེ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ །གང་གི་ཚེ་སྐྱེ་བ་ལ་སོགས་པ་ཆོས་གཞན་ཞིག་ཡིན་པར་རྟོག་པ་དེའི་ཚེ། དངོས་པོའི་ངོ་བོ་དང་ཐ་དད་པ་མ་ཡིན་པར་མི་འགྲུབ་བོ་ཞེས་བརྒྱ་ཞིག་ལ་དེ་སྐད་ཟེར་དུ་དོགས་པས། ཆོས་གཞན་ཞིག་ཡིན་པར་ཡོངས་སུ་བརྟགས་ན་ནི་ཞེས་བྱ་བ་སྨོས་ཏེ། ནི་ཞེས་བྱ་བ་ནི་བསྣམ་པའི་དོན་ཏོ། །ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཏུ་ཡང་འགྱུར་རོ་ཞེས་བྱ་བ་ནི། འདིར་ཡང་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཁོ་ནའོ་ཞེས་བསྣན་པའི་དོན་གྱི་རྗེས་སུ་བསྙེགས་སོ། །ཕྱོགས་གཞན་ལ་ནི་ཡང་དག་པའི་ཀུན་རྫོབ་ཁོ་ན་ཡིན་ཞེས་བསྟན་པའི་ཕྱིར། ཡང་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་དེ་ལྟ་ཡིན་ཞེ་ན། གང་གི་ཕྱིར། སྐྱེ་ལ་སོགས་པ་བཀག་པ་ཡང༌། །དོན་དམ་པ་ཡིན་པར་ཁོ་བོ་ཅག་འདོད་དོ་ཞེས་བྱ་བར་སྦྱར་རོ། །ཅི་ལྟ་ཞེ་ན། ཡང་དག་པ་དང་མཐུན་པའི་ཕྱིར། །ཞེས་བྱ་བ་སྨོས་སོ། །ཇི་ལྟར་ན་ཡང་དག་པ་དང་མཐུན་པ་ཁོ་ན་ཡིན་ཞེ་ན། ཡང་དག་པར་སྐྱེ་བ་ལ་སོགས་པར་རྟོག་པའི་དངོས་པོ་བཀག་པའི་གཏན་ཚིགས་ཀྱིས་ཞེས་བྱ་བ་སྨོས་སོ། །གཞན་དག་ནི་རྣལ་འབྱོར་སྤྱོད་པ་དག་གིས་སྐྱེ་བ་ལ་སོགས་པ་བཀག་པ་ནི། ཡང་དག་པ་ཁོ་ནར་དོན་དམ་པར་འཛིན་པས་ཡང་ཞེས་བྱ་བ་ནི་བསྡུ་བའི་དོན་ཏོ། །རིགས་པ་སྨྲ་བ་ཡང་ཅིའི་ཕྱིར་དེ་ལྟར་མི་འདོད་ཅེ་ན། གང་གི་ཕྱིར་སྐྱེ་བ་ལ་སོགས་པ་བཀག་པ་ཀུན་རྫོབ་ཁོ་ན་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། རིགས་པས་དཔྱད་ན་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་ཀུན་རྫོབ་ཁོ་ན་ཡིན་


DTG107_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་བསལ། །ཞེས་བྱ་བ་སྨོས་སོ། །དེ་རྣམ་པར་དགྲོལ་བའི་ཕྱིར་དགག་བྱ་མེད་ན་བཀག་པ་མི་འབྱུང་བའི་ཕྱིར་ཏེ་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་དགག་བྱ་མེད་ན་བཀག་པ་མི་འཇུག་ཅེ་ན་། ཡུལ་མེད་པའི་བཀག་པ་མི་རིགས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ཡུལ་མེད་ན་བཀག་པ་མི་རུང་བ་ནི་བདེན་ན་འདི་ལ་ནི་ཡུལ་ཡོད་དེ། གལ་ཏེ་གཟུགས་ལ་སོགས་པ་ལ་སྐྱེ་བ་ལ་སོགས་པར་རྣམ་པར་རྟོག་པའི་རྒྱུ་ཅན་ཕ་རོལ་པོས། དངོས་པོ་ཡང་དག་པ་ཉིད་དུ་བརྟགས་པ་གང་ཡིན་པ་དེ་དགག་བྱ་ཉིད་ཡིན་ནོ་ཞེ་ན་ཞེས་བྱ་བ་སྨོས་སོ། །འདི་ནི་དེ་ལྟ་བུ་ཡིན་པར་རྟོགས་པར་བྱ་སྟེ། འདི་ལྟར་གཞན་ཞིག་ན་བུམ་པ་ལ་སོགས་པ་མེད་པར་སྒྲུབ་ན། དེར་རྣམ་པར་རྟོག་པའི་རྒྱུ་ཅན་གྱི་དངོས་པོ་བཀག་པ་ཉིད་ཀྱིས་གྲུབ་སྟེ། གཞན་ནི་མི་རིགས་པའི་ཕྱིར་རོ། །འདི་ནི་གལ་ཏེ་དེ་ལྟ་ན། །བརྟགས་པའི་རང་གི་ངོ་བོ་ཡི། །བཀག་པ་བརྟགས་མིན་ཇི་ལྟར་འགྱུར། །ཞེས་བྱ་བས་འགོག་པར་བྱེད་དོ། །ཇི་ལྟར་འགྱུར་ཞེས་བྱ་བས་ནི་མི་སྲིད་པ་སྟེ་བརྟགས་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཉིད་ཅིའི་ཕྱིར་ཞེ་ན། དགག་བྱ་བརྟགས་པ་ཡིན་དུ་ཟིན་ན། བཀག་པ་ཡང་བརྟགས་པ་ཉིད་དུ་འགྱུར་ཏེ་ཞེས་བྱ་བ་སྨོས་སོ། །ཅི་འདྲ་ཞེ་ན། མོ་གཤམ་གྱི་བུའི་སྔོ་བསངས་ཉིད་ལ་སོགས་པ་བཀག་པ་བཞིན་ནོ་ཞེས་བྱ་བ་སྨོས་སོ། །གལ་ཏེ་སྐྱེ་བ་ལ་སོགས་པ་བཀག་པ་ཡང་དག་པར་མེད་ན། སྐྱེ་བ་ལ་སོགས་པ་ཡོད་པར་འགྱུར་རོ་ཞེས་བརྒྱལ་སྨྲ་བར་འགྱུར་དུ་དོགས་ནས། ཡང་དག་པར་བཀག་པ་མེད་ཀྱང༌། སྐྱེ་བ་ལ་སོགས་པ་ཡོད་པར་མི་འགྱུར་ཏེ་ཞེས་བྱ་བ་སྨོས་སོ། །དེ་ཅིའི་ཕྱིར་ཞེ་ན། བཀག་པས་སྐྱེ་བ་མེད་པ་ལ་སོགས་པ་ལམ་ཁྱབ་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། བཀག་པས་སྐྱེ་བ་ལ་སོགས་པ་བཀག་པས་སྐྱེ་བ་མེད་པ་ལ་སོགས་པ་ལ་མ་ཁྱབ་པའི་ཕྱིར་རོ། །གང་གི་ཕྱིར་བཀག་པ་མེད་པ་གང་གིས་སྐྱེ་བ་ལ་སོགས་པའི་བཀག་པ་ལྡོག་པར་འགྱུར་ཏེ། སྐྱེ་བ་མེད་པ་ལ་སོགས་པ་ལྡོག་པར་འགྱུར་བ་གང་གིས་སྐྱེ་བ་ལ་སོགས་པ་ཡོད་པར་འགྱུར་བ། གང་ན་སྐྱེ་བ་མེད་པ་ལ་སོགས་པ་ཡོད་པ་དེ་ན། སྐྱེ་བ་ལ་སོགས་པ་བཀག་པ་ཡོད་པ་ནི་མ་ཡིན་གྱི། འོན་ཀྱང་སྐྱེ་བ་མེད་པ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་གནས་སོ། །གང་གིས་སྐྱེ་བ་ལ་སོགས་པ་མེད་པ་ངེས་ན། སྐྱེ་བ་ལ་སོགས་པའི་བཀག་པ་ཡང་ཡོད་ཅིང༌། དེ་


DTG107_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་སྐྱེ་བ་ལ་སོགས་པ་ཡོད་པར་འགྱུར་རོ་ཞེས་བྱ་བའི་ཚིག་གིས་ལུགས་འདི་ནི་འགལ་བ་ཡང་ཡིན་ཏེ། དེ་ལྟ་ན་ནི་མོ་གཤམ་གྱི་བུ་ལ་སོགས་པ་ཡང་ཡོད་པ་ཉིད་དུ་ཐལ་བར་འགྱུར་རོ། །སྣོན་བྱ་བའི་ཕྱིར་དེ་ཡོད་པའི་རིགས་པ་མེད་པའི་ཡང་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དེ་ཡོད་པར་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པ་ཡོད་པར་ཏེ་རིགས་པ་མེད་པའི་ཕྱིར་རོ། །ཇི་ལྟར་རིགས་པ་མེད་པ་དེ་ལྟར་ནི་འོག་ནས་བཤད་པར་བྱའོ། །དེ་ལྟར་དོན་བསྒྲུབས་ནས་མཇུག་བསྡུ་བའི་ཕྱིར། དེ་བས་འདི་ནི་ཀུན་རྫོབ་སྟེ། །ཡང་དག་པར་ན་སྐྱེ་བ་མེད། །ཅེས་བྱ་བ་ལ་སོགས་པའོ། །ཡང་དག་དོན་ཡིན་ཡང་དག་མིན། །ཡང་དག་པའི་དོན་ཞེས་བྱ་བར་བསྙེགས་སོ་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་ཡང་དག་པ་མ་ཡིན་ཞེ་ན། དེའི་ཕྱིར། ཡང་དག་ཉིད་དུ་གཉིས་མེད་དེ། །ཞེས་བྱ་བ་སྨོས་ཏེ། །གཉིས་ནི་སྐྱེ་བ་ལ་སོགས་པ་དང༌། སྐྱེ་བ་མེད་པ་ལ་སོགས་པ་སྟེ། དོན་འདི་ལུང་དང་སྦྱར་བའི་ཕྱིར། །དེ་ཉིད་ཕྱིར་ན་དེ་སྟོང་མིན། །མི་སྟོང་མ་ཡིན་ཡོད་མེད་མིན། །མི་སྐྱེ་མ་ཡིན་སྐྱེ་མིན་ཞེས། །དེ་ལ་སོགས་པ་བཅོམ་ལྡན་གསུངས། །ཞེས་བྱ་བ་སྨོས་སོ། །སྟོང་པ་མ་ཡིན་པ་ནི་ཡང་དག་པར་ན་དགག་བྱ་མེད་པས་བཀག་པ་ཡང་མེད་པར་གསལ་བའི་ཕྱིར་རོ། །མི་སྟོང་པ་མ་ཡིན་པ་ལ་སོགས་པ་ནི། དུ་མས་དངོས་པོ་གཅིག་མི་བྱེད། །ཅེས་བྱ་བ་ལ་སོགས་པས་བཀག་པའི་ཕྱིར་རོ། །ཅིའི་ཕྱིར་ཡང་དག་པར་ན་གཉིས་མེད་ཅེ་ན། དེ་ནི་སྤྲོས་པ་མེད་པ་ཡིན། །ཞེས་བྱ་བ་སྨོས་ཏེ། དེ་ཁོ་ན་ཞེས་བྱ་བ་ལྷག་མའོ། །དེ་ནི་དེ་ཁོ་ན་ནི་རྟོག་པའི་དྲ་བ་ཐམས་ཅད་དང་བྲལ་བའོ་ཞེས་བྱ་བས་རྣམ་པར་འགྲེལ་ཏོ། །དེའི་ཕྱིར་འདིར་སྤྲོས་པ་ནི་རྟོག་པའི་དྲ་བ་ཡིན་ནོ་ཞེས་བརྗོད་དོ། །རྣམ་པ་གཅིག་ཏུ་ན་སྤྲོས་པ་ནི་ངག་གི་རྒྱུ་བ་སྟེ། དེ་ཡང་རྟོག་པའི་དྲ་བས་ཀུན་ནས་བསླང་བ་ཡིན་ནོ། །དེའི་ཕྱིར་ཀུན་ནས་སློང་བ་པོ་མེད་ན། བསླང་བར་བྱ་བའི་སྤྲོས་པ་ཡང་མེད་པར་སྟོན་ཏེ། གང་གི་ཕྱིར་དེ་ལྟར་ངག་གི་སྤྱོད་ཡུལ་ལས་འདས་པ་ཡང་དག་པ་ཡིན་པ་དེའི་ཕྱིར། འཇམ་དཔལ་གྱིས་ནི་ཡང་དག་དྲིས། །རྒྱལ་བའི་སྲས་པོ་མི་གསུང་བཞུགས། །ཞེས་བྱ་བ་སྨོས་ཏེ་གོ་སླའོ། །ཆོས་ཀྱི་སྒོ་གང་ལ་སྐྱེ་བ་དང་མི་སྐྱེ་བ་ལ་སོགས་པ་གཉིས་མེད་པ་དེ་ནི་གཉིས་མེད་པའོ། །དེ་ནི་གཉིས་མེད་པ་ཡང་ཡིན་ལ། སྟོབས་བཅུ་དང་མི་འཇིགས་པ་


DTG107_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ཆོས་རྣམས་ཀྱི་སྒོ་ཡང་ཡིན་ཏེ། དེ་ནི་དེ་དག་རྟོགས་པ་འབྱུང་བའི་སྒོ་ཡིན་པའི་ཕྱིར་ཏེ། དེ་བསྟན་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །གཉིས་མེད་པ་ལ་འཇུག་པ་ནི་ཅང་མི་སྨྲ་བ་ཉིད་དེ། འདིས་འཇུག་པར་བྱེད་པའི་ཕྱིར་རོ། །གཉིས་སུ་མེད་པ་དེ་གང་ཞེ་ན། གང་ལ་ཡི་གེ་དང་སྐད་དང་རྣམ་པར་རིག་བྱེད་འཇུག་པ་མེད་པ་ཞེས་བྱ་བ་སྟེ་ཡི་གེ་ནི་ཚིག་འབྲུའོ། །སྐད་ནི་ཚིག་གོ །རྣམ་པར་རིག་བྱེད་ནི་ངག་སྟེ། དོན་རྣམ་པར་རིག་པར་བྱེད་པའི་ཕྱིར་རོ། །དེའི་ཕྱིར་དེ་ཉིད་དོན་གོ་བར་བྱེད་པ་ཡིན་ཏེ། གཞན་ནི་མ་ཡིན་ནོ། །འདི་ནི་ཚིག་སོ་སོར་ཕྲལ་བའོ། །གང་གི་ཕྱིར་རྣམ་པ་འདི་ལྟར་ཡང་སྲིད་དེ། སྐད་དེ་ནི་ཡི་གེ་སྔོན་དུ་འགྲོ་བ་ཡང་ཡིན་ལ། སྐད་ཀྱང་ཡིན་པས་ཡི་གེའི་སྐད་དོ། །རྣམ་པར་རིག་བྱེད་ནི་དེ་གཉིས་སྔོན་དུ་འགྲོ་བ་ཡང་ཡིན་ལ་རྣམ་པར་རིག་བྱེད་ཀྱང་ཡིན་ཏེ། དེའི་ཕྱིར་ཡི་ཤེའི་སྐད་ཀྱི་རྣམ་པར་རིག་བྱེད་དེ། །འདི་ལྟ་བུ་དེ་ཁོ་ན་ཡིན་པར་ཁོང་དུ་ཆུད་པར་བྱའོ། །གལ་ཏེ་དེ་གཉིས་ལས་དབེན་པ་གཞན་གྱི་དབང་གི་ངོ་བོ་དེ་ཁོ་ན་ཡིན་དུ་ཟིན་ན་དེའི་ཚེ་དེ་མི་རིགས་ཏེ། དེའི་ཕྱིར། གཉིས་པོ་དག་ལས་དབེན་པའི་དངོས། །གཞན་དབང་དངོས་པོ་ཡང་དག་ན། །དྲིས་ན་ཅི་ཕྱིར་རྒྱལ་བའི་སྲས། །དེ་ནི་མི་གསུང་བཞུགས་པར་གྱུར། །ཞེས་བྱ་བ་སྨོས་ཏེ། གཉིས་པོ་ནི་གཟུང་བ་དང་འཛིན་པའོ། །རྒྱུ་རྐྱེན་གཞན་དག་གིས་དབང་བྱེད་ཅིང་བསྐྱེད་པར་བྱ་བ་ཡིན་པས་གཞན་གྱི་དབང་ངོ༌། །ཅིའི་ཕྱིར་ཅང་མི་གསུང་བ་མི་རིགས་སྙམ་པ་ལ། བརྡ་ཤེས་རིགས་པ་ཤེས་པ་ཡི། །སྐྱེ་བོ་དག་ནི་ཇི་ལྟར་ཡང༌། །རང་གི་རྟོགས་པ་རྗོད་བྱེད་དེ། །དེ་བས་མི་གསུང་མི་རིགས་སོ། །ཞེས་བྱ་བ་སྨོས་ཏེ། རང་གི་རྟོགས་པ་བརྗོད་པ་ཇི་ལྟར་ཡང་ཀུན་རྫོབ་ཏུ་རྗོད་པར་བྱེད་དོ་ཞེས་སྦྱར་རོ། །སུ་དག་གིས་ཤེ་ན། བརྡ་ཤེས་པ་དག་ཅེས་བྱ་བ་སྨོས་པ་སྟེ། མི་དག་གིས་སོ། །ཇི་ལྟ་བུ་དག་གིས་ཤེ་ན། རིགས་པ་ཤེས་པ་དག་གིས་ཏེ། ཁོང་དུ་ཆུད་པར་བྱེད་པ་ལ་མཁས་པ་དག་གིས་སོ། །ལྷག་མ་ནི་བརྡ་ཕྲད་སླ་བས་མ་བཤད་དོ། །གལ་ཏེ་ཀུན་རྫོབ་ཀྱི་བསྙད་པས་ཀྱང་བརྗོད་པར་མི་ནུས་སོ་ཞེ་ན། གལ་ཏེ་དེ་ལྟ་མིན་ན་ཀུན་རྫོབ་ཀྱི་བསྙད་པས་ཀྱང་བརྗོད་པར་མི་ནུས་པ་དེའི་ཚེ། རང་གི་མཚན་ཉིད་མཐར་ཕྱིན་པ་ཉིད་ཀྱིས་གང་བརྗོད་པ་ཅི་དག་གི་ཞེ་ན། སྒྲ་རྣམས་ཀྱིའོ། །སུ་དག་གིས་ཤེ་ན། རིགས་པ་སྨྲ་བ་དག་གིས་ཏེ་སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་སོགས་པས་སོ། །དེ་ཇི་ལྟར་རིགས་པར་འགྱུར་བ་གསལ་བར་སྨྲོས་ཤིག །གལ་ཏེ་རང་གི་ངོ་བོས་བསྟན་པར་མི་ནུས་ཏེ། དེའི་ཕྱིར་ཅང་མི་གསུང་བར་གྱུར་ཏོ་ཞེ་ན། གལ་ཏེ་དེ་ལྟ་ན་ནི་བདག་ཅག་གིས་ནི་རང་རང་གི་བསྟན་པ་བཤད་ཟིན་ཞེས་སྨོས་པ་དེ་དག་གིས་བསྟན་པ་ཡང་ཇི་ལྟར་རུང༌། གལ་ཏེ་དེ་དག་གིས་


DTG107_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིའི་ངོ་བོར་སྒྲོ་བཏགས་པས་བསྟན་ཏོ་ཞེ་ན་ནི། འོ་ན་འཕགས་པ་དྲི་མ་མེད་པར་གྲགས་པ་ཡང་དེ་བཞིན་དུ་ཅིའི་ཕྱིར་མི་སྟོན་ཏེ། རྒྱུ་གང་གིས་ཅི་ཡང་མི་གསུང་བར་འགྱུར། གང་གི་ཕྱིར་ཁོ་ན་དོན་དམ་པ་དེ་ལ་ནི་བརྗོད་པར་བྱ་བའི་བག་ཀྱང་ཞེས་བྱ་བ་ཐ་སྙད་ཙམ་ཡང༌། ཅི་ཡང་མེད་གང་གི་ཕྱིར། ཤེས་བྱ་དང་ཡོད་པ་དང་དེ་ཁོ་ན་དང་དོན་དམ་པ་ཞེས་བྱ་བ་ལ་སོགས་པ་བརྗོད་པ་དེ་དག་གི་གནས་ཀྱང་དེ་ན་མེད་པ་ཉིད་ཡིན་ཏེ། འཇུག་པའི་རྒྱུ་མཚན་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ཡིན་ན། དེ་ལ་ཞེས་བྱ་བའི་སྒྲས་དོན་དམ་པ་བརྗོད་པར་བྱ་བ་ཡིན་པར་བྱས་ལ། བརྗོད་པར་བྱ་བའི་བག་ཀྱང་མེད་དོ་ཞེས་བརྗོད་པ་ཇི་ལྟ་བུ་ཞེ་ན། དེ་ནི་ཉེས་པ་མེད་དེ། རྨོངས་པའི་བློ་དང་ལྡན་པ་གཞན་དག་དོན་དམ་པ་དེ་ལ་བརྗོད་པར་བྱ་བའི་བག་ཡོད་དོ་ཞེས་བརྗོད་དོ། །དེ་སྐད་བརྗོད་པར་མི་བྱའོ། །ཞེས་ཁོ་བོ་ཅག་དེ་དགག་པར་བྱེད་ཀྱི། ཁོ་བོ་ཅག་དེ་ལ་ཞེས་བྱ་བའི་སྒྲས་སམ། གཞན་གྱིས་རྗོད་པར་བྱེད་པ་ནི་མ་ཡིན་ཏེ། ཕ་རོལ་གྱི་རྟོག་པ་རྣམ་པར་བཅད་པ་ཙམ་འབའ་ཞིག་བྱེད་དུ་ཟད་དོ། །བག་ཀྱང་ཞེས་བྱ་བའི་བརྗོད་པའི་ཚིག་ནི་ལ་དོར་བ་བརྗོད་པ་གཙོར་བྱས་པའོ། །ཁོ་ན་ཞེས་བྱ་བ་ནི་བསྣན་པའི་ཕྱིར་རོ། །དེ་ཡི་ཕྱིར་ན་དྲིས་ཀྱང་དོན། །མི་གསུང་བཞུགས་པས་རྒྱ་ཆེར་བཤད། །ཀྱང་ཞེས་བྱ་བ་ནི་བསྣན་པའི་དོན་ཏེ། དྲིས་པ་ཁོ་ནའམ་བཞུགས་པ་ཁོ་ནའམ་རྒྱ་ཆེར་བཤད་པ་ཁོ་ནའོ། །རྒྱ་ཆེར་ཞེས་བྱ་བའི་ཚིག་ནི་སྤྱིའི་ངོ་བོས་སམ་བྱེ་བྲག་གི་ངོ་བོས་སམ་རབ་ཏུ་དབྱེ་བའི་ངོ་བོས་ནི་བསྟན་པར་མི་ནུས་པའོ། །གལ་ཏེ་དོན་དམ་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མ་གཏོགས་པ་མ་ཡིན་ནམ། དེ་ལྟ་ཡིན་ན་ནི་མདོའི་ཚིག་དང་འགལ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བ་ཅན་དུ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཞེས་བྱ་བ་སྨོས་སོ། །རྗེས་སུ་ལྟ་བར་བྱེད་པ་ནི་རྗེས་སུ་ལྟ་བ་སྟེ། ཆོས་རྣམས་ལ་སྐྱེ་བ་མེད་པ་ལ་སོགས་པའི་རྣམ་པ་དག་གིས་རྗེས་སུ་ལྟ་བའོ། །དེ་དེ་ལ་ཡོད་པས་ཆོས་ཀྱི་རྗེས་སུ་ལྟ་བ་ཅན་ནོ། །ཡང་ན་དེའི་ཚུལ་ཅན་ནོ། །མདོའི་ཚིག་འདི་ལ་འགལ་བ་མེད་དེ། ཅིའི་ཕྱིར་ཞེ་ན། ཆོས་ཞེས་སྨོས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དོན་དམ་པར་ནི་ཆོས་ཀྱང་མེད། །ཆོས་མ་ཡིན་པ་ཡང་མེད་དོ། །ཡང་ཀུན་རྫོབ་ནི་རྣམ་པ་གཉིས་སུ་བསྟན་ཏེ་ཞེས་བྱ་བས་ནི་བྱེ་བྲག་ཏུ་རྟོགས་


DTG107_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་ཁོ་ནའི་ཕྱིར་གཞན་རྣམ་པ་གཉིས་སུ་བསྟན་ཏོ། །དོན་བྱེད་དག་ནུས་པའི་ཕྱིར། ཡང་དག་པས་སོ། །མི་ནུས་ཕྱིར་ཡང་དག་པ་མ་ཡིན་པས་སོ། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་བྱ་བ་ནི་གྲངས་བཞིན་དུ་སྦྱར་བར་བྱའོ། །རྣམ་པར་འགྲེལ་པ་ནི་འདི་ཡིན་ཏེ། ཤེས་པའོ་ཅི་འདྲ་བ་ཞིག་ཅེ་ན། གསལ་བའི་རྣམ་པ་སྣང་བ་ཅན་དུ་འདྲ་ཡང་ཞེས་བྱ་བར་སྦྱར་ཏེ། འཇིག་རྟེན་གྱིས་ཡང་དག་པ་དང་ཡང་དག་པ་མ་ཡིན་པར་རྟོགས་སོ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་ཅེ་ན། ཆུ་ལ་སོགས་པ་དང༌། སྨིག་རྒྱུ་ལ་སོགས་པ་དག་སྟེ། གོ་རིམས་བཞིན་དུ་སྦྱར་རོ། །ཇི་ལྟ་བུར་བྱས་ནས་ཤེ་ན། ངེས་པར་བྱས་ནས་ཞེས་བྱ་བ་སྨོས་པའོ། །ཅི་ཞིག་ཡིན་པར་ཞེ་ན། དོན་བྱེད་པ་ལ་སླུ་བ་དང་མི་སླུ་བ་ཡིན་པར་ཞེས་བྱ་བ་སྨོས་པའོ། །འདིར་ཡང་གོ་རིམས་བཞིན་དུ་སྦྱར་རོ། །དོན་བྱེད་པ་ལ་སླུ་བ་དང་མི་སླུ་བ་ཡིན་པར་ངེས་པར་བྱས་ནས་ཞེས་བྱ་བ་ཇི་ལྟ་བུ་ཡིན་སྙམ་པ་ལ། དོན་ཇི་ལྟར་སྣང་བ་དེ་བཞིན་དུ་ཞེས་བྱ་བ་སྨོས་སོ། །གལ་ཏེ་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་བྱེ་བྲག་ཡོད་ན། འོ་ན་ནི་དངོས་པོ་དག་ངོ་བོ་ཉིད་མེད་པ་མ་ཡིན་ནོ་སྙམ་པ་ལ། དངོས་སུ་ན་གཉིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་ངོ་བོ་ཉིད་མཚུངས་ཤེ་ན། ངོ་བོ་ཉིད་མེད་པ་ཉིད་དུ་ཞེས་བྱ་བ་སྨོས་སོ། །འོ་ན་ཇི་ལྟར་ཡང་དག་པ་དང་ཡང་དག་པ་མ་ཡིན་པར་ཕྱེ་སྙམ་པ་ལ། ཇི་ལྟར་སྣང་བ་བཞིན་དུ་ནི་རྣམ་པར་གནས་སོ་ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་གྱིས་ཇི་ལྟར་རྟོགས་པ་དེ་བཞིན་དུ་རྣམ་པར་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ །དོན་བྱེད་པ་ལ་སླུ་བ་དང་མི་སླུ་བའི་རྒྱུས་རྣམ་པར་གཞག་པ་ཡིན་ན་ཅི་དེ་དག་བདེན་པ་ཡིན་ནམ་འོན་ཏེ་མ་ཡིན་ཞེ་ན། དོན་བྱེད་པ་ལ་སླུ་བ་དང་མི་སླུ་བ་ཡང་ཇི་ལྟར་གྲགས་པ་ཁོ་ན་བཞིན་ཏེ་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་ཞེ་ན། དོན་བྱེད་པ་དེ་ཡང་ངོ་བོ་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ཡང་གི་སྒྲ་གཉིས་ཀྱིས་ནི་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་ཐ་དད་པར་སྟོན་ཏོ། །དེ་ལྟར་ན་ཀུན་རྫོབ་ནི་རྣམ་པ་གསུམ་དུ་བསྟན་ཏེ། ཡང་དག་པའི་ཀུན་རྫོབ་ནི་རྣམ་པ་གཅིག་གོ །ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ལ་ནི་རྣམ་པ་གཉིས་ཏེ། རྣམ་པར་རྟོག་པ་དང་བཅས་པ་དང༌། རྣམ་པར་མི་རྟོག་པའི་བྱེ་བྲག་གི་ཕྱིར་རོ།། །།བམ་པོ་གཉིས་པ། གལ་ཏེ་


DTG107_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱང་བརྟེན་ནས་སྐྱེས་པ་དོན་གྱི་བྱ་བ་བྱེད་པ་དངོས་པོ་ཙམ། ཇི་ལྟར་སྣང་བ་བཞིན་དུ་འདོད་ན་ནི་དེ་འུ་བུ་ཅག་ལ་མཚུངས་པ་ཁོ་ནའོ། །ཀྱང་ཞེས་བྱ་བའི་སྒྲ་ནིང་འབའ་ཞིག་མ་ཡིན་ནོ། །རིགས་མིན་པར་ཞེས་བྱ་བ་ནི་འདོད་ཅེས་བྱ་བར་བསྙེགས་སོ། །བརྟེན་ནས་སྐྱེས་པ་དོན་གྱི་བྱ་བ་བྱེད་པ་དངོས་པོ་ཙམ་ལ་རིགས་པར་འདོད་ན་ནི་ཐམས་ཅད་འཁྲུགས་པར་འགྱུར་ཏེ་རིགས་པར་ན་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ །ཁོ་བོ་ཅག་ང་རྒྱལ་ག་ལ་བྱེད་ཅེས་བྱ་བ་ནི། ཅི་ཁྱོད་དང་མཚུངས་སམ་སྙམ་དུ་སེམས་པའོ། །འདི་ཞེས་བྱ་བ་ནི་བརྟེན་ནས་སྐྱེས་པ་དོན་གྱི་བྱ་བ་བྱེད་པ་དངོས་པོ་ཙམ་མོ། །ཅིའི་ཕྱིར་བརྔས་ནས་འཐོར་བ་དང་འདྲ་སྙམ་པ་ལ། འདི་ལྟར་རྒྱུ་དང་འབྲས་བུའི་དངོས་པོར་རྣམ་པར་ངེས་པ་འདི་ལ་ཁྱོད་ཀྱི་ཐབས་མེད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་ཐབས་མེད་པ་ཁོ་ན་ཡིན་སྙམ་པ་ལ། འདི་ལྟར། རྣམ་པ་མེད་པའི་ཤེས་པ་ནི། ཡུལ་ལ་འཛིན་པར་མི་རིགས་སོ་ཞེས་བྱ་བ་སྨོས་ཏེ། རྣམ་པ་མེད་པའི་ཤེས་པ་ནི་རིག་པ་འདི་སྔོན་པོ་ཡིན་གྱི། འདི་སེར་པོ་ནི་མ་ཡིན་ནོ་ཞེས་རྣམ་པར་གཞག་པར་མི་འགྲུབ་སྟེ། ཉེ་བའི་རྒྱུ་མེད་པའི་ཕྱིར་རོ། །དེའི་ཕྱིར་དེས་ཡུལ་ལ་འཛིན་པར་ག་ལ་འགྱུར། ཅིག་ཤོས་ཞེས་བྱ་བ་ནི་རྣམ་པ་དང་བཅས་པ་སྟེ། ཡུལ་ལ་འཛིན་པར་མི་རིགས་སོ་ཞེས་བྱ་བར་བསྙེགས་སོ། །ཅིའི་ཕྱིར་ཞེ་ན། རྣམ་པ་ཚད་མ་མིན་པའི་ཕྱིར་རོ། །དངོས་པོས་ནི་རྣམ་པ་ལ་མ་ཁྱབ་སྟེ། མི་རྟག་པ་ཉིད་ཀྱིས་གཞལ་བྱ་ཉིད་ལ་མ་ཁྱབ་པ་བཞིན་ཏེ། འདི་ལྟར་རྨི་ལམ་ལ་སོགས་པ་ལ་སྔོན་པོ་ལ་སོགས་པ་མེད་ཀྱང༌། བློ་ལ་སྔོན་པོ་ལ་སོགས་པར་སྣང་བ་ཡོད་པའི་ཕྱིར་རོ། །དེའི་ཕྱིར་རྣམ་པ་དེ་རིགས་པ་ཇི་ལྟར་དངོས་པོ་རྟོགས་པར་བྱེད་པར་འགྱུར། གལ་ཏེ་རྟོགས་པར་བྱེད་ན་ནི་མི་རྟག་པ་ཉིད་ཀྱང་གཞལ་བྱ་ཉིད་ཀྱིས་རྟོགས་པར་བྱེད་པར་འགྱུར་རོ། །མི་རིགས་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པའོ། །ཡུལ་ལ་འཛིན་པར་མི་རིགས་སོ། །ཅིའི་ཕྱིར་མི་རིགས་ཤེ་ན། འདི་ལྟར། གང་ཕྱིར་སྣ་ཚོགས་ངོ་བོ་རུ། །སྣང་བ་ཅན་གྱི་དངོས་གཅིག་ལ། །ཞེས་བྱ་བ་ལ། ངོ་བོ་ནི་ཤེས་པའི་བདག་ཉིད་ལ་སྟེ། རྣམ་པ་རྣམས་བདེན་ཇི་ལྟར་འགྱུར། །ཅིའི་ཕྱིར་བདེན་པར་མི་འགྱུར་སྙམ་པ་ལ། དེ་ཡི་གཅིག་ཉིད་ཉམས་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ་དེའི་ཕྱིར་རོ། །དེ་ལྟ་ན་ནི་ཤེས་པའི་


DTG107_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཀྱི་དངོས་པོ་དེ་གཅིག་པུ་ཉིད་དུ་མི་རུང་སྟེ། རྣམ་པ་དག་དང་ཐ་དད་པ་མ་ཡིན་པའི་ཕྱིར་ཏེ། རྣམ་པའི་བདག་ཉིད་བཞིན་ནོ། །ཡང་ན་རྣམ་པ་རྣམས་ཐ་དད་པར་མི་འགྱུར་ཏེ། ཤེས་པའི་བདག་ཉིད་གཅིག་པ་དང་ཐ་མི་དད་པའི་ཕྱིར་ཏེ། ཤེས་པའི་རང་གི་ངོ་བོ་བཞིན་ནོ། །དེ་ལྟར་རྣམ་པ་མེད་པའམ་རྣམ་པ་དང་བཅས་པའི་ཤེས་པ་ཡུལ་ལ་མི་འཛིན་ན། འབྲས་བུ་དང་རྒྱུ་ཉིད་འདི་ནི་མི་རུང་ངོ་ཞེས་བྱ་བ་ལྷག་མའོ། །ཅིའི་ཕྱིར་སྙམ་པ་ལ། མངོན་སུམ་དང༌། མི་དམིགས་པའི་ས་ཞེས་བྱ་བ་སྨོས་ཏེ། རྣམ་པ་དང་བཅས་པའམ། རྣམ་པ་མེད་པའི་མངོན་སུམ་གྱིས་དོན་ཡོངས་སུ་གཅོད་པར་མི་རིགས་སོ། །རྣམ་པ་གཞན་ནི་མེད་དོ། །མི་དམིགས་པ་ནི་བུམ་པ་ལ་སོགས་པས་དབེན་པའི་ས་གཞི་ལ་སོགས་པ་དམིགས་པས་མངོན་སུམ་ཉིད་དོ། །མངོན་སུམ་དང་མི་དམིགས་པ་གཉིས་ལས་གཞན་པའི་རྣམ་པ་ཞིག་སོམས་ཤིག །གལ་ཏེ་རྣམ་པ་གཞན་ཞིག་ཡོད་པ་ཁོ་ན་ཡིན་ནོ་སྙམ་པ་ལ། གལ་ཏེ་རྒྱུ་འབྲས་ཉིད་བློ་ཡི། །ཐབས་འགའ་ཞིག་ནི་ཡོད་ཅེ་ན། །དེ་སྨྲོས། ཞེས་བྱ་བ་སྨོས་ཏེ། དེ་ཞེས་བྱ་བ་ནི་ཐབས་ཏེ་དེ་སྨྲོས་ཤིག་པའོ། །ཇི་སྟེ་སེར་སྣའི་ཕྱིར་མི་བརྗོད་དོ་ཞེ་ན། དེའི་ཕྱིར། འདུད་པ་བདག་ཅག་ལ་སེར་སྣ་བྱ་བ་ག་ལ་རིགས་ཞེས་བྱ་བ་སྨོས་སོ། །འདིར་ནི་འདུད་པའི་ཕྱིར་སེར་སྣའི་རྒྱུ་མེད་པས་སེར་སྣ་ཡང་མེད་པར་སྟོན་ཏོ། །གལ་ཞེས་བྱ་བ་ནི་སྤོང་བ་བརྗོད་པའོ། །རྣམ་པ་གཞན་དཔྱོད་ཅིག་ཅེས་བྱ་བ་དེ་ཅིའི་ཐ་ཚིག །ཡང་ནི་རྣམ་པ་གཞན་ནི་ཡོད་པ་ཉིད་དེ། འདི་ལྟར་སྐད་ཅིག་སྔ་མ་འབྱུང་བ་ལ་ཡོངས་སུ་གཅོད་པའི་ཤེས་པ་གང་ཡིན་པ་ཡང་རང་རིག་པ་ལས་འགྱུར་ལ། སྐད་ཅིག་ཕྱི་མ་འབྱུང་བ་ཡང་རང་རིག་པ་ལས་གཅོད་དེ། དེའི་ཕྱིར་འདི་ནི་འདིའི་མཇུག་ཐོགས་ཡིན་པར་རྟོགས་པས་འདི་ནི་རྒྱུའོ། །འདི་ནི་འབྲས་བུའོ་ཞེས་བྱ་བར་རྟོགས་སོ། །དེ་ལྟ་མ་ཡིན་ན་ནི་མཇུག་ཐོགས་ངེས་པར་མི་རུང་ངོ༌། །ཇི་སྟེ་རུང་ན་ནི་ཧ་ཅང་ཐལ་བའི་སྐྱོན་དུ་འགྱུར་རོ་ཞེ་ན། དེ་ནི་མི་རིགས་ཏེ། འདི་ལྟར་རང་རིག་པ་ནི་ཡོངས་སུ་གཅོད་པར་རིག་པའི་ཆ་ཙམ་ལ་ཡང་མ་རིག་གོ་ཞེས་བསྟན་ཟིན་ཏོ། །འདི་ནི་འདིའི་མཇུག་ཐོགས་སོ་ཞེས་བྱ་བའི་རིག་པ་ཡང་མི་འགྲུབ་སྟེ། དེའི་ཡུལ་ནི་བརྟགས་པ་མ་ཡིན་པའི་ཕྱིར་རོ། །ཤེས་པ་གཞན་གྱིས་འགྲུབ་པར་


DTG107_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་ན་ཡང་མི་རིགས་ཏེ། རྣམ་པ་མེད་པ་དང་རྣམ་པ་དང་བཅས་པས་ཡོངས་སུ་གཅོད་པར་མི་རིག་པའི་ཕྱིར་རོ། །ཡོངས་སུ་གཅོད་པར་རིག་ན་ནི་ཤེས་པའི་དོན་ཡུལ་གཞན་དུ་འགྱུར་ཏེ། དེ་ནི་ཁྱེད་མི་འདོད་དོ། །ཤེས་པ་དེ་གཉིས་ཁོ་ནས་མཇུག་ཐོགས་སུ་འབྱུང་བ་ངེས་པར་ཡོངས་སུ་གཅོད་པ་ཡང་མ་ཡིན་ཏེ། དེ་གཉིས་ཀ་ཡང་འགགས་པའི་ཕྱིར་རོ། །འདི་ནི་དེའི་འོག་ཏུ་འབྱུང་ངོ་ཞེས་ཡོངས་སུ་གཅོད་པ་མེད་པར་རྒྱུ་དང་འབྲས་བུ་ཉིད་དུ་རིགས་པར་ག་ལ་འགྱུར་ཏེ། ཧ་ཅང་ཡང་ཐལ་བའི་ཕྱིར་མི་རུང་ངོ༌། །དེ་ལྟ་ན་ནི་གཞན་གྱི་སེམས་ཀྱི་རྒྱུད་ལ་ཡོད་པའི་ལས་འདིའི་འབྲས་བུ་འདི་ཡིན་ནོ་ཞེས་བྱ་བར་རིག་པ་མེད་པས་ཐམས་ཅད་མཁྱེན་པ་དག་གིས་ཀྱང་རྟོགས་པར་མི་སྤྱོད་དེ། རིག་པའི་ཡུལ་ནི་རང་གི་ངོ་བོ་ཙམ་ཡིན་པའི་ཕྱིར་རོ། །གང་གིས་འདི་ལྟ་བུར་རྟོགས་པའི་རྣམ་པ་གཞན་ནི་མེད་དོ། །དེས་ན་ཐམས་ཅད་མཁྱེན་དེས་ཀྱང་ཞེས་བྱ་བའི་ཀྱང་གི་སྒྲ་ནི་གཞན་ཉི་ཚེ་མ་ཡིན་ནོ། །དེས་ན་རྣམ་པ་མེད་པའི་ཤེས་པ་ནི། །ཡུལ་ལ་འཛིན་པར་མི་རིགས་སོ། །ཞེས་བྱ་བ་ལ་སོགས་པའི་རྣམ་པས་རྒྱུ་དང་འབྲས་བུ་ཉིད་ཅུང་ཟད་ཙམ་ཡང་ངེས་པར་རྟོགས་པར་མི་ནུས་སོ། །ཡང་གི་སྒྲ་ནི་མཐའ་དག་ཀྱང་མ་ཡིན་པའོ། །གང་དག་གི་ཞེ་ན། གཞན་གྱི་དབང་གི་སྐད་ཅིག་གིའོ། །སངས་རྒྱས་སྤྱོད་ཡུལ་བསམ་ཡས་པས། །ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན། །ཞེས་བྱ་བ་ལ་སོགས་པའི་དོན་ནི་གསལ་བས་མ་བཤད་དོ། །འདི་དག་ཙམ་གྱིས་རྒྱུ་དང་འབྲས་བུའི་དངོས་པོར་ཁས་བླངས་པའི་ཐབས་མེད་པར་བསྟན་ཏོ། །ད་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་ཀྱང་མེད་པར་བསྟན་པའི་ཕྱིར། རྒྱུ་དང་འབྲས་བུའི་དངོས་པོ་ཡང་རིགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར། དུ་མས་དངོས་པོ་གཅིག་མི་བྱེད། །དུ་མས་དུ་མ་བྱེད་མ་ཡིན། །གཅིག་གིས་དུ་མའི་དངོས་མི་བྱེད། །གཅིག་གིས་གཅིག་བྱེད་པ་ཡང་མིན། །ཞེས་བྱ་བ་སྨོས་སོ། །ཚིགས་སུ་བཅད་པ་འདི་ལ་ནི། །རྣམ་པར་རྟོག་པ་བཞི་ཡོད་དེ། །དེ་ལ་དང་པོའི་དབང་དུ་བྱས་ནས། དུ་མས་གཅིག་བྱེད་པ་མ་ཡིན་ཏེ་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་དུ་མས་གཅིག་མི་བྱེད་སྙམ་པ་ལ། འདི་ལྟར། ངོ་བོ་ཉིད་ཐ་དད་པ་མིག་ལ་སོགས་པ་དག་ལས་ཞེས་བྱ་བ་སྨོས་ཏེ། སོགས་པ་སྨོས་པས་ནི་གཟུགས་དང་སྣང་བ་དང་ཡིད་ལ་བྱེད་པ་


DTG107_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་དག་བསྡུའོ། །འབྲས་བུ་ཐ་དད་པ་མ་ཡིན་པ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་སྟེ་འབྱུང་བར་ཁས་བླངས་པ་ལ། རྒྱུ་ཐ་དད་པ་ནི་ཐ་དད་པ་བྱེད་པར་མི་འགྱུར་རོ། །ཅིའི་ཕྱིར་སྙམ་པ་ལ། དེ་ཐ་དད་ཀྱང་ཞེས་བྱ་བ་སྨོས་ཏེ། རྒྱུ་ཐ་དད་ཀྱང་ངོ༌། །ཐ་དད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འབྲས་བུའོ། །དེ་ལྟ་ན། ཐ་དད་པ་མ་ཡིན་པ་མེད་ཀྱང་ཞེས་བྱ་བ་ནི་རྒྱུ་ལ་བྱའོ། །ཐ་དད་པ་མེད་པར་གྱུར་པས། །ཞེས་བྱ་བ་ནི་འབྲས་བུའོ། །དེ་ལྟ་བས་ན་ཐ་དད་པ་མེད་པ་ནི་རྒྱུའོ། །ཐ་དད་པ་མེད་པ་བྱེད་པར་མི་འགྱུར་བ་ནི་འབྲས་བུའོ། །རྒྱུའི་ཐ་དད་པ་དང་ཐ་དད་པ་མེད་པའི་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་ལྟོས་པ་འབྲས་བུའི་ཐ་དད་པ་དང༌། ཐ་དད་པ་མེད་པ་དག་ནི་རྒྱུ་དང་བཅས་པར་འགྱུར་ན། འདིར་ནི་དེ་ལྟ་མ་ཡིན་ཏེ། དེའི་ཕྱིར་འབྲས་བུའི་ཐ་དད་པ་དང་ཐ་དད་པ་མེད་པ་དག་ནི་རྒྱུ་མེད་པ་ཅན་དུ་འགྱུར་རོ། །གལ་ཏེ་ཁྱོད་ཀྱིས་ཐ་དད་པ་དང་ཐ་དད་པ་མེད་པ་དག་རྒྱུ་མེད་པ་ཅན་ཡིན་ནོ་ཞེ་ན། དེ་ལས་གུད་ན་མེད་པའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། ཐམས་ཅད་ནི་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ལས་གུད་ན་མེད་པའི་ཕྱིར། ཐམས་ཅད་ཀུན་རྒྱུ་མེད་པ་ཅན་དུ་འགྱུར་རོ། །དེ་ལྟར་རྒྱུ་མེད་པ་ཅན་དུ་གྱུར་ན་རྟག་ཏུ་ཡོད་པའམ་མེད་པ་ཞིག་ཏུ་འགྱུར་ཏེ། ཐམས་ཅད་ཅེས་བྱ་བ་ལྷག་མའོ། །ཅིའི་ཕྱིར་ཞེ་ན། རྒྱུ་གཞན་ལ་ནི་མི་ལྟོས་པའི་ཕྱིར་རོ། །ལྟོས་ན་ནི་དངོས་པོ་རྣམས་རེས་འགའ་བ་ཉིད་ཡིན་པར་སྲིད་དོ། །གལ་ཏེ་འབྲས་བུའི་སྐྱེད་པར་བྱེད་པ་ནི་ཚོགས་པ་ཅན་ཡིན་ཏེ། དེའི་ཡང་ཐ་དད་པ་དང་ཐ་དད་པ་མ་ཡིན་པའི་རྗེས་སུ་བྱེད་པར་གསལ་ཞིང་དེའི་རྗེས་སུ་འགྲོ་བ་དང༌། ལྡོག་པའི་རྗེས་སུ་བྱེད་པ་དེས་ན། འབྲས་བུ་ཐ་དད་པ་དང་ཐ་དད་པ་མ་ཡིན་ཏེ། དེ་བས་ན་ཇི་ལྟར་རྒྱུ་མེད་པ་ཅན་དུ་འགྱུར་བ་ཡིན་ཞེ་ན། དེ་ནི་རུང་བ་མ་ཡིན་ཏེ། འདི་ལྟར་ཚོགས་པ་ཅན་དག་ལས། །གུད་ན་ཚོགས་པ་ཅན་ཞེས་བྱ་བ་གང་ཡང་མེད་པའི་ཕྱིར་རོ། །དེ་དག་ཀྱང་ཕན་ཚུན་ཐ་དད་པ་ལོག་པའི་ངོ་བོ་ཉིད་ཡིན་པས་ཐ་དད་པ་ཁོ་ན་ཡིན་ན། འབྲས་བུ་ཐ་དད་པ་མ་ཡིན་པ་གཅིག་པུ་སྐྱེད་པར་ཇི་ལྟར་ནུས། ཚོགས་པ་ཅན་གཞན་གྱི་ནང་དུ་གཏོགས་པའི་ཚོགས་པ་དག་ཀྱང་ཅིའི་ཕྱིར་དེ་སྐྱེད་པར་མི་བྱེད། དེ་ལས་ཐ་དད་པའི་ཕྱིར་སྐྱེད་པར་མི་བྱེད་དོ་ཞེ་ན། དེ་བཞིན་ནོ། །གང་དག་


DTG107_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐྱེད་པའི་ངོ་བོ་ཉིད་ཀྱི་བྱེ་བྲག་དང་ལྡན་པའི་ལུས་མྱོང་བར་བྱེད་པ་དེ་དག་དེ་སྐྱེད་པར་བྱེད་ཀྱི་ཅིག་ཤོས་ནི་མ་ཡིན་ནོ་ཞེ་ན་ཡང་འཁྲུལ་པ་ཡིན་ཏེ། དེ་སྐྱེད་པའི་ངོ་བོ་ཉིད་ཀྱི་བྱེ་བྲག་གཅིག་ལས་ཐ་དད་པ་མ་ཡིན་པ་དང་ལྡན་པའི་ལུས་འཛིན་པ་ནི་མིག་ལ་སོགས་པ་འདི་དག་ཕན་ཚུན་ཐ་དད་པར། མངོན་སུམ་ལ་སོགས་པའི་ཚད་མ་དང་འགལ་བར་འགྱུར་རོ། །ཡང་ན་དེ་སྐྱེད་པའི་ངོ་བོ་ཉིད་ཀྱང་ཐ་དད་པར་འགྱུར་ཏེ། ངོ་བོ་ཉིད་ཐ་དད་པ་མིག་ལ་སོགས་པ་ཐ་དད་པའི་ཕྱིར་རོ། །དེ་ལྟ་ན་ནི་ངོ་བོ་ཉིད་ཐ་དད་པ་མིག་ལ་སོགས་པ་ཞེས་བརྗོད་པའི་སྐྱོན་དུ་འགྱུར་བ་དེ་ཉིད་ཀྱིས་ཕྱོགས་དེ་ཤིན་ཏུ་ལེགས་པ་མ་ཡིན་པར་སྟོན་ཏོ། །ཇི་སྟེ་དེ་དག་ལས་དེ་སྐྱེད་པའི་ངོ་བོ་ཉིད་ཀྱི་བྱེ་བྲག་ཐ་དད་དོ་ཞེས་གཞན་ཟེར་ན། དེ་ལྟ་ན་ཡང་ཉེས་པ་འདི་ཉིད་ཡིན་ཏེ། གང་གི་ཕྱིར་འདི་ཉིད་འབྲས་བུ་བསྒྲུབ་པའི་མཐུའི་བྱེ་བྲག་དང་ལྡན་པ་མྱོང་བར་བྱེད་དོ། །འབྲས་བུ་འབྱུང་བར་བྱ་བའི་བྱེད་པ་བྱེ་བྲག་ཅན་བླངས་པ་ཡིན་གྱི། མིག་ལ་སོགས་པ་གཞན་ནི་དེ་ལྟ་མ་ཡིན་པར་འགྱུར་ཏེ། དེའི་ཕྱིར་ནུས་པར་བརྗོད་པ་མཐའ་དག་དང་བྲལ་བའི་གནས་སྐབས་སུ་འགྱུར་བས་དངོས་པོ་མེད་པའི་ངོ་བོ་ཉིད་ལས། དེའི་ངོ་བོ་གཞན་ཅི་ཞིག་ཡོད་ཤིན་ཏུ་སྨྲོས་ཤིག །དེའི་ཕྱིར་ཁྱོད་མངོན་སུམ་ལ་སོགས་པ་དང་འགལ་བ་དང་ཤིན་ཏུ་ལྡན་པར་འགྱུར་རོ། །ཕྱོགས་གཉིས་པ་ལ་བརྟེན་ནས་ལན་གདབ་པའི་ཕྱིར། དེ་ལྟར་ནི་མི་འགྱུར་ཏེ་ཞེས་བྱ་བ་སྨོས་ཏེ། ཐམས་ཅད་རྒྱུ་མེད་པ་ཅན་ཉིད་དུ་འགྱུར་བའོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་རྒྱུ་དུ་མས་དུ་མ་བྱེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དེ་ཉིད་ཅིའི་ཕྱིར་ཞེ་ན། རྒྱུའི་ཉེ་བར་སྦྱོར་བས་འབྲས་བུའི་ངོ་བོ་ཉིད་ཀྱི་བྱེ་བྲག་མ་འདྲེས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །རྒྱུ་རྣམས་ཀྱི་ཉེ་བར་སྦྱོར་བ་ནི་བྱེད་པ་སྟེ། བྱེད་པས་འབྲས་བུ་བསྐྱེད་པར་བྱ་བའི་ངོ་བོ་ཉིད་ཀྱི་བྱེ་བྲག་དེ་མ་འདྲེས་པའི་ཕྱིར་རོ་ཞེས་ཚིག་རྣམ་པར་སྦྱར་རོ། །ཡང་ན་རྒྱུའི་ཉེ་བར་སྦྱོར་བས་འབྲས་བུ་དེའི་ངོ་བོ་ཉིད་ཀྱི་བྱེ་བྲག་དེ་མ་འདྲེས་པའི་ཕྱིར་རོ། །དེ་ཉིད་ཅིའི་ཕྱིར་སྙམ་པ་ལ། དེའི་བྱེ་བྲག་ལ་ཉེ་བར་སྦྱོར་བའི་ཕྱིར་ཏེ་ཞེས་བྱ་བ་སྨོས་ཏེ། འབྲས་བུ་དེའི་བྱེ་བྲག་ལ་རྒྱུ་རྣམས་ཉེ་བར་སྦྱོར་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་དེའི་བྱེ་བྲག་ལ་རྒྱུ་རྣམས་ཉེ་བར་སྦྱོར་བ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་རང་གི་ངོ་བོ་ཉིད་ཇི་ལྟ་བུ་


DTG107_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བྲག་གིས་ཞེས་བྱ་བ་སྨོས་ཏེ། རྒྱུ་གང་གི་ངོ་བོ་ཉིད་ཅི་འདྲ་བ་དེ་འདྲ་བ་ཁོ་ན་འབྲས་བུའི་ངོ་བོ་ཉིད་ལ་སྦྱོར་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་དེ་ཉིད་ཇི་ལྟ་བུ་ཞིག་ཅེ་ན། དེའི་ཕྱིར་འདི་ལྟར་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་རྣམ་པར་ཤེས་པ་ལས་ནི་མིག་གི་རྣམ་པར་ཤེས་པ་རྟོགས་པའི་བདག་ཉིད་དུ་འགྱུར་རོ། །མིག་གི་དབང་པོ་ལས་ནི་རྟོགས་པའི་བདག་ཉིད་དེ་གཟུགས་ལ་འཛིན་ནུས་པ་ཉིད་དུ་སོ་སོར་ངེས་སོ། །ཡུལ་ལས་ནི་དེ་དང་མཐུན་པའི་ངོ་བོ་ཁོ་ནར་འགྱུར་རོ། །དངོས་སུ་ན་འབྲས་བུ་ཐ་དད་པ་མ་ཡིན་ཡང༌། རྒྱུ་རྣམས་ཀྱི་ངོ་བོ་ཉིད་ཐ་དད་པ་དག་གིས་ངོ་བོ་ཉིད་ཐ་དད་པ་ཁོ་ནར་འགྱུར་ཏེ། རྒྱུ་ཐ་དད་པས་ཀྱང་འབྲས་བུའི་བྱེ་བྲག་དེ་ཐ་དད་པ་མེད་པ་ནི་མ་ཡིན་ནོ། །གཞན་དུ་ཡང་དེ་བཞིན་དུ་སྦྱར་བར་བྱའོ་ཞེས་བྱ་བ་སྨོས་སོ། །འདི་བསལ་བའི་ཕྱིར། དེ་ནི་རིགས་པ་མ་ཡིན་ཏེ། །ཞེས་བྱ་བ་སྨོས་ཏེ། རིགས་པས་རུང་བ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ །ཅིའི་ཕྱིར་སྙམ་པ་ལ། རྟོགས་པའི་བདག་ཉིད་ལ་སོགས་པ་དག་ཅེས་བྱ་བ་སྨོས་ཏེ། སོགས་པ་སྨོས་པས་ནི་གཟུགས་ལ་འཛིན་ནུས་པ་ཉིད་དུ་ངེས་པ་ལ་སོགས་པ་བསྡུའོ། །ཕན་ཚུན་ཐ་དད་པར་ཁས་ལེན་ན་ནི་རྣམ་པར་ཤེས་པ་དེ་དུ་མར་འགྱུར་ཏེ་རྟོགས་པའི་བདག་ཉིད་ལ་སོགས་པ་དེ་དག་དང་ཐ་མི་དད་པའི་ཕྱིར་ཏེ། རྟོགས་པའི་བདག་ཉིད་ལ་སོགས་པའི་རང་གི་བདག་ཉིད་བཞིན་ནོ། །ཇི་སྟེ་ན་གལ་ཏེ་དེ་དག་དང་ཐ་མི་དད་པ་མི་འགྲུབ་སྟེ། དེ་ལྟ་ན་རྣམ་པར་ཤེས་པ་དུ་མ་ཉིད་དུ་མི་འགྱུར་རོ་ཞེ་ན། དེའི་ཕྱིར། ཐ་དད་ན་ནི། ཞེས་བྱ་བ་སྨོས་ཏེ། ཐ་དད་པར་ཁས་ལེན་ན་ནི་རྒྱུ་མེད་པ་ཅན་དུ་འགྱུར་ཏེ། རྣམ་པར་ཤེས་པ་དེ་ཞེས་བྱ་བ་ལྷག་མའོ། །ཅིའི་ཕྱིར་རྒྱུ་མེད་པ་ཅན་དུ་འགྱུར་སྙམ་པ་ལ། རྒྱུའི་བྱེད་པ་རྣམ་པར་ཤེས་པ་ལས་གཞན་དུ་འབྲས་བུའི་བྱེ་བྲག་ལ་ཉེ་བར་སྦྱར་བ་བྱས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དེ་ལྟ་ན་ཡང་རྟག་ཏུ་ཡོད་པའམ་མེད་པ་ཞིག་ཏུ་འགྱུར་རོ་ཞེས་བྱ་བའི་ཉེས་པ་ཡོད་དོ། །ཇི་སྟེ་ཇི་སྐད་སྨོས་པའི་ཉེས་པས་འཇིགས་པའི་ཕྱིར་ཐ་དད་པར་ཁས་མི་ལེན་ན། དེ་ལྟར་གྱུར་ན་ནི་རྣམ་པར་ཤེས་པ་དུ་མ་ཉིད་དུ་འགྱུར་བའི་ཉེས་པ་སྔར་སྨོས་པ་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་ཡང་ཡོད་དེ། རྟོགས་པའི་བདག་ཉིད་ཅན་ལ་སོགས་པ་དེ་དག་ཕན་ཚུན་ཐ་


DTG107_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་མེད་པར་ཡང་འགྱུར་ཏེ། ཐ་དད་པ་མེད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཅིའི་ཕྱིར་སྙམ་པ་ལ། རྣམ་པར་ཤེས་པ་གཅིག་ལས་གཞན་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། རྣམ་པར་ཤེས་པའི་རང་གི་བདག་ཉིད་བཞིན་ནོ། །དེ་ལྟ་ན་ནི་རྒྱུའི་ཡུལ་ཐ་དད་པར་བརྟགས་པས་དོན་ཅི་ཞིག་གསོས་པར་འགྱུར་ཏེ། ཚིག་བར་མ་མ་སྨོས་པས་རྒྱུའི་བྱེད་པའི་ཡུལ་ཐ་དད་པར་བརྟགས་པས་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་དེ་ལྟ་བས་ན་གནས་སྐབས་དེའི་ཉེས་པར་འགྱུར་ཏེ། ངོ་བོ་ཉིད་ཐ་དད་པ་མིག་ལ་སོགས་པ་དག་ལས་འབྲས་བུ་ཐ་དད་པ་མ་ཡིན་པ་འབྱུང་བ་ལ། རྒྱུ་ཐ་དད་པ་ནི་ཐ་དད་པ་བྱེད་པར་མི་འགྱུར་ཏེ། དེ་ཐ་དད་ཀྱང་ཐ་དད་པ་མེད་པའི་ཕྱིར་རོ། །ཐ་དད་པ་མ་ཡིན་པ་མེད་ཀྱང་ཐ་དད་པ་མེད་པར་འགྱུར་རོ། །ཐ་དད་པ་མེད་པ་ཡང་ཐ་དད་པ་མེད་པར་བྱེད་པར་མི་འགྱུར་རོ། །དེའི་ཕྱིར་ཐ་དད་པ་དང་ཐ་དད་པ་མེད་པ་ནི་རྒྱུ་མེད་པ་ཅན་དུ་འགྱུར་ཏེ། ཐམས་ཅད་ཀྱང་དེ་ལས་གུད་ན་མེད་པའི་ཕྱིར། ཐམས་ཅད་ཀུན་རྒྱུ་མེད་པ་ཅན་དུ་འགྱུར་རོ། །དེ་ལྟར་གྱུར་ན་བརྟག་ཏུ་ཡོད་པའམ་མེད་པ་ཞིག་ཏུ་འགྱུར་རོ་ཞེས་སྨོས་པ་གང་ཡིན་པ་སྔ་ན་ཡོད་པ་དེའི་གནས་སྐབས་ཞེས་བྱའོ། །བརྒྱ་ཞིག་ལ་ཤེས་པ་དེ་ནི་ཐ་དད་པ་མེད་པ་ཁོ་ན་ཡིན་ན། འབྲས་བུ་རྟོགས་པའི་བདག་ཉིད་ལ་སོགས་པའི་ཆོས་ནི་ཐ་དད་དེ་རྟོག་པས་སྒྲོ་བཏགས་པ་ཡིན་ནོ། །དེའི་ཕྱིར་དེ་དག་དང་ཐ་དད་པ་མ་ཡིན་པའི་ཕྱིར་ཤེས་པ་དུ་མ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་གཏན་ཚིགས་དང༌། དེ་དག་ཀྱང་ཐ་དད་པ་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་མ་གྲུབ་བོ་ཞེས་སྨྲ་བར་དོགས་པའི་ཕྱིར། གལ་ཏེ་དེའི་བྱེད་པའི་ཡུལ་ཐ་དད་པར་བརྟགས་པ་བྱེད་དོ་ཞེ་ན་ནི་ཞེས་བྱ་བ་སྨོས་ཏེ། དེའི་ཞེས་བྱ་བའི་སྒྲ་ནི་རྒྱུ་དང་སྦྱར་རོ། །ཅི་ཞིག་བྱས་ནས་ཤེ་ན། ཆོས་ཐ་དད་པར་བརྟག་པ་བྱས་ནས་ཞེས་བྱ་བ་སྨོས་སོ། །སུའི་ཞེ་ན། འབྲས་བུའི་བདག་ཉིད་ཀྱིའོ། །ཅི་འདྲ་བ་ཞེ་ན། དུ་མ་ལས་ལོག་པ་དང་ལྡན་པ་སྟེ། མི་རྟོགས་པའི་བདག་ཉིད་ལ་སོགས་པ་དུ་མ་ལས་ལོག་པའོ། །ཡང་ན་ལོག་པ་དུ་མ་ཞེས་བྱེ་བྲག་གི་ཚིག་སྡུད་པའོ། །ཆོས་ཐ་དད་པ་བརྟག་པ་ཇི་ལྟར་བྱེད་སྙམ་པ་ལ། རྒྱུ་དང་མཐུན་པར་ཞེས་བྱ་བ་སྨོས་ཏེ། རྟོགས་པའི་བདག་ཉིད་ཡིད་ལ་བྱེད་པ་ལས། རྟོགས་པའི་ངོ་བོ་ཁོ་ན་ཞེས་བྱ་བ་ལ་སོགས་པ་དང་ངོ༌། །གྱིས་ཤིག་ཅེས་བྱ་བ་


DTG107_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་ནི་རྗེས་སུ་དགའ་བ་སྟོན་ཏོ། །གལ་ཏེ་ཕྱོགས་འདི་ཇི་ག་ཉེས་པ་མེད་པར་འགྱུར་རོ་སྙམ་པ་ལ། རྒྱུའི་བྱེད་པ་དེ་ནི་ཡང་དག་པའི་དོན་དུ་ན་བརྟགས་པ་པ་ཁོ་ན་ཡིན་པར་འགྱུར་རོ་ཞེས་བྱ་བ་སྨོས་ཏེ། ཅིའི་ཕྱིར་སྙམ་པ་ལ། རྟོག་པའི་བཟོས་སྦྱར་བ་དག་ལ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། རྟོགས་པའི་བདག་ཉིད་ལ་སོགས་པ་དག་ལ་ཞེས་བྱ་བ་ལྷག་མའོ། །རྒྱུའི་བྱེད་པ་དེ་ནི་རྟོག་པའི་བཟོས་སྦྱར་བ་དག་ལ་ཡིན་ཏེ། དེའི་ཕྱིར་དེ་ལྟ་བས་ན། ཡང་དག་པའི་དོན་དུ་ན། བརྟགས་པ་པ་ཁོ་ན་ཡིན་པར་འགྱུར་རོ། །གལ་ཏེ་བརྟགས་པ་ཡིན་དུ་ཟིན་ཀྱང་ཉེས་པ་ཅི་ཞིག་ཡོད་སྙམ་པ་ལ། དེ་ལྟ་ན་ནི་འབྲས་བུ་རྒྱུ་མེད་པ་ཅན་དུ་འགྱུར་ཏེ་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་འབྲས་བུ་རྒྱུ་མེད་པ་ཅན་དུ་འགྱུར་སྙམ་པ་ལ། རྒྱུའི་བྱེད་པ་བརྟགས་པའི་བདག་ཉིད་རྣམས་ལ་ཉེ་བར་སྦྱོར་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དངོས་སུ་ན་འབྲས་བུ་ཐ་དད་པ་མ་ཡིན་ཡང་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ་ཉེས་པ་བརྗོད་པའི་ཕྱིར་བཤད་པ། གཞན་ཡང་དངོས་སུ་ན་འབྲས་བུ་ཐ་དད་པ་མ་ཡིན་ཡང་གལ་ཏེ་ཁྱོད་བྱེ་བྲག་རྣམས་ནི་ཐ་དད་པར་ཁས་ལེན་ན། དེ་ལྟར་གྱུར་ན་ཡང་ཆོས་དང་ཆོས་ཅན་དངོས་སུ་ཐ་དད་པ་ཁོ་ནར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ཐ་དད་པ་དང་ཐ་དད་པ་མ་ཡིན་པའི་ངོ་བོ་ཉིད་དང་ལྡན་པའི་ཕྱིར། ཟླ་བ་དང་སྐར་མ་ལ་སོགས་པ་བཞིན་ནོ། །དེ་ལྟ་ན་ཤུགས་ཀྱིས་སྤྱི་ཐ་དད་པ་ཁོ་ནར་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་ཡང་སྔར་སྨོས་པའི་ཉེས་པ་རྒྱུའི་བྱེད་པ་གཞན་དུ་སྦྱོར་བ་བྱས་པའི་ཕྱིར། འབྲས་བུ་རྒྱུ་མེད་པ་ཅན་དུ་འགྱུར་རོ་ཞེས་བྱ་བ་ཡང་ཡོད་དོ། །འདི་ལྟར་བྱེ་བྲག་འདི་དག་ཀྱང་ཀུན་བརྟགས་པ་ཁོ་ན་ཡིན་པས། དངོས་པོ་ཐ་དད་པ་དང་ཐ་དད་པ་མ་ཡིན་པའི་ངོ་བོ་ཉིད་དང་ལྡན་པ་ཉིད་དུ་མ་གྲུབ་སྟེ། དེ་ལྟ་ཡིན་པས་ཇི་སྐད་སྨོས་པའི་ཉེས་པ་མེད་དོ་སྙམ་དུ་སེམས་པར་གྱུར་ན། ཇི་སྟེ་བྱེ་བྲག་དེ་དག་ཀྱང་བརྟགས་པ་ཁོ་ན་ཡིན་ནོ་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟ་ཡིན་ན་ནི་ཞེས་བྱ་བ་ནི་བརྟགས་པ་ཉིད་ཡིན་ནའོ། །ཅིའི་ཕྱིར་རིགས་པ་མ་ཡིན་སྙམ་པ་ལ། རྟོག་པས་བཀོད་པའི་ཐ་དད་པ་ནི་རྒྱུའི་བྱེད་པ་ལ་མི་ལྟོས་སོ་ཞེས་བྱ་བ་སྨོས་ཏེ། འདིར་གཏན་ཚིགས་ནི་རྟོག་པས་བཀོད་པ་ཉིད་དོ། །རྒྱུའི་བྱེད་པ་ལ་མི་ལྟོས་པ་ཞེས་བྱ་


DTG107_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་དམ་བཅའ་བའོ། །ནམ་མཁའི་ཨུཏྤལ་ལ་སོགས་པ་ནི་དཔེ་ཉིད་དུ་ཁོང་ནས་དྲང་བར་བྱའོ། །འབྲས་བུ་ཐ་དད་མ་ཡིན་ཡང༌། །བྱེ་བྲག་རྣམས་ནི་ཐ་དད་དང༌། །གཞན་མིན་ཁྱེད་འདོད་དེ་བས་ན། །ཞེས་བྱ་བས་ནི་འབྲས་བུ་ཐ་དད་པ་མ་ཡིན་ཞིང༌། བྱེ་བྲག་རྣམས་ནི་ཐ་དད་པ་ཡིན་ལ།། འབྲས་བུ་ལས་བྱེ་བྲག་རྣམས་གཞན་པ་ཡང་མ་ཡིན་ན། དེ་ལྟ་ན་ཡང་སྔ་མ་དང་ཕྱི་མ་ནང་འགལ་བ་འདི་ཇི་ལྟར་བཟོད་ཅེས་བསྟན་པ་ཡིན་ནོ། །དབང་ཕྱུག་གིས་བྱས་པ་ཉིད་ཀྱིས་ནི་དབང་ཕྱུག་གིས་བྱས་པ་བཞིན་དུ་ཚིག་འདི་རིགས་པ་དང་ལྡན་པ་མ་ཡིན་ནོ་ཞེས་འཕྱས་བྱ་བར་སྟོན་ཏོ། །རྟོགས་པའི་ངོ་བོ་ལས་གཞན་མིན་པར་ཁས་ལེན་ན་ནི་འབྲས་བུ་དེ་ནི་གཟུགས་ལས་སྐྱེ་བ་མ་ཡིན་ཏེ། རྟོགས་པའི་ངོ་བོ་ལས་གཞན་མ་ཡིན་པའི་ཕྱིར། རྟོགས་པའི་ངོ་བོའི་རང་གི་བདག་ཉིད་བཞིན་ནོ། །དེའི་རྣམ་པ་དེ་ལས་ཏེ། ཡུལ་གྱི་རྣམ་པ་ལས་གཞན་མིན་ཕྱིར་འབྲས་བུ་དེ་གཟུགས་ལས་ཀྱང་ནི་སྐྱེ་བར་འགྱུར་ཏེ། ཡུལ་གྱི་རྣམ་པ་ལས་གཞན་མ་ཡིན་པའི་ཕྱིར། ཡུལ་གྱི་རྣམ་པའི་རང་གི་བདག་ཉིད་བཞིན་ནོ། །དེ་ལྟ་ན་ནི་འབྲས་བུ་གཅིག་ལ་སྐྱེ་བ་དང༌། མི་སྐྱེ་བ་དག་ཏུ་ཐལ་བར་འགྱུར་ལ། རྒྱུ་གཅིག་ལ་སྐྱེད་པར་བྱེད་པ་དང༌། སྐྱེད་པར་བྱེད་པ་མ་ཡིན་པ་དག་ཏུ་ཐལ་བར་འགྱུར་ཏེ། སྐྱེ་བ་དང་མི་སྐྱེ་བདེ་དག་ཀྱང་ཅིའི་ཕྱིར་ན་མི་འགལ་ཞེས་བྱ་བར་སྦྱར་རོ། །འབྲས་བུ་དུ་མ་ལ་མི་འགལ་བ་ཁོ་ནའོ་སྙམ་ན་འབྲས་བུ་གཅིག་ལ་ཞེས་བྱ་བ་སྨོས་སོ། །གལ་ཏེ་འབྲས་བུ་གཅིག་པུ་དེ་ལ་ཡང་རིམ་གྱིས་འགལ་བ་མེད་དོ་སྙམ་ན་ཡང༌། ཅིག་ཅར་ཞེས་བྱ་བ་སྨོས་སོ། །བརྟགས་པས་ན་འགལ་བ་མེད་དོ་སྙམ་ན། ཡང་དག་པར་ཞེས་བྱ་བ་སྨོས་སོ། །དེ་བཞིན་དུ་རྒྱུ་གཅིག་ལ་སྐྱེད་བྱེད་དང་སྐྱེད་བྱེད་མ་ཡིན་པ་ཅིའི་ཕྱིར་མི་འགལ་ཞེས་བྱ་བར་སྦྱར་ཏེ། ལྷག་མ་ནི་སྔ་མ་བཞིན་ནོ། །བརྒྱ་ཞིག་ལ་རྟོགས་པ་ལ་སོགས་པའི་བདག་ཉིད་འབྲས་བུ་ཐམས་ཅད་རྣམ་པར་ཤེས་པ་ལ་སོགས་པ་རྒྱུ་ཐམས་ཅད་ལས་སྐྱེ་བར་ཁས་བླངས་ན་ཇི་སྐད་སྨོས་པའི་ཉེས་པ་འདི་མེད་དོ་ཞེས་སྨྲ་བར་འགྱུར་བས། ཀུན་ནས་ཐམས་ཅད་སྐྱེ་ན་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིག་པའི་རྗེས་སུ་འབྲངས་ནས་སྨྲས་ཏེ། ཐ་དད་པ་དང་ཐ་དད་པ་མ་ཡིན་པ་སྒྲུབ་པར་བྱེད་པ་ནི། རྗེས་སུ་འགྲོ་བ་དང་ལྡོག་པ་དག་འཁྲུལ་པ་ཉིད་དུ་སྟོན་པ་ཡིན་ནོ། །ཇི་སྟེ་


DTG107_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་ཇི་སྐད་སྨོས་པའི་ཉེས་པ་ཐོག་ཏུ་བབ་པས་ཕྱོགས་སྔ་མ་འདི་ནི་དོར་བར་བྱ་བ་ཡིན་གྱི། འདི་སྐད་དུ་རང་གི་ངོ་བོ་ཉིད་ཇི་ལྟ་བའི་བྱེ་བྲག་གིས་ཞེས་བྱ་བ་ལ་སོགས་པ་ལ་བརྟེན་པར་བྱའོ་ཞེས་སྨྲའོ་སྙམ་ན། གལ་ཏེ་བྱེ་བྲག་རྐྱེན་རྣམས་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རེ་རེ་ནི་སྐྱེད་པར་བྱེད་པ་མ་ཡིན་པར་འགྱུར་རོ། །དངོས་པོ་རྣམས་འགའ་ཞིག་རྟོག་པ་སྔོན་དུ་བཏང་ནས། འདི་ལ་གཅིག་གིས་ཀྱང་ནུས་ཀྱི། འདིར་བདག་ཅི་དགོས་ཞེས་ཏེ་གཞན་ལྡོག་པ་མེད་དོ་ཞེས་གསུངས་པའི་ཕྱིར་དེ་ཡང་ཁྱེད་འདོད་དེ། དེའི་ཕྱིར་འདིས་ནི་ཁས་བླངས་པ་དང་འགལ་བར་སྟོན་ཏོ། །རྒྱུའི་བྱེད་པ་བྱེ་བྲག་རྣམས་ལ་ཉེ་བར་སྦྱོར་བ་བྱས་པའི་ཕྱིར། ཡིན་ན་ཡང་འབྲས་བུ་རྒྱུ་མེད་པར་འགྱུར། འདིས་ནི་སྣོན་བསྟན་ཏོ། །ཇི་སྟེ་ཇི་སྐད་བཤད་པའི་ཉེས་པ་ཡོངས་སུ་སྤོང་བར་འདོད་ནས། རྐྱེན་རྣམས་ལས་འབྲས་བུ་སྐྱེ་བར་སྨྲ་ན། འོན་ཀྱང་ཉེས་པ་ཡོད་པས། གལ་ཏེ་ཁྱོད་ནི་རྐྱེན་རྣམས་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་སྟེ་ཇི་སྐད་སྨོས་པའི་ཉེས་པ་བསལ་བའི་ཕྱིར་འབྲས་བུ་གང་ཡིན་པ་དང༌། རྒྱུའི་ཡུལ་དེ་གཉིས་ཐ་མི་དད་པར་འདོད་ན། འོན་ཀྱང་ཉེས་པ་ཡོད་པས་ཇི་སྟེ་དེ་གཉིས་གཞན་མིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚུངས་པ་དེ་མ་ཐག་པའི་རྐྱེན་ལ་སོགས་པ་དག་ལས། མིག་གི་རྣམ་པར་ཤེས་པ་དེ་རྟོགས་པའི་བདག་ཉིད་ལ་སོགས་པའི་རྣམ་པར་དབྱེ་བ། ཅིའི་ཕྱིར་འཐད། དེ་ནི་མི་འཐད་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་བས་ན་རྣམ་པར་ཤེས་པ་དེ་གཅིག་པ་ཡང་མ་ཡིན་ཏེ། དེ་དག་ལས་ཀྱང་གཞན་མ་ཡིན་པའི་ཕྱིར་རོ། །ཡང་ན་དེ་དག་ཀྱང་ཐ་དད་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་ལས་གཞན་མ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་ན་ནི་རང་བཞིན་ཐ་དད་པ་རྣམས་ལས་ཞེས་བྱ་བ་ལ་སོགས་པ་ཉེས་པའི་ཚོགས། བཤད་ཟིན་ཉེས་པར་ཐལ་འགྱུར་ཕྱིར། །འདི་ནི་གླང་ཆེན་ཁྲུས་འདྲར་འགྱུར། གཅིག་གིས་དུ་མའི་དངོས་མི་བྱེད། །ཅེས་བྱ་བ་ཕྱོགས་གསུམ་པ་ལ་འཇུག་པར་བྱ་བའི་ཕྱིར། གཞན་ཡང་གཞན་འདིར་བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་ཕྱིར་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་རྒྱུ་མེད་པ་ཅན་དུ་འགྱུར་སྙམ་པ་ལ། རྒྱུ་ཐ་དད་པ་མེད་བཞིན་དུ་ཡང་འབྲས་བུ་


DTG107_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །འདིས་ནི་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་སྒྲུབ་པར་བྱེད་པ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་འཁྲུལ་པར་སྟོན་ཏོ། །གལ་ཏེ་གང་གིས་འབྲས་བུ་གཅིག་བྱེད་པ་དེ་ལས་བདག་ཉིད་ཀྱི་ཁྱད་པར་གཞན་གྱིས་འབྲས་བུ་གཞན་བྱེད་དོ་ཞེ་ན་ཞེས་བྱ་བར་སྦྱར་ཏེ། འོ་ན་ནི་དངོས་པོ་དེ་གཅིག་པུར་མི་འགྱུར་ཏེ། བདག་ཉིད་ཀྱི་ཁྱད་པར་ལས་ཐ་དད་པ་མེད་པ་མ་ཡིན་པའི་ཕྱིར། བདག་ཉིད་ཀྱི་ཁྱད་པར་མེད་པར་མ་ཡིན་པ་བཞིན་ནོ། །གལ་ཏེ་རྒྱུ་གཅིག་གིས་འབྲས་བུ་གཅིག་ཁོ་ན་བྱེད་དུ་ཟད་མོད་ཅེ་ན་ཞེས་བྱ་བས་ནི་ཕྱོགས་བཞི་པ་ལ་བརྟེན་པར་བྱེད་དོ། །དེ་ལྟ་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་འགོག་པར་བྱེད་དོ། །ཅིའི་ཕྱིར་ཞེ་ན། འགྲོ་བ་ཐམས་ཅད་ལོང་བ་དང་འོན་པ་ལ་སོགས་པའི་དངོས་པོར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །མིག་ལ་སོགས་པ་རང་གི་རིགས་དང་མཐུན་པའི་སྐད་ཅིག་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར། རང་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ལྷག་མའོ། །དེ་ལྟ་ཡིན་ན་རྣམ་པར་ཤེས་པ་མེད་ན་ལོང་བ་དང༌། འོན་པ་དང༌། དྲི་མི་ཚོར་བ་དང༌། རོ་མི་མྱོང་བ་དང༌། རེག་མི་ཚོར་བའི་དངོས་པོར་གསལ་བར་ཐལ་བར་འགྱུར་རོ། །ཇི་སྟེ་རང་གི་རྣམ་པར་ཤེས་པ་སྐྱེད་པ་ཉིད་དུ་ཁས་ལེན་ན། དེ་ལྟ་ཡིན་ན་ནི་སྔར་བཤད་པའི་ཉེས་པ་ནི་མེད་མོད་ཀྱི། ཉེས་པ་གཞན་ཡོད་པས་བཤད་པ། རང་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཉིད་ཡིན་པར་ཁས་ལེན་ན་ནི་རང་གི་རིགས་འཆད་དེ། མིག་ལ་སོགས་པའི་རིགས་འཆད་དོ་ཞེས་བྱ་བའི་ཐ་ཚིག་གོ །དེ་བས་དེ་ལྟ་བས་ན་ཅིར་ཡང་མི་རུང་ངོ༌། །ཅིའི་ཕྱིར་ཞེ་ན། ཤེས་པའི་སྐད་ཅིག་ཕྱིན་ཆད་མིག་ལ་སོགས་པ་ཡང་མེད་ལ། རྣམ་པར་ཤེས་པ་ཡང་མེད་པས་ཅིར་ཡང་མི་རུང་ངོ་ཞེས་བཤད་དོ། །རྒྱུ་གཅིག་གིས་འབྲས་བུ་གཅིག་སྐྱེད་པར་བྱེད་དོ་ཞེས་བྱ་བ་ཁས་མི་ལེན་མོད་ཀྱི་བརྒྱ་ཞིག་ལ་ཕ་རོལ་པོ་རེ་ཐག་ཆད་པར་གྱུར་པ་དེ་སྐད་སྨྲ་བར་འགྱུར་བས་ཁོ་བོ་ཅག་གིས་དེའི་ཚིག་འཇུག་པ་ལ་གནོད་པ་བྱས་སོ་སྙམ་དུ་བསམས་པའོ། །དེ་ལྟ་མིན་ན་ཞེས་བྱ་བ་ལ། དེ་ལྟ་མ་ཡིན་པ་ནི་འགྲོ་བ་གཞལ་བྱ་ཡང་ཡིན་ལ། དབང་ཕྱུག་བྱེད་པ་པོ་ཡང་ཡིན་ན་འདི་ལ་འགལ་བ་ཅི་ཡོད་ཅེས་བྱ་བ་འདིའོ། །གཞལ་བྱ་ཉིད། །ལ་སོགས་ཡེ་མེད་ཁོ་ནར་འགྱུར། །ཞེས་བྱ་བ་ནི་དབང་ཕྱུག་བྱེད་པ་པོ་ཉིད་ཡིན་ན་རྒྱུ་ཉེ་པ་


DTG107_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་ལས་འགྲོ་བ་སྐྱེ་བའི་ཕྱིར་འདི་ནི་གཞལ་བྱ་ཡིན་ནོ་ཞེས་བྱ་བ་འདི་ཉིད་མི་སྲིད་དེ། དུས་ཅིག་ཅར་བ་རྣམས་ཀྱི་ཡོངས་སུ་གཅད་པར་བྱ་བ་དང༌། ཡོངས་སུ་གཅོད་པར་བྱེད་པའི་དངོས་པོ་མི་རུང་བའི་ཕྱིར་རོ། །སོགས་པ་སྨོས་པས་ནི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་ལ་སོགས་པ་ཡོངས་སུ་བསྡུའོ། །རྣམ་པ་མང་པོར་མཛད་ཅེས་བྱ་བ་ནི་བདག་ལས་མ་ཡིན་གཞན་ལས་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་སོ། །དེ་བཞིན་དུ་སྐྱེ་བ་འགོག་པར་བྱེད་པ་བདག་ལས་གཞན་ལས་ཞེས་བརྟགས་པའི་ཐ་སྙད་འདོགས་པའི་རྒྱུ་ཅན་ལ་ཡིན་ན་ནི། འདི་གྲུབ་པ་སྒྲུབ་པའོ། །དེ་ལྟ་ན་གང་ལས་སྐྱེ་བ་དེ་བདག་ལས་གཞན་ལས་ཞེས་ཐ་སྙད་གདགས་པར་མི་ནུས་ཏེ། རང་གི་མཚན་ཉིད་ནི་ངག་གི་རྒྱུ་ལས་འདས་ནས་འཇུག་པའི་ཕྱིར་རོ། །གང་ཡང་གཞན་ཞེས་བྱ་བ་ལ་སོགས་པས་ཐ་སྙད་འདོགས་པ་དེ་ནི་རྟོག་པས་ཉེ་བར་བཀོད་པ་ཡིན་ཏེ། དེའི་ཕྱིར་དེ་ལས་མི་སྐྱེའོ་ཞེས་བྱ་བ་སྨྲ་བ་ནི་གསལ་བ་ཁོ་ནར་གྲུབ་པ་སྒྲུབ་པ་ཉིད་ཡིན་ནོ། །འདི་ལྟར་རྒྱུ་མེད་དངོས་མེད་པས། །ཞེས་བྱ་བ་ལ་སོགས་པས་ནི་ཕ་རོལ་པོ་རང་གི་སྒོ་ཁོ་ན་ནས་ལེན་འདེབས་སུ་འཇུག་པར་རིམ་པ་འགོད་པར་བྱེད་པའོ། །ཅི་སཱ་ལུའི་ས་བོན་ལ་སོགས་པ་དེ་མྱུ་གུ་ལ་སོགས་པ་འབྲས་བུ་ལས་གཞན་ནམ། འོན་ཏེ་ས་བོན་ལ་སོགས་པ་དེ་ཉིད་མྱུ་གུ་ལ་སོགས་པ་ཡིན། ཅིའི་ཕྱིར་རྟོག་པ་འདི་གཉིས་ཁོ་ན་བྱེད་སྙམ་པ་ལ། ཕན་ཚུན་ལོག་པའི་ལུས་ལ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྣམ་པ་གཞན་ཞེས་བྱ་བ་ནི། ས་བོན་ལས་མྱུ་གུ་ལ་སོགས་པ་གཞན་ཡང་ཡིན་ལ། གཞན་མ་ཡིན་པ་གང་ཡིན་པ་དང༌། གཞན་ཡང་མ་ཡིན་གཞན་མ་ཡིན་པ་ཡང་མ་ཡིན་ཞེས་བྱ་བ་སྟེ་འདི་ནི་འགལ་བས་མི་སྲིད་དོ། །རང་གི་མཚན་ཉིད་ནི་ངག་གི་སྤྱོད་ཡུལ་ལས་འདས་པའི་ཕྱིར་བརྗོད་པར་མི་ནུས་ཞེས་སྨྲའོ། །ལམ་གཞན་ནི་བརྗོད་པའི་ཀུན་རྫོབ་པོ། །ལེགས་ཞེས་བྱ་བ་ནི་ལམ་གཞན་གྱི་བྱེ་བྲག་གམ་བྱ་བའི་བྱེ་བྲག་གོ །ཇི་ལྟར་ཐ་སྙད་ཀྱི་རྗེས་སུ་མཐུན་པར་བུམ་པ་སྣམ་བུ་ཞེས་བྱ་བ་ལ་སོགས་པར་བསྙད་པར་ནུས་པ་དེ་བཞིན་དུ། ས་བོན་ལ་སོགས་པ་ལས་མྱུ་གུ་ལ་སོགས་པ་གཞན་ནམ་གཞན་མ་ཡིན་ཞེས་བྱ་བ་ལ་སོགས་པ་འདི་ཡང་བསྙད་པར་ནུས་པར་གནང་ངོ༌། །དེ་ལྟ་མ་ཡིན་ཏེ་རྣམ་པ་ཐམས་


DTG107_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དུ་བརྗོད་པར་བྱ་བ་མ་ཡིན་ན་ནི། མི་སྨྲ་ཐུག་སྟེ། འདི་ལྟར་ཕྱེད་རྒས་པ་ནི་རིགས་པ་མ་ཡིན་ནོ། །ཇི་སྟེ་ས་བོན་ལ་སོགས་པ་དང་མྱུ་གུ་ལ་སོགས་པ་གཞན་དང་གཞན་མ་ཡིན་པའི་ཕྱོགས་གཉིས་ཀྱི་ནང་ནས་འགའ་ཕྱོགས་གསུམ་པ་ཞིག་བརྗོད་ན། དེ་ཉིད་ཁོ་བོ་ཅག་གིས་དགག །དེ་བས་དེ་ལྟ་བས་ན་དེ་ལྟ་ཡིན་ན་ནི། ཕ་རོལ་གྱིས་ཁས་བླངས་པ་འགོག་པ་ཡིན་ན། རྩོད་པ་ལ་བཟོ་བ་ག་ལ་ཡིན། ཁྱོད་རྩོད་པ་ལ་མཁས་པ་ག་ལ་ཡིན་ཏེ་མ་ཡིན་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ །འདི་སྐད་དུ་དབུ་མ་པ་ནི་བྱས་ཤི་འགོག་པ་སྨྲ་བ་ནི་མ་ཡིན་གྱི། འོན་ཀྱང་ཕ་རོལ་པོས་ཕྱོགས་གང་ཁས་ལེན་པ་དེ་ཁོ་ན་འགོག་པ་སྨྲའོ། །ཇི་སྟེ་ཕ་རོལ་པོ་ཕྱོགས་འགའ་ཡང་ཁས་མི་ལེན་ན་ནི། དབུ་མ་པ་འགོག་པ་ཡང་ཅི་ཡང་མི་སྨྲ་བ་ཉིད་དོ། །དེ་ལྟ་ཡིན་ན་བདག་ལས་སྐྱེ་གཞན་ལས་སྐྱེ་ཞེས་བྱ་བ་དེ་ལྟ་བུ་ནི་ཕ་རོལ་པོ་ཁོ་ནས་སྨྲས་ཀྱི། སློབ་དཔོན་གྱིས་ནི་མ་ཡིན་ནོ། །སློབ་དཔོན་ནི་མ་ཡིན་ནོ་ཞེས་དགག་པ་ཙམ་འཆད་པར་ཟད་པས་ཉེས་པ་ཅི་ཡང་མེད་དོ་ཞེས་བཤད་པ་ཡིན་ནོ། །མ་ཞིག་པ་ལས་འབྲས་སྐྱེ་ན། །དེ་ཚེམ་ཞིག་པའི་གནས་སྐབས་ན། ཅིའི་ཕྱིར་འབྲས་བུ་མེད། གལ་ཏེ་ཡོད་ན་ནི་དེའི་ཚེ་འབྲས་བུ་དང་རྒྱུ་གཉིས་ཅིག་ཅར་ཡིན་པར་ཐལ་བར་འགྱུར་རོ། །དེ་ལྟ་ན་ཡང་དེ་གཉིས་ཀྱི་རང་གི་ངོ་བོ་ཉམས་པར་ཐལ་བ་ཡིན་ནོ། །ཞིག་ནས་འབྲས་བུ་སྐྱེ་ན་ནི་དེ་ཚེ་རྒྱུ་གང་ལས་འབྲས་བུར་འགྱུར། འདི་ལྟར་རེ་ཞིག་འབྲས་བུ་འདི་རྒྱུ་ཞིག་པ་ལས་ནི་མི་འགྱུར་ཏེ། དེ་ནུས་པར་བརྗོད་པ་ཐམས་ཅད་དང་བྲལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྒྱུ་གཞན་ཡང་ཡོད་པ་མ་ཡིན་ཏེ། དེ་ལ་ཡང་མཚུངས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་འབྲས་བུ་རྒྱུ་མེད་པ་ཅན་ཁོ་ནར་འགྱུར་རོ། །ཡང་ན་ནི་མེད་པ་ཁོ་ནར་འགྱུར་རོ། །ཇི་སྟེ་བདག་ཉིད་ཀྱིས་རང་དགས་རྒྱུ་མ་འགགས་པ་ཡོད་པ་ལས་འབྲས་བུ་སྐྱེའོ་ཞེས་བྱ་བ་དེ་ལྟ་བུར་རྟོག་པར་བྱེད་ན། དེ་ལ་ཡང་རྒྱུ་དང་འབྲས་བུ་དུས་མཉམ་པ་ཉིད་ཁོ་ན་དང་འབྲེལ་བར་འགྱུར་རོ། །གལ་ཏེ་ཡང་རྒྱུའི་ལུས་ནི་འཇིག་པས་ཟིན་ལ། འབྲས་བུ་ནི་སྐྱེ་བས་ཟིན་ཏེ། རྒྱུ་འཇིག་པ་ན་མཇུག་ཐོགས་ཁོ་ནར་འབྲས་བུ་སྐྱེ་ལ། བར་ན་བར་དུ་གཅོད་པར་བྱེད་པའི་དུས་ཅི་ཡང་མེད་པས། དེའི་ཕྱིར་རྒྱུ་མ་འགགས་པའི་མཇུག་ཐོགས་ཁོ་ནར་འབྲས་བུ་འབྱུང་ངོ༌། །གང་གི་ཕྱིར་སྐད་


DTG107_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་མ་དང་པོ་ལ་ནི་རྒྱུ། སྐད་ཅིག་མ་གཉིས་པ་ལ་ནི་འབྲས་བུ་སྐྱེ་སྟེ། དེ་ལྟ་ཡིན་ན་ནི་མ་ཞིག་པ་ལས་སྐྱེ་བ་ཡིན་ནོ། །འདི་ལྟར་མཇུག་ཐོགས་སུ་ཡོད་པ་ཡིན་ལ། དེ་ཡང་མ་ཞིག་པ་ཁོ་ན་ལས་འབྱུང་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་སྐད་ཅིག་གསུམ་པ་ལ་འབྲས་བུར་འགྱུར་ཏེ། སྐད་ཅིག་དང་པོ་ལ་ནི་རྒྱུ་ཡོད་པའོ། །གཉིས་པ་ལ་ནི་འཇིག་པའོ། །ཞིག་ནས་ནི་འབྲས་བུ་སྐྱེད་དེ་སྐྱེས་མ་ཐག་ཏུ་ནི་འབྲས་བུ་ཡོད་པ་ཡིན་ནོ་སྙམ་དུ་སེམས་ན། འདི་ཡང་རིགས་པས་འབྲེལ་པ་ཉམས་སུ་འབབ་པ་མ་ཡིན་ནོ། །འདི་ལྟར་རེ་ཞིག་དང་པོ་ཁོ་ནར་དེ་ལྟ་མ་ཡིན་ན། སྐད་ཅིག་གསུམ་པ་ལ་འབྲས་བུར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་འདི་ཤིན་ཏུ་མ་འབྲེལ་བ་ཡིན་ཏེ། གང་ཞིག་ཇི་ལྟར་ཡང་ཞིག་པ་དང་མ་ཞིག་པ་ལས་སྐྱེ་བར་མི་འདོད་པ་དེ་ལ། འདི་ལྟ་བུའི་རྗོད་པ་ཇི་ལྟར་འཚམ་ཞེས་བདག་ཉིད་ཀྱིས་རྟོགས་ཤིག །གང་ཡང་རེ་ཞིག་སྐད་ཅིག་མ་དང་པོ་ལ་ཞེས་བྱ་བ་ལ་སོགས་པ་གང་ཡིན་པ་དེ་ཡང་སྙིང་པོ་མེད་པ་ཉིད་དོ། འདི་ལྟར་སྐད་ཅིག་གཉིས་པ་ལ་མ་ཞི་པ་ལས་འབྲས་བུ་འདི་འབྱུང་བ་ནི་མ་ཡིན་ཏེ། དེའི་ཚེ་མ་ཞིག་པ་མེད་པའི་ཕྱིར་རོ། །གང་གི་ཚེ་འདི་མ་ཞིག་པ་དེའི་ཚེ་ཡང་འབྲས་བུ་མེད་པ་ཁོ་ནའོ། །ཇི་སྟེ་སྐད་ཅིག་གཉིས་པ་ལ་མ་ཞིག་པ་ཁོ་ན་ལས་འབྲས་བུ་སྐྱེ་སྟེ། འདི་ལྟར་སྐྱེས་མ་ཐག་ཏུ་ཡོད་ལ། དེ་ཡང་མ་ཞིག་པ་ཁོ་ན་ལས་འབྱུང་ངོ་ཞེ་ན། ཡིན་ལ་ནི་རག་མོད་ཀྱི། ཁྱོད་ཀྱི་སྐད་ཅིག་པ་ཉིད་མ་ཡིན་པར་འགྱུར་རོ། །གལ་ཏེ་འདི་སྐད་ཅིག་པ་ཉིད་མ་ཡིན་པ་མ་ཡིན་ཏེ། འདི་ལྟར་རྒྱུ་འཇིག་པ་ན་འབྲས་བུ་སྐྱེད་པར་བྱེད་དོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། །འདི་ལྟར་རེ་ཞིག་གང་གི་ཚེ་རྒྱུ་འཇིག་པ་དེའི་ཚེ་ན་རེ་ཞིག་འབྲས་བུ་མེད་ལ་གང་གི་ཚེ། ཞིག་ཟིན་པ་དེའི་ཚེ་འབྲས་བུ་དེ་གང་ལས་འབྱུང་ཞེས་བརྗོད་པར་བྱ། གལ་ཏེ་འཇིག་པ་དེ་ཉིད་ལས་འབྱུང་ངོ་ཞེ་ན། དེའི་ཚེ་དེ་མེད་པ་མ་ཡིན་ནམ། གང་གི་ཚེ་ཡོད་པར་གྱུར་པ་དེའི་ཚེ་ནི་དེ་ལས་འབྲས་བུ་འབྱུང་བར་ཁྱོད་མི་འདོད་དོ། །གནས་སྐབས་གཞན་ཡང་ཅི་ཡང་མེད་དེ། དེའི་ཕྱིར་དངོས་པོ་རྟོགས་བཞིན་དུ་ཡང་མཇུག་ཐོགས་པ་ལ་མངོན་པར་ཞེན་པ་ཙམ་གྱི་ལིང་ཏོག་གིས་ཡང་དག་པའི་བློའི་མིག་ཁེབས་པས། རྒྱུ་མ་འགགས་པ་ལས་སྐྱེའོ་སྙམ་དུ་གདོན་མི་ཟ་བར་སེམས་ཏེ། དེ་ལྟར་ནི་དབྱེ་


DTG107_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་ནུས་སོ། །འདི་ལྟར་སྐད་ཅིག་དང་པོ་ལ་ནུས་པ་ཐམས་ཅད་མ་ཉམས་པ་རྒྱུ་མཐུ་ཆེ་བའི་ཚེ་ནི་འབྲས་བུ་མི་སྐྱེའོ། །སྐད་ཅིག་གཉིས་པ་སྟེ། གང་གི་ཚེ་འབྲས་བུ་སྒྲུབ་པར་ནུས་པའི་མཐུའི་བྱེ་བྲག་ཐམས་ཅད་མེད་པར་གྱུར་པ་དེའི་ཚེ། འབྲས་བུ་སྐྱེ་བར་ཇི་ལྟར་འགྱུར། །དེ་ལྟ་བས་ན་སྨྲ་ཅི་དགོས་ཏེ་དེ་ནི་གཞག་གོ །དེ་དག་རྣམ་པར་རྟོགས་བྱེད་པ། །ཞེས་བྱ་བ་ལ་སོགས་པ་ནི་དོན་གསལ་ལོ། །གལ་ཏེ་འདི་ཡོད་ན་འདི་འབྱུང་ཞེས་བྱ་བ་ནི་ལུང་དང་འཇིག་རྟེན་ན་ཡང་ཡོད་ལ། ས་བོན་ལ་སོགས་པ་རྒྱུ་དང་འབྲས་བུའི་དངོས་པོ་འདི་ཡང་འདི་ཙམ་གྱི་རྒྱུ་རྐྱེན་ཡིན་པས་དེའི་ཕྱིར་འདི་དོན་དམ་པར་ཡོད་དོ་ཞེ་ན། འདི་ཡོད་འདི་ཞེས་བྱ་བ་དང༌། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་འདི་ཡོད་ན་འདི་འབྱུང་ཞེས་བྱ་བ་འདི་འཇིག་རྟེན་དང་གྲུབ་པའི་མཐའ་ལ་ཡང་ཡོད་དེ། དེ་ནི་ཚིག་ཙམ་གྱིས་མ་ཡིན་ཏེ་ཚད་མས་ཡིན་ན། སྔར་བཤད་པ་ཡི་རྣམ་པ་ཡིས། །ཚད་མའང་ཁྱོད་ལ་ཡོད་མ་ཡིན། སྔར་བཤད་པ་ཡི་རྣམ་པ་ནི། །རྣམ་པ་མེད་པའི་ཤེས་པ་ནི། །ཡུལ་ལ་འཛིན་པར་མི་རིགས་སོ། །ཞེས་བྱ་བ་ལ་སོགས་པ་དང༌། དུ་མས་དངོས་པོ་གཅིག་མི་བྱེད། །ཅེས་བྱ་བ་ལ་སོགས་པའོ། །དེ་ལྟ་བས་ན་ངེད་ཀྱི་སྟེ། །ཁོ་བོ་ཅག་གི་རྐྱེན་ཉིད་འདི་པ་ཙམ། གསུང་རབ་དང་འཇིག་རྟེན་ན་ཡོད་པ་ནི། ཇི་ལྟར་སྣང་བ་ཁོ་ནར་ཟད་དོ། །ཅིའི་ཕྱིར་སྙམ་པ་ལ། འདི་ལྟར་འདི་ལ་དངོས་བསམས་ན། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བརྒྱ་ཞིག་ལ་ང་ཡང་ཇི་ལྟར་སྣང་བ་འདི་ཁོ་ན་འདོད་དོ་ཞེས་སྨྲ་བར་འགྱུར་བས། ངེད་ཀྱང་དེ་ལྟར་འདོད་ཅེ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་བག་མེད་པས་འཁྲུལ་པའི་ཕྱིར་རྐྱེན་འདི་ཙམ་རྗོད་པ་ལ་ཉེས་པ་ཅི་ཡང་མེད་དོ་ཞེ་ན། ཡང་དང་ཡང་དུ་ཞེས་བྱ་བ་སྨོས་ཏེ། མཁས་པ་ནི་ནམ་ཡང་ཡང་དང་ཡང་དུ་འཁྲུལ་པར་མི་འགྱུར་རོ། །གལ་ཏེ་ཚད་མས་གྲུབ་པའི་ཕྱིར་རོ་ཞེ་ན། དེ་གྲུབ་བྱ་ལ་ཚད་མ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་ཚིག་ཙམ་གྱིས་གྲུབ་པོ་ཞེ་ན། ཐམས་ཅད་འགྲུབ་པར་ཐལ་འགྱུར་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །བརྗོད་པར་འདོད་པའི་གཞན་དབང་ཕྱིར། །སྒྲ་རྣམས་གང་ལ་ཡོད་མ་ཡིན། །དེ་ཡོད་པས་ནི་དོན་འགྲུབ་ན། །ཐམས་ཅད་ཀྱི་ནི་ཐམས་ཅད་འགྲུབ། །ཅེས་འབྱུང་བའི་ཕྱིར་ཐམས་ཅད་འགྲུབ་པར་ཐལ་བ་ཡིན་ནོ། །


DTG107_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་བུའི་རྐྱེན་འདི་པ་ཉིད་ཙམ་འདི་ཡང་དག་པར་ཡོད་དོ་ཞེས་རྗོད་པར་བྱེད་ཅིང་བདག་ཉིད་སྟོད་པར་བྱེད་པ་ནི། ཀྱེ་མའོ་བློ་ནི་ཤིན་ཏུ་ཞིབ། །འདིས་ནི་བླུན་པ་ཉིད་དུ་བརྗོད་ཅིང་བཞད་གང་དུ་བྱེད་དོ། །ཁྱོད་ཀྱིས་ཀུན་རྫོབ་ཀྱི་བདེན་པའི་བྱེ་བྲག་ནི་བརྗོད་ལ། གང་གིས་ན་དེས་དེ་ན་པ་ཡིན་པ་ཀུན་རྫོབ་དེ་ཉིད་ནི་མ་བཤད་དོ་སྙམ་པ་ལ། ཇི་སྟེ་ཀུན་རྫོབ་ཀྱི་ཞེས་བྱ་བ་འདི་ཅི་ཞིག་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ཞིག་གིས་སྒྲིབ་ཅེས་བྱ་བ་འདིས་ནི་བྱེད་པ་སྒྲུབ་པའོ། །གང་ཞིག་ལ་ཞེས་བྱ་བ་འདིས་ནི་གཞི་སྒྲུབ་པའོ། །བཞེད་ཅེས་བྱ་བ་ནི་བཅོམ་ལྡན་འདས་བཞེད་ཅེས་བྱ་བའི་ཐ་ཚིག་གོ །འདི་ཉིད་ལུང་དང་བསྟན་པའི་ཕྱིར། །མདོ་ལས་ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྐྱེ་བ་ཀུན་རྫོབ་ཏུ་ཞེས་བྱ་བ་ནི་ཇི་ལྟར་སྣང་བཞིན་སྐྱེའོ་ཞེས་བྱ་བའི་ཐ་ཚིག་གོ །དམ་པའི་དོན་གྱི་ཚུལ་དུ་དཔྱད་ན། རང་བཞིན་མེད་པ་རྣམས་ལ་སྐྱེའོ་ཞེས་འཁྲུལ་པ་གང་ཡིན་པ་དེ་ནི་ཡང་དག་ཀུན་རྫོབ་འདོད་དེ་ནི་བདེན་ཏེ་འཁྲུལ་པ་ཡིན་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །ཀུན་རྫོབ་དེས་ན་སྣ་ཚོགས་འདི་ཀུན་ཐམས་ཅད་བདེན་པ་ཡིན་གྱི། དམ་པའི་དོན་རིགས་པས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འདི་ཡང་ལུང་དང་སྦྱར་བའི་ཕྱིར། མདོ་ལས་ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་སྟེ་ཀུན་རྫོབ་ཅེས་བྱ་བ་འདི་ཅི་ཡིན་ཞེ་ན་ཞེས་དྲིས་པ་དང་དབུ་མ་པས་ཀུན་རྫོབ་ནི་དངོས་པོ་མེད་པ་ཡིན་ནོ་ཞེས་བཤད་ཅེས་གྲགས་པ་དེ་ལ། བཙུན་པ་ལྷ་དབང་བློས་སུན་འབྱིན་པ་སྨྲས་པ་དང༌། ཀུན་རྫོབ་དངོས་པོ་མེད་ཡིན་ན། །གལ་ཏེ་ཀུན་རྫོབ་ཅེས་བྱ་བའི་སྒྲ་དངོས་པོ་མེད་པར་བརྗོད་པར་འགྱུར་ན་ཞེས་བྱ་བའི་ཐ་ཚིག་གོ །སྐྱེ་བ་དངོས་པོའི་རྣམ་གྲངས་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཕྱིར་དེ་ལྟ་བས་ན་དེ་ལ་དངོས་པོ་གཟུགས་ལ་སོགས་པ་གཅིག་པོ་དེ་ལ་དེའི་ཚེ། །ནུས་དང་མི་ནུས་ཅིག་ཅར་འགྱུར། །ཞེས་བྱ་བར་བསྙེགས་སོ། །གང་གི་ཕྱིར་གཟུགས་ལ་སོགས་པའི་དངོས་པོ་འདི་ཀུན་རྫོབ་ཀྱི་ངོ་བོ་ཉིད་ཡིན་པ་དེའི་ཕྱིར་དོན་བྱ་བར་མི་ནུས་ཏེ་མི་རུང་བ་ཡིན་ནོ། །གང་གི་ཕྱིར་སྐྱེ་བའི་ངོ་བོ་ཉིད་ཡིན་པ་དེའི་ཕྱིར་དོན་བྱེད་ནུས་ཏེ་བསྒྲུབ་པར་ནུས་པའོ། །དེ་ལྟ་བས་ན་གཅིག་ལ་ཕན་ཚུན་འགལ་བའི་ངོ་བོ་ཉིད་གཉིས་ཇི་ལྟར་རུང༌། ཇི་སྟེ་ཀུན་རྫོབ་ནི་སྐྱེ་བའི་རྣམ་གྲངས་ཡིན་ནོ་ཞེས་སྨྲ་ན། དེའི་ཕྱིར་སྨྲས་པ། གལ་


DTG107_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཀུན་རྫོབ་སྐྱེ་བ་ཡིན་ན། དེའི་ཚེ་ལྟ་བ་འདི་ལ་ནི། ཀུན་རྫོབ་ཏུ་སྐྱེ་བཞེས་བྱ་བ་མཁས་པ་རྣམས་ཀྱི་ཚིག་འདིའི་དོན་ནི། སྐྱེ་བ་སྐྱེ་ཞེས་བྱ་བར་འགྱུར་བས་མཚར་ཏོ། །དེ་ལྟར་བས་ན་བརྗོད་པ་དེ་ལྟ་བུ་ནི་འབྲེལ་པ་མ་ཡིན་ནོ་ཞེས་ཕྱས་སུ་བྱ་བའོ། །འདི་ནི་འབྲེལ་པ་མེད་པ་གཞན་ཡིན་ཏེ། འདིའི་སྐྱེ་བ་ཀུན་རྫོབ་སྟེ་དོན་དམ་པ་ནི་མ་སྐྱེས་ན་ཞེས་བྱ་བ་ལ་སོགས་པ་འདི་སྨོས་ཏེ། དོན་དམ་པ་ནི་ཀུན་རྫོབ་ལས་བཟློག་པ་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །དེ་ལྟ་ཡིན་ན་དངོས་པོ་རྣམས་དོན་དམ་པར་མ་སྐྱེས་པའོ་ཞེས་བྱ་བ་ལ་འདི་སྐད་དུ། སྐྱེ་བ་མེད་པས་དངོས་པོ་རྣམས་མ་སྐྱེས་པར་བཤད་པར་འགྱུར་རོ། །དེ་ལྟ་བས་ན་རྒོལ་བ་དེ་སྐད་དུ། སྨྲ་ན་གྲུབ་པ་སྒྲུབ་པ་ཉིད་སྨྲ་བར་འགྱུར་ཏེ། འདི་ལྟར་དངོས་པོ་རྣམས་སྐྱེ་བ་མེད་པས་མ་སྐྱེས་སོ་ཞེས་བྱ་བ་དེ་ནི་ཐམས་ཅད་ལ་གྲུབ་པ་ཁོ་ན་སྟེ། དེའི་ཕྱིར་དམ་བཅས་པ་གྲུབ་པ་སྒྲུབ་པ་ཉིད་ཀྱི་ཉེས་པ་ཡིན་ནོ། །དེ་ལྟ་ཡིན་ན་རྒོལ་བས་རྐྱེན་ལ་རག་ལས་ཏེ། སྐྱེ་བ་ཉིད་ཀྱི་གཏན་ཚིགས་འདིས་གང་གིས་ན་འདི་སྒྲུབ་པ་ཡིན་པར་འགྱུར་བ། མི་འདོད་ཅི་ཞིག་བསྒྲུབས་པར་འགྱུར། །རིགས་པའི་རྗེས་སུ་འབྲངས་ནས་འདིས། །གནས་པ་ལ་སོགས་དེ་བཞིན་བརྗོད། །གནས་པ་དང་བརྒལ་བ་དང་མི་རྟག་པ་ཉིད་ལ་སོགས་པ་ལ་ཡང་དེ་བཞིན་བརྗོད་དེ། འདི་ལྟར་ཀུན་རྫོབ་དངོས་པོ་མེད་ཡིན་ན། །གནས་སོགས་དངོས་པོ་ཡིན་པའི་ཕྱིར། །དེ་ཚེ་དངོས་པོ་གཅིག་དེ་ལ། །ནུས་དང་མི་ནུས་ཅིག་ཅར་འགྱུར། །གལ་ཏེ་ཀུན་རྫོབ་གནས་སོགས་ཡིན། །ཞེས་བྱ་བ་ལ་སོགས་པའོ། །དེ་ལ་སོགས་པ་ཞེས་སྨོས་པ་ནི་སློབ་དཔོན་ཆོས་སྐྱོང་གིས་ཇི་སྟེ་ཀུན་རྫོབ་ཅེས་བྱ་བ་འདི་ཅི་ཞིག་ཡིན། མི་བདེན་པའི་རྣམ་གྲངས་ཡིན་ནམ་ཞེས་བྱ་བ་ལ་སོགས་པ་སྨྲས་པའམ། གཞན་འགའ་ཞིག་གིས་ཀུན་རྫོབ་ཀྱི་བདེན་པ་ལས་བརྩམས་ནས་སྨྲས་པ། གང་ཡིན་པ་བསྡུས་ཏེ་སྐབས་དང་མི་ལྡན་པའི་ཕྱིར། མ་འབྲེལ་ལ། འདི་སྐད་ཀྱི་བྱིངས་དང་ཉེ་བར་བསྒྱུར་བ་དང༌། རྐྱེན་རྣམས་ཀྱི་དོན་མ་ཡིན་པའི་ཕྱིར་སྒྲའི་དོན་མ་ཡིན་ནོ། །ཀུན་རྫོབ་མཚན་འདི་ལས་ཞེས་བྱ་ནི་གང་གིས་ཡང་དག་པའི་སྒྲིབ་པར་བྱེད་ཅེས་བྱ་བ་ལ་སོགས་པ་ལས་སོ། །ཉམས་པ་ནི་བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ །དེ་བས་ན་འདིས་ནི་རྒོལ་བ་དག་བསལ་བར་བྱ་བ་ལ་ཁོ་བོ་ཅག་འབད་པ་མི་བྱེད་དོ་ཞེས་


DTG107_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

རྗོད་པར་བྱེད་དོ། །སློབ་དཔོན་ཆོས་སྐྱོང་གིས་དངོས་པོ་གཅིག་ལ་ཅིག་ཅར་བདེན་པར་ཡང་འགྱུར། མི་བདེན་པར་ཡང་འགྱུར་ཞེས་འགལ་བ་སྨྲས་པ་ཡོངས་སུ་སྤང་བའི་ཕྱིར་བཤད་པ། དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པའི་རིགས་པས་བརྟགས་ན་ནི། བདེན་པ་མ་ཡིན་ཏེ། དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པས་མི་རུང་བའི་ཕྱིར་རོ། །དངོས་པོ་དེ་གཞན་དུ་ན་བདེན་པ་ཡིན་ཏེ། ཇི་ལྟར་སྣང་བ་བཞིན་དུ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་ནི་རིགས་པ་ལས་གཞན་པ་ནི་དེ་གཞན་དུ་ན་སྟེ། དེས་ན་ཇི་ལྟར་སྣང་བ་དང་རིགས་པའི་སྟོབས་ཀྱིས་བརྗོད་པ་ན་དངོས་པོ་གཅིག་ལ་བདེན་པ་ཉིད་དང་མི་བདེན་པ་ཉིད་ཇི་ལྟར་འགལ་ཏེ། མི་འགལ་བ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། ལྟོས་པའི་བྱེ་བྲག་གིས་ཞེས་སྙམ་དུ་བསམས་པའོ། །སློབ་དཔོན་ལྷ་དབང་བློས་འགལ་བ་སྨྲས་པ་ཡོངས་སུ་སྤང་བའི་ཕྱིར། རིགས་པས་བརྟགས་ན་དངོས་མ་ཡིན། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་དབུ་མ་པ་རྣམས་ཀྱི་དམ་བཅས་པ་ཇི་ལྟར་བུར་རྣམ་པར་གནས་པ་དེ་བསྙད་པའི་ཕྱིར། དེ་ལྟ་ཡིན་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་ཕ་རོལ་པོ་རྣམས་ཀྱིས་ནི་དངོས་པོ་རྣམས་དོན་དམ་པར་སྐྱེས་སོ་ཞེས་སྨྲས་ལ། དབུ་མ་བས་ནི་དངོས་པོ་རྣམས་དོན་དམ་པར་སྐྱེས་སོ་ཞེས་གང་སྨྲས་པ་དེ་མ་ཡིན་ནོ་ཞེས་དགག་པ་ཙམ་བྱེད་པར་ཟད་དོ་ཞེས་བཤད་པ་ཡིན་ནོ། །ཚིག་དོན་འདི་ནི་རིགས་པ་ཡི། །རྗེས་སུ་འབྲངས་ནས་སྐྱེ་བ་མེད། །ཅེས་བྱ་བ་ནི་དེ་ཉིད་སྟོན་པར་བྱེད་པ་ཡིན་ཏེ། ཚིག་འདིའི་དོན་ནི་དོན་དམ་པར་མ་སྐྱེས་པའོ་ཞེས་བྱ་བ་ཡིན་ནོ། །གཞན་ལའང་དེ་བཞིན་སྦྱར་བར་གྱིས། །ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླའོ། །ཕ་རོལ་པོ་དངོས་པོར་སྨྲ་བ་རྣམས་ཀྱིས་སྐྱེ་བ་ལ་སོགས་པ་འདོད་པ་ཞེས་བྱ་བར་སྦྱར་ཏེ། སོགས་པ་སྨོས་པ་ནི་གནས་པ་ལ་སོགས་པ་གཟུང་ངོ༌། །ཇི་ལྟ་བུ་ཞིག་སྙམ་པ་ལ་བཤད་པ། རིགས་ལམ་བརྟེན་པ་ཅན། །ཞེས་བྱ་བ་སྨོས་སོ། །གང་དག་གི་སྙམ་པ་ལ་དངོས་པོ་རྣམས་ཀྱི་ཞེས་བྱ་བ་སྨོས་ཏེ། གཟུགས་ལ་སོགས་པ་རིག་པའི་ལམ་ལ་བརྟེན་པ་ཉིད་ཀྱི་ངོ་བོ་དེ་ཁོ་ན་རང་བཞིན་མེད་པ་ཉིད་དུ་མཐོང་བའི་ཕྱིར་རོ། །འགོག་པར་བྱེད་ན་དེ་བས་དེ་ལྟ་ན་རང་བཞིན་མེད་པ་ཉིད་དུ་ལྟ་བ་ལ། ཅི་ཞིག་གནོད་དེ་ཅི་ཞིག་གནོད། །ཅེས་བྱ་


DTG107_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚིག་འདིས་ནི་གཞན་དག་གིས་དམ་བཅས་པ་ལ། མངོན་སུམ་དང༌། རྗེས་སུ་དཔག་པ་དང༌། རང་གི་ཚིག་དང་གྲངས་པ་དང་ལུང་དང་འགལ་བའི་གནོད་པ་ཡོད་དོ་ཞེས་བརྗོད་པ་གང་ཡིན་པ་དེ་མི་སྲིད་དོ་ཞེས་སྟོན་པར་བྱེད་དོ། འདི་ལྟར་སྐྱེ་བ་ལ་སོགས་པ་ཇི་ལྟར་སྣང་བ་བཞིན་རྣམ་པར་གནས་པ་དེ་དག་ནི་གང་གི་ཕྱིར་མངོན་སུམ་ལ་སོགས་པ་དང་འགལ་བར་འགྱུར་བ་དེ་ལྟར་ནི་མི་འགོག་གི །རིགས་པ་ཇི་ལྟ་བ་བཞིན་དུ་འགོག་སྟེ། ཇི་ལྟར་གཞན་དག་གིས་སྐྱེ་བ་ལ་སོགས་པར་ཡོངས་སུ་བརྟགས་པ་དག་འཇུག་པ་དེ་དག་ཀྱང་དེ་ལྟར་ནི་མངོན་སུམ་མ་ཡིན་ཏེ། དེ་ལྟ་བས་ན་དེ་དང་ག་ལ་འགལ། དོན་དམ་པར་སྐྱེའོ་ཞེས་བྱ་བ་དེ་ལ་རིགས་པ་སྨྲ་བ་རྣམས་ཀྱིས་གཞན་དག་གིས་དོན་དམ་པ་ཞེས་བྱ་བའི་སྒྲའི་དོན་ཇི་ལྟ་བུར་ཡོངས་སུ་བརྟགས་པ་དེ་ལ་བརྟེན་ནས་འགོག་པར་བྱེད་དེ། དེ་ལྟ་ཡིན་ན་སློབ་དཔོན་ཆོས་སྐྱོང་གིས་དམ་པར་མ་སྐྱེས་ཞེས་བྱ་བ་འདི་ལ། དོན་དམ་པ་ཞེས་བྱ་བའི་སྒྲའི་དོན་ཅི་ཡིན་ཞེས་བྱ་བ་ལ་སོགས་པས་གནོད་པ་སྨྲས་པ་གང་ཡིན་པ་དེ་འདི་ལ་མི་སྲིད་དོ་སྙམ་ནས། ཅི་ཞིག་གནོད་ཅེས་བྱ་བ་སྨོས་ཏེ། འདི་ལྟར་དོན་དམ་པར་སྐྱེའོ་ཞེས་བྱ་བ་འདི་ལ། དོན་དམ་པ་ཞེས་བྱ་བའི་སྒྲའི་དོན་འཇིག་རྟེན་གྱི་རྣམ་པར་འཇོག་པ་གང་ཡིན་པ་དེ་ཉིད་རིགས་པ་སྨྲ་བས་འགོག་པར་བྱེད་དོ། །དེ་ནི་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་མདོའི་ཚིག་འོག་ནས་འབྱུང་བ་བཤད་པར་བཞེད་ནས། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་དོན་དམ་པ་དང་མཐུན་པའི་ཕྱིར། ཀུན་རྫོབ་ཉིད་དོན་དམ་པའི་སྒྲར་བརྗོད་པ་དེ་ཉིད་ཀྱི་ཕྱིར། ཀུན་རྫོབ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་ཉིད་ནི་ངོ་བོ་ཉིད་དོ། ཅིའི་ཕྱིར་ཀུན་རྫོབ་དང་དོན་དམ་པ་གཉིས་ཐ་མི་དད་སྙམ་པ་ལ། རིགས་དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ཡིན་ན་ནི་རིགས་པ་ཡང་ཀུན་རྫོབ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཇི་ལྟར་སྣང་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཅིའི་ཕྱིར་སྙམ་པ་ལ། རིགས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་ཕྱིར་རིག་པ་གཞན་དུ་མི་འཇུག་གོ་སྙམ་པ་ལ། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་རྣམ་པར་འགྲོལ་པར་བྱེད་དོ། །རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བ་འབྱུང་གི་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་ཞེ་ན་རྒོལ་བ་དང་ཕྱིར་རྒོལ་བ་དག་གི་སྣང་བའི་ཆོས་སོ། །


DTG107_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ང་ལ་ཞེ་ན། བློའི་བདག་ཉིད་ལའོ། །ཇི་ལྟ་བུར་ཞེ་ན། ཆོས་ཅན་དང༌། ཆོས་དང༌། དཔེ་ཉིད་དུ་རྣམ་པར་གཞག་པར་རོ། །གཞན་ན་ནི་འབྱུང་བ་མ་ཡིན་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། རྗེས་སུ་དཔག་པ་འབྱུང་བ་མི་རུང་བའི་ཕྱིར་རོ། །ཇི་ལྟ་ཞེ་ན། གཉིས་ཀ་ལ་མ་གྲུབ་པ་ཉིད་ཀྱིས་སོ། །གང་དག་ཅེ་ན། ཆོས་ཅན་དང་ཆོས་ལ་སོགས་པའོ། །སོགས་པ་སྨོས་པས་ནི་དཔེ་ཉེ་བར་བསྡུ་པའོ། །ཅིའི་ཕྱིར་གཉི་ག་ལ་མ་གྲུབ་པ་ཉིད་ཡིན་ཞེ་ན། བཤད་པ་ཆོས་དང་ཆོས་ཅན་དང་དཔེ་གང་ལ་ཡང་བློ་མཚུངས་པ་ཉིད་མེད་པའི་ཕྱིར་རོ། །གང་དག་གི་ཞེ་ན། གཞུང་ལུགས་ཐ་དད་པ་གནས་པ་རྣམས་ཀྱིའོ། །གཞུང་ལུགས་ནི་གྲུབ་པའི་མཐའོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེ་ཉིད་ཀྱི་ཕྱིར་བློ་ལ་སྣང་བའི་ཆོས་ཅན་དེ་ལྟ་བུ་ལ་གནས་ཏེ། དངོས་པོ་སེམས་པར་བྱེད་པ་རྣམས་ནི་བློ་ལ་སྣང་བའི་གཏན་ཚིགས་ལ་སོགས་པ་དེ་ལྟ་བུ་ཁོ་ནས་ཅི་བློ་ལ་སྣང་བ་འདི་ཡང་དག་པར་ཡོད་དམ་མེད། དངོས་པོ་ལ་བརྟེན་པ་ཞིག་གམ་འོན་ཏེ་མ་ཡིན་ཞེས་སེམས་པར་བྱེད་པར་ཁས་བླང་བར་བྱའོ། །སོགས་པ་ཞེས་སྨོས་པས་ནི་དཔེ་ཉེ་བར་གཟུང་ངོ༌། །རིགས་པ་སྨྲ་བ་ནི་དབུ་མ་པའམ། དངོས་པོ་སྨྲ་བའོ། །བློ་ལ་སྣང་བའི་ཆ་མ་བརྟགས་ན་ཉམས་དགའ་བས། གཞན་གྱི་སྐྱེ་བ་ལ་སོགས་པར་ཡོངས་སུ་བརྟགས་པ་འགོག་པ་ལྷུར་ལེན་པའི་རྗེས་སུ་དཔག་པ་འབྱུང་བར་བྱེད་ན། ཀུ་ཞིག་འགོག་པར་འགྱུར་ཏེ། སྤོང་བར་བྱེད་པ་སུ་ཞིག་ཅེས་བྱ་བ་སུ་ཡང་མི་འགོག་གོ་ཞེས་སྟོན་ཏོ། །དངོས་པོ་འདི་ནི་མཚུངས་པ་ཉིད་དུ་གྲུབ་པར་རྒྱ་ཆེར་གཏན་ལ་ཕབ་བས་མངས་སུ་དོགས་པས། འདིར་ནི་འདི་རྒྱ་མ་བསྐྱེད་དོ། །གང་གི་ཕྱིར་དེ་ལྟར་རིགས་པ་དེ་ཡང་ཇི་ལྟར་སྣང་བ་བཞིན་དུ་ཀུན་ཏུ་གནས་པ་དེ་ཉིད་ཀྱི་ཕྱིར་མདོ་ལས། འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་ལ། དོན་དམ་པ་ཡང་གཞན་པ་ནི་མ་ཡིན་ཞེས་བྱ་བ་གསུངས་ཏེ་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་དེ་གཉིས་གཞན་མ་ཡིན་ཞེ་ན། འདི་ལྟར་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་གང་ཡིན་པ་ཇི་ལྟར་སྣང་བའི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་སྟེ། དེ་ཉིད་དོན་དམ་པའི་དེ་བཞིན་ཉིད་ཀྱང་ཡིན་ཏེ། རིགས་པ་ཡང་ཇི་ལྟར་སྣང་བ་བཞིན་ཀུན་རྫོབ་ཏུ་གནས་པའི་ཕྱིར་རོ། །རེ་ཞིག་དེ་ལྟར་མདོའི་


DTG107_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཚུལ་གསུམ་པའི་རྟགས་ཀྱི་མཚན་ཉིད་ཀྱི་རིག་པ་དོན་དམ་པ་ཡིན་པར་བཤད་པ་ཡིན་ནོ། །རྣམ་པ་གཞན་ཡང་བཤད་པ། ཡང་ན་སྐྱེ་བ་ལ་སོགས་པ་བཀག་པ་ཡང་ཞེས་བྱ་བ་ལ། ཡང་ཞེས་བྱ་བའི་སྒྲ་ནི་རིགས་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཞེས་བྱ་བ་ཡིན་ནོ། །འགའ་ཞིག་གིས་ཞེས་བྱ་བ་ནི་དོན་དམ་པར་སྤྲོས་པ་ཐམས་ཅད་བྲལ་བ་དང་མཐུན་པའི་ཕྱིར་རིགས་པ་སྨྲ་བ་རྣམས་ཀྱིས་དོན་དམ་པ་ཉིད་དུ་འདོད་པའོ། །གཞན་དག་གིས་ནི་སྐྱེ་བ་མེད་པ་ལ་སོགས་པ་འགོག་པ་ཡང་དག་པ་ཁོ་ནར་དོན་དམ་པ་ཉིད་དུ་འདོད་ཅེས་བྱ་བར་སྦྱར་ཏེ། རྣལ་འབྱོར་སྤྱོད་པ་པ་རྣམས་ཀྱི་ལྟར་ན་དངོས་སུ་སྟོང་པ་ཉིད་ཡང་དག་པ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་དེ་ལྟ་བུའི་དོན་དམ་པ་ལ་བརྟེན་ན་ཡང་སྟེ། མདོའི་ཚིག་འདི་འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་ལ། དོན་དམ་པ་ཡང་གཞན་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལེགས་པར་དྲངས་ཏེ། ལེགས་པར་གོ་བར་བྱས་པ་ཡིན་ཏེ། དེ་ལ་ནི་སྐྱེ་བ་ལ་སོགས་པ་བཀག་པ་ཡང་ཀུན་རྫོབ་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །འདི་ནི་སྔར་ཡང༌། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་བསྒྲུབས་ཟིན་ཏོ། །དངོས་པོ་དེ་ཉིད་སློབ་དཔོན་ཀླུ་སྒྲུབ་ཀྱིས་བཤད་པ། གཞན་རྣལ་འབྱོར་སྤྱོད་པའི་དོན་དམ་པར་བྱས་པ་རྣམ་པར་གཞག་པ་སྐྱེ་བ་ལ་སོགས་པ་བཀག་པ་གང་ཡིན་པ་དེ་ནི། གཞན་གྱི་ཞེས་བྱ་བ་དབུ་མ་པའི་ཀུན་རྫོབ་ཡིན་ནོ། །གལ་ཏེ་ཇི་ལྟར་གཅིག་ཁོ་ན་གཅིག་གི་དོན་དམ་པ་ཡིན་ལ། གཞན་གྱི་ནི་ཀུན་རྫོབ་ཡིན་ཞེ་ན། ལྟོས་པའི་བྱེ་བྲག་གིས་དེ་ནི་ཉེས་པ་མེད་དེ། འདི་ལྟར་བུད་མེད་གཅིག་ཁོ་ན་གཞན་དེའི་བུའི་ནི་མ་ཡིན་ལ། མ་དེ་ཉིད་གཞན་གྱི་ཆུང་མ་ཡང་ཡིན་པ་བཞིན་ནོ། །ཡང་ཞེས་བྱ་བའི་སྒྲ་ནི་རིམ་པ་གཞན་དུ་སྦྱར་པའོ། །ཁ་ཅིག་རྒྱུ་དང་འབྲས་བུའི་དངོས་པོ་དོན་དམ་པ་རྟོགས་པར་བྱེད་པའི་ཚད་མ་འགོག་པ་དང༌། ཡང་དག་པའི་སྐྱེ་བ་འགོག་པའི་རིགས་པ་གང་ཡིན་པ་འདི་ནི། ཀུན་རྫོབ་པའི་སྐྱེ་བ་དང་དེ་རྟོགས་པར་བྱེད་པའི་ཚད་མ་ཇི་ལྟར་སྣང་བ་བཞིན་གནས་པ་ལ་ཡང་མཚུངས་ཏེ་གཏན་ཚིགས་ཀྱི་ཡུལ་ནི་སྐྱེས་བུའི་འདོད་པའི་དབང་གིས་བྱེ་བྲག་ཏུ་དབྱེ་བ་མ་ཡིན་ཏེ། ཁྱབ་པ་ནི་ཐམས་ཅད་ཉེ་བར་བསྡུས་ནས་ཉེ་བར་སྟོན་པའི་ཕྱིར་རོ་སྙམ་དུ་སེམས་ཏེ་དེའི་


DTG107_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འདོད་པ་དེའི་དོགས་པ་བསུ་བར་བྱེད་དེ། ཀུན་རྫོབ་ཏུ་ཡང་མི་སྐྱེ་དང༌། ཡང་ཞེས་བྱ་བའི་སྒྲ་ནི་དོན་དམ་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཞེས་བྱ་བའོ། །མི་སྐྱེ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཡིན་ཏེ། དེ་རྟོགས་པར་བྱེད་པའི་ཚད་མ་ཞེས་བྱ་བར་ཡང་ཤེས་པར་བྱའོ། །ཡང་ན་དང་ཞེས་བྱ་བའི་སྒྲ་མི་སྐྱེ་དང་ཞེས་བྱ་བ་རིམ་པ་གཞན་དུ་སྦྱར་ཏེ། དང་ཞེས་བྱ་བའི་སྒྲས་ནི་དེ་རྟོགས་པར་བྱེད་པའི་ཚད་མ་ཡང་ཞེས་བྱའོ། །རིགས་པའི་སྟོབས་ཀྱིས་ན་ཞེས་བྱ་བ་ནི། དུ་མས་དངོས་པོ་གཅིག་མི་བྱེད། །ཅེས་བྱ་བ་ལ་སོགས་པ་སྨོས་པས་སོ། །འདི་བཤད་པ། ཇི་སྟེ་དངོས་པོར་སྨྲ་བ་རྣམས། །ཀུན་རྫོབ་ལ་ཡང་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །སྣང་བ་དང་ལྡན་པ་ནི་རྣམ་པ་དང་བཅས་པའོ། །ཅིག་ཤོས་ཀྱིས་ཞེས་བྱ་བ་ནི་ཤེས་པ་རྣམ་པ་མེད་པས་སོ། །ཡོངས་སུ་གཅོད་པ་མི་རུང་བའི་ཕྱིར། རྒྱུ་དང་འབྲས་བུར་འདོད་པ་མེ་དང་དུ་བ་ལ་སོགས་པ་འཛིན་པར་མི་འཐད་པའི་རྒྱུས་རྒྱུ་དང་འབྲས་བུ་ཉིད་ངེས་པ་མེད་པ་ཁོ་ན་སྟེ་མི་རུང་ངོ་ཞེས་བྱ་བ་ནི་ལྷག་མའོ། །སྔ་མ་བཞིན་དུ་ཞེས་བྱ་བ་ནི། གོང་དུ་དངོས་པོར་སྨྲ་བ་རྣམས་ལ་རྣམ་པ་མེད་པའི་ཤེས་པ་ནི། ཡུལ་ལ་འཛིན་པར་མི་རིགས་སོ། །རྣམ་པ་ཚད་མ་མིན་ཕྱིར་དང༌། །མི་རིགས་ཕྱིར་ན་ཅིག་ཤོས་མིན། །ཞེས་ཇི་སྐད་བསྟན་པ་ལྟ་བུའོ། །དེ་ནི་རིགས་པ་མ་ཡིན་ནོ། །ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་ཉིད་དོ། །ཅིའི་ཕྱིར་ཞེ་ན། དུ་མས་དངོས་པོ་གཅིག་མི་བྱེད། །དུ་མས་དུ་མ་བྱེད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་གཏན་ཚིགས་སྔ་མ་ཁོ་ནའི་ཕྱིར་རོ། །འདིར་ལན་བཤད་པ། བློ་རྒྱ་ཆེན་པོའི་ནོར་ཅན་ཁྱོད་ཀྱིས་གང་སྨྲས་པ། དེ་བདེན་ཏེ། བརྟག་མི་བཟོད་པ་ཉིད་ཀྱི་རྒྱུ། །དེའི་ཕྱིར་ན་འདི་ནི་བཅོམ་ལྡན་འདས་ཐུགས་རྗེའི་རྒྱུ་ལས་བྱུང་བའི་རྡུལ་ཕྲ་རབ་ཀྱིས་བསྒྲུབས་པའི་སྐུ་ཅན་གྱིས། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་ལ་སོགས་པའི་མདོ་ལས། ཇི་ལྟར་སྣང་བཞིན་ཡིན་པར་གསུངས། །འདི་བཤད་པ་རྒྱུ་གང་གི་ཕྱིར། རིགས་པའི་མཐུས་རྒྱུ་དང་འབྲས་བུ་ཉིད་ལ་སོགས་པ་མི་རུང་བ། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་སྐྱེ་བ་ནི་ཇི་ལྟར་སྣང་བ་བཞིན་ཡིན་པར་གསུངས་སོ། །གཞན་ཡང་རུང་ཞེས་བྱ་བ་ནི། དེ་རྟོགས་པར་བྱེད་པའི་ཚད་མ་དང༌། གནས་པ་དང་རྒ་བ་དང་མི་རྟག་པ་ཉིད་ལ་སོགས་པའོ།།


DTG107_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་ངོ་བོ་ཉིད་སྐྱེ་བ་མེད་པའི་ཆོས་ཡིན་པས། སྐྱེ་བ་མེད་ཆོས་ཏེ། དེའི་ཆོས་དོན་དམ་པ་པའི་སྐྱེ་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །རྫོགས་པར་སངས་རྒྱས་པའི་གནས་སྐབས་ན་ཡང་དག་པའི་ཤེས་པས་སྒྲོ་བཏགས་པའི་རྣམ་པ་དང་བྲལ་བའི་ཕྱིར། དེ་ལྟར་ཆོས་མ་སྐྱེས་པ་ཡིན་གྱི། སྔ་མ་དེ་ལྟར་རང་བཞིན་ཡིན་པར་གྱུར་པ་ནི་མ་ཡིན་ནོ་སྙམ་དུ་དོགས་པ་བཟློག་པའི་ཕྱིར་བཤད་པ། རྟག་ཏུ་སྟེ་དུས་ཐམས་ཅད་དུའོ། །རྫོགས་པར་སངས་མ་རྒྱས་པའི་གནས་སྐབས་ན་ཡང་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལྟར། འདི་ལ་བསལ་བ་ཅི་ཡང་མེད། །གཞག་པར་བྱ་བ་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་འགྲོལ། །ཞེས་འབྱུང་ངོ༌། །ཆོས་རྣམས་ཀུན་ཀྱང་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ལས་གཞན་པ་རྣམས་སོ། །བདེ་བར་གཤེགས་པ་དང་འདྲ་ཞེས་བྱ་བ་ནི། མི་སྐྱེ་བའི་ཆོས་རྣམས་ཡིན་པས། དེ་དག་ཀྱང་སྐྱེ་བ་ཚད་མས་གནོད་པ་ཡིན་པའི་ཕྱིར། རང་བཞིན་འདི་ལས་མི་འདའོ། །འོ་ན་ནི་ཇི་ལྟར་སྐྱེ་བོ་དག་གཟུགས་ལ་སོགས་པ་དངོས་པོ་རྣམས་སྐྱེ་བ་དང་གནས་པ་དང་འཇིག་པ་ལ་རྟེན་ཏོ་ཞེས་ཐ་སྙད་དག་འཇུག་པར་བྱེད་སྙམ་པ་ལ། བཤད་པ། མཚན་མར་འཛིན་པའི་ཐོག་མ་མེད་པའི་དུས་ནས་འཇུག་པའི་ཕྱིན་ཅི་ལོག་གི་བག་ཆགས་ལས་བྱུང་བ་དངོས་པོར་མངོན་པར་ཞེན་པས། དངོས་པོའི་དེ་ཁོ་ན་བརྟག་པ་ལ་མི་གཟོ་བའི་ཕྱིར་མི་མཁས་པ་རྣམས་ནི་བྱིས་པ་དག་གོ །གང་དག་ལ་ཐོས་པའམ་བསམས་པའམ་བསྒོམས་པའི་རིམ་པས་བློ་སྐྱེས་པར་མ་གྱུར་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །མེད་པའི་ཆོས་ཏེ། སྐྱེ་བ་ལ་སོགས་པ་དང་ལྡན་པ་གཟུགས་ལ་སོགས་པ་མེད་པ་རྣམས་ལ་ཡང་དག་བར་མངོན་པར་ཞེན་པས་ཐ་སྙད་འདོགས་སོ། །ཇི་ལྟར་སྣང་བཞིན་ངོ་བོའི་ཕྱིར། །ཞེས་བྱ་བ་ནི། མ་བརྟགས་ན་ཉམས་དགའ་བ་ཡིན་པའི་ཕྱིར་རོ། །ཀུན་རྫོབ་འདི་ལ་དཔྱད་པ་སྟེ། །བརྟག་པ་མི་འཇུག་གོ །འདི་ལ་ཇི་སྐད་བཤད་པའི་དཔྱད་པ། ཅི་རྒྱུ་དང་འབྲས་བུའི་དངོས་པོ་ཀུན་རྫོབ་པ། ཤེས་པ་རྣམ་པ་དང་བཅས་པས་ཤེས་སམ་ཞེས་བྱ་བ་དང༌། དེ་བཞིན་དུ་འདི་ཇི་ལྟར་འདོད། ཅི་དུ་མས་གཅིག་བྱས་སམ། འོན་ཏེ་དུ་མ་བྱས་ཞེས་བྱ་བ་ལ་སོགས་པ་དེ་ནི་གནས་མེད་དེ་རྟེན་མེད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཇི་


DTG107_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་བཤད་པའི་རྣམ་བར་དཔྱོད་པར་བྱེད་པ་ཡིན་ན་ནི། གནོད་པ་དེ་ཚར་གཅད་པའི་གནས་སུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དོན་གཞན་དུ་སོང་བས་ཏེ། སྐབས་ཡིན་པའི་དོན་བོར་ན་རྩོད་པ་གཞན་ལ་བརྟེན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །འདི་རྣམ་པར་འགྲེལ་བར་བྱེད་དེ། དབུ་མ་པ་ཁོ་བོ་ཅག་ནི་ཀུན་རྫོབ་འདི་ལ་དཔྱོད་པ་སྔར་མ་བསྟན་གྱི། ཁྱེད་ཀྱིས་བྱེད་ན་འགོག་པར་བྱེད་དོ། །གལ་ཏེ་དཔྱད་པ་བྱས་ཏེ། དེ་དག་གི་དེ་མ་རུང་ན་མ་རུང་དུ་ཟད་དོ། །ཁོ་བོ་ཅག་ལ་ཅི་གནོད། འོན་ཀྱང་ཇི་ལྟར་སྣང་བའི་ངོ་བོའི་ཀུན་རྫོབ་ལ་སྔར་བརྟེན་ནས་ཏེ། ཁས་བླངས་ནས་ཕྱིས་ཀུན་རྫོབ་དེ་ལ་ཁྱོད་ཇི་སྐད་བཤད་པའི་དཔྱོད་པ་བྱེད་པ་ཡིན་ན་ནི་དོན་རྣལ་མ་ལས། དོན་གཞན་དུ་འགྲོ་བའི་ཕྱིར་གནོད་པ་སྟེ། ཕམ་པ་འབའ་ཞིག་ཏུ་འགྱུར་རོ། །དོན་རྣལ་མ་ལས་དོན་གཞན་ཞེས་བྱ་བ་ནི། མ་འབྲེལ་བའི་དོན་ཏེ། དེ་ཚར་གཅད་པའི་གནས་སུ་རྣམ་པར་གཞག་པ་ནི་རིག་པ་དང་ལྡན་པ་ཡིན་ནོ། །ཇི་སྟེ་ཇི་སྐད་བཤད་པའི་མཚན་ཉིད་མ་ཡིན་པ་ལ་ཞེས་བྱ་བ་ནི་ཇི་ལྟར་སྣང་བའི་ངོ་བོ་མ་ཡིན་གྱི། རིགས་པའི་རྗེས་སུ་འབྲང་བ་ཉིད་ཀྱིས་ཁས་བླངས་པའི་དོན་ཁོ་ན་ལ། གལ་ཏེ་ཀུན་རྫོབ་ཅེས་བྱ་བའི་མིང་དུ་འདོགས་ན་དེ་ལ་དེ་ལྟ་བུའི་ཉེས་པ་བརྗོད་ཀྱང་ཁོ་བོ་ཅག་ལ་གནོད་པ་ཅི་ཡང་མེད་དེ། དོན་གཞན་དུ་འགྲོ་བ་མེད་པའི་ཕྱིར་རོ། །དངོས་པོར་མངོན་པར་ཞེན་པ་ཆེན་པོའི་གཞན་གྱི་དབང་གི་བློ་ཅན་གཞན་དག་དོན་དམ་པའི་ཚུལ་ལ་རྣམ་པར་སྡང་ཞིང་ཀླན་ཀ་ཚོལ་བར་བྱེད་དེ། འོ་ན་གལ་ཏེ་དངོས་པོ་རྣམས་དོན་དམ་པར་མ་སྐྱེས་པ་ཁོ་ན་ཡིན་ན། དེའི་ཚེ་ཅིའི་ཕྱིར་ན་འདི་ལ་མེ་དང་ས་བོན་ལ་སོགས་པའི་རྒྱུ་འདི་ལས་དུ་བ་དང་མྱུ་གུ་ལ་སོགས་པའི་ངོ་བོ་དེར་སྔོན་མི་སྣང་བ་ལས་ངེས་པར་སྣང་ཞེས་བྱ་བ་འདི་སྨྲ་བར་བྱོས། ཀླན་ཀ་འདིའི་ལན་གློན་པར་བྱེད་དེ། ཁྱོད་དང་བ་ལང་རྫི་ལ་སོགས་པ་མངོན་པར་ཞེན་པ་ངན་པའི་དུག་ལ་སོགས་པས་མ་རུང་བར་བྱས་པའི་བློ་ཅན་རྣམས་ཀྱིས་ཇི་ལྟར་མཐོང་བ་འདི་འདྲ་སྟེ། འདི་ལྟ་བུ་དུ་བ་ལ་སོགས་པ་འདི་ནི་མེ་ལ་སོགས་པའི་རྒྱུ་འདི་ལས་སྣང་སྟེ། དེའི་ཕྱིར་འདི་ལ་ལྷག་པ་ཅི་ཞིག་སྨྲ་བར་བྱ། སྔོན་མ་བྱུང་བ་ཅི་ཡང་སྨྲར་མེད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལྟར་ཁྱོད་ལ་དུ་བ་ལ་སོགས་པ་ཆ་ཇི་ཙམ་སྣང་བ་དེ་ཙམ། ཁོ་བོ་ལ་ཡང་དེ་དག་ལ་ཆ་དེ་ཙམ་


DTG107_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ངོ༌། །ཁོ་བོས་ཁྱོད་ཀྱི་ངོ་མི་ཆོད་པའི་ཕྱིར་སྨྲ་བར་འདོད་ནས། མིག་གཉིས་ཏེ་པོར་ཕྱེ་ཡང་དེ་དག་ལ་སྔོན་མ་བྱུང་བའི་རྣམ་པ་ནི་ཅི་ཡང་མི་སྣང་ན། དེ་ལ་དེ་ལྟ་བུའི་དངོས་པོའི་ངོ་བོ་ཉིད་ལ་ཁོ་བོ་ཅག་ལ་ཅི་ཞིག་འདྲི། དྲི་བ་གཞན་གྱི་ཡུལ་སྔོན་མ་བྱུང་བ་མེད་པའི་ཕྱིར། ཁྱོད་ཀྱི་འདྲི་བ་འདི་ནི་དོན་མེད་ལ་ཁོ་ན་ཡིན་ཏེ། འདི་ལྟར་དྲིས་སུ་ཟིན་ཀྱང་ཁོ་བོས་གང་ཁྱོད་དང་བ་ལང་རྫི་ལ་སོགས་པ་དང་བཅས་བས་མཐོང་བ་དེ་ཙམ་གྱི་ཆ་ཞིག་བརྗོད་པར་བྱའི། སྔོན་མ་བྱུང་བའི་ངོ་བོ་བརྗོད་པར་བྱ་བ་ནི་ཅི་ཡང་མེད་དོ། །དེའི་ཕྱིར་ཅིའི་ཕྱིར་ན་རྒྱུ་འདི་ལས་དེར་སྣང་བ་འདི་སྨྲ་བ་བྱོས། ཞེས་བྱ་བ་དེ་སྐད་དུ། འདྲི་བ་ནི་ཀུན་ནས་ཉོན་མོངས་པ་སྟེ། དོན་སྟོང་པ་ལ་བརྟེན་པ་འབའ་ཞིག་ཏུ་ཟད་དོ། །གཞན་ཡང་སྐྱེ་བོ་བློའི་ནོར་ཅན་གང་ཞིག་མ་བརྟགས་ན་དགའ་བ། མེ་དང་དུ་བ་ལ་སོགས་པ་བདག་ཉིད་ཀྱིས་རྣམ་པར་གསལ་བར་མཐོང་བཞིན་དུའང༌། དམིགས་བཞིན་དུའང་མི་ཤེས་ཏེ་འདི་ནི་དེ་ལྟའོ་ཞེས་མི་གོ་བ། དེ་རྩོད་པ་ཡིས། གྲགས་པས་ཀྱང་གཞན་ལ་ཅིའི་ཕྱིར་ན་རྒྱུ་འདི་ལས། དེར་སྣང་བ་འདི་སྨྲ་བར་བྱོས། །ཞེས་སྨྲའོ། །མ་འཕགས་ངན་པ་ནི། བཟང་པོ་མ་ཡིན་པའོ། །མི་ཤེས་པ་ནི་བླུན་པ་སྟེ། །མི་ཤེས་པ་ཁོ་ན་འདིར་ངན་པ་ཞེས་བྱ་བར་འོས་ཀྱི། སྲོག་ཆགས་ཕན་པ་འདོད་པས་བསླུས་པ་ལ། ལྟ་ཉེས་བ་ཅི་ཡོད་སྙམ་དུ་བསམས་པའོ། །རྩོད་པར་གྲགས་པ་ནི། རྩོད་པ་ཡིས་ནི་གྲགས་པའོ།། །།བམ་པོ་གསུམ་པ་སྟེ་ཐ་མའོ། །བཙུན་པ་བློ་བརྟེན་ན་རེ། ཀུན་རྫོབ་ནི་གཞི་མེད་པར་མི་རུང་ངོ་ཞེས་ཟེར་བ་དེའི་དོགས་པ་བསུ་བའི་ཕྱིར། ཀུན་རྫོབ་འདི་ནི་གཞི་མེད་བར། །ཞེས་བྱ་བ་སྨོས་ཏེ། རྟེན་མེད་པར་མི་རུང་ངོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། འདི་ལྟར་བརྟགས་པ་ཀུན་རྫོབ་ནི་གཞི་དང་བཅས་པ་སྟེ། ཡང་དག་པའི་གཞི་དང་ལྡན་པ་ནི་འགའ་ཡང་དངོས་པོ་གང་ལ་ཡང་མི་སྣང་ངོ༌། །ཤིང་ལ་སོགས་པ་གདགས་པའི་གཞི་ཡལ་ག་ལ་སོགས་པ་སྣང་བ་མ་ཡིན་ནམ་ཞེ་ན། བརྫུན་པ་ཡིན་ནོ་སྙམ་ནས་བཤད་པ། ཤིང་ལ་སོགས་པའི་དོན་གྱི་གདགས་པ་འདི་ཡང་གཞི་སྟེ། དོན་དམ་པ་པའི་རྒྱུ་ལ་ལྟོས་པ་མ་ཡིན་པ་ཉིད་དོ། །འདི་ལྟར་ཤིང་ལ་སོགས་པའི་གདགས་པའི་རྒྱུ་ནི་ཡལ་ག་ལ་སོགས་པ་ཡིན་པར་འགྱུར་ལ། ཡལ་ག་ལ་སོགས་པ་དེ་


DTG107_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཆ་ཤས་དང་བཅས་པའི་ཕྱིར། དེའི་ཆ་ཤས་ཀྱི་གཟུགས་ཀྱང་གཞན་ཡིན་ནོ། །དེ་བཞིན་དུ་བློས་རྣམ་པར་གཞིགས་ན་གདགས་པའི་གཞི་རྡུལ་ཕྲ་རབ་ཀྱི་བར་དུ་རྣམ་པར་གནས་ལ། དེ་ཡང༌། གང་ལ་ཤར་སོགས་ཕྱོགས་ཡོད་པ། །དེ་ལ་ཤར་གྱི་ཕྱོགས་ཆའང་ཡོད། །གང་ཕྱིར་རྡུལ་ལ་ཕྱོགས་རྣམས་ཡོད། །དེའི་ཕྱིར་རྡུལ་ཕྲན་མིན་པར་བཤད། །ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཕྱོགས་ཆ་ཐ་དད་པས་དཔྱད་ན་མེད་པ་ཁོ་ན་ཡིན་ན། ཤིང་ལ་སོགས་པ་ཀུན་རྫོབ་པ་གདགས་པའི་རྒྱུ་དེ་ལྟ་ག་ལ་ཡོད་དེ་མེད་པ་ཁོ་ནའོ། །དེ་ལྟར་སྣང་བའི་རྒྱུ་རྣམ་པར་ཤེས་པ་ཡིན་པར་རྟོག་པ་གང་ཡིན་པ་དེ་ཡང་སྔར་སྐྱེ་བ་མེད་པར་བསྒྲུབས་པའི་ཕྱིར་མི་འཐད་པ་ཉིད་དོ། །དངོས་པོ་ཡོད་པ་ཞེས་བྱ་བ་ནི་དོན་དམ་པ་ཡིན་ནོ། །ཀུན་རྫོབ་པ་ནི་རྒྱུ་ཁོ་ན་ཡིན་ཏེ། འདིའི་རྒྱུར་སྔ་མ་མི་འགལ་ལ། རྒྱུ་དེའི་རྒྱུ་ཡང་ཀུན་རྫོབ་པ་གཞན་སྔ་མ་ཁོ་ན་ཡིན་ནོ། །དེ་ལྟར་རྒྱུ་བརྒྱུད་པ་ཐོག་མ་མེད་པའི་ཕྱིར་ཀུན་རྫོབ་གཞི་མེད་པ་ནི་ཅི་ཡང་མེད་དོ། །གལ་ཏེ་འདིའི་རྒྱུ་རིགས་པའི་རྗེས་སུ་འབྲང་བ་མེད་དོ་ཞེ་ན། འདི་ཡང་རྣམ་པ་དེ་ལྟ་བུ་ཁོ་ན་མ་ཡིན་ནམ། དེ་ལྟ་བས་ན་ཅི་ཡང་མི་གནོད་དོ། །ཇི་སྟེ་ཡང་དག་པའི་གཞི་མེད་པར་འདི་འབྱུང་བར་རིགས་པ་མ་ཡིན་ནོ་ཞེས་བྱ་བར་འདོད་ན་ནི། ཀུན་རྫོབ་དང་དོན་དམ་པ་བའི་གཞི་དེར་འདི་ལྟར་དེ་མེད་ན་དེར་མི་འགྱུར་བའི་འབྲལ་བ་ཅི་ཡང་མེད་པ་མ་ཡིན་ནམ། གལ་ཏེ་དེའི་བདག་ཉིད་ཀྱི་མཚན་ཉིད་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་གཞི་ཡང་དེའི་ངོ་བོ་ཉིད་ཁོ་ན་ཡིན་པས་ཁོ་བོ་ཅག་གི་འདོད་པ་གྲུབ་པ་ཁོ་ན་ཡིན་ནོ། །དེ་ལྟ་ཡིན་ན་དོན་དམ་པ་པའི་གཞིའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཀུན་རྫོབ་ཀྱི་ངོ་བོ་འདོར་བར་འགྱུར་བའམ། གཞི་ཀུན་རྫོབ་ཏུ་ཡོད་པར་ཐལ་བར་འགྱུར་རོ། །སྐྱེ་བའི་མཚན་ཉིད་ཀྱི་འབྲེལ་པ་ཡིན་ན་ནི། རང་གི་ངོ་བོ་ཉམས་པར་ཐལ་བར་འགྱུར་ཏེ། འབྲས་བུ་ནི་རྒྱུ་དང་མཐུན་པའི་ཕྱིར་རོ། །དེ་ལྟ་བས་ན། ཇི་ལྟར་སྣང་བ་འདི་ཁོ་ནའོ། །རྒྱུ་དངོས་པོ་ཡོད་པ་ལ་ལྟོས་ནས་འཇུག་པ་ནི། གང་ཡང་མེད་དོ་ཞེས་ཁས་བླང་བར་བྱའོ། །གལ་ཏེ་ཀུན་རྫོབ་དོན་དམ་པ་པའི་གཞི་ལ་ལྟོས་པར་གྱུར་ན། དེ་ལྟ་ཡིན་ན་ནི་དངོས་པོར་འགྱུར་ཏེ། འབྲས་བུ་ནི་རྒྱུ་དང་མཐུན་པའི་ཕྱིར་ཀུན་རྫོབ་ཀྱི་ངོ་བོ་ཉིད་འདོར་ཞིང་དོན་དམ་པ་པའི་དངོས་པོར་འགྱུར་རོ་ཞེས་བྱ་བའི་


DTG107_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་ཚིག་གོ །ཇི་སྟེ་དེ་རང་གི་ངོ་བོ་མི་འདོར་ན་དེ་ལྟ་ཡིན་ན་ནི། ཁྱོད་ཀྱི་གཞི་ཡང་ཇི་ལྟར་ཀུན་རྫོབ་ཏུ་མི་འགྱུར་ཏེ། དེ་ཡང་དེའི་བདག་ཉིད་དང་དེ་ལས་བྱུང་བའི་ཕྱོགས་དག་ལ་ཀུན་རྫོབ་ཀྱི་ངོ་བོར་བསྒྲུབས་མ་ཐག་པ་ཡིན་ནོ། །དེ་ནི་དེ་ལྟ་ཡིན་ཏེ་ཞེས་བྱ་བ་ནི། བཏགས་པ་གཞི་དང་བཅས་པ་ནི། །འགའ་ཡང་གང་ལའང་མི་སྣང་ངོ༌། །ཞེས་བྱ་བ་དེ་ནི་དེ་ལྟ་ཡིན་པའོ། །ཅིའི་ཕྱིར་ཞེ་ན། གཏན་ཚིགས་གང་གི་ཕྱིར་རྣལ་འབྱོར་སྤྱོད་པ་དངོས་པོར་སྨྲ་བ་ཁྱོད་ཀྱི་ལྟར་ན་ཡང༌། བརྟགས་པའི་ངོ་བོ་ཉིད་གཟུང་བ་དང་འཛིན་པའི་མཚན་ཉིད་ནི། རྒྱུ་ཅི་ལ་ཡང་མི་ལྟོས་པ་ཁོ་ན་ཡིན་ནོ། །རྣལ་འབྱོར་སྤྱོད་པ་པ་འདོད་པའི་དོགས་པ་བསུ་བར་བྱེད་དེ། རྟག་ཏུ་མེད་ཅེས་འབྱུང་བའི་ཕྱིར། །གལ་ཏེ་མེད་པའི་ཕྱིར་མི་ལྟོས་སོ་ཞེ་ན། འདིའི་བསམ་པ་ནི་འདི་ཡིན་ཏེ། བརྟགས་པ་ནི་གཅིག་ཁོ་ནར་མེད་པ་ཡིན་ཏེ། ཇི་སྐད་དུ་དང་པོ་པ་ནི་མཚན་ཉིད་ཀྱིས། །ངོ་བོ་ཉིད་མེད་ཅེས་བཤད་པ་ལྟ་བུའོ། །དེའི་ཕྱིར་འདི་ནི་ཇི་ལྟར་སྣང་བ་བཞིན་དུ་ཡང་མེད་པ་ཡིན་པས། དེ་རྒྱུ་ལ་མི་ལྟོས་པ་ཉིད་ནི་རིགས་པ་ཡིན་ནོ། །ཇི་ལྟར་སྣང་བ་བཞིན་དུ་ཀུན་རྫོབ་ཏུ་ཡོད་པ་གང་ཡིན་པ་དེ་ནི་ངེས་པར་རྒྱུ་ལ་ལྟོས་པ་ཡིན་ནོ་སྙམ་པ་འདི་ཡིན་ནོ། །དེའི་ཕྱིར་འདིར་ལན་མངོན་སུམ་དང་འགལ་བ་ཀུན་ཏུ་སྤྱོད་དེ་ཞེས་བྱ་བ་སྨོས་སོ། །འདི་ལ་གང་གིས་ན་མངོན་སུམ་དང་འགལ་བར་རྣམ་པར་གཞག་པར་འགྱུར་བ་མངོན་སུམ་དང་གྲགས་པའི་དོན་སྤང་བ་གང་ཞིག་ཡིན་སྙམ་པ་ལ། བཤད་པ། གཟུང་བ་དང་འཛིན་པ་ནི་བརྟགས་པའི་ངོ་བོ་ཉིད་ཅེས་བྱ་བ་སྟེ། དོན་ཕྱིར་ན་བརྟགས་པ་བསྟན་པ་ཡིན་ཞེས་འབྱུང་བའི་ཕྱིར་རོ། །དེ་གཉིས་ཀྱང་མངོན་སུམ་ཁོ་ནར་ཤིང་རྟ་འཚོང་བ་ལ་སོགས་པ་སྐྱེ་བོ་མཐའ་དག་ལ་གྲགས་པའི་ཚད་མས་གྲགས་པ་དག་ཡིན་པས་དེ་སྤངས་ན་མངོན་སུམ་དང་འགལ་བ་བཟློག་དཀའ་སྟེ། འདི་ལྟར་སྔོན་པོ་ལ་སོགས་པ་དང་དེ་འཛིན་པར་བྱེད་པ་སྲོག་ཆགས་ཐམས་ཅད་ཀྱི་མངོན་སུམ་དུ་གྲུབ་པོ། །ཡང་ཕ་རོལ་པོ་འདོད་པའི་དོགས་པ་བསུ་བར་བྱེད་དེ། རྣམ་པར་ཤེས་པ་ཉིད་ནི་གཉིས་མེད་པའི་ངོ་བོའོ། །མ་རིག་པས་གཟུང་བ་དང་འཛིན་པར་མངོན་པར་ཞེན་པ་ཉིད་ཀྱིས་དཀྲུགས་པ་ནི་ནོར་བར་བྱས་པའོ། །དེ་ལྟར་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་ངོ་བོར་ཏེ། གཉིས་པ་ལ་མངོན་པར་ཞེན་པའི་བག་ཆགས་ཀྱི་གཉིད་མ་སངས་


DTG107_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་གི་གཉིད་ཀྱིས་ནོན་པའི་སེམས་རྣམས་ཀྱིས་རྟོགས་པ་བཞིན་དུ་རྟོགས་སོ་ཞེ་ན། རིགས་པ་སྨྲ་བས་བཤད་པ། མྱོང་བ་དང་འགལ་བ་སྒྲུབ་པ་ཁྱོད་ལ་འགོག་པར་བྱེད་པ་སུ་ཞིག་ཡོད། གྲུབ་པའི་མཐའི་ཕྱོགས་འཛིན་པས་མ་ཉམས་པའི་བློ་གྲོས་ཅན་བུད་མེད་དང་དམངས་རིགས་ལ་སོགས་པའམ། མངོན་པར་མ་ཞེན་པའི་གནས་སྐབས་ན་ཁྱོད་ཀྱང་རུང་སྟེ། འཇུག་པའི་རྣམ་པར་ཤེས་པ་འདི་གཟུགས་ལ་སོགས་པ་ཉིད་དུ་རྟོགས་ཀྱི། དེ་ལས་མ་གཏོགས་པ་གཟུགས་དང་སྒྲ་ལ་སོགས་པ་ནི་མེད་དོ། །ཞེས་བྱ་བ་དེ་ལྟ་བུའི་མྱོང་བ་ནི་མེད་ཀྱི་རྣམ་པར་ཤེས་པ་འདི་ནི་ནང་ན་གནས་པའི་ངོ་བོ་ཡིན་ནོ། །གཟུགས་ལ་སོགས་པ་འདི་ནི་ཕ་རོལ་ན་སྣང་བའི་ངོ་བོ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་མྱོང་བ་འཇུག་པ་རབ་ཏུ་གྲགས་པར་གྱུར་ཏོ། །ཇི་སྟེ་ཁྱོད་དེ་ལྟར་གྱུར་པ་འཇིག་རྟེན་ཐམས་ཅད་ལ་གྲགས་པའི་དོན་ཡང་སྤང་ན་ནི་དེའི་ཚེ། བདག་ཉིད་མི་ཤེས་པ་དེ་ལྟ་བུ་བདག་དང་གཞན་གྱིས་ཉམས་སུ་མྱོང་བ་དང་འགལ་བའི་ཐ་སྙད་སྨྲ་བ་ཁྱོད་ནི། འཇིག་རྟེན་གྱིས་ཐག་རིང་པོ་ཁོ་ནར་སྤོང་སྟེ། འཇིག་རྟེན་པའི་ཐ་སྙད་དང་མི་མཐུན་པར་ཞུགས་པའི་ཕྱིར་རོ། །གཞན་གྱིས་སྨྲས་པ། རྨི་ལམ་ལ་སོགས་པ་ན་ཡང་རྣམ་པར་ཤེས་པ་ཉིད་དེ་ལྟར་རྟོགས་པར་མཐོང་བ་མ་ཡིན་ནམ། སོགས་པ་སྨོས་པས་ནི་སྒྱུ་མ་དང་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་ཡོངས་སུ་བསྡུའོ། །རྨི་ལམ་ན་ནི། ཕྱི་རོལ་གྱི་གཟུགས་ཡོད་པར་མི་འཐད་དེ། ཁྱིམ་ཆུང་ངུ་ན་ཡང་དཔག་ཚད་ཀྱི་ཚད་ཀྱི་རི་དང་ཤིང་དང་རྒྱ་མཚོ་ལ་སོགས་པ་དག་དམིགས་པའི་ཕྱིར་རོ། །གཟུགས་ལ་སོགས་པ་ཡང་ཐོགས་པ་དང་བཅས་པ་ཡིན་ཏེ། དེ་ལྟ་བས་ན་དེ་ན་རྣམ་པར་ཤེས་པ་ཉིད་དེ་ལྟར་རྟོགས་ཏེ། གཉིད་ཀྱིས་མ་ལོག་པའི་གནས་སྐབས་ན་ཡང་དེ་དང་འདྲ་བར་འགྱུར་རོ་ཞེའོ། །དེ་ལ་བཤད་པ། བདེན་ན་རྨི་ལམ་ལ་སོགས་པ་ན་ཡང་རྣམ་པར་ཤེས་པ་ལ་མ་གཏོགས་པ་དེ། གཟུགས་ལ་སོགས་པ་ཇི་ལྟར་སྣང་བ་བཞིན་མཐོང་བཞིན་དུ་ཡང་མངོན་པར་ཞེན་པ་ངན་པས་ཁྱོད་ལ་རྣམ་པར་ཤེས་པ་ཉིད་དེ་ལྟར་རྟོགས་སོ་སྙམ་དུ་ལོག་པར་སྣང་གི །གཉིད་ཀྱིས་མ་ལོག་པའི་གནས་སྐབས་བཞིན་དུ། དེ་ན་ཡང་དེ་ལྟར་རྟོགས་པ་ན། ཕྱི་རོལ་གྱི་གཟུགས་ལ་སོགས་པ་


DTG107_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་སྣང་བ་བཞིན་ནི་ཡོད་པ་ཁོ་ནའོ། །གལ་ཏེ་རིགས་པས་མི་འཐད་དོ་ཞེ་ན། དེ་ཉིད་ཀྱི་ཕྱིར་མ་བརྟགས་ན་ཉམས་དགའ་བའི་ཕྱིར་དང༌། བརྟག་པའི་དཔྱད་པ་མི་བཟོད་པའི་ཕྱིར་ཀུན་རྫོབ་པ་ཞེས་བྱ་སྟེ། གཉིད་ཀྱིས་མ་ལོག་པའི་གནས་སྐབས་ན་ཡོད་པའི་རྣམ་པར་ཤེས་པ་ཡང་དེ་ལྟ་བུ་ཁོ་ན་ཡིན་ཏེ། དེ་ཡང་སྐྱེ་བ་མེད་པར་བསྒྲུབས་པའི་ཕྱིར་རོ། །སྣོན་བཤད་པ། གང་ཡང་འཇིག་རྟེན་ཐམས་ཅད་ལ་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བའི་དངོས་པོ་འདི་ཅི་ཞིག་གཞན་གྱི་དབང་གི་ངོ་བོ་ཉིད་ཡིན་ནམ། འདི་ཇི་ལྟར་རུང་སྟེ་འདི་གཞན་གྱི་དབང་གི་ངོ་བོ་ཉིད་དེ་ནི་ཡང་དག་པར་ན་དེས་དབེན་པའི་ངོ་བོ་ཅན་ཡིན་ནོ། །གང་ལ་གཟུང་བ་དང་འཛིན་པའི་རྣམ་པ་དེས་དབེན་ཞིང་བྲལ་བའི་རང་གི་ངོ་བོ་ཡོད་པ་དེ་སྐད་ཅེས་བྱ་སྟེ། དེ་ལ་སྔ་མ་པོ་རྟག་ཏུ་མེད་པར་གྱུར་པ་ཞེས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་ཇི་ལྟར་ན་གཞན་གྱི་དབང་དེ་ལྟར་གཟུང་བ་དང་འཛིན་པའི་རྣམ་པར་སྣང༌། གལ་ཏེ་མ་རིག་པས་དཀྲུགས་པའི་ཕྱིར་དེ་ལྟར་སྣང་ངོ་ཞེ་ན། བཤད་པ། མ་རིག་པས་དཀྲུགས་པའི་ཕྱིར་དེ་ལྟར་སྣང་བར་ནི་ཆུག་མོད་ཀྱི་ཞེས་བྱ་བ་ནི་ཁས་བླང་བའོ། །དེར་སྣང་བར་རིགས་པ་ནི་མ་ཡིན་ཏེ་འབྲེལ་པ་མེད་པའི་ཕྱིར་རོ་ཞེས་མཇུག་ཐོགས་ཁོ་ནར་གཏན་ཚིགས་འཆད་དེ། གཟུང་བ་དང་འཛིན་པའི་རྣམ་པ་དེ་ནི་གཞན་གྱི་དབང་དེའི་བདག་ཉིད་ངོ་བོ་ཉིད་ནི་མ་ཡིན་ནོ། །ཅིའི་ཕྱིར་མ་ཡིན་ཞེ་ན། གཞན་གྱི་དབང་དེའི་བདག་ཉིད་ནི་གཟུང་བ་དང་འཛིན་པའི་ངོ་བོ་གཉིས་ཀྱིས་དབེན་པའི་ཕྱིར་རོ། །དེ་ལྟ་ཡིན་ན་ཡང་གཞན་གྱི་དབང་གི་བདག་ཉིད་དེ་སྣང་བ་ན། གཉིས་པོ་ཅིའི་ཕྱིར་སྣང༌། ཅིའི་ཕྱིར་དེ་སྣང་བར་མི་འགྱུར་སྙམ་ན། བཤད་པ། གཉིས་པོ་དང་གཞན་གྱི་དབང་དུ་འབྲེལ་བ་མེད་པའི་ཕྱིར་རོ། །སྦྱོར་བ་ནི་གང་གིས་དབེན་པའམ་གང་ཞིག་གང་དང་འབྲེལ་བ་མེད་པ་ནི་དེ་སྣང་བ་ན་དེ་མི་སྣང་སྟེ། དཔེར་ན་རྣ་བའི་རྣམ་པར་ཤེས་པ་ལ་གཟུགས་བཞིན་ནོ། །གཞན་གྱི་དབང་གི་བདག་ཉིད་ཀྱང་གཉིས་པོས་དབེན་པ་ལ། གཉིས་པོ་དང་གཞན་གྱི་དབང་གི་བདག་ཉིད་དུ་འབྲེལ་བ་ཡང་མེད་ཅེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ནོ། །ཕ་རོལ་པོ་ན་རེ། གཏན་ཚིགས་གཉིས་པོ་མ་གྲུབ་སྟེ། འདི་ལྟར་མ་རིག་པས་དཀྲུགས་པའི་ཕྱིར་ཞེས་བྱ་བ་འདིས་འབྲེལ་


DTG107_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྨྲས་ཟིན་ཏོ་ཞེས་ཟེར་ན། ལན་བཤད་པ། གལ་ཏེ་དེ་ལྟར་འབྲེལ་པ་ཡོད་པ་ཡིན་ན་ནི། དེའི་ཚེ་གཉིས་པོས་དབེན་པའི་ཤེས་པའི་རང་གི་ངོ་བོ་བཞིན་དུ། མ་རིག་པ་དང་འབྲེལ་པའི་ཕྱིར། གཞན་དབང་ཉིད་སྨོས་ཏེ་སུ་ཟློག་སུས་ཀྱང་བཟློག་པར་མི་ནུས་ཏེ། འདི་ལྟར་ཅིག་ཤོས་གཉིས་པོས་དབེན་པ་གཞན་གྱི་དབང་སེམས་དང་སེམས་ལས་བྱུང་བའི་བདག་ཉིད་དུ་འདོད་པ་ཡང་གཞན་གྱི་དབང་ཉིད་དུ་བྱ་བ་སྟེ། གཞན་གྱི་དབང་གི་བདག་ཉིད་དུ་རྣམ་པར་གཞག་པ་ལ་འབྲེལ་པའི་རྒྱུ་འདི་ཁོ་ནར་ཟད་ལ། འབྲེལ་པའི་རྒྱུ་དེ་ནི་གཉིས་པོ་དེ་ལ་ཡང་ཡོད་དེ། དེ་བས་ན་དེ་ལྟ་བས་ན་བརྟགས་པ་མེད་དོ། །ཇི་སྟེ་ཤེས་པ་གང་ལ་གཉིས་པོ་དེ་སྣང་བའི་ཤེས་པ་དེ་ཉིད་རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་ཕྱིར་གཞན་གྱི་དབང་ཡིན་གྱི། གཉིས་པོ་ནི་མ་ཡིན་ནོ་ཞེས་བྱ་བར་འདོད་ན། དེའི་ཕྱིར་བཤད་པ། གལ་ཏེ་ཡང་ཤེས་པ་ཁོ་ན་རྒྱུ་དང་རྐྱེན་རྣམས་ཀྱིས་སྐྱེད་ན་ནི། གལ་ཏེ་ཡང་ཞེས་བྱ་བ་ནི་ཁས་ལེན་པ་རྗོད་པར་བྱེད་པའི་ཚིག་ཡིན་ནོ། །དེ་ཡང་ཡང་དག་པར་ན་སྐྱེ་བ་མེད་དོ་ཞེས་དུ་མས་དངོས་པོ་གཅིག་མི་བྱེད་ཅེས་བྱ་བ་ལ་སོགས་པས་བསྒྲུབས་ཟིན་ཏོ། །འོན་ཀྱང་བཤད་པར་བྱ་སྟེ། དེ་ཙམ་སྐྱེད་ལ་ནི་རག་ན་གཉིས་ཀྱི་བདག་ཉིད་དེ་གོ་ཅིའི་ཕྱིར་སྣང་སྟེ། དེ་ནི་དེ་དག་གིས་བསྐྱེད་བ་མ་ཡིན་ནོ། །ཕ་རོལ་བོ་ན་རེ་གཞན་གྱི་དབང་གི་བདག་ཉིད་ཤེས་པ་ཉིད། དེ་ལྟར་གཉིས་ཀྱི་ངོ་བོར་སྣང་ངོ་ཞེས་ཟེར་ན། དེའི་ཕྱིར་བཤད་པ། དེ་ནི་བཤད་ཟིན་ཏེ། ཇི་སྐད་དུ་བཤད་ཅེ་ན། རྣམ་པར་ཤེས་པ་གཉིས་པོས་དབེན་པའི་ངོ་བོ་དེ་རྒྱུ་དང་རྐྱེན་དེ་དག་གིས་ཇི་ལྟ་བུ་ཁོ་ནར་བསྐྱེད་པ་དེ་ལྟ་བུ་ཁོ་ནར་སྣང་དུ་ཟད་ཀྱི། གཉིས་ཀྱི་བདག་ཉིད་དུ་གོ་ཅིའི་ཕྱིར་སྣང་ཞེས་བྱ་བར་བཤད་དོ། །ཡང་ཕ་རོལ་པོ་འདོད་པའི་དོགས་པ་བསུ་བར་བྱེད་དེ། གཉིས་ཀྱི་ངོ་བོ་དེ་ལྟ་བུ་ཁོ་ནར་སྐྱེད་དོ་ཞེ་ན། ལན་དུ་བཤད་པ། འོ་ན་ནི་ཤེས་པ་དེ་གཉིས་ཀྱིས་དབེན་པ་ཅན་གྱི་ངོ་བོ་མ་ཡིན་ཏེ། དེ་གཉིས་ཀྱི་བདག་ཉིད་དུ་བསྐྱེད་པའི་ཕྱིར་རོ། །ངོ་བོ་སྟེ་རང་གི་ངོ་བོ་གང་ལ་གཉིས་ཀྱིས་དབེན་པ་ཡོད་པའི་ངོ་བོ་དེ་ནི་གཉིས་ཀྱི་དབེན་པ་ཅན་ནོ། །འདི་ལ་གཉིས་ཀྱིས་དབེན་པའི་ངོ་བོ་ཡོད་པས་དེ་སྐད་ཅེས་བཤད་དོ། །གཞན་ཡང་འདི་ལ་གཞན་གྱི་


DTG107_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཉིད་དུ་སྨྲ་ལ་རག་སྟེ། འདི་ལ་སུ་ཞིག་ཟློག་ཅེས་བཤད་ཀྱང་ཟིན་ཏོ། །ཇི་སྟེ་ཤེས་པ་ལ་ནི་གཉིས་སུ་མེད་པའི་རང་བཞིན་གཉུག་མ་ཁོ་ནར་ཡོད་ན། མ་རིག་པས་དཀྲུགས་པའི་ཤེས་པ་གཞན་གྱིས་དེ་ཉིད་ཀྱི་བདག་ཉིད་དུ་རྟོགས་སོ་ཞེས་བྱ་བར་འདོད་ན། དེའི་ཕྱིར་གཉིས་པོ་མེད་པའི་ངོ་བོ་ཡིན་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཤེས་པ་གཞན་དེ་ལ་ཡང་བརྒལ་ཞིང་བརྟགས་པ་མཚུངས་ཏེ། ཤེས་པ་གཞན་དེ་ཡང་གཉིས་ཀྱིས་དབེན་པ་ཁོ་ན་ཡིན་ནོ། །དེ་ལྟ་ན་ཡང་འབྲེལ་པ་མེད་པའི་ཕྱིར་དེ་སྣང་བ་ན་གཉིས་པོ་གོ་ཅིའི་ཕྱིར་སྣང་བར་འགྱུར་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་བརྗོད་པར་བྱའོ། །ཡང་དོན་དམ་པའི་ཚུལ་ལ་སྡང་བ་གཞན་དག་ཀླན་ཀ་ཚོལ་བར་བྱེད་དེ། ཡང་དག་པར་དངོས་མ་སྐྱེས་པ། །མོ་གཤམ་བུ་ལ་སོགས་བཞིན་དུ། །ཀུན་རྫོབ་ཏུ་ཡང་མི་སྐྱེ་ཟེར། །ཡང་ཞེས་བྱ་བའི་སྒྲ་ནི་དོན་དམ་པ་འབའ་ཞིག་ཏུ་མ་ཟད་པའོ། །དོན་དམ་པར་མ་སྐྱེས་པའི་ངོ་བོ་ཉིད་གང་དག་ཡིན་པ་དེ་དག་ནི་ཀུན་རྫོབ་ཏུ་ཡང་འབྱུང་བ་འཐོབ་བར་མི་འགྱུར་ཏེ། དཔེར་ན་མོ་གཤམ་གྱི་བུ་དང་རི་བོང་གི་རྭ་ལ་སོགས་པ་བཞིན་ནོ། །གཟུགས་དང་ཚོར་བ་ལ་སོགས་པ་ཡང༌། དོན་དམ་པར་མ་སྐྱེས་པའི་རང་བཞིན་དག་ཡིན་པ་ཞེས་བྱ་བ་ནི། ཁྱབ་པར་བྱེད་པ་མི་དམིགས་པ་ལྟར་འཆོས་པའི་སྦྱོར་བ་ཡིན་ནོ། །འདི་ནི་བསྒྲུབ་པའམ་ཐལ་བར་བསྒྲུབ་པ་ཞིག་ཏུ་འགྱུར་གྲང་སྟེ། རྣམ་པ་གཞན་ནི་མེད་པའི་ཕྱིར་རོ། །དེ་ལ་རེ་ཞིག་འདི་སྒྲུབ་པ་ནི་མ་ཡིན་པས། འཇིག་རྟེན་གནོད་སོགས་སྲིད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲའི་དོན་འགོག་ན་འཇིག་རྟེན་གྱི་གནོད་པ་ཡིན་ནོ། །སོགས་པ་སྨོས་པ་ནི་མངོན་སུམ་གྱི་གནོད་པ་ལ་སོགས་པ་ཡོངས་སུ་བསྡུའོ། །བརྒྱ་ཞིག་ལ་འཇིག་རྟེན་མ་སྐྱེས་པའི་ཕྱིར། འཇིག་རྟེན་གྱི་གནོད་པ་ལ་སོགས་པ་མི་སྲིད་དོ་ཞེས་སྨྲ་བར་འགྱུར་བས། གལ་ཏེ་འཇིག་རྟེན་མ་སྐྱེས་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འཇིག་རྟེན་མ་སྐྱེས་པའི་ཕྱིར་གཏན་ཚིགས་ལ་སོགས་པ་ཡང་འཇིག་རྟེན་གྱི་ཁོངས་སུ་གཏོགས་པས་མེད་དོ། །དེ་ལྟ་ན་ཡང༌། གཏན་ཚིགས་ལ་སོགས་མེད་པའི་ཕྱིར། །དེ་ཚེ་བསྒྲུབ་བྱ་གྲུབ་མི་འགྱུར། །སོགས་པ་སྨོས་པས་ནི། དཔེ་ལ་སོགས་པ་བསྡུའོ། །རང་གི་


DTG107_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་དང་འགལ་བའི་ཕྱིར། །དེ་ཚེ་བསྒྲུབ་བྱ་གྲུབ་མི་འགྱུར། །ཞེས་བྱ་བར་བསྙེགས་སོ། །འདི་ལྟར་དམ་འཆའ་བར་འདོད་པས། རང་གི་ཚིག་སྐྱེ་བར་ཁས་བླངས་ཏེ། ཁས་བླངས་ནས་ཡང་འདོར་བར་བྱེད་བས་གསལ་བར་རང་གི་ཚིག་དང་འགལ་བ་ཡིན་ནོ། །བརྒྱ་ཞིག་ལ་ཁོ་བོས་རང་གི་ཚིག་གཅིག་པུ་མ་གཏོགས་པ། ལྷག་མ་ཀུན་རྫོབ་ཏུ་མི་སྐྱེའོ་ཞེས་དམ་བཅས་སོ་ཞེས་སྨྲ་བར་འགྱུར་བས། གལ་ཏེ་དེ་གཅིག་མ་གཏོགས་ན་ཞེས་བྱ་བ་སྨོས་ཏེ། དམ་བཅས་བའི་ངོ་བོར་ཞེས་བྱ་བ་ལྷག་མའོ། །དེ་ཞེས་བྱ་བ་ནི་རང་གི་ཚིག་གོ །དེས་ན་ཞེས་བྱ་ནི་རང་གི་ཚིག་གིས་སོ། །དཔེ་ལའང་ཞེས་བྱ་བ་ལ་སོགས་པས་ནི་སྣོན་བསྟན་ཏོ། །སྒྲུབ་པ་ནི་འདིར་གཏན་ཚིགས་ཏེ། ཡང་དག་པར་ནམ་སྐྱེས་པའི་ངོ་བོ་ཉིད་ཁོ་ན་ཡིན་ན། དེ་ཡང་མོ་གཤམ་གྱི་བུ་ལ་སོགས་པ་ལ་མེད་དེ། དེ་དག་ལ་ཡང་དག་པར་ནམ་སྐྱེས་པའི་རང་བཞིན་ཉིད་མེད་པའི་ཕྱིར་རོ། །བསྒྲུབ་བྱས་ཁྱབ་པ་དེ་བཞིན་ན། །ཁྱོད་ལ་གལ་ཏེ་གྲུབ་ཅེ་ན། །ཞེས་བྱ་བར་བསྙེགས་ཏེ། དེ་ལྟར་གཏན་ཚིགས་དང་ཁྱབ་པ་གྲུབ་པའི་ཕྱིར་འདི་ཁྱོད་ལ་ཉེས་པ་ཡིན་གྱི། ཁོ་བོའི་ནི་གཏན་ཚིགས་གྲུབ་ཏུ་ཟིན་ཀྱང༌། ཁྱབ་པ་མ་གྲུབ་པས་དེའི་ཕྱིར་ཁོ་བོ་ལ་ཉེས་པ་འདི་མེད་པས། དེར་ནི་བདག་ལ་ཉེས་པ་མེད། །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །བརྒྱ་ཞིག་ལ་ཁྱོད་ཁོ་ན་ལ་གཏན་ཚིགས་གྲུབ་ཀྱི་ང་ལ་ནི་མ་ཡིན་ནོ་ཞེས་སྨྲ་བར་འགྱུར་བས་བཤད་པ། གལ་ཏེ་ང་ལ་ཚད་མ་ཡིས། །གྲུབ་ན་གཏན་ཚིགས་ཞེས་བྱ་བ་ལྷག་མའོ། །གྲུབ་དེ་ཁྱོད་ལའང་ཁྱབ། ཚད་མས་གྲུབ་པ་ནི་སུ་ལའང་མ་གྲུབ་བོ་ཞེས་བརྗོད་པར་རིགས་པ་མ་ཡིན་ནོ་སྙམ་དུ་བསམས་པའོ། །དེ་ལྟ་ན་ཡང་འདི་ཁྱོད་ཁོ་ན་ལ་ཉེས་པ་ཡིན་གྱི། ཁྱབ་པ་མ་གྲུབ་པའི་ཕྱིར་ང་ལ་ནི་མ་ཡིན་ནོ་སྙམ་ནས། །མཁས་ཁྱོད་ཅི་ཕྱིར་བདག་ཉིད་ཀྱི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་གཏན་ཚིགས་ཚད་མས་མ་གྲུབ་བོ་སྙམ་དུ་སེམས་ན་དེ་ནི་བཟང་པོ་མ་ཡིན་ཏེ། འདི་ལྟར་ཡང་དང་ཡང་དུ་བསྒྲུབས་ཟིན་ཏོ། །དེ་རེས་འགའ་མ་ཡིན་ཞེས་བྱ་བ་ལྷག་མའོ། །ཇི་ལྟར་སྙམ་པ་ལ་བཤད་པ། ཡོད་མེད་སྐྱེ་བ་བཀག་པའི་ཕྱིར་རོ། །སྐྱེས་ཟིན་པ་ཡང་མི་སྐྱེ་བས་ཡོད་པ་སྐྱེ་བ་དགག་པ་ནི་རུང་ན། མེད་པ་སྐྱེ་བ་


DTG107_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

གོ་ཇི་ལྟར་དགག་པ་མ་ཡིན་ནམ། དེའི་ཕྱིར་འདི་དཔྱད་པར་བྱ་སྟེ། དེ་ལ་ཅི་རི་བོང་གི་རྭ་ལ་སོགས་པ་དང་མྱུ་གུ་ལ་སོགས་པ་མེད་པ་ལ་བྱེ་བྲག་ཅུང་ཟད་ཀྱང་ཡོད་དམ་ནུས་པར་བརྗོད་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ཀྱི་ལུས་འཛིན་པར་བྱེ་བྲག་ཅི་ཡང་མེད་དེ། དུས་སྔར་འབྱུང་བ་ཅན་དུ་རྣམ་པར་རྟོག་ན། མེད་པ་འདིའི་རང་གི་ངོ་བོ་ཉམས་པར་འགྱུར་ཏེ། སཱ་ལུའི་ས་བོན་ལ་འདི་ལྟར་བྱེ་བྲག་གི་ངོ་བོ་དང་ལྡན་པའི་ལུས་འཛིན་པ་ལ་ནི་གང་གི་ཕྱིར། རི་བོང་གི་རྭ་ལ་སོགས་པ་ལྟ་བུར་འདི་མེད་པའི་ཐ་སྙད་ཀྱི་ཡུལ་ཉིད་དུ་འགྱུར་བ་ནུས་པར་བརྗོད་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་དུ་བརྟག་ཏུ་མེད་དོ། །ཇི་སྟེ་ཕ་རོལ་པོ་དུས་ཕྱིས་འབྱུང་བ་ཅན་ལ་བརྟེན་ཏེ་རྣམ་པར་རྟོག་ན་འོན་ཀྱང་ཇི་སྟེ། སཱ་ལུའི་ས་བོན་ལས་སཱ་ལུའི་མྱུ་གུ་མེད་པ་ཁོ་ན་སྐྱེ་བར་འགྱུར་གྱི། གཞན་ནམ་མཁའི་ཨུཏྤལ་སོགས་པ་དང་ནས་ཀྱི་མྱུ་གུ་ལ་སོགས་པ་ནི་ཅི་སྟེ་མ་ཡིན་ཞེས་བྱ་བ་བརྗོད་པར་བྱ་དགོས་ཏེ། མེད་པ་ལ་ནི་བདག་ཉིད་ཀྱི་བྱེ་བྲག་ཐ་དད་པ་ཆུང་ངུ་ཡང་ཅི་ཡང་བརྟག་ཏུ་མེད་དེ། འདི་ལྟར་བདག་ཉིད་ཀྱི་བྱེ་བྲག་སྲིད་ན། མེད་པའི་མེད་པ་ཉིད་རྣམ་པར་རྟོག་པའི་ཡུལ་དུ་འགྱུར་བར་དཀའོ། །བདག་ཉིད་ཀྱི་བྱེ་བྲག་མེད་དེ། མེད་པ་ཉིད་དུ་མཚུངས་པར་སྤྱོད་པ་ལས་འགའ་ཞིག་ལས་འགའ་ཞིག་སྐྱེའོ་ཞེས་བྱ་བའི་ཚིག་འདིའི་མཁས་པའི་སེམས་འཕྲོག་པར་བྱེད་པ་མ་ཡིན་ནོ། །སཱ་ལུའི་ས་བོན་ནི་སཱ་ལུའི་མྱུ་གུ་མེད་པ་ཁོ་ན་སྐྱེ་བ་སྒྲུབ་ནུས་པའི་བྱེ་བྲག་དང་ལྡན་གྱི་གཞན་ནི་མ་ཡིན་པ་མ་ཡིན་ནམ། དེའི་ཕྱིར་ཇི་ལྟར་ཐམས་ཅད་བདག་གིར་མ་བྱས་པའི་བྱེ་བྲག་དང་ལྡན་པ་མེད་པ་སྐྱེད་པར་བྱེད། འདི་ལྟ་བུ་མངོན་པར་རྗོད་པའི་རྒོལ་བ་ལ་ནི་ལྟག་རྨེན་བསལ་ན་མིག་གི་འབྲས་བུ་འབྱུང་བ་ལྟ་བུའི་ཉེས་པར་འགྱུར་ཏེ། འདི་ལྟར་ཁྱོད་སཱ་ལུའི་ས་བོན་ནི་མེད་པ་འགའ་སྐྱེ་བའི་མཐུའི་བྱེ་བྲག་དང་ལྡན་པ་ལ་རྟེན་གྱི། མེད་པ་མ་ལུས་པ་ནི་མ་ཡིན་ནོ་ཞེས་སྨྲ་ན། བདེ་བ་ལ་སོགས་པ་བཞིན་དུ་ཡོད་པའི་བྱེ་བྲག་དང་ལྡན་པས། མེད་པའི་ངོ་བོ་འདོར་བར་འགྱུར་རོ། །དེ་ལྟ་ན་ཡང་བདེ་བླག་ཏུ་ཕྱོགས་སྔ་མ་ཉམས་པའི་ཉེས་པར་འགྱུར་རོ། །ཇི་སྟེ་ཡོད་པ་སྐྱེ་བར་འགྱུར་རམ། མེད་པ་སྐྱེ་བར་འགྱུར་ཞེས་བྱ་བའི་བསམ་པ་འདིས་ཁོ་བོ་ཅག་ལ་ཅི་ཞིག་བྱ། རྒྱུ་ལས་འབྲས་བུ་སྐྱེ་བར་སྣང་སྟེ། ཁོ་བོ་ཅག་ནི་འདི་ཙམ་གྱིས་ཡོངས་སུ་མགུའོ་སྙམ་ན། བདེན་


DTG107_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཁྱོད་དེ་སྐད་དུ་སྨྲ་བ་ན་ཡོངས་སུ་མགུ་བ་སྐྱེས་མོད་ཀྱི། རྒྱུ་ལས་དོན་དམ་པ་ཁོ་ནར་འབྲས་བུ་སྐྱེའོ་ཞེས་སྨྲ་བ་ན། རྣམ་པར་རྟོག་པ་གཉིས་ལས་བྱུང་བ་དངོས་པོར་གནས་པའི་ཉེས་པ་བཤད་མ་ཐག་པ་གཉིས་སྤང་བར་མི་ནུས་ཏེ། དེའི་ཕྱིར་བསོད་ནམས་དང་མི་ལྡན་པ་ལ་ཡོངས་སུ་མགུ་བ་ལྟག་ལས་འབྱུང༌། དེ་བས་ན་ཞར་ལ་འོངས་པས་ཆོག་གོ །གང་གི་ཕྱིར། ཁྱབ་བ་དེ་ཡང་ཁྱོད་ཀྱིས་སྨྲས་པ་དེའི་ཕྱིར། དེ་ལྟ་ཡིན་ན་ཁྱོད་ཀྱིས་ཉེས་པ་ཞེས་བྱ་བར་སྦྱར་བར་བྱའོ། །ཅིའི་ཕྱིར་ཁྱོད་ལ་ཉེས་པ་མེད་སྙམ་པ་ལ། ཁོ་བོའི་བདེན་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་མ་གྲུབ་པ་ནི་དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་བ་མེད་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །དེ་ཉིད་ཇི་ལྟར་མ་ཡིན་སྙམ་པ་ལ། ཡང་དག་སྐྱེ་བ་བཀག་པ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །དགག་པར་བྱ་བ་དང་འགོག་པར་བྱེད་པའི་བྱེ་བྲག་གིས། དགག་པ་དེ་གཉིས་ཐ་དད་དོ་སྙམ་དུ་བསམས་པའོ། །བརྒྱ་ཞིག་ལ་མི་སྐྱེ་བ་དེ་གཉིས་ཡང་དག་པར་ན་བྱེ་བྲག་འགའ་ཞིག་ཡོད་པ་མ་ཡིན་ནམ་ཞེས་སྨྲ་བར་འགྱུར་བས། བཤད་པ། ཡང་དག་པར་ན་གཉིས་པོ་ཡང་དག་པར་སྐྱེ་བ་མེད་པ་དང༌། ཀུན་རྫོབ་ཏུ་མི་སྐྱེ་བདག་མེད་དོ། །ཇི་ལྟ་སྙམ་པ་ལ། གང་ཕྱིར་སྤྲོས་དང་བྲལ་བ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེའི་ཕྱིར་སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན། དེ་ལ་གཏན་ཚིགས་ལ་སོགས་པ་ཡན་ལག་མེད་དོ། །སོགས་པ་སྨོས་པས་ནི། དཔེ་དང་ཕྱོགས་ཡོངས་སུ་བསྡུའོ། །དེ་ལྟ་ན་ཡང་ཁྱོད་ཀྱིས་འདོད་པའི་དོན་ཉིད་མི་འགྲུབ་པོ་སྙམ་དུ་བསམས་པའོ། །གལ་ཏེ་འོ་ན་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པར་འགྱུར་རོ་སྙམ་ན། འདི་ལྟར་དེ་གཉིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་དངོས་པོའི་སྟོབས་ཀྱིས་ཞུགས་པའི་སྒྲུབ་པ་མི་རུང་ན། འོ་ན་ཐལ་བར་འགྱུར་རོ་སྙམ་པ་ལ། འདི་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི་གཏན་ཚིགས་ཀྱི་སྣོན་བསྟན་ཏོ། །ཅིའི་ཕྱིར་ཚད་མས་མི་རུང་སྙམ་པ་ལ། ཚད་མ་མ་ཡིན་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་ཕྱིར་གནོད་པ་མེད་སྙམ་པ་ལ། རིགས་པས་འོངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །


DTG107_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བླུན་པོ་ནི་སྡང་བར་རིགས་པ་ཁོ་ན་ཡིན་པས། རྟོག་པ་སྔོན་དུ་གཏོང་བ་སྨོས་སོ། །དཔྱད་པ་ནི་ཁས་བླངས་པའི་ཆེད་ཡིན་ན། གལ་ཏེ་ཅི་ཞིག་ལྟར་ན་ཀུན་རྫོབ་ཁས་བླངས་པར་གྱུར་པ་དེའི་ཚེ་དཔྱད་པ་མི་མཛེས་སོ་ཞེ་ན། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔྱོད་པར་ཡང་བྱེད་པས་དེའི་ཕྱིར་འདི་སྔར་ཁས་མ་བླངས་སོ་སྙམ་དུ་བསམས་པའོ། །འདི་ཉིད་ཅིའི་ཕྱིར་སྙམ་པ་ལ། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྨྲ་ཉིད་ལའམ་ཞེས་བྱ་བ་ནི། དབུ་མ་པ་ལ་སྟེ། ཀུན་རྫོབ་ཁས་མི་ལེན་ན་ཁྱོད་ལ་ཡང་མངོན་སུམ་ལ་སོགས་པ་དང་འགལ་བར་འགྱུར་རོ་སྙམ་དུ་བསམས་པའོ། །བརྒྱ་ཞིག་ལ་ཁོ་བོ་ཅག་འདི་ཡོངས་སུ་སྤོང་ངོ༌། །ཞེས་ཕ་རོལ་པོ་སྨྲ་བར་འགྱུར་བས་གང་གིས་ན་ཁྱོད་མ་གཏོགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བརྒྱ་ཞིག་ལ་ཁོ་བོ་ཅག་འདི་ཡོངས་སུ་མི་སྤོང་མོད་ཀྱི། འདིས་བདག་ཅག་མི་འཇིགས་སོ་ཞེས་སྨྲ་བར་འགྱུར་ན། གལ་ཏེ་དེས་ཁྱེད་མི་འཇིགས་སོ་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཀུན་རྫོབ་ནི་ཇི་ལྟར་སྣང་བ་བཞིན་ཞེས་བྱ་བ་ནི་མངོན་སུམ་ཞེས་བྱ་བའི་ཐ་ཚིག་གོ །ཚད་མས་ཞེས་བྱ་བ་ནི་རྗེས་སུ་དཔག་པས་སོ། །དེ་ལ་ཞེས་བྱ་བས་ནི་མངོན་སུམ་གྱི་ཚད་མ་ལའོ། །གནོད་པ་འབབ་ན་ཞེས་བྱ་བ་ནི་ཀུན་རྫོབ་མངོན་སུམ་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །ཅིའི་ཕྱིར་ཡིད་བརྟན་དུ་མི་རུང་བར་བརྗོད་སྙམ་པ་ལ། མཚན་ཉིད་དང་ལྡན་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟ་ན་ཡང་ཚད་མ་མེད་པའི་ཕྱིར་ཚིག་ཙམ་གྱིས་ནི་ཀུན་རྫོབ་ཀྱང་དགག་པར་མི་ནུས་པ་ཁོ་ནའོ་སྙམ་དུ་སེམས་པའོ། །ཚད་མ་མེད་པའི་ཕྱིར་རམ་ཚད་མས་གནོད་པའི་ཕྱིར། གང་ཞིག་ཡང་དག་དངོས་མི་འདོད་པའི་སྨྲ་བ་དེ་ལ་ཚད་མ་མེད་པའམ། ཚད་མས་གནོད་པའི་ཀུན་རྫོབ་ཅི་ཞིག་སྨོས། འདོད་པ་ཞེས་བྱ་བ་ལྷག་མ་སྟེ། དེ་ལ་དེ་འདོད་པ་ཤིན་ཏུ་ཡང་མེད་དོ་སྙམ་དུ་བསམས་པའོ། །གལ་ཏེ་ཀུན་རྫོབ་ཁས་མ་བླངས་ན་ཐ་སྙད་མེད་པ་དང། དོན་བྱེད་པ་མེད་པར་འགྱུར་བ་མ་ཡིན་ནམ། དེའི་ཕྱིར་ཁྱོད་ཀྱིས་ཀུན་རྫོབ་གདོན་མི་ཟ་བར་ཁས་བླངས་པར་བྱ་དགོས་སོ་ཞེ་ན། བཤད་པ་ཅི། ཐ་སྙད་ལ་སོགས་པ་མེད་པ་དེ་སྨྲ་བར་གཞན་ལའང་མི་མཚུངས་སམ། ཐ་སྙད་ལ་སོགས་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་དེས་ཀྱང་ཀུན་


DTG107_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

རྫོབ་ཏུ་ཁས་བླང་བར་བྱ་བ་ཐོས་སོ་ཞེས་བྱ་བའི་ཐ་ཚིག་གོ །ཅིའི་ཕྱིར་སྙམ་པ་ལ། འཇིག་རྟེན་བཞིན་དུ་བསྙད་བྱ་དགོས། །ཞེས་བྱ་བ་སྨོས་ཏེ། ཁོང་དུ་ཆུད་པར་སླའོ། །དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པ་སྟེ་རྟོགས་པར་སླའོ། །གལ་ཏེ་སྣང་བའི་ངོ་བོ་གང་ཡིན་པ་དེ་མི་འགོག་ན་འོ་ན་ཅི་འགོག་སྙམ་པ་ལ། བཤད་པ། རྣམ་པ་གང་སྣང་བ་མིན་ལ། སྨྲ་བ་གཞན་གྱིས་ཡོངས་སུ་བརྟགས་པ་དེ་ཉིད་འགོག་ཅེས་བྱ་བར་སྦྱར་རོ། །དེ་ཡང་ནི་ཞེས་བྱ་བ་ནི་དམིགས་ཀྱིས་བསལ་བའོ། །རྣམ་པ་དེ་གང་ཡིན་སྙམ་པ་ལ། ཡང་དག་པར་ཞེས་བྱ་སོགས་པར་ཞེས་བྱ་བ་སྨོས་སོ། །དེ་གང་ཡིན་སྙམ་པ་ལ། སྐྱེ་ལ་སོགས་པ་ཞེས་བྱ་བ་སྨོས་སོ། །གང་ཡང་ཞེས་བྱ་བ་ལ་སོགས་པ་རྣམ་པར་འགྲེལ་པ་ནི་ཁོང་དུ་ཆུད་པར་སླའོ། །བསྟན་བཅོས་ལ་སོགས་པ་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི། གྲོགས་པོ་ངན་པ་ལ་བརྟེན་པ་དང༌། ལོག་པ་ལ་གོམས་པའི་བག་ཆགས་ཐོག་མ་མེད་པའི་དུས་ཅན་ལ་བརྟེན་པ་ཡང་གཟུང་ངོ༌། །ཅིའི་ཕྱིར་དེ་ཉིད་འགོག་སྙམ་པ་ལ། དེ་བཀག་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བས་རིགས་པས་སྨྲ་བའི་ལྟ་བ། འདིར་ནི་དེ་ལྟ་བུ་ཇི་སྐད་སྨོས་པའི་རྣམ་པས་བརྟགས་པ་ཁོ་ན་སྟེ། མི་སྣང་བ་ལ་ཡང་དག་པར་སྐྱེ་བ་ལ་སོགས་པར་རྟོག་པས་སྒྲོ་བཏགས་པ་ཁོ་ན། དགག་པར་རིགས་ཏེ་རིགས་པས་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་ཅིའི་ཕྱིར་ཞེ་ན། བཤད་པ། ཇི་སྐད་སྨོས་པའི་ཉེས་པ་མེད་པའི་ཕྱིར་རོ། །གོང་དུ་བརྗོད་པ་མངོན་སུམ་ལ་སོགས་པ་དང་འགལ་བའི་ཉེས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །བརྟགས་པ་མ་ཡིན་འགོག་པ་འདི། །ཞེས་བྱ་བ་ལ་སོགས་པ་ནི། གཟུགས་ལ་སོགས་པའི་ལུས་རྟོག་པའི་ཉེས་པས་མ་སྤངས་པ་ཞེས་བྱ་བ་ལ་སོགས་པས་འགྲེལ་ཏེ། རྟོག་པ་ཉིད་ཉེས་པ་ཡིན་ནོ། །གཟུགས་ལ་སོགས་པའི་ལུས་འདི་ལ་དེས་མ་སྤགས་པ་ཁོ་ན་ཡོད་པས་ཞེས་ཚིག་རྣམ་པར་སྦྱར་རོ། །ཅི་ལྟ་བུ་ཞིག་ཅེ་ན། རྒྱུ་དང་རྐྱེན་ལ་རག་ལས་ཏེ་སྐྱེ་བས་གཞན་གྱི་དབང་གི་བདག་ཉིད་དོ། །ཅིའི་ཕྱིར་ལུས་རྟོག་པའི་ཉེས་པས་མ་སྤགས་པ་ཅན་ཡིན་སྙམ་པ་ལ། བཤད་པ། རྣམ་པར་ཤེས་པ་ཙམ་སྣང་བ་ཡིན་ཏེ་རྟོག་པས་


DTG107_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

དབེན་པའི་ཤེས་པ་སྣང་བ་ཞེས་བྱ་བའི་ཐ་ཚིག་གོ །ཙམ་སྨོས་པ་ནི་རྟོག་པ་དང་ལྷན་ཅིག་པ་རྣམ་པར་གཅོད་པར་བྱེད་པའོ། །གཟུགས་ལ་སོགས་པ་དེ་ལྟ་བུ་དེ་ནི་རང་རིག་པའི་ཕྱིར། དགག་པར་བྱ་མི་ནུས་པ་འབའ་ཞིག་ཏུ་མ་ཟད་ཀྱི། འགོག་པར་བྱེད་ན་བྱེད་པ་པོ་ལ་ཕྱིར་གནོད་པ་ཁོ་ན་བྱེད་དོ་ཞེས་བྱ་བར་སྦྱར་རོ། །གང་གིས་ཤེ་ན། བཤད་པ། མངོན་སུམ་ལ་སོགས་པས་སོ། །སོགས་པ་སྨོས་པས་ནི། རྗེས་སུ་དཔག་པ་ལ་སོགས་པ་ནང་དུ་བསྡུ་བར་བྱའོ། །གལ་ཏེ་གཟུགས་ལ་སོགས་པ་སྣང་བ་ལ་ཡང་དག་པར་སྐྱེ་བ་ལ་སོགས་པར་བརྟགས་པ་གང་ཡིན་པ་དེ་ནི་དགག་པར་རིགས་ཀྱི། གཙོ་བོ་ལ་སོགས་པ་དགག་པ་གོ་སྣང་བ་གང་གི་ཡིན། མ་ཡིན་ནམ་ཞེ་ན། བཤད་པ། རྣམ་པར་རྟོག་པ་སྣང་བ་ཡི། །གཙོ་བོ་ལ་སོགས་ཡང་དག་པར། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སོགས་པའི་སྒྲས་ནི་བདག་ལ་སོགས་པ་གཟུང་ངོ༌། །སྣང་བའི་ཉམས་སུ་མྱོང་བའི་རྟག་པ་ལ་སོགས་པའི་ངོ་བོ་དངོས་པོའི་རྒྱུར་གྱུར་པར་གྲངས་ཅན་ལ་སོགས་པ་གཞན་གྱིས་བརྟགས་པ་གང་ཡིན་པ་དེ་འགོག་གོ །ཇི་ལྟར་བརྟགས་ཤེ་ན། བཤད་པ། ཡང་དག་པར་རོ། །ཁ་ཅིག་ན་རེ་འདུས་བྱས་ཡང་དག་པར་ན་མི་སྐྱེའོ་ཞེས་བྱ་བ་ཡང་དག་པར་ཞེས་བྱ་བའི་ཚིག་འདི་འགོག་པའི་བྱེ་བྲག་ཡིན་ཏེ། དེའི་ཕྱིར་འདུས་བྱས་ཡང་དག་པར་མི་སྐྱེའོ་ཞེས་བྱ་བ་ནི། འདི་སྐད་དུ་བདེན་པ་ཁོ་ནར་མི་སྐྱེའོ་ཞེས་བཤད་པ་ཡིན་ནོ། །དེ་ལྟ་ན་ཡང་ཀུན་རྫོབ་ཏུ་ཡང་མི་སྐྱེའོ་ཞེས་བྱ་བར་འགྱུར་ཏེ། དེའི་ཕྱིར་ཁྱོད་ལ་ཁས་བླངས་པ་དང་འགལ་བའི་ཉེས་པར་འགྱུར་རོ་ཞེས་ཟེར་བ་དེ་དགག་པའི་ཕྱིར། བཤད་པ། ཡང་དག་པར་སྐྱེ་བ་ལ་སོགས་པར་བརྟགས་པ་མི་སྣང་བ་འགོག་པར་བྱེད་པ་ལ་ཡང་དག་པར་ཞེས་བྱ་བའི་ཚིག་ནི་འགོག་པའི་བྱེ་བྲག་མ་ཡིན་གྱི་འདི་སྐད་བསྟན་པ་ཡིན་ཏེ། ཡང་དག་པར་སྐྱེའོ་ཞེས་གང་ཕ་རོལ་པོས་ཁས་བླངས་པ་དེ་དགག་པར་སྦྱར་གྱི། འདི་འགོག་པའི་བྱེ་བྲག་ནི་མ་ཡིན་ནོ། །དེའི་ཕྱིར་གང་གིས་ན་ཁས་བླངས་པ་དང་འགལ་བར་འགྱུར་བ། ཀུན་རྫོབ་ཇི་ལྟར་མེད་པར་འགྱུར། །ཞེས་བཤད་པ་ཡིན་ནོ། །གཞན་གྱི་དབང་བསྒྲུབ་པར་བྱ་བའི་ཕྱིར་མདོ་གང་དག་འཕགས་པ་རྣམས་ཀྱིས་གསུངས་པ་དེ་དག་འདི་ཁོ་ནར་རུང་ངོ་ཞེས་བྱ་བར་བསྟན་པའི་ཕྱིར་མདོ་


DTG107_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བཤད་པར་འདོད་ནས། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་ལ་ནི་གཞན་གྱི་དབང་བཀག་པའི་ཕྱིར། ཇི་ལྟར་མི་འཐད་པ་དེ་བཞིན་དུ་བཤད་ཟིན་ཏོ། །ཡང་དག་པར་སྐྱེ་བ་ལ་སོགས་པའི་མཚན་ཉིད་དུ། བརྟགས་པའི་དངོས་པོ་ཡོད་མ་ཡིན།། གཞན་གྱི་དབང་ནི་ཡོད་པ་སྟེ། །རྟེན་ཅིང་འབྲེལ་བར་འབྱུང་བའི་དངོས་པོ་ཇི་ལྟར་སྣང་བ་བཞིན་ཞེས་བྱ་བའི་ཐ་ཚིག་གོ །བརྟགས་པ་ཡོད་དོ་ཞེས་སྨྲ་ན་སྒྲོ་འདོགས་པའི་མཐར་ལྟུང་ངོ༌། །ཇི་ལྟར་སྣང་བ་བཞིན་ཡང་མེད་དོ་ཞེས་སྨྲ་ན། སྐུར་བ་འདེབས་པའི་མཐར་ལྟུང་ངོ༌། །དེའི་ཕྱིར། སྒྲོ་འདོགས་པ་དང་སྐུར་འདེབས་པའི། །མཐར་རྟོགས་པ་ནི་ཕུང་བར་འགྱུར། །གཞན་གྱི་དབང་གི་མཚན་ཉིད་ཀྱི། །ཆོས་རྣམས་ཐམས་ཅད་བརྟགས་པ་ཡི། །ངོ་བོ་ཉིད་ཀྱིས་མ་སྐྱེས་སོ། །ཇི་ལྟར་སྣང་བ་བཞིན་ནི་རང་གི་ངོ་བོས་སྐྱེས་པ་ཁོ་ན་ཡིན་ནོ། །དེ་ལྟ་མ་ཡིན་ན་བརྟགས་པ་ཞེས་བྱ་བའི་བྱེ་བྲག་དོན་མེད་པར་འགྱུར་རོ། །མི་རྣམས་གཞན་གྱི་དབང་དངོས་པོ་ཇི་ལྟར་སྣང་བ་གཞན་སྐྱེས་པ་ལ་བརྟེན་ནས་རྣམ་པར་རྟོག་པ་འབྱུང་ངོ༌། །གཟུགས་ལ་བརྟགས་པ་མེད་པ་སྟེ། །དེས་དབེན་པ་ནི་གཞན་གྱི་དབང་གི་དངོས་པོ་ཡིན་ནོ། །དེ་ཡང་ངོ་བོ་ཉིད་ཡིན་པས། རབ་འབྱོར་གཟུགས་ནི་གཟུགས་མེད་པའི་ངོ་བོ་ཉིད་ཡིན་ཞེས་རྒྱས་པར་འབྱུང་ངོ་ཞེས་བྱ་བ་ཡང་བརྗོད་པར་རུང་ངོ༌། །བརྒྱ་ཞིག་ལ་དངོས་པོ་གང་ཞིག་མེད་པ་དེ་ལ་གཟུགས་ཀྱང་མེད་ན་ཇི་ལྟར་ངོ་བོ་ཉིད་དུ་འགྱུར་བར་འོས་ཞེས་སྨྲ་བར་འགྱུར་བས། དེ་ལྟར་བྱས་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྙམ་དུ་གཞན་གྱི་དབང་ཇི་ལྟར་སྣང་བ་བཞིན་ཡོད་པའི་ཕྱིར། གཟུགས་མེད་པའི་ངོ་བོ་ཉིད་ཅེས་བྱ་བའི་ཚིག་ནི་ཁོ་བོ་ཁོ་ན་ལ་རུང་གི་ཁྱོད་ལ་ནི་མ་ཡིན་ཏེ། དེ་ཚུལ་ཇི་ལྟ་བ་བཞིན་དུ་བཀག་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །དེ་ལྟ་ན་གཟུགས་མེད་པའི་ངོ་བོ་ཉིད་ཅེས་བྱ་བའི་ཚིག་འདིའི་དོན་ནི་གཞན་གྱི་དབང་བརྟགས་པའི་ངོ་བོས་དབེན་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །ལས་དང་འབྲས་བུ་དག་ཇི་ལྟར། །རྣམ་པར་གནས་ཞེས་བྱ་བ་ལྷག་མའོ། །བསམ་པ་ནི་ལས་དང་འབྲས་བུ་དག་ནི་དབང་པོའི་ཡུལ་མ་ཡིན་པའི་ཕྱིར་ཇི་ལྟར་སྣང་བ་བཞིན་རྣམ་པར་གནས་པར་རིགས་པ་མ་ཡིན་ནོ་སྙམ་པ་འདི་ཡིན་ནོ། །


DTG107_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་པོའི་ལྟ་བ་ལ་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ། དངོས་པོ་ནི་ཁྱོད་ཁོ་ནའི་མཐོང་བ་ལྟར་རྣམ་པར་གནས་པ་མ་ཡིན་གྱི། དེ་གང་གིས་ཇི་ལྟར་མཐོང་བ་དེའི་མཐོང་བ་ལ་ཡང་བརྟེན་ནས་དེ་ཇི་ལྟར་སྣང་བ་བཞིན་རྣམ་པར་གནས་ལ། བཅོམ་ལྡན་འདས་ཀྱིས་ཀྱང་ལས་དང་འབྲས་བུ་ཇི་ལྟར་གཟིགས་པ་དེ་བཞིན་དུ། བཅོམ་ལྡན་འདས་ཀྱི་གཟིགས་པ་ལ་བརྟེན་ནས་དེ་གཉིས་རྣམ་པར་གནས་པས་དེའི་ཕྱིར། ཐམས་ཅད་ཇི་ལྟར་སྣང་བཞིན་གནས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རི་རབ་ལ་སོགས་པ་ཡང་སྙམ་དུ་བསམས་པའོ། །འདི་ལ་གཟིགས་པ་སྣང་བ་ཐོགས་པ་མི་མངའ་བ་ཡོད་པས་ཞེས་ཚིག་རྣམ་པར་སྦྱར་རོ། །ཐུགས་རྗེའི་རང་བཞིན་ཅན་ཞེས་བྱ་བའི་རང་བཞིན་ནི་རྒྱུ་འམ་ངོ་བོ་ཉིད་ཡིན་ནོ། །རྟོག་པས་བཅིངས་པ་གཟིགས་ནས་ནི། །ཇི་ལྟར་སྣང་བ་བཞིན་ཁོ་ན་ཞེས་བྱ་བ་ལྷག་མའོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་སྔར་བསྟན་པ་ལས་དང་འབྲས་བུ་དག་གཟིགས་པ་པོ་ཡིན་པར་སྟོན་ཏེ། །སོགས་པ་སྨོས་བས་ནི། ཕུང་པོ་དང་ཁམས་ལ་སོགས་པ་ཡོངས་སུ་བསྡུའོ། །འགྲོ་བ་རྟོག་པའི་ལྕགས་སྒྲོག་གིས་བཅིངས་པ་ལ་གཟིགས་ནས། འགྲོ་བ་བཅིངས་པ་ཐར་པ་བསྟན་པ་མཛད་དོ་ཞེས་བྱ་བར་སྦྱར་རོ། །གང་དུ་བཅིངས་ཤེ་ན། འཁོར་བའི་བཙོན་རར་རོ། །བཅིངས་བ་ཐར་པ་བསྟན་པ་མཛད་པ་དེ་སུ་སྙམ་པ་ལ། བཤད་པ། བཅོམ་ལྡན་འདས་ལས་དང་འབྲས་བུ་མཁྱེན་པའི་ཐུགས་རྗེའི་རང་བཞིན་ཅན་གྱི་སྐུ་ཅན་དེ་ཉིད་དོ། །འདི་ལ་ཐུགས་རྗེའི་རང་བཞིན་གྱི་སྐུ་ཡོད་པས་ཞེས་ཚིག་རྣམ་པར་སྦྱར་རོ། །ཅི་མཛད་དེ་ཞེ་ན། དངོས་པོར་འཛིན་པ་མ་ལུས་པར་སེལ་བར་མཛད་ཅིང་ངོ༌། །ཇི་ལྟར་ཞེ་ན། བཤད་པ། རིམ་གྱིས་སོ། །རིམ་པ་གང་གིས་ཤེ་ན། བསམ་པ་ཇི་ལྟ་བ་བཞིན་དུ་ཕུང་པོ་ལ་སོགས་པ་བསྟན་པས་སོ། །ཇི་སྟེ་རྟོགས་པ་ཞེས་བྱ་བ་འདི་ཅི་ཡིན་ཞེས་བྱ་བ་འདི་ལ་བསམ་པ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཡིན་ན་རྟོག་པ་ཞེས་བྱ་བ་ཅི་ཡང་མེད་དོ་སྙམ་པ་འདི་ཡིན་ནོ། །ཅི་ཡིན་ཞེས་བྱ་བའི་སྒྲ་ནི་སྤོང་བའོ། །སྒྲོ་བཏགས་རྣམ་ཅན་རྟོག་པ་ཡིན། །ཞེས་བྱ་བ་འདིས་ནི། འདི་ཐམས་ཅད་ནི་ཇི་ལྟར་སྣང་བ་བཞིན་རྣམ་པར་གནས་ཏེ། དེའི་ཕྱིར་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་


DTG107_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོ་བཏགས་པའི་རྣམ་པ་ཅན་རྟོག་པ་ཡང་ཇི་ལྟར་སྣང་བ་བཞིན་ཁོ་ན་ཡིན་ནོ་ཞེས་དེ་སྟོན་པར་བྱེད་དོ། །དེ་ལྟ་བུ་ཡིན་དུ་ཟད་མོད་འོན་ཀྱང་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ངོ་བོ་ཉིད་མེད་པ་ཡིན་ནོ། ཇི་ལྟར་འཆིང་བའི་རྒྱུ་ཉིད་དུ་གསུངས་སྙམ་པ་ལ། དེ་དག་འཆིང་བའི་རྒྱུ་ཉིད་དུ། ཇི་ལྟར་རྣམ་པ་གང་གིས་གཟིགས་པ་དེ་བཞིན་གསུངས། ཇི་ལྟར་སྣང་བ་བཞིན་འཆིང་བའི་རྒྱུ་ཉིད་དུ་ཞེས་བྱ་བ་ལྷག་མའོ། །དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པས་ཚིག་ལེའུར་བྱས་པའི་ཆ་འདི་ཉིད་གསལ་བར་བྱེད་དོ། །ཅིའི་ཕྱིར། ཡང་དག་པར་ནི་མ་ཡིན་ཞེ་ན། འདི་ལྟར་དེ་དག་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཇི་ལྟར་མེད་པ་རྣམས་དོན་བྱ་བ་དག་ལ་ནུས་སྙམ་པ་ལ། བཤད་པ། མེད་པ་ལྕགས་སྒྲོག་ལ་སོགས་པ་རྣམས་ཀྱང་དོན་བྱ་བ་དག་ལ་ནུས་པ་ཇི་ལྟར་སྣང་བ་བཞིན་དུ་འདོད་དེ། འདི་ལྟར་ལྕགས་སྒྲོག་ལ་སོགས་པ་ཡང་ཕྱོགས་ཀྱི་ཆས་གཞིགས་ན་མེད་པ་ཉིད་དོ། །ཡང་ན་སྲིད་པའོ། །འདི་ནི་རྣམ་པར་དབྱེ་བའི་ཕྱིར། མེད་པ་རྣམས་ཀྱང་ཞེས་བྱ་བ་སྨོས་ཏེ། འཆིང་བ་ལ་སོགས་པའི་དོན་བྱེད་པར་མི་འགལ་བ་ཁོ་ནའོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་སྙམ་པ་ལ། ཇི་ལྟར་གྲགས་པ་བཞིན་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་སྣང་བ་བཞིན་ཞེས་བྱ་བའི་ཐ་ཚིག་གོ ། ཅིའི་ཕྱིར་ཡང་དག་པར་མ་ཡིན་ཞེ་ན། ཡང་དག་པར་ན་འཆིང་བ་དང་བཅིང་བར་བྱ་བ་དག་ཀྱང་མེད་དོ་ཞེས་བྱ་བ་སྨོས་སོ། །ཅི་འདྲ་སྙམ་ན། བཤད་པ། འཆིང་བ་བཞིན་ནོ། །འཆིང་བ་ནི་ལྕགས་སྒྲོག་ལ་སོགས་པའོ། །མེད་པ་རྣམས་ཀྱི་ནུས་པ་ཡང་ཇི་ལྟར་སྣང་བ་བཞིན་དུ་འདོད་དོ་ཞེས་བྱ་བ་འདི་དེ་ལྟར་ཤེས་པར་བྱ་སྟེ། འདི་ལྟར། ཡོད་པ་རྣམས་ཀྱི་ནུས་པ་ནི། །ཇི་ལྟར་བུར་ཡང་མི་མཐོང་ངོ༌། །སངས་རྒྱས་རྣམས་ཀྱིས་ཀྱང་ཞེས་བྱ་བ་ལྷག་མའོ། །འདི་རྣམ་པར་འགྲེལ་པར་བྱེད་དེ། ཡོད་པ་རྣམས་ཀྱི་ནུས་པ་ནི་སངས་རྒྱས་ཀྱིས་ཀྱང་གཟིགས་པར་མི་སྤྱོད་ཅེས་བྱ་བར་སྦྱར་རོ། །ཅི་ལ་ཞེ་ན། དོན་བྱེད་པ་དག་ལའོ། །ཅིའི་ཕྱིར་སྙམ་པ་ལ། བཤད་པ། ཤེས་པ་རྣམ་པ་མེད་པ་དང༌། །རྣམ་པ་དང་ལྡན་པས་ཡོངས་སུ་གཅོད་པ་མེད་པའི་ཕྱིར་རོ། །འོ་ན་གཞན་ཞིག་ཡོངས་སུ་གཅོད་པར་བྱེད་པར་འགྱུར་རོ་སྙམ་པ་ལ། ཡོངས་སུ་གཅོད་པར་བྱེད་པ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་


DTG107_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་སོ། །མེད་པ་ལ་ནི་བྱེ་བྲག་ཅི་ཡང་མེད་པས་ཇི་ལྟར་འདོད་ཆགས་ལ་སོགས་པ་འཆིང་བར་ནུས་པ་ལྟར་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་ཡང་དེ་དང་འདྲ་བར་འགྱུར་ལ། ཇི་ལྟར་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པས་ཐར་པར་ནུས་པ་ལྟག །འདོད་ཆགས་ལ་སོགས་པ་ཡང་དེ་དང་འདྲ་བར་འགྱུར་བ་མ་ཡིན་ནམ་ཞེ་ན། བཤད་པ། འདོད་ཆགས་ལ་སོགས་པ་དང༌། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་གང་ལས་འཆིང་བ་དང་ཐར་པ་གང་ཞིག་ཡོད་པར་ཐམས་ཅད་མཁྱེན་པས་གཟིགས་པ་དེ་ཡོད་ན། འདོད་ཆགས་ལ་སོགས་པ་དང་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་དེ་ཡོད་ན་འཆིང་བ་དང་ཐར་པ་དེ་ངེས་པར་ཡོད་དོ། །དེ་མེད་ན་འདོད་ཆགས་ལ་སོགས་པ་དང༌། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་དེ་མེད་ན་འཆིང་བ་དང་ཐར་པ་འདི་མེད་པ་ཉིད་དོ། །རྒྱུ་དེའི་ཕྱིར་ཧ་ཅང་ཐལ་བར་མི་འགྱུར་ཏེ། འདོད་ཆགས་ལ་སོགས་པས་ཀྱང་ཐར་པ་མ་ཡིན་ལ། སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པའི་བཟོད་པས་ཀྱང་འཆིང་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཐ་སྙད་ཐམས་ཅད་ཇི་ལྟར་སྣང་བ་ཁོ་ན་བཞིན་འཇུག་གོ་ཞེས་བྱ་བ་དེ་ནི་དེ་ལྟ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱ་སྟེ། དེའི་ཕྱིར་དངོས་པོ་ཁས་བླངས་སུ་ཟིན་ཀྱང་ངོ་བོ་ཉིད་མེད་པའི་ལྟ་བ་ལས་གཞན་པ་དངོས་པོར་སྨྲ་བའི་ལྟ་བ་ལ། དངོས་པོ་ཇི་ལྟ་བ་བཞིན་ཐ་སྙད་གདགས་སུ་ནི་རིགས་པས་མི་རུང་ངོ༌། །ཅིའི་ཕྱིར་མི་རུང་སྙམ་པ་ལ། མི་སྣང་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དངོས་པོའི་ངོ་བོ་ཞེས་བྱ་བ་ལྷག་མའོ། །ཤེས་པའི་བདག་ཉིད་ལ་ནི་ཞེས་བྱ་བ་ལ་སོགས་པས་ནི་འདི་ཉིད་རྣམ་པར་འགྲེལ་ཏོ། །རྡུལ་ཕྲ་རབ་དག་དང་ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བའི་ལྟ་བ་ལ་བརྟེན་ཏེ་བཤད་པའོ། །གཉིས་མེད་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པར་སྨྲ་བའི་ལྟ་བ་སྟེ། དེ་དག་གི་ལྟར་ན་རྣམ་པར་ཤེས་པའི་བདག་ཉིད་དངོས་པོའི་ངོ་བོ་གཟུང་བ་དང༌། འཛིན་པའི་བདག་ཉིད་ཀྱིས་དབེན་པ་ནི་གཉིས་མེད་པ་ཡིན་ནོ། །གལ་ཏེ་མི་སྣང་དུ་ཟིན་ཀྱང་ཁོ་བོ་དེས་ཐ་སྙད་འདོགས་པར་འགྱུར་རོ་སྙམ་པ་ལ། མི་སྣང་བ་ལ་ནི་ཞེས་བྱ་བ་ལ་སོགས་པ་སྨྲོས་སོ། །གལ་ཏེ་གང་སྣང་བ་དེས་ཐ་སྙད་འདོགས་པར་འགྱུར་རོ་སྙམ་པ་ལ་སྣང་བ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་


DTG107_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་སོ། །ཅིའི་ཕྱིར་དངོས་པོའི་ངོ་བོ་ཁོ་ན་མ་ཡིན་སྙམ་པ་ལ། བཤད་པ། འདུས་པ་ནི། དངོས་པོ་མ་ཡིན་པའི་ཕྱིར་རོ། །གཉིས་ཀྱང་དངོས་པོ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་བསྙེགས་སོ། །འདི་གཉིས་ལས་ཞེས་བྱ་བ་ནི། གཉིས་དང་འདུས་པ་དག་ལས་སོ།། དེ་ཞེས་བྱ་བ་ནི་དངོས་པོའོ། །ཅིའི་ཕྱིར་དེས་ན་ཅི་ཞེས་བྱ། ངེས་པར་མ་ཟིན་པ་དེ་ལྟ་བུ་ལ་ནི་ཐ་སྙད་མེད་དེ། ཐ་སྙད་ནི་ངེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཁོ་བོ་ཅག་གིས་དངོས་པོ་ཇི་ལྟ་བ་བཞིན་ཐ་སྙད་གདགས་སུ་ནི་རིགས་པས་མི་རུང་ངོ་ཞེས་དམ་བཅས་པ་གང་ཡིན་པ་དེ་དེ་ཁོ་ན་བཞིན་དུ་གནས་སོ། །སྔར་ནི་སྣང་བཞིན་དུ་ཡང་དེ་ངེས་པར་མི་ཟིན་ཏོ་ཞེས་བྱ་བ་དེ་ཁས་བླངས་ནས་བཤད་དོ། །ད་ནི་སྣང་བ་ཉིད་ལ་ཡང་ཐེ་ཚོམ་ཡོད་པས་སྣང་ཞེས་བྱ་བ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་ཕྱིར་མནའ་ཆུ་བཏུང་དགོས་སྙམ་པ་ལ། ཡིད་ཆེས་པ་མེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ངེས་པ་མེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །སྔར་ནི་དངོས་པོའི་ངོ་བོ་ཁས་བླངས་ནས་དངོས་པོ་ཇི་ལྟ་བ་བཞིན་དུ་ཐ་སྙད་གདགས་པར་རིགས་པས་མི་རུང་ངོ་ཞེས་བཤད་དོ། །ད་ནི་དངོས་པོའི་ངོ་བོ་ཉིད་ཀྱང་མེད་པའི་ཕྱིར། དངོས་པོའི་ངོ་བོ་མི་རུང་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ཐ་སྙད་གདགས་སུ་རིགས་པས་མི་རུང་ངོ་ཞེས་བྱ་བ་ལྷག་མའོ། །ཇི་ལྟར་མི་རུང་ཞེ་ན། ཚད་མ་མེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དངོས་པོ་གྲུབ་པར་བྱ་བ་ལ་ཞེས་བྱ་བ་ལྷག་མའོ། །ཚད་མས་གནོད་པའི་ཕྱིར། ཡང་དངོས་པོའི་ངོ་བོ་མི་རུང་ངོ་ཞེས་རྣམ་པར་དབྱེ་བ་བསྒྱུར་ཏེ་སྦྱར་རོ། །གཉིས་པོ་དེ་ཇི་ལྟར་སྙམ་པ་ལ། རིགས་པའི་རྗེས་སུ་འབྲངས་ནས་བཤད། །ཅེས་བྱ་བ་སྨོས་ཏེ། མི་རུང་བར་ནི་རྣམ་པ་མེད་པ་ཞེས་བྱ་བ་ལ་སོགས་པས་རིགས་པ་བཤད་ཟིན་ཏོ། །གནོད་པར་ནི། དུ་མས་དངོས་པོ་གཅིག་མི་བྱེད། །ཅེས་བྱ་བ་ལ་སོགས་པས་རིགས་པས་བཤད་ཟིན་ཏོ། །དེ་ལྟར་རབ་ཏུ་བསྒྲུབས་ནས། དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དོ། །དེ་ལ་མངོན་པར་ཞེན་པ་ཞེས་བྱ་བ་ནི་དངོས་པོའི་ངོ་བོ་ལ་མངོན་པར་ཞེན་པའོ། །ངོ་བོ་ཉིད་མེད་པ་ནི་དངོས་སུ་རིགས་པ་དང་ལྡན་ཞིང་ཚད་མས་ཀྱང་མི་གནོད་ལ། ཐ་སྙད་ཀྱང་ཇི་ལྟར་སྣང་བ་བཞིན་སྲིད་པས་དེའི་


DTG107_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཁྱེད་དངོས་པོའི་ངོ་བོར་མངོན་པར་ཞེན་པ་ནི་དོན་མེད་པ་འཕེལ་བར་བྱེད་པའི་འབྱུང་གནས་ཁས་ལེན་པར་བྱེད་པ་འབའ་ཞིག་ཏུ་ཟད་དོ། །དེ་ལྟ་བས་ན་འབད་དེ་འདི་དོར་བར་བྱའོ་སྙམ་པའི་བསམ་པ་དང་ལྡན་ནས། རང་ལྟ་ཆགས་པས་ཅི་ཞིག་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གསལ་བར་ཟད་དོ། །གལ་ཏེ་ལྟ་བ་འདི་ལ་ཡང་ཐམས་ཅད་མེད་པའི་ཕྱིར་ཆད་པར་ཐལ་བར་འགྱུར་བ་མ་ཡིན་ནམ་ཞེ་ན། ལྟ་བ་འདི་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་ཕྱིར་ཆད་པར་ཐལ་བར་མི་འགྱུར་ཞེ་ན། གང་ཕྱིར་རྒྱུ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བརྒྱ་ཞིག་ལ་ཆད་པ་མེད་ན་འོ་ན་རྟག་པར་ཐལ་བར་འགྱུར་རོ་ཞེས་སྨྲ་བར་འགྱུར་བས། དེ་ལོག་ན་ནི་ཞེས་བྱ་བ་སྨོས་ཏེ། རྒྱུ་ལོག་ན་ནི་འབྲས་བུ་ལོག་པ་ལ་ཅིའི་ཕྱིར་རྟག་པ་ཉིད་ཡིན་སྨྲོས། ཅི་ཞེས་བྱ་བའི་སྒྲ་ནི་གཉི་ག་ཡང་སྤོང་བ་ཡིན་ནོ། །འདི་རྣམ་པར་དབྱེ་བའི་ཕྱིར་བཤད་པ། གང་གི་ཚེ་སེམས་ཅན་ཞེས་བྱ་བའི་དངོས་པོ་འདི། འཁོར་བ་ཇི་སྲིད་པར་འཇུག་པ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་འཇུག་ཅེ་ན། བཤད་པ། ལས་དང་ཉོན་མོངས་པའི་དབང་གིས་སོ། །ཇི་ལྟར་ལས་དང་ཉོན་མོངས་པའི་དབང་གིས་འཇུག་ཅེ་ན། བཤད་པ། ཇི་ལྟར་སྣང་བ་བཞིན་ནོ། །དེའི་ཚེ་འདི་ཆད་པར་ཇི་ལྟར་འགྱུར་ཏེ། མི་འགྱུར་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་ཆད་པར་མི་འགྱུར་བ་ཉིད་སྙམ་པ་ལ། འགྲོ་བ་བརྒྱུད་པས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཚེ་དངོས་པོ་འདི་མྱ་ངན་ལས་འདས་པའི་གྲོང་ཁྱེར་ན་གནས་པ་དེའི་ཚེ་འདི་ཇི་ལྟར་རྟག་པར་འགྱུར་ཞེས་བྱ་བར་སྦྱར་རོ། །ཇི་ལྟ་བུ་ཞིག་ཡིན་སྙམ་པ་ལ། བཤད་པ། འཕགས་པའི་བདེན་པ་མཐོང་བ་ཉིད་མེ་ཡིན་ཏེ། གང་ལ་དེས་ལས་དང་ཉོན་མོངས་པ་ཐམས་ཅད་བསྲེགས་པ་ཡོད་པ་དེ་ནི། འཕགས་པའི་བདེན་པ་མཐོང་བའི་མེས་ལས་དང་ཉོན་མོངས་པ་མཐའ་དག་བསྲེགས་པ་ཅན་ནོ། །དེ་བས་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་པར་བྱེད་དོ། །དོན་དམ་པའི་དངོས་པོའི་བདག་ཉིད་ལ་ལྟ་གནས་མི་ཐོད་པ་ཁོ་ན་སྟེ་རྟག་པ་དང་ཆད་པའི་ཆོས་ཉིད་ཅེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་གནས་མི་ཐོད་སྙམ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོང་དུ་ཆུད་པར་སླའོ། །དེ་ལྟ་ཡིན་དུ་ཆུག་ན་ངོ་བོ་ཉིད་མེད་པར་ལྟ་བ་འདི་ལ་ཐམས་


DTG107_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཁྱེན་པ་ཇི་ལྟ་བུ་ཡིན་སྙམ་པ་ལ། བཤད་པ། ཇི་ལྟར་སྣང་བ་འདི་ཁོ་ན། །བརྟེན་ནས་སྐྱེས་པའི་དངོས་པོ་ཐམས་ཅད་ནི། ཐམས་ཅད་མཁྱེན་པས་མངོན་སུམ་གྱི་ཚད་མས་གཟིགས་ཞེས་བྱ་བར་སྦྱར་རོ། །ཇི་ལྟ་བུ་ཞིག་སྙམ་པ་ལ། བརྟགས་པའི་ངོ་བོས་དབེན་པའི་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་སྣང་བ་ཞེས་བྱ་བའི་སྒྲ་ནི་གཟིགས་པ་དང་བརྟེན་ཏེ་སྐྱེས་ཞེས་བྱ་བའི་སྒྲ་གཉི་ག་དང་སྦྱར་བར་དྲང་ངོ༌། །འདི་རྣམ་པར་དགྲོལ་བའི་ཕྱིར། དངོས་པོ་རྣམས་ངོ་བོ་ཉིད་མེད་བཞིན་དུ། ཡང་ཇི་ལྟར་སྣང་བ་ལ་ཞེས་བྱ་བ་སྨོས་ཏེ། ཐམས་ཅད་མཁྱེན་པ་ཞེས་བྱའོ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་མཛད་ཅེ་ན། དངོས་པོ་ཐམས་ཅད་རྣམ་པ་ཐམས་ཅད་དུ་མཁྱེན་པ་ནའོ། །དངོས་པོ་ཇི་ལྟ་བུ་ཞིག་སྙམ་པ་ལ་བརྟེན་ནས་སྐྱེས་པ་ཁོ་ན་ཞེས་བྱ་བ་སྨོས་ཏེ། འདིར་ཡང་ཇི་ལྟར་སྣང་བ་བཞིན་ཞེས་བྱ་བར་སྦྱར་རོ། །གལ་ཏེ་བརྟེན་ནས་སྐྱེས་པ་ཁོ་ན་ཇི་ལྟ་བུ་ཞིག་སྙམ་པ་ལ། ཡང་དག་པར་སྐྱེ་བ་ལ་སོགས་པས་དབེན་པ་ཞེས་བྱ་བ་སྨོས་སོ། །གང་གིས་མཁྱེན་སྙམ་པ་ལ། མངོན་སུམ་གྱིས་ཞེས་བྱ་བ་སྨོས་སོ། །ཇི་ལྟ་ཞེ་ན། བཤད་པ། ཅིག་ཅར་རོ། །རྣམ་པར་ཤེས་པར་སྨྲ་བའི་ལྟ་བ་ལ་ནི་ཐམས་ཅད་མཁྱེན་པ་ཇི་ལྟར་ཡང་མི་རུང་བས། གང་ལ་དོན་གཞན་ཡོངས་གཅོད་པ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཤེས་བྱ་ནང་གི་ཡིན་པར་སྨྲ་བ་ཞེས་བྱ་བ་ལ་སོགས་པས་ནི་འདི་རྣམ་པར་འབྱེད་དོ། །གལ་ཏེ་ཅིའི་ཕྱིར་ཐམས་ཅད་མཁྱེན་པ་བརྟགས་པ་ཁོ་ན་ཡིན་པར་འགྱུར་སྙམ་པ་ལ། བཤད་པ། རྒྱུད་གཞན་ལ་ཡོད་པའི་དངོས་པོ་ཡོངས་སུ་མི་གཅོད་པའི་ཕྱིར་རོ། །ཅིའི་ཕྱིར་ཡོངས་སུ་མི་གཅོད་ཅེ་ན། འདི་ལྟར་གཟུང་བ་དང་འཛིན་པ་མེད་པའི་ཕྱིར་ཏེ། དེ་དག་ཉིད་ཀྱིས་དེ་ལྟ་མ་ཡིན་ན། དོན་དང་ལྡན་པའི་ཕྱིར་རྣམ་པར་རིག་པ་ཙམ་དུ་ངེས་པར་འགྲུབ་པར་མི་འགྱུར་རོ་ཞེས་སྨྲས་སོ། །ཇི་སྟེ་རྒྱུད་གཞན་ལ་ཡོད་པའི་དངོས་པོ་ཅིའི་ཕྱིར་ཡོངས་སུ་མི་གཅོད་སྙམ་ན། བཤད་པ། བློ་རྣམ་པ་དང་བཅས་པ་དང་ཅིག་ཤོས་ཀྱིས་ཡོངས་སུ་གཅོད་པར་མི་རུང་བའི་ཕྱིར་རོ། །རང་གི་རྒྱུད་ལ་ཡོད་པའི་དངོས་པོ་ཡང་དེ་དང་འདྲ་བར་ཡོངས་སུ་གཅོད་པར་མི་རུང་བའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །གང་གིས་ཤེ་ན། བློས་སོ། །ཇི་ལྟ་བུས་ཤེ་ན། རྣམ་


DTG107_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བཅས་པ་དང་ཅིག་ཤོས་ཀྱིས་སོ། །ངོ་བོ་ཉིད་མེད་པར་སྨྲ་བའི་ལྟར་ན་ནི། ཐམས་ཅད་མཁྱེན་པ་མེད་པའི་ཉེས་པར་བཤད་པ་གང་ཡིན་པ་དེ་དག་ཐམས་ཅད་མེད་པས་ཉེས་པ་མེད་པ་ཉིད་ཅེས་བྱ་བ་སྨོས་སོ། །གལ་ཏེ་ཅིའི་ཕྱིར་སྙམ་ན། བཤད་པ། ཇི་ལྟར་གྲགས་པ་བཞིན་ཏེ། ཇི་ལྟར་སྣང་བ་བཞིན་ཡོངས་སུ་གཅོད་པའི་ཕྱིར་རོ། །གང་གི་ཚེ་ཅུང་ཟད་ཀྱང་མི་མཐོང་བ་དེའི་ཚེ་དེ་ཁོ་ན་བཞིན་གནས་ཏེ་ཞེས་བྱ་བ་སྦྱར་རོ། །ཅི་ཞིག་བྱེད་ཅིང་ཞེ་ན། བཤད་པ། དངོས་པོའི་རང་གི་ངོ་བོ་དཔྱོད་པར་བྱེད་ཅིང་ངོ༌། །ཅི་ཞིག་བྱས་ནས་ཤེ་ན། བཤད་པ། ཆོས་རྣམས་མ་སྐྱེས་སོ་ཞེས་བྱ་བ་ལ་སོགས་པ་ཡང་བརྟགས་པའི་བདག་ཉིད་དག་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ནས་སོ། །དེ་དག་ཇི་ལྟར་བརྟགས་པའི་བདག་ཉིད་ཡིན་སྙམ་པ་ལ། བཤད་པ་ཡང་དག་པར་སྐྱེ་བ་ལ་སོགས་པར་རྟོགས་པ་བཀག་པའི་ངོ་བོ་ཉིད་ཀྱིས་སོ། །ཅིའི་ཕྱིར་དེ་ཁོ་ན་བཞིན་གནས་སྙམ་པ་ལ། བཤད་པ། འདི་ལྟར། དེ་ནི་མཚན་མ་མི་འབྱུང་ཕྱིར། །མི་བཞེངས་སོ་ཞེས་བྱ་བར་སྦྱར་རོ། །གང་གི་ཚེ་མཚན་མ་མི་འབྱུང་སྙམ་པ་ལ། བཤད་པ། གང་ཚེ་ཤེས་དང་ཤེས་བྱ་དང༌། །བདག་ཉིད་རྗེས་སུ་མི་མཐོང་ནའོ། །བདག་ཉིད་ཅེས་བྱ་བ་ནི་རྣལ་འབྱོར་པ་ཡིན་པར་སྟོན་ཏོ། །གནས་པ་བརྟན་ཕྱིར་ཡང་མི་ལྡང་ངོ༌། །ཞེས་བྱ་བར་སྦྱར་བར་བྱ་སྟེ། ཡང་ཞེས་བྱ་བ་ནི་མི་མངོན་པར་བསྟན་ཏོ། །གནས་པ་ནི་ཏིང་ངེ་འཛིན་ཏོ། །འདི་རྣམ་པར་འགྲེལ་པར་བྱེད་དེ། བཅོམ་ལྡན་འདས་འདིའི་མཚན་མ་མི་འབྱུང་ན་བཞེངས་པ་ལྟ་ག་ལ་ཡོད་ཅེས་བྱ་བར་སྦྱར་རོ། །མཚན་མ་ཞེས་བྱ་བ་ནི། ཤེས་པ་དང་ཤེས་བྱ་དང་བདག་གི་མཚན་མའོ། །ཅིའི་ཕྱིར་མཚན་མ་མི་འབྱུང་ཞེ་ན། བཤད་པ། བཅོམ་ལྡན་འདས་གང་ལ་རྟོག་པའི་ས་བོན་ཐམས་ཅད་བག་ཆགས་དང་བཅས་ཏེ་རྩ་ནས་བཏོན་པ་ཡོད་པ་དེའི་དངོས་པོ་ནི་དེ་ཉིད་དེ། རྟོག་པའི་ས་བོན་མཐའ་དག་བག་ཆགས་དང་བཅས་ཏེ་རྩ་ནས་བཏོན། ཉིད་ཀྱི་ཕྱིར་རོ། །བག་ཆགས་ནི་ཉོན་མོངས་པས་བྱས་པ་ལུས་ལ་སོགས་པ་འགྱུར་བའོ། །བཅོམ་ལྡན་འདས་འདིའི་ཏིང་ངེ་འཛིན་བརྟན་པའི་ཡང་ཕྱིར་བཞེངས་པ་ལྟ་ག་ལ་ཡོད་ཅེས་བྱ་བར་སྦྱར་རོ། །དེ་ཡང་ཅིའི་ཕྱིར་སྙམ་པ་ལ། བཤད་པ། བསྐལ་པ་གྲངས་མེད་པ་དུ་མར་གུས་པར་མཛད་དེ་བར་ཆད་མེད་པར་


DTG107_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བསྒོམས་པས་ཞེས་བྱ་བ་འདིས་ནི་ཡུན་རིང་པོ་ནས་ལེགས་པར་བསྒོམས་པ་དང་གུས་པར་བྱས་ཏེ། ལེགས་པར་བསྒོམས་པ་དང་བར་ཆད་མེད་པར་ལེགས་པར་བསྒོམས་པས་ཏིང་ངེ་འཛིན་བརྟན་པ་ཉིད་དུ་བསྟན་ཏོ། །གནས་སྐབས་གང་ལ་ཞུགས་པས་ཏེ། གནས་སྐབས་གང་ཞིག་རྟོགས་པས་ཡོན་ཏན་ཀུན་གྱི་རྟེན་དུ་གྱུར་ཏེ། ཡོན་ཏན་ཀུན་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་རྣམས་སོ། །བསམ་གྱིས་མི་ཁྱབ་པར་འགྱུར་ཏེ་སེམས་ཅན་ཐམས་ཅད་ཀྱི་བསམ་པའི་ཡུལ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །མཚུངས་མེད་དུ་འགྱུར་ཏེ། འདི་ལྟར་ཡོན་ཏན་ཐུན་མོང་མ་ཡིན་པའི་རྟེན་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་དང་མཉམ་པའི་སེམས་ཅན་འགའ་ཡང་མེད་དོ། །ཕྱག་གནས་སུ་གྱུར་ཏེ། སེམས་ཅན་ཐམས་ཅད་ཀྱིས་མཆོད་པར་འོས་པའི་ཕྱིར་རོ། །འདྲེན་པར་འགྱུར་ཏེ་ལམ་ངན་པ་ལས་ཕྲལ་ཏེ་ལམ་བཟང་པོ་ཐོབ་པར་མཛད་པའི་ཕྱིར་རོ། །དང་ཞེས་བྱ་བ་ནི་རིམ་པ་གཞན་དུ་སྦྱར་བ་སྟེ། གནས་སྐབས་འགའ་དེ་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །འདིས་ནི་ཆོས་ཀྱི་སྐུ་འབྲས་བུའི་སྒོ་ནས་ཉེ་བར་བསྟོད་པ་ཡིན་ནོ། །ད་ནི་རྣམ་པར་བཤད་པའི་སྒོ་ནས་བསྔགས་པ་བྱ་བའི་ཕྱིར། ཆོས་རྣམས་ཀུན་གྱི་ལུས་ཡིན་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྣམ་པ་གསུམ་གྱིས་ཆོས་ཀྱི་སྐུ་ཞེས་བྱ་ཞེས་བྱ་བ་ནི་ཚིག་གསུམ་བཟུང་ནས་དེ་སྐད་དུ་བཤད་དོ། །དེ་ལྟ་མ་ཡིན་ན་ཚིག་གཅིག་གིས་དོན་གཉིས་ཟིན་པས་རྣམ་པ་བཞིས་ཞེས་བརྗོད་པར་བྱ་དགོས་སོ། །ཅིའི་ཕྱིར་ཆོས་ཐམས་ཅད་ཀྱི་ལུས་ཞེས་བྱ་བ་སྙམ་པ་ལ། འགྲོ་བ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བས་ན་རྣམ་པ་འདི་ལ་ནི་སྐུ་ཞེས་བྱ་བའི་སྒྲ་ནི་ལུས་སུ་བརྗོད་པར་བལྟ་བར་བྱའོ། །ལུས་ནི་ཚོགས་ཡིན་པའི་ཕྱིར་ཆོས་ཀྱི་སྐུ་ནི་ཆོས་རྣམས་ཀྱི་ཚོགས་ཞེས་བྱ་སྟེ། རྒྱུ་ལས་འབྲས་བུ་ཉེ་བར་བཏགས་པའི་ཕྱིར་རོ། །ཅིའི་ཕྱིར་རྒྱུ་ཉིད་ཡིན་སྙམ་པ་ལ་བཤད་པ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཡིན་པའི་ཕྱིར་རོ། །ཡང་ན་འདིར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་སྒྲོགས་ཤིང་བརྗོད་པའི་ཕྱིར་ཆོས་ཀྱི་སྐུ་ཡིན་ནོ། །ཆོས་ཀྱི་དབྱིངས་རྟོགས་ན་འཇིག་རྟེན་


DTG107_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་བོས་པ་བཞིན་དུ་འདུ་སྟེ། ཟད་པ་ཤེས་ལ་ཟག་བཅས་ཀྱང༌། །ཞེས་འབྱུང་བའི་ཕྱིར་རོ། །འདིས་ནི་ཆོས་ཀྱི་སྐུ་ཞེས་བྱ་བའི་སྒྲ་འདི་བྱེད་པའི་སྒྲ་ཉིད་དུ་སྟོན་པར་བྱེད་དོ། །ལུས་ནི་བྱེད་པ་མེད་པ་མ་ཡིན་ནམ། ཇི་ལྟར་ན་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཀུན་གྱི་རྟེན་ཞེས་བྱ་སྙམ་པ་ལ། བཤད་པ། རྟེན་གྱི་དངོས་པོ་ནི་ཀུན་བརྟགས་པའོ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་ཇི་ལྟར་སྙམ་པ་ལ། བཤད་པ། དེ་ལ་འཇུག་པ་ཐོབ་པས་ན་ཆོས་ཀྱི་དབྱིངས་ལ་འཇུག་པ་རྟོགས་པ་སྟེ། དེས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་རྣམས་ཐོབ་པའོ། །ཅིའི་ཕྱིར་རིགས་པས་རྣམ་པར་གནས་པའི་ངོ་བོ་ཉིད་ཡིན་སྙམ་པ་ལ། བཤད་པ། ངོ་བོ་ཉིད་དེ་ཉིད་རིགས་པ་དང་ལྡན་པའི་ཕྱིར་རོ། །དེ་ལྟ་བས་ན་འདིས་ནི་ཆོས་ཞེས་བྱ་བའི་སྒྲ་ནི་རིགས་པར་བརྗོད་པ་ཡིན། སྐུ་ཞེས་བྱ་བའི་སྒྲ་ནི་ངོ་བོ་ཉིད་དུ་བརྗོད་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ཆོས་ཀྱི་སྐུ་མདོར་བསྡུས་ཏེ་བསྟན་ནས། ལོངས་སྤྱོད་རྫོགས་པའི་སྐུ་བརྗོད་པར་རྩོམ་པ་ན། དེ་ཚེ་རྣམ་རྟོག་མེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཚེ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྟོགས་པར་བྱེད་པའི་དུས་སྟོན་པར་བྱེད་དོ། །གལ་ཏེ་རྟོག་པར་མི་མཛད་ན་ཇི་ལྟར་སེམས་ཅན་གྱི་དོན་འབྱུང་སྙམ་པ་ལ། བཤད་པ་སྔོན་གྱི་ཤུགས་ཀྱིས་ཏེ་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱི་ཞེས་བྱ་བའི་ཐ་ཚིག་གོ །སེམས་ཅན་གྱི་དོན་གང་གི་ཚེ་ཅི་འདྲ་བ་ཞིག་གང་དུ་རྣམ་པ་ཇི་ལྟ་བུ་ཞིག་འབྱུང་སྙམ་པ་ལ། རྟག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བས་ན་འདིས་ནི་ཐམས་ཅད་ནས་སེམས་ཅན་གྱི་དོན་འབྱུང་བར་རྗོད་པར་བྱད་ཅིང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡང་སྟོན་ཏོ། །གཞན་གྱི་དོན་ཕུན་སུམ་ཚོགས་པ་འདི་ནི་གཙོ་བོ་ཡིན་པའི་ཕྱིར་སྔར་བཤད་དོ། །རང་གི་དོན་ཕུན་སུམ་ཚོགས་པ་ནི། གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་ཡིན་པའི་ཕྱིར་ཕྱིས་སྨོས་སོ། །ཚིགས་སུ་བཅད་པ་གཉིས་པའི་ཕྱེད་གོང་མས་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏོ། །ཕྱེད་འོག་མས་ནི་ཆེ་བའི་བདག་ཉིད་ཕུན་སུམ་ཚོགས་པ་བསྟན་ཏོ། །ཚིགས་སུ་བཅད་པ་གསུམ་པའི་ཕྱད་གོང་མས་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཕྱེད་འོག་མས་ནི་ཤེས་བྱའི་


DTG107_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པ་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །གང་ལ་མཁྱེན་པའི་སྐད་ཅིག་གཅིག་གིས་ནི། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །མངའ་བ་ཞེས་ཚིག་རྣམ་པར་སྦྱར་རོ། །ཡོན་ཏན་རིན་པོ་ཆེའི་ཚོགས་དང་ཏིང་ངེ་འཛིན་དང་བསམ་གཏན་དག་ཚིག་རྣམ་པར་ཕྲལ་བ་རྣམས་བསམ་གྱིས་མི་ཁྱབ་པའི་ཚིག་དང༌། གཞི་མཐུན་པའི་བསྡུ་བ་བྱས་ནས་རྟེན་གྱི་ཚིག་དང་དྲུག་པའི་བསྡུ་བ་བྱའོ། །ཡོན་ཏན་ནི་མངོན་པར་ཤེས་པ་དང་ཚད་མེད་པ་དང་སྟོབས་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའོ། །ཏིང་ངེ་འཛིན་རྣམས་ནི་དཔའ་བོར་འགྲོ་བ་དང་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་སོགས་པའོ། །བསམ་གཏན་རྣམས་ནི་དང་པོ་ལ་སོགས་པའོ། །རྟོག་པ་དང་ཉོན་མོངས་པ་དང་བག་ཆགས་རྣམས་ཀྱི་ཚིག་ཕྲལ་བ་བྱས་ནས། གང་ལ་རྟོག་པ་དང་ཉོན་མོངས་པ་དང་བག་ཆགས་རྣམས་མ་ལུས་པར་གཏན་གཅད་པ་ཡོད་པ་ཞེས་འབྲུ་མང་པོར་བྱའོ། །རྟོག་པ་ནི་ཉོན་མོངས་པ་འབྱུང་བའི་རྒྱུ་ལོག་པའི་རྣམ་པར་རྟོག་པའོ། །བག་ཆགས་ནི་ཉོན་མོངས་པའི་འབྲས་བུ་ལུས་དང་ངག་འགྱུར་བའོ། །འདི་གཉིས་ནི་ཉོན་མོངས་པའི་རྒྱུ་དང་འབྲས་བུ་དག་ཡིན་ནོ་ཞེས་བྱ་བ་རབ་ཏུ་བསྟན་པའི་ཕྱིར་ཉོན་མོངས་པ་རབ་ཏུ་བསྟན་ཏོ། །དེ་ལྟ་མ་ཡིན་ན་ཉོན་མོངས་པ་ཞེས་བྱ་བའི་ཚིག་དང་པོ་སྨྲ་བར་འགྱུར་རོ། །གང་ལ་ཤེས་བྱའི་ཡུལ་ལ་མི་ཤེས་པའི། །ཚོགས་ནི་མཐའ་དག་རྣམ་སྤངས་ཅན། །མངའ་བ་ཞེས་ཚིག་རྣམ་པར་སྦྱར་རོ། །ཚིགས་སུ་བཅད་པ་གསུམ་སྨོས་པའི་དོན་མདོར་བསྡུས་ནས་བརྗོད་པར་བྱ་སྟེ། ཉེས་པ་ཀུན་གྱིས་མ་ཡིན། །ཞེས་བྱ་བ་འདིས་ནི་སྒྲིབ་པ་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཡོན་ཏན་རྒྱ་མཚོ་ཀུན་གྱིས། །ཞེས་བྱ་བ་འདིས་ནི་ཆེ་བ་ཉིད་ཕུན་སུམ་ཚོགས་པ་བསྟན་ཏོ། །རྟག་ཏུ་ཞེས་བྱ་བ་ལ་སོགས་པས་ནི་ཚིགས་སུ་བཅད་པ་དང་པོར་བསྟན་པ་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །ཡིད་བཞིན་ནོར་བུ་བཞིན་དུ་ནི། །ཞེས་བྱ་བ་ལ་སོགས་པས་འདིའི་གནས་པའི་དུས་སྟོན་ཏེ། གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་སོགས་པས་མཚུངས་པ་མེད་པ་ཁོ་ནར་འཁོར་བ་ཇི་སྲིད་དུ་འཇུག་གོ །ཅི་དང་འདྲ་བར་མཚུངས་པ་མེད་ཅེ་ན། ཡིད་བཞིན་གྱི་ནོར་བུ་བཞིན་ནོ། །འགའ་ཞིག་གིས་ཆོས་མཐུན་


DTG107_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་འདིའི་དཔེ་བས་ཀྱི་རྣམ་པ་ཐམས་ཅད་ནི་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །འདིའི་རྒྱུ་ཕུན་སུམ་ཚོགས་པ་བརྗོད་པའི་ཕྱིར་བཤད་པ་འདི་ནི་ཐུགས་རྗེ་ཆེན་པོས་བསྒྲུབས་པ་ཡང་ཡིན་ལ་བསམ་གྱིས་མི་ཁྱབ་པའི་བསོད་ནམས་དང་ཡེ་ཤེས་ཀྱང་ཡིན་པ་དེ་ལས་མཚུངས་མེད་འབྱུང་བ་འདི་ལ་ཡོད་པས། ཐུགས་རྗེ་ཆེས་བསྒྲུབས་བསམ་མི་ཁྱབ། །བསོད་ནམས་ཡེ་ཤེས་མཚུངས་མེད་འབྱུང་བ་ཡིན་ནོ། །ཡང་དག་པའི་མཆོག་ཐོབ་ཅིང་ཞེས་བྱ་བ་ལ་སོགས་པས་ནི་དེ་གང་དག་གི་ཡུལ་གྱི་ངོ་བོར་འགྱུར་བ་དེ་སྟོན་ཏོ། །སའི་མཆོག་ནི་རབ་ཏུ་དགའ་བ་ལ་སོགས་པའོ། །དེ་བས་ན་ཚིགས་སུ་བཅད་པ་འདི་ལས་རྩ་བ་དང་པོས་ནི་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་སྟོན་ཏོ། །གཉིས་པས་ནི་བསོད་ནམས་ཀྱི་ཚོགས་དང་ལྡན་པ་སྟོན་ཏོ། །གང་གི་ཕྱིར་འདི་བསམ་གྱིས་མི་ཁྱབ་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་འདི་ལྟ་བུ་དག་ཁོ་ནའི་མིག་གི་ཡུལ་དུ་འགྱུར་རོ། །ཇི་ལྟར་སྐུ་འདི་ལོངས་སྤྱོད་རྫོགས་པ་ཞེས་བྱ་སྙམ་པ་ལ། དེ་ལས་བྱང་ཆུབ་སེམས་དཔའ་རྣམས་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་བསྟན་ཏེ། ཚིགས་སུ་བཅད་པ་ཁོང་དུ་ཆུད་པར་སླའོ། །སེམས་ཅན་སོ་སོའི་ཞེས་བྱ་བ་ལ་སོགས་པས་སྤྲུལ་པའི་སྐུ་སྟོན་པར་བྱེད་དེ། ཚིགས་སུ་བཅད་པ་རྣམས་དོན་གོ་བར་སླ་བས་དེའི་ཕྱིར་རྣམ་པར་དབྱེ་བར་མི་བྱའོ། །སྤུའི་ཁུང་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི། སྐྱེ་བ་ལ་སོགས་པ་ཡོངས་སུ་བསྡུའོ། །སྤྲུལ་པའི་སྐུའི་མཚན་ཉིད་དང་མཛད་པ་མདོར་བསྡུས་ནས་བརྗོད་ཅིང༌། རྒྱལ་བས་འཇིག་རྟེན་མ་ལུས་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིའི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྐུ་ལོངས་སྤྱོད་རྫོགས་པའི་མཚན་ཉིད་ཀྱིའོ། །ཁ་ཅིག་སྤྲུལ་པ་ནི་སྤྲུལ་པར་མི་མཛད་དོ་སྙམ་དུ་འཁྲུལ་པ་རྣམ་པར་གཅད་པའི་ཕྱིར། སྤྲུལ་པ་ཡིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་ཅིའི་ཕྱིར་སྤྲུལ་པས་ཇི་ལྟར་བཞེད་པ་བཞིན་སྤྲུལ་པ་མཛད་སྙམ་པ་ལ། བཤད་པ། །ཁྱབ་བདག་མཐུ་ཡི་ཤུགས་ཀྱིས་སོ། །ཁྱབ་བདག་ནི་ལོངས་སྤྱོད་རྫོགས་པའི་སྐུའི་མཚན་ཉིད་ཀྱི་དེ་བཞིན་གཤེགས་པའོ། །ཇི་ལྟ་བུར་མཛད་སྙམ་པ་ལ། བཤད་པ། མཛད་པ་ཀུན་ལ་འཇུག་པ་བཞིན། །ཇི་ལྟར་ཁྱབ་བདག་ཤུགས་ཀྱི་མཐུས་སྤྲུལ་པ་བཞུགས་


DTG107_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་འཆག་པ་དང༌། གཟིམས་པ་དང༌། ཆོས་སྟོན་པ་ལ་སོགས་པའི་མཛད་པ་ལ་འཇུག་པར་མཛད་པ་ལྟར། སྤྲུལ་པ་ཡང་དེ་དང་འདྲ་བར་མཛད་དོ། །ཅིའི་ཕྱིར་བཅོམ་ལྡན་འདས་ཀྱི་སྐུ་ཤིན་ཏུ་མདོར་བསྡུས་ནས་བསྟན་ཞེ་ན། བཤད་པ། རྣམ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཉན་ཐོས་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པས་ནི་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། སོ་སོའི་སྐྱེ་བོ་རྣམས་གཟུང་ངོ༌། །ད་ནི་ང་རྒྱལ་མེད་པ་ཉིད་དུ་སྟོན་ཅིང་གཞན་ལམ་བཟང་པོ་དང་སྦྱར་བར་བཞེད་ནས་བཤད་པ། དེ་ལྟར་ཇི་སྐད་བཤད་པའི་རྣམ་པས། བདེན་གཉིས་རྣམ་ཕྱེ་འདིར། ཅི་ཉེས་པ་ཡོད་དམ་འོན་ཏེ་མེད་ཅེས་བྱ་བ་དཔྱད་པར་གྱིས་ཤིག །ཉེས་པ་མེད་པ་ཁོ་ནའོ་སྙམ་དུ་བསམས་པའོ། །ཅི་ཞིག་བྱ་སྙམ་པ་ལ་བཤད་པ། ཕྱོགས་འཛིན་པ་ཡིས་དཀྲུགས་པའི་ཡིད། །ལེགས་པར་བོར་ལ་སྟེ། ཕྱོགས་འཛིན་པས་དཀྲུགས་པའི་ཡིད་ལ་ཡང་དག་པ་དང་ཡང་དག་པ་མ་ཡིན་པ་བཞིན་དུ་སྣང་ལ། དེ་བཞིན་དུ་ཡང་དག་པ་མ་ཡིན་པ་ཡང༌། ཡང་དག་པ་བཞིན་དུ་སྣང་ངོ་སྙམ་དུ་བསམས་པའོ། །ད་ནི་སྙིང་རྗེས་ནོན་པ་ན། གཞན་དག་གི་སྡང་བ་ཡོངས་སུ་སྤང་བའི་ཕྱིར། བཤད་པ། མི་ཡང་ཤིན་ཏུ་ཐོབ་པར་དཀའ་བ་ཡིན་ན། རབ་ཏུ་སྡང་བ་གང་དུ་དགོས། །ཞེས་བྱ་བར་སྦྱར་རོ། །གང་དུ་ཞེས་བྱ་བ་ནི་སྤོང་བའོ། །མི་དགོས་པ་འབའ་ཞིག་ཏུ་མ་ཟད་ཀྱི། སླར་གནོད་པའི་རྒྱུ་ཡང་ཡིན་པའི་ཕྱིར་དོར་བར་བྱ་སྟེ། འདི་ལྟར་སྡང་བས་ངན་སོང་བ་ནི་མི་འཐོབ་པར་དཀའོ། །ཇི་སྟེ་ཁོ་བོ་ཅག་གི་འདོད་པའི་དོན་བདག་གིས་ལེགས་པར་གཏན་ལ་ཕབ་ཟིན་ཏེ། དེ་བས་ཅིའི་ཕྱིར་ལྟ་བ་གཞན་སྤང་བར་མི་བྱ་སྙམ་པ་ལ། བཤད་པ། བློ་སྦྱང་ཉམ་ཡང་རབ་ཏུ་ཆུང༌། །འདི་སྙམ་དུ་སངས་རྒྱས་རྣམས་དང་སར་ཆུད་པ་རྣམས་ཀྱི་ཤེས་རབ་ལ་ལྟོས་ནས། ཁྱེད་ཀྱི་ཤེས་རབ་ཅི་འདྲ་ཞེས་བྱ་བ་དེ་ལྟ་རེ་ཞིག་ཞོག་གི །མོས་པས་སྤྱོད་པའི་ས་ལ་གནས་པ་རྣམས་ཀྱི་ཤེས་རབ་ལ་ལྟོས་ནས་ཀྱང་ཁྱོད་ཀྱི་ཤེས་རབ་ཚོད་ཡོད་དོ། །དེ་བས་ན་བློ་སྦྱང་བ་ཉམ་ཆུང་བའི་ཕྱིར། ཁྱོད་ཀྱི་དོན་འདི་བདག་གིས་ལེགས་པར་གཏན་ལ་ཕབ་ཟིན་ཏོ་ཞེས་བརྗོད་པ་ནི་ཧ་ཅང་གཟུ་ལུམས་ཆེས་སོ་སྙམ་དུ་


DTG107_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་པའོ། །ཇི་སྟེ་འཁོར་བར་གནས་པ་འདི་བླ་སྟེ། དེའི་ཕྱིར་ཅིའི་ཕྱིར་མི་སྤང་བར་མི་བྱ་སྙམ་པ་ལ་བཤད་པ། འཁོར་བའི་དགོན་པ་བགྲོད་པར་དཀའ། །ཞེས་བྱ་བ་སྨོས་སོ། །ཇི་སྟེ་ཁོ་བོ་ཅག་མི་འཆི་བ་ཁོ་ནས། དེའི་ཕྱིར་སྡང་བས་ཅི་འཇིགས་སྙམ་དུ་སེམས་ན། དེའི་ཕྱིར་སྲོག་ཀྱང་ཤིན་ཏུ་གཡོ་བ་ཡིན། །ཞེས་བྱ་བ་སྨོས་སོ། །ཇི་སྟེ་གྲོགས་པོ་བཟང་པོ་ལ་བརྟེན་ནས་སྡང་བའི་ཉེས་པ་ཡོངས་སུ་སྤང་བར་བྱའོ་སྙམ་དུ་སེམས་ན། དེའི་ཕྱིར། བཤེས་གཉེན་བཟང་པོའང་རྙེད་དཀའ་ན། །ཞེས་བྱ་བ་སྨོས་སོ། །ཡང་ན་གལ་ཏེ་ཁོ་བོ་ལ་བཤེས་གཉེན་བཟང་པོས་ལྟ་བ་གཞན་འདི་ནི་རིགས་པ་མ་ཡིན་ནོ་ཞེས་བསྟན་པས། དེའི་ཕྱིར་སྡང་བས་ཁོ་བོ་ཅག་མི་འཇིགས་སོ་ཞེ་ན། བཤེས་གཉེན་བཟང་པོའང་རྙེད་དཀའ་ན། །ཞེས་བྱ་བ་སྨོས་སོ། །ཇི་སྟེ་ལྟ་བ་གཞན་ལ་ཁོ་བོ་མོས་པ་མེད་པས་དེའི་ཕྱིར་སྤོང་ངོ་ཞེས་སྨྲ་བར་འགྱུར་ན། བཤད་པ། མོས་པ་མེད་དུ་ཟིན་ན་ཡང༌། །རབ་ཏུ་སྡང་བ་གང་དུ་དགོས། །ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་མོས་པ་མེད་སྙམ་པ་ལ། དེ་ནི་འགའ་ལ་བསོད་ནམས་ཀྱིས། །ཞེས་བྱ་བ་སྨོས་ཏེ། ཇི་སྐད་དུ། ཡང་རབ་འབྱོར་སེམས་ཅན་གང་དག་མདོ་སྡེའི་ཚིག་བཤད་པ། ཇི་ལྟ་བུ་འདི་ལ་སེམས་དང་བ་གཅིག་ཙམ་ཡང་རྙེད་པ་དེ་དག་ནི་སངས་རྒྱས་བརྒྱ་སྟོང་དུ་མ་ལ་བསྙེན་བཀུར་བྱས་ཤིང༌། སངས་རྒྱས་བརྒྱ་སྟོང་དུ་མ་ལས་དགེ་བའི་རྩ་བ་སྐྱེད་པ་ཡིན་ཞེས་གསུངས་པ་ལྟ་བུའོ། །སྡང་བ་བོར་ཏེ་ཡང་དག་པ་མཐོང་བ་གོམས་པར་བྱས་པའི་རིམ་གྱིས་མོས་པ་འདི་ནི། རེ་ཞིག་གཅིག་ན་འགྱུར་ཏེ་དེ་ལྟ་མ་ཡིན་ན་ནི། སྡང་པས་ཚིག་པ་ཁྱོད་ལ་ནི་མོས་པ་འབའ་ཞིག་ཏུ་མ་ཟད་ཀྱི། དལ་བ་འབྱོར་པའང་རིང་བར་གསལ། །བདེན་པ་གཉིས་རྣམ་པར་དབྱེ་བ་བྱས་པས། བསོད་ནམས་བསགས་པ་ཡོངས་སུ་བསྔོ་བའི་ཕྱིར། བདེན་པ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡེ་ཤེས་སྙིང་པོ་ནི་སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ། །བདེན་པ་གཉིས་རྣམ་པར་འབྱེད་པའི་དཀའ་འགྲེལ་སློབ་དཔོན་ཞི་བ་འཚོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝ་རྨ་དང༌། ཛྙཱ་ན་གརྦྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

དབུ་མ་རྒྱན་གྱི་ཚིག་ལེའུར་བྱས་པ།
ཞི་བ་འཚོ།


DTG107_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་དྷྱཱ་མི་ཀ་ཨ་ལཾ་ཀཱ་ར་ཀཱ་རི་ཀཱ། བོད་སྐད་དུ། དབུ་མ་རྒྱན་གྱི་ཚིག་ལེའུར་བྱས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བདག་དང་གཞན་སྨྲའི་དངོས་འདི་དག །ཡང་དག་ཏུ་ན་གཅིག་པ་དང༌། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །འབྲས་བུ་རིམ་ཅན་ཉེར་སྦྱོར་བས། །རྟག་རྣམས་གཅིག་པུའི་བདག་ཉིད་མིན། །འབྲས་བུ་རེ་རེ་ཐ་དད་ན། །དེ་དག་རྟག་ལས་ཉམས་པར་འགྱུར། །བསྒོམས་ལས་བྱུང་བའི་ཤེས་པ་ཡིས། །ཤེས་བྱ་འདུས་མ་བྱས་སྨྲ་བའི།། ལུགས་ལའང་གཅིག་མིན་དེ་དག་ནི། །རིམ་ཅན་ཤེས་དང་འབྲེལ་ཕྱིར་རོ། །རྣམ་ཤེས་སྔ་མས་ཤེས་བྱ་བའི། །རང་བཞིན་རྗེས་སུ་འབྲང་ན་ནི། །ཤེས་པ་སྔ་མའང་ཕྱི་མར་འགྱུར། །ཕྱི་མའང་དེ་བཞིན་སྔ་མར་འགྱུར། །སྔོན་དང་ཕྱི་མའི་གནས་རྣམས་སུ། །དེ་ཡི་ངོ་བོ་མི་འབྱུང་ན། །འདུས་མ་བྱས་དེ་ཤེས་པ་བཞིན། །སྐད་ཅིག་འབྱུང་བར་ཤེས་པར་བྱ། །སྔ་མ་སྔ་མའི་སྐད་ཅིག་གི །མཐུ་ཡིས་འབྱུང་བར་འགྱུར་བ་ན། །འདུས་མ་བྱས་སུ་འདི་མི་འགྱུར། །སེམས་དང་སེམས་ལས་བྱུང་བ་བཞིན། །སྐད་ཅིག་པ་རྣམས་འདི་དག་ཏུ། །རང་དབང་འབྱུང་བར་འདོད་ན་ནི། །གཞན་ལ་ལྟོས་པ་མེད་པའི་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །དོན་བྱེད་ནུས་པ་མ་ཡིན་ལ། །དེ་འདོད་བརྟགས་པས་ཅི་ཞིག་བྱ། །མ་ནིང་གཟུགས་བཟང་མི་བཟང་ཞེས། །འདོད་ལྡན་རྣམས་ཀྱིས་བརྟགས་ཅི་ཕན། །སྐད་ཅིག་སྐད་ཅིག་མ་ཡིན་པར། །གང་ཟག་བསྟན་དུ་མི་རུང་བས། །གཅིག་དང་དུ་མའི་རང་བཞིན་དང༌། །བྲལ་བར་གསལ་བར་རབ་ཏུ་ཤེས། །ཐ་དད་ཕྱོགས་ཅན་དང་འབྲེལ་ཕྱིར། །ཁྱབ་རྣམས་གཅིག་པུར་ག་ལ་འགྱུར། །བསྒྲིབས་དང་མ་བསྒྲིབས་དངོས་སོགས་ཕྱིར། །རགས་པ་རྣམས་ཀྱང་གཅིག་པུ་མིན། །འབྱར་བ་དང་ནི་བསྐོར་བའམ། །བར་མེད་རྣམ་པར་གནས་ཀྱང་རུང༌། །དབུས་གནས་རྡུལ་ཕྲན་རྡུལ་གཅིག་ལ། །བལྟས་པའི་རང་བཞིན་གང་ཡིན་པ། །རྡུལ་ཕྲན་གཞན་ལ་ལྟ་བ་ཡང༌། །དེ་ཉིད་གལ་ཏེ་ཡིན་བརྗོད་ན། །དེ་ལྟ་ཡིན་ན་དེ་ལྟ་བུ། །ས་ཆུ་ལ་སོགས་རྒྱས་འགྱུར་རམ། །རྡུལ་


DTG107_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲན་གཞན་ལ་ལྟ་བའི་ངོས། །གལ་ཏེ་གཞན་དུ་འདོད་ན་ནི། །རབ་ཏུ་ཕྲ་རྡུལ་ཇི་ལྟ་བུར། །གཅིག་པུ་ཆ་ཤས་མེད་པར་འགྱུར། །རྡུལ་ཕྲན་རང་བཞིན་མེད་གྲུབ་པ། །དེ་ཕྱིར་མིག་དང་རྫས་ལ་སོགས། །བདག་དང་གཞན་སྨྲས་མང་པོ་དག །རང་བཞིན་མེད་པར་མངོན་པ་ཡིན། །དེ་ཡི་རང་བཞིན་དེས་བརྩམས་དང༌། །དེ་ཡི་ཡོན་ཏན་དེ་ལས་བདག །དེ་ཡི་སྤྱི་དང་ཁྱད་པར་ཡང༌། །དེ་དག་དེ་དང་འདུ་བ་ཅན། །རྣམ་ཤེས་སེམས་པོའི་རང་བཞིན་ལས། །བཟློག་པ་རབ་ཏུ་སྐྱེ་བ་སྟེ། །སེམས་མིན་རང་བཞིན་གང་ཡིན་པ། །དེ་འདིའི་བདག་ཉིད་ཤེས་པ་ཡིན། །གཅིག་པ་ཆ་མེད་རང་བཞིན་ལ། །གསུམ་གྱི་རང་བཞིན་མི་འཐད་ཕྱིར། །ད་ཡི་རང་གི་རིག་པ་ནི། །བྱ་དང་བྱེད་པའི་དངོས་པོར་མིན། །དེའི་ཕྱིར་འདི་ནི་ཤེས་པ་ཡི། །རང་བཞིན་ཡིན་པས་བདག་ཤེས་རུང༌། །དོན་གྱི་རང་བཞིན་གཞན་དག་ལ། །དེ་ཡིས་ཇི་ལྟར་ཤེས་པར་འགྱུར། །དེ་ཡི་རང་བཞིན་གཞན་ལ་མེད། །གང་གིས་དེ་ཤེས་གཞན་ཡང་ཤེས། །ཤེས་དང་ཤེས་པར་བྱ་བའི་དོན། །ཐ་དད་པར་ནི་འདོད་ཕྱིར་རོ། །ཤེས་པ་རྣམས་བཅས་ཕྱོགས་ལ་ནི། །དངོས་སུ་དེ་གཉིས་ཐ་དད་ཀྱང༌། །དེ་དང་གཟུགས་བརྙན་འདྲ་བས་ན། །བརྟགས་པ་ཙམ་གྱིས་ཚོར་བར་རུང༌། །དོན་གྱི་རྣམ་པས་བསྒྱུར་ལྡན་པའི། །རྣམ་ཤེས་སུ་ཞིག་མི་འདོད་པ། །དེ་ལ་ཕྱི་རོལ་རིག་པ་ཡི། །རྣམ་པ་འདི་ཡང་ཡོད་མ་ཡིན། །ཤེས་གཅིག་ཐ་དད་མ་ཡིན་པས། །རྣམ་པ་མང་པོར་མི་འགྱུར་ཏེ། །དེ་ཕྱིར་དེ་ཡི་མཐུ་ཡིས་ན། །དོན་ཤེས་འགྱུར་བར་གཞག་པ་མེད། །རྣམ་པ་རྣམས་དང་མ་བྲལ་བས། །རྣམ་ཤེས་གཅིག་པུར་མི་འགྱུར་རོ། །དེ་ལྟ་མིན་ན་འདི་གཉིས་ལ། །གཅིག་ཅེས་ཇི་སྐད་བརྗོད་པར་བྱ། །དཀར་པོ་དག་ལ་སོགས་པ་ལ། །ཤེས་པ་དེ་ནི་རིམ་འབྱུང་སྟེ། །མགྱོགས་པར་འབྱུང་ཕྱིར་བླུན་པོ་དག །ཅིག་ཅར་སྙམ་དུ་ཤེས་པ་ཡིན། །ལྕུག་མའི་སྒྲ་ལ་སོགས་པའི་བློ། །རབ་ཏུ་མགྱོགས་པར་འབྱུང་ཡིན་ན། །དེ་ཕྱིར་ཅིག་ཅར་འབྱུང་བ་ཡི། །འདིར་ཡང་གཅིག་ཕྱིར་འབྱུང་མི་འགྱུར། །ཡིད་ཀྱི་རྟོག་པ་འབའ་ཞིག་ལའང༌། །རིམ་དུ་ཤེས་པར་མི་འགྱུར་རོ། །རིང་དུ་


DTG107_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་མ་ཡིན་པས། །བློ་རྣམས་ཀུན་ཀྱང་མགྱོགས་འབྱུང་འདྲ། །དེ་ཕྱིར་ཡུལ་རྣམས་ཐམས་ཅད་ལ། །རིམ་གྱིས་འཛིན་པར་མི་འགྱུར་གྱི། །རྣམ་པ་དག་ནི་ཐ་དད་ལྟར། །ཅིག་ཅར་འཛིན་པར་སྣང་བར་འགྱུར། །མགལ་མེ་ལ་ཡང་ཅིག་ཅར་དུ། །འཁོར་ལོ་སྣང་བའི་འཁྲུལ་པ་འབྱུང༌། །གསལ་བར་རབ་ཏུ་སྣང་བའི་ཕྱིར། །མཐོང་བས་མཚམས་སྦྱོར་མ་ཡིན་ནོ། །འདི་ལྟར་མཚམས་རྣམས་སྦྱོར་བ་ནི། །དྲན་པས་བྱེད་པ་ཉིད་ཡིན་གྱི། །མཐོང་བས་མ་ཡིན་འདས་པ་ཡི། །ཡུན་ལ་འཛིན་པ་མིན་ཕྱིར་རོ། །དེ་ཡི་ཡུལ་དུ་གང་གྱུར་པ། །དེ་ནི་ཞིག་པས་གསལ་མ་ཡིན། །དེའི་ཕྱིར་འཁོར་ལོར་སྣང་བ་འདི། །གསལ་བ་མ་ཡིན་འགྱུར་བའི་རིགས། །རི་མོ་རྐྱང་པ་མཐོང་བའི་ཚེ། །དེ་ལ་དེ་བཞིན་སེམས་མང་པོ། །ཇི་སྟེ་གཅིག་ཆའི་ཚུལ་གྱིས་སུ། །འབྱུང་བར་འགྱུར་བ་འདོད་ན་ཀོ། །དེ་ལྟ་ཡིན་ན་དཀར་ལ་སོགས། །རྣམ་པ་སྣ་གཅིག་ཤེས་པ་ཡང༌། །ཐོག་མ་དབུས་མཐའ་ཐ་དད་པས། །དམིགས་པ་སྣ་ཚོགས་ཉིད་དུ་འགྱུར། །རྡུལ་ཕྲན་བདག་ཉིད་དཀར་ལ་སོགས། །གཅིག་པུའི་བདག་ཉིད་ཆ་མེད་པ། །ཤེས་པ་གང་ལའང་སྣང་གྱུར་པར། །བདག་གིས་རབ་ཏུ་ཚོར་བ་མེད། །རྣམ་ཤེས་ལྔ་ཡི་ཁམས་རྣམས་ནི། །བསགས་ལ་དམིགས་པའི་རྣམ་པ་ཡིན། །སེམས་དང་སེམས་བྱུང་དམིགས་པ་ནི། །དྲུག་པར་གཞག་པ་བྱས་པ་ཡིན། །ཕྱི་གཞུང་རྣམས་ལའང་རྣམ་ཤེས་ནི། །གཅིག་ཏུ་སྣང་བར་མི་འགྱུར་ཏེ། །ཡོན་ཏན་ལ་སོགས་ལྡན་པ་ཡི། །རྫས་ལ་སོགས་པ་དམིགས་ཕྱིར་རོ། །ནོར་བུ་གཟི་ཡི་བདག་ཉིད་ལྟར། །དངོས་པོ་ཀུན་ཞེས་ལྟ་བ་ལ། །དེ་ལ་འཛིན་པའི་སེམས་ཀྱང་ནི། །གཅིག་པུའི་ངོ་བོར་སྣང་མི་རིགས། །ས་ལ་སོགས་པ་འདུས་པ་ལ། །ཡུལ་དང་དབང་པོར་ཀུན་འཇོག་པར། །སུ་འདོད་དེ་ཡི་ལུགས་ལ་ཡང༌། །དངོས་པོ་གཅིག་དང་མཐུན་འཇུག་མེད། །སྙིང་སྟོབས་ལ་སོགས་བདག་སྒྲ་སོགས། །ཕྱོགས་ལའང་དོན་གཅིག་སྣང་བ་ཅན། །ཤེས་པ་རིགས་པ་མ་ཡིན་ཏེ། །གསུམ་གྱི་བདག་ཉིད་ཡུལ་སྣང་ཕྱིར། །དངོས་པོའི་ངོ་བོ་རྣམ་གསུམ་ལ། །དེ་ནི་གལ་ཏེ་རྣམ་གཅིག་སྟེ། །


DTG107_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་མི་མཐུན་སྣང་ན་ཀོ། །དེ་ནི་དེར་འཛིན་ཇི་ལྟར་འདོད། །ཕྱི་རོལ་ཡུལ་རྣམས་མེད་པར་ཡང༌། །སྣ་ཚོགས་སྣང་ལ་རྟག་པ་སྟེ། །གཅིག་ཆའམ་ཇི་སྟེ་རིམ་འབྱུང་བའི། །རྣམ་ཤེས་རུང་བར་ཤིན་ཏུ་དཀའ། །ནམ་མཁའ་ལ་སོགས་ཤེས་པ་དག །མིང་ཙམ་དུ་ནི་སྣང་བ་རྣམས། །ཡི་གེ་དུ་མ་སྣང་བའི་ཕྱིར། །སྣ་ཚོགས་སྣང་བར་གསལ་བ་ཡིན། །རྣམ་ཤེས་སྣ་ཚོགས་མིན་སྣང་བ། །འགའ་ཞིག་ཡོད་པར་གཞུག་ན་ཡང༌། །འོན་ཀྱང་ཡང་དག་གཞག་མི་རུང༌། །མཚན་ཉིད་བཅས་ལ་གནོད་མཐོང་ཕྱིར། །དེ་ཕྱིར་སྣ་ཚོགས་སྣང་བ་ཡི། །རྣམ་ཤེས་རྣམ་པ་ཀུན་ཏུ་གནས། །དེ་ནི་རྣམ་པ་ཐ་དད་ལྟར། །གཅིག་བུའི་རང་བཞིན་མི་རིགས་སོ། །ཇི་སྟེ་ཐོག་མ་མེད་རྒྱུད་ཉིད། །བག་ཆགས་སྨིན་པས་སྤྲུལ་པ་ཡི། །རྣམ་པ་དག་ནི་སྣང་བ་ཡང༌། །ནོར་བས་སྒྱུ་མའི་རང་བཞིན་འདྲ། །དེ་དག་འོན་ཀྱང་དེ་དག་གི །དངོས་དེ་ཡང་དག་ཉིད་དམ་ཅི། །འོན་ཏེ་མ་བརྟགས་གཅིག་པུ་ན། །དགའ་བར་ཁས་ལེན་འདི་བསམ་མོ། །གལ་ཏེ་ཡང་དག་རྣམ་པར་ཤེས། །དུ་མར་འགྱུར་རོ་ཡང་ན་ནི། །དེ་དག་གཅིག་འགྱུར་འགལ་ལྡན་པས། །གདོན་མི་ཟ་བར་སོ་སོར་འགྱུར། །རྣམ་པ་ཐ་དད་མ་ཡིན་ན། །གཡོ་དང་མི་གཡོ་ལ་སོགས་པ། །གཅིག་གིས་ཐམས་ཅད་གཡོ་ལ་སོགས། །ཐལ་བར་འགྱུར་ཏེ་ལན་གདབ་དཀའ། །ཕྱི་རོལ་དོན་གྱི་ཚུལ་ལ་ཡང༌། །དེ་ལྟར་རྣམ་པ་མ་བྲལ་ན། །གཅིག་གི་ཆོས་སུ་ཐམས་ཅད་ཀྱང༌། །འཇུག་པར་འགྱུར་ཏེ་བཟློག་པ་མེད། །ཇི་སྟེ་རྣམ་པའི་གྲངས་བཞིན་དུ། །རྣམ་པར་ཤེས་པ་ཁས་ལེན་ན། །དེ་ཚེ་རྡུལ་ཕྲན་འདྲར་འགྱུར་བ། །དཔྱད་པ་འདི་ལས་བཟློག་པར་དཀའ། །གལ་ཏེ་སྣ་ཚོགས་དེ་གཅིག་ན། །ནམ་མཁའི་གོས་ཅན་ལུགས་སམ་ཅི། །སྣ་ཚོགས་གཅིག་པའི་རང་བཞིན་མིན། །རིན་ཆེན་སྣ་ཚོགས་ལ་སོགས་འདྲ། །སྣ་ཚོགས་གཅིག་པོའི་རང་བཞིན་ན། །སྣ་ཚོགས་ངོ་བོར་སྣང་བ་དང༌། །བསྒྲིབས་དང་མ་བསྒྲིབས་ལ་སོགས་པ། །ཐ་དད་འདི་ནི་ཇི་ལྟར་འགྱུར། །ཇི་སྟེ་ངོ་བོ་ཉིད་དུ་དེའི། །རྣམ་པ་འདི་དག་མེད་པ་སྟེ། །ཡང་དག་ཏུ་རྣམས་མེད་པ་ཡི། །རྣམ་པར་ཤེས་པ་ནོར་བས་སྣང༌། །གལ་ཏེ་མེད་ན་ཇི་ལྟ་བུར། །དེ་དག་འདི་ལྟར་


DTG107_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་ཚོར། །དེ་ཡི་དངོས་ལས་ཐ་དད་པའི། །ཤེས་པ་དེ་འདྲ་མ་ཡིན་ནོ། །འདི་ལྟར་གང་ལ་དངོས་གང་མེད། །དེ་ལ་དེར་ཤེས་ཡོད་མ་ཡིན། །བདེ་བ་མིན་ལ་བདེ་སོགས་དང༌། །དཀར་བ་རྣམས་ལའང་མི་དཀར་བཞིན། །རྣམ་པ་འདི་ལ་ཤེས་པའི་དོན། །དངོས་སུ་འཐད་པ་མ་ཡིན་ཏེ། །ཤེས་པའི་བདག་དང་བྲལ་བའི་ཕྱིར། །ནམ་མཁའི་མེ་ཏོག་ལ་སོགས་བཞིན། །མེད་པ་ནུས་པ་མེད་པས་ན། །གདགས་པའང་མི་རུང་རྟ་རུ་བཞིན། །མེད་པ་བདག་སྣང་ཤེས་སྐྱེད་པར། །ནུས་པ་རུང་བ་མ་ཡིན་ནོ། །གང་ཕྱིར་དེ་ཡོད་ངེས་ཚོར་བ། ཤེས་དང་འབྲེལ་པ་ཅི་ཞིག་ཡོད། །བདག་མེད་དེ་ཡི་བདག་ཉིད་དང༌། །དེ་ལས་བྱུང་བ་མ་ཡིན་ནོ། །རྒྱུ་མེད་ན་ནི་གང་ཞིག་གིས། །རེས་འགའ་འབྱུང་བ་འདི་རུང་འགྱུར། །རྒྱུ་དང་ལྡན་ན་གང་ཞིག་གིས། །གཞན་གྱི་དབང་ལས་ཟློག་པར་འགྱུར། །དེ་མེད་ན་ནི་ཤེས་དེ་ཡང༌། །རྣམ་པ་མེད་པ་ཉིད་ཀྱིས་འགྱུར། །ཤེལ་སྒོང་དག་པ་འདྲ་བ་ཡིན། །ཤེས་པ་རབ་ཏུ་ཚོར་བ་མེད། །འདི་ནི་འཁྲུལ་པས་ཤེས་ཤེ་ན། །དེ་ཅི་འཁྲུལ་ལ་རག་ལས་སམ། །དེ་ཡི་མཐུ་ཡིས་བྱུང་ན་ནི། །དེ་ཡང་གཞན་གྱི་དབང་ཉིད་དོ། །དངོས་པོ་གང་གང་རྣམ་དཔྱད་པ། །དེ་དང་དེ་ལ་གཅིག་ཉིད་མེད། །གང་ལ་གཅིག་ཉིད་ཡོད་མིན་པ། །དེ་ལ་དུ་མ་ཉིད་ཀྱང་མེད། །གཅིག་དང་དུ་མ་མ་གཏོགས་པར། །རྣམ་པ་གཞན་དང་ལྡན་པ་ཡི། །དངོས་པོ་མི་རུང་འདི་གཉིས་ནི། །ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ། །དེ་ཕྱིར་དངོས་པོ་འདི་དག་ནི། །ཀུན་རྫོབ་པ་ཉིད་མཚན་ཉིད་འཛིན། །གལ་ཏེ་འདི་དག་དོན་འདོད་ན། །དེ་ལ་བདག་གིས་ཅི་ཞིག་བྱ། །མ་བརྟགས་གཅིག་པུ་ཉམས་དགའ་ཞིང༌། །སྐྱེ་དང་འཇིག་པའི་ཆོས་ཅན་པ། །དོན་བྱེད་པ་དག་ནུས་རྣམས་ཀྱིས། །རང་བཞིན་ཀུན་རྫོབ་པ་ཡིན་རྟོགས། །བརྟག་པ་མ་བྱས་ཉམས་དགའ་བའང༌། །བདག་རྒྱུ་སྔ་མ་སྔ་མ་ལ། །བརྟེན་ནས་ཕྱི་མ་ཕྱི་མ་ཡི། །འབྲས་བུ་དེ་འདྲ་འབྱུང་བ་ཡིན། །དེ་ཕྱིར་ཀུན་རྫོབ་རྒྱུ་མེད་ན། །རུང་མིན་ཞེས་པའང་ལེགས་པ་ཡིན། །གལ་ཏེ་འདི་ཡི་ཉེར་ལེན་པ། །ཡང་དག་ཡིན་ན་དེ་སྨྲོས་ཤིག །དངོས་པོ་ཀུན་གྱི་རང་བཞིན་ནི། །རིགས་པའི་ལམ་གྱི་རྗེས་འབྲང་བ། །


DTG107_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་འདོད་པ་སེལ་བར་བྱེད། །དེ་ཕྱིར་རྒོལ་བའི་གནས་མེད་དོ། །ཡོད་དང་མེད་དང་ཡོད་མེད་ཅེས། །ཁས་མི་ལེན་པ་གང་ཡིན་པ། །དེ་ལ་ནན་ཏན་ལྡན་པས་ཀྱང༌། །ཅིར་ཡང་ཀླན་ཀ་བྱ་མི་ནུས། །དེ་ཕྱིར་ཡང་དག་ཉིད་དུ་ན། །དངོས་པོ་གང་ཡང་གྲུབ་པ་མེད། །དེ་ཕྱིར་དེ་བཞིན་གཤེགས་རྣམས་ཀྱིས། །ཆོས་རྣམས་ཐམས་ཅད་མ་སྐྱེས་གསུངས། །དམ་པའི་དོན་དང་མཐུན་པའི་ཕྱིར། །འདི་ནི་དམ་པའི་དོན་ཞེས་བྱ། །ཡང་དག་ཏུ་ན་སྤྲོས་པ་ཡི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། །སྐྱེ་ལ་སོགས་པ་མེད་པའི་ཕྱིར། །སྐྱེ་བ་མེད་ལ་སོགས་མི་སྲིད། །དེ་ཡི་ངོ་བོ་བཀག་པའི་ཕྱིར། །དེ་ཡི་ཚིག་གི་སྒྲ་མི་སྲིད། །ཡུལ་མེད་པ་ལ་དགག་པ་ཡི། །སྦྱོར་བ་ལེགས་པ་ཡོད་མ་ཡིན། །རྣམ་པར་རྟོག་ལ་རྟེན་ལ་ཡང༌། །ཀུན་རྫོབ་པར་འགྱུར་ཡང་དག་མིན། །འོ་ན་དེ་ནི་རྟོགས་གྱུར་པས། །དེ་ཡི་རང་བཞིན་མངོན་སུམ་ཕྱིར། །མི་མཁས་རྣམས་ཀྱང་དངོས་རྣམས་ཀྱི། །དངོས་པོ་འདི་འདྲ་ཅིས་མི་རྟོགས། །མ་ཡིན་ཐོག་མེད་རྒྱུད་ལྕི་བར། །དངོས་པོར་སྒྲོ་བཏགས་དབང་བྱས་པས། །དེ་ཕྱིར་སྲོག་ཆགས་ཐམས་ཅད་ཀྱིས། །མངོན་སུམ་རྟོགས་པར་མི་འགྱུར་རོ། །དེ་ལ་སྒྲོ་བཏགས་གཅོད་བྱེད་པ། །ཤེས་པར་བྱེད་པའི་གཏན་ཚིགས་ཀྱིས། །རྗེས་སུ་དཔོག་རྣམས་ཤེས་པར་བྱེད། །རྣལ་འབྱོར་དབང་རྣམས་མངོན་སུམ་གསལ། །གཞུང་གིས་སྐྱེད་པའི་བྱེ་བྲག་གིས། །ཆོས་ཅན་སྤངས་ནས་མཁས་པ་དང༌། །བུད་མེད་བྱིས་པའི་བར་དག་ལ། །གྲགས་པར་གྱུར་པའི་དངོས་རྣམས་ལ། །བསྒྲུབ་དང་བསྒྲུབ་པའི་དངོས་པོ་འདི། །མ་ལུས་ཡང་དག་འཇུག་པར་འགྱུར། །དེ་ལྟ་མིན་ན་གཞི་མ་གྲུབ། །ལ་སོགས་ལེན་ནི་ཇི་སྐད་གདབ། །བདག་ནི་སྣང་བའི་ངང་ཅན་གྱིས། །དངོས་པོ་དགག་པར་མི་བྱེད་དེ། །དེ་ལྟ་བས་ན་བསྒྲུབ་པ་དང༌། །བསྒྲུབ་བྱ་གཞག་པ་འཁྲུགས་པ་མེད། །དེ་ཕྱིར་ཐོག་མེད་སྲིད་རྒྱུད་ནས། །དངོས་དང་དངོས་མེད་རྟོགས་སོགས་ཀྱི། །རིགས་དང་མཐུན་པའི་ས་བོན་ཉིད། །རྗེས་སུ་དཔག་པར་བྱ་བ་ཡིན། །འདི་ནི་དངོས་པོའི་མཐུ་སྟོབས་ཀྱིས། །འབྱུང་བ་མ་ཡིན་དེ་མེད་ཕྱིར། །དངོས་པོ་རྣམས་ཀྱི་བདག་ཉིད་དེ། །རྒྱ་ཆེར་རབ་ཏུ་བཀག་པ་ཡིན།


DTG107_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱིས་འབྱུང་ཕྱིར་གློ་བུར་མིན། །རྟག་འབྱུང་མ་ཡིན་རྟག་མ་ཡིན། །དེ་བས་གོམས་འདྲ་དེ་ཉིད་ཕྱིར། །དང་པོ་རང་གི་རིགས་ལས་སྐྱེས། །དེ་ཕྱིར་རྟག་ཆད་ལྟ་བ་རྣམས། །གཞུང་འདི་ལ་ནི་རིང་དུ་གནས། །ལྡོག་དང་རྗེས་སུ་འཇུག་པ་ཡང༌། །ས་བོན་མྱུ་གུ་ལྕུག་སོགས་བཞིན། །ཆོས་ལ་བདག་མེད་མཁས་པ་ནི། །རང་བཞིན་མེད་པ་གོམས་བྱས་པས། །ཕྱིན་ཅི་ལོག་ལས་བྱུང་བ་ཡི། །ཉོན་མོངས་སྒྲིབ་པ་མེད་པར་སྤོང༌། །རྒྱུ་དང་འབྲས་བུའི་དངོས་པོ་ནི། །ཀུན་རྫོབ་ཏུ་ནི་མ་བཟློག་པས། །ཀུན་ནས་ཉོན་མོངས་རྣམ་བྱང་སོགས། །རྣམ་པར་གཞག་པ་འཁྲུགས་པ་མེད། །འདི་ལྟར་རྒྱུ་དང་འབྲས་བུ་ཡི། །ཆོས་འདི་རྣམ་པར་གཞག་པས་ན། །ཚོགས་རྣམས་དྲི་མ་མེད་པ་ཡང༌། །གཞུང་འདི་ཉིད་ལ་རུང་བ་ཡིན། །རྣམ་པར་དག་པའི་རྒྱུ་ལས་ནི། །འབྲས་བུ་རྣམ་པར་དག་པ་འབྱུང༌། །ཡང་དག་ལྟས་བྱུང་ཚུལ་ཁྲིམས་ཀྱི། །ཡན་ལག་ལ་སོགས་རྣམ་དག་བཞིན། །དེ་བཞིན་རྣམ་དག་མ་ཡིན་ལས། །འབྲས་བུ་རྣམ་དག་མ་ཡིན་འབྱུང༌། །ལོག་ལྟའི་སྟོབས་ལས་བྱུང་བ་ཡི། །ལོག་པར་གཡེམ་ལ་སོགས་པ་བཞིན། །ཚད་མའི་གནོད་པ་ཡོད་པས་ན། །དངོས་པོར་དམིགས་པ་ཡོད་པ་ནི། །སྨིག་རྒྱུ་ལ་སོགས་ཤེས་པ་བཞིན། །ཕྱིན་ཅི་ལོག་པར་ཡོངས་སུ་རྟོག །དེ་ཕྱིར་དེ་མཐུས་བྱུང་བ་ཡི། །ཕ་རོལ་ཕྱིན་པ་བསྒྲུབ་པ་ཀུན། །བདག་དང་བདག་གིར་ལོག་པ་ལས། །བྱུང་བ་བཞིན་དུ་སྟོབས་ཆུང་ངོ༌། །དངོས་པོར་དམིགས་པ་མེད་པ་ལས། །བྱུང་བ་འབྲས་བུ་ཆེན་པོ་སྟེ། །རྒྱས་པའི་རྒྱུ་ལས་བྱུང་བའི་ཕྱིར། །ས་བོན་གྲུབ་པོའི་མྱུག་སོགས་བཞིན། །རྒྱུ་དང་འབྲས་བུར་གྱུར་པ་ཡང༌། །ཤེས་པ་འབའ་ཞིག་ཁོ་ན་སྟེ། །རང་གི་གྲུབ་པ་གང་ཡིན་པ། །དེ་ནི་ཤེས་པར་གནས་པ་ཡིན། །སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དངོས་མེད་ཤེས་པར་བྱ། །ཚུལ་འདིར་བརྟེན་ནས་དེ་ལ་ཡང༌། །ཤིན་ཏུ་བདག་མེད་ཤེས་པར་བྱ། །ཚུལ་གཉིས་ཤིང་རྟ་ཞོན་ནས་སུ། །རིགས་པའི་སྲབ་སྐྱོགས་འཇུ་བྱེད་པ། །དེ་དག་དེ་ཕྱིར་ཇི་བཞིན་དོན། །ཐེག་པ་ཆེན་པོ་པ་ཉིད་འཐོབ། །ཁྱབ་དང་དབང་ལ་སོགས་མ་མྱོང༌། །དཔག་ཏུ་མེད་པར་གནས་པའི་རྒྱུ། །འཇིག་རྟེན་སྤྱི་བོར་གྱུར་པས་ཀྱང༌། །ཤིན་ཏུ་མྱོང་


DTG107_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བ་མ་ཡིན་པ། །ཡང་དག་བདུད་རྩི་དག་པ་འདི། །ཐུགས་རྗེ་དག་པའི་རྒྱུ་ཅན་གྱི། །དེ་བཞིན་གཤེགས་པ་མ་གཏོགས་པར། །གཞན་གྱི་ལོངས་སྤྱོད་མ་ཡིན་ནོ། །དེ་ཕྱིར་ལོག་པར་བསྟན་པ་ཡི། །གྲུབ་མཐར་འཆེལ་བའི་བློ་ཅན་ལ། །དེ་ལུགས་རྗེས་འཇུག་བློ་ཅན་རྣམས། །སྙིང་རྗེ་ཉིད་ནི་རབ་ཏུ་སྐྱེ། །བློ་ནོར་ལྡན་པས་ལུགས་གཞན་ལ། །ཇི་ལྟར་སྙིང་པོ་མེད་མཐོང་བ། །དེ་ལྟར་དེ་དག་སྐྱོབ་པ་ལ། །གུས་པ་ཤིན་ཏུ་སྐྱེ་བར་འགྱུར། །དབུ་མའི་རྒྱན་གྱི་ཚིག་ལེའུར་བྱས་པ། སློབ་དཔོན་ཞི་བ་འཚོ་བ་དག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་འཕགས་པ་དག་གི་དབང་ཕྱུག་གི་ཞབས་ཀྱི་པདྨ་རྙོག་པ་མེད་པའི་ཟེའུ་འབྲུ་སྤྱི་བོས་ལེན་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

དབུ་མའི་རྒྱན་གྱི་འགྲེལ་པ།
ཞི་བ་འཚོ།


DTG107_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་དྷྱཱ་མ་ཀ་ཨ་ལཾ་ཀ་ར་བྲྀཏྟི། བོད་སྐད་དུ། དབུ་མའི་རྒྱན་གྱི་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་དག་སུ་རྣམས་དག་བརྟེན་བློ་མངའ་ས་ལ་བཞུགས། །ཆོས་ཚུལ་ཟབ་མོ་རྒྱ་མཚོ་ལྟ་བུའི་ཕ་རོལ་གཟིགས། །ལྷག་པར་མོས་པ་ཡོངས་བསྒོམས་ཐུགས་མངའ་ཆེ་རྣམས་ཀྱི། །བླ་བཞུགས་དེ་དག་རྣམས་ལ་རྟག་ཏུ་ཕྱག་འཚལ་ལོ། །བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པར་ཅི་ལ་ཡང་མ་རག་པར་ཆས་པ། དངོས་པོའི་རྣམ་པ་མ་བརྟགས་གཅིག་པུ་ན་དགའ་བ་མ་ལུས་པ་གཟུགས་བརྙན་ལ་སོགས་པ་ལྟ་བུར། ཡང་དག་པར་ན་རང་བཞིན་མེད་པར་རྟོགས་ན་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་མཐའ་དག་སྤོང་བར་འགྱུར་ཏེ། དེ་བས་ན་རིགས་པ་དང་ལུང་གི །ཆོས་ཐམས་ཅད་རང་བཞིན་མེད་པར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རབ་ཏུ་འབད་དོ། དེ་ལ་ལུང་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་དང་བྲལ་བ་ནི་དད་པས་རྗེས་སུ་འབྲང་བ་རྣམས་ཀྱང་ཤིན་ཏུ་ཡོངས་སུ་ཚིམ་པར་མི་འགྱུར་བས་རིགས་པ་དེ་བརྗོད་པར་།བྱའོ། །བདག་དང་གཞན་སྨྲས་དངོས་འདི་དག །ཡང་དག་ཏུ་ན་གཅིག་པ་དང༌། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །རང་བཞིན་


DTG107_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་གྱུར་ན་ནི་གཅིག་པའམ་ཅིག་ཤོས་ལས་མི་འདའོ། །དེ་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པས་ཕུང་པོ་གཞན་སེལ་བར་བྱེད་དོ། །རང་གི་སྡེ་པ་དང༌། ཕྱི་རོལ་པ་དག་གིས་སྨྲས་པའི་ཕུང་པོ་དང༌། གཙོ་བོ་ལ་སོགས་པ་དེ་དག་ཡང་དག་པར་ན་མེད་དེ། རང་བཞིན་མེད་པར་གསལ་བར་ཤེས་སོ། །གཏན་ཚིགས་འདི་མ་གྲུབ་བོ་སྙམ་དུ་མ་སེམས་ཤིག །འབྲས་བུ་རིམ་ཅན་ཉེར་སྦྱོར་བས། །རྟག་རྣམས་གཅིག་པུའི་བདག་ཉིད་མིན། །འབྲས་བུ་རེ་རེའི་ཐ་དད་ན། །དེ་དག་རྟག་ལས་ཉམས་པར་འགྱུར། །རང་གི་སྡེ་པ་དང། གཞན་གྱིས་ཁས་བླངས་པའི་དངོས་པོ་དེ་དག་ནི་རྟག་པའམ་ཅིག་ཤོས་དང༌། ཕུང་པོ་གཉིས་སུ་རྣམ་པར་གནས་གྲང་ན། དེ་ལ་དང་པོ་ནི་འབྲས་བུ་རིམ་ཅན་དགའ་བ་དང༌། གདུང་བ་ལ་སོགས་པ་སྐྱེད་པས་རིམ་ཅན་མ་ཡིན་པ་དང༌། གཅིག་པུའི་བདག་ཉིད་དུ་མི་རིགས་ཏེ། དེ་དག་གི་འབྲས་བུ་རྣམས་ཀྱང་ཅིག་ཅར་དུ་འབྱུང་བར་འགྱུར་བའི་ཕྱིར་རོ། །འབྲས་བུ་རྣམས་ནི་རྒྱུ་མ་ཚང་ན་ཤོལ་གྱི། གང་གི་ཚེ་རྒྱུའི་ནུས་པ་ཐོགས་པ་མེད་པར་གྱུར་པ་དེའི་ཚེ། དེ་དག་ལ་ཤོལ་བ་སྲིད་པར་ག་ལ་འགྱུར། ཤོལ་ན་ནི་དེ་ལ་ཡོད་པའི་རྗེས་སུ་འགྲོ་བ་དང༌། ལྡོག་པའི་རྗེས་སུ་མི་བྱེད་པའི་ཕྱིར། འདི་དག་དེའི་འབྲས་བུར་ག་ལ་འགྱུར། བྱེ་བྲག་ཏུ་བསྒྱུར་དུ་མི་རུང་བ་རྣམས་ནི་ལྷན་ཅིག་བྱེད་པའི་རྒྱུ་ལ་ལྟོས་པར་མི་འཐད་པར་ཤིན་ཏུ་གསལ་ལོ། །གཞན་ཡང་འབྲས་བུ་བྱེད་པའི་དུས་ན་ལྷན་ཅིག་བྱེད་པའི་རྐྱེན་དང་འདུག་པའི་དངོས་པོ་གང་ཡིན་པ་དེ་ཉིད་ལྷན་ཅིག་བྱེད་པའི་རྒྱུ་དང་བྲལ་བའི་དུས་ན་ཡང་འདོད་ན་ནི་དེའི་རྗེས་སུ་འཇུག་པ་ཉིད་ཀྱི་ཕྱིར་དེའི་ཚེ་ལྷན་ཅིག་བྱེད་པའི་རྐྱེན་རྣམས་ཀྱང་མགུལ་ནས་བཏགས་པ་བཞིན་དུ་སྟོབས་ཀྱིས་དྲངས་ནས་གནས་ཏེ། འབྲས་བུ་རྒྱུན་མི་འཆད་པ་བཟློག་པ་མེད་པ་ཉིད་དུ་འགྱུར་རོ། །འདིས་ནི་གང་དག་ལྷན་ཅིག་བྱེད་པའི་རྒྱུ་དེ་ཉིད་ནུས་པའི་སྒྲར་བརྗོད་དེ། དེའི་རིམ་གྱིས་འབྲས་བུའི་རིམ་བྱས་སོ་ཞེས་སྨྲ་བ་དེ་དག་ལ་ལན་བཏབ་པར་གྱུར་ཏོ། །ཇི་སྟེ་ཉེས་པ་འདིར་འགྱུར་དུ་འོང་ཞེས་ཏེ། འབྲས་བུ་རིམ་ཅན་རྣམས་ལ་དེ་དག་གི་རང་བཞིན་གཞན་དང་གཞན་དུ་རིམ་ཅན་ཉིད་དོ་ཞེ་ན་ནི་དེ་དག་ལ་རྟག་པར་འདོད་པ་དོར་བར་བྱ་སྟེ། འབྲས་བུ་སོ་སོ་བས་སྔ་མ་དང་ཕྱི་མའི་རང་


DTG107_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འཇིག་པ་དང་འབྱུང་བར་འགྱུར་བའི་ཕྱིར་རོ། །རང་གི་སྡེ་པ་གང་དག་བསྒོམས་པའི་སྟོབས་ཙམ་གྱིས་འབྱུང་བའི་ཤེས་པའི་དམིགས་པ་འདུས་བྱས་ཀྱི་འཇུག་པ་ཐམས་ཅད་དང་མི་མཐུན་པ་རང་ལ་དམིགས་པའི་ཡིད་ཙམ་ལ་ཡང་དགོས་པ་མེད་པའི་འདུས་མ་བྱས་ནི་དེ་ཁོ་ན་ཤེས་པའི་ཡུལ་ཡིན་པའི་ཕྱིར་དོན་དམ་པར་ཡོད་དོ་ཞེས་སྨྲ་བ་དེ་དག་གི་ལུགས་ལྟར་ན་རང་བཞིན་གཅིག་པུ་ཉིད་དུ་འགལ་བ་མེད་དོ་ཞེ་ན། འགལ་ཏེ་འདི་ལྟར། བསྒོམས་ལས་བྱུང་བའི་ཤེས་པ་ཡིས། །ཤེས་བྱ་འདུས་མ་བྱས་སྨྲ་བའི། །ལུགས་ལའང་གཅིག་མིན་དེ་དག་ནི། །རིམ་ཅན་ཤེས་དང་འབྲེལ་ཕྱིར་རོ། །ཡུལ་དང་ཡུལ་ཅན་ཡིན་པའི་ཕྱིར་རྣམ་པར་ཤེས་པ་རིམ་ཅན་དང་འབྲེལ་པ་ཅན་དག་ཀྱང་ཅི་གཅིག་པུའི་རང་བཞིན་དུ་མི་འགྱུར་རམ་ཞེ་ན་མི་འགྱུར་ཏེ། འདི་ལྟར། རྣམ་ཤེས་སྔ་མས་ཤེས་བྱ་བའི། །རང་བཞིན་རྗེས་སུ་འབྲང་ན་ནི། །ཤེས་པ་སྔ་མའང་ཕྱི་མར་འགྱུར། །ཕྱི་མའང་དེ་བཞིན་སྔ་མར་འགྱུར། །དེ་ལྟ་མ་ཡིན་ན་རྣམ་པར་ཤེས་པ་སྔ་མས་ཤེས་པར་བྱ་བ་འདུས་མ་བྱས་ཀྱི་རང་བཞིན་ནི་ཕྱི་མའི་དུས་ནའང་ཡོད་ལ། རྣམ་པར་ཤེས་པ་སྔ་མ་ནི་མེད་པ་དང༌། དེ་བཞིན་དུ་ཤེས་པ་ཕྱི་མས་ཤེས་པར་བྱ་བ་ནི་སྔ་ན་ཡོད་ལ། ཤེས་པ་ཕྱི་མ་ནི་མེད་དོ་ཞེས་བྱ་བ་ཉམས་པར་འགྱུར་རོ། །ཇི་སྟེ་ཤེས་པ་ཕྱི་མ་དང་སྔ་མས་ཤེས་པར་བྱ་བ་དེའི་ངོ་བོ་སྔོན་དང་ཕྱི་མའི་གནས་དག་ན་མེད་ན། གལ་ཏེ་དེ་ལྟ་ན་ནི། སྔོན་དང་ཕྱི་མའི་གནས་རྣམས་སུ། །དེ་ཡི་ངོ་བོ་མི་འབྱུང་ན། །འདུས་མ་བྱས་ཏེ་ཤེས་པ་བཞིན། །སྐད་ཅིག་འབྱུང་བར་ཤེས་པར་བྱ། །བསམ་གཏན་གྱི་ཐུར་མས་བློ་གྲོས་ཀྱི་མིག་ཕྱེ་བ་རྣམས་ཀྱིས་རྣམ་པར་ཤེས་པ་བྱུང་མ་ཐག་ཏུ་འཇིག་པ་རྒྱུན་དུ་འབབ་པ། ཡུལ་དེ་ལ་འཇུག་པ་གཞན་གྱི་དུས་ན་མེད་པའི་རང་བཞིན་ལྟར་དེ་ཡང་སྐད་ཅིག་རེ་རེ་ལ་འཇིག་པ་ལས་མི་འདའ་བར་འགྱུར་རོ། །དེ་ལྟར་ན། དེའི་མིང་དོན་དང་མཐུན་པ་ཡང་རིགས་པ་མ་ཡིན་པ་ཉིད་དུ་བསྟན་པ། སྔ་མ་སྔ་མའི་སྐད་ཅིག་གི ། མཐུ་ཡིས་འབྱུང་བར་འགྱུར་བས་ན། །འདུས་མ་བྱས་སུ་འདི་མི་འགྱུར། །སེམས་དང་སེམས་ལས་བྱུང་བ་བཞིན། །ཅི་སྟེ་སྐད་ཅིག་ཕྱི་མ་ཕྱི་མ་རྣམས་རང་དབང་དུ་འབྱུང་ངོ་ཞེ་ན། དེ་ལྟར་འགྱུར་བར་ནི་མི་ནུས་ཏེ། སྐད་ཅིག་པ་རྣམས་འདི་དག་ཏུ། །རང་དབང་འབྱུང་བར་འདོར་ན་ནི། །གཞན་ལ་


DTG107_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་པ་མེད་པའི་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །རེས་འགའ་འབྱུང་བའི་ཕྱིར་དེ་དག་ཀྱང་སེམས་དང་སེམས་ལས་བྱུང་བ་དེ་བཞིན་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་དུ་གསལ་བར་ཤེས་པར་བྱའོ། །འདི་དག་ཐམས་ཅད་ནི་བདག་གིས་རློམས་ཏེ་སྨྲས་སུ་ཟད་ཀྱི། དོན་བྱ་བ་ཐམས་ཅད་ཀྱི་ནུས་པ་དང་བྲལ་བ་ལ་ནི་རྟོག་པ་དང་ལྡན་པ་རྣམས་ཀྱིས་རྣམ་པར་དཔྱད་པའི་དོན་ཅི་ཡང་མེད་དེ། དོན་བྱ་བར་ནུས་པ་རྣམ་པར་བརྟག་པའི་ཡུལ་ཡིན་པའི་ཕྱིར་རོ། །གཞན་དུ་ན། དོན་བྱེད་ནུས་པ་མ་ཡིན་ལ། །དེ་འདོད་བརྟགས་པས་ཅི་ཞིག་བྱ། །མ་ནིང་གཟུགས་བཟང་མི་བཟང་ཞེས། །འདོད་ལྡན་རྣམས་ཀྱིས་བརྟགས་ཅི་ཕན། །དེ་བས་ན་མཁས་པ་རྣམས་ཀྱིས་ནི་དོན་བྱེད་ནུས་པ་ལ་དངོས་པོའི་མཚན་ཉིད་ཅེས་སྨྲའོ། །དངོས་པོ་རྣམ་པ་དེ་ལྟ་བུ་ལ། གང་ཟག་དང་ཆོས་ལ་བདག་མེད་པ་ལ་སོགས་པ་སྟོན་ཅིང་དེ་ལས་བཟློག་པ་སྒྲོ་བཏགས་པའི་ངོ་བོ་ནི་དགག་པར་བྱེད་དེ། སྐྱེས་བུའི་དོན་ཅེས་བརྗོད་པ་འབྲས་བུ་འབྱུང་བ་ནི་འདི་ཉིད་ལ་རག་ལས་པའི་ཕྱིར་རོ། །གཞན་ནི་སྒྲུབ་པ་ཡང་མེད་འགག་པ་ཡང་མེད་དེ། དེ་ནི་བཏང་སྙོམས་སུ་བྱ་བ་ཉིད་དུ་གནས་པའི་ཕྱིར་རོ། །དེ་ལྟར་ན་དངོས་པོ་ཡུལ་ཐམས་ཅད་བདག་མེད་པ་ལ་སོགས་པར་མ་བསྟན་ཏོ་སྙམ་དུ་མ་སེམས་ཤིག །ཐམས་ཅད་ཅེས་བྱ་བའི་སྒྲ་ནི་བརྗོད་པར་འདོད་པའི་དོན་མ་ལུས་པ་ལ་བརྗོད་པའི་ཕྱིར་ཏེ། བརྗོད་པར་འདོད་པ་ནི་དོན་བྱེད་ནུས་པའི་དངོས་པོ་ཐམས་ཅད་དོ། །དེ་ལྟ་བས་ན་དོན་བྱེད་ནུས་པ་ནི་སྐད་ཅིག་པ་ཉིད་དུ་ངེས་སོ། །གཞན་ནི་རིམ་དང་ཅིག་ཤོས་ཀྱི་དོན་བྱེད་པར་མི་འཐད་པའི་ཕྱིར་རོ། །གང་ཟག་སྐད་ཅིག་པའམ། སྐད་ཅིག་མ་ཡིན་པར་བརྗོད་དུ་མེད་པ་ནི་རང་བཞིན་མེད་པ་ཉིད་དེ། ནམ་མཁའི་མེ་ཏོག་ལ་སོགས་པ་ལྟར་བསྒྲིམ་མི་དགོས་པར་གྲུབ་བོ། །གཞན་ཡང༌། སྐད་ཅིག་སྐད་ཅིག་མ་ཡིན་པར། །གང་ཟག་བསྟན་དུ་མི་རུང་བས། །གཅིག་དང་དུ་མའི་རང་བཞིན་དང༌། །བྲལ་བར་གསལ་བར་རབ་ཏུ་ཤེས། །ཕ་རོལ་གྱིས་ཁས་བླངས་པའི་གང་ཟག་ཆོས་ཅན་ལ། གཏན་ཚིགས་ཀྱི་རྩ་བ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་ཉིད་ཚེགས་མེད་པ་ཉིད་དུ་འགྲུབ་བོ། །སྐད་ཅིག་པར་གྱུར་ན་ནི་དུ་མའི་རང་བཞིན་དུ་འགྱུར་ཏེ། སྐད་ཅིག་རེ་རེ་ལ་


DTG107_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རང་བཞིན་གཞན་དང་གཞན་འབྱུང་བའི་ཕྱིར་རོ། །སྐད་ཅིག་མ་ཡིན་ན་ནི་རྟག་ཏུ་བསྟན་པ་གཅིག་པུའི་ངོ་བོ་ཡིན་པའི་ཕྱིར་གཅིག་པུའི་རང་བཞིན་དུ་འགྱུར་རོ། །གཉི་ག་ལྟར་ཡང་བརྗོད་དུ་མེད་ན་ནི་ཚིགས་མེད་པར་གཅིག་དང་དུ་མའི་རང་བཞིན་གྱིས་སྟོང་པ་ཉིད་དུ་གྲུབ་བོ། །གཞན་ཡང་གཞན་དག་གིས་གཞན་དུ་དངོས་པོ་རྣམས་ལ་ཁྱབ་པ་དང་མ་ཁྱབ་པའི་ཕུང་པོ་གཉིས་སུ་ཁས་བླངས་ཏེ། དེ་ལ་ཁྱབ་པ་ནི་ནམ་མཁའ་ལ་སོགས་པའོ། །མ་ཁྱབ་པ་ནི་རགས་པ་དང་རྡུལ་ཕྲ་རབ་རྣམས་སོ། དེ་དག་ཐམས་ཅད་ཀྱང་གཅིག་པུའི་རང་བཞིན་དང་འགལ་བར་བསྟན་པ། ཐ་དད་ཕྱོགས་དང་འབྲེལ་བས་ན། །ཁྱབ་རྣམས་གཅིག་པུར་ག་ལ་འགྱུར། བསྒྲིབས་དང་མ་བསྒྲིབས་དངོས་སོགས་ཕྱིར། །རགས་པ་རྣམས་ཀྱང་གཅིག་པུ་མིན། ནམ་མཁའ་ལ་སོགས་པ་ཕྱོགས་ཐ་དད་པའི་ཤིང་ལ་སོགས་པ་དང་འབྲེལ་པ་དེ་དག་གི་གཅིག་དང་འབྲེལ་བའི་རང་བཞིན་གང་ཡིན་པ་དེ་ཉིད་གཞན་དང་འབྲེལ་པ་ཅན་ཡང་ཡིན་ན་ནི་དེས་ན་དེ་དང་འབྲེལ་བའི་ཕྱིར་དེ་གཅིག་པུའི་བདག་ཉིད་ཡིན་པ་བཞིན་དུ་གཞན་ཡང་དེ་དང་ཐ་དད་མ་ཡིན་པར་འགྱུར་རོ། །འོན་ཏེ་དེ་ཕྱོགས་ཐ་དད་ན་ནི་རང་བཞིན་དེ་ཉིད་གཞན་དང་འབྲེལ་པ་ཅན་མ་ཡིན་པར་འགྱུར་རོ། །རགས་པར་འདོད་པ་ལུས་ལ་སོགས་པ་ཡང་བསྒྲིབས་པ་དང༌། མ་བསྒྲིབས་པ་དང༌། གཡོ་བ་དང༌། མི་གཡོ་བ་དང༌། ཚོན་གྱིས་བསྒྱུར་བ་དང༌། མ་བསྒྱུར་བ་དང༌། ཚིག་པ་དང་མ་ཚིག་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་གནས་པའི་རང་བཞིན་འཛིན་ན་གཅིག་པུའི་རང་བཞིན་དུ་རིགས་པར་འགྱུར། གལ་ཏེ་བསྒྲིབས་པ་ལ་སོགས་པ་དག་ཡན་ལག་རྣམས་ཀྱི་ཡིན་གྱི་ཡན་ལག་ཅན་གྱི་ནི་མ་ཡིན་ནོ་ཞེ་ན། ཅི་ཡན་ལག་ཅན་འདི་དག་དེ་དག་དང་འདུ་བ་མ་ཡིན་ནམ། འདི་དག་མ་ཡིན་ནོ། གལ་ཏེ་དེ་བདེན་དུ་གཞུག་ན་འོ་ན་བསྒྲིབས་པ་དང༌། མ་བསྒྲིབས་པ་ཞེས་བྱ་བ་ལ་སོགས་པ་ཕན་ཚུན་མི་མཐུན་པ་རྐང་པ་དང་ལུས་ལ་སོགས་པའི་དངོས་པོའི་གཉིས་སུ་ཅིའི་ཕྱིར་མིག་གི་སྤྱོད་ཡུལ་དུ་མི་འགྱུར། གལ་ཏེ་དེ་དག་ཀྱང་དེའི་ཡིན་ནོ་ཞེ་ན། ཅི་ཡན་ལག་གཞན་དང་ལྡན་པ་ཉིད་དམ་དེ་ཉིད་དོ། །གཞན་དུ་ན་རགས་པ་གཅིག་ཕུར་མི་འགྱུར་རོ། འདི་ནི་དེ་བས་ཀྱང་ཆེས་རགས་ཏེ། ཡན་ལག་ལྷག་མ་རྣམས་དང་ལྡན་ན་ནི། དེ་རྣམ་པ་


DTG107_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བུའི་ཆོས་ཁོ་ནར་དམིགས་པར་འགྱུར་རོ། །འོན་ཀྱང་གང་ཐོག་མར་དེ་རྩོམ་པའམ། རགས་པ་གདགས་པའི་རྒྱུ་རྡུལ་ཕྲ་རབ་དོན་དམ་པ་གཅིག་པུའི་རང་བཞིན་དུ་འགྱུར་རོ། །དེ་ཡང་དེ་ལྟར་འགྱུར་བར་མི་རིགས་ཏེ། དེ་ཡང་འབྱར་བར་འགྱུར་ན་ནི་ཇི་ལྟར་གཟེགས་ཟན་པ་དག་ན་རེ། ཕྲད་དེ་ཚོགས་ནས་དགོས་པ་རྩོམ་མོ་ཞེས་ཟེར་བ་ལྟ་བུའམ། ཡང་ན་ཕན་ཚུན་མཐུས་འཛིན་གྱིས་མ་འབྱར་བའི་རང་བཞིན་པར་ཡོད་ཅིང་བསྐོར་བ་སྟེ། ཅི་ལྟར་ཁ་ཅིག་ན་རེ། ཐ་དད་ཕྱོགས་ནས་མང་པོ་དག །འགའ་ལ་ཀུན་ནས་བསྐོར་ཙམ་དུ། །བརྗོད་པར་ཟད་ཀྱི་རྡུལ་དེ་ནི། །ཆ་ཤས་བཅས་པའི་བདག་ཉིད་མིན། །ཞེས་ཟེར་བ་ལྟ་བུའམ། ཡང་ན་མང་པོ་དག་པར་མེད་དེ། ཇི་ལྟར་རྡུལ་ཕྲ་རབ་རྣམས་མི་རེག་ཀྱང་བར་མེད་པས་རེག་པར་འདུ་ཤེས་སོ་ཞེས་བྱ་བ་ལྟ་བུ་ཡང་མི་རུང་སྟེ། རྣམ་པར་གཞག་པ་འདི་དག་ཐམས་ཅད་ནི་བརྟགས་པ་ཙམ་ཁོ་ནའི་སྙིང་པོར་ཟད་དོ། །བདག་ཉིད་ཐམས་ཅད་ཀྱིས་འབྱར་ན་ནི་རྫས་རྣམས་འདྲེས་པར་འགྱུར་ཏེ། རྡུལ་གྱི་རང་བཞིན་གཅིག་པུ་གང་གིས་འབྱར་བ་དེ་ཉིད་གཞན་དང་ཡང་འབྱར་བའི་ཕྱིར་རོ། །ཕྱོགས་གཅིག་གིས་འབྱར་ན་ནི་ཆ་ཤས་ཡོད་པར་འགྱུར་ཏེ། རང་བཞིན་གཞན་དང་གཞན་དག་གིས་རྡུལ་གཞན་དང་འབྱར་བའི་ཕྱིར་རོ། །བར་ཡོད་པ་ཡང་བར་དག་ཏུ་སྣང་བ་དང་མུན་པའི་རྡུལ་ཕྲ་རབ་རྣམས་ཀྱི་གོ་སྐབས་ཡོད་པར་འགྱུར་ཏེ། ཕྲག་ནི་མུན་པ་དང་སྣང་བའི་བདག་ཉིད་ཡིན་པའི་ཕྱིར་དེ་དག་དང་འབྱར་བར་འགྱུར་རོ། །བར་མེད་པའི་ཕྱོགས་ཀྱང་འབྱར་བའི་ཕྱོགས་དང་ཐ་དད་པ་མེད་པ་ཉིད་དེ། བར་མེད་པ་ནི་ཕྲག་མེད་པའོ། །ཕྲད་པ་དང་འབྱར་བ་ཞེས་བྱ་བ་ནི་དོན་ཐ་དད་པ་མ་ཡིན་ཏེ། ཤིང་རྟ་ཆེན་པོ་རྣམས་ཀྱིས་ལམ་པོ་ཆེ་བཏོད་ཟིན་ཏོ། །དེ་ལྟ་ཡིན་ཡང་མདོར་བསྡུས་ཏེ་རྣམ་པར་བརྟག་པར་བྱའོ། །འབྱར་བ་དང་ནི་བསྐོར་བའམ། །བར་མེད་རྣམ་པར་གནས་ཀྱང་རུང༌། །དབུས་གནས་རྡུལ་ཕྲན་རྡུལ་གཅིག་ལ། །བལྟས་པའི་རང་བཞིན་གང་ཡིན་པ། །རྡུལ་ཕྲན་གཞན་ལ་ལྟ་བ་ཡང༌། །དེ་ཉིད་གལ་ཏེ་ཡིན་བརྗོད་ན། །དེ་ལྟ་ཡིན་ནས་ཆུ་སོགས། །ཇི་ལྟར་རྒྱས་འགྱུར་མ་ཡིན་ནམ། །ཕྱོགས་གསུམ་ཆར་ཡང་ཕྱོགས་བཅུ་ན་རྣམ་པར་གནས་པའི་རྡུལ་ཕྲ་མོ་རྣམས་ཀྱི་དབུས་ན་གནས་པའི་རྡུལ་ཕྲ་


DTG107_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གང་ཡིན་པ་དེ་ཤར་ཕྱོགས་ན་གནས་པའི་རྡུལ་ཕྲ་རབ་ལ་བལྟས་པའི་རང་བཞིན་གང་ཡིན་པ་དེ་ཉིད་གལ་ཏེ་ཕྱོགས་ལྷག་མ་ན་རྣམ་པར་གནས་པའི་རྡུལ་ཕྲ་རབ་རྣམས་ལ་བལྟས་པ་ཡང་ཡིན་ན་ནི་དེའི་ཚེ་དེའི་རང་བཞིན་ལ་བལྟས་བ་ཉིད་ཀྱི་ཕྱིར་ཤར་ཕྱོགས་ན་གནས་པར་འདོད་པའི་རྡུལ་ཕྲ་མོ་ལྟ་བུའམ། ཤར་ཕྱོགས་ཀྱི་ཁང་པ་ལ་ཁང་པ་གཅིག་བལྟས་པ་ལྟ་བུར་ཕྱོགས་ལྷག་མ་གཞན་ན་གནས་པ་རྣམས་དོན་ཇི་ལྟ་བ་བཞིན་མི་འགྱུར་རོ། །དེ་ལྟ་བས་ན་ཤར་དང་ནུབ་ལ་སོགས་པའི་ཆ་ཅན་མི་གནས་པས་སའི་དཀྱིལ་འཁོར་ལ་སོགས་པ་གནས་པར་མི་འགྱུར་རོ། །ཅི་སྟེ་ཉེས་པ་འདིར་འགྱུར་དུ་འོང་ཞེས་ཏེ། རྡུལ་ཕྲན་གཞན་ལ་ལྟ་བའི་ངོས། །གལ་ཏེ་གཞན་དུ་འདོད་ན་ནི། །གལ་ཏེ་དེ་ལྟ་ཡིན་ན། རབ་ཏུ་ཕྲ་རྡུལ་ཇི་ལྟ་བུ། །གཅིག་པུ་ཆ་ཤས་མེད་པར་འགྱུར། །ཕྱོགས་བཅུ་ན་རྣམ་པར་གནས་པའི་རྡུལ་ཕྲ་རབ་ཏུ་གྱུར་པའི་གྲངས་ཀྱི་རང་བཞིན་དང་ལྡན་པའི་ཕྱིར། འདི་ལྟར་གཅིག་པུ་རྣམ་པར་གཞག་པ་སྨོས་ཤིག །རང་བཞིན་ཐ་དད་པའི་མཚན་ཉིད་ཡིན་པས་དངོས་པོ་ཐ་དད་དེ། རྡུལ་ཕྲ་རབ་དེ་དག་ཀྱང་དེ་སྙེད་དུ་འགྱུར་རོ། །གང་གི་ཕྱིར་དེ་དག་ཀྱང་དེ་ལྟར། རྡུལ་ཕྲན་རང་བཞིན་མེད་གྲུབ་པ། །དེ་ཕྱིར་དམིགས་དང་རྫས་ལ་སོགས། །བདག་དང་གཞན་སྨྲས་མང་པོ་དག །རང་བཞིན་མེད་པར་མངོན་པ་ཡིན། །རྡུལ་ཕྲ་རབ་རྣམས་མེད་པ་ཉིད་དུ་ངེས་ན་རང་གི་སྡེ་པ་དག་མིག་དང་གཟུགས་དང་དེའི་རྣམ་པར་ཤེས་པ་ལ་སོགས་པ་དེ་ཁོ་ན་ཉིད་དུ་འདོད་པ་དང༌། གཟེགས་ཟན་པ་ལ་སོགས་པས་སྨྲས་པའི་རྫས་དང་ཡོན་ཏན་ལ་སོགས་པ་བསྒྲིམ་མི་དགོས་པར་རང་བཞིན་གྱིས་སྟོང་པར་ངེས་སོ། །ཅི་འདི་རྒྱལ་པོའི་བཀའ་འམ་ཞེ་ན། མ་ཡིན་ཏེ། དེ་ཡི་རང་བཞིན་དེས་བརྩམས་དང༌། །དེ་ཡི་ཡོན་ཏན་དེ་ལས་བདག །དེ་ཡི་སྤྱི་དང་ཁྱད་པར་ཡང༌། །དེ་དག་དེ་དང་ལྡན་པ་ཅན། །རང་གི་སྡེ་པ་དག་ནི་གཟུགས་ཅན་གྱི་ཁམས་བཅུ་པོ་དེ་དག་རྡུལ་ཕྲ་རབ་ལ་སོགས་པ་ཡིན་པར་བརྗོད་དེ། དེ་དག་དེ་མེད་ན་མི་རུང་ངོ༌། །འདི་ལྟར་མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་བྱ་བ་ལ་སོགས་པ་དེ་ལ་བརྟེན་པ་དང་དམིགས་པ་རྣམ་པར་ཤེས་པའི་ཁམས་ལྔ་ཡང་དེ་མེད་ན་ཅི་ལ་བརྟེན་ཏེ་སྐྱེ་བར་འགྱུར། རྣམ་པར་ཤེས་པའི་ཁམས་ལྔ་མེད་ན་དེ་མ་ཐག་པའི་རྐྱེན་དེས་མངོན་པར་བསྒྲུབས་པའི་


DTG107_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱི་རྣམ་པར་ཤེས་པ་ཡང་མི་འཐད་པའི་རང་བཞིན་ཉིད་དོ། །དེ་ལྟར་རྣམ་པར་ཤེས་པ་དྲུག་གི་ཚོགས་མ་གྲུབ་ན། རྣམ་པར་ཤེས་པ་དེ་འདས་མ་ཐག་པའི་ཡིད་ཀྱང་ཡང་དག་པར་རྣམ་པར་གཞག་པར་མི་རིགས་སོ། །དེ་ལྟར་སེམས་རང་བཞིན་མེད་པར་གྱུར་ན་དེ་དང་གྲུབ་པ་དང་བདེ་བ་གཅིག་པ་དང་ཚོར་བ་དང་འདུ་ཤེས་དང་སེམས་པ་ལ་སོགས་སེམས་ལས་བྱུང་བ་རྣམས་ཀྱང་རང་བཞིན་མེད་པར་བདེ་བླག་ཏུ་ཤེས་སོ། །ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་ཀྱང་རྣམ་པར་རྟོག་པ་ལ་དཔའ་བ་མཁས་པ་རྣམས་ཀྱིས་ལན་བརྒྱར་དུམ་བུ་དུམ་བུར་བཤིག་ཟིན་པས་ཤི་ཟིན་པ་དེ་དག་ལ་བསྣན་མི་དགོས་སོ། །ཡང་ན་གཟུགས་ལ་སོགས་པ་དེ་དག་དང་དངོས་སུ་འམ་བརྒྱུད་པས་འབྲེལ་པ་ཅན་དེ་དག་ཀྱང་དེ་མེད་པས་གཟོད་མ་ནས་མ་སྐྱེས་པ་ཉིད་དོ། །རྣམ་པར་རིག་བྱེད་མ་ཡིན་པ་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་པས་གྲུབ་པར་བརྗོད་པ་དེ་ཡང་དེ་དག་མེད་ན་མེད་པ་ཉིད་དོ། །ནམ་མཁའ་ལ་སོགས་པ་འདུས་མ་བྱས་མཐའ་དག་ཀྱང་སྔར་བསྟན་ཟིན་ཏེ། ཁམས་བཅོ་བརྒྱད་པོ་དེ་དག་ནི་རང་བཞིན་མེད་པ་ཉིད་དུ་གསལ་ལོ། །རྡུལ་གཉིས་པ་ལ་སོགས་པའི་ཡན་ལག་ཅན། རྡུལ་ཕྲ་རབ་དེ་དག་གིས་དངོས་དང་གཅིག་ནས་གཅིག་ཏུ་བརྒྱུད་དེ་བརྩམས་པར་འདོད་པ་དེ་དག་ཀྱང་དེ་མེད་ན་མེད་དོ། །གཟུགས་དང་རོ་དང་དྲི་ལ་སོགས་པ་ཡོན་ཏན་རྣམས་ཀྱང་ཕལ་ཆེར་འབྲས་བུ་དང་བཅས་པ་དེ་དག་ཉིད་ཀྱི་ཡིན་ནོ། །འདེགས་པ་ལ་སོགས་པ་ལས་ཀྱི་དངོས་པོ་རྣམས་ཀྱང་དེའི་ལས་ཀྱི་ངོ་བོ་ཉིད་ཁོ་ནའོ། །སྤྱི་དང་སྤྱིའི་ཁྱད་པར་དང་ཁྱད་པར་ཡང་ཡོད་པ་དང༌། ས་ལ་སོགས་པ་ཕལ་ཆེར་བརྟེན་པ་དང་ཉེ་བར་བརྟེན་པ་དང་བཅས་པ་དེ་དག་ཉིད་ཀྱི་ཡིན་ཏེ། དེ་དག་ཀྱང་དེ་དག་འདུ་བ་ཅན་དུ་འདོད་དོ། །དེ་བས་ན་འབྲེལ་པ་ཅན་མེད་པའི་ཕྱིར་འདུ་བ་ཡང་རང་བཞིན་མེད་པ་ཁོ་ནའོ། །རྟག་པའི་དངོས་པོ་ནམ་མཁའ་དང༌། དུས་དང༌། ཕྱོགས་དང༌། བདག་དང༌། ཕྲ་རབ་དག་ཀྱང་བསལ་ཏེ། རང་བཞིན་མེད་པར་སྔར་བསྟན་ཟིན་ཏོ། །གཟུགས་ཀྱི་ཕུང་པོ་དཔྱད་པའི་ཞར་ལ་རྣམ་པར་ཤེས་པའི་ཕུང་པོ་མཚུངས་པར་ལྡན་པ་དང་བཅས་པ་ཡང་རང་བཞིན་མེད་པར་བསྟན་ཏོ། །ད་ནི་རང་གི་སྡེ་པ་དང་གཞན་གྱིས་གཉིས་དང་གཉིས་མ་ཡིན་པའི་ཚུལ་དུ་བརྗོད་པ་དངོས་སུ་བསྟན་པར་བྱའོ། །དེ་ལ་


DTG107_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་ཚུལ་ནི་གང་དག་གཟུང་བ་དང་འཛིན་པ་གཉིས་ཡང་དག་པར་ཡོད་པར་འདོད་ལ། རྣམ་པར་ཤེས་པ་ནི་ཤེལ་སྒོང་དག་པ་ལྟ་བུ་ཡུལ་གྱི་རྣམ་པ་མི་འཛིན་པར་བརྗོད་པ་སྟེ། དེ་དག་གི་དཔྱད་པ་།རྣམ་ཤེས་བེམས་པོའི་རང་བཞིན་ལས། །བཟློག་པ་རབ་ཏུ་སྐྱེ་བ་སྟེ། །བེམས་མིན་རང་བཞིན་གང་ཡིན་པ། །དེ་འདིའི་བདག་ཉིད་ཤེས་པ་ཡིན། །དེ་ལ་རེ་ཞིག་གཉིས་ཀྱི་ཚུལ་རྣམ་པ་མེད་པའི་རྣམ་པར་ཤེས་པའི་ཕྱོགས་ནི། རྣམ་པར་ཤེས་པ་ཡུལ་གྱི་སྣང་བ་དང་མ་ཕྲད་པ། བདག་ཙམ་རིག་པ་ཙམ་ལ་གཞོལ་བ་ཁོ་ནར་ཟད་པས། །བདག་དང་ཐ་དད་པའི་དོན་མྱོང་བའི་བདག་ཉིད་དུ་མི་རུང་ངོ། །འདི་རང་རིག་པའི་རང་བཞིན་དུ་རྣམ་པར་གཞག་པ་ནི་རང་བཞིན་གྱིས་གསལ་བའི་བདག་ཉིད་ཡིན་པའི་ཕྱིར་ཏེ། ཤིང་རྟ་ལ་སོགས་པ་ལ་རིག་པ་མེད་པའི་རང་བཞིན་ལས་བཟློག་པའི་ཕྱིར་རོ། །དེ་ནི་རང་གི་ངོ་བོ་རིག་པར་བྱ་བའི་ཕྱིར་སྔོན་པོ་ལ་སོགས་པ་བཞིན་དུ་རིག་པར་བྱེད་པ་གཞན་ལ་མི་ལྟོས་པས་ཏེ། རིག་པ་མེད་པ་མ་ཡིན་ཞེས་བྱ་བའི་དོན་འདི་ནི་རང་རིག་པ་ཞེས་བྱ་བར་བརྗོད་དོ། །གཅིག་པ་ཆ་མེད་རང་བཞིན་ལ། །གསུམ་གྱི་རང་བཞིན་མི་འཐད་ཕྱིར། །དེ་ཡི་རང་གི་རིག་པ་ནི། །བྱ་དང་བྱེད་པའི་དངོས་པོར་མིན། །ཇི་སྐད་དུ་ཡུལ་རང་གི་རྣམ་པ་འཇོག་ནུས་པ་ནི་རྒྱུ་ཉིད་དེ་རིག་པར་བྱ་བ་ཉིད་ཡིན་པ་དང༌། རྣམ་པར་ཤེས་པ་ཡུལ་གྱི་ངོ་བོར་གཞག་པ་ནི་བསྐྱེད་པར་བྱ་བ་ཉིད་དེ་རིག་པ་པོ་ཉིད་དོ་ཞེས་རྣམ་པ་དང་བཅས་པའི་ཤེས་པའི་ཚུལ་ལས་རྗོད་པ་ལྟ་བུར་རང་རིག་པ་ལ་ནི་དེ་ལྟར་རྣམ་པར་གཞག་པར་མི་འཐད་དེ། རྣམ་པར་ཤེས་པ་ཆ་མེད་པའི་བདག་ཉིད་ལས་བསྐྱེད་པར་བྱ་བ་དང༌། སྐྱེད་བ་པོ་དང༌། བསྐྱེད་པའི་བྱ་བའི་ཚུལ་དུའམ། རིག་པར་བྱ་བ་དང་རིག་པ་པོ་དང༌། རིག་པའི་བྱེ་བྲག་གིས་གསུམ་གྱི་ཚུལ་དུ་མི་དམིགས་པའི་ཕྱིར་ཏེ། འདི་ལྟར་སྐྱེ་བའི་སྔ་ལོགས་ན་ནི་མེད་པས་ནུས་པ་མེད་ལ། ནུས་པའི་དུས་ན་ནི་སྐྱེད་པ་པོར་འདོད་པའི་ངོ་བོ་བཞིན་དུ་དེ་དང་ཐ་མི་དད་པ་བསྐྱེད་པར་བྱ་བར་འདོད་པའི་ངོ་བོ་ཡང་ཡོངས་སུ་གྲུབ་སྟེ། བདག་ཉིད་ལ་བྱེད་པ་ནི་འགལ་ལོ། །དེ་ལྟ་བས་ན་གསལ་བར་བྱེད་པ་གཞན་ལ་མི་ལྟོས་པར་རང་གསལ་བའི་བདག་ཉིད་ནི་རྣམ་པར་ཤེས་པའི་རང་རིག་པ་ཞེས་བྱའོ། །དེའི་ཕྱིར་འདི་ནི་ཤེས་པ་ཡི། །རང་བཞིན་ཡིན་པས་བདག་ཤེས་རུང༌། །དོན་གྱི་རང་བཞིན་གཞན་དག་ལ། །དེ་ཡིས་ཇི་ལྟར་


DTG107_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་འགྱུར། །དཔེར་ན་བདག་ཉིད་གསལ་བའི་ངོ་བོ་ཡིན་པས་རང་གི་ངོ་བོ་གསལ་བར་བྱེད་པ་ལ་གསལ་བར་འདོད་པ་དེ་བཞིན་དུ་རྣམ་པར་ཤེས་པ་ཡང་མྱོང་བའི་བདག་ཉིད་ཡིན་པའི་ཕྱིར་རང་རིག་པར་འདོད་དོ། །ཅི་སྟེ་རྣམ་པར་ཤེས་པ་ནི་ཡུལ་སོ་སོར་རྣམ་པར་རིག་པའི་མཚན་ཉིད་ཡིན་པས་དེ་ནི་དོན་ཡོངས་སུ་དཔྱོད་པའི་ངོ་བོ་ཉིད་ཀྱང་ཡིན་ཏེ། དེའི་ཕྱིར་རང་གི་ངོ་བོ་བཞིན་དུ་དོན་ཀྱང་མྱོང་བར་འདོད་དོ་ཞེ་ན། དེ་ནི་མི་རུང་སྟེ། དེ་ཡི་རང་བཞིན་གཞན་ལ་མེད། །གང་གིས་དེ་ཤེས་གཞན་ཡང་ཤེས། །ཤེས་དང་ཤེས་པར་བྱ་བའི་དོན། །ཐ་དད་པར་ནི་འདོད་ཕྱིར་རོ། །ཡོངས་སུ་གཅོད་ཅེས་བྱ་བའི་ངོ་བོ་དེ་ནི་ཤེས་པའི་ཐུན་མོང་མ་ཡིན་པ་སྟེ། བདེ་བ་ལ་སོགས་པའི་བདེ་བ་ཉིད་ལ་སོགས་པ་ལྟ་བུ་ཡིན་ན། དེ་འདྲ་བ་དེ་གཞན་ལ་ཇི་ལྟར་ཡོད། འབྲེལ་པ་གང་གིས་ན། འདིའི་འདི་ཞེས་བསྙད་པ་མྱོང་བར་འགྱུར། །དེ་ལས་བྱུང་བ་དེ་ཙམ་གྱིས་ནི་དོན་མྱོང་བར་མི་འགྲུབ་སྟེ། མིག་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་དོན་ཀྱང་ཡོངས་སུ་གཅོད་པའི་བདག་ཉིད་དུ་འགྱུར་ལ། རྣམ་པར་ཤེས་པ་ཡང་དེའི་བདག་ཉིད་ཡིན་ན་ནི། དེ་ལྟ་བས་ན་དེའི་ཚེ་ཤེས་པའི་དོན་ཡོངས་སུ་གཅོད་པའི་ངོ་བོ་ཡིན་པས་མྱོང་བའི་ངོ་བོར་ཐ་མི་དད་པའི་ཕྱིར། ཤེས་པ་རིག་པས་དོན་རིག་པར་ཡང་འགྱུར་བ་ཞིག་ན། ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་པའི་དུག་གིས་མ་རུངས་པར་བྱས་པའི་བསམ་པ་ཅན་གྱི་ལུགས་ལ་ནི་དེ་མི་སྲིད་དོ། །དོན་དང་ཤེས་པ་གཉིས་ཐ་དད་པའི་ཕྱིར་རོ། །གང་རྣམ་པ་བཞིན་དུ་ཤེས་པ་ཡང་རིག་པ་མེད་པར་འདོད་པ་དེའི་ལྟར་ན་གཉི་ག་ལ་རིག་པ་མེད་དེ་དོན་དང་ཤེས་པ་ཞེས་བྱ་བར་འགྲུབ་པར་བསྙད་དུ་མེད་དོ། །ཤེས་པ་ནི་གསལ་བ་ཡིན་ན་གསལ་བ་ན་གསལ་བར་མ་གྱུར་ཏེ། གསལ་བ་གསལ་བ་མ་ཡིན་པའི་ཕྱིར་མི་གཞན་གྱི་མངོན་སུམ་དུ་འདོད་པའི་དོན་བཞིན་དུ་འདོད་པའི་དོན་ཀྱང་མངོན་སུམ་དུ་མི་འགྱུར་ལ་རབ་ཏུ་འབྲེལ་པའི་རྒྱུ་ཡང་མེད་པའི་ཕྱིར་རོ། །གཞན་ཡང་ཤེས་པ་རྣམ་པ་མེད་པའི་ཕྱོགས་འདི་ནི་ཤེས་པ་རྣམ་པ་དང་བཅས་པའི་ཕྱོགས་ཤིན་ཏུ་འབྲེལ་པ་མེད་པས་ཀྱང་ཆེས་དམན་པར་བསྟན་པ། ཤེས་པ་རྣམ་བཅས་ཕྱོགས་ལ་ནི། །དངོས་སུ་དེ་གཉིས་ཐ་དད་ཀྱང༌། །དེ་དང་གཟུགས་བརྙན་འདྲ་བས་ན། །གདགས་པ་ཙམ་གྱི་ཚོར་བར་


DTG107_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

རུང། །དེས་གཞག་པ་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་བརྙན་རིགས་པ་གང་ཡིན་པ་དེ་ཉིད་དོན་ཤེས་པའོ། །དེའི་ཕྱིར་ན་དོན་གྱི་འབྲས་བུ་གཟུགས་བརྙན་མྱོང་བ་ལ་དོན་ཀྱང་མྱོང་ངོ་ཞེས་གདགས་སོ། །དོན་གྱི་རྣམ་པས་བསྒྱུར་ལྡན་པའི། །རྣམ་ཤེས་སུ་ཞིག་མི་འདོད་པ། །དེ་ལ་ཕྱི་རོལ་རིག་པ་ཡི། །རྣམ་པ་འདི་ཡང་ཡོད་མ་ཡིན། །རིག་པ་མེད་པའི་རང་བཞིན་ཡིན་པས་རིག་པའི་དོན་གྱི་དངོས་པོ་ནི་དོན་ལས་རིང་དུ་གྱུར་པ་ཉིད་དོ། །འབྲེལ་པའི་རྒྱུ་གཟུགས་བརྙན་ཡང་ཁས་མི་ལེན་པས་གདགས་པ་ཡང་མི་སྲིད་དོ། །གལ་ཏེ་དེ་ལྟ་ན་ཤེས་པ་རྣམ་པ་དང་བཅས་པ་ཉིད་དུ་ནི་རུང་ངོ༌། །དེ་ཡང་དེ་ལྟ་མ་ཡིན་ཏེ། འདི་ལ་ཡང༌། ཤེས་གཅིག་ཐ་དད་མ་ཡིན་པས། །རྣམ་པ་མང་པོར་མི་འགྱུར་ཏེ། །དེ་ཕྱིར་དེ་ཡི་མཐུ་ཡིས་ནི། །དོན་ཤེས་འགྱུར་བར་གཞག་པ་མེད། །རི་མོ་རྐྱང་པ་ལ་སོགས་པ་ལ་དམིགས་པའི་རྣམ་པར་ཤེས་པ་ལ་ནི་སྔོན་པོ་དང༌། སེར་པོ་ལ་སོགས་པ་སྤྱོད་ཡུལ་གྱི་བྱེ་བྲག་ཇི་སྙེད་པ་དེ་སྙེད་ཀྱི་གྲངས་ཀྱི་བྱེ་བྲག་གི་རྣམ་པ་གདོན་མི་ཟ་བར་འབྱུང་ངོ༌། །དེ་ལྟ་མ་ཡིན་ན་ཤེས་པ་དེ་དང་མཐུན་པར་མི་འགྱུར་རོ། །རྣམ་པ་དེ་དག་གི་སྣ་ཚོགས་པ་འདི་ནི་རིག་པ་མ་ཡིན་ཏེ། རྣམ་པར་ཤེས་པ་གཅིག་དང་ཐ་དད་པ་མ་ཡིན་པའི་ཕྱིར་ཤེས་པ་དེའི་རང་གི་ངོ་བོ་བཞིན་ནོ། །དེའི་ཕྱིར་རྣམ་པ་སྣ་ཚོགས་ཀྱི་རྒྱུས་དེ་ལ་འདི་ནི་སྔོན་པོའོ། །འདི་ནི་སེར་པོའོ་ཞེས་བྱ་བ་ལ་སོགས་པ་དོན་སྣ་ཚོགས་རིག་པའི་རྒྱུ་རྣམ་པ་སྣ་ཚོགས་སུ་རྣམ་པར་གཞག་པ་མེད་པར་འགྱུར་རོ། །ཅི་སྟེ་ཡང་གསལ་བར་མངོན་སུམ་དུ་བྱས་པ་རྣམ་པ་སྣ་ཚོགས་ཡོད་པར་ངེས་པར་ཁས་བླང་དུ་ངེས་སོ་ཞེ་ན། དེ་ལྟ་ན་ཡང༌། རྣམ་པ་རྣམས་དང་མ་བྲལ་པས། །རྣམ་ཤེས་གཅིག་ཏུ་མི་འགྱུར་རོ། །དེ་ལྟ་ཡིན་ན་འདི་གཉིས་ལ། །གཅིག་ཅེས་ཇི་སྐད་བརྗོད་པར་བྱ། །རྣམ་པར་ཤེས་པ་དེ་རྣམ་པ་དུ་མ་དང་ཐ་དད་པ་མ་ཡིན་པའི་ལུས་ཡིན་ན་ནི། རྣམ་པ་དེ་དག་གི་བྱེ་བྲག་བཞིན་དུ་དུ་མར་འགྱུར་རོ། །གལ་ཏེ་རྣམ་པར་ཤེས་པ་ནི་གཅིག་པུ་ཁོ་ནའི་རང་བཞིན་ཡིན་ལ། རྣམ་པ་ནི་དུ་མ་ཡིན་ན་དེའི་ཚེ་འགལ་བའི་ཆོས་སུ་གནས་པས་རྣམ་པར་ཤེས་པ་གཉིས་ཐ་དད་པ་མ་ཡིན་པར་ནི་འགལ་ལོ། །འདི་ལྟར་འདོད་དེ། དཀར་པོ་དག་ལ་སོགས་པ་ལ། །ཤེས་པ་དེ་ནི་རིམ་འབྱུང་སྟེ། །མགྱོགས་པར་འབྱུང་ཕྱིར་བླུན་པོ་


DTG107_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

དག །ཅིག་ཅར་སྙམ་དུ་ཤེས་པ་ནི། །མེ་ཏོག་ཨུཏྤལའི་འདབ་མ་བརྒྱ་འབིགས་པ་བཞིན་དུ། ཤིན་ཏུ་མྱུར་བའི་ཕྱིར་རིམ་གྱིས་དངོས་པོ་ལ་ཡང་ཅིག་ཅའོ་སྙམ་དུ་ཤེས་སོ་ཞེས་འཛེར་ཏེ། དཔེར་ན་མགལ་མེའི་འཁོར་ལོ་མཐོང་བ་བཞིན་ཏེ། མཐོང་བ་དེ་ནི་མྱུར་དུ་བསྐོར་བའི་ཕྱིར་རོ་ཞེས་ཟེར་རོ། །གལ་ཏེ་དེ་ལྟ་ན། ལྕུག་མའི་སྒྲ་ལ་སོགས་པའི་བློ། །རབ་ཏུ་མགྱོགས་པར་འབྱུང་ཡིན་ན། །དེ་ཕྱིར་ཅིག་ཅར་འབྱུང་བ་ཡི། །འདིར་ཡང་ཅི་ཕྱིར་འབྱུང་མི་འགྱུར། །ལྕུག་མ་དང༌། ཏ་ལ་དང༌། མཚོ་དང༌། རོ་བྲོ་བ་དང་ཞེས་བྱ་བ་ལ་སོགས་པ་ཡི་གེའི་འབྲུའི་ཡུལ་རྣམས་ཀྱི་བློ་དག་ཀྱང་རབ་ཏུ་མགྱོགས་པར་འབྱུང་དུ་འདྲ་སྟེ། དེ་བས་ན་མགྱོགས་པར་འབྱུང་བའི་ཕྱིར་རིམ་བརྐྱང་བ་ལ་སོགས་པ་བཞིན་དུ་ཅིག་ཅར་དུ་ཅིའི་ཕྱིར་མི་ཤེས། རྒྱུ་འདྲ་བའི་འབྲས་བུ་ནི་ཐ་དད་པར་མི་རིགས་ཏེ། རྒྱུ་མ་ཡིན་པར་འགྱུར་བའི་ཕྱིར་རོ། །ཡིད་ཀྱི་རྟོག་པ་འབའ་ཞིག་ལའང༌། །རིམ་དུ་ཤེས་པར་མི་འགྱུར་རོ། །རིང་དུ་གནས་པ་མ་ཡིན་པས། །བློ་རྣམས་ཀུན་ཀྱང་མགྱོགས་འབྱུང་འདྲ། །སེམས་པ་དང་དཔྱོད་པ་ལ་སོགས་པའི་དུས་ན་འབྱུང་བ་ཅན་རིགས་མི་འདྲ་བ་མིག་ལ་སོགས་པའི་ཤེས་པ་དང་མ་འདྲེས་པ་བར་ཆད་མེད་པ་འབྱུང་བ་ཡང་གསལ་བར་མགྱོགས་པར་འབྱུང་ན་ཅིའི་ཕྱིར་ཅིག་ཅར་དུ་མི་ཤེས། གཅིག་ཏུ་ན་འདིའི་ཕྱིར་མྱུར་དུ་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་འདི་ནི་ལེན་དུ་མི་རུང་སྟེ། ཕ་རོལ་གྱི་ལུགས་ལས་ཀྱང་རབ་ཏུ་མྱུར་དུ་འཇིག་པ་དང་ལྡན་པའི་བློ་རྣམས་ནི་གང་ཡང་ཡུན་རིང་དུ་གནས་པ་མེད་དོ་ཞེས་འབྱུང་སྟེ། དེ་ཕྱིར་ཡུལ་རྣམས་ཐམས་ཅད་ལ། །རིམ་གྱིས་འཛིན་པར་མི་འགྱུར་གྱི། །རྣམ་པ་དག་ནི་ཐ་དད་ལྟར། །ཅིག་ཅར་འཛིན་པར་སྣང་བར་འགྱུར། །དེའི་ཕྱིར་མགྱོགས་པར་བྱེ་བྲག་མེད་པའི་ཕྱིར། དོན་ཐམས་ཅད་འཛིན་པ་ལ་རྣམ་པའི་བྱེ་བྲག་བཞིན་དུ་རིམ་པ་མ་ཡིན་པར་འགྱུར་བ་བཟློག་པར་དཀའོ། །རྒྱུ་རྣམ་པ་ཐམས་ཅད་དུ་འདྲ་བའི་འབྲས་བུ་མི་འདྲ་བ་ནི་མི་རིགས་ཏེ། རྒྱུ་མ་ཡིན་པ་ཉིད་དུ་འགྱུར་བར་སྔར་བཤད་ཟིན་ཏོ། །མགལ་མེའི་འཁོར་ལོ་མཐོང་བའི་དཔེ་ཡང་རུང་བ་མ་ཡིན་ཏེ། འདི་ལྟར་མགལ་མེ་ལ་ཡང་ཅིག་ཅར་དུ། །འཁོར་ལོར་སྣང་བའི་འཁྲུལ་པ་འབྱུང༌། །གསལ་བར་རབ་ཏུ་སྣང་བའི་ཕྱིར། །མཐོང་བས་


DTG107_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སྦྱོར་མ་ཡིན་ནོ། །ཅི་གསལ་བར་སྣང་བ་དང་མཚམས་སྦྱོར་བ་འགལ་ལམ། འགལ་ཏེ། འདི་ལྟར་མཚམས་རྣམས་སྦྱོར་བ་ནི། །དྲན་པས་བྱེད་པ་ཉིད་ཡིན་གྱི། །མཐོང་བས་མ་ཡིན་འདས་པ་ཡི། །ཡུལ་ལ་འཛིན་པ་མིན་ཕྱིར་རོ། །དྲན་པ་ནི་ཡུལ་དུ་བྱས་པ་ཉིང་མཚམས་སྦྱོར་ཏེ། མ་ཟིན་པ་ལ་ནི་མཚམས་སྦྱོར་བར་མི་ནུས་པའི་ཕྱིར་རོ། །དེས་ཅིར་འགྱུར་སྨྲས་པ། དེ་ཡི་ཡུལ་དུ་གང་འགྱུར་བ། །དེ་ནི་ཞིག་པས་གསལ་མ་ཡིན། །དེ་ཕྱིར་འཁོར་ལོར་སྣང་བ་འདི། །གསལ་བ་མ་ཡིན་འགྱུར་བའི་རིགས། །དྲན་པ་ནི་མདུན་ན་འདུག་པའི་དངོས་པོ་ལ་ཡང་ཤིན་ཏུ་གསལ་བར་རྟོགས་པ་མ་ཡིན་ནོ། །དེའི་བདག་ཉིད་དུ་གྱུར་པ་མགལ་མེའི་འཁོར་ལོ་མཐོང་བ་ཡང་དེ་བཞིན་དུ་འགྱུར་བའི་རིགས་ན། མགལ་མེ་ལ་ནི་འཁོར་ལོར་གསལ་བར་སྣང་བ་འདི་ཡང་སྣང་ངོ༌། །ཨུཏྤལའི་འདབ་མ་བརྒྱ་ཅིག་ཅར་ཕིགས་པར་ཤེས་པ་གང་ཡིན་པ་དེ་ཡང་གསལ་བར་སྣང་བ་མ་ཡིན་ནོ། །ཅིག་ཅར་དུ་ཕིགས་སོ་སྙམ་པ་ལ་ནི་ཚད་མའི་གནོད་པ་ཡང་ཡོད་པའི་ཕྱིར་དེ་ལ་ཅིག་ཅར་ཡང་མ་ཡིན་པར་གནས་པར་རིགས་ཏེ། ཞིབ་པ་རྩེ་གཅིག་པ་ཤེས་རབ་ཀྱི་མིག་དང་ལྡན་པ་དག་ནི་དེ་ལ་རིམ་དུ་ངེས་པར་བྱེད་དོ། །མང་པོ་དག་བྱེད་པ་གཅིག་པ་གཅིག་གིས་འབིགས་པ་གང་ཡིན་པ་དེ་ནི་རིམ་གྱིས་འགྱུར་ཏེ། དཔེར་ན་ཟངས་ཀྱི་གླེགས་མ་ལ་སོགས་ལྟ་བུ་སྟེ། ཨུཏྤལའི་འདབ་མ་མང་པོ་འབིགས་པ་འདི་ཡང་མིའི་བྱེད་པ་གཅིག་གིས་བྱས་པས་རྗེས་སུ་དཔོག་གོ །གང་དག་རིགས་མཐུན་པའི་ཤེས་པ་རྣམས་ཀྱང་རྣམ་པའི་གྲངས་བཞིན་དུ་རི་མོའི་གཞི་ལ་སོགས་པ་ལ་ལྷན་ཅིག་ཏུ་མང་དུ་འབྱུང་སྟེ། གཟུགས་དང་སྒྲ་ལ་སོགས་པའི་ཤེས་པ་རིགས་མི་མཐུན་པ་བཞིན་ནོ་སྙམ་དུ་སེམས་པ་དེ་དག་གི་ལུགས་བསྟན་པར་བྱའོ། །རི་མོའི་གཞི་རྣམས་མཐོང་བའི་ཚེ། །དེ་ལ་དེ་བཞིན་སེམས་མང་པོ། །ཅི་སྟེ་ཅིག་ཅའི་ཚུལ་གྱིས་སུ། །འབྱུང་བར་འགྱུར་བར་འདོད་ན་གོ །གལ་ཏེ་དེ་ལྟ་ན། དེ་ལྟ་ཡིན་ན་དཀར་ལ་སོགས། །རྣམ་པ་སྣ་གཅིག་ཤེས་པ་ཡང༌། །ཐོག་མ་དབུས་མཐའ་ཐ་དད་པས། །དམིགས་པ་སྣ་ཚོགས་ཉིད་དུ་འགྱུར། །ཇི་ལྟར་སྔོན་པོ་དང་དཀར་པོ་ལ་སོགས་པ་རྣམ་པ་མང་པོ་དེ་བཞིན་དུ་གཅིག་པུར་འདོད་པ་དཀར་པོ་ལ་སོགས་པ་ལ་ཡང་ཚུ་རོལ་དང༌། ཕ་རོལ་དང་དཔུང་གི་ཆའི་ངོ་


DTG107_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་རྣམ་པ་མང་པོ་ཉིད་དེ། དེ་ལ་ཡང་དེའི་བདག་ཉིད་ཀྱི་ཤེས་པ་དུ་མ་ཉིད་དུ་འགྱུར་རོ། །དུ་མར་འདོད་དོ་ཞེ་ན། འོ་ན་གཅིག་པུར་གྱུར་པ་གང་ཡིན། གང་ཡན་ལག་མེད་པའི་རྡུལ་གྱི་ཡུལ་འཛིན་པ་སྟེ། ཡུལ་དེའི་ཡན་ལག་རྣམ་པར་དབྱེ་བར་ངེས་པར་བྱེད་པ་ནི། ཤིན་ཏུ་ཞིབ་པའི་ཤེས་རབ་ཅན་རྣམས་ཀྱིས་ཀྱང་མི་ནུས་སོ། །ལྟ་བ་དེ་ཡང་མྱོང་བར་བྱེད་པ་མ་ཡིན་པར་བརྗོད་པ། རྡུལ་ཕྲན་བདག་ཉིད་དཀར་ལ་སོགས། །གཅིག་བུའི་བདག་ཉིད་ཆ་མེད་པ། །ཤེས་པ་གང་ལའང་སྣང་གྱུར་པར། །བདག་གིས་རབ་ཏུ་ཚོར་བ་མེད། །བདག་གིས་རབ་ཏུ་སེམས་བཏུད་ཀྱང༌། །ཆ་ཤས་ཐམས་ཅད་ཀྱིས་སྟོང་པའི་རྡུལ་མ་མཐོང་སྟེ། མ་མཐོང་བཞིན་དུ་དེ་ཁས་བླངས་ཤིང་བདག་ལ་ཇི་ལྟར་བསླུ། རྟོག་པ་དང་ལྡན་པ་རྣམས་ཀྱིས་ཡོད་པར་ཁས་ལེན་པའི་རྒྱུ་ནི་དམིགས་པ་ཡིན་ན། དེ་ནི་དེ་མེད་པས་རུང་བ་མ་ཡིན་ནོ། །གཞན་ཡང་བཅོས་མ་དང་བཅོས་མ་མ་ཡིན་པའི་ཕྱེ་མ་ལེབ་ཁྲ་བོ་ལ་སོགས་ཇི་ལྟར་གཅིག་པུའི་བདག་ཉིད་མ་ཡིན་པ་དེ་བཞིན་དུ་རྣམ་པ་སྣ་ཚོགས་པའི་རྣམ་པར་ཤེས་པ་དེ་ཡང་གཅིག་པུའི་རང་བཞིན་དུ་གདགས་པ་མ་ཡིན་པར་འཐད་པ་མེད་དོ། །འོ་ན་སྣ་ཚོགས་མ་ཡིན་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་གཅིག་པུའི་རང་བཞིན་དུ་འགྱུར་རོ། །དེ་ཡང་དེ་ལྟར་མི་རུང་སྟེ། ཐམས་ཅད་ཀྱི་ལྟ་བ་རྣམས་ལ་ཡང༌། དེ་ལ་སྣ་ཚོགས་སྣང་བས་ཡུལ་དུ་མ་ཡོད་དེ་འདི་ལྟར་རེ་ཞིག་རང་གི་སྡེ་པའི་ལུགས་ལས། རྣམ་ཤེས་ལྔ་ཡི་ཁམས་རྣམས་ནི། །བསགས་ལ་དམིགས་པའི་རྣམ་པ་ཡིན། །སེམས་དང་སེམས་བྱུང་དམིགས་པ་ནི། །དྲུག་པར་གཞག་པར་བྱས་པ་ཡིན། །དབང་པོ་གཟུགས་ཅན་ལ་བརྟེན་པ་རྣམ་པར་ཤེས་པའི་ཁམས་ལྔའི་ཡུལ་ནི་རྡུལ་ཕྲ་རབ་དུ་མ་འདུས་པ་ཡིན་པས། རྣམ་པ་དེ་སྙེད་ཀྱི་རྗེས་སུ་འབྲེལ་པའི་ཕྱིར་སྣ་ཚོགས་ཉིད་ལས་མི་འདའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡང་དེ་དང་དོན་མཐུན་ཏེ། དེ་དང་གྲུབ་པ་དང་བདེ་བ་གཅིག་པའོ། །ཆོས་ཀྱི་ཁམས་རྣམ་པར་རིག་བྱེད་མ་ཡིན་པ་དང༌། འདུས་མ་བྱས་ཀྱང་མི་རིགས་པའི་ཕྱིར་ཚོར་བ་ལ་སོགས་པ་ཕུང་པོ་གསུམ་ཙམ་གྱི་བདག་ཉིད་དེ། དེ་ལ་དམིགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་སེམས་ལས་བྱུང་བ་འབའ་ཞིག་ལ་མི་འཛིན་གྱི། སེམས་དང་སེམས་ལས་


DTG107_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་ཚོགས་ལ་དམིགས་ཏེ། དེའི་གྲངས་སྙེད་ཀྱི་རྣམ་པ་དང་ལྡན་པའི་ཕྱིར་སྣ་ཚོགས་ཉིད་ལས་མི་འདའོ། །གང་དག་བདེ་བར་གཤེགས་པའི་གསུང་རབ་ལེགས་པར་གསུངས་པ་འདི་ལས་ཕྱི་རོལ་དུ་གནས་པ་གཟེགས་ཟན་དང་སེར་སྐྱ་ལ་སོགས་པའི་ལུགས་ལ་འཆེལ་ལ། འབྲས་བུའི་རྫས་ལ་སོགས་པ་དོན་གཅིག་གི་ཡུལ་ཤེས་པར་སྨྲ་བ་དེ་དག་གི་ལུགས་ལྟར་ན། དོན་གཅིག་པུ་དེའི་རྣམ་པར་ཤེས་པ་གཅིག་པུའི་བདག་ཉིད་དུ་འགལ་བ་མེད་དོ་ཞེ་ན། མི་རུང་སྟེ་འདི་ལྟར། ཕྱི་གཞུང་རྣམས་ལའང་རྣམ་ཤེས་ནི། །གཅིག་ཏུ་སྣང་བར་མི་རིགས་ཏེ། །ཡོན་ཏན་ལ་སོགས་ལྡན་པ་ཡིས། རྫས་ལ་སོགས་པ་དམིགས་ཕྱིར་རོ། །དེ་དག་ནི་གཟུགས་ལ་སོགས་པ་ཡོན་ཏན་རྣམས་དང༌། བསྐྱོད་པ་ལ་སོགས་པ་ལས་རྣམས་དང༌། ལག་པ་ལ་སོགས་པ་རང་གི་ཡན་ལག་རྣམས་དང༌། སྤྱི་ལ་སོགས་པ་དང་ལྡན་པའི་ལུས་ལ་སོགས་པའི་རྫས་ལ་དམིགས་སོ་ཞེས་སྨྲ་སྟེ། ཡོན་ཏན་ལ་སོགས་པ་ཡང་རྫས་ལ་སོགས་པ་དང་ལྡན་ནོ་ཞེའོ། །དེ་དག་གི་ལུགས་ལྟར་ན་ཡང་རྣམ་པར་ཤེས་པ་ལ་དོན་དུ་མ་སྣང་བ་ཉིད་དོ། །རྒྱལ་བ་པ་དང༌། རྒྱལ་དཔོག་པ་རྣམས་ཀྱི་ལྟར་ན་ཡང༌། ནོར་བུ་གཟི་ཡི་བདག་ཉིད་ལྟར། །དངོས་པོ་ཀུན་ཤེས་ལྟ་བ་ལ། །དེ་ལ་འཛིན་པའི་སེམས་ཀྱང་ནི། གཅིག་པུའི་ངོ་བོར་སྣང་མི་རིགས། །དེ་དག་སྨྲ་བ་ནི། དུ་མའི་ངོ་བོའི་དངོས་པོ་ལ། །བརྗོད་པར་འདོད་པ་ངོ་བོར་འདོད། །ཅིག་ཅ་འམ་རིམ་གྱིས་ཚུལ་གཉིས་ལས། །ཚིག་གི་བྱ་བ་གཞན་མེད་དོ། །དཔེར་ན་ཁྲ་བོའི་ཁ་དོག་ལས། །ཇི་ལྟར་འདོད་བཞིན་ཁ་དོག་འཛིན། །དེ་བཞིན་དངོས་ལ་སྣ་ཚོགས་ཕྱིར། །ཐ་དད་ཐ་དད་མིན་པར་རྟོག །ཅེས་ཟེར་རོ། །ཡུལ་སྣ་ཚོགས་ལ་རྣམ་པར་ཤེས་པ་སྣ་ཚོགས་མ་ཡིན་པ་སྣང་བ་ནི་མི་རིགས་ཏེ། དེ་དག་དང་མཐུན་པར་མི་འཇུག་པས་མི་འཛིན་པར་འགྱུར་བའི་ཕྱིར་རོ། །ལྷའི་བླ་མའི་ལྟ་བའི་རྗེས་སུ་འབྲང་བ་ལ་སྨྲས་པ། ས་ལ་སོགས་པ་འདུས་པ་ལ། །ཡུལ་དང་དབང་པོར་ཀུན་འཇོག་པར། །སུ་འདོད་དེ་ཡི་ལུགས་ལ་ཡང༌། །དངོས་པོ་གཅིག་དང་མཐུན་འཇུག་མེད། །འདུས་པར་རྣམ་པར་གཞག་པའི་རྒྱུ་ནི་འདུས་པ་ཅན་དུ་མ་ཡིན་པས་འདུས་པ་ལ་འཛིན་པའི་ཤེས་པ་ནི་གཅིག་དང་མཐུན་པར་འཇུག་པར་མི་རིགས་སོ། །སེར་


DTG107_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱའི་དབང་དུ་བྱས་ནས་སྨྲས་པ། སྙིང་སྟོབས་ལ་སོགས་བདག་སྒྲ་སོགས། །ཕྱོགས་ལའང་དོན་གཅིག་སྣང་བ་ཅན། །ཤེས་པ་རིགས་པ་མ་ཡིན་ཏེ། །གསུམ་གྱི་བདག་ཉིད་ཡུལ་སྣང་ཕྱིར། །ཅི་སྟེ་གསུམ་གྱི་བདག་ཉིད་ཁོ་ནར་ཡུལ་སྣང་བ་མ་ཡིན་གྱི། སྙིང་སྟོབས་ལ་སོགས་པ་གང་གི་ཤས་ཆེ་བ་དེ་དམིགས་ཏེ་གཞན་ནི་མ་ཡིན་ནོ་ཞེ་ན། དེ་ཡང་དེ་ལྟར་མི་རུང་སྟེ། རིགས་དང་བསྒོམས་པའི་བྱེ་བྲག་གིས་སྒྲ་ལ་སོགས་པ་ཅིག་ཁོ་ན་ལ་མང་པོ་དག་གི་གདུང་བ་དང་ཞུམ་པ་དང་རྒ་བ་ལ་སོགས་པ་མྱོང་ངོ༌། །ཡོན་ཏན་གཉིས་ཀྱི་ཤས་ཆུང་ན་མྱོང་བ་འདི་ཇི་ལྟར་མངོན་སུམ་དུ་རབ་ཏུ་འགྲུབ། མི་སྣང་བ་ལ་སོགས་པའི་དབང་གིས་ལྷག་མའི་ངོ་བོ་མི་མཐོང་བར་འདོད་དོ་ཞེ་ན། འདི་ཡང་ཤིན་ཏུ་མི་རིགས་པར་བརྗོད་པ། དངོས་པོའི་ངོ་བོ་རྣམ་གསུམ་ལ། །དེ་ནི་གལ་ཏེ་རྣམ་གཅིག་སྟེ། །དེ་དང་མི་མཐུན་སྣང་ན་གོ །དེ་ནི་དེ་འཛིན་ཇི་ལྟར་འདོད། །ཡུལ་ཇི་ལྟར་གནས་པའི་རང་བཞིན་དང་མཐུན་པར་འཇུག་ན་རྣམ་པར་ཤེས་པ་དམིགས་པ་འཛིན་པར་འགྱུར་གྱི་གཞན་དུ་ན་དོན་གཞན་བཞིན་དུ་ཡུལ་དུ་འདོད་པ་ཡང་ཡུལ་དུ་མི་འགྱུར་ཏེ། སྒྲ་ལ་སོགས་པ་ནི་གསུམ་གྱི་རང་བཞིན་ཡིན་ལ་རྣམ་པར་ཤེས་པ་ནི་གཅིག་གི་ངོ་བོ་དང་མཐུན་པར་འཇུག་སྟེ་དེ་དང་མཐུན་པར་མི་འཇུག་པའི་ཕྱིར་རོ། །གསང་བ་པ་གང་དག །ཕྱི་རོལ་ཡུལ་རྣམས་མེད་པར་ཡང༌། །སྣ་ཚོགས་སྣང་ལ་རྟག་པ་སྟེ། །ཅིག་ཅའམ་ཇི་སྟེ་རིམ་འབྱུང་བའི། །རྣམ་ཤེས་རུང་བ་ཤིན་ཏུ་དཀའ། །ཅི་སྐད་བརྗོད་པ་དེ་དག་གི་ཕྱོགས་ལ་ཡང་སྣ་ཚོགས་སུ་སླ་བ་ཉིད་དེ། འདི་ལྟར་སྔོན་པོ་དང་སེར་པོའི་རྣམ་པ་དུ་མ་ཅིག་ཅར་སྣང་བའི་རྣམ་པར་ཤེས་པ་ནི་རྣམ་པ་དུ་མ་དག་དང་ཐ་དད་པ་མ་ཡིན་པའི་ཕྱིར་རྣམ་པ་དེའི་རང་གི་ངོ་བོ་བཞིན་དུ་དུ་མར་འགྱུར་རོ། །རིམ་པ་ཡང་གཟུགས་དང་སྒྲ་ལ་སོགས་པར་སྣང་བ་ནི་གཏན་ཚིགས་དང་དཔེ་གཉིས་པོ་འདི་དག་ཉིད་ཀྱིས་དུ་མར་འགྱུར་བ་ལས་མི་འདའ་བ་ཉིད་དོ། །གཞན་དུ་ན་འདི་གཉིས་གཅིག་ཏུ་ཇི་ལྟར་བརྗོད་དེ་ཉེས་པ་སྔ་མ་བཞིན་ནོ། །རིམ་གྱི་ཕྱོགས་ལ་ཉེས་པ་གཞན་འདི་ཡང་ཡོད་དེ། རྣམ་པ་གཅིག་རིག་པར་འདོད་པ་ན་དེ་དང་རྣམ་པར་ཤེས་པ་ཐ་མི་དད་པའི་ཕྱིར་རྣམ་པར་ཤེས་པ་དེའི་རང་གི་ངོ་བོ་ལྟ་བུའམ། འདོད་པའི་རྣམ་པ་


DTG107_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུར་སྔ་མ་དང་ཕྱི་མའི་རྣམ་པ་ཡང་རིག་པར་འགྱུར་ཏེ། དེ་གཉིས་ཀྱང་འདུག་པའི་ཕྱིར་རོ། །ནམ་མཁའ་དང་སོ་སོར་བརྟགས་པས་འགོག་པ་ལ་སོགས་པ་གང་དག་ཀུན་རྫོབ་ཏུ་ཡོད་པར་བརྗོད་པ་དེ་དག་འཛིན་པའི་ཤེས་པ་ནི་སྣ་ཚོགས་སུ་སྣང་བ་མ་ཡིན་པར་འགྱུར་རོ་ཞེ་ན། དེ་ལྟར་ཡང་མ་ཡིན་པར་བརྗོད་པ། ནམ་མཁའ་ལ་སོགས་ཤེས་པ་དག །མིང་ཙམ་དུ་ནི་སྣང་བ་རྣམས། །ཡི་གེ་དུ་མ་སྣང་བའི་ཕྱིར། །སྣ་ཚོགས་སྣང་བར་གསལ་བ་ཡིན། །མིང་དང་འབྲེལ་པའི་རྣམ་པར་རྟོག་པའི་གཟུགས་བརྙན་མ་གཏོགས་པར་དེ་ལ་ཆ་མེད་པའི་ངོ་བོ་ཕྲ་རབ་ཙམ་གང་ཡང་མི་དམིགས་སོ། །ཁས་བླངས་དེ་ཡང་བརྗོད་པར་བྱའོ། །རྣམ་ཤེས་སྣ་ཚོགས་མིན་སྣང་བ། །འགའ་ཞིག་ཡོད་པར་བཞུགས་ན་ཡང༌། །འོན་ཀྱང་ཡང་དག་གཞག་མི་རུང༌། །མཚན་ཉིད་བཅས་ལ་གནོད་མཐོང་ཕྱིར། །མཚན་ཉིད་དང་ལྡན་པ་ལ་ནི་གནོད་པ་དམིགས་ཏེ། དེའི་མཚན་ཉིད་སུན་ཕྱུང་བའི་ཕྱིར་ཐམས་ཅད་དུ་དབུགས་མི་ཕྱིན་ཏོ། །དེ་ལྟར་ཐམས་ཅད་ཀྱི་ཕྱོགས་རྣམས་ལ་ཡང༌། དེའི་ཕྱིར་སྣ་ཚོགས་སྣང་བ་ཡི། །རྣམ་ཤེས་རྣམ་པ་ཀུན་ཏུ་གནས། །དེ་ནི་རྣམ་པ་ཐ་དད་ལྟར། །གཅིག་པུའི་རང་བཞིན་མི་རིགས་སོ། །སྐབས་ཀྱི་མཇུག་སྡུད་དོ། །ཡང་འདིར་གསུངས་པ། སོར་མོ་ཚིགས་རྣམས་ལས་གཞན་མིན། །གཞན་མ་ཡིན་པ་ཡོད་མ་ཡིན། །དེ་ལྟར་མ་གྲུབ་ཚིགས་སོགས་མེད། །དེ་ཕྱིར་ཚོགས་པ་ཙམ་ཡང་མེད། །ཚོགས་པ་དང་ནི་བཅས་པ་ཡི། །སོར་མོ་ལ་སོགས་རྣམས་ཀྱིས་ནི། །དངོས་པོ་ཐམས་ཅད་མེད་པར་བསྟན། །ཚོགས་མ་གཏོགས་པའི་དངོས་ཕྲ་མེད། །དེ་ལྟར་དོན་གཅིག་ཤེས་བྱེད་པ། །བློ་ནི་གང་དུ་བརྟག་པར་བྱ། །སེམས་བྱུང་ཚོགས་དང་བཅས་སེམས་ཀྱི། །དམིགས་པ་གཅིག་འདིར་ཇི་ལྟར་འགྱུར། །རང་གི་སྡེ་པ་སེམས་ཙམ་གྱི་ཚུལ་ལ་བརྟེན་པ་བློ་གྲོས་དཀར་པ་གང་དག་རྣམ་པར་ཤེས་པ་ནི་མཐུན་པའི་བག་ཆགས་ཡོངས་སུ་སྨིན་པ་ལ་རག་ལས་ནས་འབྱུང་སྟེ། བྱུང་མ་ཐག་ཏུ་འཇིག་པ་དང་དོན་དུ་ཚོར་བར་བྱ་བ་དང་ཚོར་བ་པོའི་རྣམ་པ་མེད་དོ་ཞེས་སྨྲ་བ་དེ་དག་གི་ལུགས་ལ་དོགས་པ་བསུ་སྟེ། ཇི་སྟེ་ཐོག་མ་མེད་རྒྱུད་ཀྱི། །བག་ཆགས་སྨིན་པས་སྤྲུལ་པ་ཡི། །རྣམ་པ་དག་ནི་སྣང་བ་ཡང༌། །ནོར་བས་སྒྱུ་མའི་རང་བཞིན་འདྲ། །གཟུགས་ལ་སོགས་པའི་སྐྱེ་མཆེད་


DTG107_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྡུལ་ཕྲ་རབ་རྣམས་དང་རྫས་དང་ཡོན་ཏན་ལ་སོགས་པ་མཆོག་དང་མཆོག་མ་ཡིན་པའི་ལྟ་བའི་རྗེས་སུ་འབྲང་བ་རྣམས་ཀྱིས་བརྗོད་པ་དག་མི་རིགས་པ་དང་ཚོར་བར་བྱ་བ་དང་ཚོར་བ་པོའི་མཚན་ཉིད་དང་ཡང་བྲལ་བའི་ཕྱིར་དྲི་ཟའི་གྲོང་ཁྱེར་དང༌། མགལ་མེའི་འཁོར་ལོ་དང༌། སྤྲུལ་པ་དང༌། རྨི་ལམ་དང༌། སྒྱུ་མ་དང༌། ཆུ་ཟླ་ལྟ་བུ་ཁོ་ན་སྟེ། དམིགས་པ་བདེན་པར་འདོད་པའི་ཤེས་པ་ལ་སྣང་བའི་རྣམ་པ་འདི་དག་ཀྱང་ཐོག་མ་མེད་པའི་སྲིད་པར་འབྱུང་བ་ཅན་དངོས་པོ་ལ་མངོན་པར་ཞེན་པའི་བག་ཆགས་ཡོངས་སུ་སྨིན་པའི་མཐུས་སྣང་ངོ༌། །དེ་དག་འོན་ཀྱང་དེ་དག་གི ། དངོས་དེ་ཡང་དག་ཉིད་དམ་ཅི། །འོན་ཏེ་མ་བརྟགས་གཅིག་པུ་ན། །དགའ་བར་ཁས་ལེན་འདི་བསམ་མོ། །ལུགས་འདི་ནི་ཚད་མ་དང་ལུང་ཤིན་ཏུ་གསལ་བས་ཤེས་པར་བྱ་བ་དང༌། དམིགས་པ་ཅན་མཐའ་ཡས་པ་དག་གི་མངོན་པར་ཞེན་པ་ངན་པའི་གཉེན་པོ་ཡང་ཡིན་པས་ཤིན་ཏུ་དཀར་བ་སྟེ་འདི་ལྟར་རྡུལ་ཕྲ་རབ་ལ་སོགས་པ་ཡོད་པ་དག་དགག་པར་བྱེད་པ་དང་ཚོར་བར་བྱ་བ་དང་ཚོར་བ་པོའི་མཚན་ཉིད་དང་འགལ་བ་ཡང་སྟོན་པ་སྔར་བཤད་པའི་ཚད་མ་ནི་ཚུལ་འདི་རབ་ཏུ་གསལ་བར་བྱེད་པའོ། །ཚུལ་འདི་ནི་ལུང་དང་ལྡན་པ་ཡང་ཡིན་ཏེ། ལང་ཀར་གཤེགས་པའི་མདོ་ལས་ཐོག་མ་མེད་པའི་བློས་བསྒོས་པས། །སེམས་ནི་གཟུགས་བརྙན་ལྟ་བུ་སྟེ། །དོན་གྱི་རྣམ་པར་སྣང་ཡང་ནི། །ཡང་དག་ཇི་བཞིན་དོན་མཐོང་མེད། །གང་ཟག་རྒྱུ་དང་ཕུང་པོ་དང༌། །རྐྱེན་དང་དེ་བཞིན་རྡུལ་རྣམས་དང༌། །གཙོ་བོ་དབང་ཕྱུག་བྱེད་པ་དག །སེམས་ཙམ་པོ་ལས་རྣམ་པར་བརྟགས།། དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །རིགས་པས་རྣམ་པར་བལྟས་ན་ནི། །གཟུང་དང་འཛིན་པ་འགག་པར་འགྱུར། །ཞེས་གསུངས་སོ། །མཁས་པ་དག་ཚུལ་འདི་ལ་བརྟེན་ནས་བདག་དང་བདག་གི་དང་གཟུང་བ་དང་འཛིན་པ་རབ་ཏུ་དབྱེ་བ་དང་བཅས་པ་རྣམས་ལ་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་སེལ་ཏོ། །འོན་ཀྱང་འདི་ལ་དཔྱད་པར་བྱ་བ་ཅུང་ཟད་ཙམ་འདི་ཡོད་དེ། ཅི་རྣམ་པ་དེ་དག་དེ་ཁོ་ན་ཉིད་ཡིན་ནམ་འོན་ཏེ་ཅི་གཟུགས་བརྙན་ལ་སོགས་པ་ལྟར་མ་བརྟགས་པ་གཅིག་བུ་ན་དགའ་བ་ཞིག་ཡིན། འདིས་ཅིར་འགྱུར། གལ་ཏེ་ཡང་དག་རྣམ་པར་ཤེས། །དུ་མར་


DTG107_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ་ཡང་ན་ནི། །དེ་དག་གཅིག་འགྱུར་འགལ་ལྡན་པས། །གདོན་མི་ཟ་བར་སོ་སོར་འགྱུར། །ཡང་དག་པའི་རྣམ་པ་དང་ཐ་དད་པ་མ་ཡིན་པས་རྣམ་པའི་རང་གི་ངོ་བོ་བཞིན་དུ་རྣམ་པར་ཤེས་པ་དུ་མར་འགྱུར་བའམ་ཡང་ན་རྣམ་པར་ཤེས་པ་གཅིག་བུ་དང་ཐ་མི་དད་པས་རྣམ་པ་རྣམས་ཀྱང་རྣམ་པར་ཤེས་པའི་རང་གི་ངོ་བོ་བཞིན་དུ་གཅིག་པུ་ཉིད་དུ་འགྱུར་བ་བཟློག་པར་དཀའོ། །འགལ་བའི་ཆོས་གནས་པ་ཉིད་པས་དོན་དམ་པར་ན་རྣམ་པ་དང་རྣམ་པར་ཤེས་པ་ཉིད་ཐ་དད་ཉིད་དུ་འགྱུར་རོ། །ཉེས་པ་གཞན་ཡང་བརྗོད་པ། རྣམ་པ་ཐ་དད་མ་ཡིན་ན། །གཡོ་དང་མི་གཡོ་ལ་སོགས་པ། །གཅིག་གིས་ཐམས་ཅད་གཡོ་ལ་སོགས། །ཐལ་བར་འགྱུར་ཏེ་ལེན་གདབ་དཀའ། །ཐ་དད་པ་མ་ཡིན་ཞེས་བྱ་བ་ནི་དེ་ཉིད་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་བས་ན་གལ་ཏེ་རྣམ་པ་གཅིག་གཡོ་བ་ལ་སོགས་པའི་བྱེད་པ་ཟིན་ཏམ། སེར་པོ་ལ་སོགས་པའི་བདག་ཉིད་དུ་གྱུར་ན་ལྷག་མ་རྣམས་ཀྱང་རྣམ་པ་དེ་ལྟ་བུར་འགྱུར་རོ། །དེ་ལྟ་མ་ཡིན་ན་གདོན་མི་ཟ་བར་སྣ་ཚོགས་ཉིད་དུ་འགྱུར་རོ། །ཐལ་བ་འདི་ནི་ཕྱི་རོལ་གྱི་དོན་གྱི་ཕྱོགས་ལ་ཡང་རྣམ་པ་དང་བཅས་པའི་ཤེས་པ་ཁས་ལེན་ན་མཚུངས་པ་རབ་ཏུ་སྟོན་ཏེ། ཕྱི་རོལ་དོན་གྱི་ཚུལ་ལ་ཡང༌། །དེ་ལྟར་རྣམ་པར་མ་བྲལ་ན། །གཅིག་གི་ཆོས་སུ་ཐམས་ཅད་ཀྱང༌། །འཇུག་པར་འགྱུར་ཏེ་བཟློག་པ་མེད། །མི་མཐུན་པའི་ཆོས་སུ་གནས་ན་ནི་དེ་ཉིད་ངེས་པར་ཐ་དད་པར་འགྱུར་རོ། །གང་དག་བདེ་བ་ལ་སོགས་པ་ལྟར་སྔོན་པོ་ལ་སོགས་པའི་རྣམ་པ་རྣམས་ཀྱང་མྱོང་བའི་བདག་ཉིད་ཁོ་ན་སྟེ་ཤེས་པ་དེ་དག་ནི་མང་ལ་དེ་དག་ཀྱང་རིགས་མཐུན་པ་ཤ་སྟག་སྟེ། རིགས་མི་མཐུན་པའི་ཤེས་པ་བཞིན་དུ་འབྱུང་ངོ་ཞེས་སྨྲ་བ་དེ་དག་གི་ནི་གང་སྔ་ཕྱི་མེད་པར་སེམས་གཉིས་འབྱུང་བ་འདི་ནི་གནས་མ་ཡིན་ཏེ་གོ་སྐབས་མེད་དོ་ཞེས་བྱ་བ་དང༌། དེ་བཞིན་དུ་སེམས་ཅན་ཐམས་ཅད་ནི་རྣམ་པར་ཤེས་པ་རྒྱུད་གཅིག་པའོ་ཞེས་བྱ་བའི་ལུང་དང་འགལ་བ་བཟློག་པ་དཀའོ། །རྣམ་པར་སྨིན་པའི་རྣམ་པར་ཤེས་པའི་དབང་དུ་མཛད་དེ། དེ་སྐད་གསུངས་པར་འདོད་དོ་ཞེ་ན། གལ་ཏེ་དེ་ལྟར་ན་འདི་ནི་སྔོན་གྱི་སློབ་དཔོན་གྱི་ཚུལ། དེ་དག་རྣམས་ལ་རིགས་མཐུན་པའི། །རྣམ་པར་ཤེས་པ་ངེས་པར་འགྱུར། །འདི་ལྟར་རྣམ་པར་རྟོག་པ་རྣམས། །རིམ་གྱིས་འབྱུང་


DTG107_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཡང་དག་རྟོགས། །ཞེས་བྱ་བ་དང་འགལ་ལོ། །དེའི་ཚེ་མི་མཐུན་པའི་ཕྱོགས་དང་གཉེན་པོའི་སེམས་ཀྱི་དབང་དུ་མཛད་ནས་སེམས་གཉིས་ལྷན་ཅིག་ཏུ་འབྱུང་བ་བཀག་པ་སྟེ། རིགས་པས་ཤིན་ཏུ་གསལ་བར་ཁོ་བོ་དེ་སྐད་དུ་སྨྲའོ། །ཅིག་ཅེས་བྱ་བའི་སྒྲ་ནི་འབའ་ཞིག་ཅེས་བྱ་བའི་རྣམ་གྲངས་སུ་གཏོགས་པ་ཡིན་གྱི་བྱེ་བྲག་གི་ཚིག་ནི་མ་ཡིན་ཏེ། དེ་དག་ལ་བདག་དང་བདག་གི་དང་གཟུང་བ་དང་འཛིན་པ་ལ་སོགས་པ་དང་བྲལ་བའི་སེམས་ཉིད་ཡོད་ཀྱི་གཞན་ནི་ཅི་ཡང་མེད་དོ་ཞེས་བསྟན་པར་འགྱུར་རོ། །དེ་བས་ན་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལུས་དང་ལོངས་སྤྱོད་དང་གནས་སུ་སྣང་བའི་རྣམ་པ་ཐ་དད་པས་ཐ་དད་པར་ཐལ་བར་འགྱུར་གྱི་གནོད་པ་ནི་ཅི་ཡང་མི་སྐྱེད་དོ། །ཅི་ལུགས་འདི་རྨ་མེད་པ་ཡིན་ནམ་ཞེ་ན། མ་ཡིན་པར་བརྗོད་པ། ཅི་སྟེ་རྣམ་པའི་གྲངས་བཞིན་དུ། །རྣམ་པར་ཤེས་པ་ཁས་ལེན་ན། །དེ་ཚེ་རྡུལ་ཕྲན་འདྲར་འགྱུར་བ། །དཔྱད་པ་འདི་ལ་བཟློག་པར་དཀའ། །གལ་ཏེ་བར་མེད་པར་གནས་པའི་རྡུལ་ཕྲ་རབ་ཀྱི་ངོ་བོ་རྣམས་ལྟར་རིགས་མཐུན་པའི་རྣམ་པར་ཤེས་པ་མང་པོ་འདི་དག་ཀྱང་འབྱུང་ན། དེའི་ཚེ་རྡུལ་ཕྲ་རབ་ལ་དཔྱད་པ་ཅི་འདྲ་བ་སྔར་བྱས་པ་དེ་འདྲ་བ་ཉིད་རྣམ་པར་ཤེས་པ་རྣམས་ལ་ཡང་བཟློག་པར་དཀའ་བར་འགྱུར་ཏེ། འདི་ལྟར་དབུས་སུ་འདོད་པའི་རྣམ་པར་ཤེས་པ་རྡུལ་གྱིས་བསྐོར་བ་ལྟ་བུར་འདོད་པ་གང་ཡིན་པ་དེའི་རང་བཞིན་གང་གིས་གཅིག་ལ་མངོན་དུ་ཕྱོགས་པ་དེ་ཉིད་ཀྱིས་ཅི་གཞན་ལ་ཡང་ཕྱོགས་སམ་འོན་ཏེ་གཞན་གྱི་ཕྱོགས་ཞེས་རྣམ་པར་རྟོག་པའི་ཉེས་པ་དེ་ཉིད་དོ། །བར་མེད་པར་རིགས་གཅིག་པའི་རྡུལ་དུ་མ་འཛིན་པ་ན་རགས་པ་གོང་བུ་གཅིག་ཏུ་འཁྲུལ་པ་དང་བར་མེད་པར་དུ་མ་མྱོང་བའི་བདག་ཉིད་སྔོན་པོ་ལ་སོགས་པ་རིག་པ་ལ་གཅིག་ཏུ་འཁྲུལ་ཞེས་བྱ་བ་འདི་ལ་བྱེ་བྲག་ཅི་ཡོད་དེ། སྔོན་པོ་ལ་སོགས་པ་བར་མེད་པར་སྣང་བ་དེ་ཉིད་ཁ་ཅིག་ནི་རྡུལ་ཕྲ་རབ་ཀྱི་བདག་ཉིད་དུ་ཁས་ལེན། གཞན་ནི་རིག་པའི་ངོ་བོ་ཞེས་ཟེར་བ་སྐྱོན་མཚུངས་པ་ཉིད་ལས་མི་འདའོ། །གང་དུ་ནོར་བུ་གཟི་བཞིན་དུ་རྣམ་པར་ཤེས་པ་གཅིག་ཁོ་ནས་སྣ་ཚོགས་ཀྱི་ངོ་བོ་བླངས་སོ་ཞེས་བྱ་བ་དེ་དག་གི་ལུགས་ལ་དོགས་པ་བརྗོད་པ། གལ་ཏེ་སྣ་ཚོགས་དེ་གཅིག་ན། །ནམ་མཁའི་གོས་ཅན་ལུས་སམ་ཅི། །འདི་ནི་ནམ་མཁའི་


DTG107_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

གོས་འཆང་བའི་ལྟ་བ། དུ་མའི་ངོ་བོ་དངོས་པོ་ལ། །བརྗོད་པར་འདོད་པས་ངོ་བོར་འདོད། །ཅིག་ཅའམ་རིམ་གྱིས་ཚུལ་གཉིས་ལས། །ཚིག་གི་བྱ་བ་གཞན་མེད་དོ། །ཞེས་བྱ་བ་ལ་དེ་ལ་བརྟེན་ཏམ་དེ་ལྟའོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། །སྣ་ཚོགས་གཅིག་པའི་རང་བཞིན་མིན། །རིན་ཆེན་སྣ་ཚོགས་ལ་སོགས་འདྲ། །སྣ་ཚོགས་ཞེས་བྱ་བ་ནི་རྣམ་པ་ཐ་དད་པ་ལ་བྱ་སྟེ། དེ་ནི་ཡང་དག་པར་ན་གཅིག་གི་རང་བཞིན་དང་འགལ་ལོ། །རྣམ་པ་དེ་དག་ཇི་སྙེད་པར་རང་བཞིན་ཡང་དེ་སྙེད་དེ། རང་བཞིན་ཐ་དད་པའི་མཚན་ཉིད་ནི་དངོས་པོ་ཐ་དད་པའོ། །གཞན་ཡང༌། སྣ་ཚོགས་གཅིག་པུའི་རང་བཞིན་ན། །སྣ་ཚོགས་ངོ་བོར་སྣང་བ་དང༌། །བསྒྲིབས་དང་མ་བསྒྲིབས་ལ་སོགས་པ། །ཐ་དད་འདི་ནི་ཇི་ལྟར་འགྱུར། །རིན་པོ་ཆེ་གཟི་ལ་སོགས་པ་ལ་སྣ་ཚོགས་ཀྱི་ངོ་བོ་གཅིག་པུའི་བདག་ཉིད་དུ་གྱུར་ན་རྣམ་པ་ཐ་དད་པའི་རྣམ་པ་སྣང་བ་དང་འགལ་ལོ། །དེ་ནི། རྣམ་པ་ཐ་དད་པའི་བདག་ཉིད་དུ་འཁྲུལ་པ་མེད་དེ། རིན་པོ་ཆེའི་རྣམ་པ་ཐ་དད་པ་དང་མཚུངས་སོ། །ཐ་དད་པ་མེད་པའི་ཕྱིར་གཅིག་བསྒྲིབས་པས་ཐམས་ཅད་བསྒྲིབས་པར་ཡང་འགྱུར་རོ། །དེ་བཞིན་དུ་གཅིག་རྟོགས་པས་ཐམས་ཅད་རྟོགས་པ་ལ་སོགས་པར་འགྱུར་རོ། །ཇི་སྟེ་ངོ་བོ་ཉིད་དུ་དེའི། །རྣམ་པ་འདི་དག་མེད་པ་སྟེ།། ཡང་དག་ཏུ་ན་རྣམ་མེད་པའི། །རྣམ་པར་ཤེས་པས་ནོར་པས་སྣང༌། །རྣམ་པར་ཤེས་པ་དེ་ནི་དོན་དམ་པར་ན་ཤེལ་སྒོང་དག་པ་ལྟ་བུ་སྟེ། སྔོན་པོ་ལ་སོགས་པའི་རྣམ་པའི་བྱེ་བྲག་ཏུ་གྱུར་པ་མ་ཡིན་ན། དེ་ལྟ་བུ་དེ་ལ་ཡང་ཐོག་མ་མེད་པའི་དུས་ཀྱི་ཕྱིན་ཅི་ལོག་གི་བག་ཆགས་སྨིན་པའི་མཐུས་རྣམ་པ་རྣམས་སྣང་སྟེ་སྔགས་ལ་སོགས་པས་དཀྲུགས་པའི་མིག་ཅན་རྣམས་ལ་འཇིམ་པའི་དུམ་བུ་ལ་སོགས་པ་རྟ་དང་གླང་པོ་ཆེ་ལ་སོགས་པར་སྣང་བ་བཞིན་ནོ་ཞེའོ། །གལ་ཏེ་མེད་ན་ཇི་ལྟ་བུར། །དེ་དག་འདི་ལྟར་གསལ་བར་ཚོར། །དེ་ཡི་དངོས་ལས་ཐ་དད་པའི། །ཤེས་པ་དེ་འདྲ་མ་ཡིན་ནོ། །དེ་ཁོ་ན་ཉིད་དུ་དེ་དག་མེད་ཀྱང་ཤིན་ཏུ་གསལ་བར་ཤེས་པར་མི་འཐད་པ་ཅི་ཡོད་ཅེ་ན། སྨྲས་པ། འདི་ལྟར་གང་ལ་དངོས་གང་མེད། །དེ་ལ་དེ་ཤེས་ཡོད་མ་ཡིན། །བདེ་བ་མིན་ལ་བདེ་སོགས་དང༌། །དཀར་བ་རྣམས་ལའང་མི་དཀར་བཞིན། །འདི་ལ་བསྒྲུབ་པར་བྱ་བའི་ཆོས་


DTG107_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཟློག་པ་དང་སྒྲུབ་པའི་ཆོས་འགལ་བ་ཅི་ཞིག་ཡོད་ན། འདི་ལྟར་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་སོམ་ཉིའི་སྐབས་མེད་པར་འགྱུར་རོ་ཞེ་ན་སྨྲས་པ། རྣམ་པ་འདི་ལ་ཤེས་པའི་དོན། །དངོས་སུ་འཐད་པ་མ་ཡིན་ཏེ། །ཤེས་པའི་བདག་དང་བྲལ་བའི་ཕྱིར། །ནམ་མཁའི་མེ་ཏོག་ལ་སོགས་བཞིན། །གང་རྣམ་པར་ཤེས་པ་བེམས་པོའི་ངོ་བོ་མ་ཡིན་པའི་རང་བཞིན་དུ་གནས་པ་གང་ཡིན་པ་ནི་བཏགས་པ་མ་ཡིན་པར་རིག་པའི་ཚིག་གི་དོན་ཡིན་ན། ནམ་མཁའི་མེ་ཏོག་ལྟ་བུ་སྔོན་པོ་ལ་སོགས་པའི་རྣམ་པ་དེ་ལྟ་བུ་ནི་རྣམ་པར་ཤེས་པའི་ངོ་བོ་དང་བྲལ་བའི་ཕྱིར་མི་སྲིད་དོ། །མེད་པ་ནུས་པ་མེད་པས་ན། །གདགས་པའང་མི་རུང་རྟ་རུ་བཞིན། །བདག་སྣང་ཤེས་པ་མི་སྐྱེད་ལ། །ནུས་པ་རུང་བ་མ་ཡིན་ནོ། །རང་སྣང་བའི་རྣམ་པར་ཤེས་པ་བསྐྱེད་པའི་མཐུ་མེད་པའི་རྣམ་པ་ལ་ནི་གདགས་པ་ཙམ་དུ་ཡང་རིག་པའི་དོན་མི་སྲིད་པ་ཉིད་དོ། །རྟ་རུ་མེད་པ་ནི་རང་སྣང་བའི་ཤེས་པ་བསྐྱེད་པར་མི་འགྱུར་ཏེ་རིག་པ་གདགས་པའི་རྒྱུར་མི་འགྱུར་རོ། །འདི་གཞན་དུ་ཡང་འདིར་དཔྱད་པར་བྱ་སྟེ་རྣམ་པ་དེ། གང་ཕྱིར་དེ་ཡོད་ངེས་ཚོར་བ། །ཤེས་དང་འབྲེལ་པ་ཅི་ཞིག་ཡོད། །བདག་མེད་དེ་ཡི་བདག་ཉིད་དང༌། །དེ་ལས་བྱུང་བ་མ་ཡིན་ནོ། །དེ་ནི་ཤེས་པའི་བདག་ཉིད་མ་ཡིན་ཏེ། ཤེས་པ་བཞིན་དུ་ཡོད་པའི་སྐྱོན་དུ་འགྱུར་བའམ་རྣམ་པ་བཞིན་དུ་རྣམ་པར་ཤེས་པ་ཡང་མེད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །མེད་པའི་ངོ་བོ་དེ་ཤེས་པ་ལས་བྱུང་བ་ཡང་མ་ཡིན་ཏེ། བསྐྱེད་པར་བྱ་བའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །དེ་ལས་བྱུང་ན་ཡང་སྔ་ཕྱི་ཡོད་པས་ཅིག་ཅར་དུ་རིག་པ་མེད་པའི་སྐྱོན་དུ་འགྱུར་ཏེ་འདི་ནི་རེ་ཞིག་འདིར་བཏང་སྙོམས་སུ་བོར་རོ། །ཤེས་པ་དང་དུས་མཉམ་དུ་དམིགས་པའི་རྣམ་པ། རྒྱུ་མེད་ན་ནི་གང་ཞིག་གིས། །རེས་འགའ་འབྱུང་བ་འདི་རུང་འགྱུར། །རྒྱུ་དང་ལྡན་ན་གང་ཞིག་གིས། །གཞན་གྱི་དབང་ལས་བཟློག་པར་འགྱུར། །རྣམ་པ་ནི་མེད་པ་ཉིད་ཀྱི་ཕྱིར་རྒྱུ་མེད་པ་ཉིད་དོ། །རྒྱུ་མེད་ན་རེས་འགའ་འབྱུང་བར་མི་སྲིད་དེ། ལྟོས་པ་མེད་པའི་ཕྱིར་རོ། །ཅི་སྟེ་ཉེས་པ་འདི་འབྱུང་དུ་འོང་ཞེས་རྒྱུ་དང་ལྡན་པར་ཁས་ལེན་ན་གལ་ཏེ་དེ་ལྟ་ན་ཡོད་པར་ཁས་བླངས་མ་ཐག་པ་མེད་ན་མི་འབྱུང་བའི་གཞན་གྱི་དབང་ཉིད་དུ་དེ་འགྱུར་བ་ལ་ཇི་ལྟར་ལན་


DTG107_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་པར་ནུས། རྟེན་ཅིང་འབྲེལ་པར་འབྱུང་བ་ལས་གཞན་གྱི་དབང་དུ་ནི་གུད་ན་མེད་དོ། །རྐྱེན་ལས་བྱུང་བའི་རང་བཞིན་ལས་ཀྱང་ཡོད་པ་གཞན་མ་ཡིན་ནོ། །རྣམ་པ་མེད་པར་ཁས་ལེན་ན་ཉེས་པ་གཞན་ཡང་སྨྲས་པ། དེ་མེད་ན་ནི་ཤེས་དེ་ཡང༌། །རྣམ་པ་མེད་པ་ཉིད་ཀྱིས་འགྱུར། །ཤེལ་སྒོང་དག་པ་འདྲ་བ་ཡི། །ཤེས་པ་རབ་ཏུ་ཚོར་བ་མེད། །མིག་ལ་སོགས་པའི་རྣམ་པར་ཤེས་པའི་རང་བཞིན་སྔོན་པོ་ལ་སོགས་པའི་རྣམ་པ་དང་བྲལ་བ་ཉེ་བར་བཞག་པས་ཁ་སྒྱུར་བ་མེད་པའི་ཤེལ་སྒོང་ལྟ་བུ་ནི་མི་དམིགས་སོ། །ནང་དང་ཕྱི་རོལ་དུ་གྱུར་བའི་རྣམ་པ་མེད་ན་སྟོབས་ཀྱིས་འདི་འབའ་ཞིག་དམིགས་པར་འགྱུར་རོ། །སྨིག་རྒྱུ་ལ་སོགས་པས་ངེས་པ་མ་ཡིན་པར་ཡང་མི་འགྱུར་ཏེ། བརྒལ་ཞིང་བརྟག་པ་མཐུན་པའི་ཕྱིར་རོ། །འདི་ནི་འཁྲུལ་པས་ཤེས་ཤེ་ན། །དེ་ཅི་འཁྲུལ་ལ་རག་ལས་སམ། །དེ་ཡི་མཐུ་ཡིས་བྱུང་ན་ནི། །དེ་ཡང་གཞན་གྱི་དབང་ཉིད་དོ། །དཔེར་ན་མིག་སེར་གྱི་ནད་ཀྱིས་བཏབ་པའི་མིག་ཅན་གྱིས་མེད་བཞིན་དུ་དུང་ལ་གསེར་གྱི་རྣམ་པ་ལྟ་བུར་རིག་པ་དེ་བཞིན་དུ་འཁྲུལ་པའི་བག་ཆགས་ཀྱི་དབང་གིས་མེད་ཀྱང་སེར་པོ་ལ་སོགས་པའི་རྣམ་པ་བདེན་པར་མངོན་པར་འདོད་ཅེའོ། །འདིར་ཡང་འདི་འཁྲུལ་པའི་བག་ཆགས་ལ་རག་ལས་པ་ཡིན་ནོ།། ཅི་ཞེས་བསམ་པར་བྱའོ། །དེ་ལས་བྱུང་བའི་མཚན་ཉིད་ཀྱིས་འབྲེལ་པ་ཡིན་ན་ནི་དེ་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་གཞན་གྱི་དབང་དུ་འགྱུར་རོ། །བག་ཆགས་ཀྱི་འབྲས་བུའི་བདག་ཉིད་འཁྲུལ་པ་ལ་དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱིས་འབྲེལ་པ་ཡིན་ན་ནི་འཁྲུལ་པ་བཞིན་དུ་གཞན་གྱི་དབང་ཉིད་དུ་འགྱུར་བ་བཟློག་པར་དཀའ་བར་འགྱུར་རོ། །འདིས་ནི། དཔེར་ན་ཐག་རིང་མྱ་དམན། །ཆུང་དུ་ཆེན་པོར་སྣང་བ་བཞིན། །ཞེས་བྱ་བ་ལ་སོགས་པས་ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་པས་དབང་མེད་པར་གྱུར་པའི་བློ་ཅན་ལ་རྣམ་པ་མེད་ཀྱང་སྣང་ངོ་ཞེས་སྨྲས་པའི་ལན་ཀྱང་བཏབ་ཟིན་ཏོ། །དེ་བས་ན་དངོས་དང་ཅིག་ཤོས་ཀྱིས་རིག་པའི་དོན་མ་གྲུབ་པ་དང་འཁྲུལ་པའི་བག་ཆགས་ལ་སྔོན་པོ་ལ་སོགས་པའི་རྣམ་པ་མེད་པའི་འབྲེལ་པ་མ་གྲུབ་པས་ཁ་ཅིག་ན་རེ། རྣམ་ཤེས་རིག་པ་ཙམ་ཉིད་དེ། །བག་ཆགས་ཉེས་པས་དཀྲུགས་པས་ན། །སྔོན་པོ་ལ་སོགས་ཚོར་


DTG107_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡི། །རྣམ་པ་འབའ་ཞིག་འབྱུང་བར་འགྱུར། །དེ་ནི་སྔོ་སོགས་རྟོགས་པ་སྟེ། །སྔོ་ལ་སོགས་པའི་མཚན་ཉིད་མིན། །དེ་ཡི་འཇུག་པ་རྨོངས་པའི་བདག །ཕྱི་རོལ་སྔོ་ལ་སོགས་པའི་སེམས། །ཞེས་སྨྲ་བ་དེ་དག་གི་ལེན་ཡང་བཏབ་ཟིན་ཏོ། །དེ་བས་ན་སྔོན་པོ་ལ་སོགས་པའི་རྣམ་པ་ནི་འཁྲུལ་པ་དང་དེའི་བག་ཆགས་དང་ཡང་འབྲེལ་པར་མ་གྲུབ་པས། དེ་ལོག་སྟེ་ཤིན་ཏུ་རྣམ་པར་དག་པའི་དུས་ན་ཡང་རྣམ་པ་ཐམས་ཅད་ལྡོག་པར་མི་རིགས་ཏེ། འབྲེལ་པ་མེད་ན་གཅིག་ལོག་པས་གཞན་ཡང་ལྡོག་པར་ངེས་པ་མེད་དེ། བ་ལང་དང་རྟ་ལ་སོགས་པ་བཞིན་ནོ། །དཔེར་ན། དངོས་པོ་གང་དང་གང་དཔྱད་པ། །དེ་དང་དེ་ལ་གཅིག་ཉིད་མེད། །གང་ལ་གཅིག་ཉིད་ཡོད་མིན་པ། །དེ་ལ་དུ་མ་ཉིད་ཀྱང་མེད། །ཕ་རོལ་དང་བདག་གི་ལྟ་བའི་རྗེས་སུ་འབྲང་བ་དག་གིས་ཁས་བླངས་པ་རྟག་པ་དང༌། མི་རྟག་པ་དང༌། ཁྱབ་པ་དང༌། ཅིག་ཤོས་དང༌། རྡུལ་དང༌། རགས་པ་དང། ཤེས་བྱ་དང༌། ཤེས་པ་ལ་སོགས་པ་སོ་སོར་ཐ་དད་པའི་དངོས་པོ་གང་ལ་གཅིག་པུར་བརྟགས་ན་དེ་ལ་དེ་ལྟར་བརྟགས་པ་དེའི་ཚེ། བརྟག་པའི་ཁུར་ལྕི་བ་བཟོད་པ་ཕྲ་རབ་ཙམ་ཡང་མེད་དོ། །གང་གཅིག་པའི་རང་བཞིན་དུ་མི་འཐད་པ་དེ་དུ་མའི་བདག་ཉིད་དུ་ཁས་བླངས་པ་ནི་རིགས་པ་མ་ཡིན་པ་ཉིད་དེ། འདི་ལྟར་དུ་མ་ནི་གཅིག་བསགས་པའི་མཚན་ཉིད་དོ། །གཅིག་མེད་ན་དེ་ཡང་མེད་དེ། ཤིང་ལ་སོགས་པ་མེད་ན་ནགས་ཚལ་ལ་སོགས་པ་མེད་པ་བཞིན་ནོ། །དེའི་ཕྱིར། དངོས་པོ་གང་དང་གང་བརྟགས་པ། །དེ་དང་དེ་ལ་གཅིག་པ་མེད། །གང་ལ་གཅིག་པ་ཡོད་མིན་པ།། དེ་ལ་དུ་མའང་མེད་པ་ཡིན། །ཞེས་གསུངས་སོ། །མདོ་དེ་ཉིད་ལས་ཀྱང༌། བློ་ཡིས་རྣམ་པར་གཞིགས་ན་ནི། །ངོ་བོ་ཉིད་ནི་གཟུང་དུ་མེད། །དེ་ཕྱིར་དེ་དག་བརྗོད་མེད་དང༌། །ངོ་བོ་ཉིད་ཀྱང་མེད་པར་བཤད། །བློ་ཡིས་རྣམ་པར་གཞིགས་ན་ནི། །གཞན་དབང་མེད་ཅིང་བརྟགས་པ་མེད། །གྲུབ་པའི་དངོས་པོ་ཡོད་མེད་ན། །བློ་ཡིས་ཇི་ལྟར་རྣམ་པར་བརྟགས། །རང་བཞིན་མེད་ཅིང་རྣམ་རིག་མེད། །དངོས་པོ་མེད་ཅིང་ཀུན་གཞི་མེད། །རོ་མཚུངས་བྱས་པའི་རྟོག་གེ་པ། །ངན་པ་རྣམས་ཀྱིས་འདི་དག་བརྟགས། །མཚན་མ་དངོས་པོ་རྣམ་རིག་དང༌། །ཡིད་ཀྱི་གཡོ་བ་གང་


DTG107_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལས། །ད་ཡི་སྲས་རྣམས་རབ་འདས་ནས། །དེ་དག་རྣམ་པར་མི་རྟོག་སྤྱོད། །ཅེས་གསུངས་སོ། །དེ་བས་ན་བློ་གྲོས་དཀར་པོ་རྣམས་ཀྱིས་དོན་འདི་དེ་དང་དེར་སྨོས་ཏེ། གང་གིས་དངོས་རྣམས་ངེས་བརྟགས་ནས། །ཡང་དག་ཏུ་ན་དངོས་དེ་མེད། །འདི་ལྟར་དེ་དག་གཅིག་པུ་དང༌། །དུ་མའི་རང་བཞིན་ཡོད་མ་ཡིན། །སྣ་ཚོགས་དངོས་པོ་དོན་རྣམས་ལ། །གལ་ཏེ་གཅིག་ཉིད་མ་རིགས་ན། །དེ་བློ་སྣ་ཚོགས་སྣང་བ་ཡང༌། །ཇི་ལྟ་བུར་ན་གཅིག་པུར་འགྱུར། །ཇི་ལྟ་ཇི་ལྟར་དོན་བསམས་པ། །དེ་ལྟ་དེ་ལྟར་རྣམ་པར་འབྲལ། །དེ་བས་མཚན་ཉིད་སྟོང་པའི་ཕྱིར། །རང་བཞིན་མེད་པར་རབ་བཤད་ཅེས། །མཁས་པ་རྣམས་ཀྱིས་གང་གསུངས་པ། །དེ་ནི་གསལ་བར་འོས་པ་ཡིན། །ཞེའོ། དེ་ལྟར་རིགས་པ་དང་ལུང་དང་ལྡན་པའི་ཤེས་རབ་ཀྱིས་བརྟགས་ན། དངོས་པོ་མ་ལུས་པ་བརྒྱ་ཚལ་དུ་གཞིགས་ཏེ་གཅིག་པ་དང་དུ་མའི་རང་བཞིན་དང་བྲལ་བའི་གཏན་ཚིགས་གྲུབ་པོ། །གཏན་ཚིགས་གྲུབ་ཏུ་ཟིན་ཀྱང་ཆོས་གཉིས་ཀ་དང་ལྡན་པའི་དཔེ་མ་གྲུབ་པ་མ་ཡིན་ནམ། ཇི་ལྟ་ཞེ་ན། མེ་ལོང་གི་ངོས་ལ་མིག་གི་འོད་ཟེར་ཕོག་ནས་སླར་ལོག་པས་རང་གི་བཞིན་ལ་སོགས་པ་དེ་ལྟར་དམིགས་པའི་ཕྱིར་རོ། །ཡང་ན་མེ་ལོང་ལ་སོགས་པའི་ནང་དུ་ཤིན་ཏུ་དང་བའི་གཟུགས་གཞན་ཞིག་འབྱུང་བའི་ཕྱིར་རོ། །ཡང་ན་དངོས་པོའི་ནུས་པ་བསམ་གྱིས་མི་ཁྱབ་པའི་མཐུས་དེ་ལྟར་སྣང་བའི་རྣམ་པར་ཤེས་པ་ཙམ་འབྱུང་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཡང་དེ་མ་ལུས་པར་དཔྱད་ཟིན་པས་ཡང་དབྱུང་བ་མི་རིགས་སོ། །གཞན་ཡང་གལ་ཏེ་མེ་ལོང་གི་ངོས་ལ་སོགས་པ་ལ་མིག་གི་འོད་ཟེར་ཕོག་ནས་སླར་ལོག་པ་རང་གི་བཞིན་ལ་སོགས་པ་དང་འབྲེལ་པ་དེ་འཛིན་པའི་རྒྱུར་འགྱུར་ན། དེ་ལྟ་ན་མེ་ལོང་གི་ངོས་བྱང་ཕྱོགས་སུ་བལྟས་ན་གཟུགས་བརྙན་ལྷོ་ཕྱོགས་སུ་བལྟས་པ་མཐོང་བ་དང༌། མེ་ལོང་གི་ངོས་ཆུང་དུ་ལ་རང་གི་བཞིན་ཆེན་པོའི་གཟུགས་བརྙན་ཆུང་ངུར་སྣང་བ་ཡང་མི་རིགས་པ་དང༌། མེ་ལོང་གི་ངོས་ཀྱི་ནང་དུ་སོང་བར་སྣང་བ་ཡང་མི་རིགས་པ་དང༌། ཆུ་དངས་པའི་མཚོ་དེའི་འགྲམ་ན་འདུག་པའི་རི་དང་ཤིང་གི་རྩེ་མོ་དང་ཡལ་ག་གྱེན་དུ་བལྟས་པ་མང་པོའི་གཟུགས་བརྙན་ཡལ་ག་དང་རྩེ་མོ་ཐུར་དུ་བལྟས་པར་དམིགས་པར་ཡང་མི་འགྱུར་ཏེ། དེ་བས་ན་གཟུགས་བརྙན་ཤེས་པ་དེ་དང་


DTG107_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདྲ་བར་སྣང་བའི་ཕྱིར་རང་གི་བཞིན་ལ་སོགས་པ་འཛིན་པ་མ་ཡིན་ཏེ། སྒྲ་ལ་སོགས་པའི་ཤེས་པ་བཞིན་དུ་རྗེས་སུ་དཔག་པར་ནུས་སོ། །གཟུགས་གཞན་འབྱུང་བ་ཡང་རིགས་པ་མ་ཡིན་པ་ཉིད་དེ། གཟུགས་རྣམས་ལྷན་ཅིག་མི་གནས་པའི་ཕྱིར་ཏེ་གཟུགས་བརྙན་རྣམས་ནི་མེ་ལོང་གི་ངོས་ཀྱི་ཕྱོགས་དེ་ཉིད་ན་དམིགས་ལ། ལུས་ཅན་གྱི་དངོས་པོ་རྣམས་ནི་ཕྱོགས་མཚུངས་པར་ནམ་ཡང་མི་འགྱུར་ཏེ། དེ་དག་གཅིག་པུའི་བདག་ཉིད་དུ་འགྱུར་བའི་ཕྱིར་རོ། །དེར་སྣང་བའི་ཤེས་པ་ཙམ་འབྱུང་བར་ཟད་དེ། བྱེ་བྲག་མེད་ན་དེ་ལྷག་མ་རྣམས་ཀྱང་ཅིའི་ཕྱིར་མི་འདོད། འདི་ལྟར་རྡུལ་ཕྲ་རབ་རྣམས་དང་ཡན་ལག་ཅན་རྣམས་མི་རིགས་པ་དང༌། གཟུང་བའི་མཚན་ཉིད་དང་འགལ་བར་ཐམས་ཅད་ཉེ་བར་སྦྱར་བས་ཁྱབ་པ་གྲུབ་པའི་ཕྱིར་རོ། །འདིས་སྒྱུ་མ་དང༌། རྨི་ལམ་དང༌། སྨིག་རྒྱུ་དང༌། དྲི་ཟའི་གོང་ཁྱེར་དང༌། མགལ་མེའི་འཁོར་ལོ་ལ་སོགས་པའི་དཔེ་ཡང་བཤད་དོ། །དེ་ལ་ཡང་འཇིམ་པའི་དུམ་བུ་ལ་སོགས་པ་ཡོད་དུ་ཟིན་ཀྱང༌། དེ་སྒྱུ་མ་ལ་སོགས་པར་མི་བརྗོད་དེ། གང་གླང་པོ་ཆེ་ལ་སོགས་པ་དེ་ལྟར་དམིགས་པ་དེ་ཉིད་དེ་ལྟར་དཔེ་བྱེད་ཀྱི། འཇིམ་པའི་དུམ་བུ་ལ་སོགས་པ་ནི་དེ་ལྟར་དམིགས་པ་མ་ཡིན་ནོ། །ཤེས་པ་རྣམ་པ་དང་བཅས་པ་དང༌། རྣམ་པ་མེད་པའི་ཕྱོགས་གཉི་ག་ལ་ཡང་གང་གི་ངོ་བོར་སྣང་བ་དང༌། རིག་པ་དེ་ཉིད་དམིགས་པ་ཡིན་གྱི་རྒྱུ་ཙམ་ནི་མ་ཡིན་ཏེ། མིག་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན། སྐྱེ་བ་དེ་དང་གཞན་དང་ནི། །དུས་དེ་དང་ནི་དུས་གཞན་ན། །ཐམས་ཅད་དུ་ནི་ཕྱི་རོལ་དམིགས། །ཡུལ་དང་དུས་གཞན་བདག་ཉིད་དོ། །རྨི་ལམ་ཤེས་པའི་སྤྱོད་ཡུལ་ནི། །ཡུལ་དེ་དང་ནི་ཡུལ་གཞན་ནོ། །མགལ་མེའི་འཁོར་ལོ་འགལ་བ་ནི། །མྱུར་དུ་བསྐོར་བར་བྱས་པ་ཡིན། །དྲི་ཟའི་གྲོང་ཁྱེར་སྤྲིན་རྣམས་དང༌། །སོན་ཤེས་ཁྱིམ་ལ་སོགས་པ་ཡིན། །སྨིག་རྒྱུ་ཆུ་ཡི་རྣམ་ཤེས་ལ། །དགོན་དུང་འོད་ཟེར་གདུངས་དེ་བཞིན། །ཞེས་བྱ་བ་དེ་གནས་མེད་དོ། །དེ་དག་རྒྱུ་ཉིད་དུ་ཡོད་ཀྱང་དམིགས་པ་ཉིད་དུ་མི་རིགས་ཏེ། རྒྱུའི་དོན་ཀྱང་གཞན་དམིགས་པའི་དོན་ཀྱང་གཞན་ཏེ། བཤད་མ་ཐག་པས་རྒྱ་ཆེར་ནི་མི་དགོས་སོ། །འདི་ཕྱོགས་


DTG107_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཐུན་པའི་ཕྱོགས་ལ་ཡོད་པར་གྱུར་དུ་ཟིན་ཀྱང་མི་མཐུན་པའི་ཕྱོགས་ལས་ལྡོག་པར་ཇི་ལྟར་ངེས་ཏེ། གང་གིས་ན་ལྡོག་པ་ལ་ཐེ་ཚོམ་གྱི་སྐྱོན་དུ་མི་འགྱུར་སྙམ་པའི་རེ་བ་འདི་ནི་བརྫུན་པའོ། །དེ་བས་ན་འདི་བརྗོད་དེ། གཅིག་དང་དུ་མ་མ་གཏོགས་པར། །རྣམ་པ་གཞན་དང་ལྡན་པ་ཡི། །དངོས་པོ་མི་རུང་འདི་གཉིས་ནི། །ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ། །གཅིག་པུའི་བདག་ཉིད་དང༌། དུ་མའི་བདག་ཉིད་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པས་ཕུང་པོ་གཞན་སེལ་ཏོ། །དེ་བས་ན་རྣམ་པ་གཞན་དུ་གཞག་པའི་དངོས་པོ་མེད་པའི་ཕྱིར་འདི་ལ་ལྡོག་པ་མི་ལྡོག་པ་མེད་དོ། །གཏན་ཚིགས་འདི་ལ་ནི་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་པ་ཡང་མེད་དེ། གྲུབ་པའི་ཡུལ་གྱིས་ཡུལ་ཅན་ཤེས་པ་དང༌། སྒྲ་དང་ཐ་སྙད་རྣམས་གྲུབ་པའི་ཕྱིར་ཏེ། དཔེར་ན་འདི་ནི་བ་གླང་སྟེ་ལྐོག་ཤལ་ལ་སོགས་པ་འདུས་པའི་བདག་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་དང་འདྲ་བར་ཇི་སྐད་སྨྲས་པའི་འཐད་པ་རྣམས་ཀྱིས། གཅིག་དང་དུ་མའི་རང་བཞིན་དང་བྲལ་བར་བསྟན་དུ་ཟིན་ཀྱང༌། གང་དག་ཐོག་མ་མེད་པའི་འཁོར་བ་ནས་ཕྱིན་ཅི་ལོག་གཅིག་ནས་གཅིག་ཏུ་བརྒྱུད་དེ། དངོས་པོ་ལ་མངོན་པར་ཞེན་པས་ཡོངས་སུ་འཕེལ་བ་སྤང་བར་དཀའ་བ་དང༌། ཚུལ་བཞིན་ཡིད་ལ་བྱེད་པས་གོམས་པར་བྱེད་པའི་ཕྱིར་སྤང་དཀའ་བས་ཡང་དག་པར་ན་དངོས་པོ་མཐའ་དག་ལ་ཁྱབ་པའི་རང་བཞིན་མེད་པ་ངེས་པར་མི་སེམས་མི་བརྗོད་ཅིང༌། གཞན་དག་ལ་ཡང་ངེས་པར་བསྐྱེད་པར་འདོད་པས་ཐ་སྙད་འདོགས་པར་མི་བྱེད་པ་འདི་དེ་ལྟར་ཤེས་པ་དང་སྒྲ་དང་ཐ་སྙད་ཀྱི་ཡུལ་ཉིད་དུ་བསྒྲུབ་སྟེ། དམིགས་སུ་ཡོད་པའི་མཚན་ཉིད་དུ་གྱུར་པ་ལས་མི་དམིགས་པས་མེད་ཅེས་བྱ་བ་ལྟ་བུའོ། །འདི་ཐམས་ཅད་ནི་བཅོམ་ལྡན་འདས་ཉིད་ཀྱིས་ཀྱང་གསུངས་ཏེ། ཡབ་དང་སྲས་མཇལ་བའི་མདོ་ལས་ཀྱང༌། འདི་སྐད་དུ། མེ་ལོང་ཤིན་ཏུ་ཡོངས་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་འདི་ཤེས་པར་གྱིས། །ང་ཡིས་རང་བཞིན་སྟོང་པ་ཞེས། །གང་བཤད་སྟོང་པར་ལྟ་བར་གྱིས། །བྱིས་པ་ལོག་པའི་བློ་ཅན་རྣམས། །རང་བཞིན་སྟོང་པར་མི་ཤེས་པ། །དེ་དག་རྣམས་ལ་བསྟན་པའི་ཕྱིར། །རང་བཞིན་སྟོང་ཞེས་བདེ་གཤེགས་སྟོན། །ཀུན་


DTG107_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྟོག་པའི་རྟོག་པས་བསྐྱེད། །ཡང་དག་མ་ཡིན་རྟོག་པས་བཅིངས། །ཞེས་གསུངས་པ་ལྟ་བུའོ། །ལང་ཀར་གཤེགས་པའི་མདོ་ལས་ཀྱང༌། གཅིག་དང་གཞན་ཉིད་སྤངས་པ་ཡི། །གཟུགས་ནི་ཇི་ལྟར་མེ་ལོང་ལ། །སྣང་ཡང་དེ་ན་ཡོད་མ་ཡིན། །དེ་བཞིན་དངོས་པོའི་ངོ་བོ་ཉིད། །ཅེས་བསྟན་ཏོ། །གང་གི་ཕྱིར་དེ་དེ་ལྟར་གྱུར་པ། དེ་ཕྱིར་དངོས་པོ་འདི་དག་ནི། །ཀུན་རྫོབ་ཁོ་ནའི་མཚན་ཉིད་འཛིན། །གལ་ཏེ་འདི་དག་དོན་འདོད་ན། །དེ་ལ་ཁོ་བོས་ཅི་ཞིག་བྱ། །ཇི་སྐད་བཤད་པའི་རིགས་པ་དག་གིས། དངོས་པོ་ཐམས་ཅད་ནི་བརྟག་མི་བཟོད་པའི་ཕྱིར་མ་བརྟགས་ན་ཉམས་དགའ་བ་ཁོ་ནའི་བདག་ཉིད་ཀྱི་ངོ་བོ་འཛིན་ཏེ། སྒྱུ་མའི་གླང་པོ་ཆེ་དང་རྟ་དང་མི་ལ་སོགས་པ་བཞིན་ནོ། །གལ་ཏེ་རྣམ་པ་དེ་ལྟར་གཞན་གྱིས་མ་བཅོས་པའི་དངོས་པོ་ཐམས་ཅད་ངོ་བོ་ངེས་པར་འཛིན་པར་འདོད་ན་དེ་ལ་ཁོ་བོས་དགག་ཏུ་ཅི་ཡོད། དེ་དག་གིས་དངོས་པོའི་ངོ་བོ་འདི་བདག་ཉིད་ཀྱིས་རང་གིར་བྱས་ཀྱི། འདི་ནི་སུ་དག་གིས་ཀྱང་ལྕགས་ཀྱུ་མེད་པའི་འདོད་པས་འདི་དག་ལ་གཞག་པ་མེད་དོ། །ཇི་ལྟར་གནས་པའི་དངོས་པོའི་དེ་ཁོ་ན་ལ་མཁས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་དང་དེ་དག་ཏུ་རབ་ཏུ་བཤད་དེ། ཆོས་ཐམས་ཅད་ཡང་དག་པར་སྡུད་པ་ལས་ཇི་སྐད་དུ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཐ་སྙད་དུ་སྟོན་པ་རྣམ་པ་བཅུར་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ་ཕུང་པོ་སྟོན་པ་དང༌། ཁམས་སྟོན་པ་དང༌། སྐྱེ་མཆེད་སྟོན་པ་དང༌། སེམས་ཅན་སྟོན་པ་དང༌། ལས་སྟོན་པ་དང༌། སྐྱེ་བ་སྟོན་པ་དང༌། རྒ་བ་སྟོན་པ་དང༌། འཆི་བ་སྟོན་པ་དང༌། འཆི་བའི་ཉིང་མཚམས་སྦྱོར་པ་སྟོན་པ་དང༌། དེ་རབ་ཏུ་ཞི་བར་འགྱུར་བའི་མྱ་ངན་ལས་འདས་པ་སྟོན་པ་ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་དཀོན་མཆོག་སྤྲིན་ལས་ཀྱང༌། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཀུན་རྫོབ་ལ་མཁས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། གཟུགས་སུ་ཡང་འདོགས་ལ། དོན་དམ་པར་གཟུགས་སུ་ཡང་མི་དམིགས་ཤིང་མངོན་པར་ཞེན་པ་མེད་དོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཞེས་རྒྱ་ཆེར་གསུངས་སོ། །


DTG107_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས་ཀྱང༌། ཚུལ་བཞིན་ཞེས་བྱ་བ་ནི་ཆོས་ཐམས་ཅད་བདག་མེད་པ་སྟེ། དེ་བཞིན་དུ་ཆོས་ཐམས་ཅད་རིགས་པས་མཐོང་བའོ། །ཅི་ལྟར་སེམས་ཅན་བདག་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་རིགས་པས་མཐོང་བའོ་ཞེས་བྱ་བ་གསུངས་སོ། །རྒྱལ་བ་བསྐྱེད་པ་ལས་ཀྱང་རྒྱལ་བས་ཇི་སྐད་དུ། མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པའི་ངོ་བོ་ཉིད་ཀྱིས་སྟོང་ངོ་ཞེས་གསུངས་པ་ལྟ་བུའོ། །གལ་ཏེ་འདི་ནི་བརྟགས་པའི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དོ་ཞེས་གསུངས་སོ་ཞེ་ན། དེ་བདེན་ཏེ་ཡང་དག་པར་རང་བཞིན་དང་བཅས་པ་ཡང་ཡོད་དོ་ཞེས་བྱ་བ་དེ་ཡང་བརྟགས་པའི་ངོ་བོ་ཉིད་ཁོ་ནའོ། །གཞན་གྱི་དབང་གི་ངོ་བོ་ཡང་དག་པར་ཡོད་པ་ཉིད་དུ་གྲུབ་ན་ནི་གཉིས་ལ་སོགས་པ་བརྟགས་པའོ་ཞེས་བྱ་བ་དེ་གྲུབ་ན་སྔར་སྨོས་པའི་ཚད་མའི་གནོད་པ་ཡོད་པས་དེ་ནི་མ་གྲུབ་བོ། །གླང་པོ་ཆེའི་རྩལ་གྱི་མདོ་ལས་ཀྱང༌། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། གང་ཆོས་རྣམས་ཀྱི་ངོ་བོ་ཉིད་ཤེས་པ་དེ་ཡོད་པ་ཡིན་ནམ། འོན་ཏེ་མེད་པ་ཡིན། གསོལ་པ། བཅོམ་ལྡན་འདས་གང་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་འཚལ་བ་དེ་ནི་སྒྱུ་མའི་ངོ་བོ་ཉིད་འཆལ་བ་སྟེ། བཅོམ་ལྡན་འདས་དེ་ནི་མ་མཆིས་ཤིང༌། མཆིས་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ནི་སྒྱུ་མའི་ངོ་བོ་ཉིད་དོ་ཞེས་བསྟན་པའི་སླད་དུ་སྟེ། སྒྱུ་མ་ལྟ་བུ་གང་ལགས་པ་དེ་ནི་མ་མཆིས་པའོ། །འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་འཚལ་བ་དེ་ནི་འཚལ་བ་མ་མཆིས་པའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལ་གང་ཡང་ཡང་དག་པར་ཆོས་གང་ཡང་མི་དམིགས་པའི་སླད་དུའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འོ་ན་ཅི་སྟེ་ཀུན་རྫོབ་ཀྱི་ངོ་བོ་འདི་གལ་ཏེ་ཅི་དངོས་པོ་མེད་པ་ཡིན་ནམ། འདི་དངོས་པོ་མེད་པ་ཡིན་ན་ནི་མཐོང་བ་དང་འདོད་པའི་དོན་བྱེད་པ་དང་འགལ་ལོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་པར་བསྟན་པ། མ་བརྟགས་གཅིག་བུའི་ཉམས་དགའ་ཞིང༌། །སྐྱེ་དང་འཇིག་པའི་ཆོས་ཅན་པ། །དོན་བྱེད་པ་དག་ནུས་རྣམས་ཀྱིས། །རང་བཞིན་ཀུན་རྫོབ་པ་ཡིན་རྟོགས། །ཀུན་རྫོབ་ནི་སྒྲའི་ཐ་སྙད་ཙམ་གྱིས་བདག་ཉིད་མ་ཡིན་གྱི། མཐོང་བ་དང་འདོད་པའི་དངོས་པོ་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ནི་བརྟག་མི་བཟོད་པས་


DTG107_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པའི་ཀུན་རྫོབ་སྟེ། གདགས་པ་ཞེས་བྱ་བ་ལ་སོགས་པ་ཐ་སྙད་དེ་ལྟ་བུར་བྱས་པའི་བརྡ་དག་གིས་ཐ་སྙད་འདོགས་པར་བྱེད་པ་ན་དེའི་ཕྱིར་དོན་བྱེད་པ་དང་ཅིའི་ཕྱིར་འགལ་ཏེ། འདི་སྐད་དུ། རྟེན་ཅིང་འབྲེལ་པར་གང་འབྱུང་བ། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་རྒྱུར་བྱས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་པ་ལྟ་བུའོ། །འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས། དེ་ལ་ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། འཇིག་རྟེན་གྱི་ཐ་སྙད་ཇི་སྙེད་པ་དང༌། ཡི་གེ་དང་སྐད་དང་བརྡ་བསྟན་པ་དག་གོ །དོན་དམ་པའི་བདེན་པ་ནི་གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་ཅི་སྨོས་ཞེས་གང་གསུངས་པ་དེ་ལ་དོན་ནི་འདི་ཡིན་ཏེ། སེམས་ཅན་དང་སྣོད་ཀྱི་བདག་ཉིད་ཀྱི་འཇིག་རྟེན་མྱོང་བར་བྱ་བ་དང༌། མྱོང་བའི་ངོ་བོའི་ཚུལ་འདིར་འཇིག་རྟེན་གྱི་ཐ་སྙད་དུ་དགོངས་པ་སྟེ། བྱེད་པའི་སྒྲུབ་པ་ཡོངས་སུ་བཟུང་བའི་ཕྱིར་རོ། །བརྗོད་པའི་ངོ་བོ་ནི་མ་ཡིན་ཏེ། དེ་ནི་ཡི་གེ་ལ་སོགས་པས་བརྗོད་པའི་ཕྱིར་རོ། །ཇི་སྙེད་པ་ཞེས་བྱ་བ་ནི་མ་ལུས་པའི་དོན་ཡིན་པར་བསྟན་ཏེ། དེའི་ཕྱིར་རྣམ་པར་མི་རྟོག་པའི་ཤེས་པས་རྟོགས་པའི་བདག་ཉིད་གཟུགས་ལ་སོགས་པ་དང༌། བདེ་བ་ལ་སོགས་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཉིད་ལས་མི་འདའོ། །དེའི་རྗེས་སུ་འབྲེལ་པའི་ཕྱིར་ཡི་གེ་ལ་སོགས་པ་ཡང་སྦྱར་རོ། །དེའི་ཕྱིར་ལུང་ལས་བྱུང་བ་དང༌། འཇིག་རྟེན་པ་ཡང་བསྡུ་སྟེ། དེ་ནི་ཡིད་ཀྱི་དང་ངག་གིའོ། །དཔེར་ན་ཡིད་ཀྱིས་བརྒྱ་བྱིན་ལ་ཆོས་མངོན་པར་བཤད་པ་དང༌། ཡིད་ཀྱིས་ཚིགས་སུ་བཅད་པའི་ལན་བཏབ་པར་དེ་དང་དེ་དག་ནས་འབྱུང་བ་ལྟ་བུའོ། །དེ་བས་ན་སྤྲོས་པའི་ཚོགས་ཐམས་ཅད་དང་བྲལ་བའི་དོན་དམ་པའི་བདེན་པ་ལ་ནི་སེམས་རྒྱུ་བ་ཡང་མེད་པར་བསྟན་ཏོ། །ཀུན་རྫོབ་འདི་ནི་རྒྱུ་མེད་པར་མི་རུང་སྟེ། ཤིང་རྟ་དང་སེམས་ཅན་ལ་སོགས་པ་བཏགས་པ་བཞིན་མ་ཡིན་ནམ། སྐྱོབ་པས་ཀྱང༌། །དཔེར་ན་ཡན་ལག་ཚོགས་རྣམས་ལ། །ཤིང་རྟ་ཞེས་ནི་བྱ་བར་འདོད། །དེ་བཞིན་ཕུང་པོ་རྒྱུར་བྱས་ནས། །ཀུན་རྫོབ་ཏུ་ནི་སེམས་ཅན་བརྗོད། །ཅེས་གསུངས་སོ། །གལ་ཏེ་དེ་ལྟ་ན་འདི་ལ་ཡང༌། བརྟག་པ་མ་བྱས་ཉམས་དགའ་བའང༌། །བདག་རྒྱུ་སྔ་མ་སྔ་མ་ལ། །བརྟེན་ནས་ཕྱི་མ་ཕྱི་མ་ཡི། །


DTG107_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་དེ་འདྲ་འབྱུང་བ་ཡིན། །དེ་ཕྱིར་ཀུན་རྫོབ་རྒྱུ་མེད་ན། །རུང་མིན་ཞེས་པའང་ལེགས་མ་ཡིན། །གལ་ཏེ་འདི་ཡི་ཉེར་ལེན་པ། །ཡང་དག་ཡིན་ན་དེ་སྨྲོས་ཤིག །དེ་ནི་བཤད་ཟིན་ཏེ། བརྟག་མི་བཟོད་ལ་དོན་བྱེད་ནུས་པའི་དངོས་པོ་ཉིད་ནི་ཡང་དག་པའི་ཀུན་རྫོབ་ཅེས་བྱ་སྟེ། གང་ཟག་ལ་སོགས་པ་ལྟར་སྒྲ་ཙམ་ནི་མ་ཡིན་ནོ་ཞེས་བྱ་བའོ། །དེ་ལྟ་བུ་དེ་ལ་ཡང་བརྗོད་པའི་ཚུལ་གྱིས་བརྟགས་པས་དཔྱད་མི་བཟོད་པའི་རང་གི་རྒྱུ་ལ་བརྟེན་ནས་འབྱུང་ན་རྒྱུ་མེད་པར་ཇི་ལྟར་འགྱུར། ཤེས་རབ་དང་ཡེ་ཤེས་ཀྱིས་དཔྱད་ན་གང་གི་རྒྱུའི་རང་བཞིན་ཡོད་པ་དེ་བློ་གྲོས་དང་ལྡན་པས་སྨྲོས་ཤིག ། ཤིང་རྟ་ལ་སོགས་པ་ཡང་ཆོས་ཉིད་འདི་ལས་མི་འདའ་བ་ཉིད་དོ་ཞེས་ཐམས་ཅད་དང་ཉེ་བར་སྦྱར་བར་བཤད་ཟིན་ཏོ། །འདིར་ཡང་གསུངས་པ། ཡི་གེ་གཅིག་སྔགས་གང་ཡང་མེད། །ཡི་གེ་མང་པོ་གཞན་ཡང་མེད། །ཡི་གེ་འགགས་པ་རྣམས་མིན་ལ། །བརྟེན་ནས་དེ་ནི་མེད་པ་ཡིན། །དེ་བཞིན་རང་གི་ཡན་ལག་ལས། །སྨན་ནི་གུད་ན་མི་སྣང་ངོ༌། །སྒྱུ་མའི་གླང་པོ་སྣང་བ་དེ། །དེ་དག་ལས་མིན་གཞན་ཡང་མིན། །རྟེན་ཅིང་འབྲེལ་པར་འབྱུང་བ་དེ། །ཡོད་དམ་མེད་པར་སུ་ཞིག་འདོད། །དེ་ལ་དམིགས་པར་བྱེད་པ་ཡི། །མིག་གི་རྣམ་ཤེས་བྱུང་བ་ལྟར། །ལས་དང་ཉོན་མོངས་དབང་འཕགས་པ། །ལེན་བཅས་སྲིད་ལས་འབྱུང་བ་དང༌། །དེ་བཞིན་དུ་ནི་གཟུགས་འབྱུང་བ། །ཡོད་དམ་མེད་པར་སུ་ཞིག་འདོད། །དེ་ལྟར་སྲིད་པའི་ཡན་ལག་ཀུན། །ཐ་སྙད་ཀྱིས་ནི་གདགས་པ་སྟེ། །འདི་ལྟར་འགོག་ལ་སོགས་པ་ཡི། །ཆོས་ཀུན་དགོངས་ཏེ་གསུངས་པ་ཡིན། །ཇི་ལྟར་སྔགས་དེ་སྔགས་མིན་དང༌། །ཇི་ལྟར་སྨན་ཡང་སྨན་མིན་ལ། །དེ་ལྟར་བརྟེན་ནས་གསུངས་པ་སྟེ། །གཉིས་ཀ་འགྲུབ་པར་འགྱུར་མ་ཡིན། །ཆོས་ཐམས་ཅད་རང་བཞིན་མེད་པ་ཡིན་དུ་ཟིན་ན། འཇིག་རྟེན་མཐའ་དག་ནམ་མཁའི་མེ་ཏོག་བཞིན་དུ་འགྱུར་ཏེ། དེའི་ཕྱིར་མཐོང་བ་དང༌། ཐོས་པ་དང༌། བྱེ་བྲག་ཕྱེད་པ་དང༌། རྣམ་པར་ཤེས་པ་ལ་སོགས་པ་མེད་པས་འཕགས་པ་དང་འཕགས་པ་མ་ཡིན་པའི་ཐ་སྙད་ལ་སོགས་པ་རྣམ་པར་གཞག་པ་གྲུབ་པའི་མཐའ་དང་མི་འགལ་བ་ཇི་ལྟར་སྦྱར་ཞེ་ན། ཀླན་ཀ་འདི་ནི་སྙིང་པོ་ཡོད་པ་མ་ཡིན་ཏེ། དངོས་པོ་ཀུན་གྱི་རང་བཞིན་ནི། །རིག་པའི་ལམ་གྱི་རྗེས་འབྲང་བར།


DTG107_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་འདོད་པ་སེལ་བར་བྱེད། །དེ་ཕྱིར་རྒོལ་བའི་གནས་མེད་དོ། །ཡོད་དང་མེད་དང་ཡོད་མེད་ཅེས། །ཁས་མི་ལེན་པ་གང་ཡིན་པ། །དེ་ལ་ནན་ཏན་ལྡན་པས་ཀྱང༌། །ཅིར་ཡང་ཀླན་ཀ་བྱ་མི་ནུས། །བྱིས་པའི་གནས་སྐབས་ནས་བཟུང་སྟེ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་མྱོང་བ་གང་མ་བརྟགས་གཅིག་པུ་ན་ཡིད་དུ་འོང་བའི་རང་བཞིན་ལ་ནི་ཁོ་བོས་བཀག་པ་མེད་དེ། ཡང་དག་པར་ན་འབྲས་བུ་སྔ་ན་ཡོད་པ་དང༌། མེད་པ་དང༌། གཉིས་ཀ་དང༌། གཉིས་ཀ་མ་ཡིན་པར་སྨྲ་བ་སེར་སྐྱ་པ་ལ་སོགས་པར་བརྟགས་པ་གང་ཡིན་པ་དེ་མེད་དོ། །དེའི་ཕྱིར་ཆོས་ཐམས་ཅད་རང་བཞིན་མེད་པར་སྨྲ་བ་འདི་ནི་སྟོང་པ་ཉིད་ཀྱི་དོན་ལོག་པར་མཐོང་བ་མ་ཡིན་ནོ། །གང་གི་ཕྱོགས་ལ་ཡོད་པ་དང༌། །མེད་དང་ཡོད་མེད་ཡོད་མིན་པ། །དེ་ལ་ཀླན་ཀ་བྱ་བར་ནི། །ཡུན་རིང་དུ་ཡང་བརྗོད་མི་ནུས། །དེ་ཕྱིར་ཡང་དག་ཉིད་དུ་ན། །དངོས་པོ་གང་ཡང་གྲུབ་པ་མེད། །དེ་ཕྱིར་དེ་བཞིན་གཤེགས་རྣམས་ཀྱིས། །ཆོས་རྣམས་ཐམས་ཅད་མ་སྐྱེས་གསུངས། །ཡང་དག་པར་ན་དངོས་པོ་ཕྲ་རབ་ཀྱང་ཡོངས་སུ་གྲུབ་པར་མི་འཐད་དེ། །ཇི་ལྟར་བསྟན་པའི་ཚུལ་གྱིས་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་རོ། །དེའི་ཕྱིར་ཡང་དག་པར་ན་གང་གི་སྐྱེ་བ་དང༌། སྔོན་དུ་འགྲོ་བའི་གནས་པ་དང། མི་རྟག་པ་དང༌། དེ་ལ་བརྟེན་པའི་དངོས་པོའི་ཆོས་གཞན་ཡང་ཡོད་པར་འགྱུར་རམ། དེ་ལྟ་བས་ན་བློ་གྲོས་རྒྱ་མཚོས་བསྟན་པ་ལས་འདི་སྐད་གསུངས་ཏེ། གང་དག་རྟེན་ཅིང་འབྲེལ་འབྱུང་བ། །དེ་དག་དངོས་ཉིད་ཅི་ཡང་མིན། །གང་དག་ངོ་བོ་ཉིད་མེད་པས། །དེ་དག་གང་དུ་འབྱུང་བ་མེད། །ཅེའོ། །གླང་པོའི་རྩལ་གྱི་མདོ་ལས་ཀྱང༌། གང་ཞིག་སྐྱེ་བར་འགྱུར་བ་ཡི། །ཆོས་དེ་གང་ཡང་མི་དམིགས་ན། །འབྱུང་བ་མེད་པའི་ཆོས་རྣམས་ལ། །བྱིས་པ་དག་ནི་འབྱུང་བར་འདོད། །ཅེས་གསུངས་སོ། །དཀོན་མཆོག་འབྱུང་གནས་ཀྱི་མདོ་ལས་ཀྱང༌། གང་ལ་རང་བཞིན་ཡོད་པ་མ་ཡིན་ཏེ། །རང་བཞིན་མེད་པས་གཞན་རྐྱེན་ཇི་ལྟར་འགྱུར། །རང་བཞིན་མེད་པས་གཞན་གྱིས་ཇི་ལྟར་བསྐྱེད། །རྒྱུ་འདི་བདེ་བར་གཤེགས་པས་བསྟན་པ་ཡིན། །ཞེས་གསུངས་སོ། །དེའི་ཕྱིར་ཡབ་དང་སྲས་མཇལ་བའི་མདོ་ལས་ཀྱང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པས་


DTG107_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དབྱིངས་ལ་འཇུག་པ་སྟོན་པ་བསྟན་ཏེ། བཅོམ་ལྡན་འདས་དེ་ལ་མ་རིག་པ་ནི་མ་རིག་པ་ཉིད་ཀྱིས་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་མ་རིག་པ་ནི་རང་བཞིན་དང་བྲལ་བ་སྟེ། ཆོས་གང་ལ་ཡང་རང་བཞིན་མ་མཆིས་པ་དེ་ནི་དངོས་པོ་མ་མཆིས་པའོ། །གང་ལ་དངོས་པོ་མ་མཆིས་པ་དེ་ནི་ཡོངས་སུ་མ་གྲུབ་པའོ། །གང་ཡོངས་སུ་མ་གྲུབ་པ་དེ་ནི་མི་སྐྱེ་བའོ། །གང་མི་སྐྱེ་བ་དེ་ནི་མི་འགག་པའོ། །གང་མ་སྐྱེས་མ་འགགས་པ་དེ་ནི་འདས་པ་ཞེས་གདགས་པར་བགྱི་བ་མ་ལགས། མ་འོངས་པ་དང༌། ད་ལྟར་བྱུང་བ་ཞེས་གདགས་པར་བགྱི་བ་མ་ལགས་སོ། །གང་དུས་གསུམ་དུ་མི་དམིགས་པ་དེ་ནི་མིང་མ་མཆིས་པ། མཚན་ཉིད་མ་མཆིས་པ་མཚན་མ་མ་མཆིས་པ། གདགས་སུ་མ་མཆིས་པ་སྟེ། གཞན་དུ་མ་ལགས་ཀྱི་མིང་ཙམ་དང༌། བརྡ་ཙམ་དང༌། ཐ་སྙད་ཙམ་དང༌། ཀུན་རྫོབ་ཙམ་དང༌། བརྗོད་པ་ཙམ་དང༌། གདགས་པ་ཙམ་དུ་སེམས་ཅན་རྣམས་གཟུད་པའི་དོན་དུ་བགྱི་བ་མ་གཏོགས་པར་མ་རིག་པ་དེ་ནི་དོན་དམ་པར་དམིགས་སུ་མ་མཆིས་སོ། །ཆོས་གང་དོན་དམ་པར་དམིགས་སུ་མ་མཆིས་པ་དེ་ནི་གདགས་སུ་མ་མཆིས་པ་ཐ་སྙད་དུ་བགྱིར་མ་མཆིས་པ་བརྗོད་དུ་མ་མཆིས་པ་སྟེ་བཅོམ་ལྡན་འདས་གང་མིང་ཙམ་ཞེས་བགྱི་བ་ནས་གདགས་པ་ཙམ་གྱི་བར་དེ་དག་ཀྱང་ཡང་དག་པར་མ་ལགས་པ་ཞེས་རྒྱ་ཆེར་འབྱུང་ངོ༌། །དེ་ལྟར་བྱས་ན། ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །གཟོད་ནས་ཞི་ཞིང་མ་སྐྱེས་དང༌། །རང་བཞིན་མྱ་ངན་འདས་པ་ཞེས། །ཆོས་རྣམས་མགོན་པོ་ཁྱོད་ཀྱིས་བསྟན། །ཅེས་བྱ་བའི་ཚིགས་སུ་བཅད་པ་འདི་ལེགས་པར་བཤད་པར་འགྱུར་ཏེ། །འདིས་ནི་ཆོས་ཐམས་ཅད་དུས་གསུམ་དུ་མཉམ་པ་ཉིད་དུ་ཡོངས་སུ་བསྟན་ཏོ། །གཟོད་མ་ནི་མ་འོངས་པའི་དུས་ཏེ་རང་བཞིན་དང་བྲལ་བའི་ཕྱིར་དེར་ཞི་བའོ། །ད་ལྟར་བྱུང་བའི་དུས་ན་ཡང་མ་སྐྱེས་ཏེ། རང་བཞིན་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །འདས་པའི་དུས་ན་ཡང་རང་བཞིན་གྱི་ངོ་བོ་ཉིད་ཀྱིས་མྱ་ངན་ལས་འདས་པ་སྟེ། རང་བཞིན་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །ཡབ་དང་སྲས་མཇལ་བའི་མདོ་ལས། ཇི་སྐད་དུ། ཆོས་འདི་དག་ཐམས་ཅད་ནི་དུས་གསུམ་དུ་མཉམ་པ་ཉིད་ཀྱིས་མཉམ་པ་སྟེ། འདས་པའི་དུས་ན་ཡང་ཆོས་ཐམས་ཅད་རང་བཞིན་དང་


DTG107_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བའོ། །མ་འོངས་པ་དང༌། ད་ལྟར་བྱུང་བའི་དུས་ན་ཡང་ཆོས་ཐམས་ཅད་རང་བཞིན་དང་བྲལ་བའོ་ཞེས་གསུངས་པ་ལྟ་བུའོ། །ཡང་དེ་ཉིད་ལས་གསལ་བར་མཛད་དེ། ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པའོ། །ཆོས་གང་ལ་རང་བཞིན་མ་མཆིས་པ་དེ་ནི་འདས་པ་མ་ལགས། མ་འོངས་པ་མ་ལགས། ད་ལྟར་བྱུང་བ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། རང་བཞིན་མ་མཆིས་པ་ནི་འདས་པ་ཞེས་གདགས་པར་བགྱི་བ་མ་ལགས། མ་འོངས་པ་དང་ད་ལྟར་བྱུང་བ་ཞེས་གདགས་པར་བགྱི་བ་མ་ལགས་སོ་ཞེས་འབྱུང་ངོ༌། །སྐྱེ་བ་མེད་པ་ལ་སོགས་པ་ཡང༌། ཡང་དག་པའི་ཀུན་རྫོབ་ཏུ་གཏོགས་པ་ཡིན་དུ་ཟིན་ཀྱང༌། དམ་པའི་དོན་དང་མཐུན་པའི་ཕྱིར། །འདི་ནི་དམ་པའི་དོན་ཞེས་བྱ། །ཡང་དག་ཏུ་ན་སྤྲོས་པ་ཡི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། །དོན་དམ་པ་ནི་དངོས་པོ་དང་དངོས་པོ་མེད་པ་དང༌། སྐྱེ་བ་དང་མི་སྐྱེ་བོ་དང༌། སྟོང་པ་དང་མི་སྟོང་པ་ལ་སོགས་པ་སྤྲོས་པའི་དྲ་བ་མཐའ་དག་སྤངས་པའོ། །སྐྱེ་བ་མེད་པ་ལ་སོགས་པ་ནི་དེ་ལ་འཇུག་པ་དང་མཐུན་པའི་ཕྱིར་དོན་དམ་པ་ཞེས་ཉེ་བར་འདོགས་སོ། །ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁོང་པ་ཡི། །སྟེང་དུ་འགྲོ་བར་བྱ་བ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཅིའི་ཕྱིར་དངོས་སུ་དོན་དམ་པ་མ་ཡིན་པ་བསྟན་པ། སྐྱེ་བ་ལ་སོགས་མེད་པའི་ཕྱིར། །སྐྱེ་བ་མེད་ལ་སོགས་མི་སྲིད། །དེ་ཡི་ངོ་བོ་བཀག་པའི་ཕྱིར། །དེ་ཡི་ཚིག་གི་སྒྲ་མི་སྲིད། །ཡུལ་མེད་པ་ལ་དགག་པ་ཡི། །སྦྱོར་བ་ལེགས་པ་ཡོད་མ་ཡིན། །རྣམ་པར་རྟོག་ལ་བརྟེན་ན་ཡང༌། ཀུན་རྫོབ་པར་འགྱུར་ཡང་དག་མིན། །སྐྱེ་བ་ལ་སོགས་མེད་ན་དེ་བརྗོད་པའི་སྒྲའི་སྦྱོར་བ་མི་འཐད་དོ། །དེ་བས་ན་ཡུལ་མེད་པ་ལ་དགག་པའི་ཕྱིར་སྐྱེ་བ་ཡང་མེད་པས་སྐྱེ་བ་མེད་པ་ལ་སོགས་པ་མི་སྲིད་དོ། །ཇི་སྟེ་རང་གི་མཚན་ཉིད་ནི་སྒྲ་འདི་དག་གི་ཡུལ་མ་ཡིན་མོད་ཀྱི། འོན་ཀྱང་ཐོག་མ་མེད་པའི་དུས་ཀྱི་བག་ཆགས་ལས་བྱུང་བའི་རྣམ་པར་རྟོག་པ་ལ་སྣང་བའི་ངང་ཅན་གྱི་དོན་ཡུལ་ཉིད་དུ་བདག་གིར་བྱས་ཏེ། ཆོས་ཅན་འདི་ཉིད་ལ་བརྟེན་ནས་སྐྱེ་བ་ལ་སོགས་པ་རྣམ་པར་རྟོག་པ་ལ་སྣང་བའི་དོན་འདི་ཅི་གཞན་དག་འདོད་པའི་དོན་ལ་བརྟེན་ནམ། འོན་ཏེ་མ་ཡིན་ཞེས་ཡོད་དམ་མེད་པ་


DTG107_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་པར་བྱེད་ཀྱི། སྐྱེ་བ་ལ་སོགས་པ་རྣམ་པར་རྟོག་པ་ལ་སྣང་བའི་དོན་ནི་སྤོང་བར་མི་བྱེད་དེ། དེ་ཉིད་བློ་ལ་བསྐྱེད་པར་བྱ་བའི་ཕྱིར་སྒྲ་སྦྱོར་བའི་ཕྱིར་རོ་ཞེ་ན། རྣམ་པར་རྟོག་པ་ཡང་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་པས་དེ་དཔྱད་པ་ཉིད་ཀྱིས་བསལ་ཟིན་པ་མ་ཡིན་ནམ། གཞན་ཡང་དེ་ལྟ་ན་ཀུན་རྫོབ་ཅེས་བྱ་བའི་རྣམ་པར་རྟོག་པའི་བློ་ལ་བརྟེན་པའི་ཕྱིར་མ་སྐྱེས་པ་ལ་སོགས་པ་ནི་ཀུན་རྫོབ་པར་འགྱུར་གྱི། དོན་དམ་པར་མ་ཡིན་ཏེ། ཤིང་ལ་སོགས་པ་སྒྲའི་དོན་བཞིན་ནོ། །གཞན་ཡང་དངོས་པོ་མ་གྲུབ་ན་དེ་ལ་ལྟོས་ནས་རབ་ཏུ་བརྟགས་པ་བདག་གི་དངོས་པོ་དེ་ཁོ་ན་ལ་དངོས་པོ་མེད་པ་ལ་སོགས་པ་ཡང་མེད་པ་ཉིད་དོ། །འདི་སྐད་གསུངས་ཏེ། གལ་ཏེ་དངོས་པོ་མ་གྲུབ་ན། །དངོས་པོ་མེད་པར་འགྱུར་མི་འགྱུར། །དངོས་པོ་གཞན་དུ་གྱུར་ན་ནི། །དངོས་པོ་མེད་ཅེས་སྐྱེ་བོ་སྨྲ། །ཞེའོ། །དེ་སྐད་དུ། འོ་མར་ཞོ་ལ་སོགས་མེད་པ། །དེ་ན་སྔ་ན་མེད་ཅེས་བྱ། །ཞོ་ལ་འོ་མ་མེད་པ་ནི། །ཞི་གནས་མེད་པའི་མཚན་ཉིད་ཡིན། །མགོ་ཡི་ཡན་ལག་ལྕོང་བ་དང༌། །སྐྱེ་དང་སྲ་བ་རྣམ་སྤངས་པ། །རི་བོང་རྭ་ལ་སོགས་དངོས་སུ། །དེ་ནི་གཏན་མེད་བརྗོད་པ་ཡིན། །བ་ལང་ལ་ནི་རྟ་སོགས་མེད། །དེ་ནི་གཅིག་ལ་གཅིག་མེད་བརྗོད། །ཅེའོ། །གསོག་ཏུ་གྱུར་པ་དངོས་པོ་མེད་པར་གྱུར་པ་ཡང༌། དངོས་པོ་ཡོད་པ་ཉིད་དུ་ངེས་པའི་ཟླས་དྲངས་ནས་རྣམ་པར་གཞག་སྟེ། མོ་གཤམ་ལ་སོགས་པ་དང༌། བུ་ལ་སོགས་པ་ཡོད་པར་མ་ངེས་ན་མོ་གཤམ་གྱི་བུ་ལ་སོགས་པར་རྣམ་པར་རྟོག་པར་མི་འགྱུར་རོ། །དེ་བས་ན་བློ་གྲོས་རྒྱ་མཚོའི་མདོ་ལས་བསྟན་པ། ཚངས་པ་ཆོས་གང་ཡོངས་སུ་མ་གྲུབ་པ་དེ་ཡོད་པ་ཉིད་དུ་ཞེའམ། མེད་པ་ཉིད་དོ་ཞེས་ཁས་མི་ལེན་ཏོ་ཞེས་འབྱུང་བ་འདི་ལེགས་པར་བཤད་པ་ཡིན་པར་འགྱུར་རོ། །ལང་ཀར་གཤེགས་པ་ལས་ཀྱང༌། ཡོད་པའི་ཟླས་དྲངས་མེད་པ་སྟེ། །མེད་པའང་ཡོད་པའི་ཟླས་དྲངས་སོ།། དེ་བས་མེད་པར་བསམ་མི་བྱ། །ཡོད་པ་ཉིད་དུའང་མི་བརྟག་གོ །གང་ལ་ཅི་ཡང་མི་སྐྱེ་བ། །ཅི་ཡང་འགག་པར་མི་འགྱུར་ཏེ། །འཇིག་རྟེན་རྣམ་པར་དབེན་མཐོང་བ། །དེ་ལ་ཡོད་དང་མེད་པ་མེད། །ཅེས་གསུངས་སོ། །དེ་ལ་དོན་ནི་དེ་ཡིན་ཏེ། །ཡོད་པའི་ཟླས་དྲངས་ནས་མེད་པ་རྣམ་པར་


DTG107_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་སྟེ། དཔེར་ན་ཞི་གནས་མེད་པ་ལ་སོགས་པ་མེད་པ་རྣམ་པ་གསུམ་ལྟ་བུའོ། །མེད་པའི་ཟླས་དྲངས་ནས་ཡོད་པ་སྟེ། དཔེར་ན་སྐྱེ་བ་སྔ་ན་མེད་པ་ལྟ་བུའོ། །སྔ་ན་ཡོད་པ་སྐྱེ་འགྱུར་ན། །སྐྱེས་པ་ཡང་ནི་སྐྱེ་བར་འགྱུར། །ཞེའོ། །དེ་ལྟ་བས་ན། བློ་གྲོས་བཟང་པོས་གང་གསུངས་པ། གང་དག་བདག་དངོས་གཞན་དངོས་དང༌། །དངོས་དང་དངོས་པོ་མེད་མཐོང་བ། །དེ་དག་སངས་རྒྱས་བསྟན་པ་ལ། །ཡང་དག་མཐོང་བ་མ་ཡིན་ནོ། །ཡང་དག་དངོས་རྣམས་རྟེན་བྱས་ནས། །ཆུ་ཡི་ཟླ་བ་ལྟ་བུར་ནི། །ཡང་དག་མ་ཡིན་ལོག་མིན་པར། །འདོད་པ་དེ་དག་ལྟས་མི་འཕྲོགས། །ཐམས་ཅད་རྟག་མིན་མི་རྟག་པའང༌། །ཅི་ཡང་མེད་དེ་རྟག་དེ་བཞིན། །དངོས་ཡོད་རྟག་དང་མི་རྟག་པར། །འགྱུར་ན་དེ་ནི་ག་ལ་ཡོད། །གང་ཅི་བརྗོད་པ་ཐམས་ཅད་ནི། །ངོ་བོ་ཉིད་ཀྱིས་སྟོང་རིག་བྱ། །སྟོང་ཞེས་བྱ་བ་དེ་ཡང་སྟོང༌། །འདི་ལྟར་མི་སྟོང་ཡོད་མ་ཡིན། །སུ་ལ་སྟོང་ཉིད་འདི་འབྱུང་བ། །དེ་ལ་དོན་རྣམས་ཐམས་ཅད་འབྱུང༌། །སུ་ལ་སྟོང་ཉིད་མི་འབྱུང་བ། །དེ་ལ་ཅི་ཡང་འབྱུང་བ་མེད། །ཅེས་བྱ་བ་འདི་ནི་ལེགས་པར་གསུངས་པའོ། །དེ་བས་ན་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཆེན་པོ་ལས། སྔོན་མཐའ་སྟོང་ཞིང་ཕྱི་མའི་མཐའ་ཡང་སྟོང༌། །སྐྱེ་དང་འཇིག་དང་གནས་པའི་དངོས་པོ་སྟོང༌། །འདི་ནི་དངོས་པོ་ཡོད་མིན་དངོས་མེད་མིན། །ཆོས་རྣམས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང༌། །ཞེས་གསུངས་སོ། །འོ་ན་དེ་ནི་རྟོགས་གྱུར་པས། །དེ་ཡི་རང་བཞིན་མངོན་སུམ་ཕྱིར། །མི་མཁས་རྣམས་ཀྱང་དངོས་རྣམས་ཀྱི། །དངོས་པོ་འདི་འདྲ་ཅིས་མི་རྟོགས། །དེ་རྟོགས་ན་དེའི་རང་གི་ངོ་བོ་མི་རྟོགས་པ་ནི་མི་རིགས་ཏེ། བུམ་པས་དབེན་པའི་ས་གཞི་དམིགས་ན། དེའི་བདག་ཉིད་དུ་གྱུར་པ་བུམ་པས་དབེན་པ་རྟོགས་པ་བཞིན་ནོ། །དངོས་པོ་རྣམས་ནི་སོ་སོའི་སྐྱེ་བོའི་ལྟ་བ་དཀར་པོ་མ་ཡིན་པ་ཐ་ཤལ་རྣམས་ཀྱིས་ཀྱང་དངོས་པོ་ལ་སོགས་པའི་རྣམ་པ་མེད་པ་ལས་སྒྲོ་བཏགས་པས། སྒྲོ་བཏགས་པ་ཡང་དག་པ་ཇི་སྐད་དུ་སྨོས་པ་མཐའ་དག་དང་བྲལ་བ་ཁོ་ན་ཡིན་པར་རྟོགས་ན། ཅིའི་ཕྱིར་དེ་ལྟར་ཡིན་པར་མི་རྟོགས་ཤེ་ན། མ་ཡིན་ཐོག་མེད་རྒྱུད་ལྕི་བར། །དངོས་པོར་སྒྲོ་བཏགས་དབང་བྱས་པས། །དེ་ཕྱིར་སྲོག་ཆགས་ཐམས་ཅད་ཀྱིས། །མངོན་སུམ་རྟོགས་པར་མི་འགྱུར་རོ། །ཐོག་མ་མེད་པའི་སྲིད་པར་སྐྱེས་པ་དངོས་པོ་ལ་མངོན་པར་


DTG107_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་པའི་དུག་གིས་དཀྲུགས་པའི་བློ་ཅན་དག་གིས་མངོན་སུམ་ཙམ་དུ་རྟོགས་པས་རྣམ་པ་ཁོང་དུ་ཆུད་པར་མི་ནུས་ཏེ། འདྲ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་དམིགས་པས་བློ་སྣད་པ་དག་གིས་སྐད་ཅིག་པ་ཉིད་མི་རྟོགས་པ་བཞིན་ནོ། །གཞན་ཡང་འདི་ནི་ངོ་མཚར་མི་ཆེ་སྟེ། འདི་ལྟར་བུམ་པ་དང་བ་ལང་ཉིད་ལ་སོགས་པས་དབེན་པའི་བ་ལང་ལ་སོགས་པའི་དབྱིབས་གསལ་བར་མ་མཐོང་ཡང༌། སེར་སྐྱ་དང་གཟེགས་མ་ལ་སྤྱོད་པའི་ལུགས་ཀྱིས་བློ་གྲོས་ཤིན་ཏུ་ཕྱིན་ཅི་ལོག་ཏུ་གྱུར་པ་དག་དེ་ལྟར་རྟོགས་པར་མི་བྱེད་དོ། །འོ་ན་སུ་དག་གིས་དེ་རྟོགས་ཤེ་ན། བཤད་པ། དེ་ལ་སྒྲོ་འདོགས་གཅོད་བྱེད་པ། །ཤེས་པར་བྱེད་པའི་གཏན་ཚིགས་ཀྱིས། །རྗེས་སུ་དཔོག་པ་རྣམ་ཤེས་བྱེད། །རྣལ་འབྱོར་དབང་རྣམས་མངོན་སུམ་གསལ། །དངོས་པོ་ལ་སོགས་པར་སྒྲོ་འདོགས་པ་བསལ་བ་བསྒྲུབ་པ་ཕྱོགས་ཙམ་ཞིག་ཇི་སྐད་བསྟན་པ་དག་གི་ཐོས་པ་བས་མཐོ་བ། བསམས་པ་ལས་བྱུང་བའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་བསགས་པ་དག་སྤྲོས་པ་དང་བྲལ་བ་ངེས་པར་བརྟག་པར་བྱེད་དོ། །རྣལ་འབྱོར་པའི་དབང་ཕྱུག་རྣམས་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་དུ་རྣམ་པར་ཕྱེ་བའི་ཏིང་ངེ་འཛིན་ལ་སོགས་པ་ལས་བྱུང་བའི་ཡེ་ཤེས་རྣམ་པར་རྟོག་པའི་དྲི་མ་དང་བྲལ་བ་ཉིད་ཀྱིས་ནང་དང་ཕྱིའི་དངོས་པོ་མ་བརྟགས་ན་དགའ་བ་སྙིང་པོ་མེད་པ། ཆུ་ཤིང་གི་སྡོང་པོ་ལྟ་བུ་ཐམས་ཅད་ཇི་ལྟར་སྒྲོ་འདོགས་པའི་ས་བོན་ཡང་ཕྱིས་མི་སྐྱེ་བ་དེ་ལྟར་ཐུགས་སུ་ཆུད་དེ། སྙིང་རྗེ་ཆེན་པོ་ལ་འཇུག་པའི་མདོ་ལས། ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་ལ། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུའོ། །ཆེད་དུ་བརྗོད་པ་ལས་ཀྱང༌། གང་ཞིག་ཨུ་དུམ་བཱ་ར་དག་ལ་མ་ཏོག་ལྟར། །སྲིད་པ་དག་ལ་སྙིང་པོ་མེད་པར་སེམས་བྱེད་པ། །དགེ་སློང་འདི་ནི་ཕ་རོལ་མིན་པའི་ཕ་རོལ་སོན། །སྤྲུལ་རྒས་པ་ཡི་པགས་པ་རྙིང་པ་བརྗེ་བ་བཞིན། །ཞེས་གསུངས་སོ། །ཆོས་ཐམས་ཅད་རང་བཞིན་མེད་པར་ཁས་བླངས་ན། ཕྱོགས་ཀྱི་ཆོས་ལ་སོགས་པ་རང་ལས་མ་གྲུབ་པའི་ཕྱིར་རྗེས་སུ་དཔག་པ་དང༌། རྗེས་སུ་དཔག་པར་བྱ་བའི་ཐ་སྙད་མི་འགྲུབ་པ་མ་ཡིན་ནམ། དེའི་ཕྱིར་རྗེས་སུ་དཔོག་པ་པོས་ཇི་ལྟར་གཏན་ལ་དབབ། གལ་ཏེ་ཡང་ཆོས་ཐམས་ཅད་རང་བཞིན་མེད་པར་སྒྲུབ་པའི་གཏན་ཚིགས་མ་བརྗོད་ན། དེའི་ཚེ་གཏན་ཚིགས་མེད་པར་མི་


DTG107_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པའི་ཕྱིར་འདོད་པའི་དོན་མི་འགྲུབ་པོ། །ཅི་སྟེ་བརྗོད་ན་ནི་གཏན་ཚིགས་ཡོད་དེ། དེ་ལྟ་ན་ཡང་ཆོས་ཐམས་ཅད་རང་བཞིན་མེད་པར་མི་འགྲུབ་པས་འདོད་པའི་དོན་མི་འགྲུབ་པོ། །འདི་ནི་ཇི་ན་སྟེ། འདི་ལྟར། གཞུང་གིས་བསྐྱེད་པའི་བྱེ་བྲག་གིས། །ཆོས་ཅན་སྤངས་ནས་མཁས་པ་དང༌། །བུད་མེད་བྱིས་པའི་བར་དག་ལ། །གྲགས་པར་གྱུར་པའི་དངོས་རྣམས་ལ། །བསྒྲུབ་དང་སྒྲུབ་པའི་དངོས་པོ་འདི། །མ་ལུས་ཡང་དག་འཇུག་པར་འགྱུར། །དེ་ལྟ་མིན་ན་གཞི་མ་གྲུབ། །ལ་སོགས་ལན་ནི་ཇི་སྐད་གདབ། །བདག་ནི་སྣང་བའི་ངང་ཅན་གྱི། །དངོས་པོ་དགག་པར་མི་བྱེད་དེ། །དེ་ལྟ་བས་ན་སྒྲུབ་པ་དང༌། །བསྒྲུབ་བྱ་གཞག་པ་འཁྲུགས་པ་མེད། །རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་ཐམས་ཅད་ནི་ཕན་ཚུན་མི་མཐུན་པས་གྲུབ་པའི་མཐས་བསྐྱེད་པ་ཆོས་ཅན་ཐ་དད་པ་ཡོངས་སུ་བཏང་སྟེ། མཁས་པ་དང་བུད་མེད་དང་བྱིས་པའི་བར་གྱི་མིག་དང་རྣ་བ་ལ་སོགས་པའི་ཤེས་པ་ལ་སྣང་བའི་ངང་ཅན་གྱི་ཕྱོགས་སྒྲ་ལ་སོགས་པའི་ཆོས་ཅན་ལ་བརྟེན་ནས་འཇུག་གོ །དེ་ལྟ་མིན་ན་དུ་བ་དང༌། ཡོད་པ་ལ་སོགས་པའི་མེ་དང་མི་རྟག་པ་ཉིད་ལ་སོགས་པ་བསྒྲུབ་པར་འདོད་པ་ཐམས་ཅད་ཀྱི་གཏན་ཚིགས་ཀྱི་གཞི་འགྲུབ་པར་མི་འགྱུར་ཏེ། སྒྲུབ་པའི་ཆོས་ཅན་ཡན་ལག་ཅན་དང༌། ནམ་མཁའི་ཡོན་ཏན་ལ་སོགས་པའི་ངོ་བོ་རྣམས་མ་གྲུབ་པའི་ཕྱིར་རོ། །དེ་ལྟ་ན་ཆོས་གཉི་ག་དང་ལྡན་པའི་དཔེའི་ཆོས་ཅན་ཡང་མི་འགྲུབ་པ་ཉིད་དོ། །གལ་ཏེ་བསྒྲུབ་པ་དང་སྒྲུབ་པའི་ཐ་སྙད་འདི་ལྟ་བུ་འདི་གཞན་དག་ཀྱང་ཁས་ལེན་ན་ནི་དེ་ལྟ་ན་མཁས་པ་བརྒལ་བའི་གྲགས་པ་འདི་ཅི་དགོས་ཏེ། འདི་ལྟར་རང་གི་ཕྱོགས་ལ་མི་ལྟ་བར་གཞན་གྱི་ཕྱོགས་ཀྱི་ཉེས་པ་འདི་ཉིད་བརྗོད་དུ་ཟད་དོ། །ཁོ་བོ་ཡང་མིག་ལ་སོགས་པའི་ཤེས་པ་ལ་སྣང་བའི་ངང་ཅན་གྱི་དངོས་པོ་ནི་མི་སེལ་མོད་ཀྱི། ཤེས་རབ་དང་ཡེ་ཤེས་ཀྱིས་དཔྱད་ན་ཆུ་ཤིང་གི་སྡོང་པོ་བཞིན་དུ་སྙིང་པོ་བག་ཙམ་ཡང་མི་སྣང་བས་དོན་དམ་པར་མི་འདོད་དོ། །དེ་ལྟ་བས་ན་སྣང་བའི་དོན་མ་བཀག་པ་ཉིད་ཀྱིས་མངོན་པར་ཞེན་པ་མེད་པའི་བསྒྲུབ་པ་དང༌། སྒྲུབ་པའི་ཐ་སྙད་འཇུག་པས་ཆོས་ཐམས་ཅད་རང་བཞིན་མེད་པར་སྨྲ་བ་ལ་གནོད་པ་ཅི་ཡང་མེད་དོ། །ཇི་སྐད་དུ། འཛིན་པ་སྡུག་ལ་མི་བརྟེན་ན། །ཐ་སྙད་རབ་ཏུ་འགྲུབ་འགྱུར་ལ། །ཐ་སྙད་རྣམས་ལ་མཁས་གྱུར་ན།


DTG107_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་དོན་ལ་རྨོངས་པ་མེད། །ཅེས་གསུངས་པ་ལྟ་བུའོ། །དོན་དམ་པའི་ཚུལ་ལ་སྡང་བས་དབང་སྒྱུར་བ་གང་དག་འདི་ལྟ་སྟེ། ཆོས་ཐམས་ཅད་རང་བཞིན་མེད་པར་ལྟ་བ་ཉིད་ནི་མེད་པ་ཉིད་དུ་ལྟ་བར་སྤྱི་བོ་ནས་དབང་བསྐུར་བ་ཉིད་ཡིན་ནོ་ཞེས་སྨྲ་བ་དང༌། དེ་ལྟས་རྒྱུ་དང་འབྲས་བུ་སྐུར་འདེབས་པ། །ལོག་ལྟས་དཀར་ཕྱོགས་དྲུངས་འབྱིན་དམ་ཆོས་ཀྱི། །ལོ་ཏོག་སེར་བ་ནམ་མཁའི་མེ་ཏོག་འདི། །ལེགས་འདོད་རྣམས་ཀྱིས་རྒྱང་རིང་སྤང་བར་བྱ། །ཞེས་སྨྲ་བ་དེ་དག་གི་ཕྱིར་འདི་བརྗོད་དེ། དེ་ཕྱིར་ཐོག་མེད་སྲིད་རྒྱུད་ནས། །དངོས་དང་དངོས་མེད་རྟོགས་སོགས་ཀྱི། །རིགས་མཐུན་ས་བོན་ཡོད་པར་ནི། །རྗེས་སུ་དཔག་པར་བྱ་བ་ཡིན། །འདི་ནི་དངོས་པོའི་མཐུ་སྟོབས་ཀྱིས། །འབྱུང་བ་མ་ཡིན་དེ་མེད་ཕྱིར། །དངོས་པོ་རྣམས་ཀྱི་བདག་ཉིད་དེ། །རྒྱ་ཆེར་རབ་ཏུ་བཀག་པ་ཡིན། །རིམ་གྱིས་འབྱུང་ཕྱིར་གློ་བུར་མིན། །རྟག་འབྱུང་མ་ཡིན་རྟག་པ་མིན། །དེ་བས་གོམས་འདྲ་དེ་ཉིད་ཕྱིར། དང་པོ་རང་གི་རིགས་ལས་སྐྱེས། །འདི་ལྟར་དོན་དམ་པར་ན་དངོས་པོ་འདི་དག་ཐམས་ཅད་ནི་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་ན། དེ་ལྟ་བུ་དེ་དག་ལ་བློ་དཀར་པོ་མ་ཡིན་པ་རྣམས་ཀྱིས་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་རྣམ་པར་རྟོག་པ་དག་འབྱུང་སྟེ། དེ་དག་ཀྱང་ཐོག་མ་མེད་པའི་ལས་དང་སྲིད་པ་ལ་སོགས་པའི་རྒྱུན་ནས་རིགས་མཐུན་པའི་ས་བོན་བོར་ན་རྒྱུ་གཞན་མེད་དོ། །དེ་དག་ནི་དམིགས་པའི་སྟོབས་ཀྱིས་འབྱུང་བ་ཡང་མ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་བདག་ཉིད་ཀྱི་དངོས་པོ་རྣམས་རྒྱ་ཆེར་བཀག་པའི་ཕྱིར་རོ། །དེ་ལ་གལ་ཏེ་རང་གི་རིགས་མཐུན་པའི་ས་བོན་གྱི་རྒྱུ་མེད་དུ་ཟིན་ན། དེ་ལས་ལྷག་མ་གཞན་ཅི་ཞིག་ཡོད། འོ་ན་སྐྱེ་བའི་རྒྱུ་མེད་པའམ། རྒྱུ་རྟག་པ་སྐྱེས་པའམ། བདག་ཉིད་རྟག་པ་དེ་ཡོད་དེ། ཇི་ལྟར་གློ་བུར་འབྱུང་བར་སྨྲ་བ་དང༌། དབང་ཕྱུག་ལ་སོགས་པའི་རྒྱུ་ལ་འཆེལ་པ་དང༌། ཤེས་པ་ཡོད་པ་རྟག་ཅེས་ཁས་ལེན་པ་ལྟ་བུའོ་ཞེ་ན། དེ་ལྟ་ན་ཡང་མ་ཡིན་ཏེ། དེ་དག་རིམ་གྱིས་འབྱུང་བའི་ཕྱིར་རོ། །རྒྱུ་ལ་མི་ལྟོས་པ་དང་རྟག་ཏུ་ཉེ་བར་གནས་པའི་རྒྱུ་དང༌། རང་བཞིན་རྣམས་ནི་རིམ་གྱིས་འབྱུང་བ་དང་འགལ་ལོ། །དེ་བས་ན་དངོས་པོ་ལ་སོགས་པར་རྣམ་པར་རྟོག་པའི་ཕྱིར་ཚེ་འདི་ལ་དང་པོ་བྱུང་བ་དག་ཀྱང་འདྲ་བ་ལ་གོམས་པའི་བག་ཆགས་ལས་སྐྱེ་


DTG107_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བར་རྗེས་སུ་དཔག་སྟེ། སྐྱེས་པ་རྣམས་གོང་ནས་གོང་དུ་ཆུང་ངུ་དང་འབྲིང་དང་ཆེན་པོ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པ་གོམས་པའི་སྟོབས་ལས་འབྱུང་བ་དངོས་པོ་ལ་སོགས་པ་རྣམ་པར་རྟོག་པ་བཞིན་ནོ། །དེའི་ཕྱིར་ཐོག་མ་མེད་པའི་སྲིད་པ་གཞན་གྲུབ་པོ། །འདིས་ནི་མ་འོངས་པའི་སྲིད་པ་རྗེས་སུ་དཔག་པ་ཡང་བཤད་ཟིན་ཏེ། འདི་ལྟར་འདོད་ཆགས་དང་མ་བྲལ་བའི་འཆི་བའི་སེམས་ལ་ནི་བདག་དང་བདག་གི་ལ་ཆགས་པའི་ཕྱིན་ཅི་ལོག་གི་བག་ཆགས་དང་འབྲེལ་པའི་ཕྱིར་སེམས་གཞན་གྱིས་མཚམས་སྦྱོར་ནུས་ཏེ། དེ་སྔོན་གྱི་སེམས་སྐྱེས་པ་དང་འདྲ་བས་སྒྲུབ་པ་གསལ་ལོ། །དེ་ཕྱིར་རྟག་ཆད་ལྟ་བ་རྣམས། །གཞུང་འདི་ལ་ནི་རིང་དུ་གནས། །ལྡོག་དང་རྗེས་སུ་འཇུག་པ་ཡང༌། །ས་བོན་མྱུ་གུ་ལྕུག་སོགས་བཞིན། །དོན་དམ་པར་རྟག་པ་དང་ཚད་པ་དག་གི་སྐབས་མེད་པ་ཉིད་དེ། དེ་གཉིས་ནི་དངོས་པོ་ལ་བརྟེན་པ་ཡིན་པས་དངོས་པོ་ཡོད་ན་དེ་དག་ལྟག་ལ་ཡོད། ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་ནི་སྔ་མ་སྔ་མའི་སྐད་ཅིག་ལོག་ན་སྐད་ཅིག་གཞན་དང་གཞན་འབྱུང་བས་དངོས་པོ་རྣམས་ལ་ཐོག་མ་དང་ཐ་མ་མེད་དེ། ཕྱི་རོལ་པ་དག་འདོད་པ་དང་འདྲ་བས་དེ་གཉིས་ཤིན་ཏུ་ཡོད་པར་མི་འགྱུར་རོ། །འདིར་གསུངས་པ། ཡོད་ན་དངོས་པོ་རྟག་འགྱུར་ལ། །མེད་ན་ངེས་པར་ཆད་འགྱུར་ཏེ། །དངོས་ཡོད་གཉི་གར་འགྱུར་བས་ན། །དེ་ཕྱིར་དངོས་པོ་ཁས་མི་བླང༌། །གང་ཕྱིར་དངོས་པོར་རང་འབྱུང་བ། །དེ་ཕྱིར་ཆད་པར་འགྱུར་མ་ཡིན། །གང་ཕྱིར་དངོས་པོ་ལྡོག་འགྱུར་བ། །དེ་ཕྱིར་རྟག་པར་འགྱུར་མ་ཡིན། །གང་དག་བྱང་ཆུབ་བརྟེན་པའི་ཕྱིར། །དོན་དུ་མེད་པར་ཁས་མི་འཆེ། །མི་སེམས་སྤྱོད་པར་མི་བྱེད་པ། །དེ་དག་ཇི་ལྟར་མེད་པར་འདོད། །ཅེའོ། །དཀོན་མཆོག་སྤྲིན་ལས་ཀྱང༌། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་མཁས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བསླབ་པ་ཐམས་ཅད་ལ་ཡང་སློབ་ལ། སློབ་པ་ཡང་མི་དམིགས། བསླབ་པའི་ལམ་ལ་ཡང་མི་དམིགས་གང་སློབ་པ་དེ་ཡང་མི་དམིགས་ཏེ། རྒྱུ་དེ་དང་རྐྱེན་དེ་དང་གཞི་དེས་ཆད་པར་ལྟ་བར་མི་འགྱུར་ཞེས་གསུངས་སོ། །ཡང་དེ་ཉིད་ལས། །རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཡང་དག་པའི་ཤེས་རབ་ཀྱིས་གཟུགས་ལ་རྟོག །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་


DTG107_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྣམ་པར་རྟོག་སྟེ། དེ་གཟུགས་ལ་རྟོག་པ་ན་གཟུགས་ཀྱི་སྐྱེ་བ་མི་དམིགས། ཀུན་འབྱུང་བ་མི་དམིགས། འགག་པ་མི་དམིགས་སོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་སྐྱེ་བ་མི་དམིགས། ཀུན་འབྱུང་བ་མི་དམིགས། འགག་པ་མི་དམིགས་སོ། །དེ་ཡང་དོན་དམ་པར་སྐྱེ་བ་མེད་པར་དཔྱོད་པའི་ཤེས་རབ་ཀྱིས་ཡིན་གྱི། ཐ་སྙད་ཀྱི་རང་བཞིན་དུ་ནི་མ་ཡིན་ནོ་ཞེས་ཡོངས་སུ་བསྟན་པ་ཡིན་ནོ། །རྣམ་པར་གྲོལ་བ་ཡང་གཞུང་འདི་ལ་སླ་བ་ཉིད་དེ། འདི་ལྟར། ཆོས་ལ་བདག་མེད་མཁས་པ་ནི། །རང་བཞིན་མེད་པ་གོམས་བྱས་པས། །ཕྱིན་ཅི་ལོག་ལས་བྱུང་བ་ཡི། །ཉོན་མོངས་སྒྲིམ་པ་མེད་པར་སྤོང༌། །ཟླ་བའི་སྒྲོན་མའི་ཏིང་ངེ་འཛིན་ལས་འདི་སྐད་དུ། དེས་གང་ཆགས་པ་དང༌། གང་ལ་ཆགས་པ་དང༌། གང་གིས་ཆགས་པའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་རྒྱ་ཆེར་གསུངས་སོ། །འདིར་ཡང་གསུངས་པ། དངོས་པོར་ཁས་ལེན་ཡོད་ན་ནི། །འདོད་ཆགས་ཞེ་སྡང་མི་བཟད་འབྱུང༌། །ལྟ་བ་མ་རུངས་ཡོངས་སུ་འཛིན། །དེ་ལས་བྱུང་བའི་རྩོད་པར་འགྱུར། །དེ་ནི་ལྟ་བ་ཀུན་གྱི་རྒྱུ། །དེ་མེད་ཉོན་མོངས་མི་འབྱུང་སྟེ། །དེ་བས་དེ་ནི་ཡོངས་ཤེས་ན། །ལྟ་དང་ཉོན་མོངས་ཡོངས་སུ་འབྱུང༌། །གང་གིས་དེ་ཤེས་འགྱུར་ཞེ་ན། །རྟེན་ཅིང་འབྱུང་བ་མཐོང་བས་ཏེ། །བརྟེན་ནས་སྐྱེས་པ་མ་སྐྱེས་ཞེས། །ཡང་དག་མཁྱེན་པ་མཆོག་གིས་གསུངས། །ཤེའོ། །གཞན་ཡང་རང་བཞིན་མེད་པའི་ཚུལ་ལ་གང་མི་འཐད་དོ་ཞེས་རྒོལ་བའི་ཉོན་མོངས་པ་དང༌། ལས་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ནི་གང་ཡིན། རྣམ་པར་བྱང་བ་ནི་གང་ཡིན། ལས་དང་འབྲས་བུར་འབྲེལ་པ་དང༌། རྗེས་སུ་དཔག་པ་དང༌། རྗེས་སུ་དཔག་པར་བྱ་བའི་ཐ་སྙད་ལ་སོགས་པ་ནི་གང་ཡིན། མ་རིག་པ་དང་འདུ་བྱེད་ལ་སོགས་པ་སྲིད་པའི་ཡན་ལག་རྣམས་ཀྱི་རྒྱུ་དང་འབྲས་བུའི་དངོས་པོ་དང༌། གཉེན་པོ་གོམས་པར་བྱས་པ་ཤིན་ཏུ་ཉམས་སུ་ལེན་པས་ཉོན་མོངས་པ་དང་མི་མཐུན་པའི་གནས་འབྱུང་བ་དང༌། དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་སྡུག་པ་དང་མི་སྡུག་པ་འབྱུང་བ་དང༌། དངོས་གང་ཡང་དག་ཇི་བཞིན་པ། །དེ་ནི་དེ་འདྲའི་རྟགས་སེམས་ཀྱི། །རྒྱུ་ཡིན་དེ་ལས་དེ་ལྟའི་དངོས། །དེ་བས་དེས་བསྐྱེད་རྟགས་ཅན་བློ། །ཞེས་བྱ་བ་དེ་


DTG107_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ནི་བསྐྱེད་པར་བྱ་བ་དང་སྐྱེད་པའི་དངོས་པོ་མ་ཡིན་ནམ་གལ་ཏེ་དེ་ལྟ་ན་ཡང་པོ་མ་བུ་ཅིག་ཅར་ཀླན་ཀ་ངན་པ་ཐམས་ཅད་ཀྱི་ལན་གདབ་པ་འདི་ངེས་པར་ཟུང་ཤིག །རྒྱུ་དང་འབྲས་བུའི་དངོས་པོ་ནི། །ཀུན་རྫོབ་ཏུ་ནི་མ་བཟློག་པས། །ཀུན་ནས་ཉོན་མོངས་རྣམ་བྱང་སོགས། །རྣམ་པར་གཞག་པ་འཁྲུགས་པ་མེད། །གལ་ཏེ་རྣམ་པར་གཞག་པ་འདི་དོན་དམ་པར་ཁས་ལེན་ཅིང་རབ་ཏུ་འབད་ན་དེའི་ཚེ་རྡུལ་ཕྲ་མོ་ལ་སོགས་པ་ནས་རྣམ་པར་ཤེས་པ་ལ་ཐུག་པའི་བར་དག་གཅིག་པའམ་དུ་མའི་རང་བཞིན་དུ་སྒྲུབས་ཤིག །སྦྱོར་བ་སྔར་བརྗོད་པ་རྣམས་ཀྱི་ལན་ཡང་ཐོབ་ཤིག །འདི་ལྟར་འདི་མ་ལུས་བར་བདེན་ཞིང་བརྫུན་པ་མ་ཡིན་ཏེ། མི་སླུ་བའི་ཆོས་ཅན་ནོ་ཞེས་ངེས་པར་ཁས་ལེན་ཏོ། །འདི་སྐད་ཅེས་ཀྱང་གསུངས་ཏེ། རྣམ་པར་དབེན་དོན་མི་ཤེས་ལ། །ཐོས་པ་ཙམ་ལ་འཇུག་བྱེད་ཅིང༌། །གང་དག་བསོད་ནམས་མི་བྱེད་པ། །སྐྱེས་བུ་ཐ་ཤལ་དེ་དག་བརླག །ལས་ཀྱི་འབྲས་བུ་ཡོད་པ་དང། །འགྲོ་བ་དག་ཀྱང་ཤིན་ཏུ་བརྗོད། །དེ་ཡི་རང་བཞིན་ཡོངས་ཤེས་དང༌། །སྐྱེ་བ་མེད་པ་དག་ཀྱང་བསྟན། །འཇིག་རྟེན་དབང་དུ་རྒྱལ་བ་རྣམས། །ང་དང་ང་ཡི་ཞེས་གསུངས་ལྟར། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །དེ་བཞིན་དགོངས་པའི་དབང་གིས་གསུངས། །ཤེའོ། །ཡང་དམིགས་པ་ཅན་གང་དག་ན་རེ་ལྟ་བ་འདི་ལ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་བཀང་བ་འཐད་པར་ཇི་ལྟར་འགྱུར་བ་ཡིན་ནམ། གལ་ཏེ་འཁོར་གསུམ་ཡོངས་སུ་དག་པར་འགྱུར་རོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་མཆོད་པ་དང་ཕན་གདགས་པར་འདོད་པས་གང་བྱིན་པ་དེས་ནི་དད་པ་ཤིན་ཏུ་བསྐྱེད་ཀྱི། གང་གིས་སྦྱིན་པར་བྱ་བ་དང༌། སྦྱིན་པ་པོ་དང༌། ལེན་པ་པོ་མི་དམིགས་པ་ལ་གནས་པས་ནི་མ་ཡིན་ནོ། །འདི་ལྟར་ཅི་ཡང་མེད་པའི་ཕྱིར་སྦྱིན་པར་བྱ་བ་ལ་སོགས་མི་དམིགས་སམ། འོན་ཏེ་ཡུལ་མ་ཡིན་པའི་ཕྱིར་མི་དམིགས། ཕྱོགས་དང་པོ་ལ་ནི་གང་ལ་གང་གིས་ཅི་ལ་ཡང་བྱིན་པ་མེད་པས་བསོད་ནམས་མེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གྱི་དོན་གྱི་ཕྱིར་ངལ་བ་གང་ཡིན་པ་དེ་ཡང་སེམས་ཅན་རྣམས་མེད་པའི་ཕྱིར་དོན་མེད་པར་འགྱུར་རོ། །སྦྱིན་པར་བྱ་བ་དང་སྦྱིན་པ་པོ་དང༌། ལེན་པ་པོ་རྣམས་ནི་དེ་བཞིན་གཤེགས་པ་རྣམས་


DTG107_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གཟིགས་ཏེ། དེ་བས་ན་ཡུལ་མ་ཡིན་པའི་ཕྱིར་མི་དམིགས་སོ་ཞེས་བྱ་བ་ཡང་མི་འགྲུབ་བོ། །གཞན་སྦྱིན་པར་བྱ་བ་བུ་ལ་སོགས་པ་དང༌། ལེན་པ་པོ་དང་སྦྱིན་པ་པོ་རང་གི་སེམས་དང་སེམས་ལས་བྱུང་བ་དེ་དག་རང་གིས་རིག་པར་བྱེད་ན་དེ་ཇི་ལྟར་ཡུལ་མ་ཡིན་ཡང་སྨྲས་པ། སྦྱིན་པ་གང་ཞིག་ཕན་གདགས་དང༌། །མཆོད་པའི་ཕྱིར་ཡང་སྦྱིན་བྱེད་པ། །དེ་ནི་ཤིན་ཏུ་དད་པར་བྱེད། །མཐོང་མེད་གནས་པས་མ་ཡིན་ནོ། །མེད་པའི་ཕྱིར་ནི་མི་དམིགས་སམ། །འོན་ཏེ་ཡུལ་མིན་ཕྱིར་རམ་ཅི། །མེད་ན་བསོད་ནམས་འཇིག་པར་འགྱུར། །ངལ་བའི་དོན་ཡང་མེད་པར་འགྱུར། །གསུམ་ཆར་རྒྱལ་བས་གཟིགས་པས་ན། །དེ་བས་ཡུལ་མིན་མ་ཡིན་ནོ། །རང་གི་སེམས་དང་སེམས་བྱུང་གང༌། །དེ་དག་རང་གིས་རིག་པར་བྱེད། །ཅེས་རྒོལ་བ་དེ་ལ་སོགས་པ་ཐམས་ཅད་ཀྱང༌། །དེ་ཁོ་ན་མཐོང་བ་ལྟར་མངོན་པར་ཤེས་པ་མ་ཡིན་པས། རྒལ་བར་བསྟན་པ། འདི་ལྟར་རྒྱུ་དང་འབྲས་བུ་ཡི། །ཆོས་འདི་རྣམ་པར་གཞག་པས་ན། །ཚོགས་རྣམས་དྲི་མ་མེད་པ་ཡང༌། །གཞུང་འདི་ཉིད་ལ་རུང་བ་ཡིན། །རྣམ་པར་དག་པའི་རྒྱུ་ལས་ནི། །འབྲས་བུ་རྣམ་པར་དག་པ་འབྱུང༌། །ཡང་དག་ལྟས་བྱུང་ཚུལ་ཁྲིམས་ཀྱིས། །ཡན་ལག་ལ་སོགས་རྣམ་དག་བཞིན། །དེ་བཞིན་རྣམ་དག་མ་ཡིན་ལས། །འབྲས་བུ་རྣམ་དག་མ་ཡིན་འབྱུང༌། །ལོག་ལྟའི་སྟོབས་ལས་བྱུང་བ་ཡི། །ལོག་པར་གཡེམ་པ་སོགས་པ་བཞིན། །འབྲས་བུ་ཐམས་ཅད་ནི་རྒྱུའི་རྗེས་སུ་འགྲོ་བ་དང༌། ལྡོག་པ་དང་མཐུན་པར་བྱེད་པས་དེ་རྣམ་པར་དག་པ་དང༌། རྣམ་པར་མ་དག་པ་གཉིས་ཀྱིས་རྣམ་པར་དག་པ་དང་རྣམ་པར་མ་དག་པར་འགྱུར་ཏེ། དཔེར་ན། ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡོད་པ་དང་མེད་ཅེས་ཟེར་བ་ལྟ་བུ་སྟེ། ཡང་དག་པ་དང་ལོག་པར་ལྟ་བས་སྔོན་དུ་དྲངས་པའི་ཚུལ་ཁྲིམས་ཀྱི་ཡན་ལག་དང༌། བག་ཡོད་པའི་ཡན་ལག་ལ་སོགས་པ་དང༌། འདོད་པ་ལ་ལོག་པར་གཡེམ་པ་ལ་སོགས་པ་དེ་བཞིན་ནོ། །འདིས་ཅི་ཞིག་འགྲུབ་ཅན། བསྟན་པ། ཚད་མའི་གནོད་པ་ཡོད་པས་ན། །དངོས་པོར་དམིགས་པ་ཡོད་པ་ནི། །སྨིག་རྒྱུ་ལ་སོགས་ཤེས་པ་བཞིན། །ཕྱིན་ཅི་ལོག་པར་ཡོངས་སུ་རྟོགས། །ཡང་དག་པར་ན་


DTG107_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ཐམས་ཅད་ནི་གཅིག་དང་དུ་མའི་རང་བཞིན་དུ་མི་འཐད་པས་ཡོད་པ་ལ་གནོད་པའི་ཚད་མ་ནི་སྔར་བཤད་ཟིན་ཏོ། །རིག་པར་བྱ་བ་དང་རིག་པར་བྱེད་པའི་མཚན་ཉིད་དང༌། ཡུལ་ཉིད་ལ་གནོད་པའི་ཚད་མ་ཡང་སྔར་བཤད་ཟིན་ཏོ། །དེ་ལྟ་བས་ན་འདི་ཡང་དག་པར་ཡོད་དོ་ཞེས་མངོན་པར་ཞེན་ཏེ། སྦྱིན་པར་བྱ་བ་ལ་སོགས་པ་དངོས་པོ་ཐམས་ཅད་ལ་དམིགས་པ་ནི་ཚད་མའི་གནོད་པ་ཡོད་པའི་ཕྱིར་ཕྱིན་ཅི་ལོག་ཡིན་ཏེ། སྨིག་རྒྱུའི་ཚོགས་ལ་ཆུར་ཤེས་པ་བཞིན་ནོ། །གང་གི་ཕྱིར་དེ་ལྟར་གྱུར་པ། །དེ་ཕྱིར་དེ་མཐུས་བྱུང་བ་ཡི། །ཕ་རོལ་ཕྱིན་པ་སྒྲུབ་པ་ཀུན། །བདག་དང་བདག་གིར་ལོག་པ་ལས། །བྱུང་བ་བཞིན་དུ་སྟོབས་ཆུང་ངོ༌། །ཇི་ལྟར་ཕྱི་དང་ནང་གི་མུ་སྟེགས་ཅན་རྣམས་ཀྱིས་སྦྱིན་པ་དང༌། ཚུལ་ཁྲིམས་ལ་སོགས་པ་ལ་ནན་ཏན་བྱེད་པ། འཇིག་ཚོགས་ལ་ལྟ་བ་ལས་བྱུང་བ་ནི་དེ་མ་ཐག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡན་ལག་ཏུ་མི་འགྱུར་ཏེ། སྟོབས་ཆུང་བ་དེ་བཞིན་དུ་དམིགས་པ་ཅན་རྣམས་ཀྱི་ཡང་སྟོབས་ཆུང་སྟེ། ཕྱིན་ཅི་ལོག་ལས་བྱུང་བར་བྱེ་བྲག་མེད་པའི་ཕྱིར་རོ། །དངོས་པོར་དམིགས་པ་མེད་པ་ལས། །བྱུང་བ་འབྲས་བུ་ཆེན་པོ་སྟེ། །རྒྱས་པའི་རྒྱུ་ལས་བྱུང་བའི་ཕྱིར། །ས་བོན་གྲུང་པོའི་མྱུག་སོགས་བཞིན། །ཡོད་པ་དང་རིག་པར་བྱ་བ་མི་འཐད་པའི་ཕྱིར། ཡང་དག་པར་ན་རིག་པར་བྱ་བ་ལ་སོགས་པ་མི་དམིགས་སོ། །རྒྱས་པའི་རྒྱུ་ནི་ཕྱིན་ཅི་མ་ལོག་པའི་ཕྱིར་ཏེ། གང་ཟག་ལ་བདག་མེད་པར་ལྟ་བ་བཞིན་ནོ། །དེ་ལས་བྱུང་བ་སྦྱིན་པ་ལ་སོགས་པ་ནི་སྟོབས་དང་ལྡན་པའི་རྒྱུས་སྔོན་དུ་དྲངས་བའི་ཕྱིར། འབྲས་བུ་ཤིན་ཏུ་རྒྱ་ཆེ་བ་མངོན་པར་སྒྲུབ་ནུས་པར་འགྱུར་ཏེ། ས་བོན་གྲུང་པོ་ལས་བྱུང་བའི་མྱུ་གུ་ལ་སོགས་པ་བཞིན་ནོ། །འདི་ནི་ཆོས་ཡང་དག་པར་སྡུད་པ་ལས་གསུངས་ཏེ། ཆོས་ཐམས་ཅད་ནི་དམིགས་པ་མེད་པ་སྟེ། དེ་ལ་རྣམ་པར་ཤེས་པ་མི་འཇུག་གོ་ཞེའོ། །ཡང་དེ་ཉིད་ལས། བཅོམ་ལྡན་འདས་ཆོས་ཐམས་ཅད་མ་མཐོང་བ་ནི་ཡང་དག་པར་མཐོང་བའོ་ཞེས་གསུངས་སོ། །རྒྱལ་བ་བསྐྱེད་མ་ལས་ཀྱང༌། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཤར་ཕྱོགས་ཀྱི་ནམ་མཁའི་ཚད་གཟུང་བར་སླ་འམ། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་དེ་ནི་མ་ལགས་


DTG107_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཞེས་བྱ་བ་ནས། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་མི་གནས་པར་སྦྱིན་པ་ཡོངས་སུ་གཏོང་བ་དེའི་བསོད་ནམས་ཀྱི་ཕུང་པོ་ཡང་ཚད་གཟུང་བར་སླ་བ་མ་ཡིན་ནོ་ཞེས་བྱ་བའི་བར་དུ་གསུངས་སོ། །ཡང་དེ་ཉིད་ལས། རབ་འབྱོར་འདི་ལྟ་སྟེ། དཔེར་ན་མིག་དང་ལྡན་པའི་མི་ཞིག་མུན་པར་ཞུགས་ནས། །ཅི་ཡང་མི་མཐོང་བ་དེ་བཞིན་དུ་གང་དངོས་པོར་ལྷུང་བ་ལས་སྦྱིན་པ་ཡོངས་སུ་གཏོང་བ་བྱང་ཆུབ་སེམས་དཔར་བལྟའོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། ནམ་ལངས་ཏེ་ཉི་མ་ཤར་ནས་མིག་དང་ལྡན་པའི་མིས་གཟུགས་རྣམ་པ་སྣ་ཚོགས་དག་མཐོང་བ་དེ་བཞིན་དུ་གང་དངོས་པོར་མ་ལྷུང་བས་སྦྱིན་པ་ཡོངས་སུ་གཏོང་བའི་བྱང་ཆུབ་སེམས་དཔར་བལྟའོ་ཞེས་གསུངས་སོ། །མཆོད་པ་དང་ཕན་འདོགས་པར་འདོད་བས་གང་སྦྱིན་པ་དེ་འཁོར་གསུམ་ཡོངས་སུ་དག་པར་བྱིན་ན་དེ་ཉིད་བློ་གྲོས་དང་ལྡན་པ་རྣམས་ལ་ཤིན་ཏུ་དད་པའི་གནས་སུ་འགྱུར་ཏེ། འདི་ལྟར་དམིགས་པ་མེད་པ་འདི་ནི་ཕྱིན་ཅི་མ་ལོག་པ་སྟེ། དེ་ཡང་གཏི་མུག་མེད་པའི་དགེ་བའི་རྩ་བའོ། །བསོད་ནམས་དང་འཇིག་པ་དང་ངལ་བ་དོན་མེད་བར་ཐལ་བར་ཡང་མི་འགྱུར་བ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ནི། ཀུན་རྫོབ་ཏུ་ནམ་བཟློག་པས་ཞེས་པས་བསྟན་ཟིན་ཏོ། །གསུམ་ཆར་ཡང་གཟིགས་ཞེས་བྱ་བ་ཡང་ཀུན་རྫོབ་པ་ཉིད་དོ། །རང་གི་རིག་པ་ཡང་ཀུན་རྫོབ་ཀྱི་བདེན་པར་གཏོགས་པ་ཉིད་དེ་གཅིག་དང་དུ་མའི་རང་བཞིན་དུ་བརྟག་མི་བཟོད་པའི་ཕྱིར་རོ་ཞེས་བྱ་བས་གཏན་ལ་ཕབ་ཟིན་ཏོ། །དེའི་ཕྱིར་འཆོས་ཟིན་པ་ཡང་མི་འཆའོ། །གང་དག་གིས་རྒྱུ་དང་འབྲས་བུའི་དངོས་པོར་དམ་བཅས་བས་རྒོལ་བ་ངན་པ་ཐམས་ཅད་ཀྱི་ལན་བཏབ་ཕར་འདོད་པའི་ཀུན་རྫོབ་ཀྱི་དངོས་པོ་དེ་དག་གང་ཡིན་པ་དེ་དཔྱད་པར་བྱའོ། །ཅི་སེམས་དང་སེམས་ལས་བྱུང་བ་ཙམ་གྱི་བདག་ཉིད་ཁོ་ནའང༌། ཅིའི་ཕྱིར་བདག་ཉིད་ཀྱང་ཡིན་ཞེ་ན། དེ་ལ་ཁ་ཅིག་ནི་ཕྱོགས་ཕྱི་མ་ལ་བརྟེན་ཏེ་བསྟན་བཅོས་ལས་སེམས་ཙམ་མོ་ཞེས་གསུངས་པ་ནི་བྱེད་པ་པོ་དང་ཟབ་པོ་དགག་པའི་ཕྱིར་རོ་ཞེས་ཇི་སྐད་དུ་སྨྲ་བ་ལྟ་བུའོ། །གཞན་དག་སེམས་པ་ནི། རྒྱུ་དང་འབྲས་བུར་གྱུར་བ་ཡང༌། །ཤེས་པ་འབའ་ཞིག་ཁོ་ན་སྟེ། །རང་གིས་གྲུབ་པ་གང་ཡིན་པ། །དེ་ནི་ཤེས་པར་གནས་པ་ཡིན།།


DTG107_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

རང་གིས་གྲུབ་པའི་ངོ་བོར་ན་ཤེས་པའི་ངོ་བོ་གཞན་རྟོག་པ་མེད་དོ། །རང་གིས་གྲུབ་པའི་རང་བཞིན་ཡང་རྨི་ལམ་དང་སྒྱུ་མ་ལ་སོགས་པའི་གཟུགས་བཞིན་ནོ། །གཟུགས་ལ་སོགས་པ་ཕྱི་རོལ་དུ་འདོད་པ་རྣམས་ཤེས་པ་ལས་གུད་ན་ཡོད་པར་བཞུགས་ན་ཡང་མིག་ལ་སོགས་པ་བཞིན་དུ་དུས་མཉམ་པ་དང་མི་མཉམ་པའི་ཚེ་ན་རབ་ཏུ་ཉེ་བའི་རྒྱུ་མེད་པས་རིག་པར་མི་འགྲུབ་བོ། །དེ་ལྟ་བས་ན་དེ་དག་མྱོང་བ་ནི་ཐ་དད་པ་མ་ཡིན་པའི་སྔོན་པོ་ལ་སྔོན་པོ་ལ་སོགས་པའི་རྣམ་པ་མྱོང་བ་སྟེ། མྱོང་བའི་ངོ་བོ་ཡིན་པས་རྨི་ལམ་དང་སྒྱུ་མ་ལ་སོགས་པའི་གཟུགས་མྱོང་བ་བཞིན་ནོ། །གལ་ཏེ་ཤེས་པའི་རྣམ་པ་བསྐྱེད་པའི་དོན་གཞན་ཞིག་འབྲས་བུ་ལས་གུད་ན་ཡོད་པར་རྗེས་སུ་དཔོག་ན། དེ་ལྟ་ན་ཡང་མངོན་སུམ་དུ་གྲུབ་པར་མ་གྱུར་གྱི་རྗེས་སུ་དཔག་པར་ཟད་དོ། །དེ་ལྟ་ན་ཡང་འདི་མེད་པར་གྲུབ་སྟེ། དེ་མ་ཐག་པའི་རྐྱེན་ངེས་པར་ཡོད་པ་དང༌། རྡུལ་ཕྲ་མོ་ལ་སོགས་པ་བཀག་པའི་ཕྱིར་རོ། །དེ་ལྟར་བྱས་ན་སྡུག་པོ་བཀོད་པ་དང༌། དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པ་ལས་འབྱུང་བ་ཐམས་ཅད་དང་མཐུན་པ་ཡིན་ནོ། །ལང་ཀར་གཤེགས་པ་ལས། ཕྱི་རོལ་གཟུགས་ནི་ཡོད་མ་ཡིན། །རང་གི་སེམས་ནི་ཕྱི་རོལ་སྣང༌། །ཞེས་བསྟན་པ་འདི་ཡང་ལེགས་པར་བཤད་པ་མིན་ནོ་སྙམ་དུ་སེམས་སོ། །བློའི་མཐུ་མི་ཆུང་བ་དང་ལྷག་པར་མངོན་དུ་བརྩོན་པ་དག་གིས་ཀྱང་སེམས་དེ་ལ་གཅིག་དང་དུ་མའི་རང་བཞིན་དུ་བརྟགས་ན། དོན་དམ་པར་སྙིང་པོ་མི་མཐོང་བས། ཡང་དག་པར་འདོད་པ་མ་ཡིན་ནོ། །དེའི་ཕྱིར། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དངོས་མེད་ཤེས་པར་བྱ། །ཚུལ་འདིར་བརྟེན་ནས་དེ་ལ་ཡང༌། །ཤིན་ཏུ་བདག་མེད་ཤེས་པར་བྱ། །སེམས་ཙམ་གྱི་ཚུལ་ལ་བརྟེན་ནས། མཚུངས་པར་ལྡན་པ་དང་བཅས་པའི་སེམས་ལས་ཕྱི་རོལ་དུ་འདོད་པ་བདག་དང་བདག་གི་དཔེ། གཟུང་བ་དང་འཛིན་པ་ལ་སོགས་པ་རང་བཞིན་མེད་པར་ཚེགས་མེད་པ་ཁོ་ནར་རྟོགས་སོ། །ཚུལ་འདི་ནི་རང་འབྱུང་བ་མེད་པས་སེམས་དེ་རང་བཞིན་མེད་པར་རྟོགས་སུ་ཟིན་ཀྱང༌། མཐའ་ཐམས་ཅད་སྤངས་པ་དབུ་མའི་ལམ་འདི་རྟོགས་ན། གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་རང་བཞིན་མེད་པར་ཤིན་ཏུ་རྟོགས་སོ། །དེའི་ཕྱིར་འཇིག་རྟེན་


DTG107_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པའི་ལེའུ་ལས། ཀྱེ་རྒྱལ་བའི་སྲས་དག་གཞན་ཡང་ཁམས་གསུམ་པ་ནི་སེམས་ཙམ་དུ་རྟོགས་ཏེ། དུས་གསུམ་ཡང་སེམས་དང་མཚུངས་པར་རྟོགས་སོ། །སེམས་དེ་ཡང་མཐའ་དང་དབུས་མེད་པར་ཁོང་དུ་ཆུད་དོ་ཞེས་བསྟན་པ་འདི་ལེགས་པར་བཤད་པར་འགྱུར་ཏེ། སྐྱེ་བ་དང་འཇིག་པའི་མཐའ་དང་གནས་པའི་མཚན་ཉིད་ཀྱི་དབུས་མེད་པའི་ཕྱིར་མཐའ་དང་དབུས་མེད་པའོ། །ཆོས་ཡང་དག་པར་སྡུད་པ་ལས་ཀྱང༌། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཀུན་བརྟགས་པའི་སྙིང་པོ་སྟེ། སེམས་ཙམ་དུ་བས་པ་རྫས་མ་མཆིས་པ་སྒྱུ་མ་ལྟར་རྩ་བ་མ་མཆིས་པའོ་ཞེས་འབྱུང་ངོ༌། །ལང་ཀར་གཤེགས་པ་ལས་ཀྱང༌། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་རྟོག་གོ །ཡང་དག་དམིགས་པར་གནས་ནས་སུ། །སེམས་ཙམ་ལས་ཀྱང་ཤིན་ཏུ་བཟླ། །སེམས་ཙམ་ལས་ནི་བཟླས་ནས་ཀྱང༌། །སྣང་བ་མེད་ལས་ཤིན་ཏུ་བཟླ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོར་མཐོང༌། །འཇུག་པ་ལྷུན་གྱིས་གྲུབ་ཅིང་ཞི། །སྨོན་ལམ་དག་གིས་རྣམ་པར་སྦྱངས། །ཡེ་ཤེས་དམ་པ་བདག་མེད་པ། །སྣང་བ་མེད་ལ་མི་མཐོང་ངོ༌། །ཞེས་གསུངས་སོ། །ཡང༌། རྒྱུ་དང་རྐྱེན་ནི་རྣམ་ལོག་དང། །རྒྱུ་ཡང་ངེས་པར་བཀག་པ་དང༌། །སེམས་ཙམ་རྣམ་པར་གཞག་པ་ནི། །སྐྱེ་བ་མེད་པར་དག་བསྟན་ཏོ། །དངོས་པོ་རྣམས་ཀྱི་ཕྱི་དངོས་མེད། །སེམས་ཀྱང་ཡོངས་སུ་གཟུང་མ་ཡིན། །ལྟ་བ་ཐམས་ཅད་སྤང་བའི་ཕྱིར། །སྐྱེ་བ་མེད་པའི་མཚན་ཉིད་དོ། །ཞེས་གསུངས་སོ། །འདིར་ཡང་གསུངས་པ། འདི་ལ་སྐྱེ་བ་ཅི་ཡང་མེད། །འགག་པར་འགྱུར་བ་ཅི་ཡང་མེད། །སྐྱེ་བ་དང་ནི་འགག་པ་དག །ཤེས་པ་འབའ་ཞིག་ཁོ་ནའོ། །འབྱུང་བ་ཚེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །དེ་ཤེས་པས་ནི་འབྲལ་འགྱུར་ན། །ལོག་པར་རྣམ་བརྟགས་མ་ཡིན་ནམ།། ཞེའོ། །ཚུལ་གཉིས་ཤིང་རྟ་ཞོན་ནས་སུ། །རིག་པའི་སྲབ་སྐྱོགས་འཇུ་བྱེད་པ། །དེ་དག་དེ་ཕྱིར་ཇི་བཞིན་ནོ། །ཐེག་པ་ཆེན་པོ་པ་ཉིད་ཐོབ། །དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་ལ་འཇུག་པ་རྣམས། ཚུལ་གཉིས་བརྗོད་པས་བསྡུས་པ། དེ་བཞིན་གཤེགས་པ་རྣམས་གཤེགས་


DTG107_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་རྗེས་སུ་གཤེགས་པའི་ཐེག་པ་ཆེན་པོས་དངོས་པོ་མཐའ་དག་རང་བཞིན་མེད་པར་ཁོང་དུ་ཆུད་པར་བྱེད་དེ། ཤིང་རྟ་ཆེན་པོ་ལ་ཞོན་པ་དག་ཁ་བསྡམས་པའི་སྲབ་སྐྱོགས་ལེགས་པར་བཟུང་བ་བཞིན་དུ་དོན་དང་ལྡན་པའི་ཐེག་པ་ཆེན་པོ་ཞེས་བྱ་བ་ཡང་དག་པར་འཐོབ་པར་བྱེད་དོ། །ལང་ཀར་གཤེགས་པ་ལས། ཚུལ་གཉིས་ཀྱིས་བསྡུས་པའི་ཐེག་པ་ཆེན་པོ་དེ་མདོར་བསྟན་པ་ནི་འདི་སྙེད་དེ། ཆོས་ལྔ་དག་དང་རང་བཞིན་གསུམ། །རྣམ་པར་ཤེས་པ་བརྒྱད་ཉིད་དང༌། །བདག་མེད་གཉིས་ཀྱི་དངོས་པོར་ནི། །ཐེག་པ་ཆེན་པོ་ཐམས་ཅད་འདུས། །ཞེས་འབྱུང་ངོ། །ཚུལ་རྣམ་པ་འདི་གཉིས་ནི་རྣམ་འདོར་དང༌། ཁྱབ་འཇུག་དང་མིག་མི་བཟང་ལ་སོགས་པས་རྣམ་པ་མང་དུ་བཤད་ལ། ཐེག་པ་ཆེན་པོ་འདི་ལ་བྱེ་བྲག་ཏུ་གྱུར་པ་ཅི་ཡོད་དམ། འདི་ལྟ་སྟེ། འདུད་རྩིའི་ཐིགས་པ་གསང་བ་ལས་བསྟན་པ། རྣམ་རིག་ཙམ་ནི་རྟག་ཏུ་རྣམ་པར་དག །འདི་ལྟར་སངས་རྒྱས་རྟག་ཏུ་གྲོལ་པ་ཡིན། །བླང་དང་དོར་བ་མེད་ཅེས་རབ་བརྟགས་པ། །ཚངས་པ་མྱ་ངན་མེད་པར་རྟག་གནས་བྱོས། །ཤེའོ། །ཞག་ལྔ་པ་ནས་འབྱུང་བ། མིང་ཙམ་ལས་ནི་རབ་འདས་ཤིང༌། །དངོས་དང་དངོས་མེད་རྣམ་སྤངས་པ། །དབྱུང་དང་བསྡུ་ལས་ངེས་གྲོལ་བ། །དེ་ནི་ནོར་ལྷའི་བུ་ཞེས་བྱ། །དངོས་ལ་དངོས་ཉིད་ཡོད་མ་ཡིན། །དངོས་མེད་ལ་ཡང་དངོས་ཉིད་མིན། །དངོས་དང་དངོས་མེད་རྣམ་གྲོལ་བར། །གང་དེ་ཤེས་དེ་རིག་བྱེ་རིག །ཅེའོ། །ཞི་བའི་མཛེས་སྦྱར་ལས་བྱུང་བ། །བུ་གཅིག་ཚངས་པ་མཆོག་ཏུ་བདེན། །རིག་པའི་དབང་ཕྱུག་མུ་མཐའ་ཡས། །འབའ་ཞིག་ཡོད་པ་ཉིད་སྨྲ་བ། །དེ་ཡང་ཞིག་བར་རབ་ཏུ་བརྗོད། །ཅེའོ། །ཕ་དང་བུའི་སྦྱོར་བ་ལས་བརྗོད་དོ། །དྲང་སྲོང་ཆེན་པོ་སེར་སྐྱས་སྨྲས་པ། ཡོན་ཏན་རྣམས་ཀྱི་རང་བཞིན་མཆོག །མཐོང་བའི་ལམ་དུ་འགྲོ་བ་ཡིན། །མཐོང་བའི་ལམ་དུ་གང་འགྱུར་དེ། །སྒྱུ་མ་ལྟ་བུར་ཤིན་ཏུ་གསོག །ཅེའོ།། དེ་བས་ན་འདི་ལ་དེ་བཞིན་གཤེགས་པའི་སྐྱེས་བུ་བྱེད་པ་ཐུན་མོང་ཡིན་པ་ཅི་ཡོད། དེ་ནི་དེ་ལྟ་མ་ཡིན་ཏེ། ཆོས་ཐམས་ཅད་རང་བཞིན་སྟོང་བར་བསྟན་པ་ནི། དེ་བཞིན་གཤེགས་པ་ཉིད་ཀྱིས་སེང་གེའི་སྒྲ་མུ་སྟེགས་བྱེད་ཀྱི་གླང་པོ་ཆེ་དང༌། རི་དགས་ཀྱི་ཚོགས་སྐྲག་པར་བྱེད་པའོ། །འདི་ལྟར་ཕ་


DTG107_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་མུ་སྟེགས་བྱེད་པ་བདག་ལ་སོགས་པ་ལྟ་བ་ལ་མངོན་པར་ཞེན་པ་ཐམས་ཅད་ནི་ཉི་ཚེ་བ་ཁོ་ནའི་སྟོང་པ་ཉིད་བརྗོད་དེ། འདི་ལྟ་སྟེ། གསང་བ་པའི་རྗེས་སུ་འབྲང་བ་དག་ནི་བདག་དམ་པ་ནི་གཅིག་པུ་ཁོ་ན་རྣམ་པར་ཤེས་པ་ཙམ་གྱི་རང་བཞིན་ཡིན་ཏེ། ནམ་མཁའ་ཆེན་པོ་དང་འདྲ་ཞེས་བརྗོད་དེ། དེ་ལ་རྣལ་འབྱོར་པ་གོམས་པས་གཉུག་མ་དང་གཉུག་མ་མ་ཡིན་པའི་མ་རིག་པ་དང་བྲལ་ནས་བུམ་པ་ལ་སོགས་པ་ཆག་ན་དེའི་ནམ་མཁའ་ནམ་མཁའ་ཆེན་པོར་འདུ་བ་བཞིན་དུ་སྲོག་ཀྱང་དེར་འདུ་ན་རབ་ཏུ་སྨྲ་བ་དག་གིས་དེ་སྲོག་དང་ཡོན་ཏན་དང་འབྱུང་བ་ཉིད་ལ་སོགས་པ་དངོས་པོ་མཐའ་ཡས་པར་རྣམ་པར་བརྟགས་སོ། །འཇིག་རྟེན་འདི་ནི་སྒྱུ་མའི་རང་བཞིན་ཏེ་གཉིས་སུ་མེད་ཀྱང་རྨི་ལམ་རྨིས་པ་བཞིན་དུ་སྣ་ཚོགས་ཀྱི་ངོ་བོར་སྣང་ངོ༌། །འདིར་སྨྲས་པ། བུམ་པ་ལ་སོགས་ཞིག་པ་ན། །བུམ་པའི་ནམ་མཁའ་ལ་སོགས་པ། །ཇི་ལྟར་ནམ་མཁའ་འདུ་འགྱུར་བ། །དེ་བཞིན་སྲོག་ཀྱང་བདག་འདིར་འདུ། །གཟུགས་དང་འབྲས་བུ་རབ་ཏུ་བརྗོད། །དེ་དང་དེར་ནི་ཐ་དད་ཀྱང༌། །ནམ་མཁའ་ལ་ནི་ཐ་དད་མེད། །དེ་བཞིན་སྲོག་ཀྱང་ངེས་པ་ཡིན། །ཇི་ལྟར་བྱིས་པ་རྣམས་ལ་ནི། །ནམ་མཁའ་དྲི་མས་དྲི་ཅན་འགྱུར། །དེ་བཞིན་མི་མཁས་རྣམས་ལ་ཡང༌། །བདག་ནི་དྲི་མས་དྲི་ཅན་འགྱུར། །ཇི་ལྟར་མུན་ཁུང་མ་རྟོགས་ཏེ། །ཐག་པ་སྤྲུལ་གྱི་རྒྱུན་ལ་སོགས། །དངོས་པོར་རྣམ་པར་བརྟགས་པ་ལྟར། །དེ་བཞིན་བདག་ཀྱང་རྣམ་པར་བརྟགས། །ཇི་ལྟར་ཐག་པ་ངེས་རྟོགས་ན། །རྣམ་པར་རྟོག་པ་ལྡོག་འགྱུར་ཏེ། །ཐག་པ་གཅིག་ཉིད་གཉིས་མིན་པ། །དེ་ལྟར་བདག་ཀྱང་ངེས་པ་ཡིན། །སྲོག་ལ་སོགས་པ་མཐའ་ཡས་པའི། །དངོས་པོ་དེ་དག་རྣམ་པར་བརྟགས། །གང་གིས་དེ་དག་ཉིད་རྨོངས་པ། །དེ་ནི་ལྷ་དེའི་སྒྱུ་མ་ཡིན། །སྲོག་ཏུ་རིགས་པས་སྲོག་ཅེས་བརྗོད། །འབྱུང་བ་ཡིན་ཞེས་དེ་རིགས་རྣམས། །ཡོན་ཏན་རིགས་རྣམས་ཡོན་ཏན་སྙམ། །ཡང་དག་ཡིན་ཞེས་དེ་རིགས་རྣམས། །གཉིས་མིན་ཡིད་ནི་རྨི་ལམ་ན། །གཉིས་སུ་སྣང་སྟེ་ཐེ་ཚོམ་མེད། །དེ་བཞིན་གཉིད་ཀྱིས་ལ་ལོག་ཚེ། །གཉིས་མིན་གཉིས་སྣང་ཚེ་ཚོམ་མེད། །རྒྱུ་དང་མི་རྒྱུ་གང་ཅིའང་རུང༌། །གཉིས་སུ་སྣང་བ་འདི་ཡིད་ཡིན། །ཡིད་ནི་མེད་པར་གྱུར་པ་ན། །གཉིས་སུ་དམིགས་པར་མི་འགྱུར་རོ། །བདག་ནི་བདེན་པ་རྟོགས་


DTG107_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པས། །གང་ཚེ་ཀུན་ཏུ་མི་རྟོག་པ། །དེ་ཚེ་ཡིད་ནི་མི་འགྱུར་ཏེ། །གཟུང་བ་མེད་པས་དེ་འཛིན་མེད། །ཅེའོ། །བདག་རྟག་པ་ལྟ་བ་གཉིས་སུ་མེད་པར་བརྗོད་པའི་ཚུལ་འདི་ཐམས་ཅད་ཀྱང་སྔར་སྤངས་ཟིན་ཏོ། །གཞན་ཡང་གཅིག་གྲོལ་ཐམས་ཅད་གྲོལ་བར་འགྱུར་རོ། །འོན་ཏེ་མ་གྲོལ་ན་གྲོལ་བར་འདོད་པ་ཡང་མ་གྲོལ་བར་འགྱུར་ཏེ། ཐ་དད་པ་མེད་པའི་ཕྱིར་རོ། །གཞན་དུ་ན་མི་མཐུན་པའི་ཕྱོགས་གནས་པས་ཐ་དད་པ་ཉིད་དུ་འགྱུར་རོ། །རྣལ་འབྱོར་གོམས་པའི་རྣལ་འབྱོར་པས། །ཅི་ཞིག་བཟློག་ཅིང་ཅི་ཞིག་སྒྲུབ། །དེ་ཡི་བདག་ཉིད་ཕྱིན་ཅི་ལོག །སྤང་བར་ནུས་པ་མ་ཡིན་ནོ། །ཤེས་པ་ཡང་དག་བསྐྱེད་བྱ་མིན། །དེ་ཉིད་རྟག་ཏུ་གནས་ཕྱིར་རོ། །དེ་ཕྱིར་རྣལ་འབྱོར་བསྒོམས་པ་འདི། །འབྲས་བུ་མེད་པར་འགྱུར་བ་ཡིན། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །ཡེ་སྲིད་པའི་དངོས་པོ་རྟག་པ་དང་གཅིག་པུ་དགག་པ་སྔར་བརྗོད་པ་ཉིད་ཀྱིས་བུམ་པ་དང་ནམ་མཁའི་དཔེ་ཡང་མ་གྲུབ་པོ། །གཅིག་འདུ་ན་ཐམས་ཅད་ཀྱང་འདུ་བར་འགྱུར་བ་དང༌། འོན་ཏེ་མ་ཡིན་ན་འདོད་པར་ཡང་མི་འགྱུར་ཏེ། ཐ་དད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་དེར་ཡང་བརྒལ་ཞིང་བརྟག་པ་དང་མཐུན་པ་ཉིད་དོ། །དེ་ཁོ་ན་མཐོང་བ་གོམས་པས་གློ་བུར་གྱི་ཉོན་མོངས་པ་དང་བྲལ་བ་ཡང་རང་བཞིན་གྱིས་འོད་གསལ་བའི་སེམས་སྐད་ཅིག་གིས་འཇིག་པའི་ཆོས་ཅན་ལ་འཐད་དོ། །གཞན་དུ་ན་སྔ་ཕྱིའི་གནས་སྐབས་སུ་དག་པ་དང་མ་དག་པར་འགྱུར་ཏེ། ཐ་དད་པ་མེད་པའི་ཕྱིར་རོ། །ངེས་པ་དང་མ་ངེས་པ་དང་འཁྲུལ་པ་དང་མ་འཁྲུལ་པ་རྣམ་པར་གཞག་པ་ཐ་དད་པར་བརྗོད་པ་ཡང་སྐད་ཅིག་པ་ལ་རྟེན་པ་ཉིད་ལ་རིགས་ཏེ། སྐྱེས་བུ་རྟག་པ་གཅིག་པུའི་ངོ་བོ་ལ་འཚོལ་བར་གྱུར་པའི་གནས་སྐབས་འདི་དག་གི་ལན་གདབ་པར་མི་ནུས་པའི་ཕྱིར་རོ། །ཤེས་པའི་སྐྱེས་བུ་རྟག་པ་དང་གཅིག་པུའི་རང་བཞིན་ལ་གཉིད་ཀྱིས་ལོག་པ་དང༌། གཉིད་ཀྱིས་མ་ལོག་པའི་གནས་སྐབས་འཇོག་པ་ལ་ཡང་གནས་མེད་པ་ཉིད་དེ། གནས་སྐབས་ཐ་དད་པ་མི་རིགས་པའི་ཕྱིར་རོ། །དེ་བས་ན། རིག་བྱེད་མཐའ་ལ་ངེས་རྣམས་ཀྱིས། །རྨི་ལམ་སྒྱུ་མ་ཅི་འདྲ་དང༌། །དྲི་ཟའི་གྲོང་ཁྱེར་ཅི་འདྲར་མཐོང༌། །དེ་ལྟར་འཇིག་རྟེན་འདི་དག་མཐོང༌། །འགོག་པ་མེད་ཅིང་སྐྱེ་བ་མེད། །བཅིངས་པ་མེད་ཅིང་སྒྲུབ་པ་མེད། །ཐར་འདོད་མེད་ཅིང་ཐར་བ་མེད། །


DTG107_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་དོན་དམ་ཉིད་ཡིན་ནོ། །ཆགས་དང་འཇིགས་དང་ཁྲོ་བྲལ་བ། །རིག་བྱེད་མཐར་ཕྱིན་ཐུབ་རྣམས་ཀྱིས། །སྤྲོས་པ་ཉེར་ཞི་གཉིས་མེད་པའི། །རྣམ་པར་མི་རྟོག་འདི་མཐོང་ངོ༌། །ཞེས་དེ་དག་གིས་གང་བརྗོད་པ་དེ་ནི་བདེ་བར་གཤེགས་པས་གསུངས་པ་སྤྲོས་པའི་ཚོགས་ཐམས་ཅད་ལས་གྲོལ་བ། དོན་དམ་པའི་བདེན་པ་ལ་བརྟེན་ན་མཛེས་སོ། །རྟག་པ་དང་གཅིག་པུའི་བདག་བཀག་པ་འདིས་ཉེ་དབང་གི་ལུགས་ཀྱང་བསལ་ཟིན་ཏོ། །ཡེ་སྲིད་པའི་ལྟ་བ་ཡང་ཁྱབ་པ་དང༌། རྟག་པའི་བདག་དང་ནམ་མཁའ་ལ་སོགས་པ་བསལ་བས་བསལ་ཟིན་ཏོ། །ཡེ་སྲིད་པའི་དེར་ཡང་རྟག་པ་ཉིད་དང༌། ཁྱབ་པ་ཉིད་དང༌། བྱེད་པ་པོ་ལ་སོགས་པ་ཡང་དག་པ་ཉིད་དུ་བརྗོད་པའི་ཕྱིར་རོ། །སེར་སྐྱེས་བརྗོད་པ་སྙིང་སྟོབས་དང༌། །རྡུལ་དང་མུན་པ་མཉམ་པའི་གནས་སྐབས་ཀྱི་མཚན་ཉིད་གཙོ་བོ་དང་དམ་པའི་རང་བཞིན་དུ་བརྗོད་པ་ཡང་སྔར་སྨོས་པའི་ཁྱབ་པ་དང་རྟག་པའི་དངོས་པོ་བསལ་བ་ཉིད་ཀྱིས་བསལ་ཟིན་ཏོ། །རང་གི་སྡེ་པ་གང་དག་ཆོས་ཐམས་ཅད་དངོས་པོ་མེད་པ་ལ་སོགས་པའི་མདོའི་ཚིག་འཆད་པ་ན་སྨད་པ་དང༌། ཉུང་བའི་དོན་ལ་སོགས་པ་འཆད་དེ། དངོས་པོ་རྣམས་ངན་པ་ཡིན་པས་དངོས་པོ་མེད་པ་སྟེ། དབུས་དང་ད་ལྟར་གྱི་གནས་སྐབས་ན་མི་བརྟེན་པའི་ཕྱིར་རོ། །ཡང་ན་དངོས་པོ་དག་ནི་དངོས་པོ་མེད་པ་མང་བས་དངོས་པོ་མེད་པ་སྟེ། སྔོན་དང་ཕྱི་མའི་མཐར་མ་སྐྱེས་པ་དང༌། འདས་པར་རང་བཞིན་མེད་པའི་ཕྱིར་རོ། །བཤད་པ་འདི་ཡང་གལ་ཏེ་སྔར་དཔྱད་པར་བྱས་པའི་སྤངས་པས་གཞན་གྱི་དབང་ཡང་དག་པར་ཡོད་པར་གྲུབ་ན་ནི་ཁོ་བོའི་སེམས་རངས་པར་འགྱུར་རོ། །གཞན་དུ་ནི་བྱེ་བྲག་ཏུ་སྨྲ་བ་དང༌། གནས་མ་བུའི་ཚུལ་གྱི་རྗེས་སུ་འབྲངས་ནས། འདི་ནི་ལྷུར་གྲངས་ཅན་ལ་སོགས་པའི་ལུགས་ཀྱི་དངོས་པོ་དགག་པ་ཡིན་ནོ་ཞེས་འདི་བཤད་མི་ནུས་པ་ཅི་ཡོད། ཡང་ན་བཤད་པ་འདི་ནི་འདུལ་བའི་སྐྱེ་བོ་བློ་མི་ཞིབ་པའི་སྐྲག་པ་བསལ་བའི་ཕྱིར་ཏེ། དེ་དག་ཏུ་ཟད་དོ་ཞེས་བྱ་བ་ནི་མི་སེམས་སོ། །དེ་ལྟ་བས་ན་ཐུབ་པའི་རྒྱལ་པོས་ཉི་ཚེ་བ་མ་ཡིན་པའི་སྟོང་པ་ཉིད་བསྟན་པ་ཁོ་ན་མུ་སྟེགས་བྱེད་ཀྱི་ཚོགས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་འདི་ནི་མཛེས་པ་ཁོ་ན་ཡིན་ཏེ། ཟླ་བ་སྒྲོན་མའི་ཏིང་ངེ་འཛིན་ལས་འདི་སྐད་དུ། ཆོས་རྣམས་ཐམས་ཅད་


DTG107_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་རང་བཞིན་སྟོང༌། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །འདིར་ཡང་བརྗོད་པ། ཤིན་ཏུ་ཕྲ་བའི་དངོས་ལ་ཡང༌། །གང་གིས་སྐྱེ་བར་རྣམ་བརྟགས་པ། །མཁས་པ་མ་ཡིན་དེ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང༌། །གལ་ཏེ་དོན་གཅིག་ཡོད་གྱུར་ན། །ཅི་ཡི་ཕྱིར་ན་རང་བཞིན་མེད། །མདོ་སྡེ་མང་དང་འགལ་བར་འགྱུར། །འཇིག་རྟེན་མི་མཐུན་ཉིད་དུ་འགྱུར། །ཞེའོ། །དེའི་ཕྱིར། ཁྱབ་དང་དབང་ལ་སོགས་མ་མྱོང༌། །དཔག་ཏུ་མེད་པར་གནས་པའི་རྒྱུ། །འཇིག་རྟེན་སྤྱི་བོར་གྱུར་པས་ཀྱང༌། །ཤིན་ཏུ་མྱོང་པ་མ་ཡིན་པ། །ཡང་དག་བདུད་རྩི་དག་པ་འདི། །ཐུགས་རྗེ་དག་པའི་རྒྱུ་རྐྱེན་གྱི། །དེ་བཞིན་གཤེགས་པ་མ་གཏོགས་པར། །གཞན་གྱི་ལོངས་སྤྱོད་མ་ཡིན་ནོ། །ཟླ་བའི་འོད་ཟེར་ལྟར་དག་པ་གང་ཟག་དང་ཆོས་ལ་བདག་མེད་པའི་རང་བཞིན་ཉི་ཚེ་བ་མ་ཡིན་པའི་བདུད་རྩི་འདི་ནི་སྐྱོབ་པ་ཤིན་ཏུ་གསོལ་ཏེ། དེས་ན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཤེས་རབ་དང༌། ཐུགས་རྗེའི་རྡུལ་ཕྲ་རབ་འདུས་པའི་སྐུ། ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པའི་ཕུང་པོ་མ་ལུས་པ་དང་བྲལ་བ། ཐམས་ཅད་ཀྱི་མཆོག་འཁོར་བ་ཇི་སྲིད་བར་བཞུགས་སོ། །འདི་ལྟར་དེ་ནི་བདག་མེད་པ་དང་པོ་རྟོགས་པས་བློ་རྣམ་པར་དག་པ་ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱིས་ཡང་མ་ཡིན་ན། ལོག་པ་བདག་ཏུ་ལྟ་བ་ལ་ཞེན་པ་ལྷ་ཆེན་པོ་ཁྱབ་འཇུག་དང༌། ཚངས་པ་ལ་སོགས་པའི་ས་མ་ཡིན་པར་ལྟ་ཅི་སྨོས། དེ་ཕྱིར་ལོག་པར་བསྟན་པ་ཡི། །གྲུབ་མཐར་འཆེལ་བའི་བློ་ཅན་ལ། །དེ་ལུགས་རྗེས་འཇུག་བློ་ཅན་རྣམས། །སྙིང་རྗེ་ཉིད་ནི་རབ་ཏུ་སྐྱེ། །བདག་དང་གཞན་གྱི་ལུས་ལ་སྡུག་བསྔལ་གྱི་རྒྱུན་བསྐལ་པ་མི་ཉུང་བར་རྗེས་སུ་འབྲེལ་བའི་རྒྱུར་འགྱུར་བ། ལོག་པར་བསྟན་པའི་ཆོས་འདུལ་བ་བྱེད་པ་རྣམས་དང་དེའི་རྗེས་སུ་འགྲོ་བ་རྣམས་ལ་དེ་ཁོ་ན་ཤེས་པ་འདི་ལྟ་བུ་ཚོལ་བས་དེ་ཁོ་ན་མཆོག་གཏན་ལ་ཕེབས་ནས་བདེ་བར་གཤེགས་པའི་བསྟན་པ་སྙིང་རྗེའི་རིགས་ཀྱི་ཁྱིམ་ཁས་ལེན་པ། སྐྱེས་བུ་ལྕིད་ཁྱེར་བ། རྟོགས་པ་དང་ལྡན་པ་རྣམས་ཀྱི་སྙིང་རྗེ་ཆེན་པོ། མི་མཐུན་པའི་ཕྱོགས་ཆུང་ངུ་དང་ཡང་མ་འདྲེས་པ་སྐྱེ་སྟེ། གཞན་སྡུག་བསྔལ་དང་བྲལ་བར་འདོད་པ་ནི་སྙིང་རྗེ་ཆེན་པོ་ཡིན་ནོ། །དེ་དག་གི་སྡུག་བསྔལ་དང༌། དེའི་རྒྱུ་རབ་


DTG107_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འཕེལ་ན་སྐྱེ་བར་འགྱུར་ཏེ། བུད་ཤིང་བསྣན་ན་མེ་ལྕེ་འབར་བ་བཞིན་ནོ། །དོན་དམ་པ་ལ་རྣམ་པར་སྡང་བ་དག་ནི་སྡུག་བསྔལ་གྱི་རྒྱུའི་མཆོག་ལ་གནས་པ་ཡིན་ཏེ། འདི་དག་ཇི་ལྟ་བར་བྱ་བ་དག་ནི་དེ་ལྟར་བདག་དང་གཞན་གྱི་དག་མ་ཡིན་ཏེ། དེ་དག་ནི་རླུང་གིས་བསྐྱོད་ནས་ཅུའི་ཆུ་བུར་བྱུང་བ་ལྟ་བུར་ཤིན་ཏུ་མི་རྟག་པ། བདག་ལ་ཕན་པ་ཅུང་ཟད་ཀྱང་མི་ནུས་པའི་ལུས་རང་ཅན་གྲངས་ཡོད་པ་གཅིག་གསོད་པར་ཟད་ཀྱི། འདི་དག་ནི་འཁོར་བ་ཇི་སྲིད་བར་བཞུགས་པ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པས་མཛེས་པ། གྲངས་ལས་འདས་པའི་རྒྱལ་བ་དང་འབྲེལ་པའི་ཆོས་ཀྱི་སྐུ་ལ་གནོད་པ་སྟེ། དེའི་ས་བོན་ཆོས་ཀྱི་དེ་ཁོ་ན་ལ་མོས་པ་ལ་གནོད་པ་བྱེད་པར་ཞུགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དམ་པའི་ཆོས་སྤོང་བའི་རྣམ་པར་སྨིན་པ་ཤིན་ཏུ་མི་བཟད་པ་རྣམ་པ་མང་པོ་མདོ་སྡེ་ལས་བརྗོད་དོ། །ཡང་གསུངས་པ། ཤིན་ཏུ་རྒྱ་ཆེར་རབ་ཟབ་ལ། །སྒྱིད་ལུག་ཤིན་ཏུ་མ་སྦྱངས་པ། །བདག་གཞན་དགྲ་དག་གཏི་མུག་གིས། །ད་ལྟར་ཐེག་པ་ཆེ་ལ་སྨོད། །ཚུལ་ཁྲིམས་ལས་ནི་ཉམས་བླ་ཡི། །ལྟ་བས་ཅིས་ཀྱང་མ་ཡིན་ཏེ། །ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་འགྲོ། །ལྟ་བས་གོ་འཕང་མཆོག་ཏུ་འགྱུར། །གཏི་མུག་དབང་གིས་བསྒྲིབས་གྱུར་ཏེ། །གང་ཞིག་ཡང་དག་བགེགས་བྱེད་པ། །དེ་ལ་དགེ་བའི་འགྲོ་བ་མེད། །ཐར་པ་མེད་པ་སྨོས་ཅི་དགོས། །གནོད་པའི་ས་བོན་གྱུར་པ་ཡི། །མུ་སྟེགས་བྱེད་མང་མཐོང་ནས་ནི། །ཆོས་འདོད་སྐྱེ་བ་པོ་རྣམས་ལ། །སྙིང་རྗེར་མི་འགྱུར་སུ་ཞིག་ཡོད། །ཅེའོ། །ཟླ་བ་སྒྲོན་མའི་ཏིང་ངེ་འཛིན་ལས། དང་པོ་བཟོད་པའི་ཁྱད་པར་ལས་ཇི་སྐད་དུ་གསུངས་པ་བཞིན་ནོ། །འདི་ལྟར་གཞན་གྱི་ལུགས་འདི་ལ་བརྟགས་ན་ཉིད་མའི་འོད་ཟེར་ཤིན་ཏུ་འཇེབས་པ། གངས་རི་ཁ་བའི་དུ་མ་གྲུགས་ལ་བབ་ན་འཇུ་བར་འགྱུར་བ་ལྟ་བུར་གཏིང་མི་ཚུགས་པས་བདག་ལེགས་སུ་འདོད་པ་རྣམས་འདི་ལ་མ་ཞེན་པར་བྱ་བ་ཆེད་དུ་ཆེད་ཆེར་འཛིན་ཏོ། །གཞན་ཡང་ཁོ་བོ་བདག་ཅག་དང༌། གཞན་གྱི་གཞུང་ལུགས་རྒྱ་ཆེར་དཔྱད་པས་རྟེན་ཅིང་འབྲེལ་བར་འབྱུང་བ་སྤྲོས་པའི་ཚོགས་ཐམས་ཅད་དང་བྲལ་བ་འདི་དེ་ཁོ་ན་བསྡུས་པ་དང༌། དོན་དམ་པ་གཏན་ལ་དབབ་པ་ལ་སོགས་པར་དཔྱད་ཟིན་གྱིས། ཤིན་ཏུ་རྒྱས་པར་འདོད་པ་དག་


DTG107_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

གིས་དེ་དག་ལས་ཁོང་དུ་ཆུད་པར་གྱིས་ཤིག །དེའི་ཕྱིར། བློ་ནོར་ལྡན་པས་ལུགས་གཞན་ལ། །ཇི་ལྟར་སྙིང་པོ་མེད་མཐོང་བ། །དེ་ལྟར་དེ་དག་སྐྱོབ་པ་ལ། །གུས་པ་ཤིན་ཏུ་སྐྱེ་བར་འགྱུར། །བདག་ཤེས་པ་སུ་ཞིག་གཞན་གྱི་ལུགས་ནི་རིགས་ངན་བླུན་པོའི་སྐྱེ་བོ་ལ་ཡང་གྲགས་པའི་ཡུལ་རགས་པ་ལ་ཡང་འཁྲུལ་པར་མཐོང་ལ། དེ་བཞིན་གཤེགས་པའི་གསུང་རབ་ཐོག་མ་དང༌། བར་དང༌། ཐ་མར་དགེ་བ། གསེར་བཟང་པོ་ལྟ་བུར་བསྲེག་པ་དང༌། གཅད་པ་དང༌། བརྡར་བ་དང༌། འདྲ་བའི་མངོན་སུམ་དང༌། རྗེས་སུ་དཔག་པ་དང༌། རང་གི་ཚིག་རྣམས་ཀྱིས་གནོད་པར་མ་གྱུར་པ་ནི་འཁོར་བ་རྣམས་དང་མ་འདྲེས་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཤིན་ཏུ་འཐིབས་པོ་ལ་འཁྲུགས་པ་མེད་པར་མཐོང་ནས་མི་དང་ལྷ་ཡུལ་པའི་འདྲེན་པ་མཐའ་དག་གི་ཅོད་པན་གྱི་ཕྲེང་བས་ཞབས་པད་མ་གཉིས་མཛེས་པར་བྱས་པ་དང་ལྡན་པའི་འཇིག་རྟེན་གྱི་བླ་མ་བདག་ཤེས་པ་སུ་ཞིག་མངོན་པར་མ་ཞེན་པའི་ཚུལ་གྱིས་སྒྲུབ་པ་སྙིང་པོར་བྱེད་པའི་དད་པ་མི་སྐྱེད། དེའི་ཕྱིར་དེ་ལྟར། ཡང་དག་ཤེས་ཚོལ་སྔོན་བཏང་སྟེ། །དོན་དེ་རྣམ་པར་ངེས་བྱས་ནས། །ལྟ་ངན་འཐིབས་གནས་འཇིག་རྟེན་ལ། །སྙིང་རྗེ་ཀུན་ཏུ་བསྐྱེད་ནས་སུ། །འགྲོ་དོན་བྱེད་པ་པར་གྱུར་པ། །བྱང་ཆུབ་བློ་རྒྱས་མཁས་པ་ནི། །བློ་དང་སྙིང་རྗེས་བརྒྱན་པ་ཡི། །ཐུབ་པའི་བརྟུལ་ཞུགས་ཡང་དག་སྤྱོད། །ཡང་དག་དད་པས་རྗེས་འབྲངས་པ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ནས། །ཐུབ་པའི་བརྟུལ་ཞུགས་བླང་བྱས་ཏེ། །དེ་ནི་ཡང་དག་ཤེས་ཚོལ་བརྩོན། །བློ་མིག་ཞིབ་པའི་བློ་ལྡན་དག །ལམ་གང་ནས་ནི་འཇུག་འགྱུར་པ། །ལུང་དང་རིགས་པ་གསལ་ལྡན་པ། །དེ་ལྟར་ཕྱོགས་ཙམ་བསྟན་པ་ཡིན། །འདིར་ནི་ཟླ་བ་དག་འདྲའི་བསོད་ནམས་བདག་གིས་གང་ཐོབ་པ། །དེས་ནི་ཐུབ་མཆོག་ལུགས་ཀྱི་ཡང་དག་དགའ་ལྡན་འཇིག་རྟེན་ཀུན། །ལྟ་ངན་མུན་པའི་དྲ་བ་རབ་ཏུ་མང་པོ་རྣམ་བསལ་ནས། །སྲིད་པའི་འདོད་ཆགས་རབ་ཏུ་བསལ་ཏེ་བྱང་ཆུབ་ཐོབ་པར་ཤོག །བདག་ཀྱང་ཡུལ་གྱི་ལོངས་སྤྱོད་མྱང་བས་བརྒྱལ་བའི་མུན་བསལ་ཅིང༌། །ཡང་དག་དམ་པར་རིག་ཅིང་ཡང་དག་རིག་དང་འགྲོགས་པ་དང༌། །གཞན་གྱི་དོན་ལ་གཅིག་ཏུ་


DTG107_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

གཞོལ་ཞིང་འཇམ་པའི་དབྱངས་ཀྱི་ཞབས། །གཙང་མ་པདྨར་བརྟེན་ཅིང་ཤིན་ཏུ་བརྟན་པས་གུས་པར་ཤོག །གསལ་བའི་ལུང་དང་རིགས་པ་དག་གིས་གང་ཞིག་འདིར་བརྗོད་པ། །རྒྱལ་བ་ཁྱུ་མཆོག་དམ་པའི་གསུང་རབ་སྒྲོན་ཆེན་ཡང་དག་པར། །གསལ་བྱེད་འདི་ནི་ས་ལ་དངོས་རྣམས་དངོས་པོའི་ངོ་བོ་ཡང་དག་པ། །ཇི་སྲིད་མི་འདོར་དེ་དེ་སྲིད་རྣམ་པ་ཀུན་ཏུ་གནས་གྱུར་ཅིག །རྒྱལ་བ་གང་དག་རྟེན་འབྲེལ་འབྱུང༌། །རྟོག་པ་མི་བཟད་ད་བ་ཀུན། །རྣམ་གྲོལ་གསུངས་པ་དེ་དག་ལ། །རྟག་པར་རྒྱུན་དུ་ཕྱག་འཚལ་ལོ། །དེ་ལྟའི་ཚུལ་དུ་དབུ་མ་ཡི། །རྒྱལ་འདི་བདག་གིས་བྱས་པ་ནི། །རིགས་དང་མདོ་སྡེ་སྣ་ཚོགས་ཀྱིས། །རིན་ཆེན་བཀོད་པས་མཛེས་པར་བྱས། །ཞིབ་པའི་བློ་ཡིས་འདི་རྟོགས་ནས། །ཟླ་སྒྲོན་ལ་སོགས་བློ་ཟབ་རྣམས། །སྐྱེ་བོ་བློ་ཡི་ནོར་ལྡན་ཞིང༌། །བརྟན་རྣམས་འཇིགས་མེད་བསྒོམ་པར་ཤོག །བརྟན་རྣམས་འདི་འཛིན་བྱེད་པ་དང༌། །མཁས་ལ་སྟོན་པར་བྱེད་པ་ནི། །བདག་དང་གཞན་ལ་ཁྱབ་མཆོག་གི །ཡོངས་སུ་མགུ་བར་རབ་ཏུ་བྱེད། །དམིགས་པ་ཅན་ཀུན་སྤྱི་བརྟོལ་གྱིས། །རློམ་པ་རྣམ་པར་བསལ་བྱས་ནས། །སྤོབས་པ་སོ་སོར་རིག་པ་ཡིས། །ཤིན་ཏུ་མཐོ་བར་འགྱིང་བར་བྱེད། །ཟབ་མོའི་ཆོས་ཀྱི་ཡང་དག་ཉིད། །སྟོན་པ་མཛད་པའི་ཐུབ་ཆེན་གྱི། །གྲགས་པ་དག་ནི་ཕྱོགས་རྣམས་ཀྱི། །རབ་འབྱམ་ཀུན་ཏུ་རྒྱས་པར་བྱེད། །ཆོས་ལ་བདག་མེད་སྒྲུབ་པའི་ཕྱིར། །སློབ་དཔོན་སྔ་མ་སྟོང་སྙེད་ཀྱིས། །སྒྲུབ་པ་རྣམས་ནི་སྦྱར་མཛད་པ། །མ་ཁྱབ་འདྲ་བ་གང་ཡིན་རྣམས། །མཁས་རྣམས་ཡང་དག་དག་པ་འདི། །ཤེས་ནས་ད་ནི་དེ་དག་ལ། །འདོད་པས་དྲི་མེད་རབ་འབྲེལ་པ། །རྣམ་པར་ངེས་པར་བྱེད་པར་ཤོག །གང་དག་དེ་ལ་འཕྱས་བྱེད་པ། །འཕྱ་བའི་བདག་ཉིད་དེ་དག་ཀྱང༌། །དོགས་མེད་རྗེས་འགྲོ་ལྡོག་ལྡན་གྱིས། །ཚེགས་མེད་ཚར་གཅོད་བྱེད་གྱུར་ཅིག །དབུ་མའི་རྒྱན་འདི་ནི་སློབ་དཔོན་ཞི་བ་འཚོ་བ་དག་དང་གཞན་གྱི་གྲུབ་པའི་མཐའི་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། འཕགས་པ་ངག་གི་དབང་ཕྱུག་གི་ཞབས་ཀྱི་པདྨ་རྙོག་པ་མེད་པའི་ཟེའུ་འབྲུ་སྤྱི་བོས་ལེན་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་


DTG107_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།

དབུ་མའི་རྒྱན་གྱི་དཀའ་འགྲེལ།


DTG107_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མདྷྱཱ་ལཾ་ཀཱ་ར་པཉྩི་ཀཱ། བོད་སྐད་དུ་དབུ་མའི་རྒྱན་གྱི་དཀའ་འགྲེལ། བམ་པོ་དང་པོ། འཇམ་དཔའ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ཞིག་བརྩོན་འགྲུས་མཚུངས་མེད་པས། །བདག་གཞན་ཕན་པ་ཕུན་སུམ་ཚོགས། །མཐའ་དག་ཕ་རོལ་ཕྱིན་དེ་ལ། །ཕྱག་བྱས་དབུ་མའི་རྒྱན་དབྱེ་བྱ། །ཡུལ་ཡོན་ཏན་དང་ལྡན་པ་ལ་དང་བ་ནི་ལེགས་པ་ཐམས་ཅད་ཐོབ་པར་བྱེད་པའི་དང་པོའི་རྒྱུ་ཡིན་པས་ཡོན་ཏན་ཕུལ་དུ་དབྱུང་དུ་མེད་པ་དཔག་ཏུ་མེད་པ་རིན་པོ་ཆེའི་འབྱུང་གནས་བཅོམ་ལྡན་འདས་རྣམས་ལ་གཞན་དག་དང་བ་བསྐྱེད་པའི་ཕྱིར་རེ་ཞིག་དང་པོ་ཉིད་དུ་དེ་དག་ལ་ཇི་ལྟ་བ་བཞིན་གྱི་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བའི་ཕྱག་འཚལ་བ། གང་དག་ཅེས་བྱ་བ་སྨོས་ཏེ། འདི་ལྟར་ཚིགས་སུ་བཅད་པ་འདིས་ནི་བཅོམ་ལྡན་འདས་ཀྱི་ཆེ་བའི་ཡོན་ཏན་བདག་ཉིད་ཕུལ་དུ་བྱུང་བ་དང་ལྡན་པ་སྟོན་པར་བྱེད་དོ། །དེ་ཐོས་ནས་ཀྱང་རེ་ཞིག་དད་པས་རྗེས་སུ་འབྲང་བ་རྣམས་ནི་དེ་དག་ལ་ཐེ་ཚོམ་མེད་པར་དང་བ་མྱུར་དུ་སྐྱེ་བར་འགྱུར་རོ། །གང་དག་ཆོས་ཀྱི་རྗེས་སུ་འབྲང་བ་དེ་དག་ཀྱང་དེ་ལྟ་བུ་དག་ལ་གནོད་པ་མ་མཐོང་ཞིང༌། ཤེས་རབ་ལ་སོགས་པ་ཡོན་ཏན་རྣམས་གོམས་པས་བྱེ་བྲག་ཏུ་འཕགས་པ་ཡང་རྟོགས་ནས་དེ་ལྟ་བུའི་མཁས་པ་དག་ནི་གདོན་མི་ཟ་བར་སྲིད་དོ་ཞེས་ངེས་པར་བཟུང་ནས་དེ་དག་ལ་དང་བ་སྐྱེད་པར་བྱེད་པ་ཉིད་དོ། །དེ་དག་ལ་དང་བའི་ཕྱིར་དེ་དག་གི་ཡོན་ཏན་འདོད་པ་རྣམས་དེ་དག་གི་གསུང་རབ་རྣམས་དང༌། གསུང་རབ་དག་ལ་བརྟེན་པའི་བསྟན་བཅོས་ལ་གཟུང་བ་ལ་སོགས་པའི་དོན་དུ་ཐོག་མར་བརྟག་པ་སྔོན་དུ་འགྲོ་བའི་གུས་པ་བྱེད་དོ། །དེའི་འོག་ཏུ་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་རབ་སྐྱེ་བའི་རིམ་གྱིས་ལེགས་པ་དམ་པ་ཐོབ་པར་འགྱུར་རོ། །དེའི་ཕྱིར་ཡོན་ཏན་དང་ལྡན་པ་རྣམས་ལ་དང་བ་ནི་ལེགས་པ་ཐམས་ཅད་ཀྱི་གཙོ་བོའི་རྒྱུ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ནི་དེ་ལ་འཇུག་པ་ལ་ཡང་ཡན་ལག་ཡིན་པའི་ཕྱིར་བསྟན་བཅོས་བྱེད་པ་ཕལ་ཆེར་བསྟན་བཅོས་ཀྱི་དང་པོར་སྟོན་པ་ལ་མཆོད་པ་བྱེད་དོ། །དེ་ཉིད་ཀྱི་ཕྱིར་བསྟན་བཅོས་བྱེད་པར་འདོད་པས་རང་གི་སྟོན་པའི་ཆེ་བའི་བདག་ཉིད་ཤེས་


DTG107_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་ཕྱིར་དེ་ལ་ཕྱག་འཚལ་བ་རྩོམ་མོ་ཞེས་བཤད་དོ། །དེ་ལ་གང་དག་སུ་རྣམས་ས་ལ་བཞུགས་པ་དེ་དག་རྣམས་ལ་ཕྱག་འཚལ་ལོ་ཞེས་བྱ་བར་སྦྱར་རོ། །འདི་སྤྱིར་སྨོས་པ་ཡིན་དུ་ཟིན་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཁོ་ན་ཡིན་པར་མངོན་ཏེ། གཞན་དག་ལ་ནི་ཇི་སྐད་སྨོས་པའི་ཡོན་ཏན་མེད་པའི་ཕྱིར་རོ། །དེའི་ཕྱིར་བཅོམ་ལྡན་འདས་རྣམས་ལ་ཕྱག་འཚལ་བར་འོས་པ་ཉིད་དུ་བསྒྲུབ་པའི་ཕྱིར་ཇི་ལྟ་བ་བཞིན་གྱི་ཡོན་ཏན་རྗོད་པར་བྱེད་དོ། །ཡོན་ཏན་དེ་དག་ཀྱང་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་བྱེ་བྲག་གིས་འདིར་རྣམ་པ་གཉིས་སུ་བསྟན་ཏོ། །རང་གི་དོན་ཕུན་སུམ་ཚོགས་པ་ཡང་རྒྱུ་དང་འབྲས་བུ་ཕུན་སུམ་ཚོགས་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །རྒྱུ་ཕུན་སུམ་ཚོགས་པ་དེ་ཡང་ཉེ་བ་དང་རིང་བའི་རྒྱུའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །འབྲས་བུ་ཕུན་སུམ་ཚོགས་པ་དེ་ཡང་ཡེ་ཤེས་དང་སྤང་བ་ཕུན་སུམ་ཚོགས་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡང་གཞན་དག་ངེས་པར་ལེགས་པ་དང་མངོན་པར་མཐོ་བ་འཐོབ་པའི་བྱེ་བྲག་གིས་རྣམ་པ་གཉིས་སུ་གནས་ཏེ། འདི་ནི་ཡན་ལག་རྣམ་པར་བཤད་པ་ནས་སྦྱར་བར་བྱའོ། །ཡོན་ཏན་ཕུན་སུམ་ཚོགས་པ་འདི་མཐའ་དག་ནི་བཅོམ་ལྡན་འདས་རྣམས་ཕྱི་རོལ་པ་དང་སློབ་པ་དང་མི་སློབ་པ་ཆེན་པོ་རྣམས་ཀྱི་བླ་ན་བཞུགས་པ་ཉིད་ཀྱི་གཏན་ཚིགས་ཡིན་ནོ། །དེའི་ཕྱིར་དེ་དག་ཁོ་ན་དངོས་སུ་ཕྱག་བྱ་བར་འོས་པ་ཡིན་གྱི། །གཞན་དག་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཡན་ལག་གི་དོན་བརྗོད་པར་བྱ་སྟེ། གང་དག་ལ་དག་བརྟན་བློ་མངའ་བ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་དག་པ་ནི་འདོད་ཆགས་ལ་སོགས་པའི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །འདིས་ནི་ཕྱི་རོལ་པའི་འདོད་ཆགས་དང་བྲལ་བ་རྣམས་དང་སློབ་པ་རྣམས་ལས་ཁྱད་པར་དུ་སྟོན་པར་བྱེད་དེ། འདི་ལྟར་ཕྱི་རོལ་པ་ཀུན་ནས་ཉོན་མོངས་པའི་རྩ་བའི་བདག་ཉིད་ཕྱིན་ཅི་ལོག་མཐའ་དག་དང་ལྡན་པའི་ཡིད་ཅན་འདོད་ཆགས་ལ་སོགས་པའི་འཆིང་བ་མཐའ་དག་ཉམས་པར་མ་བྱས་པ་ཐམས་ཅད་ནི་དྲི་མ་མེད་པའི་བློ་ཅན་དག་ཏུ་ཇི་ལྟར་འགྱུར། སློབ་པ་བསྒོམ་པས་སྤང་བར་བྱ་བའི་དྲི་མ་མ་ལུས་པས་དྲི་མ་ཅན་དུ་བྱས་པའི་ཡིད་ཅན་


DTG107_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང༌། དག་པའི་བློ་ཅན་དག་ཏུ་ཇི་ལྟར་རུང༌། །བརྟན་པ་ནི་ལུས་དང་ངག་དང་བློའི་མི་མཐུན་པ་ཉིད་ཀྱི་རྒྱུ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་བག་ཆགས་ཀྱི་རླུང་གིས་མི་བསྐྱོད་པའི་ཕྱིར་རོ། །འདིས་ནི་མི་སློབ་པ་རྣམས་ལས་ཁྱད་པར་དུ་སྟོན་པར་བྱེད་དེ། དེ་དག་གིས་དེ་མ་སྤངས་པའི་ཕྱིར་རོ། །འདིས་ནི་སྤངས་པ་ཕུན་སུམ་ཚོགས་པ་ཡོངས་སུ་བསྟན་ཏོ། །ས་ལ་བཞུགས་ཞེས་བྱ་བ་ནི་འགྲོ་བའི་དོན་དུ་ཞེས་བྱ་བར་ཤུགས་ཀྱིས་གོ་བས་ན་མ་བཤད་དོ། །དེ་ལྟ་མ་ཡིན་ན་ཕུན་སུམ་ཚོགས་པ་མཐའ་དག་ཡང་དག་པར་ཐོབ་པ་བཞུགས་པར་མི་རིགས་སོ། །འདིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་རྣམ་པ་གཉིས་ཇི་སྐད་དུ་བཤད་པ་བསྟན་ཏོ། །ཇི་ལྟར་ན་དེ་དག་བརྟན་བློ་མངའ་བར་འགྱུར་ཅེ་ན། ཆོས་ཚུལ་ཟབ་མོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ནི་གཟུགས་ལ་སོགས་པའོ། །དེ་དག་གི་ཚུལ་ནི་ཇི་ལྟ་བ་བཞིན་གནས་པའི་ངོ་བོའོ། །དེ་ཡང་དངོས་པོའི་རིགས་མཐུན་པ་དང་མི་མཐུན་པ་དཔག་ཏུ་མེད་པ་ལྡོག་པ་ལ་ལྟོས་པས་བསྐྱེད་པ་ཐ་དད་པ་ཉིད་ཀྱིས་ཚད་མར་གཟུང་བར་མི་ནུས་པའི་ཕྱིར་རྒྱ་མཚོ་དང་འདྲ་བ་ཡིན་ནོ། །འདི་ནི་ཉན་ཐོས་ལ་སོགས་པས་གཏིང་དཔག་དཀའ་བས་ཟབ་མོ་ཡང་ཡིན་ལ་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ཡང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་ཏེ། གང་དག་གིས་དེའི་ཕ་རོལ་མཐའ་མཐོང་བ་དེ་དག་ལ་དེ་སྐད་ཅེས་བྱའོ། །འདིས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་ཀྱི་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ཉིད་ཉོན་མོངས་པ་བག་ཆགས་དང་བཅས་པ་མ་ལུས་པ་ཐམས་ཅད་རྩ་ནས་འབྱིན་པའི་རྒྱུ་ཡིན་ཏེ། དེ་མེད་པས་ཉན་ཐོས་ལ་སོགས་པས་བག་ཆགས་མ་སྤངས་པའི་ཕྱིར་རོ། །ཡེ་ཤེས་ཕུན་སུམ་ཚོགས་པ་ཡང་ཡང་དག་པའི་ཀུན་རྫོབ་ཀྱི་ངོ་བོར་བཅོམ་ལྡན་འདས་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཉིད་ཡིན་གྱི། དོན་དམ་པའི་ངོ་བོ་ཉིད་དུ་ནི་མ་ཡིན་ཏེ། དེ་ལྟ་བུར་ཐམས་ཅད་མ་སྐྱེས་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པ་དག་གི་ཡེ་ཤེས་ཀྱང་ཇི་ལྟར་སྐྱེ་སྙམ་པ་ལ་འདི་ལ་འདིའི་རྒྱུ་བསྟན་པའི་ཕྱིར་ལྷག་པར་མོས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷག་པར་མོས་པ་ཞེས་བྱ་བའི་སྒྲ་ནི་མོས་པས་སྤྱོད་པའི་ས་ནས་བཟུང་སྟེ། ས་བཅུ་བའི་བར་ཡིན་པར་


DTG107_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དེ། ཐམས་ཅད་དུ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་ངེས་པར་འཛིན་པའི་མཚན་ཉིད་ཀྱི་མོས་པ་ལྷག་པ་ཉིད་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཡང་ན་ལྷན་ཅིག་སྤྱོད་པའི་ཕྱིར་རྒྱུའི་གནས་སྐབས་ཐམས་ཅད་རྗོད་པར་བྱེད་དོ། །གང་དག་གིས་ལྷག་པར་མོས་པ་དེ་ལ་ཐོས་པ་ལ་སོགས་པ་ལས་བྱུང་བའི་ཤེས་རབ་སྐྱེ་བའི་རིམ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཉེ་བར་བསྐྱེད་པའི་ཕྱིར་གོང་ནས་གོང་དུ་འདུ་བྱེད་ཁྱད་པར་ཅན་བསྐྱེད་པས་ཡོངས་སུ་བསྒོམས་པའི་ཐུགས་མངའ་བ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། འདིས་ནི་རྒྱུ་ཕུན་སུམ་ཚོགས་པ་རྣམ་པ་གཉིས་ཇི་སྐད་དུ་བཤད་པ་བསྟན་པ་ཡིན་ནོ། །དེ་ཡང་ཐམས་ཅད་མཁྱེན་པ་ཉིད་སྐྱེ་བའི་རྒྱུ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། སྒྲུབ་པའི་རྒྱུ་ཡང་ཡིན་ཏེ་སྒྲུབ་པ་ཕྱིན་ཅི་མ་ལོག་པར་ནན་ཏན་བྱེད་པ་རྣམས་དེའི་འབྲས་བུ་འཐོབ་པར་ངེས་པའི་ཕྱིར་ནད་མེད་པར་བསྒྲུབ་པ་ནན་ཏན་བྱས་པས་ནད་མེད་པ་འཐོབ་པ་བཞིན་ནོ། །གང་གི་ཕྱིར་དེ་ལྟར་དེ་དག་ཉིད་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཕུལ་དབྱུང་དུ་མེད་པ་དང་ལྡན་པ་དེའི་ཕྱིར་དེ་དག་ནི་ཕྱི་རོལ་པ་དང་སློབ་པ་དང་མི་སློབ་པ་ཆེན་པོ་རྣམས་ཀྱི་བླ་ན་བཞུགས་པ་ཡིན་ཏེ། འགྲོ་བ་མཐའ་དག་གི་གཙུག་གི་ནོར་བུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ ། དེའི་ཕྱིར་དེ་དག་ཁོ་ན་ལ་ཕྱག་བྱ་བར་འོས་པ་ཡིན་གྱི། གཞན་དག་ལ་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །རྣམ་པ་གཅིག་ཏུ་འཇིག་རྟེན་ན་ཆེན་པོ་ཉིད་དུ་འདོད་པ་སེར་སྐྱ་དང་གཟེགས་ཟན་ལ་སོགས་པའི་ཡང་བླ་ན་བཞུགས་པ་ཉིད་ཀྱིས་ཁྱད་པར་དུ་འཕགས་པའི་ཕྱིར། ཉན་ཐོས་དང༌། རང་སངས་རྒྱས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ཕྱག་འཚལ་བར་སྟོན་ཏོ། །དེ་ལ་དག་བརྟན་བློ་མངའ་བ་ཞེས་བྱ་བ་འདིས་ནི་ཉན་ཐོས་དང་རང་སངས་རྒྱས་དང་སངས་རྒྱས་རྣམས་བསྟན་ཏེ། བློ་བརྟན་པ་ཉིད་ནི་ཡོངས་སུ་ཉམས་པའི་རླུང་གིས་མི་བསྐྱོད་པའི་ཕྱིར་ཏེ། དགེ་སློང་དག་འཕགས་པའི་ཤེས་རབ་ཀྱིས་སྤངས་པ་གང་ཡིན་པ་དེ་ནི་སྤངས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །ཆོས་ཚུལ་ཟབ་མོ་རྒྱ་མཚོ་ལྟ་བུའི་ཕ་རོལ་གཟིགས་ཞེས་བྱ་བ་འདིས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་བསྟན་ཏེ། སྤྱིར་བསྟན་ཀྱང་གཙོ་བོ་ཡིན་པའི་ཕྱིར་


DTG107_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ལོགས་ཤིག་ཏུ་བསྟན་ཏོ། །གང་དག་ཅེས་བྱ་བ་ནི་རེ་རེ་ལ་ཡང་སྦྱར་བར་བྱའོ། །ཡང་ཞེས་བྱ་བ་ཞིག་ནི་འདིར་དོན་གྱིས་མངོན་པའི་ཕྱིར་མ་སྨོས་སོ། །དེས་ན་དོན་ནི་འདི་ཡིན་ཏེ། གང་དག་སུ་རྣམས་ཆོས་ཚུལ་ཟབ་མོ་རྒྱ་མཚོ་ལྟ་བུའི་ཕ་རོལ་གཟིགས་པས་ལ་བཞུགས་པ་དེ་རྣམས་ལ་ཡང་ཕྱག་འཚལ་ལོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལྷག་པར་མོས་པ་ཡོངས་སུ་བསྒོམས་པའི་ཐུགས་མངའ་བ་རྣམས་ལ་ཕྱག་འཚལ་ལོ་ཞེས་བྱ་བར་སྦྱར་བ་ཡིན་ཏེ། འདིར་ཡང་ཡང་གི་དོན་བལྟ་བར་བྱའོ། །ཅིའི་ཕྱིར་འདི་དག་ཁོ་ན་ལ་ཕྱག་བྱ་བར་བརྗོད་ཅེ་ན། ཆེར་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་འདི་དག་ཁོ་ན་ཡོན་ཏན་ཕུན་སུམ་ཚོགས་པ་ཇི་ལྟར་བཤད་པ་དང་ལྡན་པས་ཕྱི་རོལ་པ་ཆེན་པོ་ཉིད་དུ་འདོད་པ་རྣམས་ཀྱི་བླ་ན་བཞུགས་པ་དེའི་ཕྱིར་འདི་དག་ཁོ་ན་ལ་ཕྱག་འཚལ་བར་བརྗོད་དོ། །དེ་ལ་མ་ཞུགས་པའི་སྔ་རོལ་ན་བསྟན་བཅོས་ཀྱི་དོན་ནི་ཤིན་ཏུ་ལྐོག་ཏུ་གྱུར་པའི་ཕྱིར་ཚིག་མ་རྟོགས་པ་སྟེ་རྟོགས་པའི་ཐབས་གཞན་མེད་ལ། རྟོག་པ་དང་ལྡན་ཞིང་དོན་དུ་གཉེར་ཡང་སྒྲུབ་པའི་དགོས་པ་མ་རྟོགས་པ་རྣམས་སོ་སོར་ངེས་པའི་སྒྲུབ་པ་མི་ལེན་པས་དེའི་ཕྱིར་ཉན་པ་པོའི་སྐྱེ་བོ་གཟུད་བའི་དོན་དུ་རེ་ཞིག་དང་པོར་རབ་ཏུ་བྱེད་པ་འདིའི་བརྗོད་པར་བྱ་བ་དང༌། དགོས་པ་བསྟན་པའི་ཕྱིར། གཟུགས་བརྙན་ལ་སོགས་པ་ལྟ་བུར་ཞེས་བྱ་བ་སྨོས་སོ། །འདིར་བརྗོད་པར་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དོ། །དེ་རྟོགས་པ་ནི་དངོས་སུ་དགོས་པ་ཡིན་ནོ། །དེའི་ཡང་དགོས་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མཐའ་དག་སྤོང་བ་ཡིན་ནོ། །དེ་ཕན་ཆད་ནི་རེ་བ་རྣམ་པར་ཆད་པའི་ཕྱིར་དགོས་པ་གཞན་མེད་དོ། །འབྲེལ་པ་ནི་རབ་ཏུ་བྱེད་པ་དང་དགོས་པ་དག་གི་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་དངོས་པོའི་མཚན་ཉིད་ཡིན་པར་བསྟན་པར་བྱ་སྟེ། གཞན་གྱི་དོན་དུ་གཉེར་བར་འཇུག་པ་ལ་ཡན་ལག་མ་ཡིན་པའི་ཕྱིར་རོ། །དེ་ཡང་འབྲེལ་པ་ཅན་ཁོ་ནས་བསྟན་པ་ཡིན་ཏེ། དེའི་བདག་ཉིད་ནི་བསྟན་དུ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། དེའི་ཕྱིར་འབྲེལ་པ་ལོགས་ཤིག་ཏུ་བསྟན་པར་མི་བྱའོ། །གཟུགས་བརྙན་ལ་སོགས་པ་ལྟ་བུར་ཞེས་བྱ་བ་ལ་སོགས་


DTG107_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

པས་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་རྟོགས་པ་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་སྤོང་བའི་ཐབས་ཉིད་དུ་སྟོན་པར་བྱེད་དེ། འདི་ལྟར་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་ནི་ཕྱིན་ཅི་ལོག་གིས་ཀུན་ནས་བསླང་བ་དག་ཁོ་ན་ཡིན་ལ། ཕྱིན་ཅི་ལོག་དེ་ཡང་རང་བཞིན་མེད་པ་ལ་ལོག་པར་དམིགས་པའི་རྣམ་པ་ཡིན་པས་དངོས་པོ་ལ་སོགས་པར་མངོན་པར་ཞེན་པའི་མཚན་ཉིད་ཡིན་ཏེ། ཕྱིན་ཅི་ལོག་དང་འགལ་བ་རང་བཞིན་མེད་པ་ཉིད་ཤེས་པས་སྤོང་བར་འགྱུར་བ་ཁོ་ནའོ། །ཕྱིན་ཅི་ལོག་སྤངས་ན་ཕྱིན་ཅི་ལོག་གི་རྩ་བ་ཅན་ཉོན་མོངས་པའི་ཚོགས་དང་ཤེས་བྱའི་སྒྲིབ་པ་མཐའ་དག་ཕྱིན་ཅི་ལོག་གི་བདག་ཉིད་དུ་ཇི་ལྟར་གནས་པར་འགྱུར། འདི་སྐད་དུ། ཆོས་ལ་བདག་མེད་མཁས་པ་ནི། །རང་བཞིན་མེད་པ་གོམས་བྱས་པས། །ཕྱིན་ཅི་ལོག་ལས་བྱུང་བ་ཡི། །ཉོན་མོངས་སྒྲིབ་པ་མེད་པར་སྤོང༌། །ཞེས་བྱ་བས་འཆད་པར་འགྱུར་ཏེ། དངོས་པོ་ལ་སོགས་པ་མངོན་པར་ཞེན་པ་ཕྱིན་ཅི་ལོག་ཉིད་ཡིན་པར་རྒྱས་པར་ནི་འཆད་པར་འགྱུར་རོ། །རྣམ་པ་ཞེས་བྱ་བའི་སྒྲ་ནི་ཚོགས་ཀྱི་དོན་ཏོ། །བརྟགས་པ་ནི་དངོས་པོའི་དེ་ཁོ་ན་ཡང་དག་པར་སོ་སོར་རྟོག་པའོ། །དེ་གནག་རྫི་ལ་སོགས་པའི་ཤེས་པ་གང་ལ་མེད་པ་དེ་ནི་མ་བརྟགས་པའོ། །འདིས་དགའ་བས་ན་དགའ་བ་སྟེ། གང་ལ་མ་བརྟགས་གཅིག་པུ་ན་དགའ་བ་ཁོ་ན་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །འདིས་ནི་ཀུན་རྫོབ་ཀྱི་ཤེས་པ་ལ་སྣང་བ་རྣམས་མི་བསལ་ལོ་ཞེས་བྱ་བར་སྟོན་པར་བྱེད་དོ། །འོ་ན་ཇི་ལྟར་རང་བཞིན་མེད་པ་ཉིད་ཡིན་སྙམ་པ་ལ། ཡང་དག་པར་ན་ཞེས་བྱ་བ་སྨོས་ཏེ། ཡང་དག་ཞེས་བྱ་བའི་སྒྲས་ནི་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པས་རྟོགས་པར་བྱ་བ་དེ་ཁོ་ན་ཉིད་ཀྱི་ངོ་བོ་ལ་བྱ་སྟེ། དེ་ཁོ་ན་ཉིད་ཀྱིས་རྣམ་པར་དཔྱད་ན་སྟོང་ངོ་ཞེས་བྱ་བའི་ཐ་ཚིག་གོ །འདིས་ནི་དེ་ཁོ་ན་ཉིད་དུ་དང་དོན་དམ་པ་ཁོ་ན་ཞེས་བྱ་བ་ལ་སོགས་པ་རྣམ་པར་བཤད་དོ། །ཡང་ན་ཡང་དག་པའི་ཤེས་པ་ཁོ་ན་ཡང་དག་པ་ལ་སོགས་པའི་སྒྲར་བརྗོད་དེ། དེའི་དམིགས་པ་ཡིན་པའི་ཕྱིར་རོ། །ཡང་དག་པའི་ཤེས་པའི་བསམ་པའི་དབང་གིས་རང་བཞིན་མེད་པ་ཡིན་གྱི། ཀུན་རྫོབ་ཀྱི་ཤེས་པའི་དབང་གིས་ནི་མ་ཡིན་ནོ་ཞེས་བྱ་


DTG107_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཐ་ཚིག་གོ །སྤོང་བར་གྱུར་པ་དེ་སུ་ཞིག་ཡིན་སྙམ་པ་ལ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པའི་ཕྱིར། ཅི་ལ་མ་རག་པར་སྦྱིན་པ་ལ་སོགས་པ་བསོད་ནམས་དང་ཡེ་ཤེས་ཀྱི་བདག་ཉིད་ཆས་བ་བརྩམས་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཉན་ཐོས་ལ་སོགས་པ་ནི་རྟེན་མི་བརྟན་པའི་ཕྱིར་དང༌། སྙིང་རྗེ་དང་བརྩོན་འགྲུས་ཆུང་བའི་ཕྱིར། ཤེས་བྱའི་སྒྲིབ་པ་མཐའ་དག་སྤང་བ་བསྐལ་པ་མི་ཉུང་བར་གོམས་པར་བྱས་པས་ཡང་དག་པར་བསྒྲུབ་པར་བྱ་བ་སྒྲུབ་པར་མི་ནུས་སོ་སྙམ་དུ་བསམས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཅི་ལ་མ་རག་པ་ཐམས་ཅད་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པའི་ཆེད་ཁོ་ན་ཉིད་ཡིན་མོད་ཀྱི། རང་གི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པའི་ཆེད་ཀྱང་མེད་ན་མེད་པ་ཡིན་པས་གཉི་གའི་དོན་བརྗོད་དེ། རབ་ཏུ་འབད་དོ་ཞེས་བྱ་བ་འདིས་ནི་རབ་ཏུ་འབད་པའི་མཆོག་སྟོན་པར་བྱེད་ཅིང་འདིའི་ཟློས་པ་ཉིད་ཡོངས་སུ་སྤོང་བར་བྱེད་དོ། །དེས་ན་འདི་སྐད་དུ། སྔོན་གྱི་སློབ་དཔོན་རྣམས་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་བསྟན་མོད་ཀྱི། ཀླན་ཀ་ངན་པའི་དྲི་མ་མཐའ་དག་བསལ་བའི་ཕྱིར་འབད་པ་མཆོག་དང་ལྡན་པས་སྟོན་པར་བྱེད་དོ་ཞེས་བཤད་པ་ཡིན་ནོ། །དེའི་ཕྱིར་འབད་པ་དོན་མེད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཀླན་ཀ་ངན་པའི་དྲི་མ་བསལ་བས་འདི་དབུ་མའི་རྒྱན་ཞེས་བྱའོ། །དེ་ལ་རེ་ཞིག་དང་པོར་རིགས་པ་ཁོ་ནས་བསྒྲུབ་པར་བྱ་བ་ཡིན་པས་འདིར་འཐད་པ། དེ་ལ་ལུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མས་བརྟན་པོར་མ་བྱས་པའི་ལུང་ནི་གཞན་དུ་ཡང་དྲང་བར་ནུས་པའི་ཕྱིར། དད་པས་རྗེས་སུ་འབྲང་བ་རྣམས་ཀྱང་ངེས་པ་མི་སྐྱེ་བས་ཡོངས་སུ་ཚིམ་པར་མི་འགྱུར་རོ། །ཀྱང་ཞེས་བྱ་བའི་སྒྲས་ནི་སེམས་ལོག་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་སྟོན་པར་བྱེད་དོ། །དངོས་པོའི་སྟོབས་ཀྱིས་ཞུགས་པ་སྨོས་པ་ནི་ལུང་ལས་གྲགས་པའི་རྗེས་སུ་དཔག་པ་བསལ་བའི་ཕྱིར་ཏེ། དེ་ཡང་ལུང་དང་འདྲ་བས་དེ་དང་བཅས་ཏེ་དེ་ཡང་ངེས་པར་མི་བྱེད་པའི་ཕྱིར་ཚིམ་པར་མི་འགྱུར་རོ། །རིགས་པ་ནི་ངེས་པ་


DTG107_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་པར་བྱེད་པས་ཡོངས་སུ་ཚིམ་པར་བྱེད་པ་ཡིན་ནོ། །ཇི་སྟེ་གལ་ཏེ་དེ་ལྟ་ན་གོ་རིགས་པ་ཁོ་ནས་ཆོག་མོད། ལུང་གིས་ཅི་ཞིག་བྱ་ཞེ་ན། མ་ཡིན་ཏེ། ལུང་ནི་རིགས་པའི་རྒྱན་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་འདི་ནི་རྟོག་གེ་པ་སྐམ་པོས་བརྟགས་པ་ཡིན་ནོ་ཞེས་མི་མཁས་པ་ཁ་ཅིག་གིས་བརྙས་པར་ཡང་འགྱུར་རོ། །རང་བཞིན་དང་བྲལ་བའམ། གང་དག་ལ་རང་བཞིན་དང་བྲལ་བ་ཡོད་པས་ཞེས་ཚིག་རྣམ་པར་སྦྱར་ཏེ། འདི་ནི་ཚད་མའི་འབྲས་བུ་ཡིན་ནོ། །སྦྱོར་བ་ནི་འདི་ལྟ་བུ་ཡིན་ཏེ། གང་ཟག་གཅིག་དང་དུ་མའི་རང་བཞིན་མ་ཡིན་པ་དེ་དག་ནི་དོན་དམ་པར་ན་རང་བཞིན་མེད་དེ། དཔེར་ན་གཟུགས་བརྙན་བཞིན་ནོ། །བདག་དང་གཞན་གྱིས་སྨྲས་པའི་དངོས་པོ་རྣམས་ཀྱང་གཅིག་དང་དུ་མའི་རང་བཞིན་མ་ཡིན་པས་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ཏེ། གཅིག་པ་ཉིད་དང་དུ་མ་ཉིད་དག་གིས་རང་བཞིན་ལ་ཁྱབ་པའི་ཕྱིར་རོ། །ཁྱབ་པ་དེ་ཉིད་བསྟན་པའི་ཕྱིར། །རང་བཞིན་ཞིག་ཡོད་པར་གྱུར་ན་ནི་ཞེས་བྱ་བ་སྨོས་སོ། །གཅིག་པ་ཞེས་བྱ་བ་ནི་ཆ་མེད་པ་ཉིད་དོ། །ཅིག་ཤོས་ཞེས་བྱ་བ་ནི་དུ་མ་ཉིད་དེ་ཐ་དད་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ །གང་གི་ངོ་བོ་རྣམ་པར་གཅད་པ་མེད་ན་ཡོངས་སུ་གཅོད་པ་མེད་པ་གང་ཡིན་པ་དེ་ནི་དེ་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་ཏེ། དཔེར་ན་དངོས་པོ་མེད་པ་རྣམ་པར་གཅད་པ་མེད་ན་ཡོངས་སུ་གཅོད་པ་མེད་པ་ལྟར་གཅིག་པ་ཉིད་དང་དུ་མ་ཉིད་གཉིས་ཀྱང་ཕན་ཚུན་གྱི་ངོ་བོ་རྣམ་པར་གཅད་པ་མེད་ན་ཡོངས་སུ་གཅོད་པ་མེད་པ་དག་ཡིན་ཏེ། ཐ་སྙད་ཀྱིས་ངེས་པར་བྱེད་དོ། །དེ་ལྟ་བས་ན་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་དག་ཡིན་ནོ། །འདིས་ནི་རྟག་པ་དང་མི་རྟག་པ་དང་རིམ་དང་རིམ་པ་མ་ཡིན་པ་ལ་སོགས་པ་ཡང་རྣམ་པར་བཤད་པ་ཡིན་ནོ། །ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་གང་དག་ཡིན་པ་དེ་དག་ཀྱང་གཅིག་ཡོད་པ་དང་དགག་པ་ནི་གཞན་དགག་པ་དང་ཡོད་པ་མེད་ན་མེད་པ་ཉིད་ཡིན་པའི་ཕྱིར་ཕུང་པོ་གཞན་མེད་པར་རྟོགས་པར་བྱེད་དེ། དཔེར་ན་དངོས་པོ་དང་དངོས་པོ་མེད་པ་ལྟ་བུར་གཅིག་པ་ཉིད་དང་དུ་མ་ཉིད་ཀྱང་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་དག་ཡིན་ནོ། །དེ་ལྟ་བས་ན་ཕུང་པོ་གཞན་མེད་པའི་ཕྱིར་རང་བཞིན་ནི་གཅིག་པ་ཉིད་


DTG107_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

དང་དུ་མ་ཉིད་དག་གིས་བསྡུས་པས་ཁྱབ་པ་གྲུབ་བོ། །རང་གི་སྡེ་པ་དང་ཕྱི་རོལ་པ་དག་གིས་སྨྲས་པའི་ཕུང་པོ་དང་གཙོ་བོ་ལ་སོགས་པ་ལ་དེ་དག་ཡང་དག་པར་ན་མེད་དེ་ཞེས་བྱ་བ་ནི་ཕྱོགས་ཀྱི་ཆོས་སྡུད་པ་ཡིན་ནོ། །ཡང་དག་པར་ན་ཞེས་བྱ་བ་ནི་མངོན་སུམ་ལ་སོགས་པ་དང་འགལ་བ་མེད་པར་སྟོན་ཏོ། །འོ་ན་འདི་ཅི་ཐལ་བར་འགྱུར་བར་སྒྲུབ་པ་ཡིན་ནམ། འོན་ཏེ་རང་གི་རྒྱུད་ཀྱིས་སྒྲུབ་པ་ཡིན། གལ་ཏེ་དང་པོ་ཡིན་པར་རྟོག་ན་ནི་དེའི་ཚེ་གཏན་ཚིགས་མ་གྲུབ་པ་ཡིན་ཏེ། གཞན་དག་དངོས་པོ་ཐམས་ཅད་ལ་གཅིག་དང་དུ་མ་དང་བྲལ་བ་ཁས་མི་ལེན་པའི་ཕྱིར་རོ། །ཇི་སྟེ་གཉིས་པ་ཡིན་ནོ་ཞེ་ན་ནི། དེ་ལྟ་ན་ཡང་ཤིན་ཏུ་མ་གྲུབ་པ་ཡིན་ཏེ། བདག་ཉིད་གཞི་ཁས་མི་ལེན་པའི་ཕྱིར་དང༌། ཕྱིར་རྒོལ་བ་ལ་ཡང་རང་གི་ངོ་བོ་མ་གྲུབ་པའི་ཕྱིར་རོ་སྙམ་དུ་དོགས་པ་ལ་གཏན་ཚིགས་འདི་མ་གྲུབ་བོ་སྙམ་དུ་མ་སེམས་ཤིག་ཅེས་བྱ་བ་སྨོས་སོ། །ཇི་ལྟར་སྙམ་པ་ལ། འབྲས་བུ་རིམ་ཅན་ཉེར་སྦྱོར་བས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྙམ་དུ་སེམས་ཏེ། རེ་ཞིག་གཞན་དག་གིས་བརྟགས་པ་ནམ་མཁའ་ལ་སོགས་པའི་དངོས་པོ་མ་གྲགས་པའི་རང་གི་ངོ་བོ་གང་དག་ཡིན་པ་དེ་ལ་ནི་ཐལ་བར་བསྒྲུབ་པ་ཁོ་ན་ཡིན་ལ། གྲགས་པའི་རང་གི་ངོ་བོ་རྣམས་ལ་ནི་གཉི་ག་ལྟར་ཡང་ཉེས་པ་མེད་དེ། འདི་ལྟར་གཞན་དག་གིས་དངོས་པོ་ཐམས་ཅད་ནི་རྟག་པ་དང་མི་རྟག་པ་ཉིད་ཀྱིས་ཕུང་པོ་གཉིས་སུ་ཁས་བླངས་པའི་ཕྱིར་རོ། །དེ་ལ་རེ་ཞིག་བདག་ལ་སོགས་པ་མ་གྲགས་པའི་རང་གི་ངོ་བོ་རྣམས་ཀྱང་རང་བཞིན་གཅིག་པ་ཉིད་དུ་ཁས་བླངས་མོད་ཀྱི། དེ་དག་ནི་འབྲས་བུ་རིམ་ཅན་རྣམ་པར་ཤེས་པ་ལ་སོགས་པ་ལ་ཉེ་བར་སྦྱོར་བར་ཁས་ལེན་ཏེ། ཤུགས་ཀྱིས་རང་བཞིན་གཅིག་པ་ཉིད་མེད་པ་འདྲེན་པར་བྱེད་པས་རེ་ཞིག་གཅིག་པ་ཉིད་དང་བྲལ་བར་གྲུབ་པ་ཁོ་ན་ཡིན་ནོ། །རྟག་པ་ཉིད་དུ་ཁས་བླངས་པའི་ཕྱིར་དུ་མ་དང་བྲལ་བ་ཡང་ཤིན་ཏུ་གྲུབ་པ་ཡིན་ཏེ་མདོར་བསྡུས་པའི་དོན་ཡིན་ནོ། །དེ་དག་ཅེས་བྱ་བ་ནི་རྟག་པ་རྣམས་སོ། །རང་གི་སྡེ་པ་དང་གཞན་གྱི་སྡེ་པས་ཁས་བླངས་པའི་དངོས་པོ་དེ་དག་ནི་ཞེས་བྱ་བ་ལ་སོགས་པས་ནི་ཚིག་ལེའུར་བྱས་པའི་ཕྱེད་རྣམ་པར་འགྲེལ་བར་བྱེད་དོ། །དང་པོ་ཞེས་བྱ་བ་ནི་རྟག་པ་


DTG107_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སོ། །དགའ་བ་དང་གདུང་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པ་བསྡུའོ། །དེ་དག་གིས་འབྲས་བུ་རྣམས་ཀྱང་ཅིག་ཅར་དུ་འབྱུང་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱུ་མཚང་བ་མེད་པའི་ཕྱིར་ཏེ། འབྲས་བུ་མྱུ་གུ་ལ་སོགས་པ་དུ་མ་ཅིག་ཅར་སྐྱེ་བ་བཞིན་ནོ། །འབྲས་བུ་རྣམས་ནི་རྒྱུ་མ་ཚང་ན་ཤོལ་གྱི་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཅིག་ཅར་གྱིས་ཁྱབ་པར་སྟོན་པར་བྱེད་དེ། གང་དག་ལ་རྒྱུའི་ནུས་པ་ཐོགས་པ་མེད་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །ཤོལ་བ་ནི་སྡོད་པའོ། །གལ་ཏེ་འབྲས་བུ་རྒྱུའི་ཆོས་ཐམས་ཅད་ཀྱི་རྗེས་སུ་བྱེད་པར་གྱུར་ན། དེར་འགྱུར་བ་མ་ཡིན་ནམ། ཇི་ཙམ་དུ་རྒྱུ་དང་འབྲས་བུ་གཉིས་གཅིག་པ་ཁོ་ནར་འགྱུར་དུ་འོང་བས། ཇི་ལྟར་འབྲས་བུ་ཆོས་ཐམས་ཅད་ཀྱི་རྗེས་སུ་བྱེད་པར་མི་འདོད་པ་བཞིན་དུ་རིམ་མ་ཡིན་པའི་རྗེས་སུ་བྱེད་པ་ཉིད་འདི་ཡང་དེ་ལྟར་འགྱུར་དུ་འོང་ངོ་སྙམ་པ་ལ། ཤོལ་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གལ་ཏེ་འབྲས་བུ་ལ་རྒྱུའི་ཆོས་མཐའ་དག་གི་རྗེས་སུ་བྱེད་པ་ཉིད་མེད་མོད་ཀྱི། འོན་ཀྱང་འདིས་གདོན་མི་ཟ་བར་དེ་ལ་ཡོད་པའི་རྫས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་ཇི་ལྟར་དེའི་འབྲས་བུ་ཞེས་བྱ། དེ་ལྟ་ན་ནི་ཐམས་ཅད་ཀྱང་ཐམས་ཅད་ཀྱི་འབྲས་བུར་ཐལ་བར་འགྱུར་རོ། །གལ་ཏེ་ལྷན་ཅིག་བྱེད་པའི་རྒྱུ་ལ་ལྟོས་པའི་ཕྱིར་རྒྱུ་མ་ཚང་བ་མེད་པ་ཉིད་མ་གྲུབ་བོ་སྙམ་པ་ལ། བྱེ་བྲག་ཏུ་བསྒྱུར་དུ་མི་རུང་བ་རྣམས་ལ་ནི་ལྷན་ཅིག་བྱེད་པའི་རྒྱུ་ལ་ལྟོས་པར་མི་འཐད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དེ་དག་བདག་ཉིད་ཀྱིས་ནུས་ན་ནི་ཅིའི་ཕྱིར་ལྷན་ཅིག་བྱེད་པ་ཕན་པ་མེད་པ་དེ་དག་ལ་ལྟོས་པར་འགྱུར། ཇི་སྟེ་མི་ནུས་ན་ནི་དེ་ལྟ་ན་ཡང་ལྟོས་པར་རིགས་པ་མ་ཡིན་ཏེ། དེ་དག་གིས་དེ་དག་ལས་ཕན་པ་ཅུང་ཟད་ཀྱང་མི་འཐོབ་པའི་ཕྱིར་རོ། །འོན་ཏེ་ཐོབ་ན་ནི་རྟག་པ་ཉིད་ཉམས་པར་ཐལ་བར་འགྱུར་རོ། །གཞན་ཡང་འབྲས་བུ་བྱེད་པའི་དུས་ན་ཞེས་བྱ་བ་ལ་སོགས་པས་ནི་ལྷན་ཅིག་བྱེད་པ་ལ་ལྟོས་པ་ཡིན་དུ་ཆུག་ན་ཡང་ལྷན་ཅིག་བྱེད་པའི་རྒྱུ་ཉེ་བའི་དུས་ན་ཡོད་པ་དང་རང་བཞིན་ཁྱད་པར་མེད་པའི་ཕྱིར་དེ་དང་འབྲེལ་པའི་རང་བཞིན་གྱི་རྗེས་སུ་འཇུག་


DTG107_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

པས་ན་མི་འདོད་བཞིན་དུ་མགུལ་ནས་བཏགས་པ་བཞིན་དུ་སྟོབས་ཀྱིས་དྲངས་པའི་ཕྱིར་ལྷན་ཅིག་བྱེད་པ་རྣམས་རྟག་ཏུ་གནས་པ་ཁོ་ན་ཡིན་པས་རྒྱུ་མ་ཚང་བ་མེད་པ་ཉིད་ཀྱིས་འབྲས་བུ་དང་མི་འབྲལ་བར་ཐལ་བར་བཟློག་དཀའོ་ཞེས་སྟོན་པར་བྱེད་དེ། གང་ལ་ལྷན་ཅིག་བྱེད་པའི་རྐྱེན་མཐའ་དག་དང་འདུག་པ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །འདིས་ནི་གང་དག་ལྷན་ཅིག་བྱེད་པའི་རྒྱུ་དེ་ཉིད་ནུས་པའི་སྒྲར་བརྗོད་དེ་ཞེས་བྱ་བ་ལ་སོགས་པས་ནི་དུས་ལ་སོགས་པར་སྨྲ་བ་གང་དག་དུས་ལ་སོགས་པའི་དངོས་པོ་རྣམས་རང་བཞིན་གཅིག་པ་ཡོད་མོད་ཀྱི། རིམ་གྱིས་འཇུག་པ་ཅན་གྱི་མཐུ་རྣམས་ལ་ལྟོས་ནས་འབྲས་བུ་དག་སྐྱེད་པར་བྱེད་དོ་ཞེས་ཟེར་བ་དེ་དག་ཀྱང་འདིས་བསལ་ལོ་ཞེས་སྟོན་པར་བྱེད་དོ། །འདི་ལྟར་གལ་ཏེ་མཐུ་དེ་དག་དོན་གཞན་ཡིན་པར་འགྱུར་བ་ཁས་ལེན་ན་ནི་དེའི་ཚེ་ལྷན་ཅིག་བྱེད་པའི་རྒྱུ་དེ་ཁོ་ན་ལ་དེ་སྐད་དུ་བརྗོད་པར་ཟད་པས་བྱེ་བྲག་མེད་དོ། །དེའི་ཕྱིར་སུན་དབྱུང་བ་ཡང་དེ་ཁོ་ན་ཡིན་ནོ། །ཇི་སྟེ་དོན་གཞན་དུ་གྱུར་པ་མ་ཡིན་ན་ནི། དེའི་ཚེ་དེ་དག་དེའི་རང་བཞིན་ལས་ཐ་མི་དད་པའི་ཕྱིར་དེའི་རང་བཞིན་རྗེས་སུ་འབྲང་བ་བཞིན་དུ་རྟག་ཏུ་ཉེ་བའི་རང་བཞིན་ཡིན་པས་ཇི་ལྟར་ན་འབྲས་བུ་འཇིག་པར་འགྱུར། ཇི་སྟེ་ཉེས་པ་འདིར་འགྱུར་དུ་འོང་ཞེས་བྱ་བ་ལ་སོགས་པས་ནི་ཚིགས་སུ་བཅད་པའི་ཕྱེད་འོག་མ་རྣམ་པར་འབྱེད་དེ། རྟག་པར་འདོད་པ་ཞེས་བྱ་བ་ནི་རྟག་པ་ཉིད་དུ་སེམས་པའོ། །དེ་དག་ལ་ཞེས་བྱ་བ་ནི་རྟག་པར་འདོད་པ་དག་ལའོ། །རང་བཞིན་སྔ་མ་ནི་འཇིག་པར་འགྱུར་རོ། །ཕྱི་མ་ནི་འབྱུང་བར་འགྱུར་རོ། །རང་གི་སྡེ་པ་གང་དག་ཅེས་བྱ་བ་ལ་སོགས་པས་ནི་བྱེ་བྲག་ཏུ་སྨྲ་བའི་གཞུང་གིས་མ་གྲུབ་པ་ཉིད་རྗོད་པར་བྱེད་དོ། །དེ་དག་ནི་སོ་སོར་བརྟགས་པ་ལ་སོགས་པ་འདུས་མ་བྱས། འདུས་བྱས་ཀྱི་འཇུག་པ་ཐམས་ཅད་དང་མི་མཐུན་པ་རྫས་སུ་ཡོད་པ་ཐ་ན་རང་གི་ཡུལ་ཅན་ཡིད་ཀྱི་རྣམ་པར་ཤེས་པའི་འབྲས་བུ་ལ་ཡང་དགོས་པ་མེད་པའི་ཕྱིར་ནུས་པ་ཐམས་ཅད་ཀྱིས་སྟོང་པར་འདོད་དེ། རྒྱུ་དང་འབྲས་བུ་དག་ནི་འདུས་བྱས་ཀྱི་ཡིན་གྱི། དེ་དག་འདུས་མ་བྱས་ཀྱི་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་རྣལ་འབྱོར་པའི་ཤེས་པ་དམ་པའི་ཡུལ་ཡིན་པའི་ཕྱིར། དོན་


DTG107_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པར་ཡོད་པའོ་ཞེས་བྱའོ། །དེའི་ཕྱིར་དེ་དག་གི་ལུགས་ལྟར་ན་འབྲས་བུ་རིམ་ཅན་ལ་ཉེ་བར་སྦྱོར་བ་མེད་པའི་ཕྱིར། ཇི་ལྟར་ན་གཅིག་དང་དུ་མའི་རང་བཞིན་གྱི་འགལ་བ་ཅན་དུ་འགྱུར་རོ། །འགལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ལན་འདེབས་ཏེ། ཤེས་པ་གང་ལ་བསྒོམས་པ་ལས་བྱུང་བ་ཡོད་པ་དེས་ཤེས་པར་བྱ་བའི་འདུས་མ་བྱས་གང་ཡིན་པ་དེ་སྨྲ་བའི་ངང་ཚུལ་ཅན་གང་དག་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་བའི་དོན་ཏོ། །དེ་དག་ནི་ཞེས་བྱ་བ་ནི་འདུས་མ་བྱས་པ་དག་གོ །ཡུལ་དང་ཡུལ་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་ཕ་རོལ་གྱི་ལན་དུ་དོགས་པར་བྱེད་པ་སྟེ། ཕ་རོལ་གྱི་བསམ་པ་ནི་གང་དག་གིས་ན་གཅིག་པ་ཉིད་ཉམས་པར་འགྱུར་བ་རྒྱ་སྐྱེགས་དང་ཤིང་བཞིན་དུ་ཤེས་པ་རིམ་ཅན་དང་དེ་དག་འབྲེལ་པར་ནི་ཁས་མི་ལེན་གྱི་ཡུལ་དང་ཡུལ་ཅན་ཉིད་དུའོ། །ཡུལ་དང་ཡུལ་ཅན་ཉིད་ནི་གཅིག་པ་ཉིད་དུ་ཡང་མི་འགལ་བ་ཁོ་ན་སྟེ། དོན་དམ་པར་ན་ཤེས་པའི་རང་གི་ངོ་བོ་ལ་མི་རེག་པ་ཁོ་ནར་ཡུལ་ཙམ་ཉིད་དུ་གནས་པའི་ཕྱིར་རོ། །ཡུལ་ནི་གདོན་མི་ཟ་བར་རྒྱུའི་ངོ་བོ་ཁོ་ནར་འགྱུར་བ་ཡང་མ་ཡིན་ནོ་སྙམ་པ་ཡིན་ནོ། །མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ལན་འདེབས་སོ། །འདི་ལ་ཕྱོགས་གཉིས་ཏེ། རེས་འགའ་རྣམ་པར་ཤེས་པ་སྔ་མ་ལ་སོགས་པས་ཤེས་པར་བྱ་བ་གང་ཡིན་པ་དེའི་རང་བཞིན་དེ་རྣམ་པར་ཤེས་པ་ཕྱི་མ་ལ་སོགས་པ་སྐྱེ་བའི་དུས་ན་ཡང་རྗེས་སུ་འབྲང་ངམ། ཡང་ན་མི་འབྲང་བ་ཞིག་ཡིན་གྲང༌། གལ་ཏེ་རྗེས་སུ་འབྲང་བ་ཡིན་ན་ནི་དེའི་ཚེ་རྣམ་པར་ཤེས་པ་སྔ་མ་ལ་སོགས་པ་དུས་གཅིག་པ་ཉིད་དུ་འགྱུར་ཏེ། རྣམ་པར་ཤེས་པ་རྣམས་ཀྱིས་ཤེས་པར་བྱ་བའི་རང་བཞིན་རྗེས་སུ་འབྲང་བའི་ཕྱིར་རོ། །སྦྱོར་བ་ནི་གང་གི་ཚེ་གང་ཞིག་རྣམ་པར་ཤེས་པ་གང་གིས་ཤེས་པར་བྱ་བའི་རང་བཞིན་རྗེས་སུ་འབྲང་བ་དེ་ནི་དེའི་ཚེ་རྣམ་པར་ཤེས་པ་དེའི་རྗེས་སུ་འབྲང་བའི་རང་བཞིན་ཡིན་ནོ། །དཔེར་ན་རང་གི་རྣམ་པར་ཤེས་པ་སྐྱེ་བའི་གནས་སྐབས་ན་འདུས་མ་བྱས་དེ་ཉིད་ལྟ་བུ་སྟེ། ཕ་རོལ་པོས་འདོད་པ་འདུས་མ་བྱས་རྣམ་པར་ཤེས་པ་སྔ་མ་དང༌། ཕྱི་མས་ཤེས་པར་བྱ་བའི་རང་བཞིན་རྣམས་ཀྱང་རྟག་ཏུ་རྗེས་སུ་འབྲང་བས་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ལ་སོགས་པ་


DTG107_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གཏན་ཚིགས་འདིའི་མ་ངེས་པ་ཉིད་ཡོངས་སུ་སྤོང་བར་བྱེད་དེ། རྣམ་པར་ཤེས་པ་མེད་ན་རྣམ་པར་ཤེས་པའི་ཤེས་བྱའི་རང་བཞིན་ཉིད་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་གཅིག་ལ་དུས་གཅིག་ཏུ་ཡོད་པ་དང་མེད་པ་ཕན་ཚུན་འགལ་བ་ཡོད་པར་ཁས་བླངས་པར་འགྱུར་ཏེ། དེའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ནོ། །ཕྱོགས་གཉིས་པ་ལ་ཡང་རང་བཞིན་གཞན་དང་གཞན་སྐྱེ་བའི་ཕྱིར་དང༌། སྔ་མ་སྔ་མ་ཡང་འཇིག་པའི་ཕྱིར་རྣམ་པར་ཤེས་པ་དེ་དང་འདྲ་བར་སྐད་ཅིག་པ་ཉིད་དུ་ཐལ་བར་འགྱུར་རོ།། དེ་ཉིད་ཇི་སྟེ་ཤེས་པ་སྔ་མ་དང་ཕྱི་མས་ཤེས་པར་བྱ་བ་ཞེས་བྱ་བ་ལ་སོགས་པས་དོགས་པར་བྱས་ནས་གལ་ཏེ་དེ་ལྟ་ན་ནི། སྔོན་དང་ཕྱི་མའི་གནས་རྣམས་སུ་ཞེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དེ། བསམ་གཏན་ཉིད་ཐུར་མ་ཡིན་ལ་གང་དག་ལ་དེས་བློ་གྲོས་ཀྱི་མིག་ཕྱེ་བ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །གཞན་གྱི་དུས་ན་མེད་ཅེས་བྱ་བ་ནི་རེས་འགའ་ཡོད་ཅེས་བྱ་བའི་ཐ་ཚིག་གོ །དེ་ཡང་ཞེས་བྱ་བ་ནི་འདུས་མ་བྱས་ཉིད་ཀྱི་དོན་ཏོ། །མི་འདའ་བར་འགྱུར་རོ་ཞེས་བྱ་བ་ནི་ཡུལ་གྱི་རིམ་གྱིས་ཡུལ་ཅན་གྱི་རིམ་པ་ལ་ཁྱབ་པས་ཡུལ་ཅན་གྱི་རིམ་པ་ནི་ཡུལ་གྱིས་བྱས་པའི་ཕྱིར་ཁྱབ་པ་ཉིད་སྟོན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ །དེས་ན་རྒྱུ་དང་རྐྱེན་རྣམས་ཀྱིས་བྱས་པ་ཉིད་ཀྱི་ཕྱིར་འདུས་མ་བྱས་སུ་སྟོན་པ་ཡང་མི་རུང་སྟེ། སྐད་ཅིག་སྔ་མ་སྔ་མས་ཕྱི་མ་ཕྱི་མ་རྣམས་བྱེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་སྐད་ཅིག་མ་རྣམས་རྒྱུ་མེད་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་རེས་འགའ་བ་ཉིད་དུའང་མི་འཐད་དོ། །ཡོད་པ་དང་མེད་པའི་དུས་གཉིས་བྱེ་བྲག་མེད་པའི་ཕྱིར་རོ། །འདི་དག་ཐམས་ཅད་ནི་བདག་གིས་རློམས་ཏེ་སྨྲས་སུ་ཟད་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་སུན་དབྱུང་བ་གཞན་ཡང་སྟོན་ཏེ། བསྡུས་པའི་དོན་ནི་གང་གིས་ན་ཕྱོགས་ཀྱི་ཆོས་ཉིད་དུ་མི་འགྱུར་བ་དོན་བྱེད་པས་སྟོང་པ་དེ་ལྟ་བུ་ཕྱོགས་ཀྱི་ཁོངས་སུ་འདུས་པར་ཡོད་པ་ནི་མ་ཡིན་ཏེ། དོན་བྱེད་པས་སྟོང་པ་ནི་རྟོག་པ་དང་ལྡན་པ་རྣམས་ཀྱིས་བཏང་སྙོམས་སུ་བྱ་བ་ཉིད་དུ་གནས་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །འདིས་ནི་གང་དག་མི་རྟག་པ་ཉིད་ལ་སོགས་པར་


DTG107_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་ཡོད་པ་ལ་སོགས་པ་ལ། དེ་ལྟ་བུས་མ་ངེས་པ་ཉིད་དུ་རྗོད་པར་བྱེད་པ་དེ་དག་ཀྱང་བསལ་བ་ཁོ་ནར་ཁོང་དུ་ཆུད་པར་བྱ་སྟེ། རྟོག་པ་དང་ལྡན་པའི་ཐ་སྙད་ཀྱི་ཡུལ་དོན་བྱེད་ནུས་པའི་མཚན་ཉིད་ཀྱི་ཡོད་པ་གཏན་ཚིགས་ཉིད་དུ་བརྗོད་པར་འདོད་པའི་ཕྱིར་རོ། །དེ་ལྟ་བུ་ནི་མེད་པ་རྣམས་ལས་ལོགས་ཤིག་ཏུ་ནི་བསྟན་པར་ཡང་མི་ནུས་ཏེ། མེད་པ་ནི་ནུས་པ་ཐམས་ཅད་དང་བྲལ་བ་ཙམ་གྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །རློམས་པ་ནི་ངའོ་སྙམ་པའི་ང་རྒྱལ་ལོ། །གཞན་དུ་ན་ཞེས་བྱ་བ་ནི་གལ་ཏེ་དོན་བྱེད་པར་རུང་བའི་ཡུལ་དཔྱད་པར་མི་འདོད་ན་དེའི་ཚེ་དོན་བྱེད་པ་དོན་དུ་གཉེར་བའི་སྐྱེས་བུ་རྣམས་ལ། དངོས་པོ་དོན་མེད་པར་དཔྱད་པ་དག་ཅི་དགོས་ཞེས་བརྗོད་པར་བྱ་བ་སྟེ། རྟོག་པ་དང་ལྡན་པའི་འཇུག་པ་ནི་དགོས་པ་དང་ལྡན་པས་ཁྱབ་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་གང་ཟག་དང་གཟུགས་ལ་སོགས་པ་ཆོས་རྣམས་གཏན་མེད་ན། ཇི་ལྟར་བདག་མེད་པ་བསྒྲུབ་པར་བྱ་སྙམ་པ་ལ། དངོས་པོའི་རྣམ་པ་དེ་ལྟ་བུ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་སྟེ། འདི་སྐད་དུ་དོན་བྱེད་ནུས་པར་གྲགས་པ་གང་ཡིན་པ་དེ་ཁོ་ན་ལ་སྒྲོ་བཏགས་པ་ལས་བཟློག་པ་ཡོད་པའི་སྒོ་ནས་ནི་གང་ཟག་ལ་སོགས་པ་བདག་མེད་པར་སྒྲུབ་པར་བྱེད་ལ། དགག་པའི་སྒོ་ནས་ནི་གཟུགས་ལ་སོགས་པ་ལ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་པའི་ངོ་བོ་འགོག་པར་བྱེད་ཀྱི། གང་ཟག་ལ་སོགས་པ་ནུས་པ་དང་བྲལ་བ་ལ་གཞི་མེད་པར་འགོག་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །འོ་ན་གཞན་ལ་ཇི་ལྟ་ཇི་ལྟར་བསྒྲུབ་སྙམ་པ་ལ། གཞན་ནི་བསྒྲུབ་པ་ཡང་མེད་དགག་པ་ཡང་མེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །འོ་ན་གང་དག་གང་ཟག་ཅེས་བྱ་བ་རྟག་པ་ལ་སོགས་པའི་རྣམ་པར་བརྗོད་དུ་མེད་པ་ཉིད་དངོས་པོར་འདོད་པ་དེ་དག་ལ་ཇི་ལྟར་རང་བཞིན་མེད་པ་ཉིད་འགྲུབ་པར་འགྱུར། ཇི་ལྟར་འདི་ལ་གཏན་ཚིགས་འགྲུབ་པར་འགྱུར་སྙམ་པ་ལ། དེ་ལྟ་བས་ན་དོན་བྱེད་ནུས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཉིད་ཀྱི་ཕྱིར་འདི་ལྟར་མཁས་པ་རྣམས་ནི་དོན་བྱེད་ནུས་པ་ལ་དངོས་པོའི་མཚན་ཉིད་དུ་རྗོད་པར་བྱེད་ལ། དོན་བྱེད་ནུས་པ་ལ་ཡང་སྐད་ཅིག་པ་ཉིད་ཀྱིས་ཁྱབ་པ་ཡིན་ནོ། །གཞན་ནི་རིམ་དང་ཅིག་ཤོས་ཀྱིས་དོན་


DTG107_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པར་འགལ་བའི་ཕྱིར་རོ། །ཆོས་ཅན་གང་ཟག་ལ་ཡང་སྐད་ཅིག་པ་ཉིད་ལོག་ན། སྐད་ཅིག་པས་ཁྱབ་པ་ཇི་སྐད་སྨྲས་པའི་ཡོད་པ་ལྡོག་པ་ཡང་སྒྲིམ་མི་དགོས་པར་གྲུབ་པ་ཉིད་དོ། །གཞན་ཡང་སྐད་ཅིག་སྐད་ཅིག་མ་ཡིན་པར་ཞེས་བྱ་བ་ལ་སོགས་པས་ནི་གཏན་ཚིགས་གྲུབ་པར་སྟོན་པར་བྱེད་དེ། སྐད་ཅིག་པ་ཡིན་པར་གྱུར་ན་ནི་རང་བཞིན་གཞན་དང་གཞན་འབྱུང་བའི་ཕྱིར་དུ་མའི་རང་བཞིན་ཉིད་དུ་འགྱུར་རོ། །སྐད་ཅིག་པ་མ་ཡིན་ན་ནི་རང་བཞིན་ཕྱི་མ་གཞན་མི་སྐྱེ་བའི་ཕྱིར་དང༌། སྔ་མ་ཡང་མ་ཞིག་པའི་ཕྱིར་གཅིག་པུ་ཉིད་དུ་འགྱུར་རོ། །གཉི་གའི་ངོ་བོ་ཡང་མི་སྲིད་ན་ནི་གཅིག་དང་དུ་མའི་རང་བཞིན་དང་བྲལ་བར་ཇི་ལྟར་མི་འགྱུར་ཁྱབ་པར་བྱེད་པ་ལོག་ན་ཁྱབ་པར་བྱ་བ་གནས་པ་ནི་མེད་དེ། ཁྱབ་པར་བྱེད་པས་མ་ཁྱབ་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་གང་ཟག་ལ་གཏན་ཚིགས་གྲུབ་པ་ཁོ་ན་ཡིན་ནོ། །རེ་ཞིག་དེ་ལྟར་རྟག་པའི་ཕུང་པོ་གནས་པ་རྣམས་ལ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བར་བསྒྲུབས་པ་ཡིན་ནོ། །ཡང་དེ་ལྟ་མ་ཡིན་པར་ཕུང་པོ་གཉིས་སུ་གཞག་ནས། དངོས་པོ་ཐམས་ཅད་ལས་གཅིག་དང་དུ་མའི་རང་བཞིན་དང་བྲལ་བར་རབ་ཏུ་བསྒྲུབ་པའི་ཕྱིར་གཞན་ཡང་གཞན་དག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁྱབ་པ་ཞེས་བྱ་བ་ནི་ཐམས་ཅད་ན་ཡོད་པ་སྟེ། དཔེར་ན་བདག་དང་ནམ་མཁའ་ལ་སོགས་པ་ལྟ་བུའོ། །བཟློག་པ་ནི་མ་ཁྱབ་པ་ཡིན་པར་རིག་པར་བྱའོ། །རགས་པ་ནི་ཡན་ལག་ཅན་རྣམས་སོ། །རྡུལ་ཕྲ་རབ་ལ་སོགས་པ་ནི་ཕྲ་མོ་རྣམས་སོ། །ཕུང་པོ་སྔ་མ་བསྟན་པ་ལ་མི་རྟག་པ་རྣམས་ནི་མ་ཁྱབ་པའི་ཕུང་པོའི་ནང་དུ་འདུས་པར་ཁོང་དུ་ཆུད་པར་བྱས་ཏེ། དེས་ན་དེ་དག་ལོགས་ཤིག་ཏུ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བར་རབ་ཏུ་མི་བསྒྲུབ་པོ། །བུམ་པ་ལ་སོགས་པ་གང་དག་ལ་ཐ་དད་པའི་ཕྱོགས་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །བསྒྲིབས་པ་དང་མ་བསྒྲིབས་པ་ནི་བསྒྲིབས་པ་དང་མ་བསྒྲིབས་པ་དག་གོ །དེ་གཉིས་ཀྱི་དངོས་པོ་ནི་བསྒྲིབས་པ་ཉིད་ལ་སོགས་པ་སྟེ། སོགས་པའི་སྒྲས་ནི་གཡོ་བ་དང་མི་གཡོ་བ་ཉིད་ལ་སོགས་པ་བསྡུའོ། །སྦྱོར་བ་ནི་གང་དག་བུམ་པ་ལ་སོགས་པ་ཕྱོགས་ཐ་དད་པ་ཅན་


DTG107_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

དག་དང་ལྡན་པ་དེ་དག་ནི་ངེས་པར་རང་བཞིན་གཅིག་པ་མ་ཡིན་ཏེ། དཔེར་ན་གཞོང་བུ་སྣ་ཚོགས་ན་འདུག་པའི་རྒྱ་ཤུག་ལྟ་བུ་སྟེ། ནམ་མཁའ་ལ་སོགས་པའི་དངོས་པོ་རྣམས་ཀྱང་ཕྱོགས་ཐ་དད་པ་ཅན་དང་ལྡན་པས་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་ཏེ། འདི་ནི་ཐལ་བར་འགྱུར་བར་བསྒྲུབ་པ་ཡིན་ནོ། །གཏན་ཚིགས་ཀྱི་ཁྱབ་པ་བསྟན་པའི་ཕྱིར། ནམ་མཁའ་ལ་སོགས་པ་ཕྱོགས་ཐ་དད་པའི་ཤིང་ལ་སོགས་པ་དང་འབྲེལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རང་བཞིན་ཐ་དད་པ་ཉིད་དུ་ཁས་མི་ལེན་ན་ནི། དེའི་ཚེ་ནམ་མཁའ་ལ་སོགས་པ་དང་འབྲེལ་པའི་རང་བཞིན་གསལ་བ་ཐམས་ཅད་ཕྱོགས་གཅིག་པར་ཐལ་བར་འགྱུར་ཏེ། སྤྱི་ལ་སོགས་པ་དངོས་པོ་གཅིག་དང་འབྲེལ་པའི་རང་གི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ། །ཕྱོགས་ཐ་དད་པ་ཡིན་ན་ནི་སྤྱི་ལ་སོགས་པ་དེ་ཉིད་གཞན་ན་གནས་པར་མི་འགྱུར་ཏེ། དེ་གསལ་བ་གཅིག་གིས་བསྡུས་པའི་རང་གི་ངོ་བོ་ཡིན་པའི་ཕྱིར་རོ། །རང་བཞིན་ཐ་དད་པ་གཞན་ཡང་མེད་པའི་ཕྱིར་ཏེ། རང་བཞིན་མེད་ན་འབྲེལ་པ་མི་རུང་བསམ་ངེས་པ་ཉིད་ཡིན་ནོ། །རགས་པ་རྣམས་ཀྱང་བསྒྲིབས་པ་དང་མ་བསྒྲིབས་པ་ཉིད་ལ་སོགས་པ་ཕན་ཚུན་འགལ་བའི་ཆོས་གནས་པའི་ཕྱིར། ལུས་ཅན་དང་ལུས་ཅན་མ་ཡིན་པ་བཞིན་དུ་རང་བཞིན་གཅིག་པ་ཉིད་དུ་རིགས་པ་མ་ཡིན་ནོ། །གལ་ཏེ་བསྒྲིབས་པ་ལ་སོགས་པ་ཡན་ལག་རྣམས་ཀྱི་ཡིན་གྱི་ཞེས་བྱ་བ་ལ་སོགས་པས་ནི་ཕ་རོལ་པོས་མ་གྲུབ་པ་ཉིད་དུ་བརྗོད་པའི་དོགས་པ་བསལ་བ་སྟེ། ཕ་རོལ་གྱི་བསམ་པ་ནི་རྟེན་དངོས་པོ་གཅིག་ལ་བསྒྲིབས་པ་ཉིད་ལ་སོགས་པ་འགལ་གྱི། རྟེན་ཐ་དད་པ་ལ་ནི་མ་ཡིན་ཏེ། ཡན་ལག་གཅིག་ལ་ནི་བསྒྲིབས་པ་དང་མ་བསྒྲིབས་པ་ཉིད་ལ་སོགས་པ་མ་གྲུབ་བོ། །འོ་ན་ཇི་ལྟ་བུ་ཞེ་ན། ཡན་ལག་རྣམས་ལ་སྟེ་དེའི་ཕྱིར་གཏན་ཚིགས་མ་གྲུབ་པོ་སྙམ་པ་ཡིན་ནོ། །ཅི་ཡན་ལག་ཅན་འདི་དག་ཅེས་བྱ་བ་ལ་སོགས་པས་ནི་ལན་འདེབས་པར་བྱེད་དོ། །དེ་ལ་ཡན་ལག་ཅན་དག་ཇི་སྟེ་ན་ཡན་ལག་རྣམས་དང་ལྡན་ནམ་མི་ལྡན་ཞེས་བྱ་བ་ཕྱོགས་གཉིས་ཏེ། རེ་ཞིག་གལ་ཏེ་མི་ལྡན་ཞེས་བྱ་བའི་ཕྱོགས་ཡིན་ན་ནི་དེའི་ཚེ་བསྒྲིབས་པ་ལ་སོགས་པ་དག་ཡན་ལག་རྣམས་ཀྱི་ཡིན་གྱི།


DTG107_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ཅན་གྱི་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་ནི་བདེན་ན། འོན་ཀྱང་ཡུལ་ཕན་ཚུན་རྣམ་པར་ཆད་པས་བསྒྲིབས་པ་དང་མ་བསྒྲིབས་པ་ལ་སོགས་པ་ཆོས་མི་མཐུན་པར་གནས་པ་དམིགས་པའི་རིག་བྱར་གྱུར་པ་ལུས་དེ་དང་རྐང་པ་ལ་སོགས་པ་ཡུལ་ཐ་དད་པ་ན་གནས་པའི་ཕྱིར་སོ་སོ་སོ་སོར་ཅིའི་ཕྱིར་མིག་གི་སྤྱོད་ཡུལ་དུ་མི་འགྱུར་བ་བརྗོད་པར་བྱ་དགོས་སོ། །འོན་ཏེ་ལྡན་པ་ཞེས་བྱ་བའི་ཕྱོགས་ཡིན་ནོ་ཞེ་ན་ནི་དེའི་ཚེ་ངེས་པར་ཆོས་འགལ་བ་གནས་པར་ཐལ་བར་འགྱུར་རོ་ཞེས་སྟོན་པར་བྱེད་དོ། །གལ་ཏེ་དེ་དག་ཀྱང་དེ་ཡིན་ནོ་ཞེ་ན་ཞེས་བྱ་བ་ལ་ཕ་རོལ་གྱི་བསམ་པ་ནི། གང་གི་ཕྱིར་ཡན་ལག་ཅན་དེ་དང་ཡན་ལག་དེ་དག་འདུ་བའི་མཚན་ཉིད་ཀྱི་འབྲེལ་པ་ཅན་ཡིན་པ་དེའི་ཕྱིར་ལོགས་ཤིག་ཏུ་དམིགས་པར་མི་འགྱུར་རོ་སྙམ་པ་ཡིན་ནོ། །དེ་ཉིད་དོ་ཞེས་བྱ་བ་ནི་དྲིས་ན་དེ་ཉིད་དོ་ཞེས་ཕ་རོལ་ཁས་ལེན་པའོ། །གལ་ཏེ་དེ་ཉིད་དོ་ཞེས་ཁྱོད་ཁས་མི་ལེན་ན་ནི་དེའི་ཚེ་ཉེས་པ་ཅིར་འགྱུར་ཞེ་ན། གཞན་དུ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རགས་པ་ནི་དུ་མ་ཚོགས་པ་ཙམ་ཁོ་ན་ཡིན་པར་འགྱུར་གྱི་གཅིག་པུ་ནི་མ་ཡིན་པར་འགྱུར་རོ། །འདི་ནི་དེ་བས་ཀྱང་ཆེས་རགས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཆོས་འགལ་བ་གནས་པར་སྒྲུབ་པར་བྱེད་དེ། འདི་ལྟར་རགས་པ་གང་ཞིག་ཡན་ལག་དམིགས་པ་དང་ལྡན་པར་ཀུན་ཏུ་དམིགས་པ་དེ་ཉིད་ཡན་ལག་བསྒྲིབས་པ་ལ་ཡང་ཡོད་པས། ཡན་ལག་བསྒྲིབས་པ་ལ་ཡང་དེ་ཁོ་ན་བཞིན་དུ་དམིགས་པར་འགྱུར་བ་ཞིག་ན་ནི་མི་དམིགས་ཏེ། དེ་ལྟ་བས་ན་བསྒྲིབས་པ་དང་མ་བསྒྲིབས་པ་ཉིད་ལ་སོགས་པ་ཆོས་འགལ་བ་གནས་པར་གྲུབ་པ་ཉིད་དོ། །རེ་ཞིག་དེ་ལྟར་རགས་པ་རྣམས་ལ་རང་བཞིན་གཅིག་པ་ཉིད་བསལ་བ་ཡིན་ནོ། །ད་ནི་རྡུལ་ཕྲ་རབ་རྣམས་ལ་ཡང་བསལ་བའི་ཕྱིར་རོ། །འོན་ཀྱང་གང་ཐོག་མར་དེ་རྩོམ་པའམ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཐོག་མར་དེ་རྩོམ་པ་ཞེས་བྱ་བ་ནི་ཇི་ལྟར་བྱེ་བྲག་པ་རྣམས་ཀྱིས་ཡོངས་སུ་བརྟགས་པ་ལྟ་བུ་སྟོན་པར་བྱེད་པ་སྟེ། དེ་དག་ནི་རྡུལ་ཕྲ་རབ་གཉིས་པ་ལ་སོགས་པ་རགས་པའི་རྫས་དང་པོ་རྩོམ་པར་བྱེད་པ་ནི་རྡུལ་ཕྲ་རབ་རྣམས་ཁོ་ན་ཡིན་པར་འདོད་དོ། །རགས་པ་གདགས་པའི་རྒྱུ་ཞེས་བྱ་བ་ནི་མདོ་སྡེ་པའི་ལུགས་སུ་བཤད་པ་སྟེ། དེ་དག་ནི་རགས་པ་གདགས་


DTG107_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་རྡུལ་ཕྲ་རབ་རྣམས་དེ་ལྟར་གནས་པ་འབའ་ཞིག་ཏུ་ཟད་ཀྱི་རྫས་གཞན་ནི་མེད་དོ་ཞེས་བརྗོད་དོ། །དེ་ལ་ཁ་ཅིག་ན་རེ་རྡུལ་ཕྲ་རབ་རྣམས་ལ་ཕྲ་རབ་ཕན་ཚུན་རེག་གོ་ཞེས་ཟེར་རོ། །གཞན་དག་ན་རེ་རིགས་མཐུན་པ་མང་པོས་བསྐོར་བ་རྣམས་ནི་བར་དང་བཅས་པ་ཁོ་ན་ཡིན་ལ། རགས་པར་འཁྲུལ་པའི་རྒྱུ་མཚན་ཡིན་ནོ་ཞེས་ཟེར་ཏེ། དཔེར་ན་སློབ་དཔོན་དགེ་བསྲུངས་ཀྱིས། གང་ལ་ཕྱོགས་ཆ་ཐ་དད་ཡོད། །དེ་ནི་གཅིག་པུ་མི་རུང་ངོ༌། །ཞེས་བྱ་བ་འདི་སུན་དབྱུང་བའི་བསམ་པས། ཐ་དད་ཕྱོགས་ནས་མང་པོ་དག །འགའ་ལ་ཀུན་ནས་བསྐོར་ཙམ་དུ། །བརྗོད་པར་ཟད་ཀྱི་རྡུལ་དེ་ནི། །ཆ་ཤས་བཅས་པའི་བདག་ཉིད་མིན། །ཞེས་བཤད་པ་ལྟ་བུའོ། །འདིའི་དོན་ནི་འདི་ཡིན་ཏེ། ཐ་དད་ཕྱོགས་ནས་ཞེས་བྱ་བའི་གཏན་ཚིགས་འདིས་ནི་རྡུལ་ཕྲ་རབ་མང་པོ་རྣམས་ཀྱིས་ཡོངས་སུ་བསྐོར་བ་ཙམ་དུ་བརྗོད་པར་འགྱུར་གྱི། ཡན་ལག་དང་བཅས་པ་ནི་མ་ཡིན་ནོ་ཞེས་བྱ་བར་ཟད་དེ། འདིར་ཡང་བར་དང་བཅས་པ་དག་ཁོ་ནར་གནས་སོ་ཞེས་དེ་སྙམ་དུ་བསམས་ནས་སྨྲས་པ་ཡིན་ནོ། །གཞན་དག་ན་རེ་རེག་པ་ཡང་མ་ཡིན་ལ་བར་དང་བཅས་པ་དག་ཀྱང་མ་ཡིན་མོད་ཀྱི། འདབ་ཆགས་པ་ཁོ་ནར་གནས་སོ་ཞེས་ཟེར་ཏེ། ཇི་སྐད་དུ་བཙུན་པ་ན་རེ་རྡུལ་རྣམས་མི་རེག་ཀྱང་བར་མེད་པས་རེག་པར་འདུ་ཤེས་སོ་ཞེས་ཟེར་བ་ལྟ་བུའོ། །དེ་ལ་ཕྱོགས་དང་པོ་ལྟར་ན་བདག་ཉིད་ཐམས་ཅད་ཀྱིས་འབྱར་ན་ནི་ཐམས་ཅད་ཀྱི་རང་བཞིན་ཕན་ཚུན་རྗེས་སུ་ཞུགས་པའི་ཕྱིར་གོང་བུ་རྡུལ་ཕྲ་རབ་གཅིག་ཙམ་དུ་འགྱུར་རོ། །བདག་ཉིད་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་རྡུལ་ཕྲ་རབ་ཀྱི་རང་བཞིན་ཅི་འདྲ་བ་དེ་ཁྱབ་ནས་ཞེས་བྱ་བའི་ཐ་ཚིག་གོ །ཕྱོགས་གཅིག་གིས་ཞེས་བྱ་བ་ནི་རང་བཞིན་མ་ཁྱབ་ནས་ཞེས་བྱ་བའི་ཐ་ཚིག་གོ །དེས་ནི་སྣང་བྱེད་ཀྱི་རྡུལ་ཕྲ་རབ་ནི་རང་བཞིན་གཅིག་པ་ཡིན་པས་ཐམས་ཅད་ཅེས་བྱ་བ་དང་ཕྱོགས་གཅིག་ཅེས་བྱ་བའི་སྒྲ་མི་འཐད་དེ། ཐམས་ཅད་དང་ཕྱོགས་གཅིག་ནི་ཡུལ་ཐ་དད་པའི་ཕྱིར་རོ་ཞེས་གང་སྨྲས་པ་དེ་བསལ་བ་ཡིན་ནོ། །ཕྱོགས་གཉིས་པ་ལྟར་ན་ཡང་རིགས་མཐུན་པ་རྣམས་དང་རེག་པར་མི་འདོད་དུ་ཆུག་ཀྱང༌། ཕྲག་ནི་སྣང་བ་དང་མུན་པའི་ངོ་བོ་ཡིན་པའི་ཕྱིར་རིགས་མི་མཐུན་པ་སྣང་བ་དང༌། མུན་པའི་རྡུལ་ཕྲ་རབ་རྣམས་དང་ནི་རེག་པར་འདོད་པ་ཉིད་


DTG107_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །སྣང་བས་མ་ནོན་པའི་མུན་པ་དང་བྲལ་བ་ཉིད་དམ། མུན་པས་གནས་སུ་མ་བྱས་པའི་སྣང་བ་དང་བྲལ་བ་ཉིད་ནི་རིགས་པ་དང་ལྡན་པ་མ་ཡིན་ཏེ། དེ་གཉིས་འབྱུང་བ་ནི་ཡུལ་ལ་སོགས་པ་ཕན་ཚུན་བྲལ་བ་ཙམ་ལ་རག་ལས་པའི་ཕྱིར་རོ། །བར་མེད་པའི་ཕྱོགས་ཀྱང་ཕྲད་པའི་ཕྱོགས་ཁོ་ནའི་ཁོངས་སུ་འདུས་ཏེ། ཕྲད་པའི་རྣམ་གྲངས་ཡིན་པའི་ཕྱིར་རོ། །བར་གྱི་ཡུལ་དང་བྲལ་བ་རྣམས་ལ་ནི་འབྱར་བ་མ་གཏོགས་པ་རྣམ་པ་གཞན་མེད་དོ། །དོན་དེ་ཉིད་སྒྲ་གཞན་གྱིས་བརྗོད་ཀྱང་གཞན་དུ་ནི་མི་འགྱུར་རོ། །ཕྱོགས་ཐམས་ཅད་སྤྱིར་སུན་དབྱུང་བར་འབྱར་བ་དང་ནི་བསྐོར་བའམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དབུས་ན་ཡོད་པའི་རྡུལ་ཕྲ་རབ་གང་ཡིན་པ་དེ་རང་བཞིན་གང་གིས་རྡུལ་ཕྲ་རབ་གཅིག་ལ་བལྟས་ཏེ་གནས་པ་དེ་ཉིད་ཀྱིས་གཞན་ལ་བལྟས་སམ། འོན་ཏེ་མ་ཡིན་ཞེས་བྱ་བ་བརྟག་པ་གཉིས་སོ། །དེ་ལ་ཕྱོགས་དང་པོ་ལྟར་ན་བསྐོར་བའི་རྡུལ་ཕྲ་རབ་ཐམས་ཅད་ཕྱོགས་གཅིག་པ་ཉིད་དུ་ཐལ་བར་འགྱུར་ཏེ། དེའི་རང་བཞིན་ལ་བལྟས་པ་ཉིད་ཀྱི་ཕྱིར་རོ། །རྡུལ་ཕྲ་མོ་གང་ལ་རང་བཞིན་དེ་གཅིག་ཡོད་པ་དེ་ནི་དེའི་རང་བཞིན་ཡིན་ལ་རྡུལ་ཕྲ་མོ་གང་ལ་དེའི་རང་བཞིན་གྱི་རྡུལ་ཕྲ་མོ་ལ་བལྟས་པ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་ཏེ་དེའི་དངོས་པོ་ནི་དེ་ཉིད་དོ། །སྦྱར་བ་ནི་རྡུལ་ཕྲ་རབ་ཀྱི་ངོ་བོ་གཅིག་ལ་བལྟས་པའི་རང་བཞིན་གང་ཡིན་པ་དེ་ནི་ཕྱོགས་གཅིག་པ་ཅན་ཡིན་ཏེ། དཔེར་ན་དབུས་ན་གནས་པའི་རྡུལ་ཕྲ་རབ་དེ་ཉིད་ཀྱི་ཤར་ཕྱོགས་ན་གནས་པའི་རྡུལ་ཕྲ་རབ་ལྟ་བུའམ། ཤར་ཕྱོགས་ཀྱི་ཁང་པ་ལ་ཁང་པ་གཅིག་བལྟས་པ་ལྟ་བུ་སྟེ། བསྐོར་བའི་རྡུལ་ཕྲ་རབ་ཐམས་ཅད་ཀྱང་རྡུལ་ཕྲ་རབ་གཅིག་ལ་བལྟས་པའི་རང་བཞིན་ཡིན་པས་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཕྱོགས་ཐ་དད་པ་ན་གནས་པ་ཡིན་ན་ནི་མངོན་པར་འདོད་པའི་རྡུལ་ཕྲ་རབ་གཅིག་པུ་ལ་བལྟས་པའི་རང་བཞིན་དག་ཏུ་མི་འགྱུར་ཏེ། རྡུལ་ཕྲ་རབ་དེ་ལ་རང་བཞིན་གཞན་མེད་པའི་ཕྱིར་རོ། །རང་བཞིན་མེད་ན་བལྟས་པ་ཡང་མི་རུང་བའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་ནོ། །དེའི་ཕྱིར་ཡང་དག་པར་ན་བསྐོར་ཏེ་གནས་པ་མེད་པས་རྡུལ་ཕྲ་རབ་རྣམས་རྒྱས་པར་མི་འགྱུར་རོ། །ཕྱོགས་གཉིས་པ་ལྟར་ན་ཡང་ཡན་


DTG107_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ལག་དང་བཅས་པ་ཉིད་དུ་ཐལ་བར་འགྱུར་བར་གསལ་བར་རབ་ཏུ་བདག་གིས་རྣམ་པར་མ་ཕྱེའོ། །རྡུལ་ཕྲ་མོ་རྣམས་རང་བཞིན་མེད་པ་ཉིད་དུ་གྲུབ་པ་ཁོ་ནས་རྡུལ་ཕྲ་མོ་ལ་ལྟོས་ནས་རབ་ཏུ་བརྟགས་པའི་བདག་ཉིད་དུ་གནས་པའི་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་འབད་མི་དགོས་པར་གྲུབ་པ་ཉིད་དོ་ཞེས་བསྟན་པའི་ཕྱིར། རྡུལ་ཕྲན་རང་བཞིན་མེད་གྲུབ་པ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིར་འཐད་པ། དེ་ཡི་རང་བཞིན་དེས་བརྩམས་དག །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རེ་ཞིག་རང་གི་སྡེ་པ་རྣམས་ནི་གཟུགས་ཅན་གྱི་ཁམས་རྣམས་སུ་རྣམ་པར་གཞག་པ་གང་དག་ཡིན་པ་དེ་དག་ནི་རྡུལ་ཕྲ་རབ་ཀྱི་རང་བཞིན་ཁོ་ན་ཡིན་པར་འདོད་དོ། །ཁམས་གཞན་གང་དག་ཡིན་པ་དེ་དག་ཀྱང་དངོས་སུའམ་བརྒྱུད་པས་རྡུལ་ཕྲ་རབ་ལ་བརྟེན་པ་ཡིན་པའི་ཕྱིར་རྡུལ་ཕྲ་རབ་ཀྱིས་བརྩམས་པ་ཡིན་པ་ཁོ་ནར་བརྗོད་དོ། །བྱེ་བྲག་ལ་སོགས་པ་ནི་རྡུལ་ཕྲ་མོ་གཉིས་པོ་ལ་སོགས་པའི་བར་འབྲས་བུའི་རྫས་ནི་རྡུལ་ཕྲ་རབ་རྣམས་ཀྱིས་དངོས་དང་བརྒྱུད་དེ་བརྩམས་པ་ཁོ་ནར་འདོད་དོ། །གྲངས་ལ་སོགས་པ་ཡོན་ཏན་རྣམས་ཀྱང་ཕལ་ཆེར་མངོན་སུམ་མམ་བརྒྱུད་པས་རྫས་རྣམས་ཁོ་ན་ཡིན་པར་ཁས་ལེན་ཏེ། དེའི་ཕྱིར་དེ་དག་གི་ཡོན་ཏན་ཡིན་པས་དེའི་ཡོན་ཏན་ཞེས་བྱའོ། །འདེགས་པ་ལ་སོགས་པ་ལས་ཀྱི་བྱེ་བྲག་རྣམས་ཀྱང་ཕལ་ཆེར་མངོན་སུམ་མམ་བརྒྱུད་པས་དེའི་ལས་ཀྱི་རང་བཞིན་དག་ཡིན་ཏེ། ལས་ནི་ལུས་ཅན་གྱི་རྫས་ལ་བརྟེན་པའི་ཕྱིར་རོ། །དེ་དག་གི་ལས་ནི་དེའི་ལས་ཏེ་ལས་ཀྱི་བྱེ་བྲག་གང་དག་ལ་དེའི་རང་བཞིན་དེ་ཉིད་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ།། སྤྱི་ཡང་རྣམ་པ་གཉིས་ཡིན་ལ། ཁྱད་པར་རྣམས་ཀྱང་རྫས་ཐ་མ་ལ་ཡོད་པ་དག་ཡིན་པས་སྤྱི་དང་ཁྱད་པར་ཏེ། རྫས་རྣམས་ཀྱི་སྤྱི་དང་ཁྱད་པར་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེ་འདི་ལྟར་སྤྱི་ཡོད་པ་ཉིད་དང་བ་ལང་ཉིད་ལ་སོགས་པ་ནི་རྫས་དང་ཡོན་ཏན་དང་ལས་གསུམ་དང་ལྡན་པའི་ཕྱིར་ཕལ་ཆེར་དངོས་སུའམ་བརྒྱུད་པས་དེ་དག་ལ་བརྟེན་པ་ཉིད་དོ། །ཁྱད་པར་རྣམས་ཀྱང་ཕལ་ཆེར་དངོས་སུ་དེ་དག་ལ་བརྟེན་པ་དག་ཁོ་ན་ཡིན་ནོ། །འབྲས་བུའི་རྫས་ལ་སོགས་པ་ཇི་སྐད་བཤད་པ་དེ་དག་ཀྱང་གང་གི་ཕྱིར་འདུ་བ་ཞེས་བྱ་བའི་འབྲེལ་བའི་སྟོབས་ཀྱིས་དེ་དང་འདུ་བ་ཅན་དུ་འདོད་པ་དེའི་


DTG107_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འབྲེལ་པ་ཅན་རྣམས་མེད་པས་འབྲེལ་པ་ཅན་དང་འབྲེལ་བའི་ངོ་བོ་འདུ་བ་ཡང་མེད་པ་ཁོ་ནའོ། །དེའི་ཕྱིར་འདི་དག་ཐམས་ཅད་ནི་རྡུལ་ཕྲ་རབ་ཀྱི་རྩ་བ་ཅན་ཡིན་པའི་ཕྱིར་རྡུལ་ཕྲ་རབ་ཀུན་ཏུ་ཆད་ན་ཇི་ལྟར་གནས་ཐོབ་པར་འགྱུར། རང་གི་སྡེ་པ་དག་ནི་གཟུགས་ཅན་གྱི་ཁམས་བཅུ་པོ་དག་རྡུལ་ཕྲ་རབ་བསགས་པ་ཡིན་པར་བརྗོད་དེ་ཞེས་བྱ་བ་ལ་སོགས་པས་ནི་ཚིག་ལེའུར་བྱས་པའི་དོན་རྣམ་པར་འགྲེལ་པར་བྱེད་དོ། །འོ་ན་འདུས་མ་བྱས་ལ་ཐབས་ཅི་ཡོད་སྙམ་པ་ལ། ནམ་མཁའ་ལ་སོགས་པ་འདུས་མ་བྱས་མཐའ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡོན་ཏན་རྣམས་ཀྱང་ཕལ་ཆེར་ཞེས་བྱ་བ་ནི་སྒྲ་ལ་སོགས་པ་རྡུལ་ཕྲ་རབ་ཀྱི་ཡོན་ཏན་མ་ཡིན་པའི་ཕྱིར་རོ། །བརྟེན་པ་རྣམས་ནི་དངོས་སུ་འབྲས་བུའི་རྫས་ལ་སོགས་པའོ། །ཉེ་བར་བརྟེན་པ་རྣམས་ནི་བརྟེན་པ་ལ་བརྟེན་པ་ལ་སོགས་པའོ། །ནམ་མཁའ་ལ་སོགས་པ་རྡུལ་ཕྲ་རབ་ལ་མི་བརྟེན་པ་ཇི་ལྟར་དགག་སྙམ་པ་ལ། རྟག་པའི་དངོས་པོ་ནམ་མཁའ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷག་མ་ནི་གོ་སླའོ། །གཉིས་དང་གཉིས་མ་ཡིན་པའི་ཚུལ་དུ་བརྗོད་པ་དངོས་སུ་བསྟན་པར་བྱའོ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཕུང་པོ་མཚུངས་པར་ལྡན་པ་དང་བཅས་པ་རང་བཞིན་མེད་པ་ཉིད་ཅེས་བྱ་བ་རྣལ་མ་དང་སྦྱར་རོ། །དེ་ལ་ཤེས་པ་དང་ཤེས་བྱ་ཡོད་པ་ཉིད་ཀྱི་ཚུལ་ནི་གཉིས་ཀྱི་ཚུལ་ལོ། །ཤེས་པ་ཙམ་ཡོད་པ་ཉིད་ཀྱི་ཚུལ་ནི་གཉིས་མ་ཡིན་པའོ། །དེ་ལ་གཉིས་ཀྱི་ཚུལ་ལ་ཡང་རྣམ་པ་གཉིས་ཏེ་ཁ་ཅིག་ན་རེ་ཤེས་པ་རྣམ་པ་མེད་པ་ཁོ་ནས་ཡུལ་རྟོགས་པར་འགྱུར་རོ་ཞེས་ཟེར་རོ། །གཞན་དག་ན་རེ་རྣམ་པ་དང་བཅས་པ་ཁོ་ནའོ་ཞེས་ཟེར་རོ། །དེ་ལ་རྣམ་པ་མེད་པའི་ཕྱོགས་ལྟར་ན། ཤེས་པས་ཕྱི་རོལ་གྱི་དོན་འཛིན་པར་རིགས་པ་མ་ཡིན་ཏེ། འབྲེལ་པའི་རྒྱུ་མེད་པའི་ཕྱིར་རོ། །རང་རིག་པ་ལ་གང་གིས་ན་རང་རིག་པ་ཁོ་ནར་འདོད་ཀྱི། ཕྱི་རོལ་མ་ཡིན་པ་འབྲེལ་བ་ཅི་ཞིག་ཡོད་པར་མ་ཡིན་ནམ། ཇི་སྟེ་དེ་ནི་རང་རིག་པའི་རང་བཞིན་ཡིན་པའི་ཕྱིར་རང་རིག་པར་རྣམ་པར་གཞག་གོ་ཞེ་ན། གལ་ཏེ་དེ་ལྟ་ན་ནི་ཡུལ་འཛིན་པའི་རང་བཞིན་ཡིན་པའི་ཕྱིར་ཡང་ཡུལ་རིག་པར་ཅིའི་ཕྱིར་མི་གཞག །


DTG107_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་ཤེས་པའི་སུལ་འཛིན་པའི་ལས་ནི་ཅི་འདྲ་བ་ཞིག་ཡིན། གང་གིས་ན་ཡུལ་རིག་པར་གཞག་པར་བྱ་ཞེ་ན། གལ་ཏེ་དེ་ལྟ་ན་ནི་རང་རིག་པ་ལ་ཡང་བརྒལ་ཞིང་བརྟག་པ་མཚུངས་སོ་སྙམ་པ་འདི་སེམས་ལ་བསྔོགས་ནས་རང་རིག་པ་ལ་ཡང་རང་འཛིན་པའི་ལས་ཅི་འདྲ་བ་དེ་ཉེ་བར་སྟོན་ཅིང་བརྒལ་ཞིང་བརྟག་པ་མི་མཚུངས་པ་ཉིད་དུ་བསྒྲུབ་པའི་ཕྱིར། རྣམ་ཤེས་བེམས་པོའི་རང་བཞིན་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏོ། །མདོར་བསྡུས་པའི་དོན་ནི་རང་རིག་པའི་ལས་ནི་ཤིང་རྟ་དང་རྩིག་པ་ལ་སོགས་པ་བེམས་པོའི་རང་བཞིན་དག་ལས་ལོག་པ་ཁོ་ན་ཡིན་ཏེ། གསལ་བ་གཞན་ལ་མི་ལྟོས་པ་ཉིད་དུ་ཐ་སྙད་ཀྱི་ལམ་ལ་འཇུག་པ་ཡིན་ནོ། །ལྷག་མ་ནི་གོ་སླའོ། །ཇི་སྟེ་བྱ་བ་དང་བྱེད་པའི་དངོས་པོར་ཅིའི་ཕྱིར་རྣམ་པར་མི་གཞག་སྙམ་པ་ལ། བྱ་དང་བྱེད་པའི་དངོས་པོར་མིན། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ནི་ཉེ་བར་མཚོན་པར་ཟད་ཀྱི་དེ་བཞིན་དུ་གཟུང་བ་དང་འཛིན་པའི་དངོས་པོར་ཡང་མི་འདོད་པ་ཉིད་དོ། རྣམ་པར་འགྲེལ་པ་ལས་ཀྱང་དེ་བཞིན་ཉིད་དུ་སྟོན་ཏོ། །གསུམ་གྱི་རང་བཞིན་མི་འཐད་ཕྱིར། །ཞེས་བྱ་བ་ནི་བསྐྱེད་པར་བྱ་བ་དང་སྐྱེད་པ་པོ་དང་བསྐྱེད་པར་བྱ་བའི་ངོ་བོ་འམ། རིག་པར་བྱ་བ་དང་རིག་པ་པོ་དང་རིག་པའི་ངོ་བོར་རོ།། ཅིའི་ཕྱིར་མི་རིགས་སྙམ་པ་ལ། འདི་ལྟར་སྐྱེ་བའི་སྔ་ལོགས་ན་ནི་མེད་པས་ནུས་པ་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་བདག་ཉིད་བསྐྱེད་པ་ན་མ་སྐྱེས་པའམ། སྐྱེས་ཟིན་པ་ཞིག་སྐྱེད་པར་འགྱུར་གྲང་ན། རེ་ཞིག་མ་སྐྱེས་པ་ནི་མ་ཡིན་ཏེ། སྐྱེ་བའི་སྔ་ལོགས་ན་དེ་མེད་པའི་ཕྱིར་རོ། །མེད་ན་ནུས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཏེ། མེད་པའི་མཚན་ཉིད་ནི་དེ་ཙམ་དུ་ཟད་པའི་ཕྱིར་རོ། །ཇི་སྟེ་སྐྱེས་ཟིན་པ་ཞེས་བྱ་བའི་ཕྱོགས་ཡིན་ན་ནི་དེའི་ཚེ་སྐྱེས་ཟིན་ཏེ་ནུས་པའི་ཚེ་བསྐྱེད་པར་བྱ་བ་ཡང་བདག་ཉིད་དུ་གྲུབ་པའི་ཕྱིར་བསྐྱེད་པར་བྱ་བ་ཉིད་དུ་མི་འཐད་དོ། །དེ་ལྟ་མ་ཡིན་ན་འཆོལ་བ་དང་ཐུག་པ་མེད་པར་ཡང་འགྱུར་རོ། །གང་ཞིག་གང་དང་གྲུབ་པ་དང་བདེ་བ་གཅིག་པ་མ་ཡིན་པ་དེ་ནི་དེའི་རང་བཞིན་ཡིན་པར་མི་རིགས་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རིག་པར་བྱ་བ་དང་རིག་པ་པོའི་དངོས་པོ་ཡང་བསལ་བ་ཡིན་ཏེ། རིག་པར་བྱ་བ་


DTG107_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དང་རིག་པ་པོའི་དངོས་པོ་ནི་བསྐྱེད་པར་བྱ་བ་ལ་སོགས་པའི་ངོ་བོས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དེ་ལྟ་བས་ན་ཞེས་བྱ་བ་ནི་མཇུག་སྡུད་དོ། །ཕྱི་རོལ་རིག་པའི་བྱ་བ་མི་རུང་བར་བསྟན་པའི་ཕྱིར། དེའི་ཕྱིར་འདི་ནི་ཤེས་པ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་སྟེ་ཞེས་བྱ་བ་ནི་ཕ་རོལ་གྱི་ལུགས་ཀྱི་དོགས་པ་བསུ་བའོ། །ཡུལ་སོ་སོར་རྣམ་པར་རིག་པ་ཡིན་པས་ཞེས་བྱ་བ་ནི་ཡུལ་ལ་དམིགས་པའི་རང་བཞིན་ཡིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །རྣམ་པར་ཤེས་པས་ཇི་ལྟར་བདག་ཉིད་རིག་པ་ལྟར་ཡུལ་ལ་དམིགས་པའི་རང་བཞིན་དེ་ཉིད་མ་གྲུབ་པར། དེའི་རང་བཞིན་གཞན་ལ་མེད། །ཅེས་བྱ་བ་ལ་སོགས་པས་སྟོན་ཏེ། གལ་ཏེ་ཤེས་པ་དང་ཤེས་བྱ་གཉིས་གཅིག་པ་ཉིད་དུ་ཁས་བླངས་པར་གྱུར་ན་ནི་དེའི་ཚེ་རང་རིག་པའི་མཚན་ཉིད་ནི་གསལ་བའི་ངོ་བོ་ཙམ་ཡིན་པའི་ཕྱིར་རང་རིག་པ་བཞིན་དུ་དོན་ཡང་རིག་པར་འགྱུར་བ་ཞིག་ན་རྣམ་པ་གཉིས་སུ་སྨྲ་བ་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་ཁྱོད་དེ་ལྟར་ཡང་མི་འདོད་དོ། །ཡོངས་སུ་གཅོད་པ་ཞེས་བྱ་བའི་ངོ་བོ་དེ་ནི་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་འགྲེལ་པར་བྱེད་དོ། །དེ་ནི་ཞེས་བྱ་བའི་ཐ་ཚིག་གོ །ཤེས་པ་དོན་དང་ལྷན་ཅིག་དེའི་བདག་ཉིད་དུ་གྱུར་བ་མ་ཡིན་དུ་ཟིན་ཀྱང་རྣམ་པར་ཤེས་པ་དོན་རིག་པར་བྱེད་པར་གོ་ཅིའི་ཕྱིར་མི་འགྱུར་སྙམ་པ་ལ། འབྲེལ་པ་གང་གིས་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོ་ན་དེ་ལས་སྐྱེས་པའི་ཕྱིར་འབྲེལ་བར་འགྱུར་རོ་སྙམ་པ་ལ། དེ་ལས་བྱུང་བ་ཙམ་གྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་ཀྱི་ཕྱིར་ཚོགས་པ་གཅིག་ལ་རག་ལས་པས་ཀྱང་འབྲེལ་པར་བསྟན་པར་རིགས་པ་མ་ཡིན་ཏེ། མིག་ལ་སོགས་པ་དུས་མཉམ་པ་དག་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། །ཤེས་པའི་རང་བཞིན་ཉིད་དེ་འདྲ་སྟེ། དེས་ན་ཡུལ་ཁོ་ན་རིག་པར་འགྱུར་གྱི། མིག་ལ་སོགས་པ་ནི་མ་ཡིན་ནོ་ཞེ་ན། དེ་ཡང་ལན་དུ་མི་རུང་སྟེ། བརྟག་པར་བརྩམས་པའི་རང་གི་ངོ་བོ་ཉིད་མ་གྲུབ་པའི་ཕྱིར་རོ། །ནམ་ཞིག་ན་དོན་རང་རིག་པར་བྱར་རུང་སྙམ་པ་ལ། གལ་ཏེ་དོན་ཀྱང་ཡོངས་སུ་གཅོད་པའི་བདག་ཉིད་དུ་གྱུར་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བདག་ཉིད་དུ་གྱུར་ཅེས་བྱ་བ་ནི་རང་


DTG107_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་གྱུར་ཅེས་བྱ་བའི་ཐ་ཚིག་གོ །དེའི་བདག་ཉིད་ཅེས་བྱ་བ་ནི་ཡོངས་སུ་གཅོད་པའི་བདག་ཉིད་དོ། །ཤེས་པའི་དོན་ཡོངས་སུ་གཅོད་པའི་ངོ་བོ་ཡིན་པས་ཞེས་བྱ་བ་ནི་ཡིན་པས་ན་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་ཡིན་ནོ་སྙམ་པ་ལ་ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་པའི་དུག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་པ་ཉིད་དུག་བཞིན་དུ་གདུག་པ་ཡིན་ལ་གང་ལ་དེས་མ་རུང་བར་བྱས་པའི་བསམ་པ་ཡོད་པ་ཞེས་བྱ་བར་རྣམ་པར་སྦྱར་རོ། །གང་ཞེས་བྱ་བ་ནི་དཔྱོད་པ་ལ་སོགས་པ་སྟེ། དེ་ནི་འདི་སྐད་དུ་རྣམ་པར་ཤེས་པ་རྣམ་པ་དང་བཅས་པ་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། རང་རིག་པ་ཡང་མ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་ན་འདི་ནི་དོན་ཡིན་ནོ། །འདི་ནི་ཤེས་པའོ། །དོན་དང་ཤེས་པ་དེ་དག་ཀྱང་བདག་ལ་གྲུབ་བོ་ཞེས་བྱ་བའི་གྲགས་པ་འདིར་ཡང་མི་འགྱུར་ཏེ། ཤེས་པ་རབ་ཏུ་མ་གྲུབ་ན་དོན་ཐམས་ཅད་རབ་ཏུ་མི་འགྲུབ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་ཤེས་པ་འདི་མ་གྲུབ་ཏུ་ཟིན་ཀྱང་རེ་ཞིག་དོན་ནི་མངོན་སུམ་ཁོ་ནར་གྲུབ་བོ། །དོན་དེ་ལས་ནི་ཤེས་པ་ཡང་དོན་གྱིས་གོ་བས་འགྲུབ་པར་འགྱུར་ཏེ། ཤེས་པ་མེད་པས་ཤེས་བྱ་ཉིད་མི་འཐད་པའི་ཕྱིར་རོ་སྙམ་པའི་དོགས་པ་བསུ་ནས་ཤེས་པ་ནི་གསལ་བ་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གྱི་གསལ་བ་ནི་ཤེས་པ་ལས་གཞན་མ་ཡིན་གྱི་ཤེས་པ་ཁོ་ན་ཡིན་ནོ། །གསལ་བ་ཡང་གསལ་བ་མ་ཡིན་ན་ནི་གསལ་བ་གསལ་བ་མ་ཡིན་པའི་ཕྱིར་མི་གཞན་གྱི་མངོན་སུམ་བཞིན་དུ་མདུན་ན་རྣམ་པར་གནས་པའི་དོན་ཀྱང་མངོན་སུམ་དུ་མི་འགྱུར་རོ། །དེ་ལྟ་མ་ཡིན་ན་ནི་ཧ་ཅང་ཐལ་བར་འགྱུར་རོ། །ཤེས་པ་གསལ་བ་ཡིན་དུ་ཆུག་ན་ཡང་ཤེས་པ་རྣམ་པ་མེད་པར་སྨྲ་བའི་ལྟར་ན། དོན་རྣམ་པ་ཐམས་ཅད་དུ་མངོན་སུམ་དུ་མི་འགྱུར་ཏེ། དོན་རིག་པ་འདི་ཡིན་ནོ་ཞེས་བྱ་བ་འབྲེལ་བའི་རྒྱུ་ཡང་མེད་པའི་ཕྱིར་རོ། །འདི་ནི་སྔར་བཤད་པ་ཁོ་ན་ཡིན་ཏེ། དེ་ལྟར་ན་ཤེས་པ་རྣམ་པ་མེད་པའི་ཕྱོགས་ལ་དོན་དངོས་སུ་རིག་པ་མེད་དོ། །གཞན་ཡང་ཤེས་པ་རྣམ་པ་མེད་པའི་ཕྱོགས་འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་ཤེས་པ་རྣམ་པ་དང་བཅས་པར་སྨྲ་བ་རྣམས་ཀྱིས་བརྗོད་པ་ལྟ་བུ་


DTG107_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པ་གང་ཡིན་པ་དེ་ཡང་མེད་དོ་ཞེས་སྟོན་པར་བྱེད་པའོ། །གཟུགས་བརྙན་ཞེས་བྱ་བ་ནི་དོན་གྱི་རྣམ་པར་ཤེས་པ་ལ་ཡོད་པའོ། །གདགས་པ་ཞེས་བྱ་བ་ནི་ཉེ་བར་བཏགས་པའོ། །དེས་གཞག་པ་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་བརྙན་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་འགྲེལ་པར་བྱེད་དོ། །གཞག་པ་ནི་ཤེས་པའི་བདག་ཉིད་ལ་ཡོད་པ་སྟེ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་བརྙན་གང་ཡིན་པ་དེ་རིག་པ་ཉིད་དོན་རིག་པ་ཡིན་ཏེ། རྒྱུ་ལ་འབྲས་བུའི་ཆོས་ཉེ་བར་བཏགས་པའི་ཕྱིར་རོ། །སུ་ཞིག་མི་འདོད་པ་ཞེས་བྱ་བ་ནི་ཤེས་པ་རྣམ་པ་མེད་པར་སྨྲ་བའོ། །འདི་ཡང་ཞེས་བྱ་བ་ནི་ཉེ་བར་བཏགས་པའོ།། །།བམ་པོ་གཉིས་པ། རེ་ཞིག་དེ་ལྟར་ཤེས་པ་རྣམ་པ་མེད་པའི་ཕྱོགས་མི་འཐད་པར་བསྒྲུབས་ནས་ཤེས་པ་རྣམ་པ་དང་བཅས་པའི་ཕྱོགས་ཀྱང་རིགས་པ་མ་ཡིན་པ་ཉིད་དུ་བསྒྲུབ་པར་འདོད་ནས། གལ་ཏེ་དེ་ལྟ་ན་ཤེས་པ་རྣམ་པ་དང་བཅས་པ་ཉིད་ནི་མི་རུང་ངོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལ་ཡང་རྣམ་པ་རྣམས་བདེན་པར་འགྱུར་བའམ་ཡང་ན་བརྫུན་པར་འགྱུར་གྲང་ན་ཞེས་བྱ་བ་ཕྱོགས་གཉིས་ཏེ། དེ་ལ་ཕྱོགས་དང་པོ་ལྟར་ན་ཤེས་པ་གཅིག་དང་ཐ་མི་དད་པའི་རང་བཞིན་ཡིན་པའི་ཕྱིར་ཤེས་པ་གཅིག་གི་རང་གི་ངོ་བོ་བཞིན་དུ་རྣམ་པ་སྣ་ཚོགས་པ་ཉིད་དུ་མི་འགྱུར་རོ། །དེའི་ཕྱིར་རི་མོ་བརྐྱང་བ་ལ་སོགས་པ་རྣམ་པའི་སྟོབས་ཀྱིས་ཕྱི་རོལ་གྱི་དོན་མི་འགྲུབ་སྟེ། རི་མོའི་རྣམ་པ་དང་འདྲ་བ་ཉིད་མེད་པའི་ཕྱིར་རོ། །ཇི་སྟེ་ཉམས་སུ་མྱོང་བས་གྲུབ་པའི་ཕྱིར་རྣམ་པ་རྣམས་བརྩལ་བ་མ་ཡིན་ནོ་ཞེ་ན། དེའི་ཚེ་རྣམ་པ་རྣམས་ལས་ཤེས་པ་ཐ་མི་དད་པའི་ཕྱིར་རྣམ་པ་བཞིན་དུ་དུ་མ་ཉིད་དུ་འགྱུར་རོ། །དེ་ལྟ་མ་ཡིན་ན་ཆོས་འགལ་བ་གནས་པའི་ཕྱིར་ཐ་དད་པ་མ་ཡིན་པར་ཁས་མི་བླང་བར་བྱའོ། །འདི་ལྟར་འདོད་དེ་ཞེས་བྱ་བ་ལ་སོགས་པ་ནི་གང་ཞིག་དུ་མ་ཉིད་དུ་ཐལ་བར་འགྱུར་བ་མི་འདོད་པ་ཉིད་དུ་སྒྲུབ་པར་བྱེད་པ་མ་ཡིན་ཏེ་དུ་མ་ཉིད་དུ་འདོད་པའི་ཕྱིར་རོ་སྙམ་དུ་སེམས་པ་དེའི་ལུགས་ཀྱི་དོགས་པ་བསུ་བར་བྱེད་པའོ། །མགྱོགས་པར་འབྱུང་ཕྱིར་ཞེས་བྱ་བ་ནི་མྱུར་བར་འབྱུང་བའི་ཕྱིར་རོ། །མེ་ཏོག་ཨུཏྤལའི་འདབ་མ་ཞེས་བྱ་བ་ལ་སོགས་


DTG107_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

པས་ནི་རྣམ་པར་འགྲེལ་བར་བྱེད་དོ། །ཤིན་ཏུ་མྱུར་བའི་ཕྱིར་ཞེས་བྱ་བ་ནི་ཤིན་ཏུ་མྱུར་བར་འབྱུང་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །མཐོང་བ་དེ་ནི་ཞེས་བྱ་བ་ནི་ཅིག་ཅར་དུ་མཐོང་བའོ། །གལ་ཏེ་དེ་ལྟ་ན། ལྕུག་མའི་སྒྲ་ལ་སོགས་པའི་བློ། །ཞེས་བྱ་བ་ལ་སོགས་པས་ནི་ཧ་ཅང་ཐལ་བར་འགྱུར་བར་བྱེད་པས་མྱུར་དུ་འབྱུང་བ་ཅིག་ཅར་དུ་ཤེས་པའི་རྒྱུ་མ་ཡིན་པ་ཉིད་དུ་བསྟན་ཏེ། ལྕུག་མའི་སྒྲ་ལ་སོགས་པ་དག་ལ་བློ་རྣམས་ཞེས་ཚིག་རྣམ་པར་སྦྱར་ནས་བསྡུའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ཏ་ལ་དང་མཚོ་དང་རོ་བྲོ་བ་ལ་སོགས་པའི་སྒྲ་རྣམས་བསྡུ་སྟེ། ལྕུག་མ་ལ་སོགས་པའི་སྒྲ་ལ་ཡང་རྒྱུ་མཚུངས་པའི་ཕྱིར་ཅིག་ཅར་ཡིན་པར་འཛིན་པའི་མངོན་པའི་ང་རྒྱལ་དུ་འགྱུར་རོ། །དེའི་ཕྱིར་ལྕུག་མ་ཏ་ལ་ཞེས་ཐོས་པ་ཐ་དད་པར་མི་འགྱུར་ཏེ། ཐོས་པ་ཐ་དད་པ་ནི་རིམ་གྱིས་འཛིན་པས་བྱས་པའི་ཕྱིར་རོ། །རྒྱུ་རྣམས་འབྲས་བུ་དང་ལྡན་པ་འདིས་ནི་གདོན་མི་ཟ་བར་འགྱུར་བ་མ་ཡིན་ནོ། །དེས་ན་དངོས་པོ་ཅིག་ཅར་རྟོགས་པའི་རྒྱུ་ཡོད་པའང་འགའ་ཁོ་ན་ལ་འགྱུར་རོ་སྙམ་པ་ལ། རྒྱུ་འདྲ་བའི་རྒྱུ་རྐྱེན་ནི་ཐ་དད་པར་མི་རིགས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྙམ་དུ་སེམས་ཏེ་གང་རྒྱུའི་དངོས་པོ་ཡིན་པ་དེ་ནི་གདོན་མི་ཟ་བར་འབྲས་བུ་སྐྱེད་པར་བྱེད་པ་ཁོ་ནའོ། །རྒྱུ་རྣམས་ནི་གདོན་མི་ཟ་བར་འབྲས་བུ་དང་ལྡན་པ་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་ནི་རྒྱུ་ཙམ་ལ་བསམས་ནས་དངོས་སུ་བཏགས་པར་ཟད་དོ། །ཁྱོད་རིམ་གྱིས་འཇུག་པ་རྣམས་ལ་ཅིག་ཅར་ཡིན་པར་འཛིན་པའི་མངོན་པའི་ང་རྒྱལ་བྱེད་པའི་རྒྱུ་མྱུར་དུ་འབྱུང་བ་ལས་གཞན་ཁས་མི་ལེན་ལ་རྒྱུ་དེ་ཡང་ཐམས་ཅད་དུ་མཚུངས་ཏེ་ཅིག་ཅར་གྱི་དངོས་པོར་མངོན་པར་ཞེན་པའི་ང་རྒྱལ་བྱེད་པ་ནི་མྱུར་དུ་འབྱུང་བ་ཙམ་ལ་རག་ལས་ཏེ། འབྱུང་བར་ཟད་པས་ཐམས་ཅད་དུ་འབྱུང་བ་ཁོ་ནར་འགྱུར་ཏེ། རྒྱུ་མ་ཚང་བ་མེད་པའི་ཕྱིར་རོ། །མྱུར་དུ་འབྱུང་བ་མ་ཚང་བ་མེད་ཀྱང་གང་མི་འབྱུང་བ་དེ་ནི་དེའི་རྒྱུར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་རྒྱུ་མྱུར་དུ་འབྱུང་བའི་མཚན་ཉིད་འདྲ་ཡང་རྒྱུ་ཅན་འབྲས་བུ་ཅིག་ཅར་གྱི་དངོས་པོར་མངོན་པའི་ང་རྒྱལ་བྱེད་པ་ཡོད་པ་དང་མེད་པ་ཐ་དད་པར་བྱས་པ་གང་ཡིན་པ་དེ་ནི་མི་འགྱུར་ཏེ། འབྲས་བུ་ཐ་དད་པ་ནི་རྒྱུའི་བྱེ་བྲག་གིས་བྱས་པའི་ཕྱིར་རོ། །དེའི་


DTG107_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དེ་རྒྱུ་ལ་ཡོད་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་མི་བྱེད་པའི་ཕྱིར་རྒྱུའི་འབྲས་བུ་ཉིད་མ་ཡིན་ནོ། །རྒྱུ་གཞན་ཡང་ཁས་མི་ལེན་པས་རྒྱུ་མེད་པ་ཉིད་ཁོ་ནར་འགྱུར་རོ། །སུན་དབྱུང་བ་གཞན་ཡང༌། ཡིད་ཀྱི་རྟོག་པ་འབའ་ཞིག་ལའང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྟོག་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པའོ། །འབའ་ཞིག་ཅེས་བྱ་བ་ནི་ཤེས་པར་རིགས་མི་མཐུན་པ་གཞན་དང་མ་འདྲེས་པའི་ཕྱིར་རོ། །རིང་དུ་གནས་པ་མ་ཡིན་པས་ཞེས་བྱ་བ་ནི་སྐད་ཅིག་པའི་ཕྱིར་རོ། །བློ་རྣམས་ཀུན་ཞེས་བྱ་བ་ནི་མིག་ལ་སོགས་པའི་བློ་རྣམས་སོ། །སེམས་པ་ནི་འཕྲལ་གྱི་བྱ་བ་ལ་སོགས་པ་དཔྱོད་པའོ། །དཔྱོད་པ་ནི་སྔོན་མ་བྱུང་བའི་དངོས་པོའི་རང་གི་ངོ་བོ་ལ་མངོན་པར་རྟོགས་པའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་བློ་སྦྱོང་བའི་ཡིད་ལ་སེམས་པ་ལ་སོགས་པ་གཟུང་ངོ༌། །སེམས་པ་དང་དཔྱོད་པ་ལ་སོགས་པ་ཉིད་ཀྱི་དུས་དེ་གནས་སྐབས་ཡིན་ནོ། །གནས་སྐབས་དེ་ནི་འབྱུང་བའི་ངང་ཚུལ་ཅན་གང་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །གཅིག་ཏུ་ན་ཞེས་བྱ་བ་ལ་སོགས་པས་ནི་འོག་མའི་ཕྱེད་རྣམ་པར་འགྲེལ་ཏོ། །འདིའི་ཕྱིར་ཞེས་བྱ་བས་ནི་འོག་ནས་འབྱུང་བས་སོ། །ཕ་རོལ་གྱི་ལུགས་ལས་ཀྱང་ཞེས་བྱ་བ་ནི་ཐམས་ཅད་ཀྱིས་མྱུར་དུ་འཇིག་པར་ཁས་བླངས་པའི་ཕྱིར་རོ། །རིམ་གྱིས་འཛིན་པ་མེད་ན་ཅིར་འགྱུར་སྙམ་པ་ལ། རྣམ་པ་དག་ནི་ཐ་དད་ལྟར། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དཔེ་མགལ་མེའི་འཁོར་ལོ་ཡང་མ་གྲུབ་པོ་ཞེས་བསྟན་པའི་ཕྱིར། མགལ་མེ་ལ་ཡང་ཅིག་ཅར་དུ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རུང་བ་མ་ཡིན་ཏེ་ཞེས་བྱ་བ་ནི་རིགས་པ་མ་ཡིན་པ་སྟེ། མགལ་མེའི་འཁོར་ལོ་ལ་ནི་མཐོང་བ་རིམ་གྱིས་འབྱུང་བ་ཅན་རྣམས་ཅིག་ཅར་འཛིན་པར་མངོན་པའི་ང་རྒྱལ་བྱེད་པས་མགལ་མེ་ལ་འཁོར་ལོའི་རྣམ་པར་འཁྲུལ་པ་མ་ཡིན་གྱི། མྱུར་བར་འཁོར་བར་ཞུགས་པའི་རྗེས་སུ་སོང་བས་མི་འཁྲུགས་པར་བསྐྱེད་པ་འཁོར་ལོའི་རྣམ་པར་འཁྲུལ་པ་སྐྱེད་དེ་གསལ་བར་སྣང་བའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་གསལ་བར་སྣང་བ་ཉིད་དུ་མི་འཐད་དེ། དྲན་པ་ཁོ་ནས་མཚམས་སྦྱོར་བའི་ཕྱིར་རོ། །མཐོང་བས་ནི་མ་ཡིན་ཏེ། མཐོང་བའི་ཡུལ་


DTG107_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་མ་ཡིན་པའི་ཕྱིར་དང༌། རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །དྲན་པ་ནི་དངོས་པོ་མྱོང་ཟིན་པའི་ཡུལ་ཡིན་པས་རྣམ་པ་མི་གསལ་བ་ཉིད་ཡིན་ཏེ། མྱོང་ཟིན་པ་མེད་པའི་ཕྱིར་དང༌། དྲན་པའི་ཚེ་རྟོགས་པ་ཡང་མི་གསལ་བའི་ཕྱིར་རོ་ཞེས་བསྡུས་པའི་དོན་ཡིན་ནོ། །འགལ་ལམ་ཞེས་དྲིས་པ་དང༌། ལན་དུ་འགལ་ཏེ་ཞེས་བྱ་བ་སྨོས་སོ། །དེས་ཅིར་འགྱུར་ཞེས་དྲིས་པ་དང༌། སྨྲས་པ་ཞེས་བྱ་བ་སྨོས་སོ། །དེའི་ཞེས་བྱ་བ་ནི་དྲན་པའོ། །དེ་ནི་གསལ་མ་ཡིན་ཞེས་བྱ་བར་སྦྱར་ཏེ། ཅིའི་ཕྱིར་ཞེ་ན། ཞིག་པས་སོ། །མདུན་ན་འདུག་པ་ཞེས་བྱ་བ་ནི་ད་ལྟར་ཞེས་བྱ་བའི་ཐ་ཚིག་སྟེ། དྲན་པའི་ཡུལ་ནི་འདུས་པ་ཡིན་ནོ་སྙམ་དུ་བསམས་པའོ། །དེའི་བདག་ཉིད་དུ་གྱུར་པ་ཞེས་བྱ་བ་ནི་དྲན་པའི་ཡུལ་གྱི་བདག་ཉིད་དུ་གྱུར་པའོ། །དེ་བཞིན་དུ་གྱུར་པའི་རིགས་ཞེས་བྱ་བ་ནི་ཡོངས་སུ་མི་གསལ་བའོ། །ཨུཏྤལའི་འདབ་མ་བརྒྱ་འབིགས་པ་དཔེར་བསྟན་པ་གང་ཡིན་པ་དེ་ཡང་ཆོས་མི་མཐུན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཨུཏྤལའི་འདབ་མ་བརྒྱ་ཅིག་ཅར་ཕིགས་པའི་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨུཏྤལའི་འདབ་མ་འབིགས་པ་ལ་ནི་ཇི་ལྟར་མགལ་མེའི་འཁོར་ལོ་ལ་སོགས་པ་མཐོང་བ་ལྟར་ཅིག་ཅར་དུ་འཛིན་པར་ཤེས་པ་ཤིན་ཏུ་གསལ་བ་མ་ཡིན་ནོ། །ཨུཏྤལའི་འདབ་མ་བརྒྱ་ཕིགས་པ་ལ་ནི་རིམ་པ་ཡང་ཚད་མ་གཞན་གྱིས་གྲུབ་ཀྱི། འདི་ལ་ནི་ཚད་མ་ཡང་ཅི་ཡང་མེད་དོ། །ཨུཏྤལའི་འདབ་མ་བརྒྱ་འབིགས་པ་ལ་ནི་མྱུར་དུ་འགྲོ་བ་ཙམ་གྱིས་ཅིག་ཅར་འཛིན་པ་ཤེས་པ་འབྱུང་བ་མེད་དེ། རྩེ་གཅིག་པ་མེད་པའི་ཕྱིར་རོ་ཞེས་བྱ་བར་ངེས་པར་བྱེད་དོ་ཞེས་བྱ་བས་སྟོན་པར་བྱེད་དོ། །རྗེས་སུ་དཔོག་པ་ནི་རིམ་གྱིས་ཞེས་བྱ་བར་སྦྱར་རོ། །འདིར་རྗེས་སུ་དཔག་པ་གང་ཡིན་སྙམ་པ་ལ་མང་པོ་དག་ལ་བྱེད་པ་གཅིག་གིས་འབིགས་པ་གང་ཡིན་པ་དེ་ནི་ཞེས་བྱ་བ་སྨོས་ཏེ། འདི་ནི་དོན་བརྗོད་པ་ཙམ་དུ་ཟད་དོ། །སྦྱོར་བ་ནི་འདི་ལྟ་བུ་ཡིན་ཏེ། རིམ་ཅན་བླ་འོག་རིམ་པར་གནས་པ་རྣམས་མི་གཅིག་གི་བྱེད་པས་ལུས་ཅན་གྱིས་ཕུག་པ་གང་ཡིན་པ་དེ་ནི་རིམ་གྱིས་འགྱུར་བ་ཁོ་ན་ཡིན་ཏེ། དཔེར་ན་ཟངས་ཀྱི་གླེགས་མ་ལ་སོགས་པ་ལྟ་བུའོ། །ཨུཏྤལའི་འདབ་མ་ལ་སོགས་པ་བླ་འོག་གི་རིམ་པར་གནས་པ་རྣམས་ཀྱང་མི་གཅིག་གི་བྱེད་པས་ལུས་


DTG107_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱིས་ཕུག་པ་ཡིན་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི་གལ་ཏེ་ལུས་ཅན་གཅིག་གིས་ཅིག་ཅར་དུ་ཁྱབ་པར་གྱུར་ན་ནི་རིམ་ཅན་ཉིད་དུ་མི་འགྱུར་ཏེ། ལུས་ཅན་ལ་གང་གིས་ན་དངོས་པོ་གཅིག་ལ་ཁྱབ་པར་གྱུར་པ་ནི་དེའི་ཚེ་གཞན་ལ་ཡང་ཁྱབ་པར་མི་འགྱུར་བ་རང་བཞིན་གཞན་ནི་མེད་པའི་ཕྱིར་རོ། །དེའི་ཚེ་རང་བཞིན་མི་ཉེ་བས་ཀྱང་གཞན་མི་ཕིགས་མི་སྲིད་པས་མ་ངེས་པ་ཉིད་མ་ཡིན་ནོ། །གང་དག་ཅེས་བྱ་བ་ནི་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་ཁ་ཅིག་ཁོ་ན་སྟེ། དེ་དག་གི་ལུགས་ཀྱིས་ཤེས་པ་རྣམ་པ་དང་བཅས་པ་ཡིན་ཡང་རི་མོ་བརྐྱང་བ་ལ་སོགས་པ་ལ་ཅིག་ཅར་དུ་སྣང་བ་མི་འགལ་བ་ཁོ་ནའོ། །གལ་ཏེ་དེ་ལྟ་ན་ཞེས་བྱ་བ་ལ་སོགས་པས་ནི་སུན་དབྱུང་བར་བཤད་དོ། །རྣམ་པ་སྣ་གཅིག་ཅེས་བྱ་བ་ནི་ཁ་དོག་གི་རིགས་མི་མཐུན་པ་དང་མ་འདྲེས་པ་སྟེ། རྣམ་པ་སྣ་གཅིག་ལ་ཡང་སྔོན་པོ་དང་སེར་པོ་ལ་སོགས་པའི་རྣམ་པ་འཛིན་པས་སྣ་ཚོགས་སུ་སྣང་བའི་བློ་མི་འབྱུང་བར་ཤར་དང་བྱང་དང་དམའ་བ་ཉིད་ལ་སོགས་པའི་ཆར་སྣང་བའི་ཕྱིར་སྣ་ཚོགས་ཉིད་ཡོད་པ་ཁོ་ནའོ། །དུ་མར་འདོད་དོ་ཞེས་བྱ་བ་ལ་སོགས་པས་ནི་ཕ་རོལ་གྱི་གཞུང་གི་དོགས་པ་བསུ་བར་བྱེད་དོ། །འོ་ན་གཅིག་ཏུ་འགྱུར་བ་གང་ཡིན་ཞེས་དྲིས་པ་དང་ཕ་རོལ་པོས་གང་ཡན་ལག་མེད་པའི་རྡུལ་གྱི་ཡུལ་འཛིན་པ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཆ་མེད་པ་ཞེས་བྱ་བ་ནི་ཆ་ཤས་མེད་པ་སྟེ། རྡུལ་ཕྲ་རབ་ཙམ་འཛིན་པའི་ཤེས་པ་མྱོང་བ་ནི་གང་ན་ཡང་མེད་དེ། དུས་ཐམས་ཅད་དུ་རགས་པའི་རྣམ་པར་སྣང་བའི་ཕྱིར་རོ། །འདིས་ནི་དམིགས་པའི་རིག་བྱར་གྱུར་པ་མི་དམིགས་པའི་ཕྱིར་མེད་པའི་ཐ་སྙད་དུ་བསྟན་ཏོ། །དེས་ཁས་བླང་ཞིང་ཞེས་བྱ་བ་ནི་རྡུལ་ཕྲ་མོ་ཙམ་འཛིན་པའི་ཤེས་པ་ཡོད་དོ་ཞེས་ཁས་བླངས་ཤིང་ངོ༌། །དེ་ལྟར་མི་དམིགས་བཞིན་དུ་འོན་ཀྱང་ཅིའི་ཕྱིར་ཁས་མི་བླང་སྙམ་པ་ལ། རྟོག་པ་དང་ལྡན་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་ཡོད་པའི་ཐ་སྙད་དགག་པ་བསྟན་ཏོ། །རྣམ་པ་རྣམས་སྣ་ཚོགས་ཉིད་ཡིན་ཡང་ལྷན་ཅིག་དམིགས་པར་ངེས་པས་ཤེས་པ་གཅིག་གི་རང་བཞིན་ཡིན་པར་རིགས་པའི་ཕྱིར་ཤེས་པ་གཅིག་གི་ཕྱོགས་ཅིའི་ཕྱིར་འགལ་སྙམ་དུ་སེམས་པར་འགྱུར་བ་འདི་སེམས་ལ་བསྡོགས་ནས། གཞན་ཡང་བཅོས་མ་


DTG107_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཞེས་བྱ་བ་ལ་སོགས་པས་བསྡུས་པའི་སྒོ་ནས་ཤེས་པ་གཅིག་པའི་ཕྱོགས་ཉིད་སུན་དབྱུང་བ་བསྟན་ཏེ། ཆོས་འགལ་བ་གནས་པའི་ཕྱིར་ཕྱེ་མ་ལེབ་ཁྲ་བོ་ལ་སོགས་པ་གཅིག་པུ་ཉིད་ཡིན་པ་བསལ་ཏོ། །རྣམ་པ་ལྷན་ཅིག་དམིགས་པ་དེ་ལ་ཡང་ཆོས་འགལ་བ་ཡོད་པ་ཁོ་ན་ཡིན་པས་སྣ་ཚོགས་གཅིག་པ་ཉིད་དུ་དོན་དམ་པར་ནི་རིགས་པ་མ་ཡིན་ནོ། །གལ་ཏེ་ཉེ་བར་བཏགས་པ་ཡིན་ན་ནི་དེའི་ཚེ་འགལ་བ་མེད་དོ། །འོ་ན་སྣ་ཚོགས་མ་ཡིན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པས་ནི་ཕ་རོལ་པོ་ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་པ་ཉིད་དུ་རྗོད་པར་བྱེད་དེ། འདི་ལྟར་ཤེས་པ་སྣ་ཚོགས་གང་ཡིན་པ་དེ་ཁོ་ན་རང་བཞིན་གཅིག་པ་འགལ་གྱི་གང་སྣ་ཚོགས་མ་ཡིན་པ་དེ་ནི་གཅིག་པ་ཉིད་དུ་མི་འགལ་བས་གཏན་ཚིགས་ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་པ་ཡིན་ནོ། །དམིགས་པ་ནི་དམིགས་པ་ཁོ་ན་ཡིན་ཏེ། དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་གང་ལ་སེམས་དང་སེམས་ལས་བྱུང་བ་ལ་དམིགས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་དང་དོན་མཐུན་ཏེ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དང་ཡུལ་གཅིག་པ་གང་ཡིན་པ་དེ་ཡང་བསགས་པ་ལ་དམིགས་པ་ཁོ་ན་ཡིན་པའོ། །འོ་ན་ཡིད་ཀྱི་རྣམ་པར་ཤེས་པ་ཆོས་ཀྱི་ཁམས་ལ་དམིགས་པ་ནམ་མཁའ་ལ་སོགས་པ་འདུས་མ་བྱས་ལ་དམིགས་པའི་ཕྱིར་རང་བཞིན་གཅིག་པར་འགྱུར་རོ་སྙམ་པ་ལ། ཆོས་ཀྱི་ཁམས་རྣམ་པར་རིག་བྱེད་མ་ཡིན་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདུས་མ་བྱས་ནམ་མཁའ་དང་སོ་སོར་བརྟགས་པ་དང༌། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང༌། རྣམ་པར་རིག་བྱེད་མ་ཡིན་པ་ནི་ཚད་མས་གནོད་པའི་ཕྱིར་ཤུགས་ཀྱིས་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་ཕུང་པོ་གསུམ་གྱི་རང་བཞིན་ཁོ་ན་ཡིན་ནོ། །དེ་ལ་དམིགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱི་ཤེས་པ་གང་ཡིན་པ་དེ་འདིར་འདོད་པ་སྟེ། རྣལ་འབྱོར་བའི་ཤེས་པ་ལ་དམིགས་པར་རུང་བར་ཐམས་ཅད་འདྲ་བའི་ཕྱིར་རོ། །སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་སེམས་ལ་སོགས་པའི་ཉི་ཚེ་ཤེས་པ་ཅན་དུ་མྱོང་བ་ཁོ་ན་ཡིན་མོད་ཀྱི། འོན་ཀྱང་དོན་དམ་པར་ན་དེ་ནི་ཡུལ་མེད་པ་ཁོ་ན་ཡིན་


DTG107_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེ་ལྟ་མོད་ཀྱི། སྒྲའི་རྣམ་པར་སྐྱེ་བའི་ཕྱིར་ཤེས་པ་ཡང་སྣ་ཚོགས་པའི་རྣམ་པ་ཉིད་ལས་མི་འདའོ། །རེ་ཞིག་དེ་ལྟར་རང་གི་སྡེ་པའི་ལུགས་ཀྱི་ཤེས་པ་ཐམས་ཅད་སྣ་ཚོགས་པ་ཉིད་དུ་བསྟན་པ་ཡིན་ནོ། །ད་ནི་ཕྱི་རོལ་པའི་ལུགས་ཀྱིས་བསྟན་པའི་ཕྱིར། གང་དག་བདེ་བར་གཤེགས་པའི་གསུང་རབ་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །གཟེགས་ཟན་ནི་གཟེགས་མ་ཟ་བའོ། །འབྲས་བུ་རྫས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ཡོན་ཏན་དང་ལས་ལ་སོགས་པ་བསྡུ་སྟེ། འདི་ལྟར་དེ་དག་གི་ལུགས་ནི་ལུས་ལ་སོགས་པ་འབྲས་བུའི་རྫས་ཀྱང་གཅིག་པ་ཁོ་ན་ཡིན་ལ། རྫས་དང་ལྡན་པ་ཡོན་ཏན་ལ་སོགས་པ་ཡང་གཅིག་པ་ཁོ་ནར་གཟུང་ངོ་ཞེས་བྱ་བ་ཡིན་ནོ། །མི་རུང་སྟེ་ཞེས་བྱ་བ་ནི་ལན་འདེབས་པ་སྟེ། འབྲས་བུའི་རྫས་གཅིག་པ་ཁོ་ནར་འདོད་མོད་ཀྱི། འབྲས་བུའི་རྫས་ཡོན་ཏན་ལ་སོགས་པ་དང་ལྷན་ཅིག་པ་ཁོ་ན་འཛིན་པའི་ཕྱིར་དང༌། ཡོན་ཏན་ལ་སོགས་པ་རྟེན་དང་བྲལ་བར་མི་འཛིན་པའི་ཕྱིར་ཡུལ་དུ་མ་ཡིན་པས་ཤེས་པ་སྣ་ཚོགས་ཁོ་ན་ཡིན་ནོ། །འོ་ན་ཟད་བྱེད་པ་དང་དཔྱོད་པ་པའི་ལྟ་བ་ལ་ཇི་ལྟར་སྙམ་པ་ལ། རྒྱལ་བ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཟད་བྱེད་པ་རྣམས་ཀྱི་སྟོན་པ་རྒྱལ་བ་ཡིན་ལ་ཟད་བྱེད་པ་རྣམས་རྒྱལ་བའི་ཡིན་པས་ན་རྒྱལ་བ་པ་རྣམས་སོ། །ཟད་བྱེད་པ་རྣམས་ཀྱི་ལུགས་ནི་དངོས་པོ་ཐམས་ཅད་ནོར་བུའི་གཟི་བཞིན་དུ་དུ་མའི་ངོ་བོ་ཁོ་ན་ཡིན་ཏེ། རྟོགས་པ་པོའི་བྱེ་བྲག་གིས་དངོས་པོ་འགལ་ལ་ངོ་བོ་རྣམ་པ་སྣ་ཚོགས་སུ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཐམས་ཅད་ཀྱི་རྟོགས་པ་འདྲ་བར་འགྱུར་ཏེ་དམིགས་པ་གཅིག་པའི་ཕྱིར་རོ། །འདིར་ལེན་དུ་དུ་མའི་ངོ་བོའི་དངོས་པོ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སུ་ཞིག་ངོ་བོ་གང་ཁོ་ན་སྨྲ་བར་འདོད་པ་དེ་ནི་ཐ་སྙད་འདོགས་པའི་དུས་ན་དེ་ཉིད་ཅིག་ཅར་རམ་རིམ་གྱིས་སྟོན་པར་བྱེད་ལ་རྟོགས་པའི་དུས་ན་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་རྟོགས་པ་ནི་འདོད་པའི་དབང་གིས་ཁ་དོག་ཁྲ་བོ་བཞིན་དུ་ཐམས་ཅད་སྣ་ཚོགས་ཀྱི་དངོས་པོའི་ངོ་བོ་ཁོ་ན་སྟོན་པས་ཉེས་པ་མེད་དོ། །གལ་ཏེ་དེ་ལྟར་ཡུལ་སྣ་ཚོགས་པ་ཡིན་དུ་ཟིན་ཀྱང༌། ཡུལ་སྣ་ཚོགས་འཛིན་པའི་ཤེས་པ་སྣ་ཚོགས་སུ་འགྱུར་རོ་ཞེས་བྱ་བ་འདི་ལ་


DTG107_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་པ་ཅི་ཞིག་ཡོད་སྙམ་པ་ལ། ཡུལ་སྣ་ཚོགས་ལ་རྣམ་པར་ཤེས་པ་སྣ་ཚོགས་མ་ཡིན་པ་སྣང་བ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་དང་མཐུན་པར་མི་འཇུག་ཅེས་བྱ་བ་ནི་ཤེས་པ་རྣམ་པ་སྣ་ཚོགས་པ་མ་ཡིན་པས་ཡུལ་སྣ་ཚོགས་མི་འཛིན་པར་ཐལ་བར་འགྱུར་ཏེ། ཇི་ལྟར་སྔར་བརྗོད་པ་བཞིན་ནོ་སྙམ་དུ་བསམས་པའོ། །ལྷའི་བླ་མ་ནི་ཕུར་བུའོ། །ཕུར་བུའི་ལྟ་བའི་རྗེས་སུ་འབྲང་བ་རྣམས་ནི་ཚུ་རོལ་མཛེས་པ་དག་གོ །འདི་ལྟར་ཚུ་རོལ་མཛེས་པ་པ་རྣམས་ཀྱི་མདོ་ནི་ས་དང་ཆུ་དང་མེ་དང་རླུང་ཞེས་བྱ་བ་ནི་དེ་ཁོ་ན་བཞི་ཡིན་ལ་དེ་ཁོ་ན་འདུས་པ་ལ་ནི་ཡུལ་དང་དབང་པོ་དག་གཞག་གོ་ཞེས་བྱ་བ་ཡིན་ནོ། །འདུས་པའི་ཡུལ་ཅན་ཡིན་བཞིན་དུ། །ཇི་ལྟར་ཡུལ་དུ་མ་ཉིད་ཡིན་སྙམ་པ་ལ། འདུས་པར་རྣམ་པར་གཞག་པའི་རྒྱུ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚུ་རོལ་མཛེས་པ་པ་རྣམས་ཀྱི་ལྟར་ན་ཡང་འདུས་པ་ཅན་རྣམས་ལས་འདུས་པ་གཞན་མེད་དོ། །སེར་སྐྱ་པ་ནི་གྲངས་ཅན་ནོ། །དེ་དག་གི་གཞུང་འདི་ནི་སྒྲ་ལ་སོགས་པ་ཡུལ་ཐམས་ཅད་ནི་སྙིང་སྟོབས་དང་རྡུལ་དང་མུན་པའི་ངོ་བོ་དག་ཡིན་ནོ་ཞེས་བྱ་བ་ཡིན་ཏེ་དེ་དག་གི་གཞུང་ལ་ནི་ཡུལ་སྣ་ཚོགས་པ་ཉིད་དུ་གསལ་བ་ཁོ་ནའོ། །ཇི་སྟེ་གསུམ་གྱི་བདག་ཉིད་ཅེས་བྱ་བ་ལ་སོགས་པས་ནི་ཕ་རོལ་པོའི་ལན་ལ་དོགས་པ་བསུ་བ་སྟེ། ཡུལ་ནི་སྙིང་སྟོབས་ལ་སོགས་པའི་ངོ་བོར་གསུམ་གྱི་བདག་ཉིད་ཡིན་ཡང་དེ་ནི་གསུམ་གྱི་བདག་ཉིད་དུ་མི་སྣང་གི །སྙིང་སྟོབས་ལ་སོགས་པའི་ངོ་བོ་ཤས་ཆེ་བ་ཁོ་ན་སྣང་བའི་ཕྱིར་རྣམ་པ་སྣ་ཚོགས་ཉིད་དུ་མི་འགྱུར་རོ། །དེ་ཡང་དེ་ལྟར་མི་རུང་སྟེ་ཞེས་བྱ་བ་ལ་སོགས་པས་ནི་ཤས་ཆེ་བ་ཡང་འཁྲུལ་པ་ཡོད་པར་སྟོན་པར་བྱེད་དོ། །རིགས་ཀྱི་བྱེ་བྲག་ནི་རྔ་མོ་ལ་སོགས་པའི་རིགས་ཀྱི་བུ་བྱེ་བྲག་ལས་ནི་འདི་ལྟར་ཚེར་མ་ལ་སོགས་པ་ལ་རྔ་མོ་ལ་སོགས་པ་ནི་དད་ལ་གཞན་དག་ནི་ཡིད་འབྱུང་ངོ༌། བསྒོམས་པའི་བྱེ་བྲག་ནི་བུད་མེད་ལ་སོགས་པ་ལ་གཡེམ་པ་དང་ཀུན་ཏུ་རྒྱུ་ལ་སོགས་པ་ལྟ་བུའོ། །གདུང་བ་ལ་སོགས་པ་དང༌། ཞུམ་པ་དང་དགའ་བ་ནི་གོ་རིམས་བཞིན་དུ་རྡུལ་དང་མུན་པ་དང་སྙིང་སྟོབས་ཤས་ཆེ་བ་རྣམས་ཀྱི་འབྲས་བུ་དག་ཡིན་ནོ། །ངོ་བོ་གཅིག་ཁོ་ན་ཤས་ཆེ་ན་གཉིས་ཀྱི་འབྲས་བུ་གང་ཡིན་པ་དེར་ཡང་མི་འགྱུར་རོ། །མི་སྣང་བ་ལ་སོགས་པའི་དབང་གིས་ཞེས་


DTG107_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་ཕ་རོལ་གྱི་ལན་ལ་དོགས་པ་བསུ་བ་སྟེ། ཤས་ཆེ་བ་ཁོ་ན་འཛིན་པ་མ་ཡིན་གྱི་མི་སྣང་བ་ཆོས་དང་ཆོས་མ་ཡིན་པའི་མཐུས་ཀྱང་འཛིན་པ་ཡིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་དབང་ཕྱུག་དང་བཅས་པའི་གྲངས་ཅན་གྱི་ལུགས་ཀྱིས་དབང་ཕྱུག་གི་མཐུས་ཀྱང་འཛིན་པ་བསྡུའོ། །ཕ་རོལ་པོ་དག་ན་རེ་དངོས་པོ་འགའ་ཞིག་འཛིན་པའི་ཕྱིར་ཤེས་པ་འགའ་ཞིག་རྣམ་པ་གཅིག་པ་ཁོ་ནར་འགྱུར་རོ་ཞེས་ཟེར་རོ། །འདིར་ལན་དུ་དངོས་པོའི་ངོ་བོ་རྣམ་གསུམ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་དང་མི་མཐུན་པ་སྣང་ཞེས་བྱ་བ་ནི་རྣམ་པ་གསུམ་གྱི་དངོས་པོ་དང་མི་མཐུན་པར་སྣང་བ་སྟེ། དངོས་པོ་གཅིག་པ་ཁོ་ན་ལ་རྣམ་པ་གསུམ་དུ་འདོད་དོ། །རྣམ་པ་གསུམ་གྱི་དངོས་པོ་ཡང་རྣམ་པ་གསུམ་གྱི་ངོ་བོར་མི་འཛིན་ན། ཇི་ལྟར་ན་དངོས་པོ་གཟུང་བར་འགྱུར། ཡང་དག་པར་ན་རྣམ་པ་གཞན་གྱིས་ནི་གཞན་འཛིན་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ནི་དུ་མའི་བདག་ཉིད་དངོས་པོ་དེ། །བདག་ཉིད་གཅིག་ཏུ་སྟོན་བྱེད་ན། །མི་སྣང་དེ་ནི་ཇི་ལྟ་བུར། །དོན་སྟོན་བྱེད་པ་ཡིན་པར་འགྱུར། །ཞེས་བཤད་དེ། །རེ་ཞིག་དེ་ལྟར་ཕ་རོལ་པོས་བརྗོད་པ་གཉིས་ཀྱི་ཚུལ་ལ་ཤེས་པ་རང་བཞིན་གཅིག་པ་ཉིད་མེད་དོ་ཞེས་བསྟན་པ་ཡིན་ནོ། །ཕ་རོལ་དང་ཕ་རོལ་མ་ཡིན་པས་བརྗོད་པ་གཉིས་མ་ཡིན་པའི་ཚུལ་ལ་ཡང་བསྟན་པའི་ཕྱིར། གསང་བ་གང་དག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །གསང་བ་བརྗོད་པའམ་རིག་པས་ན་གསང་བ་བདག་སྟེ། རིག་བྱེད་ཀྱི་མཐའ་སྨྲ་བ་རྣམས་ཞེས་བྱའོ། །དེ་དག་ན་རེ་རྣམ་པར་ཤེས་པ་ནི་རྟག་པ་གཅིག་པུ་གཉིས་སུ་མེད་པ་ཡིན་ཡང་ཅིག་ཅར་དང་རིམ་གྱིས་འདི་ཐམས་ཅད་སྣ་ཚོགས་ཀྱི་ངོ་བོར་རྣམ་པར་ཤེས་པ་ཉིད་སྣང་ངོ་ཞེས་ཟེར་ཏེ། དེ་དག་གི་ཕྱོགས་ལྟར་ན་སྣ་ཚོགས་པ་ཉིད་འབད་མི་དགོས་པར་གྲུབ་པ་ཁོ་ནའོ། །སྣ་ཚོགས་པ་ཉིད་ཡིན་ཡང་ཇི་ལྟར་ན་གཅིག་པ་ཉིད་དུ་རུང་བར་ཤིན་ཏུ་དཀའ་སྙམ་པ་ལ། འདི་ལྟར་སྔོན་པོ་དང་སེར་པོའི་རྣམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རིམ་གྱིས་སྣང་བ་ཉིད་ལ་ཇི་ལྟར་རིགས་པ་མ་ཡིན་སྙམ་པ་ལ། རིམ་ཡང་གཟུགས་དང་སྒྲ་ལ་སོགས་པར་སྣང་བ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་


DTG107_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཉིད་ཀྱིས་ཞེས་བྱ་བ་ནི་རྣམ་པ་དུ་མ་དག་དང་ཐ་དད་པ་མ་ཡིན་པ་དང་རྣམ་པ་དེའི་རང་གི་ངོ་བོ་བཞིན་ཞེས་བྱ་བ་དག་གིས་སོ། །འདིར་བཟློག་ན་གནོད་པ་ཅན་གྱི་ཚད་མ་ཅི་ཡོད་སྙམ་པ་ལ། དེ་ལྟ་མ་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །གལ་ཏེ་གྲུབ་པ་དང་བདེ་བ་གཅིག་པ་ཉིད་དུ་ཁས་མི་ལེན་ན། དེའི་ཚེ་རྣམ་པ་དང་རྣམ་པར་ཤེས་པ་འདི་གཉིས་གཅིག་པ་ཉིད་དུ་བརྗོད་པར་མི་བྱའོ། །དེའི་ཕྱིར་དུ་མ་ཉིད་ཡིན་ན་ཕྱོགས་སྔ་མའི་ཉེས་པ་སྟེ། རྣམ་པ་གཉིས་ཀྱི་ཕྱོགས་ལ་དུ་མའི་ཉེས་པ་བཤད་པ་ཐམས་ཅད་དུ་ཐལ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །རིམ་གྱིས་ཕྱོགས་ལ་ཞེས་བྱ་བ་ནི་རིམ་གྱིས་སྣང་བའི་ཕྱོགས་ལའོ། །སྦྱོར་བ་ནི་གང་ཞིག་གང་གི་བདག་ཉིད་དུ་གྱུར་པ་དེ་ནི་དེ་རིག་པ་ན་རིག་པ་ཁོ་ནར་འགྱུར་རོ། དཔེར་ན་མངོན་པར་འདོད་པ་སྔོན་པོ་ལ་སོགས་པའི་རྣམ་པའི་རྣམ་པ་ཤེས་པའི་བདག་ཉིད་དམ། སྔོན་པོ་ལ་སོགས་པའི་རྣམ་པ་ལྟ་བུའོ།། སེར་པོ་ལ་སོགས་པའི་རྣམ་པ་རིམ་གྱིས་སྣང་བ་ཅན་ཐམས་ཅད་ཀྱང་མངོན་པར་འདོད་པ་སྔོན་པོ་ལ་སོགས་པའི་རྣམ་པ་མྱོང་བའི་བདག་ཉིད་ཅན་དུ་གྱུར་པ་ཡིན་ཏེ། རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །འདི་སྙམ་དུ་དེའི་ཚེ་རྣམ་པ་སྔ་མ་དང་ཕྱི་མ་དག་མི་ཉེ་བའི་ཕྱིར་དེའི་བདག་ཉིད་དུ་གྱུར་པ་ཡིན་ཡང་མྱོང་བར་མི་འགྱུར་རོ་སྙམ་དུ་སེམས་པར་གྱུར་ན། དེ་ཡང་རིགས་པ་མ་ཡིན་ཏེ། དེའི་བདག་ཉིད་དུ་གྱུར་པའི་ཕྱིར་མངོན་པར་འདོད་པའི་རྣམ་པ་བཞིན་དུ་དེའི་ཚེ་རྣམ་པ་སྔ་མ་དང་ཕྱི་མ་དེ་གཉིས་ཀྱང་ཉེ་བའི་ཕྱིར་རོ། །དེ་ལྟ་བས་ན་མངོན་པར་འདོད་པ་སྔོན་པོ་ལ་སོགས་པའི་རྣམ་པ་གཅིག་རིག་ན་རྣམ་པ་སྔ་མ་དང་ཕྱི་མའི་རིག་པར་ཐལ་བར་འགྱུར་བ་བཟློག་དཀའོ། །ཇི་སྟེ་རིམ་གྱིས་སྣང་བ་ལ་སོགས་པ་བརྫུན་པའི་ཕྱིར་རིམ་ལ་སོགས་པའི་དོན་མི་འཐད་པས། འདི་ནི་ཀླན་ཀར་མི་རུང་ངོ་སྙམ་ན། དེ་ནི་རིགས་པ་མ་ཡིན་ཏེ། གལ་ཏེ་ཐམས་ཅད་བརྫུན་པ་ཡིན་ན་འོ་ན་བདེན་པ་དེ་གང་ཞིག་ཡིན་པ་བརྗོད་པར་བྱ་དགོས་སོ། །གལ་ཏེ་ཚངས་པའི་ངོ་བོ་གཉིས་སུ་མེད་པ་ཁོ་ན་བདེན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་གཉིས་སུ་མེད་པའི་ཤེས་པ་བརྫུན་པ་དང་ལྷན་ཅིག་ཏུ་འབྲེལ་པ་ཅི་ཞིག་ཡོད། གང་གིས་ན་དེ་ལྟར་བདེན་པ་དེ་ལྟར་བརྫུན་པའི་ངོ་བོར་བདག་


DTG107_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྣང་བར་འགྱུར། རེ་ཞིག་བདེན་པའི་ངོ་བོ་ཉིད་ནི་མ་ཡིན་ཏེ། བདེན་པ་དང་བརྫུན་པའི་ངོ་བོ་གཉིས་འགལ་བའི་ཕྱིར་རོ། །བདེན་པ་ལས་སྐྱེས་པ་ཡང་མ་ཡིན་ཏེ། བརྫུན་པ་ནི་བྱ་བ་མ་ཡིན་པའི་ཕྱིར་ལ་རྟག་པ་ཡང་དོན་བྱེད་པའི་ནུས་པ་དང་བྲལ་བའི་ཕྱིར་རོ། །བདེན་པ་ནི་བདག་ཉིད་དེ་ལྟར་མི་སྣང་ངོ་ཞེས་བརྗོད་པ་ཡང་རིགས་པ་མ་ཡིན་ཏེ། གང་གི་བདེན་པ་བདག་ཉིད་དེ་ལྟར་སྣང་བར་འགྱུར་བ་ཤེས་པ་ལས་མ་གཏོགས་པ་གཞན་ཡང་མེད་པའི་ཕྱིར་རོ། །ཅུང་ཟད་ཀྱང་མི་སྣང་ངོ་ཞེས་ཀྱང་བརྗོད་པར་ཡང་རིགས་པ་མ་ཡིན་ཏེ། ཉམས་སུ་མྱོང་བ་དང་འགལ་བའི་ཕྱིར་རོ། །དེ་ལྟ་བས་ན་ཤེས་པའི་རང་བཞིན་ཉིད་དེ་འདྲ་སྟེ། དེས་ན་དེ་ལྟར་བརྫུན་པའི་རྣམ་པ་འཛིན་པར་སྣང་བར་འགྱུར་རོ་ཞེས་བྱ་བ་འདི་ཁོ་ན་བརྗོད་པར་བྱ་དགོས་སོ། །དེ་ལྟ་ཡིན་ཏེ་བརྫུན་པའི་རྣམ་པར་སྣང་བ་ན་ནི་བརྫུན་པ་ཉིད་དུ་མངོན་པར་རྒྱུག་གོ་ཞེས་བྱ་བར་འགྱུར་རོ། །དེ་ལྟ་མ་ཡིན་ན་ནི་ཤེས་པས་ཡུལ་བརྫུན་པར་འཛིན་པའི་མི་ནུས་པས་དེའི་ཕྱིར་གྲོགས་པོ་ཁྱོད་ཀྱིས་ཁོ་བོ་འཕེལ་བ་ཡིན་ནོ། །བརྫུན་པའི་ངོ་བོས་བདེན་པ་སྒྲུབ་པར་བྱེད་པའི་ཚད་མ་ཡང་ཅི་ཡང་མེད་པས་ཁྱོད་ཀྱི་དེ་ནི་བདག་ཏུ་འཛིན་པ་ཤིན་ཏུ་དམ་པོས་བསྐྱེད་བའི་བདག་ཆད་པས་སྐྲག་པའི་ཕྱིར་ལྟུང་བས་འཇིགས་ནས་ནམ་མཁའི་རྩྭ་ལ་འཇུ་བར་བྱེད་པ་ལྟ་བུ་འབའ་ཞིག་ཏུ་ཟད་པས་འདི་ནི་གྱི་ནའོ། །ནམ་མཁའ་དང་ཞེས་བྱ་བ་ལ་སོགས་པས་མདོ་སྡེ་པ་ལ་སོགས་པའི་གཞུང་གིས་གཏན་ཚིགས་མ་གྲུབ་པར་དོགས་པ་བསུ་བར་བྱེད་དེ། དེ་དག་ལྟར་ན་ཡང་ཤེས་པ་རྣམས་སྒྲའི་རྣམ་པར་གཞག་པར་འབྱུང་བའི་ཕྱིར་སྣ་ཚོགས་པ་ཉིད་ཡོད་པ་ཁོ་ན་བསམ་གྲུབ་པ་མ་ཡིན་ནོ། །ཁས་བླངས་ཏེ་ཡང་ཞེས་བྱ་བ་ནི་སྣ་ཚོགས་སུ་སྣང་བ་མ་ཡིན་པར་རོ། །མཚན་ཉིད་བཅས་པ་ལ་ཞེས་བྱ་བ་ནི་མཚན་ཉིད་དང་བཅས་པར་འདོད་པ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལའོ། །མཚན་ཉིད་དང་ལྡན་པ་ལ་ཞེས་བྱ་བ་ནི་དངོས་པོ་མཚན་ཉིད་དང་ལྡན་པ་ལའོ། །འདི་སྐད་དུ་གང་གི་ཚེ་དངོས་པོ་ཉིད་དུ་འདོད་པ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རང་བཞིན་མེད་པ་ཉིད་དུ་གྲུབ་པ་དེའི་ཚེ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལ་དངོས་པོའི་མཚན་


DTG107_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དོན་བྱེད་པ་ཉིད་ལ་སོགས་པ་བཀག་པའི་ཕྱིར་ནམ་མཁའ་རྣམ་པར་རྟོག་པ་ལ་སོགས་པ་གཞན་ཡང་ཇི་ལྟར་དངོས་པོ་ཉིད་དུ་འགྱུར་ཏེ། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དང་འདྲ་བ་ཁོ་ནར་ཐམས་ཅད་ཀྱང་དངོས་པོ་མེད་པར་གྱུར་ཏོ་ཞེས་བཤད་པ་ཡིན་ནོ། །རེ་ཞིག་དེ་ལྟར་བློ་ཐམས་ཅད་རང་བཞིན་གཅིག་པ་ཉིད་དང་བྲལ་བར་རབ་ཏུ་བསྒྲུབས་ནས་དེ་ལྟར་མཇུག་བསྡུ་བའི་ཚིགས་སུ་བཅད་པས་སྟོན་པར་བྱེད་དོ། །འདིར་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་གཅིག་གི་རང་བཞིན་ཉིད་ལ་སོགས་པ་དགག་པར་རོ། །གསུངས་པ་ཞེས་བྱ་བ་ནི་འཕགས་པ་ལྷས་སོ། །གལ་ཏེ་ཚིགས་རྣམས་ལས་སོར་མོ་གཞན་ཡིན་པར་གྱུར་ན། དེའི་ཚེ་དམིགས་པའི་རིག་བྱར་གྱུར་པའི་ཕྱིར་བུམ་པ་དང་རས་ཡུག་བཞིན་དུ་ལོགས་ཤིག་ཏུ་དམིགས་པར་འགྱུར་རོ། །ཇི་སྟེ་ཚིགས་དང་འདུ་བའི་ཕྱིར་ལོགས་ཤིག་ཏུ་དམིགས་པར་མི་འགྱུར་ན་དེའི་ཚེ་ཚིགས་རེ་རེ་ལ་བདག་ཉིད་ཐམས་ཅད་དུ་རྫོགས་པའི་ཕྱིར་ཚིགས་གཅིག་བསྒྲིབས་ན་ཡང་སོར་མོ་བསྒྲིབས་པར་འགྱུར་བའམ། དམར་ན་དམར་བར་འགྱུར་ལ་སོར་མོ་མང་པོ་ཉིད་དུ་ཐལ་བར་ཡང་འགྱུར་རོ། །ཕྱོགས་གཅིག་གིས་ཁྱབ་ན་ནི་གཅིག་པ་ཉིད་ཉམས་པར་འགྱུར་རོ། །དེ་དག་ལ་ཡང་ཕྱོགས་གཅིག་གིས་ཁྱབ་ན་ནི་ཐུག་པ་མེད་པར་འགྱུར་རོ། །གཞན་མ་ཡིན་པ་ཡང་མ་ཡིན་ཏེ། སོར་མོ་གཅིག་དང་ཐ་མི་དད་པའི་ཕྱིར་སོར་མོའི་རང་གི་ངོ་བོ་བཞིན་དུ་རྩེ་མོ་དང་དྲུང་པ་གཉིས་ཀྱང་གཅིག་པ་ཉིད་དུ་ཐལ་པར་འགྱུར་ལ་སོར་མོ་ཡང་ཚིགས་དུ་མ་དང་ཐ་མི་དད་པའི་ཕྱིར་དུ་མ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟར་ན་རྣམ་པར་དཔྱད་པ་འདིས་ཚིགས་ལ་སོགས་པ་ཡང་རང་གི་ཡན་ལག་རྣམས་ལས་གཞན་དང་གཞན་མ་ཡིན་པ་ཉིད་དུ་བརྗོད་དུ་མེད་པའི་ཕྱིར་མ་གྲུབ་པས་མེད་དོ་ཞེས་བརྗོད་པར་བྱའོ། །སོར་མོ་ལ་སོགས་པ་མ་གཏོགས་པར་ཡང་འདུས་པ་མེད་པའི་ཕྱིར་དང༌། རྡུལ་ཕྲ་རབ་རྣམས་ཀྱང་ཕྱོགས་ཐ་དད་པ་ཉིད་ཀྱིས་མ་གྲུབ་པའི་ཕྱིར་དོན་དམ་པར་འདུས་པ་ཙམ་ཡང་མེད་དོ། །འོན་གཟུགས་དང་སྒྲ་ལ་སོགས་པ་བདེན་པ་ཉིད་དུ་འགྱུར་རོ་སྙམ་པ་ལ། སོར་མོ་ལ་སོགས་པ་རྣམས་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་སོར་མོ་ལ་སོགས་པ་དང༌། སོར་མོ་འདུས་པ་མེད་པར་བཤད་པ་དེ་བཞིན་དུ་དངོས་པོ་ཐམས་ཅད་དང་གཟུགས་ལ་


DTG107_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཡང་མེད་པ་ཉིད་དུ་ཁོང་དུ་ཆུད་པར་བྱ་སྟེ། དེ་དག་གི་རང་བཞིན་ཡང་འདུས་པ་ཙམ་ཡིན་པའི་ཕྱིར་ལ་འདུས་པ་ཡང་དངོས་པོ་མེད་པ་ཉིད་དུ་བསྟན་པའི་ཕྱིར་རོ། །འོ་ན་འདུས་པ་ལས་མ་གཏོགས་པར་གཟུགས་ལ་སོགས་པ་ཡོད་པར་འགྱུར་རོ་སྙམ་པ་ལ། ཚོགས་མ་གཏོགས་པའི་དངོས་ཕྲའང་མེད། །ཅེས་བྱ་བ་སྨོས་སོ། །ཕྲ་བའང་ཞེས་བྱ་བ་ནི་ཕྲ་རབ་ཀྱི་བདག་ཉིད་ཀྱང་སྟེ་རྡུལ་ཕྲ་རབ་ཀྱང་ཕྱོགས་ཀྱི་བྱེ་བྲག་གིས་ཐ་དད་པའི་ཕྱིར་རོ། །འོ་ན་བློའི་ངོ་བོ་གཅིག་པར་འགྱུར་རོ་སྙམ་པ་ལ། དེ་ལྟར་དོན་གཅིག་ཤེས་བྱེད་པ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུལ་གྱི་རྣམ་པ་འཛིན་པར་སྐྱེ་བའི་ཕྱིར་ཤེས་པ་ཡང་སྣ་ཚོགས་པའི་ངོ་བོ་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །འོ་ན་ཡིད་ཀྱི་རྣམ་པར་ཤེས་པ་དང་ཡིད་ཀྱི་རྣམ་པར་ཤེས་པའི་སེམས་ལས་བྱུང་བ་རྣམས་དམིགས་པ་གཅིག་པ་ཅན་ཡིན་པར་འགྱུར་རོ་སྙམ་པ་ལ། སེམས་བྱུང་ཚོགས་དང་བཅས་སེམས་ཀྱི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་ཡིད་ཀྱི་རྣམ་པར་ཤེས་པ་དང་ཡིད་ཀྱི་རྣམ་པར་ཤེས་པའི་སེམས་ལས་བྱུང་བ་གཟུགས་ལ་སོགས་པའི་ཡུལ་ཅན་གང་དག་ཡིན་པ་དེ་དག་ནི་ཡུལ་སྣ་ཚོགས་པ་ཅན་ཡིན་པའི་ཕྱིར་སྣ་ཚོགས་པ་ཉིད་ཁོ་ན་ཡིན་ནོ། །གཟུགས་ཤེས་པ་ལ་སོགས་པའི་ཡུལ་ཅན་གང་དག་ཡིན་པ་དེ་དག་ཀྱང་སྣ་ཚོགས་ཉིད་ཁོ་ན་ཡིན་ཏེ། གོང་དུ་གཟུགས་ལ་སོགས་པ་ལ་དམིགས་པར་གྱུར་པ་གཟུགས་ལ་སོགས་པ་ཤེས་པ་སྣ་ཚོགས་པ་ཉིད་ཀྱི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །རང་གི་སྡེ་པ་སེམས་ཙམ་གྱི་ཚུལ་ལ་བརྟེན་པའི་བློ་གྲོས་དཀར་བ་གང་དག་ཅེས་བྱ་བ་ནི་རྣལ་འབྱོར་སྤྱོད་པ་པ་རྣམས་སོ། །ཤེས་པ་ལ་མཐུན་པའི་བག་ཆགས་ཡོངས་སུ་སྨིན་པ་ལ་རག་ལས་ནས་འབྱུང་བ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །བག་ཆགས་གང་ལ་ཐོགས་པ་མེད་པའི་སེམས་ཅན་གྱི་རྒྱུད་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །བག་ཆགས་དེ་སྨིན་པ་ནི་ཡོངས་སུ་སྨིན་པ་སྟེ། འཇུག་པ་ཐོབ་པ་ཞེས་བྱ་བའི་ཐ་ཚིག་གོ །ཡོངས་སུ་སྨིན་པ་དེ་སྤྲུལ་པ་ནི་བསྐྱེད་པའོ། །འདིར་འཐད་པ་གཟུགས་ལ་སོགས་པའི་སྐྱེ་མཆད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །རྫས་དང་ཡོན་ཏན་ལ་སོགས་པ་ཞེས་བྱ་བ་ནི་བྱེ་བྲག་པ་ལ་སོགས་པ་ཉེ་བར་བརྟགས་པ་


DTG107_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ལས་དང་སྤྱི་དང་བྱེ་བྲག་དང་འདུ་བ་རྣམས་བསྡུ་སྟེ། འདིས་ནི་ཕྱི་རོལ་གྱི་གཟུང་བ་མེད་པའི་ཕྱིར་ཤེས་པ་འཛིན་པ་མེད་པ་ཁོ་ནའོ་ཞེས་བསྟན་པ་ཡིན་ནོ། །ཕྱི་རོལ་གྱི་དོན་ཡོད་ན་ཡང་ཤེས་པ་ནི་གཟུང་བ་དང་འཛིན་པའི་རྣམ་པས་སྟོང་པ་ཁོ་ན་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཚོར་བར་བྱ་བ་དང་ཚོར་བ་པོའི་མཚན་ཉིད་དང་ཡང་བྲལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་རྣམ་པ་མེད་ན་ཡོད་པ་ཙམ་གྱིས་ནི་ཕྱི་རོལ་གྱི་དོན་རིག་པར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཡུལ་གྱི་འབྲས་བུ་ཡིན་པས་སམ། །ཚོགས་པ་གཅིག་ལ་རག་ལས་པས་ཀྱང་རིག་པར་རིགས་པ་མ་ཡིན་ཏེ། མིག་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། །ཡུལ་གྱི་རྣམ་པ་ཅན་ཙམ་གྱིས་ཀྱང་མ་ཡིན་ཏེ། རྣམ་པ་མཚུངས་པའི་སེམས་གཞན་ཡང་འཛིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཡུལ་དང་འདྲ་བ་དང་ཡུལ་ལས་བྱུང་བ་དག་གིས་ཀྱང་མ་ཡིན་ཏེ། མཚུངས་པ་དེ་མ་ཐག་པའི་རྐྱེན་དོན་མཐུན་པ་ཡང་ཡུལ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལ་སོགས་པའི་རྣམ་པས་ཚོར་བར་བྱ་བ་དང་ཚོར་བ་པོ་ཉིད་ཀྱི་མཚན་ཉིད་མི་སྲིད་པའི་ཕྱིར་དངོས་པོ་འདི་དག་ནི་སྒྱུ་མ་ལ་སོགས་པའི་རང་བཞིན་ལྟར་སྣང་ངོ༌། །འདི་དག་དེ་ལྟར་སྣང་བའི་རྒྱུ་གང་ཡིན་སྙམ་པ་ལ། ཐོག་མ་མེད་པར་སྲིད་པ་འབྱུང་བ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དངོས་པོ་ལ་མངོན་པར་ཞེན་པ་འདི་ལ་ཐོག་མ་མེད་པའི་སྲིད་པར་འབྱུང་བའི་ངང་ཚུལ་ཡོད་པས་དེ་སྐད་ཅེས་བྱ་སྟེ། མངོན་པར་ཞེན་པ་དེས་བསྐྱེད་པའི་བག་ཆགས་གང་ཡིན་པའོ། །བག་ཆགས་དེ་ཡོངས་སུ་སྨིན་པ་ནི་འཇུག་པ་ཐོབ་པ་ཉིད་དོ། །བག་ཆགས་ཡོངས་སུ་སྨིན་པ་དེའི་མཐུ་ནི་ནུས་པ་སྟེ། བདག་པོ་ཞེས་བྱ་བའི་ཐ་ཚིག་གོ །མཐུ་དེ་ལས་རྣམ་པ་འདི་དག་སྣང་སྟེ། ཕྱི་རོལ་གྱི་དོན་མེད་པར་ཡང་ཞེས་བྱ་བའི་ཐ་ཚིག་གོ །དེ་དགེ་ཞེས་བྱ་བ་ནི་ལུགས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་རོ། །དངོས་པོ་དེ་ཡང་བདག་ཉིད་དམ་ཅི་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་རྣམ་པའི་ངོ་བོའོ། །ལུགས་འདི་ནི་ཚད་མ་དང་ཞེས་བྱ་བ་ལ་སོགས་པས་ནི་ཚིག་ལེའུར་བྱས་པའི་དོན་རྣམ་པར་འགྲེལ་པར་བྱེད་དོ། །འདི་ནི་ཞེས་བྱ་བ་ནི་འདི་ཞེས་བྱ་བའི་ཐ་ཚིག་གོ །


DTG107_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

གང་དག་དམིགས་པ་ལ་སྤྱོད་པ་དེ་དག་ནི་དམིགས་པ་ཅན་ཏེ། དེ་དག་ནི་དམིགས་པ་ཅན་ཡང་ཡིན་ལ་མཐའ་ཡས་པ་དག་ཀྱང་ཡིན་ཞེས་ཚིག་རྣམ་པར་སྦྱར་ཏེ། དམིགས་པ་ཅན་རྣམས་ཀྱི་མངོན་པར་ཞེན་པ་ངན་པའམ། དམིགས་པ་ཅན་རྣམས་ཀྱི་མངོན་པར་ཞེན་པ་ངན་པ་མཐའ་ཡས་པ་གང་ཡིན་པ་དེའི་གཉེན་པོ་ཡིན་པས་སོ། །ཚད་མ་ཤིན་ཏུ་གསལ་བ་གང་ཡིན་སྙམ་པ་ལ། འདི་ལྟར་རྡུལ་ཕྲ་རབ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྔར་བཤད་པ་ཞེས་བྱ་བ་ནི། ཐ་དད་ཕྱོགས་དང་འདྲེ་བས་ན། །ཁྱབ་རྣམས་གཅིག་པུར་ག་ལ་འགྱུར། །ཞེས་བྱ་བ་ལ་སོགས་པས་སོ། །ལུང་གིས་ཤེས་པར་བྱ་བ་ཡང་ཡིན་པར་བསྟན་པ་ལུང་དང་ལྡན་པ་ཡང་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཟུགས་བརྙན་ལྟ་བུ་ཞེས་བྱ་བ་ནི་གཟུགས་བརྙན་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །སྣང་ཡང་ནི་ཞེས་བྱ་བ་ནི་དོན་གྱི་རྣམ་པར་ཞེས་བྱ་བ་དང་སྦྱར་རོ། །ཐོག་མ་མེད་པའི་བློས་བསྒོས་པ་ཞེས་བྱ་བ་ནི་ཐོག་མ་མེད་པའི་དངོས་པོར་མངོན་པར་ཞེན་པ་ཅན་གང་ཡིན་པ་དེས་བསྒོས་པ་སྟེ་སྦགས་པའོ། །གཅིག་ཏུ་ན་འཁོར་བ་ཐོག་མ་མེད་པ་ནས་བསྒོས་པ་ཡིན་ནོ། །གལ་ཏེ་སེམས་དོན་གྱི་རྣམ་པ་ཅན་ཡིན་ན་འོ་ན་ནི་ཡོད་དོ། ཞེས་བྱ་བ་ཁས་བླངས་པར་འགྱུར་རོ་སྙམ་པ་ལ་དོན་མེད་ཅེས་བྱ་བ་སྨོས་སོ། །ཡང་དག་ཇི་བཞིན་མཐོང་ཞེས་བྱ་བ་ནི་གཅིག་དང་དུ་མའི་ངོ་བོས་དོན་དཔྱོད་པ་སྟེ། དོན་ཡོད་པ་ཉིད་དུ་མི་སྣང་ངོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ན་ཆོས་ལ་བདག་མེད་པ་བཤད་པ་ཡིན་ནོ། །གང་ཟག་ལ་བདག་མེད་པ་ཡང་གཙོ་ཆེར་བཤད་པའི་ཕྱིར་གང་ཟག་ཅེས་བྱ་བ་སྨོས་ཏེ། ཁ་ཅིག་ན་རེ་ཚེ་རབས་གཞན་དང་གཞན་དག་ཏུ་འཁོར་བའི་གང་ཟག་གང་ཡིན་པ་ནི་རྫས་སུ་ཡོང་པར་འདོད་དེ་ཞེས་ཟེར་རོ། །གཞན་དག་ན་རེ་འཁོར་བར་འགྱུར་བ་རྒྱུན་རྫས་སུ་ཡོང་པར་འདོད་དོ་ཞེས་ཟེར་རོ། །ལ་ལན་རེ་གཟུགས་ལ་སོགས་པ་ཕུང་པོ་རྣམས་ཁོ་ན་འཁོར་རོ་ཞེས་ཟེར་རོ། །གཞན་དག་ན་རེ་ཕྱི་རོལ་གྱི་རྒྱུ་དང་རྐྱེན་རྣམས་ཁོ་ན་འཁོར་བ་པ་ཡིན་ནོ་ཞེས་བརྗོད་དོ། །གཞན་དག་ན་རེ་རྡུལ་རྣམས་འཁོར་རོ་ཞེས་ཟེར་རོ། །གཞན་དག་ན་རེ་སྣ་ཚོགས་འདི་ནི་གཙོ་བོའི་ཁོངས་སུ་འགྱུར་བ་ཡིན་ནོ་ཞེས་ཟེར་རོ། །


DTG107_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་གིས་ནི་ཐམས་ཅད་ཀྱི་བྱེད་པ་པོ་ནི་དབང་ཕྱུག་ཁོ་ན་ཡིན་ནོ་སྙམ་དུ་རྟོགས་ཏེ། རབ་ཏུ་སྨྲ་བ་འདི་དག་ཐམས་ཅད་ནི་སེམས་ཙམ་པོ་ཁོ་ན་ལས་རྣམ་པར་རྟོག་པར་བྱེད་ཀྱི། དོན་དམ་པར་གང་ཟག་ལ་སོགས་པ་ཡོད་པ་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འདི་ཐམས་ཅད་ནི་ཇི་ལྟར་འགྲུབ་སྙམ་པ་ལ། ཕྱི་རོལ་དོན་མཐོང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་ཞེས་བྱ་བའི་སྒྲ་ནི་གཟུགས་ལ་སོགས་པ་དང་གང་ཟག་ལ་སོགས་པ་གཉི་ག་ལ་ཡང་བྱའོ། །ལོག་པ་ཡིན་ཞེས་བྱ་བ་ནི་ལོག་པའི་དོན་ཞེས་བྱ་བའི་ཐ་ཚིག་གོ །སྦྱོར་བ་ནི་སེམས་དོན་གྱི་རྣམ་པ་ཅན་གང་དང་གང་ཡིན་པ་དེ་ནི་ལོག་པའི་དོན་ཡིན་ཏེ། དཔེར་ན་རྨི་ལམ་ལ་སོགས་པ་ལྟ་བུའོ། །ཕྱི་རོལ་གྱི་དོན་མཐོང་བ་ཉིད་དུ་འདོད་པ་རྩོད་པའི་གཞིར་གྱུར་པའི་སེམས་འདི་ཡང་དོན་གྱི་རྣམ་པ་ཅན་ཏེ། རང་བཞིན་གྱི་གཏན་ཚིགས་འཕེལ་བ་ཡིན་ནོ། །འདི་ལ་གནོད་པ་ཅན་གྱི་ཚད་མ་གང་ཡིན་སྙམ་པ་ལ། དོན་ཡོད་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་གཅིག་དང་དུ་མའི་རང་བཞིན་དག་གིས་དཔྱད་ན་དོན་མི་གནས་པའི་ཕྱིར་དོན་མེད་པར་གྲུབ་པ་ནི་གནོད་པ་ཅན་གྱི་ཚད་མ་ཡིན་ནོ། །ཕྱི་རོལ་གྱི་ཡུལ་དང་འབྲེལ་པའི་དོན་མངོན་སུམ་ཁོ་ནར་གྲུབ་པ་མ་ཡིན་ནམ། དེ་ཇི་ལྟར་ན་མེད་ཀྱང་དམ་བཅས་པ་ཡང་ཇི་ལྟར་འགལ་པ་ཅན་དུ་མི་འགྱུར་སྙམ་པ་ལ། སེམས་ཉིད་དེ་ཞེས་བྱ་བ་སྨོས་ཏེ། འདིས་ནི་ལུགས་འདི་སྔར་བཤད་པ་མངོན་པར་ཞེན་པ་ངན་པའི་གཉེན་པོ་ཉིད་ཡིན་པར་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་མཁས་པ་དག་ཚུལ་འདི་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཙམ་གྱིས་ནི་དེ་དགེ་ཞེས་བྱ་བ་རྣམ་པར་ཕྱེ་བ་ཡིན་ནོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་ཚིགས་སུ་བཅད་པའི་ཆ་ལྷག་མ་འགྲེལ་པར་བྱེད་དེ། ཡང་དག་པ་ཉིད་ཡིན་ན་རྣམ་པ་དང་རྣམ་པར་ཤེས་པ་གཉིས་སྔ་མ་བཞིན་དུ་རང་བཞིན་ཕན་ཚུན་གནས་པར་ཐལ་བར་འགྱུར་ཏེ། ཁོང་དུ་ཆུད་པར་སླ་བ་ཉིད་དོ། །གཡོ་དང་མི་གཡོ་ལ་སོགས་ལ། །ཞེས་བྱ་བ་ནི་གཡོ་བ་དང་མི་གཡོ་བར་སྣང་བ་དག་ལ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གཡོ་བ་ལ་སོགས་པར་སྣང་བ་ངོ་བོ་གཅིག་ལ་ཁོ་ན་མ་ཡིན་ན་ཞེས་བྱ་བའི་ཐ་ཚིག་གོ །ཐལ་བ་འདི་ནི་ཞེས་བྱ་བ་ནི་གཡོ་བ་ལ་སོགས་པ་རྣམ་པ་


DTG107_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་སྣང་བར་ཐལ་བར་འགྱུར་བའོ། །ངེས་པར་ཐ་དད་པར་འགྱུར་རོ་ཞེས་བྱ་བ་ནི་ཤེས་པ་དང་རྣམ་པ་གཉིས་ཞེས་བྱ་བ་ལྷག་མའོ། །ལ་ལ་ལས་ནི་ངེས་པར་དེ་ཁོ་ནར་འགྱུར་རོ་ཞེས་འབྱུང་སྟེ། དེར་ནི་དེ་ཁོ་ན་ཞེས་བྱ་བ་ཐ་དད་པ་ཁོ་ན་ལ་སྙེགས་ཏེ། གོང་དུ་གདོན་མི་ཟ་བར་སྣ་ཚོགས་ཉིད་དུ་འགྱུར་རོ་ཞེས་བཤད་པ་དེར་ཐ་དད་པ་ཁོ་ནའི་སྐབས་ཡིན་པའི་ཕྱིར་རོ། །གང་དག་ཅེས་བྱ་བ་ནི་རྣལ་འབྱོར་སྤྱོད་པ་ཁ་ཅིག་ཁོ་ན་ཡིན་ཏེ། ཇི་སྐད་བཤད་པའི་སུན་དབྱུང་བར་ཐལ་བར་འགྱུར་བས་འཇིགས་ནས་རྣམ་པ་ཤེས་པ་རིགས་མ་ཐུན་པ་མང་པོ་ཡང་ཅིག་ཅར་སྐྱེའོ་ཞེས་བརྗོད་དོ། །དེ་དག་གི་ལུགས་ཀྱིས་གཅིག་ལ་སྣ་ཚོགས་ཉིད་དུ་ཁས་མི་ལེན་པའི་ཕྱིར་ཇི་སྐད་བཤད་པའི་སུན་དབྱུང་བར་མི་འཇུག་མོད་ཀྱི། ཉེས་པ་གཞན་ཡོད་པས་སྨྲ་བ་དེ་དག་གི་ནི་གང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལུང་གང་ཡིན་སྙམ་པ་ལ་གང་སྔ་ཕྱི་མེད་པར་སེམས་གཉིས་འབྱུང་བ་འདི་ནི་གནས་མ་ཡིན་ཏེ་ཞེས་བྱ་བ་སྨོས་སོ། །གནས་མ་ཡིན་ཏེ་ཞེས་བྱ་བ་ནི་མི་སྲིད་པའོ། །དེ་ཉིད་ཀྱི་བཤད་པ་ནི་གོ་སྐབས་མེད་དོ་ཞེས་བྱ་བ་ཡིན་ནོ། །སྔ་ཕྱི་མེད་པར་ཞེས་བྱ་བ་ནི་དུས་གཅིག་ཏུ་ཞེས་བྱ་བའི་ཐ་ཚིག་སྟེ། འདིར་འགལ་བ་ནི་འདི་ཡིན་ནོ། །དེ་བཞིན་དུ་ཞེས་བྱ་བ་ནི་ལུང་དང་འགལ་བ་གཉིས་པ་ཡང་སྟོན་པའོ། །རྣམ་པར་སྨིན་པའི་རྣམ་པར་ཤེས་པའི་དབང་དུ་མཛད་དེ་དེ་སྐད་ཅེས་གསུངས་པར་འདོད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་ལུང་གི་གཞུང་འཛུགས་པའི་དོགས་པ་བསུ་བར་བྱེད་པའོ། །རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ། ཀུན་གཞི་རྣམ་པར་ཤེས་པ་ནི་གཅིག་ཁོ་ན་འབྱུང་གི །དུ་མ་ཅིག་ཅར་ནི་མི་འབྱུང་བས་ན་དེའི་ཕྱིར་འདི་ནི་བཅོམ་ལྡན་འདས་ཀྱིས་ཀུན་གཞིའི་རྣམ་པར་ཤེས་པའི་དབང་དུ་མཛད་ནས་གསུངས་ཀྱི། འཇུག་པའི་རྣམ་པར་ཤེས་པ་ནི་མ་ཡིན་ནོ་ཞེས་གྲགས་ཏེ། རྣམ་པར་བཤད་བ་འདི་ཡང་སྔོན་གྱི་སློབ་དཔོན་གྱིས་རྣམ་པར་བཤད་པ་དང་འགལ་བའི་ཕྱིར་དང༌། རྣམ་བར་སྨིན་པའི་རྣམ་པར་ཤེས་པ་ཡང་ལུས་དང༌། ལོངས་སྤྱོད་དང༌། གནས་སུ་སྣང་བས་སྣ་ཚོགས་པ་ཡིན་པའི་ཕྱིར་དུ་མར་ཐལ་བར་འགྱུར་བ་མ་བཟློག་པས་སྐྱོན་ཆགས་


DTG107_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁོ་ན་ཡིན་ནོ་སྙམ་དུ་བསམས་ནས། གལ་ཏེ་དེ་ལྟ་ན་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔོན་གྱི་སློབ་དཔོན་ཆོས་ཀྱི་གྲགས་པ་ལ་སོགས་པས་འདི་སྐད་དུ་བཅོམ་ལྡན་འདས་ཀྱིས་གནས་མ་ཡིན་པ་ཞེས་བྱ་བ་ལ་སོགས་པས་རྣམ་པར་རིག་པ་རྣམས་ངེས་པར་བཤད་པ་གང་ཡིན་པ་དེ་ནི་རྣམ་པར་རིག་པ་དེ་དག་རྣམས་ལས་རྣམ་པར་ཤེས་པ་རིགས་མཐུན་པ་ཁོ་ནའི་དབང་དུ་མཛད་དེ་གསུངས་ཀྱི། རིགས་མི་མཐུན་པ་ནི་མ་ཡིན་ཏེ། འདི་ལྟར་རྣམ་པར་རྟོག་པའི་རིགས་མཐུན་པ་རྣམས་རིམ་གྱིས་འབྱུང་བར་རྟོགས་སོ་ཞེས་རྣམ་པར་བཤད་དོ། །དེ་ལྟ་མ་ཡིན་ཏེ་གལ་ཏེ་ཁྱོད་སྔོན་གྱི་སློབ་དཔོན་གྱི་ཚུལ་བོར་ནས་རང་དགར་རྣམ་པར་འཆད་པར་བྱེད་ན་ནི་དེའི་ཚེ་ཁོ་བོ་ཡང་འདི་སྐད་དུ་འདི་ལྟ་སྟེ། གནས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་འདི་ནི་མི་མཐུན་པ་དང་གཉེན་པོའི་སེམས་གཉིས་ཅིག་ཅར་འབྱུང་བ་དགག་པ་ལྷུར་མཛད་པ་ཡིན་ནོ་ཞེས་རྣམ་པར་འཆད་དོ། །འོ་ན་རྣམ་པར་ཤེས་པའི་རྒྱུད་གཅིག་པའོ་ཞེས་བྱ་བ་འདི་ནི་ཇི་ལྟར་དྲན་སྙམ་པ་ལ། གཅིག་ཅེས་བྱ་བའི་སྒྲ་ནི་འབའ་ཞིག་ཅེས་བྱ་བའི་རྣམ་གྲངས་སུ་གཏོགས་པ་ཡིན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ཡིན་ན་ཕྱི་རོལ་གྱི་དོན་དགག་པ་བསྟན་པར་བཤད་པ་ཡིན་ནོ། དེ་ལྟར་བཤད་ན་ཡོན་ཏན་ཅི་ཞིག་འཐོབ་སྙམ་པ་ལ། དེ་བས་ན་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱོད་ཀྱིས་བཤད་པ་ལྟར་ན་ཐ་དད་པར་ཐལ་བར་འགྱུར་བའི་གནོད་པ་སྐྱེད་པར་འགྱུར་བ་ཁོ་ནའོ་སྙམ་དུ་བསམ་པའོ། །གལ་ཏེ་དེ་ལྟ་ན་ཕ་རོལ་བོ་དེ་ལྟར་བཤད་པ་ཡིན་ཡང་ཁྱོད་ཀྱིས་ཁོ་བོ་ཅག་འདོད་པ་ཁོ་ན་བསྒྲུབས་པ་ཡིན་ནོ་ཞེས་སྨྲ་བར་འགྱུར་རོ་སྙམ་པ་ལ། ཅི་ལུགས་འདི་རྨ་མེད་པ་ཡིན་ན་མ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དཔྱད་པ་དེ་གང་ཡིན་སྙམ་པ་ལ། འདི་ལྟར་དབུས་སུ་འདོད་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཤེས་པ་རྣམས་ནི་ལུས་ཅན་མ་ཡིན་པའི་ཕྱིར་ཡུལ་གྱིས་བྱས་པའི་སྔ་མ་དང་ཕྱི་མ་མེད་པ་མ་ཡིན་ནམ། དེ་ཇི་ལྟར་ན་ཤེས་པ་རྣམས་རྡུལ་ཕྲ་མོ་བཞིན་དུ་དབུས་ན་གནས་པར་འགྱུར། དེ་ནི་བདེན་ན་སྨྲ་བ་འདི་ལ་སྐྱོན་གཞན་རྣམ་པ་ཡུལ་ཁེབས་པར་སྣང་བ་རྣམས་བདེན་པ་ཉིད་དུ་འདོད་པས་ཤེས་པ་མང་པོ་ཡུལ་མེད་པ་ཡིན་ཡང་དེ་བཞིན་དུ་


DTG107_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཁེབས་པར་གནས་པར་སྐྱེ་བར་ཡོངས་སུ་རྟོགས་པ་གང་ཡིན་པ་འདི་ཡོད་དོ། །དེ་ལྟ་མ་ཡིན་ཏེ་གལ་ཏེ་རྣམ་པར་ཤེས་པ་དུ་མ་སྐྱེ་བར་རྟོགས་པ་ལ་ཡང་དེ་ལྟར་ཡུལ་ཁེབས་པར་སྐྱེ་བར་སྣང་བ་ལོག་པ་ཡིན་པར་གྱུར་ན་དེའི་ཚེ་རྣམ་པར་ཤེས་པ་དུ་མ་སྐྱེ་བར་རྟོགས་པ་དོན་མེད་པར་འགྱུར་ཏེ། སྔོན་པོ་ལ་སོགས་པར་སྣང་བ་ཡུལ་ཁེབས་པར་གནས་པ་མ་རྟོགས་པར་ནི་གང་ཞིག་བདེན་པར་འགྱུར་བ་སྔོན་པོ་ལ་སོགས་པ་གཞན་ཉམས་སུ་མྱོང་བ་ནི་མེད་དོ། །སྔོན་པོ་ལ་སོགས་པར་སྣང་བ་ཡང་བརྫུན་པ་ཉིད་ཡིན་ན་གཞན་ཅི་ཞིག་བདེན་པར་འགྱུར་ཏེ། འདི་ནི་གྱི་ནའོ། །རྡུལ་ཕྲ་རབ་རྣམས་ནི་ལུས་ཅན་ཡིན་ལ་རྣམ་པར་ཤེས་པ་ནི་ལུས་ཅན་མ་ཡིན་པ་མ་ཡིན་ནམ། དེ་ཇི་ལྟར་ན་འདིར་ཉེས་པ་འདི་ཉིད་དུ་འགྱུར་སྙམ་པ་ལ། བར་ཆད་མེད་པར་རིགས་གཅིག་པའི་རྡུལ་དུ་མ་འཛིན་པ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྡུས་པའི་དོན་ནི་མིང་ཙམ་ཐ་དད་པ་འབའ་ཞིག་ཏུ་ཟད་ཀྱི། ཡུལ་འདབ་ཆགས་པར་གནས་པའི་མཚན་ཉིད་ཀྱི་དོན་ལ་ནི་ཐ་དད་པ་མེད་དོ། །མིང་ཙམ་ལ་འཇུག་པའི་སྒོས་བྱས་པའི་ཉེས་པ་མཚུངས་པར་བསྒྲུབ་པ་ནི་མ་ཡིན་གྱི། ཡུལ་འདབ་ཆགས་པར་གནས་པས་བྱས་པའི་ཉེས་པ་མཚུངས་པར་བྱེད་པ་དེ་ལ་ཡང་མིང་ཐ་དད་པ་ཡོད་ཀྱང་ཇི་ལྟར་ཉེས་པ་མཚུངས་པར་མི་འགྱུར་ཞེས་བྱ་བ་ཡིན་ནོ། །གང་དག་ནོར་བུའི་གཟི་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ནི་རྣལ་འབྱོར་སྤྱོད་པ་པ་གཞན་གྱི་ལྟ་བའི་དོགས་པ་བསུ་བར་བྱེད་དེ། དེ་དག་ནི་དུས་ཐམས་ཅད་དུ་རྣམ་པར་ཤེས་པ་སྣ་ཚོགས་ཀྱི་རྣམ་པ་ཅན་གཅིག་ཁོ་ན་སྐྱེའོ་ཞེས་བརྗོད་དོ། །སྔ་མ་རྣམས་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་སྣ་ཚོགས་ཀྱི་རྣམ་པ་ཅན་ཡིན་པར་འདོད་ཀྱང་གཅིག་པུ་ཁོ་ནར་མི་འདོད་ཀྱི། རྣམ་པར་ཤེས་པ་བརྒྱད་པར་འདོད་ཅིང༌། གསང་བ་པ་རྣམས་ནི་འགྲོ་བ་ཐམས་ཅད་ནི་རྣམ་པར་ཤེས་པ་རྟག་པ་གཅིག་པུ་ཙམ་གྱི་རང་བཞིན་ཡིན་པར་འདོད་ལ། འདི་ནི་སྲོག་ཆགས་རེ་རེ་ཞིང་སོ་སོའི་མི་རྟག་པ་རེ་རེར་འདོད་པས་ཕྱོགས་སྔ་མ་གཉིས་ལས་འདི་ལ་བྱེ་བྲག་ཡོད་དོ། །ནམ་མཁའ་ནི་གནམ་ཡིན་ཏེ། གང་དག་ལ་ནམ་མཁའ་དེ་ཉིད་ཀྱི་གོས་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་དག་གི་ལྟ་བ་


DTG107_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཚིག་རྣམ་པར་སྦྱར་ཏེ། འདིར་ཡང་ནམ་མཁའི་གོས་ཅན་གྱི་ལྟ་བ་བཞིན་དུ་སུན་དབྱུང་བ་བརྗོད་པར་བྱའོ་སྙམ་དུ་བསམས་པའོ། །སུན་དབྱུང་བ་དེ་ཉིད་བསྟན་པའི་ཕྱིར། སྣ་ཚོགས་གཅིག་པུའི་རང་བཞིན་མིན། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྦྱོར་བ་ནི་གང་ཞིག་སྣ་ཚོགས་ཡིན་པ་དེ་ནི་གཅིག་པུ་མ་ཡིན་ཏེ། དཔེར་ན་རིན་པོ་ཆེ་རིགས་སྣ་ཚོགས་པ་ལྟ་བུའམ། དཔེར་ན་སེམས་ཀྱི་རྒྱུད་སྣ་ཚོགས་ལ་ཡོད་པའི་ཤེས་པ་དག་ལྟ་བུ་ཡིན་ནོ། །རྣམ་པར་ཤེས་པ་འདི་ཡང་སྣ་ཚོགས་པ་ཡིན་ཏེ། རང་བཞིན་འགལ་བ་དམིགས་པ་ཡིན་ནོ། །འདི་ལ་ཇི་ལྟར་འགལ་བ་འགྲུབ་སྙམ་པ་ལ། སྣ་ཚོགས་ཞེས་བྱ་བ་ནི་རྣམ་པ་ཐ་དད་པ་ལ་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་སྣ་ཚོགས་པ་མ་གཏོགས་པ་གཞན་སྣ་ཚོགས་པའི་སྒྲར་བརྗོད་པར་བྱ་བ་ནི་མེད་དོ། །སྣ་ཚོགས་པ་དང་གཅིག་པ་གཉིས་ཀྱང་ངོ་བོ་ཕན་ཚུན་རྣམ་པར་བཅད་པ་མེད་ན་མེད་པ་ཡིན་པའི་ཕྱིར་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་འགལ་བ་ཡིན་པས་འགལ་བ་གྲུབ་བོ། །འགལ་བ་གཉིས་ཀྱང་རང་བཞིན་གཅིག་པ་ཉིད་ཡིན་ན་ནི་འགྲོ་བ་མཐའ་དག་རྫས་གཅིག་ཏུ་འགྱུར་ཏེ། དེའི་ཕྱིར་ལྷན་ཅིག་སྐྱེ་བ་དང་འཇིག་པ་ལ་སོགས་པར་ཐལ་བར་འགྱུར་བ་བཟློག་དཀའོ། །དེ་ལྟ་མ་ཡིན་ན་ནི་གཅིག་ཅེས་བྱ་བ་མིང་ཙམ་ཁོ་ནར་འགྱུར་ཏེ། མིང་ལ་ནི་བརྩད་པ་མེད་པས་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་ཏེ། དཔེར་ན་རིན་པོ་ཆེ་རིགས་སྣ་ཚོགས་ནི་ནམ་མཁའི་གོས་ཅན་གྱི་ལུགས་ཀྱིས་བལྟ་བར་བྱའི། རྣལ་འབྱོར་སྤྱོད་པའི་ལུགས་ཀྱིས་ནི་མ་ཡིན་ཏེ། རྣལ་འབྱོར་སྤྱོད་པ་ལ་ནི་རིན་པོ་ཆེ་མ་གྲུབ་པའི་ཕྱིར་རོ། །རྣལ་འབྱོར་སྤྱོད་པའི་ལུགས་ཀྱིས་ནི་དཔེ་སེམས་རྒྱུད་སྣ་ཚོགས་ལ་ཡོད་པའི་ཤེས་པ་རྣམས་ཡིན་ཏེ། དཔེ་སེམས་རྒྱུད་སྣ་ཚོགས་ལ་ཡོད་པའི་ཤེས་པ་ནི་སོགས་པ་ཞེས་བྱ་བའི་སྒྲས་བསྟན་པ་ཁོ་ན་ཡིན་ནོ། །དེས་ན་སུན་དབྱུང་བ་འདི་ནི་གཉིས་ཀའི་ལུགས་ལ་ཡང་ཐུན་མོང་ཡིན་ནོ། །སུན་དབྱུང་བ་ཐུན་མོང་གཞན་ཡང༌། །སྣ་ཚོགས་གཅིག་པུའི་རང་བཞིན་ནི། །ཞེས་བྱ་བ་སྨོས་སོ། །སྣ་ཚོགས་ངོ་བོར་སྣང་བར་ཡང་མི་འགྱུར་ཞེས་བྱ་བ་སྟེ། སྣ་ཚོགས་ཀྱི་ངོ་བོར་སྣང་བ་ནི་སྣ་ཚོགས་ཀྱི་ངོ་བོས་ཁྱབ་


DTG107_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །དེ་ནི་ཐ་དད་པའི་བདག་ཉིད་དུ་འཁྲུལ་པ་མེད་དེ་ཞེས་བྱ་བ་ལ་སོགས་པ་ནི་ཁྱབ་པ་དེ་ཉིད་སྟོན་པར་བྱེད་པའོ། །དེ་བཞིན་དུ་གཅིག་རྟོགས་པས་ཞེས་བྱ་བ་ནི་རྣམ་པ་སྣ་གཅིག་སྣང་ན་རྣམ་པ་ཐམས་ཅད་སྣང་བར་འགྱུར་བའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་གཅིག་དམར་རམ་ཚིག་ན་ཐམས་ཅད་དམར་བ་ལ་སོགས་པར་ཐལ་བར་འགྱུར་རོ་ཞེས་སྟོན་ཏོ། །ཇི་སྟེ་ངོ་བོ་ཉིད་དུ་དེའི་ཞེས་བྱ་བ་ལ་སོགས་པས་ནི་འདི་ལ་ཕ་རོལ་པོའི་ལན་གྱིས་དོགས་པ་བསུ་བར་བྱེད་དོ། །དེའི་ཞེས་བྱ་བ་ནི་ཤེས་པའིའོ། །འོ་ན་ཇི་ལྟར་སྣང་སྙམ་པ་ལ། །ནོར་པས་ཞེས་བྱ་བ་སྨོས་སོ། །བསྡུས་པའི་དོན་ནི་གལ་ཏེ་རྣམ་པ་འདི་དག་བདེན་པའི་ངོ་བོ་ཁོ་ན་ཞིག་ཏུ་གྱུར་ན་དེའི་ཚེ་འགལ་བ་འདི་དག་ཐམས་ཅད་དུ་འགྱུར་རོ། །བརྫུན་པ་ཉིད་གཅིག་ཡིན་ན་ནི་འགལ་བ་མེད་དེ། དོན་དམ་པར་ཤེས་པའི་ངོ་བོ་གཅིག་པ་ཁོ་ན་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །སྔོན་པོ་ལ་སོགས་པ་རྣམ་པའི་བྱེ་བྲག་ཏུ་གྱུར་པ་མ་ཡིན་པ་ནི་ཤེས་པ་ལ་ཕྲད་པ་མེད་པའོ། །གཞན་ཞིག་གཞན་གྱི་ངོ་བོར་སྣང་བར་ཇི་ལྟར་འགྲུབ་སྙམ་པ་ལ། འཇིམ་པའི་དུམ་བུ་ལ་སོགས་པ་ཞེས་བྱ་བ་སྨོས་སོ། །སྔགས་ལ་སོགས་པས་དཀྲུགས་པའི་མིག་ཅན་གྱི་མི་རྣམས་ལ་ཞེས་བྱ་བར་སྦྱར་ཏེ། སོགས་པའི་སྒྲས་ནི་སྨན་ལ་སོགས་པ་ཡོངས་སུ་བསྡུའོ། །གལ་ཏེ་མེད་ན་ཇི་ལྟ་བུར། །ཞེས་བྱ་བ་ལ་སོགས་པས་ནི་སུན་དབྱུང་བར་བཤད་དེ། དེ་དག་ཅེས་བྱ་བ་ནི་རྣམ་པ་རྣམས་སོ། །འདི་ལྟར་ཞེས་བྱ་བ་ནི་བྱིས་པ་ཡན་ཆད་ལ་ཤིན་ཏུ་གྲགས་པ་ལྟར་རོ། །དེ་ཡི་དངོས་ལས་ཐ་དད་པའི། །ཞེས་བྱ་བ་ནི་རྣམ་པ་གསལ་བ་སྣང་བ་ལས་ཐ་དད་པ་གཉིས་སུ་མེད་པའི་སྟེ། འདི་ནི་འཇིག་རྟེན་ལས་འདས་པ་ཡིན་ནོ་ཞེས་སྟོན་པར་བྱེད་དེ། འདི་ལྟར་ཤིན་ཏུ་གསལ་བར་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་བརྫུན་ལ་ཉམས་སུ་མྱོང་བ་མེད་པ་གང་ཡིན་པ་དེ་ནི་བདེན་ནོ་ཞེས་བྱ་བ་འདི་ལས་ལེགས་པར་སྨྲས་པ་འདི་ནི་གཞན་ཅི་ཞིག་ཡོད། འདི་ལྟར་གང་ལ་དངོས་གང་མེད། །ཅེས་བྱ་བ་ལ་སོགས་པས་ནི་ཚད་མ་སྟོན་ཏེ། དངོས་པོ་གང་ཞིག་གང་ལ་མེད་པ་དེ་ནི་དེ་ལ་ཤེས་པ་མ་ཡིན་ཏེ། དཔེར་ན་སྡུག་བསྔལ་ལ་


DTG107_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ལ་སོགས་པའི་དངོས་པོ་འམ་དཀར་པོའི་རྣམ་པ་ལ་སྔོན་པོའི་རྣམ་པ་ལྟ་བུའོ། །ཤེས་པ་ལ་ཡང་སྔོན་པོ་ལ་སོགས་པའི་རྣམ་པ་མེད་དོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་ནོ། །གལ་ཏེ་ཚད་མ་འདི་ལ་དོན་དམ་པར་ཤེས་པ་མེད་པར་ཐལ་བར་འགྱུར་བར་རབ་ཏུ་བསྒྲུབས་ན་ནི་དེའི་ཚེ་སྒྲུབ་པ་ལ་གྲུབ་པ་ཉིད་དོ། །ཇི་སྟེ་སྤྱིར་སྒྲུབ་ན་ནི་དེའི་ཚེ་བཟློག་ན་གནོད་པ་ཅན་གྱི་ཚད་མ་མེད་པའི་ཕྱིར་མ་ངེས་པ་ཉིད་ཡིན་ནོ་ཞེས་ཕ་རོལ་པོའི་ལན་གྱི་སྐབས་སྤང་བའི་ཕྱིར་འདི་ལ་བསྒྲུབ་པར་བྱ་བའི་ཆོས་ལས་བཟློག་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིར་ནི་སྤྱི་ཁོ་ནར་བསྒྲུབས་ལ། འདི་མ་ངེས་པ་ཉིད་ཀྱང་མ་ཡིན་ཏེ། འདི་ལྟར་ཤེས་པ་ནི་རྣམ་པ་གཉིས་ཏེ། དངོས་དང་བཏགས་པའོ། །དེ་ལ་དངོས་ནི་བེམས་པོའི་ངོ་བོ་མ་ཡིན་པ་ཡིན་ལ། བེམས་པོའི་ངོ་བོ་མ་ཡིན་པ་ཡང་ཤེས་པ་ཁོ་ནའི་ཐུན་མོང་མ་ཡིན་པ་རང་གི་བདག་ཉིད་དུ་གྱུར་པའི་ཆོས་ཅན་ཡིན་ན་ཇི་ལྟར་རྣམ་པ་མེད་པའི་ཡིན་པར་འགྱུར། སྦྱོར་བ་ནི་གང་ཞིག་ཤེས་པའི་ངོ་བོ་མ་ཡིན་པ་དེ་ལ་ནི་ཤེས་པའི་དངོས་པོ་ཡོད་པ་མ་ཡིན་ཏེ། དཔེར་ན་ནམ་མཁའི་པད་མ་ལྟ་བུའོ། །མེད་པར་ཁས་བླངས་པ་སྔོན་པོ་ལ་སོགས་པའི་རྣམ་པ་རྣམས་ཀྱང་ཤེས་པའི་ངོ་བོ་མ་ཡིན་པས་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་ནོ། །བཏགས་པ་ཡང་མི་སྲིད་དེ། འདི་ལྟར་རང་གི་རྣམ་པར་སྣང་བའི་ཤེས་པ་བསྐྱེད་པ་ཉིད་བཏགས་པའི་ཤེས་པ་ཞེས་བྱ་ན། བཏགས་པའི་ཤེས་པ་ཡང་ནུས་པ་ཐམས་ཅད་ཀྱིས་སྟོང་པ་རྟ་རུ་ལྟ་བུར་མེད་པ་ལ་ནི་རིགས་པ་མ་ཡིན་ཏེ། མེད་པའི་མཚན་ཉིད་ནི་ནུས་པ་ཐམས་ཅད་ཀྱིས་དབེན་པ་ཡིན་པའི་ཕྱིར་རོ། །རྟ་རུ་མེད་པ་ནི་ཞེས་བྱ་བ་ལ་སོགས་པ་ནི་དེ་ཉིད་སྟོན་པ་ཡིན་ཏེ། རྟ་རུ་ནི་བཏགས་པའི་ཤེས་པ་ཉིད་ཉམས་སུ་མྱོང་བ་མེད་དོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་སྙམ་པ་ལ། རང་སྣང་བའི་ཤེས་པ་བསྐྱེད་པར་མི་འགྱུར་ཏེ། རིགས་པ་གདགས་པའི་རྒྱུར་མི་འགྱུར་རོ་ཞེས་བྱ་བ་སྨོས་སོ། །སྦྱོར་བ་ནི་གང་ཞིག་ནུས་པ་མེད་པ་དེ་ནི་བཏགས་པའི་ཤེས་པ་མ་ཡིན་ཏེ། དཔེར་ན་རྟ་རུ་ལྟ་བུའོ། །མེད་པར་འདོད་པའི་རྣམ་པ་རྣམས་ཀྱང་ནུས་པ་མེད་པ་ཡིན་པས་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་ནོ། །དེ་ལྟར་དངོས་དང་ཉེ་བར་


DTG107_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པ་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་དག་གིས་ཤེས་པ་ལ་ཁྱབ་པའི་ཕྱིར་ཁྱབ་པར་བྱེད་པ་དེ་མེད་དེ་ལོག་པས་དེས་ཁྱབ་པ་ཤེས་པ་ཡང་ལྡོག་པ་ཁོ་ན་ཡིན་པས་ཤེས་པར་བྱ་བའི་གོ་སྐབས་མེད་པས་ན་མེད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི་མ་ངེས་པ་ཉིད་མ་ཡིན་ནོ། །ཚད་མ་གཞན་རྣམ་པ་དེ། ཤེས་དང་འབྲེལ་པ་ཅི་ཞིག་ཡོད། །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །སྦྱོར་བ་ནི་གང་ཞིག་དང་ལྷན་ཅིག་འབྲེལ་པ་མེད་པ་དེ་ནི་དེ་ཚོར་བ་ན་ངེས་པར་ཚོར་བ་མེད་དེ། །དཔེར་ན་ཤེས་པའི་བདག་ཉིད་ཚོར་ན་མོ་གཤམ་གྱི་བུ་ཚོར་བ་མེད་པ་ལྟ་བུའོ། །མེད་པར་འདོད་པའི་རྣམ་པ་རྣམས་ཀྱང་ཤེས་པ་དང་ལྷན་ཅིག་དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་གཉི་ག་ཡང་མེད་པས་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ནོ། །ཤེས་པ་ལས་བྱུང་བ་ཡིན་ན་ཡང་རྒྱུ་དང་འབྲས་བུ་ནི་དུས་ཐ་དད་པའི་ཕྱིར་ཚོར་བ་མེད་པ་ཁོ་ན་མ་ཡིན་ནམ། དེས་འདིར་ཅིའི་ཕྱིར་ཀླན་ཀ་མི་བཙལ་སྙམ་པ་ལ། དེ་ལས་བྱུང་བ་ཡིན་ན་ཡང་སྔ་ཕྱི་ཡོད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཡང་འདིར་ཉེས་པ་ཁོ་ན་ཡིན་མོད་ཀྱི། འོན་ཀྱང་འདི་ཁས་བླངས་ནས་ཉེས་པ་གཞན་དུ་བརྗོད་དོ་ཞེས་བྱ་བའི་ཐ་ཚིག་གོ ། རྣམ་པ་རྣམས་མེད་ཀྱང་ཚོར་བ་མེད་པར་ཐལ་བར་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། རྒྱུ་མེད་པ་ཉིད་དུ་ཡང་ཐལ་བར་འགྱུར་རོ། །དེའི་ཕྱིར་རེས་འགའ་བ་ཉིད་དུ་མི་འཐད་པའི་ཉེས་པ་ཡོད་དོ་ཞེས་བསྟན་པའི་ཕྱིར། ཤེས་པ་དང་དུས་མཉམ་དུ་དམིགས་པའི་རྣམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོ་ན་རྒྱུ་དང་ལྡན་པར་འགྱུར་རོ་སྙམ་པ་ལ། རྒྱུ་དང་ལྡན་ནའང་འགའ་ཞིག་གིས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་གྱི་དབང་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་གཞན་གྱི་དབང་གི་རང་བཞིན་དུ་འགྱུར་གྱི། ཀུན་བརྟགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཡོད་པར་ཁས་བླངས་མ་ཐག་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་མཚན་ཉིད་དེ། རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་དང་ལྷན་ཅིག་དེའི་བདག་ཉིད་ཀྱིས་འབྲེལ་པར་ངེས་པའི་ཕྱིར་མེད་ན་མི་འབྱུང་བ་ཡིན་ནོ། །དེའི་བདག་ཉིད་ཀྱིས་འབྲེལ་པ་དེ་ཉིད་


DTG107_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་ཕྱིར། རྟེན་ཅིང་འབྲེལ་པར་འབྱུང་བ་ལས་གཞན་གྱི་དབང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་དེ་ལྟ་ཡིན་དུ་ཆུག་ཀྱང་ཡོད་པ་གོ་རྟེན་ཅིང་འབྲེལ་པར་འབྱུང་བ་མེད་ན་མི་འབྱུང་བར་ཇི་ལྟར་འགྲུབ་སྙམ་པ་ལ། རྐྱེན་ལས་བྱུང་བའི་རང་བཞིན་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཞེས་བྱ་བ་ནི་རྣམ་པའོ། །རྣམ་པ་མེད་པ་ཉིད་ཀྱིས་འགྱུར། །ཞེས་བྱ་བ་ནི་རྟག་ཏུ་རྣམ་པ་མེད་པ་ཁོ་ནར་མྱོང་བར་འགྱུར་བའོ། །གལ་ཏེ་ཤེས་པ་ཉིད་དམིགས་པའི་རིག་བྱར་གྱུར་པ་ཁོ་ནའོ་སྙམ་ན། ཤེལ་སྒོང་དག་པ་འདྲ་བ་ཡིན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །ཤེལ་སྒོང་དག་པ་ཉིད་ནི་ཉེ་བར་བཞག་པས་ཁ་སྒྱུར་བ་དང་བྲལ་བའི་གནས་སྐབས་སོ། །ཚུ་རོལ་མཐོང་བ་རྣམས་ཀྱི་དམིགས་པའི་རིག་བྱར་གྱུར་པ་མ་ཡིན་ཏེ། དེའི་ཕྱིར་ཤེས་པ་དམིགས་པར་མི་འགྱུར་རོ་སྙམ་པ་ལ། ནང་དང་ཕྱི་རོལ་དུ་གྱུར་པའི་རྣམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ནང་ངམ་ཕྱི་རོལ་གྱི་རྣམ་པ་དག་ཅིག་སྲིད་པར་གྱུར་ན་ནི་དེའི་ཚེ་རྣམ་པ་རྣམས་མྱོང་བས་འཁྲུལ་པ་བསྐྱེད་པ་རྣམས་མྱོང་ཡང་ངེས་པར་མི་འགྱུར་རོ་ཞེས་བྱ་བ་འགྱུར་ན་གང་གི་ཚེ་དེ་དག་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད་པ་དེའི་ཚེ་གང་གི་མཐུས་བསླུས་པར་འགྱུར། གང་གིས་ན་གཉིས་སུ་མེད་པ་མྱོང་བཞིན་དུ་ཡང་ངེས་པར་མི་འགྱུར། སྨིག་རྒྱུ་ལ་སོགས་པ་ལ་ཆུ་ལ་སོགས་པའི་རྣམ་པ་མེད་བཞིན་དུ་ཡང་མྱོང་བའི་ཕྱིར་གང་ལ་གང་དངོས་པོ་མེད་ཅེས་བྱ་བ་ལ་སོགས་པའི་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་ནམ་སྙམ་པ་ལ། སྨིག་རྒྱུ་ལ་སོགས་པས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། བརྒལ་ཞིང་བརྟག་པ་མཐུན་པའི་ཕྱིར་རོ་ཞེས་བྱ་བ་ལ་ནི་སྨིག་རྒྱུ་ལ་སོགས་པ་ཡང་ཕྱོགས་སུ་བྱས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལྟར་སྨིག་རྒྱུ་ལ་སོགས་པ་ལ་ཡང་ཆུ་ལ་སོགས་པའི་རྣམ་པ་གལ་ཏེ་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད་ན་དེའི་ཚེ་ཤིན་ཏུ་མེད་པ་དེ་ཇི་ལྟར་མྱོང་བར་འགྱུར་ཏེ། བརྒལ་ཞིང་བརྟག་པ་མཚུངས་པ་ན་ཁོ་ནའོ། །འདི་སྙམ་དུ་བརྫུན་པའི་རྣམ་པ་ཀུན་ཏུ་སྣང་བ་གང་ཡིན་པ་འདི་ཉིད་འཁྲུལ་པའི་རང་གི་ངོ་བོ་ཡིན་ཏེ། དེས་ན་རྣམ་པ་མེད་པ་ཡང་


DTG107_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པའི་དབང་གིས་མྱོང་བར་འགྱུར་རོ་སྙམ་དུ་སེམས་པར་གྱུར་ན་དེ་ནི་ཡང་དག་པ་མ་ཡིན་ཏེ། འདི་ལྟར་འཁྲུལ་པ་ཡིན་ཞེས་བྱ་བའི་སྒྲར་ནི་འཁྲུལ་པ་སྐྱེ་བའི་བག་ཆགས་བརྗོད་པར་འགྱུར་བའམ་ཡང་ན་བག་ཆགས་དེ་ལྟ་བུ་ལ་སྐྱེས་པ་འཁྲུལ་པ་ཅན་གྱི་ཤེས་པ་ཁོ་ན་བརྗོད་པར་འགྱུར་གྲང་ན་དེ་ལ་ཕྱོགས་དང་པོ་ལྟར་ན་ནི་བག་ཆགས་དང་རྣམ་པ་རྣམས་འབྲེལ་བ་མེད་པའི་ཕྱིར་བག་ཆགས་ཀྱི་སྟོབས་ཀྱིས་རྣམ་པ་རྣམས་མྱོང་བར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལས་བྱུང་བའི་མཚན་ཉིད་ཀྱིས་འབྲེལ་བ་ཡོད་པ་ཁོ་ནའོ་ཞེས་བྱ་བར་ཡང་རིགས་པ་མ་ཡིན་ཏེ། སྔ་མ་བཞིན་དུ་གཞན་གྱི་དབང་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཇི་དེ་ཡང་ཕྱོགས་གཉིས་པ་ཡིན་ནོ་ཞེ་ན། འཁྲུལ་པ་ཅན་གྱི་ཤེས་པ་དང་རྣམ་པ་རྣམས་འབྲེལ་པ་ཞིག་ཡིན་ན་ཡང་དེའི་བདག་ཉིད་ཀྱི་མཚན་ཉིད་ཁོ་ནར་འགྱུར་གྱི། ཤེས་པ་དང་དུས་མཉམ་དུ་མྱོང་བའི་ཕྱིར་དེ་ལས་བྱུང་བའི་མཚན་ཉིད་ནི་མ་ཡིན་ནོ། །དུས་མཉམ་པ་གཉིས་ཀྱང་རྒྱུ་དང་འབྲས་བུའི་མཚན་ཉིད་དུ་མི་རུང་སྟེ། དེའི་ཕྱིར་བག་ཆགས་ཀྱི་འབྲས་བུའི་བདག་ཉིད་ཅེས་བྱ་བ་ལ་སོགས་པས་འཁྲུལ་པ་བཞིན་དུ་ཤེས་པ་ལས་ཐ་མི་དད་པའི་ཕྱིར་གཞན་གྱི་དབང་ཉིད་དུ་ཐལ་བར་འགྱུར་བར་བཟློག་དཀའོ་ཞེས་སྟོན་པར་བྱེད་དོ། །འཁྲུལ་པ་ལ་ཇི་སྐད་བཤད་པའི་བག་ཆགས་ཀྱི་འབྲས་བུར་གྱུར་པ་ཤེས་པ་གང་ཡིན་པ་དེ་ཁོ་ནའི་བདག་ཉིད་རང་གི་ངོ་བོ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །འདིས་ནི་ཞེས་བྱ་བ་ནི་འབྲེལ་པ་མ་གྲུབ་པའི་ཕྱིར་མེད་པ་མྱོང་བར་མི་རུང་བར་བསྒྲུབ་པས་སོ་ཞེས་བྱ་བ་ལ་སོགས་པས་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི། སྔགས་དཀྲུགས་ལ་སོགས་མིག་ཅན་ལ། །དཔེར་ན་འཇིམ་དུ་མ་ལ་སོགས་པ། །དེ་ཡི་ངོ་བོ་བྲལ་བཞིན་དུ། །གཞན་ཉིད་དུ་ནི་སྣང་བ་ལྟར། །ཞེས་བྱ་བ་ལ་སོགས་པས་ཡོངས་སུ་བསྡུའོ། །གང་ལ་ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་པས་དབང་མེད་པར་གྱུར་པའི་བློ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་ཏེ། ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བའི་དབང་དུ་བྱས་ནས་བཤད་ཀྱི་བདག་ཅག་གི་དབང་དུ་བྱས་བས་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །འདིས་ནི་སློབ་དཔོན་གྱི་ཚིག་སྐྱོན་ཆགས་པ་མ་ཡིན་པ་ཉིད་


DTG107_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྒྲུབ་པར་བྱེད་དོ།། །།བམ་པོ་གསུམ་པ། དེ་བས་ན་དངོས་དང་ཅིག་ཤོས་ཀྱིས་རིག་པའི་དོན་མ་གྲུབ་པ་དང་ཞེས་བྱ་བ་ལ་སོགས་པས་ནི། སློབ་དཔོན་དགེ་བ་སྲུངས་ན་རེ། སོ་སོའི་སྐྱེ་བོའི་ཤེས་པ་ཐམས་ཅད་ཀྱང་སྔོན་པོ་ལ་སོགས་པའི་རྣམ་པས་ཉེ་བར་བསྒྱུར་བར་གྱུར་པ་མ་ཡིན་པར་འཇུག་སྟེ། ཤེས་པ་དེ་ལ་ནི་གཅིག་པ་ཉིད་ཉམས་པར་ཐལ་བར་མི་འགྱུར་ཏེ། བློ་སྣ་ཚོགས་ཀྱི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ། །ཤེས་པ་དེ་ལ་སྔོན་པོ་ལ་སོགས་པ་མྱོང་བའི་ངོ་བོ་ཉིད་དུ་རྣམ་པར་གཞག་པ་གང་ཡིན་པ་དེ་ནི་སྔོན་པོ་ལ་སོགས་པ་མྱོང་བའི་ངོ་བོ་ཡིན་པའི་ཕྱིར་ཡིན་གྱི། སྔོན་པོ་ལ་སོགས་པའི་ངོ་བོར་གྱུར་པའི་ཕྱིར་ནི་མ་ཡིན་ཏེ། འདི་ལྟར་རྣམ་པ་ནི་དམིགས་པ་འཛིན་པའི་རྣམ་པ་ཁོ་ན་ཡིན་པར་བརྗོད་པའི་རྣམ་པ་མ་ཡིན་གྱི། སྔོན་པོ་ལ་སོགས་པར་རིག་པའི་ཤེས་རོལ་གྱི་ལྟ་བུར་སྣང་བར་ཤེས་པ་གང་ཡིན་པ་དེ་ནི་ཤེས་པའི་རྣམ་པ་མ་ཡིན་གྱི། སྔོན་པོ་ལ་སོགས་པར་རིག་པའི་ཤེས་པ་ཉམས་སུ་མྱོང་ན་སྒྲུབ་པ་པོས་སྔོན་པོ་ལ་སོགས་པ་དེ་ལྟ་བུའི་ངོ་བོར་རྟོགས་སོ་ཞེས་ཟེར་བ་དེ་འདི་ཉིད་ཀྱིས་ལན་བཏབ་པ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །སྔོན་པོ་ལ་སོགས་པ་ཉམས་སུ་མྱོང་བའི་ཤེས་པ་དེའི་འཇུག་པ་ནི་ཉམས་སུ་བྱང་བ་སྟེ། གང་ལ་དེས་ཡོངས་སུ་རྨོངས་པའི་བདག་ཉིད་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །འདི་སྐད་དུ་གལ་ཏེ་སྔོན་པོ་ལ་སོགས་པ་དང་ཤེས་པ་ལྷན་ཅིག་འབྲེལ་པ་འགའ་ཡང་མེད་ན་དེའི་ཚེ་ཇི་ལྟར་སྔོན་པོ་ལ་སོགས་པ་དེ་མྱོང་བར་འགྱུར། སྔོན་པོ་ལ་སོགས་པའི་ངོ་བོ་མ་གཏོགས་པར་གང་གིས་ན་སློབ་དཔོན་གྱིས་སྔོན་པོ་ལ་སོགས་པའི་ངོ་བོ་ལས་མ་གཏོགས་པའི་རྣམ་པ་རྣམ་པར་གཞག་པས་ཁུངས་སུ་འགྱུར་བ་ཤེས་པ་གཡོ་བ་མེད་པ་དམིགས་པ་འཛིན་པའི་རྣམ་པ་གཞན་ནི་མེད་དེ། ཤེས་པ་སྔོན་པོ་ལ་སོགས་པའི་ངོ་བོར་སྐྱེས་པ་ཉིད་བྱ་བ་དང་བཅས་པ་ཡིན་པར་ཤེས་ལ། ཤེས་པས་དམིགས་པ་འཛིན་པའི་རྣམ་པ་ཞེས་བྱའོ། །གཞན་ཡང་གལ་ཏེ་སྔོན་པོ་ལ་སོགས་པ་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད་ན་ཇི་ལྟར་སེམས་རྣམ་པར་རྟོག་པ་མེད་པ་ལ་སྔོན་པོ་ལ་སོགས་པ་ཤིན་ཏུ་གསལ་བར་སྣང་བ་བརྗོད་དགོས་སོ། །མི་སྣང་བ་ཁོ་ནའོ་ཞེས་དེ་སྐད་བརྗོད་པར་ཡང་མི་ནུས་ཏེ། སྔོན་པོ་ལ་


DTG107_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པར་སྣང་བ་ཐམས་ཅད་ཀྱི་ཉམས་སུ་མྱོང་བ་གྲུབ་པའི་ཕྱིར་རོ། །གསལ་བར་སྣང་བ་ནི་གང་གིས་ན་རྨོངས་པའི་བདག་ཉིད་ལ་དེ་ལྟར་སྣང་བར་རྣམ་པར་རྟོག་པའི་ཡུལ་ཡིན་པར་ཡང་རིགས་པ་མ་ཡིན་ནོ། །གལ་ཏེ་ཡང་ཤེས་པ་ཐམས་ཅད་རྣམ་པ་མེད་པ་ཁོ་ནར་ཉམས་སུ་མྱོང་ན་ནི་དེའི་ཚེ་ཤེས་པ་རྣམ་པ་མེད་པའི་རྗེས་ལ་འབྱུང་བའི་ཚུལ་ཅན་རྣམ་པར་རྟོག་པས་ཀྱང་སྔོན་པོ་ལ་སོགས་པའི་རྣམ་པ་སོ་སོར་ངེས་པ་ཤེས་པར་རིགས་པ་མ་ཡིན་པ་ཉིད་དེ་འབྲེལ་པ་མེད་པའི་ཕྱིར་རོ། །གལ་ཏེ་སྔོན་པོ་ལ་སོགས་པར་ཤེས་པ་ཉིད་ནོར་པའི་རང་བཞིན་ཡིན་ནོ་ཞེས་ན་འདིར། འདི་ནི་འཁྲུལ་པས་ཤེས་ཤེ་ན། །དེ་ཅི་འཁྲུལ་ལ་རག་ལས་སམ། །ཞེས་བྱ་བ་ལ་སོགས་པ་བཤད་ཟིན་ཏོ། །དེ་ལྟ་བས་ན་འབྲེལ་པ་མེད་པས་རྣམ་པར་རྟོག་པའི་ཡུལ་མ་ཡིན་པའི་ཕྱིར་ཡང་སྔོན་པོ་ལ་སོགས་པ་མྱོང་བར་མི་འཐད་པས་འདི་ནི་རིགས་པ་མ་ཡིན་ནོ། །འོ་ན་ཡོངས་སུ་མ་དག་པའི་གནས་སྐབས་ན་ཤེས་པ་སྣ་ཚོགས་སུ་སྣང་བ་བརྫུན་པ་ཁོ་ན་ཡིན་དུ་ཆུག་ཀྱང་ཡོངས་སུ་དག་པའི་གནས་སྐབས་ན་ནི་རང་བཞིན་གཅིག་པ་གཉིས་སུ་མེད་པའི་ངོ་བོ་ཁོ་ནར་འགྱུར་ཏེ། དེའི་ཕྱིར་གཏན་ཚིགས་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཉིད་ཡིན་ནོ་སྙམ་པ་འདི་སེམས་ལ་བསྡོགས་ནས་དེ་བས་ན་སྔོན་པོ་ལ་སོགས་པའི་རྣམ་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དག་པའི་གནས་སྐབས་ན་རྣམ་པ་ཐམས་ཅད་ལྡོག་པར་སྲིད་པར་གྱུར་ན་ནི་དེའི་ཚེ་འདི་ཡང་སྲིད་པ་ཞིག་ན་འདི་ལྟ་སྟེ། འཁྲུལ་པ་ལོག་ཀྱང་རྣམ་པ་རྣམས་ལྡོག་པར་མི་སྲིད་དེ། འཁྲུལ་པ་དང་རྣམ་པ་རྣམས་འབྲེལ་པ་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ནི་ཧ་ཅང་ཐལ་བར་འགྱུར་རོ། །གཞན་ཡང་གལ་ཏེ་མ་དག་པའི་གནས་སྐབས་ན་ཤེས་པ་བརྫུན་པ་ཁོ་ན་ཡིན་ན་དེའི་ཚེ་དག་པའི་གནས་སྐབས་ན་བདེན་པའི་ངོ་བོ་དེ་དག་ལས་སྐྱེ་བ་བརྗོད་པར་བྱ་དགོས་སོ། །བརྫུན་པ་ལས་ནི་བདེན་པའི་ངོ་བོ་སྐྱེ་བར་ཡང་རིགས་པ་མ་ཡིན་ཏེ། བརྫུན་པ་ལ་ནུས་པ་མེད་པའི་ཕྱིར་རོ། །ནུས་ན་ནི་དེ་ཇི་ལྟར་བརྫུན་པར་འགྱུར། དེ་ལྟ་བུ་ཡང་བརྫུན་པ་ཉིད་ཡིན་ན་ནི་གཞན་ཡང་བདེན་པ་ཉིད་དུ་ཇི་ལྟར་འགྱུར་ཏེ། །དེའི་ཕྱིར་བདེན་པ་རྒྱུ་མེད་པ་ཅན་ཁོ་ནར་འགྱུར་རོ། །དེ་ཡང་རིགས་པ་མ་ཡིན་ཏེ། རྟག་ཏུ་


DTG107_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་ལ་སོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཇི་སྟེ་འགའ་ཞིག་གི་ཤེས་པ་རང་བཞིན་གྱིས་གཉིས་སུ་མེད་པར་གྲུབ་པ་ཁོ་ནར་འགྱུར་ཏེ། །དཔེར་ན་དབང་ཕྱུག་གི་ཤེས་པ་དབང་ཕྱུག་ཏུ་སྨྲ་བ་རྣམས་ཀྱིས་རྟོགས་པ་ལྟ་བུའོ་སྙམ་པ་ན། དེ་ལྟ་ན་ཡང་ཐེ་ཚོམ་ཟ་བར་མ་གྲུབ་པ་ཉིད་ཁོ་ན་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ནོ། །རང་བཞིན་གྱིས་གྲུབ་པ་ཉིད་ཡིན་ན་ཡང་དེ་ལྟར་ཡོད་པ་དེ་དང་འགའ་ཡང་འབྲལ་བར་མི་འགྱུར་ཏེ། སྔ་མ་བཞིན་དུ་རག་ལུས་པ་མེད་པའི་ཕྱིར་རོ། །དབང་ཕྱུག་ལ་སོགས་པའི་དངོས་པོ་དེ་ལྟ་བུ་ཡང་བཀག་ཟིན་པའི་ཕྱིར་རོ། །ཇི་སྟེ་སྐད་ཅིག་མ་སྔ་མའི་མཐུའི་སྟོབས་ཀྱིས་སྐྱེ་བའི་ཕྱིར་རྒྱུ་སོ་སོར་ངེས་པ་ལ་རག་ལུས་པའི་རང་གི་ངོ་བོས་འགའ་ཁོ་ན་ལ་ཡོད་དོ་ཞེས་བྱ་བར་ཁས་ལེན་ན། དེ་ཡང་རིགས་པ་མ་ཡིན་ཏེ། དོན་དམ་པར་རྒྱུ་དང་འབྲས་བུ་འབྲེལ་པའི་དངོས་པོ་ཁོ་ན་མི་འཐད་པའི་ཕྱིར་རོ། །འདི་ལྟར་རེ་ཞེས་རྒྱུ་དང་འབྲས་བུའི་དངོས་པོ་དུས་མཉམ་པ་ནི་མ་ཡིན་ཏེ། འབྲས་བུ་སྐྱེ་བའི་སྔ་རོལ་ན་ནི་རྒྱུ་མེད་པས་ནུས་པ་མེད་པའི་ཕྱིར་རོ། །ནུས་པའི་ཚེ་ནི་འབྲས་བུ་ཡང་གྲུབ་ཟིན་པའི་ཕྱིར་དེའི་ཚེ་རྒྱུའི་ཉེ་བར་སྦྱོར་བ་མེད་པ་ཁོ་ན་ཡིན་ནོ། །འདི་ནི་འབྲས་བུའོ། །འདི་ནི་རྒྱུའོ་ཞེས་བྱ་བའི་བྱེ་བྲག་ཀྱང་མིང་པའི་ཕྱིར་རྣམ་པར་གཞག་པ་ངེས་པར་ཡང་མི་འགྱུར་རོ། །རྒྱུ་དང་འབྲས་བུ་དུས་ཐ་དད་པ་དག་ཀྱང་མ་ཡིན་ཏེ། དུས་གཞན་གྱིས་མཆོད་པའི་རྒྱུ་ལས་སྐྱེས་ན་ནི་ཞིག་པ་ཁོ་ན་ལས་སྐྱེ་བར་ཁས་བླངས་པར་འགྱུར་རོ། །ཞིག་པ་ནི་རྒྱུའི་དངོས་པོར་ཡང་རིགས་པ་མ་ཡིན་ཏེ། ཞིག་པ་ནི་མེད་པའི་ཕྱིར་དང༌། མེད་པ་ཡང་ནུས་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་རྒྱུ་ཇི་ལྟར་ཞིག་པར་འགྱུར། མཆོད་པ་ལས་ཀྱང་མ་ཡིན་ཏེ། དུས་མཉམ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྐད་ཅིག་པ་ཡན་ལག་མེད་པ་གཉིས་མཆོད་ན་ནི་དུས་མཉམ་པ་མ་གཏོགས་པ་རྣམ་པ་གཞན་མེད་དེ། འདི་ལྟར་རྒྱུ་དང་འབྲས་བུ་གཉིས་ཀྱི་བར་ན་དུས་གཞན་དང་བྲལ་བ་གང་ཡིན་པ་དེ་ཉིད་མཆོད་པ་ཡིན་ནོ། །དེའི་ཕྱིར་སྐད་ཅིག་མ་སྔ་ཕྱི་བར་མཆོད་པ་གཉིས་ནི་ཇི་ལྟར་ན་དུས་ཕན་ཚུན་འདུས་ཏེ་རིག་པར་མི་འགྱུར་ཏེ། དཔེར་ན་རྡུལ་ཕྲ་རབ་གཉིས་བར་མེད་པ་ཡིན་


DTG107_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ན་གདོན་མི་ཟ་བར་རང་བཞིན་ཕན་ཚུན་འདུས་ཏེ་ཕྲད་པར་ཐལ་བར་འགྱུར་བས་བདག་ཉིད་ཐམས་ཅད་ཀྱིས་ཕྲད་ན་གོང་དུ་རྡུལ་ཕྲ་མོ་ཙམ་དུ་གྱུར་པར་བྱ་བ་དེ་བཞིན་དུ་བསྐལ་པ་ཡང་སྐད་ཅིག་ཙམ་དུ་འགྱུར་བས་གཏན་ཚིགས་ཀྱི་ཐེ་ཚོམ་ཟ་བ་མ་གྲུབ་པ་མ་ཡིན་ནོ། །འདི་སྙམ་དུ་ཀུན་རྫོབ་ཏུ་དང་རྒྱུ་དང་འབྲས་བུ་ཡོད་པ་ལ་ཡང་རྣམ་པར་དཔྱད་པ་འདི་ཅིའི་ཕྱིར་ཡང་དག་པར་མི་འཇུག་སྙམ་དུ་སེམས་པ་ལྟར་ན་དེ་ཡང་ཡང་དག་པ་མ་ཡིན་ཏེ། གང་གི་ཕྱིར་ཁོ་བོ་ཅག་རྒྱུ་དང་འབྲས་བུའི་དངོས་པོ་འདི་གྲགས་བཞིན་དུ་ཡང་རྣམ་པར་དཔྱད་པའི་བརྟག་པ་མི་བཟོད་པའི་ཕྱིར་ཀུན་རྫོབ་ཅེས་སྨྲའི། དེ་ལྟ་མ་ཡིན་ན་ནི་དོན་དམ་པ་ཁོ་ནར་འགྱུར་གྱི་ཀུན་རྫོབ་ཏུ་ནི་མ་ཡིན་ནོ། །དེ་ལྟ་བས་ན་ཀུན་རྫོབ་ལ་ནི་བརྒལ་ཞིང་བརྟག་པ་མཚུངས་པ་མ་ཡིན་ནོ། །དེ་ལྟར་དངོས་པོ་རྣམས་ཀྱི་གཅིག་པ་ཉིད་བཀག་ནས་ཤུགས་ཀྱིས་དུ་མ་ཉིད་དགག་པ་ཡང་དངོས་སུ་དགག་པར་འདོད་ནས། དེ་ལྟ་ན། དངོས་པོ་གང་དག་རྣམ་དཔྱད་ན། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཕྲ་རབ་ཙམ་ཡང་ཞེས་བྱ་བ་ནི་ཆུང་ངུ་ཙམ་ཡང་ངོ༌། །ཅིའི་ཕྱིར་རིགས་པ་མ་ཉིད་ཡིན་སྙམ་པ་ལ། འདི་ལྟར། དུ་མ་ནི་གཅིག་པ་བསྩགས་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་གང་གི་ཚེ་རྣམ་པར་དཔྱད་ན་དངོས་པོ་རྣམས་ཀྱི་ཆ་ཤས་ཀྱི་ངོ་བོ་འགའ་ཡང་རང་བཞིན་གཅིག་པ་ཆ་ཤས་དང་བྲལ་བ་ཉིད་དུ་མ་གྲུབ་པ་དེའི་ཚེ་དུ་མར་ཇི་ལྟར་འགྲུབ་པར་འགྱུར་ཏེ། དུ་མ་ནི་གཅིག་འདུས་པའི་བདག་ཉིད་ཡིན་པས་གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །བསགས་པ་ནི་ཚོགས་པའོ། །དེ་ལ་དུ་མ་ཡང་མེད་པ་ཡིན་ཞེས་བྱ་བ་གསུངས་སོ་ཞེས་བྱ་བ་ནི་སྔོན་གྱི་སློབ་དཔོན་རྣམས་ཀྱིས་སོ། །མདོ་དེ་ཉིད་ལས་ཡང་ཞེས་བྱ་བ་ནི་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་སོ། །ངོ་བོ་ཉིད་ནི་གཟུང་དུ་མེད་ཅེས་བྱ་བ་ནི་གཅིག་པ་དང་དུ་མའི་ངོ་བོ་སྟེ། ཇི་ལྟར་སྔར་དཔྱད་པ་བཞིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་ངོ་བོ་ཉིད་མེད་པ་ཡིན་པ་དང༌། གཅིག་དང་དུ་མར་བརྗོད་དུ་མེད་པར་ཡང་ངས་བཤད་དོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་བཅོམ་ལྡན་འདས་ཀྱིས་ཕྱི་རོལ་གྱི་དོན་ཡོད་པར་ལྟ་


DTG107_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་དངོས་པོ་རྣམས་རང་བཞིན་མེད་པ་ཉིད་དུ་བསྟན་ནས། ཤེས་བྱ་ནང་གི་ཡིན་པར་ལྟ་བ་ལ་ཡང་བསྟན་པའི་ཕྱིར། བློ་ཡིས་རྣམ་པར་གཞིགས་ན་ནི། །ཞེས་བྱ་བ་གསུངས་སོ། །གཞན་དབང་མེད་ཅེས་བྱ་བ་ནི་གཞན་གྱི་དབང་པོ་ངོ་བོ་ཉིད་མེད་ཅེས་བྱ་བའི་ཐ་ཚིག་སྟེ། གཞན་གྱི་དབང་ཡང་གཅིག་དང་དུ་མའི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །བརྟགས་པའང་མེད་ཅེས་བྱ་བ་ནི་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་དོ། །ཀུན་ཏུ་བརྟགས་པ་ནི་མཚན་ཉིད་སྟོང་པ་ཁོ་ནས་ངོ་བོ་ཉིད་མེད་པའི་ཕྱིར་རོ། །གྲུབ་པ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ། ཡོངས་སུ་གྲུབ་པ་ནི་ཆོས་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་ལ་རྟོག་པའི་ཡུལ་ནི་ངོ་བོ་མེད་པ་ཉིད་དུ་གྲུབ་པའི་ཕྱིར་རོ། །གལ་ཏེ་འདི་དག་མེད་པ་ཁོ་ན་ཡིན་ན་ནི་འཇིག་རྟེན་ལ་ཇི་ལྟར་གྲགས་པ་ཡིན་སྙམ་པ་ལ། རང་བཞིན་མེད་ཅིང་རྣམ་རིག་མེད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། །རང་བཞིན་ནི་གཞན་གྱི་དབང་གི་ངོ་བོ་ལ་སོགས་པ་རྣམ་པ་གསུམ་ཡིན་པར་དགོངས་སོ། །རྣམ་རིག་ཅེས་བྱ་བ་ནི་ཕྱི་རོལ་གྱི་ཡུལ་རྣམ་པར་རིག་པ་རྣམ་པ་དྲུག་གཟུང་ངོ༌། །རྣམ་པར་རིག་པའི་དམིགས་པ་གང་ཡིན་པ་དེ་ནི་དངོས་པོའི་སྒྲར་དགོངས་སོ། །ཕ་རོལ་པོ་དག་གིས་མིག་ལ་སོགས་པའམ། བདག་ལ་སོགས་པ་གང་དག་རྣམ་པར་རིག་པ་དེའི་རྟེན་ཉིད་དུ་བརྟགས་པ་དེ་དག་ནི་རྣམ་པར་རིག་པའི་རྟེན་ཡིན་པའི་ཕྱིར་ཀུན་གཞི་ཡིན་ནོ། །ཡང་ན་འཇིག་པའི་ཚེ་དངོས་པོ་ཐམས་ཅད་རང་བཞིན་ལ་སོགས་པའི་བག་ལ་ཞ་བར་འགྱུར་བས་གྲངས་ཅན་གྱིས་ཡོངས་སུ་བརྟགས་པའི་རང་བཞིན་ལ་སོགས་པ་ཀུན་གཞིའི་སྒྲར་བཞེད་པ་ཡིན་ནོ། །རོ་མཚུངས་ཞེས་བྱ་བ་ནི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་རྣམ་པར་འབྱེད་པའི་གཡོ་བ་དང་བྲལ་བའི་ཕྱིར་ཤི་བ་དང་འདྲ་བ་རྣམས་ཀྱིས་ཞེས་བྱ་བའི་ཐ་ཚིག་སྟེ། འདི་སྐད་དུ་འདི་དག་དོན་དམ་པར་ན་མེད་པ་ཁོ་ན་ཡིན་མོད་ཀྱི། བྱིས་པས་ཀུན་ཏུ་བརྟགས་པའི་དབང་གིས་གྲགས་ཏེ་ཡང་དག་པར་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འོ་ན་ཇི་ལྟར་ཆོས་ཀྱི་ཚུལ་ཡང་དག་པ་ལ་མཁས་པ་གནས་པར་འགྱུར་སྙམ་པ་ལ། མཚན་མ་དངོས་པོ་རྣམ་རིག་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །མཚན་མ་ནི་སྔོན་པོ་དང་སེར་པོ་དང་སྐྱེས་པ་དང་བུད་མེད་ལ་སོགས་པའོ།།


DTG107_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ནི་ཕྱི་དང་ནང་གི་སྐྱེ་མཆེད་དོ། །རྣམ་རིག་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པར་ཤེས་པའི་ཚོགས་ལྔའོ། །ཡིད་ཀྱི་གཡོ་བ་ཞེས་བྱ་བ་ནི་གཞན་གྱི་དབང་ལ་སོགས་པ་རྣམ་པར་རྟོག་པའོ། །རབ་འདས་ཏེ་ཞེས་བྱ་བ་ནི་མཚན་མ་ལ་སོགས་པ་སྤྲོས་པ་ཐམས་ཅད་ལས་རྣམ་པར་འདས་ཏེ། འདི་སྐད་དུ་སྔོན་པོ་ལ་སོགས་པའི་མཚན་མ་ལ་སོགས་པ་ལ་ཀུན་ཏུ་སྤྱོད་པའི་གནས་སྐབས་ཇི་སྙེད་པ་དེ་དག་ཐམས་ཅད་ནི་སྤྲོས་པའི་གནས་སྐབས་ཡིན་པས་སྤྲོས་པའི་གནས་སྐབས་དག་ལས་འདས་ན་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་འཇུག་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་བས་ན་ཞེས་བྱ་བ་ནི་གང་གི་ཕྱིར་རིགས་པ་དང་ལུང་དག་གིས་གྲུབ་པའོ། །བློ་གྲོས་དཀར་པོ་རྣམས་ཀྱིས་ཞེས་བྱ་བ་ནི་སློབ་དཔོན་ཆོས་ཀྱི་གྲགས་པ་ལ་སོགས་པས་སོ། །དེ་དང་དེར་ཞེས་བྱ་བ་ནི་ཚད་མ་རྣམ་འགྲེལ་ལ་སོགས་པར་རོ། །སྨོས་ཏེ་ཞེས་བྱ་བ་ནི་དངོས་སུ་བཤད་པ་མ་ཡིན་པ་སྟེ། ཚད་མ་རྣམ་པར་འགྲེལ་པ་ལ་སོགས་པར་ནི་རྣལ་འབྱོར་སྤྱོད་པའི་ཚུལ་བཤད་པའི་གནས་སྐབས་ཡིན་པའི་ཕྱིར་རོ། །སློབ་དཔོན་གྱིས་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་ཀྱི་དབང་དུ་བྱས་ཏེ་དེ་སྐད་དུ་བཤད་མོད་ཀྱི། ཡོངས་སུ་གྲུབ་པ་ཉིད་མ་གྲུབ་པའི་ཕྱིར་ཏེ། རིགས་པ་ཐུན་མོང་བའི་ཕྱིར་སློབ་དཔོན་གྱི་ཚིག་འདི་ཐམས་ཅད་དུ་རུང་བ་ཉིད་དོ་སྙམ་དུ་བསམས་པའོ། །དེ་ཉིད་ཀྱི་ཕྱིར་སྨོས་ཏེ་ཞེས་བྱ་བ་སྨོས་སོ། །དེ་བས་མཚན་ཉིད་སྟོང་པའི་ཕྱིར། །ཞེས་བྱ་བ་སྨོས་པ་འདི་ནི་ཕྱེད་འོག་མའོ། །ཕྱེད་གོང་མ་ནི། གཟུང་འཛིན་རྣམ་པར་མ་གཏོགས་པར། །མཚན་ཉིད་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་སྟེ། དེ་བས་མཚན་ཉིད་སྟོང་པའི་ཕྱིར་ཞེས་བྱའོ། །དེ་ལྟར་མ་གྲུབ་པ་ཉིད་ཡོངས་སུ་སྤངས་ནས་མ་ངེས་པ་ཉིད་དགག་པའི་ཕྱིར་གཏན་ཚིགས་གྲུབ་ཏུ་ཟིན་ཀྱང་ཞེས་བྱ་བ་སྨོས་སོ། །ཆོས་གཉིས་ཀ་དང་ལྡན་པ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་དང་ལྡན་པའོ། །རྒྱལ་དཔོག་པ་ལ་སོགས་པ་ན་རེ་གདོང་ལ་སོགས་པ་ཉིད་དེ་དེ་ལྟར་དམིགས་པ་གཟུགས་བརྙན་གྱི་ཐ་སྙད་སྟོན་ཏོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་ན་ར་མེ་ལོང་ལ་སོགས་པར་གཟུགས་གཞན་ཁོ་ན་ཞིག་འབྱུང་ངོ་ཞེས་ཟེར་རོ། །


DTG107_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྡེ་པ་ལ་སོགས་པ་ན་རེ་ཤེས་པ་ཁོ་ན་དེ་ལྟར་འཁྲུལ་པར་སྣང་ངོ་ཞེས་ཟེར་ཏེ། དེ་དག་ཐམས་ཅད་ཀྱི་ལུགས་ཀྱིས་གདོང་ལ་སོགས་པ་དང་དངོས་པོ་ཡོད་པའི་ཕྱིར་དཔེ་མ་གྲུབ་བོ། །ཡང་དབྱུང་བའི་མི་རིགས་སོ་ཞེས་བྱ་བ་ནི་ཡང་གྱེན་དུ་དབྱུང་བ་མི་རིགས་སོ་ཞེས་བྱ་བའི་ཐ་ཚིག་གོ །གང་གིས་ནི་གདོང་ལ་སོགས་པ་ཚད་མས་གནོད་པར་བྱས་པ་གྲུབ་པའི་ཕྱིར་དཔེ་མ་གྲུབ་པར་འགྱུར་བ། རང་དགའི་སྟོབས་ཀྱིས་དངོས་པོ་རྣམས་དེ་ལྟ་བུའི་ངོ་བོར་དམིགས་པ་ནི་མ་ཡིན་གྱི། ཇི་ལྟར་ན་དཔེ་མ་གྲུབ་པར་འགྱུར། འདི་ལ་ཁྱད་པར་དུ་གནོད་པ་ཅན་གྱི་ཚད་མ་ཡོད་པས་དེའི་ཕྱིར་དཔེ་བྱེད་དོ་སྙམ་དུ་བསམས་ནས། གཞན་ཡང་ཞེས་བྱ་བ་སྨོས་ཏེ། དེ་ལ་རེ་ཞིག་གཟུགས་ལ་སོགས་པ་ནི་གཟུགས་བརྙན་ཤེས་པའི་ཡུལ་མ་ཡིན་ཏེ། གཟུགས་དང་མཚན་ཉིད་མི་མཐུན་པར་སྣང་བའི་ཕྱིར་རོ། །སྦྱོར་བ་ནི་རྣམ་པར་ཤེས་པ་གང་ཞིག་གང་དང་མཚན་ཉིད་མི་མཐུན་པར་སྣང་བ་དེ་ནི་དེའི་དམིགས་པ་མ་ཡིན་ཏེ། དཔེར་ན་སྒྲར་ཤེས་པ་གཟུགས་དང་མཚན་ཉིད་མི་མཐུན་པར་སྣང་བ་བཞིན་ནོ། །གཟུགས་བརྙན་གྱི་ཤེས་པ་ཡང་གདོང་ལ་སོགས་པ་ཡུལ་ཇི་ལྟ་བ་བཞིན་གནས་པ་དང་མཚན་ཉིད་མི་མཐུན་པར་སྣང་བ་ཡིན་པས་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་མ་ཡིན་ནོ། །གལ་ཏེ་མེ་ལོང་གི་ངོས་ལ་སོགས་པ་ལ་ཞེས་བྱ་བ་ལ་སོགས་པས་ནི་གཏན་ཚིགས་འདི་མ་གྲུབ་པ་ཉིད་ཡོངས་སུ་སྤོང་བར་བྱེད་དོ། །ཤིང་དང་རི་ཞེས་བྱ་བ་ནི་ཤིང་རྣམས་དང་རི་རྣམས་སོ། །ཡལ་ག་ནི་ཤིང་རྣམས་ཀྱི་ཡལ་གའོ། །རྩེ་མོ་ནི་རི་རབ་རྣམས་ཀྱི་རྩེ་མོ་སྟེ། རྩེ་མོ་དག་ཁོ་ན་མེ་ཏོག་གི་ཐོད་བཞིན་དུ་རྩེ་མོ་དག་ཡིན་ནོ། །ཧ་ཅང་ཐལ་བར་འགྱུར་བའི་གནོད་པ་ཅན་གྱི་ཚད་མ་ཡིན་པས་ན་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་ནོ། །ཕྱོགས་གཉིས་པ་ཡང་བསལ་བའི་ཕྱིར། གཞན་འབྱུང་བའི་ཕྱིར་རིགས་པ་མ་ཡིན་པ་ཉིད་དེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལྷན་ཅིག་མི་གནས་པའི་ཕྱིར་ཞེས་བྱ་བ་ནི་ཡུལ་གཅིག་ན་མི་གནས་པའི་ཕྱིར་རོ། །རང་གི་ཡུལ་དུ་གཞན་འབྱུང་བའི་བགེགས་བྱེད་པ་གང་ཡིན་པ་འདི་ནི་ལུས་ཅན་རྣམས་ཀྱི་ཆོས་ཡིན་ལ། འདི་ལ་ཡང་ཡུལ་ཐ་དད་པ་མེད་པས་གཟུགས་གཞན་འབྱུང་བར་རིགས་པ་མ་ཡིན་ནོ། །


DTG107_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་ནི་དངོས་པོ་ལུས་ཅན་གང་དག་ཡིན་པ་དེ་དག་ནི་ཡུལ་ཕན་ཚུན་སྤངས་ཏེ། གནས་པའི་རང་བཞིན་དག་ཡིན་ཏེ། དཔེར་ན་བུམ་པ་ལ་སོགས་པ་ལྟ་བུ་དག་ཡིན་ནོ། །རྩོད་པའི་གཞིར་གྱུར་པའི་དངོས་པོ་འདི་དག་ཀྱང་ལུས་ཅན་ཡིན་པས་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །རླུང་དང་ཉི་མ་ལ་སོགས་པས་མ་ངེས་པ་ཡང་མ་ཡིན་ཏེ། དེ་ལ་ཡང་རླུང་དང་ཉི་མ་ལ་སོགས་པའི་རྡུལ་ཕྲ་མོ་རྣམས་འདྲེས་པ་ཡིན་མོད་ཀྱི། ཡུལ་ཕན་ཚུན་སྤངས་ཏེ་གནས་པ་ཁོ་ནའི་ཕྱིར་རོ། །གལ་ཏེ་ཡུལ་གཅིག་པ་ཉིད་དུ་གྱུར་ན་ནི་དེའི་ཚེ་ཡུལ་གཅིག་རང་བཞིན་ཕན་ཚུན་ཞུགས་པས་ངོ་བོ་གཅིག་པ་ཁོ་ནར་འགྱུར་བས་འདི་ནི་བཟློག་ན་གནོད་པ་ཅན་གྱི་ཚད་མ་ཡིན་ནོ། །དེ་ལྟ་ཡང་མ་ཡིན་ཏེ་དེ་ལྟ་བས་ན་བཟློག་སྟེ་བརྗོད་པར་བྱའོ། །དེར་སྣང་བའི་ཤེས་པ་ཙམ་འབྱུང་བར་ཟད་དོ་ཞེས་བྱ་བ་ལ་སོགས་པ་ནི་ཕྱོགས་གསུམ་པ་ཡང་སེལ་བར་བྱེད་པ་ཡིན་ཏེ། གལ་ཏེ་ཡུལ་གནོད་པར་བྱས་པ་ཉིད་ཀྱི་ཕྱིར་དེ་ལ་དེར་སྣང་བའི་རྣམ་པར་ཤེས་པ་ཙམ་དུ་དམ་འཆའ་ན་དེའི་ཚེ་བདེན་པའི་གཟུགས་ལ་སོགས་པའི་རྣམ་པར་ཤེས་པ་གཞན་ཡང་གནོད་པར་བྱས་པའི་ཡུལ་ཅན་དེ་ཉིད་དེ་དང་མཚུངས་པས་ཁྱད་པར་མེད་པའི་ཕྱིར་ལྷག་མ་བདེན་པར་འདོད་པའི་གཟུགས་ལ་སོགས་པ་ལ་ཡང་དེ་ཁོ་ན་བཞིན་དུ་རྣམ་པར་ཤེས་པ་ཙམ་དུ་ཅིའི་ཕྱིར་ཁས་མི་བླང༌། འདི་ལྟར་རྡུལ་ཕྲ་རབ་རྣམས་ཞེས་བྱ་བ་ལ་སོགས་པས་ནི་གནོད་པར་བྱས་པའི་ཡུལ་ཅན་དེ་ཉིད་དྲན་པར་བྱེད་དོ། །ཕ་རོལ་པོས་གཟུགས་བརྙན་ལ་སོགས་པ་འདི་དག་རྣམ་པར་ཤེས་པའི་ངོ་བོར་རྫས་སུ་ཡོད་པར་ཁས་བླངས་མོད་ཀྱི། གཟུགས་བརྙན་ལ་སོགས་པ་དེ་དག་ནི་དཔེ་ཉིད་དུ་འདོད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཟུགས་བརྙན་ལ་སོགས་པར་ཤེས་པའི་སྣང་བ་ཅན་གྱི་ངོ་བོ་གང་ཡིན་པའོ། །དེ་ཡང་བརྫུན་པའི་ཕྱིར་དཔེ་གྲུབ་པ་ཁོ་ནའོ་སྙམ་དུ་བསམས་པའོ། །དེ་བཞིན་དུ་སྒྱུ་མ་ལ་སོགས་པ་དཔེར་བྱེད་པ་ལྔ་ཡང་གང་དག་ཅི་འཇིམ་པའི་དུམ་བུ་ལ་སོགས་པ་སྒྱུ་མ་ལ་སོགས་པའི་སྒྲར་བརྗོད་དམ། ཇི་སྟ་དེ་ལྟར་སྣང་བ་ཅན་གྱི་ཤེས་པ་ཡིན། ཕྱོགས་གཉི་ག་ལྟར་ན་ཡང་དཔེ་བསྒྲུབ་པར་བྱ་བ་དང་སྒྲུབ་པ་མེད་པ་ཡིན་ནོ་སྙམ་དུ་རྟོགས་པར་བྱེད་པ་དེ་དག་ཀྱང་འདི་ཁོ་ནས་ལན་བཏབ་


DTG107_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འདིས་སྒྱུ་མ་དང་རྨི་ལམ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བརྒྱ་ལ་འདི་ལ་ཡང་རྒྱལ་དཔོག་པ་ལ་སོགས་པ་དག་འཇིམ་པའི་དུམ་བུ་ལ་སོགས་པ་དེ་དག་ཉིད་དེ་ལྟར་དམིགས་ཏེ། དེའི་ཕྱིར་སྒྱུ་མ་ལ་སོགས་པར་ཤེས་པ་ལ་སྣང་བ་ཅན་གྱི་ངོ་བོ་བརྫུན་པ་ཉིད་དུ་མ་གྲུབ་བོ་ཞེས་སྨྲ་བར་འགྱུར་བས། འཇིམ་པའི་དུམ་བུ་ལ་སོགས་པ་ནི་དེ་ལྟར་དམིགས་པ་མ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །རྣམ་པ་དང་བཅས་པའི་ཕྱོགས་ལ་ནི་སྣང་བ་ཡིན་ནོ། །རྣམ་པ་མེད་པའི་ཕྱོགས་ལ་ནི་རིགས་པ་ཡིན་ནོ། །དེ་གནས་མེད་དོ་ཞེས་བྱ་བ་ནི་གཞོན་ནུ་མ་ལེན་གྱིས་སྨྲས་པ་གོང་དུ་སྨོས་པའོ། །འོ་ན་རྨི་ལམ་གྱི་ཤེས་པ་ལ་དམིགས་པ་གང་ཡིན་སྙམ་པ་ལ། ཡུལ་དེ་དང་ནི་ཡུལ་གཞན་ནོ། །ཞེས་བྱ་བ་སྨོས་སོ། །ལྷག་མ་ནི་གོ་སླའོ། །བཤད་མ་ཐག་པ་ཞེས་བྱ་བ་ནི་གང་རང་གི་ངོ་བོར་སྣང་བའམ་རིག་པའོ། །མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་བསལ་བའི་ཕྱིར། འདི་ནི་ཕྱོགས་དང་མཐུན་པའི་ཕྱོགས་ལ་ཡོད་པར་འགྱུར་དུ་ཟིན་ཀྱང་ཞེས་བྱ་བ་སྨོས་ཏེ། འདི་ནི་བདག་གིས་སྔར་བཤད་པ་ཁོ་ན་ཡིན་ནོ། །འདི་ལ་ལྡོག་པ་མི་ལྡོག་པ་མེད་དོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལས་བཟློག་ན་གཏན་ཚིགས་ལས་ལྡོག་པ་ཡོད་པ་ཁོ་ན་སྟེ་མེད་ཅེས་བྱ་བའི་ཐ་ཚིག་གོ །འདིར་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཡིན་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་མ་ཡིན་ནམ། གཅིག་དང་དུ་མའི་ངོ་བོ་གཉིས་ནི་དངོས་པོའི་རྣམ་གྲངས་ཡིན་པའི་ཕྱིར་དེ་ལས་བཟློག་པའི་ངོ་བོ་བསྒྲུབ་པར་བྱ་བ་དང༌། སྒྲུབ་པ་གཉིས་ཐ་མི་དད་པའི་ངོ་བོ་ཁོ་ན་ཡིན་ནོ། །དེའི་ཕྱིར་གལ་ཏེ་བསྒྲུབ་པར་བྱ་བ་མ་གྲུབ་ན། བསྒྲུབ་པར་བྱ་བ་དང་ཐ་མི་དད་པའི་ངོ་བོ་གཏན་ཚིགས་ཀྱང་མ་གྲུབ་པ་ཡིན་ནོ། །ཇི་སྟེ་གཏན་ཚིགས་གྲུབ་ན་ནི་དེའི་ཚེ་དངོས་པོ་རྣམས་ཀྱི་རང་བཞིན་མེད་པ་ཉིད་ཀྱང་གྲུབ་པ་ཡིན་ཏེ། གཅིག་དང་དུ་མ་དང་བྲལ་བ་རི་བོང་གི་རྭ་ལ་སོགས་པ་ལ་ནི་དངོས་པོའི་ངོ་བོ་ཉིད་འགའ་ཡང་ཁས་མི་ལེན་ཏོ་སྙམ་དུ་དོགས་པ་ལ། གཏན་ཚིགས་འདི་ལ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་གཏན་ཚིགས་ཇི་ལྟར་གྲུབ་པ་དེ་ལྟར་ནི་རྒྱས་པར་བསྒྲུབས་ཟིན་ཏོ། །གཏན་ཚིགས་གྲུབ་ཀྱང་འདི་


DTG107_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་ཞེས་བྱ་བའི་ངོ་བོས་རང་བཞིན་མེད་པར་སྒྲུབ་མོད་ཀྱི། འོན་ཀྱང་རྨོངས་པ་ལ་དངོས་པོ་ཐམས་ཅད་ལ་རང་བཞིན་མེད་པ་ཉིད་དུ་ཐ་སྙད་གདགས་པའི་འོས་ཉིད་དུ་རབ་ཏུ་བསྒྲུབ་པའི་ཕྱིར་གཏན་ཚིགས་དམ་བཅས་པའི་དོན་གྱིས་ཕྱོགས་གཅིག་ཉིད་མ་ཡིན་ཏེ། དཔེར་ན་ལྐོག་ཤལ་ལ་སོགས་པ་དང་ལྡན་པས་བ་ལང་ཉིད་ལྟ་བུ་དང༌། དཔེར་ན་དམིགས་པའི་རིག་བྱར་གྱུར་པ་མི་དམིགས་པས་མེད་པ་ལྟ་བུ་ཡིན་པས་ཀླན་ཀར་མི་རུང་ངོ༌། །འཁོར་བ་གང་ཞིག་ཐོག་མ་དང་བྲལ་བ་དེ་ནི་ཐོག་མ་མེད་པ་སྟེ། ཐོག་མ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ལྷག་མ་ནི་གོ་སླའོ། །གང་གི་ཚེ་རང་བཞིན་ལ་ཁྱབ་པར་བྱེད་པ་གཅིག་དང་དུ་མ་ཉིད་དག་ལོག་པས་ཤིང་ལོག་པས་ཤ་པ་ལྡོག་པ་བཞིན་དུ་དངོས་པོའི་རང་བཞིན་ལྡོག་པར་སྒྲུབ་པ་དེའི་ཚེ་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་པ་ཉིད་དུ་ག་ལ་འགྱུར། ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་ལྡོག་པའི་ཚིག་རྣམ་པར་ཆད་པ་ཐ་དད་པའི་ངོ་བོ་གཉིས་རྣམ་གྲངས་ཉིད་ནི་མ་ཡིན་ནོ། །རྣམ་གྲངས་ཀྱི་ངོ་བོ་མ་ཡིན་པ་ནི་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཉིད་ནི་མ་ཡིན་ཏེ། དཔེར་ན་བྱས་པ་ཉིད་མི་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་དོན་དམ་པར་གཅིག་ཀྱང་གང་བྱས་པ་ཉིད་ནི་མི་རྟག་པ་སྒྲུབ་པར་བྱེད་པ་ལྟ་བུ་ཡིན་པས་གྱི་ནའོ། །དེ་ལྟར་རིགས་པས་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་བསྒྲུབས་ནས་ལུང་གིས་ཀྱང་བསྒྲུབ་པར་བྱ་བའི་ཕྱིར། འདི་ཐམས་ཅད་ནི་བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡོངས་དག་ཅེས་བྱ་བ་ནི་གསལ་བར་སྣང་བ་ཉིད་ཀྱི་རྒྱུ་བསྟན་ཏོ། །དེ་བཞིན་དུ་ཞེས་བྱ་བ་འདི་རང་བཞིན་མེད་པར་ཏེ། འདི་ནི་དངོས་ཀྱི་དོན་དང་སྦྱར་བ་ཡིན་ནོ། །གཏན་ཚིགས་ནི་གཅིག་དང་དུ་མའི་རང་བཞིན་སྟོང་པའི་ཕྱིར་ཞེས་བྱ་བ་ལ་ལྟོས་པར་བྱའོ། །ལྗོན་པ་ཞེས་བྱ་བ་ནི་བོད་པའོ། །ཤེས་པར་གྱིས་ཞེས་བྱ་བ་ནི་ཤེས་པར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ །གལ་ཏེ་ཉན་པ་པོའི་སྐྱེ་བོ་འདིར་གཟུགས་བརྙན་གྱི་དཔེས་ནི་བཅོམ་ལྡན་འདས་ཀྱིས་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་ངོ་བོའི་ཆོས་ཁོ་ན་རང་བཞིན་སྟོང་པར་བསྟན་ཏོ་སྙམ་དུ་གོ་བར་འགྱུར་བས། ང་ཡིས་རང་བཞིན་སྟོང་པ་


DTG107_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བརྟགས་པའི་ངོ་བོ་ཉིད་ཀྱིས་སྟོང་པ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཅེས་བྱ་བའི་དངོས་པོ་གང་ཡིན་པ་དེ་བཅོམ་ལྡན་འདས་ཀྱིས་བདག་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་སྟོང་པར་བསྟན་ཏོ་སྙམ་དུ་སེམས་ན་དེ་ཡང་རང་བཞིན་སྟོང་པ་ཉིད་དུ་ཤེས་པར་གྱིས་ཤིག་ཅེས་བྱ་བར་སྦྱར་ཏེ། དེ་ཡང་རིགས་པས་དཔྱད་ན་མི་གནས་པའི་ཕྱིར་རོ། །འདི་ནི་འདིར་ཁུངས་ཡིན་ནོ། །གལ་ཏེ་ཐམས་ཅད་སྟོང་པ་ཁོ་ན་ཡིན་ན། འོ་ན་སུ་ལ་ནི་བསྟན་པར་བྱ། སུ་ཞིག་ནི་སྟོན་པར་བྱེད། ཅིའི་ཕྱིར་ནི་བསྟན་སྙམ་པ་ལ། བྱིས་པ་ལོག་པའི་བློ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་དམ་པར་འགྲོ་བ་རང་བཞིན་མེད་མོད་ཀྱི། འོན་ཀྱང་སྟོན་པ་པོ་ལ་སོགས་པ་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཀྱི་ངོ་བོར་ཡོད་པ་ཁོ་ནའོ། །དེའི་ཕྱིར་དེའི་བྱིན་གྱི་རླབས་ཀྱིས་རྨོངས་པ་བཟློག་པའི་ཕྱིར་བཤད་པ་ལ་འཇུག་པ་ཉིད་དོ་ཞེས་བསྡུས་པའི་དོན་ཏོ། །དེ་ལ་དེ་དག་གི་བློ་གྲོས་ཕྱིན་ཅི་ལོག་པའི་ཕྱིར་ལོག་པ་ཡང་ཡིན་ལ། བློ་མ་བྱང་བའི་ཕྱིར་བྱིས་པའི་བློ་ཅན་དག་ཀྱང་ཡིན་པས་བྱིས་པ་ལོག་པའི་བློ་ཅན་དག་གོ །ཡང་ན་འབྲུ་མང་པོ་པར་སྦྱར་རོ། །བློ་ནི་ཆོས་ཀྱི་དེ་ཁོ་ན་ལ་མ་བྱང་བའི་ཕྱིར་བྱིས་པ་ཉིད་ཡིན་ནོ། །དེ་དག་རྣམས་ལ་བསྟན་པའི་ཕྱིར་ཞེས་བྱ་བ་ནི་མ་རིག་པ་བཟློག་ནས་རིག་པ་བསྐྱེད་པའི་ཕྱིར་རོ། །གལ་ཏེ་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཁོ་ན་ཡིན་ནོ། །འོ་ན་ཇི་ལྟར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་རྣམ་པར་གནས་སྙམ་པ་ལ། ཀུན་ཏུ་རྟོག་པའི་རྟོག་པས་བསྐྱེད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟ་བུ་དང་འདི་ལྟ་བུ་བྱའོ་སྙམ་པའི་སེམས་པ་ནི་ཀུན་ཏུ་རྟོག་པའོ། །དེ་ཉིད་རྟོག་པ་ཡིན་ཏེ། རྣམ་པར་རྟོག་པ་ཞེས་བྱ་བའི་ཐ་ཚིག་གོ །འདིས་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་རྒྱུ་ཉིད་དུ་བསྟན་པ་ཡིན་ནོ། །ཡང་དག་མ་ཡིན་རྟོག་པ་ནི་མ་རིག་པ་ལ་སོགས་པ་སྟེ་ཉོན་མོངས་པ་ཐམས་ཅད་ནི་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ཡིན་ནོ། །དེ་དག་གིས་བཅིངས་པ་ནི་དེ་དག་གི་དབང་གིས་འཇུག་པའི་ཕྱིར་ཏེ། འདིས་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་བདག་པོ་ཡང་ཡིན་པར་བསྟན་ཏོ། །འདི་སྐད་དུ་དོན་དམ་པར་སྟོང་མོད་ཀྱི། འོན་


DTG107_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རྒྱུ་དང་འབྲས་བུའི་དངོས་པོ་ཀུན་རྫོབ་པ་ཡོད་པའི་ཕྱིར་ཀུན་ནས་ཉོན་མོངས་པ་ལ་སོགས་པ་རྣམ་པར་གནས་པར་འགྱུར་རོ་ཞེས་བཤད་པར་འགྱུར་རོ། །ཉོན་མོངས་པ་དང་ལས་ཀྱི་རྒྱུ་རྐྱེན་གྱི་ཀུན་ནས་ཉོན་མོངས་པ་བསྟན་པས་རྣམ་པར་བྱང་བ་ཡང་ཤུགས་ཀྱིས་བསྟན་པ་ཁོ་ན་ཡིན་ཏེ། ཉོན་མོངས་པ་དང་ལས་ལོག་ན་ཀུན་ནས་ཉོན་མོངས་པ་ལོག་པར་འགྲུབ་པའི་ཕྱིར་རོ། །གཞན་པ་ཉིད་དང་གཅིག་པ་ཉིད་ནི་ལྟོས་པར་ལྟ་བར་བྱེད་པ་ཡིན་པས་གཅིག་པ་ཉིད་དང་དུ་མ་ཉིད་དག་གིས་སྤངས་པ་ཞེས་བྱ་བའི་ཐ་ཚིག་གོ །དངོས་པོའི་ཞེས་བྱ་བ་ནི་སྤྱིར་བརྗོད་པའི་ཕྱིར་རང་དང་གཞན་གྱི་མངོན་པར་འདོད་པ་གཟུགས་ལ་སོགས་པ་དངོས་པོ་ཐམས་ཅད་ཀྱིའོ། །གལ་ཏེ་དངོས་པོ་འདི་དག་དོན་དམ་པར་རང་བཞིན་མེད་ན། འོ་ན་ཤུགས་ཀྱིས་འདི་དག་གི་མཚན་ཉིད་ཅི་ཞིག་ཡིན་པར་འགྱུར་སྙམ་པ་ལ། དེའི་ཕྱིར་དངོས་པོ་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཁྲུལ་པའི་བློས་དངོས་པོའི་དེ་ཁོ་ན་ཉིད་བསྒྲུབས་པས་བློ་འཁྲུལ་པ་ཐམས་ཅད་ནི་ཀུན་རྫོབ་ཡིན་ནོ། །འཁྲུལ་པའི་བློའི་བསམ་པའི་དབང་གིས་བརྟགས་པའི་བདག་ཉིད་དུ་གནས་པའི་ཕྱིར་དེ་ལ་ཡོད་པ་ནི་ཀུན་རྫོབ་པ་ཡིན་ནོ། །འདི་ཇི་ལྟ་སྙམ་པ་ལ། གལ་ཏེ་འདི་དག་དོན་འདོད་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་ཡང་དག་པ་དང་ཡང་དག་པ་མ་ཡིན་པ་དག་གིས་ནི་ཕུང་པོ་ཐམས་ཅད་ལ་ཁྱབ་སྟེ། དེ་གཉིས་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཡང་དག་པའི་ངོ་བོ་བཀག་ན་ཤུགས་ཀྱིས་འདི་དག་ཅིག་ཤོས་སུ་གནས་པར་རང་བཞིན་གྱིས་འགྱུར་རོ་ཞེས་བཤད་པར་འགྱུར་རོ། །ལྕགས་ཀྱུ་མེད་པ་ཞེས་བྱ་བ་ནི་རང་དགའ་སྟེ་དེ་ནི་རེས་འགའ་འདི་དག་གི་ངོ་བོ་བརྫུན་པར་ཡང་འཇོག་པར་འགྱུར་རོ་སྙམ་དུ་བསམས་པའོ། །ལྷག་མ་ནི་གོ་སླའོ། །ལུང་གཞན་ཡང་ཇི་ལྟར་གནས་པའི་དངོས་པོའི་དེ་ཁོ་ན་ལ་མཁས་པས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མདོ་འདི་ལས་ནི་གཟུགས་ལ་སོགས་པའི་དངོས་པོ་ཐམས་ཅད་སྤྱིར་མཇུག་བསྡུས་ཏེ། ཀུན་རྫོབ་ཙམ་གྱི་རང་བཞིན་ཡིན་པར་བསྟན་ཏོ་ཞེས་སྟོན་པར་བྱེད་དོ། །ཐ་སྙད་དུ་སྟོན་པ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་ཐ་སྙད་ཙམ་ཁོ་ནར་


DTG107_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དོན་དམ་པའི་རང་བཞིན་བསྟན་པར་མི་ནུས་སུ་ཟིན་ཀྱང་བརྗོད་པའི་ཀུན་རྫོབ་ཀྱིས་རེས་འགའ་ཞིག་ན་བསྟན་པར་བྱ་བ་ཉིད་དོ་སྙམ་པ་དེའི་ཕྱིར་དེ་བཟློག་པའི་ཆེད་དུ་ཐ་སྙད་ཅེས་བྱ་བ་སྨོས་སོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་རྣམས་སོ། །ཅི་ཞེ་ན་འདོགས་ལ་དོན་དམ་པར་ཡང་མི་དམིགས་སོ་ཞེས་བྱ་བར་སྦྱར་ཏེ། འདི་ནི་འདིར་ཁུངས་ཡིན་ནོ། །ཚུལ་བཞིན་ཞེས་བྱ་བ་ནི་ཚད་མ་དང་ལྡན་པའོ། །བདག་མེད་པ་ཞེས་བྱ་བ་ནི་བདག་གི་རང་བཞིན་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་ཞེས་བྱ་བ་ནི་བདག་མེད་པར་རོ། །སེམས་ཅན་བདག་མེད་པར་ཞེས་བྱ་བ་ནི་ཇི་ལྟར་གང་ཟག་ལ་བདག་མེད་པར་བཤད་པ་ཁོ་ན་ལྟར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་གང་ཟག་བཞིན་དུ་རང་བཞིན་ཁོ་ནས་ངོ་བོ་ཉིད་མེད་པར་མཐོང་ངོ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ནི་འདིར་ཁུངས་ཡིན་ནོ། །རྒྱལ་བ་སྐྱེད་མ་ལས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སོ། །བར་དུ་ཞེས་བྱ་བ་ནི་མཐའ་བསྟན་པ་སྟེ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་གཟུགས་ནི་གཟུགས་ཀྱི་རང་གི་ངོ་བོ་ཉིད་ཀྱིས་སྟོང་ལ། རྣམ་པར་ཤེས་པའི་བར་དུ་ཡང་ཞེས་བྱ་བའི་ཐ་ཚིག་གོ །འདིར་ཁུངས་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ཡིན་ནོ། །འདི་ནི་ཞེས་བྱ་བ་ནི་སྟོང་པར་བཤད་པ་འདི་ཐམས་ཅད་དུ་སྟོང་པ་ཉིད་དུ་བཤད་པ་གང་ཡིན་པའོ། །གང་གི་རང་བཞིན་ཡོད་པ་ཡིན་ཏེ། མེད་པ་མ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་ཡང་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་ཚིག་གིས་བསྟན་པར་བྱ་བའི་དོན་ཏོ། །བརྟགས་པའི་ངོ་བོ་ཉིད་ཁོ་ནའོ་ཞེས་བྱ་བ་ནི་རིགས་པ་དང་བྲལ་བའི་ཕྱིར་དང་ཚད་མས་གནོད་པའི་ཕྱིར་རོ། །གཉིས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ནི་ཚད་མས་གནོད་པ་དེ་ཉིད་སྟོན་པར་བྱེད་དོ། །ལུང་གཞན་ཡང་གླང་པོའི་རྩལ་ཞེས་བྱ་བ་སྨོས་སོ། །མ་མཆིས་ཞེས་བྱ་བ་ནི་ཡུལ་མེད་པའི་ཕྱིར་དེ་ཡང་མེད་ཅེས་བྱའོ། །དེ་ཅིའི་སླད་དུ་ཞེས་བྱ་བ་ནི་འདི་དག་སྒྱུ་མ་ལྟ་བུ་ཉིད་དུ་གང་ལས་གྲུབ། གང་གིས་ན་དཔེ་དེས་རང་བཞིན་མེད་པ་ཉིད་དུ་འགྲུབ་པར་འགྱུར་ཞེས་བྱ་བའི་གཏན་ཚིགས་འདྲི་བའོ། །འདི་ལ་ཡང་


DTG107_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་ཆོས་གང་ཡང་མི་དམིགས་པའི་སླད་དུའོ་ཞེས་བྱ་བ་ནི་གཅིག་པ་ཉིད་དང་དུ་མ་ཉིད་ལ་སོགས་པས་དཔྱད་ན་སྙམ་དུ་དགོངས་པའོ། །ཇི་སྟེ་དོན་དམ་པའི་རང་བཞིན་བཀག་པས་དངོས་པོ་རྣམས་ཀུན་རྫོབ་པའི་ངོ་བོར་བཞག་པ་གང་ཡིན་པ་དེ་ཅི་སྒྲའི་ཐ་སྙད་ཀྱི་བདག་ཉིད་ཀྱི་ཀུན་རྫོབ་ལ་ཡོད་པའི་ཕྱིར་ཀུན་རྫོབ་པར་འདོད་དམ། འོན་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་དོན་བྱ་བ་བྱེད་པ་གནག་རྫི་ཡན་ཆད་ལ་ཤིན་ཏུ་གྲགས་པ་དེ་ཉིད་བརྡའི་དབང་གིས་ཀུན་རྫོབ་ཀྱི་སྒྲར་བརྗོད་ཅེས་བྱ་བ་རྟོག་པ་གཉིས་སོ། །དེ་ལ་གལ་ཏེ་ཕྱོགས་དང་པོ་ལྟ་བུ་ཡིན་ན་ནི་དེའི་ཚེ་མངོན་སུམ་ལ་སོགས་པས་གནོད་པ་ཡིན་ཏེ། འདི་ལྟར་སྒྲའི་ཐ་སྙད་ནི་སྤྱི་ཙམ་གྱི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོའི་མཚན་ཉིད་ཀྱི་ཡུལ་ཅན་མ་ཡིན་ནོ། །སྤྱི་དེ་ཡང་ཀུན་ཏུ་བརྟགས་པའི་ངོ་བོ་ཡིན་པའི་ཕྱིར་དངོས་པོ་མེད་པ་ཡིན་ན་དེའི་ངོ་བོ་ཉིད་དུ་ཁས་ལེན་པས་དངོས་པོ་རྣམས་ཀྱི་དོན་བྱ་བ་བྱེད་པ་ཤིན་ཏུ་གྲགས་པ་ལ་སྐུར་པར་འགྱུར་ཏེ། སྤྱི་ནི་དོན་བྱེད་མི་བཟོད་པའི་ཕྱིར་རོ། །ཇི་སྟེ་ཕྱོགས་གཉིས་པ་ལྟ་བུ་ཡིན་ན་ནི་དེའི་ཚེ་མིང་ལ་བརྩད་པ་ཡོད་དོ་སྙམ་པའི་བསམ་པས་ཕ་རོལ་པོས་ཇི་སྟེ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཚད་མས་དཔྱད་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པ་འདི་དག་ཀྱང་རང་གི་ངོ་བོ་གྲུབ་པར་གྱུར་ན་ནི་དེའི་ཚེ་དེ་ལ་ཀུན་རྫོབ་ཀྱི་སྒྲར་བརྗོད་པར་བྱེད་ན་མིང་ལ་བརྩད་པར་འགྱུར་རོ། །གང་གི་ཚེ་གཅིག་པ་ཉིད་དང་དུ་མ་ཉིད་ལ་སོགས་པས་དཔྱད་ན་འདི་དག་གི་རང་བཞིན་མི་གནས་པ་དེའི་ཚེ་དེ་ལྟ་བུ་ལ་ཀུན་རྫོབ་ཀྱི་སྒྲར་བརྗོད་ན་ནི་གནས་ཁོ་ན་ཡིན་པས་ཇི་ལྟར་མིང་ལ་སོགས་པར་འགྱུར། མཐོང་བ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པས་ཉམས་སུ་མྱོང་བའི་ཕྱིར་རོ། །འདོད་པ་ནི་ཇི་ལྟར་ཉམས་སུ་མྱོང་བ་བཞིན་ངེས་པའི་ཕྱིར་རོ། །གང་དག་ལ་མ་བརྟགས་གཅིག་པུ་ན་དགའ་བ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། མ་བརྟགས་པ་ཉིད་ཅེ་ན་དགའོ་ཞེས་བྱ་བའི་ཐ་ཚིག་གོ །ཡང་དག་པའི་ཀུན་རྫོབ་ཅེས་བྱ་བ་ནི་ཇི་ལྟར་གྲགས་པ་བཞིན་ཉེ་བར་བརྟགས་པའི་ཕྱིར་རོ། །གྲགས་པ་ལས་འདས་ཏེ་རྟོགས་པ་དཔེར་ན་དབང་ཕྱུག་ལ་སོགས་པར་རྟོགས་པ་གང་ཡིན་པ་དེ་ནི་ལོག་པའི་ཀུན་རྫོབ་


DTG107_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ཇི་སྐད་དུ་རྟེན་ཅིང་འབྲེལ་བར་གང་འབྱུང་བ་ཞེས་བྱ་བ་ནི་འདི་ལ་སྔོན་གྱི་སློབ་དཔོན་རྣམས་འདྲ་བར་བྱེད་པ་སྟེ། འདི་ནི་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་དབུ་མའི་བསྟན་བཅོས་ལས་གསུངས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་དངོས་པོ་རྣམས་ཁོ་ན་དོན་དམ་པའི་རང་བཞིན་དང་བྲལ་བའི་ཕྱིར་སྟོང་པ་ཞེས་བྱའི་རི་བོང་གི་རྭ་དང་འདྲ་བའི་བདག་ཉིད་ཀྱི་ཕྱིར་ནི་མ་ཡིན་ནོ། །དེས་ན་མཐོང་བ་ལ་སོགས་པ་དང་མི་འགལ་ལོ། །དེ་ནི་རྒྱུར་བྱས་གདགས་པ་སྟེ། །ཞེས་བྱ་བ་ནི་ཀུན་རྫོབ་དེ་ཉིད་ཅེས་བྱ་བའི་ཐ་ཚིག་སྟེ། རྒྱུར་བྱས་པ་དང་གདགས་པའི་སྒྲ་ནི་ཀུན་རྫོབ་ཀྱི་རྣམ་གྲངས་ཡིན་པའི་ཕྱིར་རོ། །འདི་ནི་འདིར་ཁུངས་ཡིན་ནོ། །དེ་ཉིད་དབུ་མའི་ལམ་ཡིན་ནོ་ཞེས་བྱ་བ་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་གཉིས་སྤངས་པའི་ཕྱིར། དེ་ཉིད་དེ་དང་དེ་ལས་དབུ་མའི་ལམ་དུ་གསུངས་སོ་ཞེས་བྱ་བའི་ཐ་ཚིག་གོ །འོ་ན་གལ་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོ་དག་ཁོ་ན་བརྟག་མི་བཟོད་པའི་ཕྱིར་ཀུན་རྫོབ་ཀྱི་སྒྲར་བརྗོད་ན། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། ཀུན་རྫོབ་སྒྲའི་ཐ་སྙད་ཀྱི་བདག་ཉིད་ཡིན་པར་ཇི་ལྟར་གསུངས་སྙམ་དུ་སེམས་པ་ལ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིས་ནི་མདོ་དེ་དང་དེ་དག་ལས་སྒྲའི་ཐ་སྙད་ཀྱི་བདག་ཉིད་ཀྱང་ཀུན་རྫོབ་ཡིན་པར་བསྟན་དུ་ཟིན་ཀྱང༌། ཁོ་བོ་ཅག་གིས་ཡང་དག་པའི་ཀུན་རྫོབ་ཏུ་བརྗོད་པ་གང་ཡིན་པ་དེ་ཡང་དེར་འཇིག་རྟེན་གྱི་ཐ་སྙད་ཇི་སྙེད་པ་ཞེས་བྱ་བ་འདིས་བསྟན་པ་ཁོ་ན་ཡིན་ཏེ། ཁོ་བོ་ཅག་སྒྲའི་ཐ་སྙད་ཀྱི་བདག་ཉིད་ཀྱང་མི་འདོད་པ་ནི་མ་ཡིན་ཏེ། དེ་ཡང་ལོག་པའི་ཀུན་རྫོབ་ཡིན་ནོ་ཞེས་དེ་སྟོན་པར་བྱེད་དོ། །མྱོང་བར་བྱ་བ་དང་མྱོང་བའི་ངོ་བོ་ཞེས་བྱ་བ་ནི་ཤེས་བྱ་དང་ཤེས་པའི་བདག་ཉིད་དོ། །དེ་ཅི་ལྟར་ཐ་སྙད་ཀྱི་སྒྲས་བརྗོད་པར་ནུས་སྙམ་པ་ལ། བྱེད་པའི་སྒྲུབ་པ་ཡོངས་སུ་གཟུང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཤེས་བྱ་དང་ཤེས་བྱའི་བདག་ཉིད་ཀྱིས་སྒྲོ་འདོགས་པར་བྱེད་པ་ཐ་སྙད་དོ། །འདི་ནི་ཤེས་པའོ། །འདི་ནི་ཤེས་བྱའོ་ཞེས་བྱ་བ་སྒྲའི་ཐ་སྙད་ཀྱི་གཞི་ཡིན་པའི་ཕྱིར་བྱེད་པ་ཉིད་ཡིན་ནོ། །དེའི་རྗེས་སུ་འབྲེལ་པའི་ཕྱིར་ཞེས་བྱ་བ་ནི་ཇི་སྙེད་པ་ཞེས་བྱ་བ་དེའོ།།


DTG107_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཀྱང་གི་དོན་ཡང་བལྟ་བར་བྱའོ། །དེས་ན་དོན་ནི་ཡི་གེའི་སྒྲ་དང་བརྡ་བསྟན་པ་ཇི་སྙེད་པ་ཡོད་པ་དེ་ཐམས་ཅད་ཀྱང་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ་ཞེས་བྱ་བ་འདིས་ཡིན་ནོ། །དེའི་ཕྱིར། ལུང་ལས་འབྱུང་བ་དང་འཇིག་རྟེན་པའི་ཡི་གེ་བསྟན་པ་ཡང་བསྡུའོ། །དེ་ལྟ་མ་ཡིན་ན་འགའ་ཞིག་འཕགས་པ་མ་ཡིན་པས་བསྟན་པ་ཁོ་ན་ཀུན་རྫོབ་ཡིན་གྱི། འཕགས་པ་རྣམས་ཀྱིས་བསྟན་པ་ནི་མ་ཡིན་ནོ། །དེ་དག་ནི་ཕྱིན་ཅི་མ་ལོག་པ་དེ་བཞིན་དུ་གསུངས་པའི་ཕྱིར་རོ་སྙམ་དུ་འཁྲུལ་པར་འགྱུར་རོ། །དེ་ནི་ཞེས་བྱ་བ་ནི་རྣམ་པ་གཉིས་ཀ་ཡང་དག་གི་དང་ཡིད་ཀྱི་བྱེ་བྲག་གིས་རྣམ་པ་གཉིས་སུ་དབྱེ་སྟེ། ནང་གི་བརྗོད་པའི་རྣམ་པ་ནི་ཡིད་ཀྱིའོ། །ཕྱི་རོལ་གྱི་བརྗོད་པའི་ངོ་བོ་ནི་ངག་གིའོ། །ཇི་ལྟར་ན་ཡིད་ཀྱི་བཤད་པ་ཡིན་སྙམ་པ་ལ། དཔེར་ན་བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་ཅིའི་ཕྱིར་འཇིག་རྟེན་གྱི་ཐ་སྙད་ཡི་གེ་དང་སྐད་བསྟན་པ་ཇི་སྙེད་པའི་བདག་ཉིད་ཅེས་བྱ་བ་ཁོ་ནར་ཚིག་གཅིག་ཏུ་མི་ཤེས་སྙམ་པ་ལ། དེ་བས་ན་སྤྲོས་པའི་ཚོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྲོས་པ་ཕྱིན་ཅི་ལོག་གི་བདག་ཉིད་ཐམས་ཅད་ཀྱི་ཚོགས་ནི་ཕུང་པོའོ། །དེ་དང་བྲལ་བ་ནི་དོན་དམ་པའི་བདེན་པ་གང་ཡིན་པ་སྟེ་དེ་བསྟན་པའོ། །སེམས་རྒྱུ་བ་ཡང་མེད་ཅེས་བྱ་བ་ནི་ཉམས་སུ་མྱོང་བའི་རྒྱུ་བ་ཡང་མེད་པར་སྟོན་པའོ། །གལ་ཏེ་མངོན་པར་བརྗོད་པའི་མཚན་ཉིད་ཁོ་ན་ཀུན་རྫོབ་ཀྱི་བདེན་པ་ཡིན་ན་དེའི་ཚེ་གང་ལ་ཡི་གེའི་རྒྱུ་བ་ཡང་མེད་པ་ཞེས་བརྗོད་པར་བྱ་བར་འགྱུར་རོ། །དེ་ལྟ་ན་ནི་ཇི་སྐད་དུ་བཤད་པའི་རིམ་པ་དང་མི་འགལ་བ་དོན་དམ་པའི་བདེན་པ་ཀུན་རྫོབ་ལས་བཟློག་པ་ཡིན་པར་བསྟན་པར་འགྱུར་རོ། །གལ་ཏེ་རྣམ་པར་རྟོག་པའི་རྒྱུ་བ་བཟློག་པའི་ཕྱིར་སེམས་ཀྱི་ཞེས་བྱ་བ་བཤད་དོ་ཞེ་ན། མ་ཡིན་ཏེ་རྣམ་པར་རྟོག་པའི་རྒྱུ་བ་ཡང་མེད་པ་ཞེས་དེ་སྐད་ཁོ་ན་མངོན་པར་བརྗོད་པར་བྱ་བར་འགྱུར་ཏེ། དེ་ལྟ་ན་ནི་ཇི་ལྟར་བརྗོད་པར་བཞེད་པའི་དོན་བསྟན་པར་མཛད་པར་འགྱུར་རོ། །རྣམ་པར་རྟོག་པ་དང་མངོན་པར་བརྗོད་པ་གཉིས་ཀྱང་ཡུལ་གཅིག་པ་ཡིན་པའི་ཕྱིར་ཡི་གེ་རྣམས་ལྟ་ཅི་སྨོས་ཞེས་བྱ་བ་ལ་དོར་བའི་ཚིག་ཅིའི་ཕྱིར་མཛད་པར་འགྱུར། །དེ་ལྟ་བས་ན་ཉམས་སུ་མྱོང་བའི་མཚན་ཉིད་སེམས་རྒྱུ་བ་ཡང་མེད་པ་ཡིན་པ་


DTG107_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དང། མངོན་པར་བརྗོད་པ་ཕྱི་མ་འབྲེལ་བར་འགྱུར་རོ། །ཀུན་རྫོབ་འདི་ནི་རྒྱུ་མེད་པར་མི་རུང་སྟེ་ཞེས་བྱ་བ་ལ་སོགས་པས་ནི་དམ་བཅས་པ་ལ་རྗེས་སུ་དཔག་པའི་གནོད་པ་ཡོད་པར་དོགས་པ་སྟེ། འདི་ལྟར་གང་དང་གང་དུ་ཀུན་རྫོབ་ཡིན་པ་དེ་དང་དེ་ནི་རྒྱུ་དང་བཅས་པ་ཡིན་ཏེ། དཔེར་ན་ཤིང་རྟ་དང་སེམས་ཅན་ལ་སོགས་པ་བཏགས་པ་ལྟ་བུ་ཡིན་ནོ། །འདི་ནི་ཀུན་རྫོབ་ཡིན་པས་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །རྒྱུ་མེད་པ་ཉིད་གཅིག་ཡིན་ན་ནི་རྟག་ཏུ་ཡོད་པ་ལ་སོགས་པར་ཐལ་བར་འགྱུར་ཏེ། གནོད་པ་ཅན་གྱི་ཚད་མ་ཡིན་ནོ། །དེས་ན་རྒྱུ་གང་ཡིན་པ་དེ་ནི་དོན་དམ་པའི་དངོས་པོ་གྲུབ་པ་ཡིན་ནོ་སྙམ་དུ་བསམས་པའོ། །གང་དག་ལ་ཡན་ལག་འཁོར་ལོ་ལ་སོགས་པའི་ཚོགས་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་ལས་ཡན་ལག་གི་ཚོགས་ལས་ཞེས་འབྱུང་བ་དེར་ནི་བརྟེན་ནས་ཞེས་བྱ་བ་དེ་ལ་ལྟོས་པའི་ཕྱིར་ཏེ། ནས་བྱ་བ་མི་མངོན་པར་བྱས་ན་རྣམ་པར་དབྱེ་བ་ལྔ་པ་ཡིན་ནོ། །གང་གི་ཚེ་ཡན་ལག་གི་ཚོགས་རྣམས་ལ་ཞེས་འབྱུང་བ་དེའི་ཚེ་ཡང་འོག་ནས་འབྱུང་བ་རྒྱུར་བྱས་ཞེས་བྱ་བ་དེ་ལ་ལྟོས་ན་ལས་ཀྱི་རྣམ་པར་དབྱེ་བ་ཡིན་ནོ། །དེ་ལ་གལ་ཏེ་སྤྱིར་རྒྱུ་དང་བཅས་པ་ཙམ་དུ་སྒྲུབ་པར་བྱེད་ན་ནི་དེའི་ཚེ་གྲུབ་པ་སྒྲུབ་པ་ཡིན་ཏེ། ཀུན་རྫོབ་པའི་རྒྱུ་སྔ་མ་སྔ་མ་ཐོག་མ་མེད་པར་འདོད་པའི་ཕྱིར་རོ། །ཇི་སྟེ་དོན་དམ་པའི་རྒྱུ་ཞིག་སྒྲུབ་པར་བྱེད་ན་ནི་དེའི་ཚེ་དཔེ་བསྒྲུབ་པར་བྱ་བའི་ཆོས་མ་ཚང་བའི་ཕྱིར་རྗེས་སུ་འགྲོ་བ་མ་གྲུབ་པས་མ་ངེས་པ་ཉིད་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །བརྟགས་པ་མ་བྱས་ཞེས་བྱ་བ་ལ་སོགས་པ་ལ་དེ་འདྲ་ཞེས་བྱ་བ་ནི་ཀུན་རྫོབ་པ་ཁོ་ནའོ། འདི་ཡི་ཞེས་བྱ་བ་ནི་ཀུན་རྫོབ་པའིའོ། །བརྗོད་པའི་ཚུལ་གྱིས་ཞེས་བྱ་བ་ནི་གཅིག་དང་དུ་མའི་རང་བཞིན་སྟོང་པ་ཉིད་དུ་བསྟན་པས་སོ། །བློ་གྲོས་དང་ལྡན་པ་ཞེས་བྱ་བ་ནི་བོད་པའོ། །ཤིང་རྟ་ལ་སོགས་པ་ཡང་ཞེས་བྱ་བ་ལ་སོགས་པས་ནི་དཔེ་བསྒྲུབ་པར་བྱ་བས་སྟོང་པ་ཉིད་དུ་སྟོན་པར་བྱེད་དོ་ཆོས་ཉིད་འདི་ལས་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་མཚན་ཉིད་ཀྱི་རྒྱུའི་ཆོས་ཉིད་ལས་ཏེ། དེའི་རྒྱུ་རྡུལ་ཕྲ་རབ་ལ་སོགས་པ་སྔར་དཔྱད་ཟིན་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི་མ་བརྟགས་ན་ཉམས་དགའ་བར་འདོད་པ་ཁོ་ན་ཡིན་གྱི། དོན་དམ་པར་ནི་མ་ཡིན་ཏེ། དོན་དམ་པར་ནི་དེ་


DTG107_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཉིད་ཡོད་པ་དང་མེད་པ་ལས་རྣམ་པར་འདས་པ་ཁོ་ན་ཡིན་ནོ་ཞེས་སློབ་དཔོན་གྱི་ཚིག་གིས་བསྟན་པའི་ཕྱིར་འདིར་ཡང་གསུངས་པ་ཞེས་བྱ་བ་སྨོས་ཏེ། འདི་ནི་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཐ་སྙད་གྲུབ་པ་ལས་བསྟན་ཏོ། །དེ་ལས་ནི་སྔགས་དང་སྨན་དང་སྒྱུ་མའི་དཔེས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱི་གཏན་ཚིགས་ཀྱིས་དོན་དམ་པར་ཡོད་པ་དང་མེད་པ་ཉིད་ལས་ཡང་དག་པར་འདས་པར་སྒྲུབ་པར་བྱེད་དོ། །འདི་ལྟར་སྔགས་ནི་ཡི་གེ་རེ་རེ་འམ་འདུས་པ་ཞིག་ཡིན་པར་འགྱུར་གྲང་ན། རེ་ཞིག་རེ་རེ་ནི་མ་ཡིན་ཏེ། ཡི་གེ་གཅིག་བརྗོད་པ་ཁོ་ནས་འབྲས་བུ་འབྱུང་བར་ཐལ་བར་འགྱུར་རོ། །གང་ཡང་ཨ་ཞེས་བྱ་བ་ལ་སོགས་པ་ཡི་གེ་གཅིག་པའི་སྔགས་འབྱུང་བ་དེ་ཡང་ཡི་གེ་རྣམས་ནི་ཆ་ཤས་དང་བཅས་པ་ཡིན་པའི་ཕྱིར་ཡང་དག་པར་ན་གཅིག་པར་མི་རུང་བ་ཉིད་དེ་དེ་ལྟ་བས་ན། ཡི་གེ་གཅིག་སྔགས་གང་ཡང་མེད་དེ། ཡི་གེ་རེ་རེའི་སྔགས་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཡི་གེ་མང་པོ་གཞན་ཡང་མེད་ཅེས་བྱ་བ་ནི་ཡི་གེ་འདུས་པ་རྣམས་ཀྱང་སྔགས་མ་ཡིན་པ་སྟེ། ཡི་གེ་རྣམས་ནི་རིམ་གྱིས་འབྱུང་བ་ཅན་ཡིན་པས་ཚོགས་པ་མེད་པའི་ཕྱིར་རོ། །འོ་ན་འགགས་པ་རྣམས་ཚོགས་པར་འགྱུར་རོ་སྙམ་པ་ལ། ཡི་གེ་འགགས་པ་རྣམས་མིན་ལ་ཞེས་བྱ་བ་སྨོས་ཏེ། འགགས་པ་ཞེས་བྱ་བ་ནི་རང་གི་ངོ་བོ་ལས་ཉམས་པ་ཞེས་བྱའོ། །གང་དག་རང་གི་ངོ་བོ་ལས་ཉམས་པ་དེ་དག་ནི་བདག་ཉིད་མེད་པ་ཡིན་ན་གང་དག་རང་གི་བདག་ཉིད་མེད་པ་དེ་དག་ཇི་ལྟར་བསགས་པར་འགྱུར། དེ་ལྟ་བས་ན་རེ་ཞིག་སྔགས་ཡོད་པ་ཉིད་བསྩལ་བ་ཡིན་ནོ། །འོ་ན་ནི་ཤུགས་ཀྱིས་མེད་པ་ཉིད་དུ་འགྱུར་ཏེ། དེའི་ཕྱིར་རྟོག་པ་དང་ལྡན་པ་རྣམས་སྔགས་གྲུབ་པར་བྱ་བའི་ཕྱིར་འབད་པ་དོན་མེད་པ་ཁོ་ནའོ་སྙམ་པ་ལ་བརྟེན་ནས་དེ་ནི་མེད་པའང་མིན་ཞེས་བྱ་བ་སྨོས་ཏེ། རྐན་ལ་སོགས་པའི་བྱེད་པ་ལས་ཡི་གེ་རྣམས་འབྱུང་བ་ཡང་མཐོང་ས་དེ་ལས་ཀྱང་དུག་སེལ་བ་ལ་སོགས་པའི་འབྲས་བུ་འབྱུང་བ་ཡང་མཐོང་ན། ཇི་ལྟར་གཅིག་ཏུ་མེད་པ་ཉིད་དུ་འགྱུར། འདིས་ནི་སྔགས་ཀྱི་དཔེ་བསྒྲུབ་པར་བྱ་བ་མ་ཚང་བ་ཉིད་ཡོངས་སུ་སྤངས་སོ། །སྨན་གྱི་དཔེའི་ཡང་ཡོངས་སུ་སྤང་བའི་ཕྱིར། དེ་བཞིན་རང་གི་ཡན་ལག་ལས། །ཞེས་བྱ་བ་ལ་སོགས་པ་


DTG107_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་སོ། །གལ་ཏེ་ཟྭ་རྒོད་དང་གླ་སྒང་ལ་སོགས་པ་རང་གི་ཡན་ལག་རྣམས་ལས་སྨན་ཐ་དད་པ་ཞིག་ཡིན་ན་ནི་དེའི་ཚེ་དམིགས་པའི་རིག་བྱར་གྱུར་པའི་ཕྱིར། ལོགས་ཤིག་ན་དམིགས་པར་འགྱུར་རོ། །ཇི་སྟེ་དམིགས་པའི་རིག་བྱར་གྱུར་པ་མ་ཡིན་ན་ནི་དེའི་ཚེ་ཡན་ལག་རྒྱུར་བྱེད་པ་དོན་མེད་པ་ཁོ་ནར་འགྱུར་རོ། །ཇི་སྟེ་ཡན་ལག་འདུས་པ་ཙམ་སྨན་ཡིན་ནོ་སྙམ་ན་དེ་ཡང་རིགས་པ་མ་ཡིན་ཏེ། དེའི་ཡན་ལག་རྣམས་ཀྱང་འདུས་པ་ཙམ་གྱི་རང་བཞིན་ཡིན་པས་རང་གི་ངོ་བོ་མ་གྲུབ་པའི་ཕྱིར་རོ། །རང་གི་ངོ་བོ་མ་གྲུབ་པ་རྣམས་ཀྱང་ཇི་ལྟར་འདུས་པར་འགྲུབ་པར་འགྱུར། སྒྱུ་མའི་དཔེ་ལས་ཡང་བསྒྲུབ་པར་བྱ་བའི་ཕྱིར། སྒྱུ་མའི་གླང་པོ་དེ་ཡང་སྣང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལྟར་སྒྱུ་མའི་གླང་པོ་ཆེ་དེ་ནི་འཇིམ་པའི་དུམ་བུ་ལ་སོགས་པ་ལས་ཐ་དད་པའམ་ཐ་དད་པ་མ་ཡིན་པ་ཞིག་ཏུ་འགྱུར་གྲང་ན། རེ་ཞིག་ཐ་དད་པར་ནི་མ་ཡིན་ཏེ། འདི་ལྟར་སྒྱུ་མ་མཁན་དང་སྒྱུ་མའི་རྒྱུ་དེ་དག་ལས་གུད་ན་མི་སྣང་བའི་ཕྱིར་རོ་ཞེས་ཁོང་ནས་འབྱུང་ངོ༌། །ཡང་ན་དེ་དག་ལས་ཞེས་བྱ་བ་ནི་སྔགས་དང་སྨན་དག་ལས་ཏེ། གང་གིས་ནི་དེ་དག་ལས་ཐ་དད་པར་འགྱུར་བ་འཇིམ་པའི་དུམ་བུ་ལ་སོགས་པ་དག་ལས་ལོགས་ཤིག་ཏུ་ནི་སྒྱུ་མའི་གླང་པོ་ཆེ་ཡང་དག་པར་མི་དམིགས་སོ། །ཐ་དད་པ་མ་ཡིན་པ་ཡང་མ་ཡིན་ནོ་སྙམ་པ་ལ། གཞན་མིན་མིན་ཞེས་བྱ་བ་སྨོས་ཏེ། རིགས་པ་ཞེས་བྱ་བ་ལྷག་མ་ཡིན་ནོ། །གཞན་ནི་ཐ་དད་པ་ཞེས་བྱའོ། །གཞན་མ་ཡིན་པ་ནི་ཐ་དད་པ་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ལྟ་བུ་ཁོ་ནར་མིག་མ་འཁྲུལ་པ་ཅན་རྣམས་ཀྱིས་མི་མཐོང་བའི་ཕྱིར་ཐ་དད་པ་མ་ཡིན་པའང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འོ་ན་ནི་དེ་མེད་པ་ཁོ་ན་ཡིན་ནོ་སྙམ་པ་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཞེས་བྱ་བ་ནི་སྒྱུ་མའི་གླང་པོ་ཆེ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་མེད་དོ་ཞེས་བརྗོད་པར་ཡང་མི་ནུས་ལ། དེ་ཉིད་དང་གཞན་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་ཡོད་དོ་ཞེས་བརྗོད་པར་ཡང་མི་ནུས་པས་དེའི་ཕྱིར་དཔེ་གྲུབ་པ་ཡིན་ནོ། །ཕྱོགས་ཀྱི་ཆོས་བསྡུ་བའི་ཕྱིར་དེ་ལ་དམིགས་པར་བྱེད་པ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་གཟུགས་ཀྱི་སྐྱེ་མཆེད་དེ་ལ་དམིགས་པའི་ངང་ཚུལ་ཡོད་པ་དེ་ལ་དེ་སྐད་


DTG107_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱའོ། །མིག་གི་ཞེས་བྱ་བ་ནི་མཇུག་ལྔ་པ་ཅན་ཡིན་ཏེ། མིག་ནས་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་འདི་ནི་མཇུག་དྲུག་པ་ཅན་ཡིན་ཏེ། མིག་དང་འབྲེལ་པ་ཅན་གྱི་མིག་གི་རྣམ་པར་ཤེས་པ་ཞེས་བྱ་བའི་ཐ་ཚིག་སྟེ། སྲིད་པ་ལས་འབྱུང་ངོ་ཞེས་འོག་ནས་འབྱུང་བ་དང་སྦྱར་བར་བྱའོ། །ལས་ཀྱི་བག་ཆགས་འབྲས་བུ་འབྱིན་པ་ལ་མངོན་དུ་ཕྱོགས་པར་གྱུར་པ་ནི་སྲིད་པའོ། །ལས་དང་ཉོན་མོངས་དབང་འཕངས་པ། །ཞེས་བྱ་བ་ནི་ཆོད་པའི་ལས་ཀྱི་དབང་གིས་འཇུག་པའི་ཕྱིར་རོ། །ལེན་བཅས་པ་ནི་ཟག་པ་དང་བཅས་པ་སྟེ། སྲིད་པ་ལས་དེ་ལྟ་བུའི་ངོ་བོ་བྱུང་བ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པའི་དབང་གིས་འཕངས་པ་ཉེ་བར་ལེན་པ་དང་བཅས་པ་བཞིན་དུའོ། །སྲིད་པའི་ཡན་ལག་ཀུན་ཞེས་བྱ་བ་ནི་མ་རིག་པ་ལ་སོགས་པ་རྣམས་སོ། །དེ་ལ་སྦྱོར་བ་ནི་འདི་ལྟར་བྱ་སྟེ། གང་དང་གང་དག་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་དག་ནི་དོན་དམ་པར་ཡོད་པ་དང་མེད་པ་ཉིད་ཀྱི་ཐ་སྙད་ཀྱི་ལམ་ལས་འདས་པའི་ཡུལ་ཡིན་ཏེ། དཔེར་ན་སྔགས་ལ་སོགས་པ་ལྟ་བུའོ། །རྣམ་པར་ཤེས་པ་ལ་སོགས་པ་འདི་དག་ཀྱང་དེ་དང་འདྲ་བས་ན་རང་བཞིན་གྱི་གཏན་ཚིགས་སོ། །གལ་ཏེ་དེ་ལྟ་ན་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདུ་བྱེད་རྣམས་ནི་རྟག་པ་མེད་ཅེས་བྱ་བ་ལ་སོགས་པས་དངོས་པོ་རྣམས་སྐྱེ་བ་ལ་སོགས་པར་བསྟན་སྙམ་པ་ལ། འདི་ལྟར་འགོག་པ་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དགོངས་ནས་བསྟན་པ་དེའི་ཕྱིར་འགལ་བ་མེད་དོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །དགོངས་པ་ནི་སྐྱེ་བ་ལ་སོགས་པ་ཇི་ལྟར་སྣང་བ་ཁོ་ན་བཞིན་ཡོད་པའི་ཕྱིར་དེ་ལས་དགོངས་ནས། བདག་མེད་པ་ལ་འཇུག་པར་བྱ་བའི་ཕྱིར་སྐྱེ་བ་ལ་སོགས་པ་བསྟན་ཏོ་སྙམ་པ་ཡིན་ནོ། །ཇི་ལྟར་སྨན་ཡང་སྨན་མིན་པ། །ཞེས་བྱ་བ་ལ་སོགས་པས་ནི་ཇི་སྐད་བཤད་པའི་དོན་གྱི་མཇུག་སྡུད་དོ། །གཉིས་ཀ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའོ། །ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་ཟིན་ན་ཞེས་བྱ་བ་ལ་སོགས་པས་ནི་སྦྱོར་བའི་གཞི་ཉིད་ལ་དམ་བཅས་པ་དང་ལུང་དང་འགལ་བར་སྟོན་པར་བྱེད་དེ། འདི་ལྟར་གྲུབ་པའི་མཐའ་ལས་ནི་མཐོང་བ་དང་ཐོས་པ་


DTG107_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དང། བྱེ་བྲག་ཕྱེད་པ་དང༌། རྣམ་པར་ཤེས་པའི་དོན་རྣམས་ལ་དེ་བཞིན་དུ་སྨྲ་བ་གང་ཡིན་པ་འདི་ནི་འཕགས་པ་རྣམས་ཀྱི་ཐ་སྙད་ཡིན་ལ། བཟློག་སྟེ་སྨྲ་བ་ནི་འཕགས་པ་མ་ཡིན་པ་རྣམས་ཀྱི་ཐ་སྙད་ཡིན་ནོ་ཞེས་བསྟན་ན་དེ་ཡང་མཐོང་བ་ལ་སོགས་པའི་དོན་མེད་པའི་ཕྱིར་རིགས་པ་མ་ཡིན་ནོ། །ནམ་མཁའི་མེ་ཏོག་ནི་ནམ་མཁའི་པདྨའོ། །ད་དང་མཚུངས་པ་ནི་འདྲ་བའོ། །ཀླན་ཀ་འདི་ནི་སྙིང་པོ་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ལན་འདེབས་སོ། །དེ་ལ་བསྡུས་པའི་དོན་ནི་ཕ་རོལ་པོ་དག་གིས་ཇི་ལྟར་སྣང་བ་ལས་འདས་པར་རིགས་པ་ཁོ་ནས་དངོས་པོ་རྣམས་ཀྱི་རང་བཞིན་ཡོད་དོ་ཞེས་སྒྲོ་འདོགས་པར་བྱེད་པ་དེ་ཁོ་ན་འགོག་པར་བྱེད་ཀྱི། སྔོན་པོ་ལ་སོགས་པ་སྣང་བ་མ་བརྟགས་གཅིག་པུ་ན་ཉམས་དགའ་བ་ལ་སོགས་པ་འགོག་པ་ནི་མ་ཡིན་ནོ། །དོན་དམ་པར་ནི་དཔྱད་ན་ཡོད་པ་འགའ་ཡང་མ་གྲུབ་པའི་ཕྱིར་ཡོད་པར་ཡང་ཁས་མི་ལེན་ལ་མེད་པར་ཡང་ཁས་མི་ལེན་ཏེ། མེད་པ་ནི་དངོས་པོ་ལྡོག་པའི་མཚན་ཉིད་ཡིན་པའི་ཕྱིར་ཡོད་པ་མ་གྲུབ་ན་ཡོད་པ་སྔོན་དུ་འགྲོ་བ་ཅན་གྱི་མེད་པ་ཡང་མ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་གཅིག་ཏུ་ཡོད་པ་དང་མེད་པའི་ཕྱོགས་ལ་ཡོད་པའི་ཉེས་པས་ཁོ་བོ་ཅག་ལ་མི་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ །མྱོང་བ་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པ་མྱོང་བའོ། །འོ་ན་གང་ཞིག་འགོག་པར་བྱེད་སྙམ་པ་ལ། འབྲས་བུ་ཡང་དག་པར་ཡོད་པ་དང་མེད་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་ཡོད་པར་སྨྲ་བ་ནི་སེར་སྐྱ་བ་རྣམས་སོ། །འབྲས་བུ་མེད་པར་སྨྲ་བ་ནི་བྱེ་བྲག་པ་ལ་སོགས་པའོ། །གཉི་གར་སྨྲ་བ་ནི་འཚོ་བ་པ་ལ་སོགས་པའོ། །ཡོད་པ་དང་མེད་པ་ཞེས་བྱ་བ་ལ་སོགས་པ་རྣམ་པར་འབྱེད་པ་ནི་འཕགས་པ་ལྷའི་ཚིགས་སུ་བཅད་པ་འདི་དང་སྦྱར་བ་དེའི་ཕྱིར་ཞེས་བྱ་བ་སྨོས་ཏེ། འདི་ནི་ཞེས་བྱ་བ་ནི་ཕྱོགས་དང་སྦྱར་རོ། །དེའི་ཕྱིར་ཡང་དག་ཉིད་དུ་ན་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་འདི་ནི་སློབ་དཔོན་བདག་ཉིད་ཀྱི་ཡིན་ནོ། །འདིས་ནི་ཚད་མའི་འབྲས་བུ་ལུང་གི་དོན་དང་སྦྱར་བའམ། ལུང་གི་དོན་ཚད་མའི་འབྲས་བུ་དང་སྦྱོར་བར་བྱེད་དོ། །འདིར་ཡང་གང་གི་ཕྱིར་ཞེས་བྱ་བ་ལ་ལྟོས་པར་བྱ་སྟེ། དེས་ན་དོན་ནི་གང་གི་ཕྱིར་དངོས་པོ་འགའ་ཡང་ཡང་དག་པར་བསྒྲུབ་པ། མེད་པ་དེའི་


DTG107_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་བྱ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བྱ་བ་འདི་ཡིན་ནོ། །གཞན་ཡང་ཞེས་བྱ་བ་ནི་རྒ་བ་ལ་སོགས་པའོ། །དེ་ལ་བརྟེན་པ་ཞེས་བྱ་བ་ནི་སྐྱེ་བ་ལ་བརྟེན་པའོ། །འབྱུང་བ་མེད་པ་ཞེས་བྱ་བ་ནི་གང་དག་ལ་འབྱུང་བ་མེད་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་བའོ། །རང་བཞིན་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་གཅིག་པ་ཉིད་ལ་སོགས་པས་དཔྱད་ན་དོན་དམ་པར་གང་ལ་རང་བཞིན་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །རང་བཞིན་མེད་པས་གཞན་རྐྱེན་ཇི་ལྟར་འགྱུར་ཞེས་བྱ་བ་ནི་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་རྟག་ཏུ་རང་བཞིན་མེད་པའི་ཕྱིར་གཞན་གྱི་རྐྱེན་དུ་རིགས་པ་མ་ཡིན་ནོ། །རང་བཞིན་མེད་པས་གཞན་གྱིས་ཇི་ལྟར་བསྐྱེད་ཅེས་བྱ་བ་ནི་རྐྱེན་གཞན་ཡང་དེའི་འབྲས་བུ་རྟག་ཏུ་མེད་པའི་ཕྱིར་རི་བོང་གི་རྭ་ལ་སོགས་པ་ལྟ་བུ་ཁོ་ན་ཡིན་ན་རང་བཞིན་ཡོད་པ་མ་ཡིན་པ་ཇི་ལྟར་བསྐྱེད་ཅེས་བྱ་བའི་ཐ་ཚིག་གོ །འདི་ཞེས་བྱ་བ་ནི་དོན་དམ་པར་སྐྱེད་པ་པོ་མ་ཡིན་པ་ཉིད་དོ། །ཡང་ན་རྒྱུ་ཞེས་བྱ་བའི་སྒྲས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་མཚོན་པར་བྱེད་དོ། །དེས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་དོན་དམ་པར་སྐྱེ་བ་མེད་པའི་མཚན་ཉིད་ཅན་འདི་བདེ་བར་གཤེགས་པས་བསྟན་ཏོ་ཞེས་བྱ་བའི་ཐ་ཚིག་གོ །རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པས་ཞེས་བྱ་བ་ནི་མ་རིག་པ་ལ་སོགས་པའི་རང་བཞིན་དཔྱད་པས་ཞེས་བྱ་བའི་ཐ་ཚིག་གོ །ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་སྐྱེ་བ་མེད་པའི་མཚན་ཉིད་དོ། །མིང་མ་མཆིས་པ་ཞེས་བྱ་བ་ནི་སྒྲའི་སྤྱོད་ཡུལ་མ་ཡིན་པའོ། །མཚན་ཉིད་མ་མཆིས་པ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་མཚན་ཉིད་དང་བྲལ་བའོ། །མཚན་མ་མ་མཆིས་པ་ཞེས་བྱ་བ་ནི་འདུ་ཤེས་ཀྱི་ཡུལ་སྔོན་པོ་ལ་སོགས་པའི་མཚན་མ་མེད་པའི་ཕྱིར་རོ། །གདགས་སུ་མ་མཆིས་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །འོ་ན་ཇི་ལྟར་དེ་དག་བསྟན་སྙམ་པ་ལ། གཞན་དུ་མ་ལགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་རྣམས་གཟུང་བའི་དོན་དུ་མིང་ལ་སོགས་པ་ཙམ་གྱིས་སྟོན་པར་ཟད་ཀྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། འདིར་ཡང་བསྟན་པ་ཞེས་བྱ་བ་ཁོང་ནས་འབྱུང་ངོ༌། །མིང་ཙམ་ཞེས་བྱ་བ་ལ་སོགས་པའི་ཚིག་


DTG107_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་ཚིག་གཉིས་གཉིས་ཤིང་ཚིག་སྔ་མ་སྔ་མའི་བཤད་པ་ཕྱི་མ་ཕྱི་མ་ཡིན་ནོ། །ཀུན་རྫོབ་ནི་འདིར་ཀུན་རྫོབ་ཀྱི་ཤེས་པ་ལ་སྣང་བའི་ངང་ཅན་གྱི་ངོ་བོ་ཡིན་པར་དགོངས་སོ། །འདིས་མངོན་པར་རྗོད་པར་བྱེད་པས་ན་བརྗོད་པ་སྟེ་རྣམ་པར་རྟོག་པ་ཞེས་བྱའོ། །ཡང་ན་འདི་དག་ཐམས་ཅད་ནི་རྣམ་གྲངས་ཡིན་ནོ། །ཡང་ན་དང་པོའི་བཤད་པ་ལྷག་མ་ཡིན་ནོ། །མ་རིག་པ་དུས་གསུམ་དུ་མེད་དུ་ཟིན་ཀྱང་ཅིའི་ཕྱིར་གདགས་པའི་ཡུལ་མ་ཡིན་སྙམ་པ་ལ། མ་རིག་པ་དེ་ནི་ཞེས་བྱ་བ་སྨོས་སོ། །འོ་ན་ནི་ཐམས་ཅད་མིང་ཙམ་དུ་ཡོད་པར་ཁས་བླངས་པའི་ཕྱིར་མིང་ཙམ་བདེན་པར་ཡོད་དོ་སྙམ་པ་ལ། བཅོམ་ལྡན་འདས་གང་མིང་ཙམ་ཞེས་བྱ་བ་སྨོས་སོ། །དེ་ལྟར་བྱས་ན་ཞེས་བྱ་བ་ནི་མ་རིག་པ་ལ་སོགས་པ་དུས་གསུམ་དུ་ཡང་མེད་པའི་ཕྱིར་རོ། །ཡང་དེ་ཉིད་ལས་ཞེས་བྱ་བ་ནི་ཡབ་དང་སྲས་མཇལ་བའི་མདོ་ལས་སོ། །གལ་ཏེ་སྐྱེ་བ་ལ་སོགས་པ་ཀུན་ཏུ་བརྟགས་པའི་ངོ་བོ་ཡིན་པའི་ཕྱིར་དངོས་པོ་རྣམས་ཀྱི་སྐྱེ་བ་ལ་སོགས་པ་ཁས་མི་ལེན་ན། འོ་ན་ཇི་ལྟར་བཅོམ་ལྡན་འདས་ཀྱིས་སྐྱེ་བ་མེད་པ་ནི་བདེན་ནོ་ཞེས་བྱ་བ་ལ་སོགས་པས་སྐྱེ་བ་མེད་པ་ལ་སོགས་པ་བདེན་པ་ཉིད་དུ་གསུངས་སྙམ་པ་ལ། སྐྱེ་བ་མེད་པ་ལ་སོགས་པ་ཡང་ཞེས་བྱ་བ་སྨོས་སོ། །དེ་ཞེས་བྱ་བ་ནི་དོན་དམ་པའོ། །སྐྱེ་བ་མེད་པ་ལ་སོགས་པར་རྣམ་པར་རྟོག་པ་དང༌། རྣམ་པར་རྟོག་པས་དངོས་པོ་རྣམས་ཀྱི་ངོ་བོ་རྣམ་པར་གཞག་པ་ནི་སྐྱེ་བ་མེད་པ་ལ་སོགས་པའོ། །སྩོགས་པའི་སྒྲས་ནི་འགོག་པ་དང་ཞི་བ་ལ་སོགས་པ་བསྡུའོ། །ཡང་དེ་མེད་པར་དོན་དམ་པ་ལ་འཛེག་མི་ནུས་སམ་ཞེ་ན། གང་གི་ཕྱིར་དེ་ལྟ་བུའི་ངོ་བོ་བསྟན་པའི་ཕྱིར་དེ་སྐད་ཅེས་བྱ་སྙམ་པ་ལ། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་དག་པ་ཉིད་ཁང་པ་ཡིན་ནོ། །དེའི་སྟེང་ནི་རབ་ཀྱི་མཐའ་སྟེ་དེར་འགྲོ་བར་ཞེས་བསྡུའོ། །ཡང་དག་ཀུན་རྫོབ་ཉིད་ཐེམ་སྐས་བཞིན་དུ་སྐས་ཡིན་ཏེ། གོམ་པའི་རྟེན་ཞེས་བྱ་བའི་ཐ་ཚིག་གོ །འདི་ནི་སློབ་དཔོན་སྣང་བྲལ་གྱིས་དབུ་མའི་སྙིང་པོ་ལས་གསུངས་པ་ཡིན་ནོ། །དེས་ན་གང་ལ་ལ་གལ་ཏེ་ཚུལ་གསུམ་པའི་རྟགས་ཀྱིས་བསྐྱེད་པའི་བློ་དོན་དམ་པའི་སྒྲར་བརྗོད་ན་ནི་དེའི་ཚེ་དེ་ཡང་ཀུན་རྫོབ་ཀྱི་ངོ་བོ་ཡིན་པའི་ཕྱིར་ཇི་ལྟར་ན་དོན་དམ་པ་ཉིད་ཡིན། གལ་ཏེ་ཡང་དེའི་དབང་གིས་དངོས་པོ་རྣམས་རང་བཞིན་མེད་པ་ཉིད་དུ་རྣམ་


DTG107_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཇོག་ན་དེ་ཡང་གང་གིས་གཞག་པར་བྱ། དེ་ཉིད་ཀྱིས་གཞན་དུ་ནི་རིགས་པ་མ་ཡིན་ཏེ། རང་གིས་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ། །ཚད་མ་གཞན་གྱིས་ཀྱང་མ་ཡིན་ཏེ། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཇི་སྟེ་བློ་དེ་གཅིག་པུ་མ་གཏོགས་པར་འཇོག་གོ་ཞེ་ན། འོ་ན་ནི་ཡུལ་ཐམས་ཅད་བདག་མེད་པར་མ་བསྒྲུབས་པར་འགྱུར་རོ་ཞེས་རྒོལ་བ་གང་ཡིན་པ་དེ་ཡང་འདི་ཉིད་ཀྱིས་ལན་བཏབ་པ་ཡིན་ཏེ། དེ་ཡང་དོན་དམ་པ་དང་མཐུན་པའི་ཕྱིར་དོན་དམ་པ་ཉིད་ཡིན་ལ་རང་བཞིན་མེད་པ་ཡང་དེ་ཉིད་ཀྱིས་རྣམ་པར་འཇོག་གོ །རང་གིས་བདག་ཉིད་ལ་བྱེད་པ་འགལ་བ་ཡང་མེད་དེ། སྤྱིའི་ངོ་བོར་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་རྣམ་པར་འཇོག་པའི་ཕྱིར་ལ། བློའི་རང་གི་ངོ་བོ་ཡང་སྤྱིའི་མཚན་ཉིད་དེར་འདུས་པའི་ཕྱིར་རོ། །དཔེར་ན་ཆོས་ཐམས་ཅད་ལ་ཡོད་པ་ལ་སོགས་པའི་གཏན་ཚིགས་རྣམས་ཀྱིས་འཇིག་པ་ཉིད་ཀྱི་རྐྱེན་དུ་འགྱུར་བ་ན་བདག་ཉིད་སྤངས་ནས་མ་ཡིན་པ་ལྟར་འདིར་ཡང་དེ་དང་འདྲ་བར་ཀླན་ཀར་མི་རུང་ངོ༌། །སྐྱེ་བ་མེད་ལ་སོགས་མི་སྲིད། །ཅེས་བྱ་བ་ནི་དོན་དམ་པར་སྐྱེ་བ་མེད་པ་ལ་སོགས་པའི་ཤེས་པ་དང༌། མངོན་པར་བརྗོད་པ་རྣམས་འཇུག་པ་མི་སྲིད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཅིའི་ཕྱིར་སྙམ་པ་ལ། དེའི་ངོ་བོ་དགག་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ཐ་མ་སྨོས་ཏེ། གང་གི་ཕྱིར་ཕྱིས་བརྗོད་པར་བྱ་བའི་ངོ་བོ་དགག་པར་བྱ་བ་ལ་དོན་དམ་པར་དེ་བརྗོད་པའི་སྒྲའི་སྦྱོར་བ་མི་སྲིད་པ་དེའི་ཕྱིར་སྐྱེ་བ་མེད་པ་ལ་སོགས་པ་མི་སྲིད་དོ། །འོ་ན་མེད་པ་འབའ་ཞིག་སྦྱོར་བར་འགྱུར་རོ་སྙམ་པ་ལ། ཡུལ་མེད་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྙམ་དུ་དོན་དམ་པར་སྐྱེ་བ་ལ་སོགས་པ་མེད་དུ་ཟིན་ཀྱང་གཞན་གྱི་རྗེས་སུ་སྨྲ་བས་བློས་སྐྱེ་བ་ལ་སོགས་པ་གཞག་སྟེ། དེ་དག་བཀག་པས་སྐྱེ་བ་མེད་པ་ལ་སོགས་པ་རྣམ་པར་འཇོག་པར་འགྱུར་རོ་སྙམ་པ་ལ། རྣམ་པར་རྟོག་པ་ལ་བརྟེན་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བ་མེད་པ་ལ་སོགས་པ་རྣམ་པར་རྟོག་པ་ལ་བརྟེན་པ་ཉིད་དུ་ཁས་ལེན་ན་སྐྱེ་བ་མེད་པ་ལ་སོགས་པ་དེ་ཀུན་རྫོབ་ཡིན་གྱི་དོན་དམ་པ་ནི་མ་ཡིན་ཏེ། རྣམ་པར་རྟོག་པ་ལ་ཀུན་རྫོབ་ཀྱི་ངོ་བོ་ཡིན་པའི་ཕྱིར་དང༌། རྣམ་པར་རྟོག་པའི་སྤྱོད་ཡུལ་ཡང་སྒྲོ་བཏགས་པའི་ངོ་བོ་ཡིན་པའི་ཕྱིར་ཇི་ལྟར་དོན་དམ་པར་


DTG107_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར།། །།བམ་པོ་བཞི་པ་སྟེ་ཐ་མའོ། །ཇི་སྟེ་རང་གི་མཚན་ཉིད་ནི་ཞེས་བྱ་བ་ལ་སོགས་པས་ནི། རྣམ་པར་རྟོག་ལ་བརྟེན་ན་ཡང༌། །ཀུན་རྫོབ་པར་འགྱུར་ཡང་དག་མིན། །ཞེས་བྱ་བ་ཕྱོགས་སྔ་མ་དང་བཅས་ཏེ་རྣམ་པར་འགྲེལ་པར་བྱེད་དོ། །བག་ཆགས་གང་ལ་ཐོག་མ་མེད་པའི་དུས་ཡོད་པ་དེ་ལས་བྱུང་བ་རྣམ་པར་རྟོག་པ་གང་ཡིན་པ་དེ་ལ་སྣང་བའི་ངང་ཚུལ་ཅན་གྱི་དོན་གང་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་ཆོས་ཅན་འདི་ཉིད་ལ་གནས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྣམ་པར་རྟོག་པ་ལ་སྣང་བའི་ངང་ཅན་གྱི་དོན་བཀག་ན་ཐ་སྙད་ཐམས་ཅད་ཆད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །རྣམ་པར་རྟོག་པ་ཡང་ཞེས་བྱ་བ་ལ་སོགས་པས་ནི་ལན་བཏབ་བོ། །བསམ་པ་ནི་འདི་ཡིན་ཏེ། གལ་ཏེ་རྣམ་པར་རྟོག་པའི་བློ་ལ་སྣང་བའི་ངང་ཅན་ཉིད་སྐྱེ་བ་མེད་པ་ལ་སོགས་པ་ཡིན་ན་དེའི་ཚེ་སྣང་བ་དང་བློ་ཐ་མི་དད་པའི་ཕྱིར་དེ་ཡང་གོང་དུ་རྣམ་པར་ཤེས་པའི་རང་གི་ངོ་བོ་དཔྱད་པས་བརྫུན་པ་ཉིད་དུ་བསྟན་པའི་ཕྱིར་ཇི་ལྟར་དོན་དམ་པ་ཉིད་དུ་འགྱུར་སྙམ་པ་ཡིན་ནོ། །བློ་བདེན་པ་ཉིད་དུ་ཆུད་ཀྱང་དེ་ལ་སྣང་བའི་ངང་ཅན་གྱི་ངོ་བོ་ཐམས་ཅད་བརྫུན་པ་ཡིན་པའི་ཕྱིར་སྐྱེ་བ་མེད་པ་ལ་སོགས་པ་བརྫུན་པ་ཉིད་དོ་ཞེས་བསྟན་པའི་ཕྱིར། གཞན་ཡང་དེ་ལྟ་ན་ཡང་ཞེས་བྱ་བ་སྨོས་སོ། །གཞན་ཡང་ཞེས་བྱ་བ་ནི་ལན་གཞན་བརྗོད་པའོ། །འདི་སྐད་གསུངས་ཏེ་ཞེས་བྱ་བ་ནི་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་སོ། །རྒྱལ་དཔོག་པ་ལ་སོགས་པ་མེད་པ་ནི་དངོས་པོ་གཞན་དུ་གྱུར་པ་ཡིན་ནོ་ཞེས་ཟེར་བ་དེ་བསྟན་པའི་ཕྱིར་དེ་སྐད་དུ་ཞེས་བྱ་བ་སྨོས་ཏེ། འདི་ནི་གཞོན་ནུ་མ་ལེན་གྱིས་བཤད་དོ། །དེས་ན་མེད་པ་རྣམ་པ་བཞི་དངོས་པོ་གཞན་དུ་གྱུར་བ་ཁོ་ན་ཡིན་པར་བརྗོད་དོ། །དེ་ལ་འོ་མ་ལ་སོགས་པའི་མཚན་ཉིད་ཡོད་པ་ཉིད་ཞོ་ལ་སོགས་པ་འབྲས་བུའི་མཚན་ཉིད་སྔ་ན་མེད་པ་ཞེས་བྱ་ལ། ཞོ་ལ་སོགས་པ་འབྲས་བུ་ཡོད་པ་ཉིད་ཀྱང་འོ་མ་ལ་སོགས་པ་རྒྱུ་ཞིག་ནས་མེད་པ་ཡིན་ནོ། །རི་བོང་གི་མགོ་བོའི་ཡན་ལག་ཁྱད་པར་ཅན་ཉིད་རི་བོང་གི་རྭ་གཏན་མེད་པ་ཡིན་ནོ། །བ་ལང་ལ་སོགས་པ་ལ་རྟ་ལ་སོགས་པ་ངོ་བོ་མེད་པ་ནི་གཅིག་ལ་གཅིག་མེད་པ་ཞེས་ཟེར་རོ། །དེ་བས་ན་ཞེས་བྱ་བ་ནི་མེད་པ་ནི་ཡོད་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་


DTG107_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་མེད་ན་མེད་པ་ཡང་མེད་པ་ལེགས་པར་བཤད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་དེ་གཉིས་ནི་ཕན་ཚུན་ལྟོས་པར་རབ་ཏུ་བརྟགས་པའི་བདག་ཉིད་དུ་གནས་པའི་ཕྱིར་མེད་དོ་ཞེས་བརྗོད་པར་མི་བྱའོ། །འདི་སྙམ་དུ་སྐྱེ་བའི་སྔོན་རོལ་ན་ཡོད་པ་ཉིད་མེད་པ་ཉིད་དག་མེད་དུ་ཟིན་ཀྱང་སྐྱེ་བ་དང་འགག་པ་དག་གི་འོག་ཏུ་དངོས་པོ་ཡོད་པ་ཉིད་དང་མེད་པ་ཉིད་རྣམ་པར་གཞག་པར་འགྱུར་རོ་སྙམ་པ་ལ། གང་ལ་ཅི་ཡང་མི་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྲོ་བ་གང་ལ་སྔར་དཔྱད་པ་བཞིན་ངོ་བོ་ཅི་ཡང་སྐྱེ་བ་མེད་ཅིང་འགག་པ་ཡང་མེད་པ་དེ་ལ་ཡོད་པ་ཉིད་དང་མེད་པ་ཉིད་མེད་དོ་ཞེས་བྱ་བར་མཐོང་བའི་རྣལ་འབྱོར་པ་ལ་སྟེ། ངེས་པ་ཡིན་ནོ་ཞེས་བྱ་བ་ལྷག་མའོ། །འདི་ལ་དོན་ནི་འདི་ཡིན་ཏེ་ཞེས་བྱ་བ་ནི་མདོ་གཉི་གའི་འོ། །དེ་ལྟ་བས་ན་བློ་གྲོས་བཟང་པོས་གང་གསུངས་པ་ཞེས་བྱ་བ་ནི་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་སོ། །གང་དག་བདག་དངོས་གཞན་དངོས་དང༌། །ཞེས་བྱ་བ་འདིས་ནི་བདག་ཏུ་རྟོག་པ་སྟོན་པར་བྱེད་དེ། བདག་དང་གཞན་དུ་འབྱེད་པ་ནི་བདག་ཏུ་འཛིན་པས་བྱས་པའི་ཕྱིར་རོ། །དངོས་དང་དངོས་པོ་མེད་ཅེས་བྱ་བ་ནི་ཆོས་སུ་རྣམ་པར་རྟོག་པ་སྟོན་པར་བྱེད་པ་ཡིན་ནོ། །ཡང་དག་མཐོང་བ་མ་ཡིན་ནོ། །ཞེས་བྱ་བ་ནི་ལྟ་བའི་གནས་སུ་གྱུར་པའི་ཕྱིར་རོ། །གང་གི་ཚེ་ཡང་དག་པ་མཐོང་བ་དག་ཡིན་སྙམ་པ་ལ། གང་དག་བརྟེན་ནས་དངོས་པོ་རྣམས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་དག་ལྟས་མི་འཕྲོགས་ཞེས་བྱ་བ་ནི་སྒྲོ་འདོགས་པ་དང༌། སྐུར་པ་འདེབས་པའི་མཐའ་གཉིས་སྤངས་ནས་དབུ་མའི་ལམ་དུ་ཞུགས་པའི་ཕྱིར་རོ། །དེ་ནི་ཞེས་བྱ་བ་ནི་དངོས་པོའོ། །ག་ལ་ཡོད་ཅེས་བྱ་བ་མེད་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ །སྟོང་ཞེས་བྱ་བ་དེ་ཡང་སྟོང༌། །ཞེས་བྱ་བ་ནི་སྟོང་པ་ཞེས་མངོན་པར་བརྗོད་པ་གང་ཡིན་པ་དེ་ཡང་སྟོང་ངོ་ཞེས་བྱ་བའི་ཐ་ཚིག་གོ །འབྱུང་བ་ཞེས་བྱ་བ་ནི་ཀུན་ཏུ་སྤྱོད་པའོ། །འདི་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ལ་ཁྱབ་པ་ཡིན་གྱི་ཉི་ཚེ་བ་ནི་མ་ཡིན་ནོ། །དེ་ལ་དོན་རྣམས་ཐམས་ཅད་འབྱུང༌། །ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་འབྱོར་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་ཚིགས་སུ་བཅད་པ་དང་པོ་ནི་སློབ་དཔོན་གྱིས་དབུ་མའི་བསྟན་བཅོས་ཀྱི་རྩ་བ་ལས་གསུངས་སོ། །གཉིས་པ་


DTG107_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རིགས་པ་དྲུག་ཅུ་པ་ལས་གསུངས་སོ། །གསུམ་པ་དང་བཞི་པ་ནི་སྟོང་པ་ཉིད་བདུན་ཅུ་པ་ལས་གསུངས་སོ། །ལྔ་པ་ནི་རྩོད་པ་བཟློག་པ་ལས་གསུངས་སོ། །དེ་བས་ན་ཞེས་བྱ་བ་ནི་གང་གི་ཕྱིར་དངོས་པོའི་ཡུལ་ཐམས་ཅད་སྟོང་པ་ཉིད་དུ་ཚད་མས་གྲུབ་པའོ། །སྔོན་མཐའ་སྟོང་ཞེས་བྱ་བ་ནི་འདས་པའི་དུས་སུ་སྟོང་པ་སྟེ། སྔོན་ཡང་དོན་དམ་པར་མ་སྐྱེས་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ །ཕྱི་མའི་མཐའ་ཡང་སྟོང་ཞེས་བྱ་བ་ནི་མ་འོངས་པའི་དུས་སུ་སྟོང་པ་སྟེ། དེར་ཡང་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །སྐྱེ་དང་འཇིག་དང་གནས་པའི་དངོས་པོ་སྟོང༌། །ཞེས་བྱ་བ་འདིས་ནི་ད་ལྟར་བྱུང་བའི་དུས་སུ་ཡང་མཚན་ཉིད་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་དུ་སྟོན་པར་བྱེད་དོ། །ཅིའི་ཕྱིར་དུས་གསུམ་ཆར་དུ་ཡང་སྟོང་སྙམ་པ་ལ། འདི་ནི་དངོས་པོ་ཡོད་མིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཕྱིར་ཞེས་བྱ་བའི་སྒྲས་ནི་རིམ་པ་གཞན་དུ་སྦྱར་བ་ཡིན་པའི་ཕྱིར་གོང་མ་དང་སྦྱར་རོ། །དེས་ན་དོན་ནི་གང་གི་ཕྱིར་དོན་དམ་པར་དངོས་པོ་ཡོད་པ་ཡང་མ་ཡིན་ལ་མེད་པ་ཡང་མ་ཡིན་པ་དེའི་ཕྱིར་ཆོས་ཐམས་ཅད་རྟག་ཏུ་ངོ་བོ་ཉིད་ཀྱིས་སྟོང་ཞེས་བྱ་བ་འདི་ཡིན་ནོ། །འོ་ན་དེ་ནི་རྟོག་གྱུར་པས། །ཞེས་བྱ་བ་ལ་སོགས་པས་ནི་དམ་བཅས་པ་ལ་མངོན་སུམ་ལ་སོགས་པས་གནོད་པ་རྗོད་པར་བྱེད་དེ། འདི་ལྟར་དངོས་པོའི་རང་བཞིན་ཉིད་སྒྲོ་བཏགས་པའི་རྣམ་པ་དང་བྲལ་བའི་ཕྱིར་སྟོང་པ་ཉིད་ཀྱི་སྒྲ་བརྗོད་ལ། དངོས་པོའི་རང་བཞིན་དེ་ཡང་མངོན་སུམ་ཡིན་པའི་ཕྱིར་དེའི་རང་བཞིན་དུ་གྱུར་པ་སྟོང་པ་ཉིད་ཀྱང་མངོན་སུམ་ཁོ་ནར་ཁས་བླངས་པ་ལ། སྟོང་པ་ཉིད་ནི་བྱིས་པ་རྣམས་ཀྱིས་མངོན་སུམ་དུ་མི་རྟོགས་པས་མངོན་སུམ་གྱིས་གནོད་པ་ཡིན་ནོ། །དམིགས་པའི་རིག་བྱར་གྱུར་པ་མི་དམིགས་པས་མེད་པར་ཐལ་བར་ཐ་སྙད་གདགས་སུ་རུང་བའི་ཕྱིར་རྗེས་སུ་དཔག་པས་གནོད་པ་ཡང་ཡིན་ནོ། །མི་མཁས་རྣམས་ཞེས་བྱ་བ་ནི་བྱིས་པ་རྣམས་སོ། །གལ་ཏེ་མངོན་སུམ་མ་ཡིན་པའི་ཕྱིར་མི་རྟོགས་སོ་སྙམ་པ་ལ། མངོན་སུམ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་སྟོང་པའི་རང་གི་ངོ་བོ་ཉིད་དངོས་པོའི་རང་བཞིན་རྟོགས་པ་ཡིན་ན་ཐ་མི་དད་པའི་ཕྱིར་མངོན་སུམ་ཁོ་ན་ཡིན་གྱི། མངོན་སུམ་མ་ཡིན་པ་ནི་མ་ཡིན་པ་དེའི་ཕྱིར་ཅིའི་ཕྱིར་མི་རྟོགས། དེ་རྟོགས་ན་ཞེས་བྱ་བ་ལ་སོགས་པས་ནི་ལྡོག་པའི་སྒོ་ནས་རྣམ་པར་འགྲེལ་ཏེ། དེ་ལྟ་ན་ནི་གྲུབ་པ་དང་བདེ་བ་ཐ་དད་པའི་ཕྱིར་ཐ་མི་དད་པ་


DTG107_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཉམས་པར་འགྱུར་རོ། །དེའི་ཕྱིར་དངོས་པོ་སྟོང་པ་ཉིད་དུ་མི་འགྱུར་ཏེ། འབྲེལ་པ་མེད་པའི་ཕྱིར་རོ། །སྟོང་པ་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་ཡང་མེད་དེ། དེ་ནི་རྟག་པ་ཡིན་པའི་ཕྱིར་རོ། །དངོས་པོ་རྣམས་ཀྱི་སྟོང་པ་ནི་སུས་ཀྱང་མི་བྱེད་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་ཉིད་ནི་གནས་པའི་ཕྱིར་དང༌། དངོས་པོ་མེད་པའི་ཕྱིར་དེ་ནི་འབྲས་བུ་མ་ཡིན་པས་འབྲེལ་པ་ག་ལ་ཞིག་ཡོད། དེ་ནི་སྒྲོ་བཏགས་པ་ཡང་ཡིན་ལ། ཇི་སྐད་སྨོས་པ་ཡང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་ཏེ། དེས་ན་སྒྲོ་བཏགས་པ་དངོས་པོ་ལ་སོགས་པའི་རྣམ་པ་ཡང་དག་པ་གང་ཡིན་པ་དེ་དག་དང་བྲལ་བ་ཞེས་བསྡུས་པའི་དོན་ཡིན་ནོ། །སོ་སོའི་སྐྱེ་བོ་ཐ་ཤལ་ནི་གནག་རྫི་ལ་སོགས་པ་བསྟན་བཅོས་ཀྱིས་བློ་མ་སྦྱངས་པ་གང་དག་ཡིན་པའོ། །མ་ཡིན་ཐོག་མེད་རྒྱུད་ལྕི་བར། །ཞེས་བྱ་བ་ལ་སོགས་པས་ནི་ལན་འདེབས་ཏེ། འདིས་ནི་དངོས་པོ་རྣམས་ཀྱི་སྒྲོ་བཏགས་པའི་རྣམ་པས་དབེན་པ་ཉིད་སྟོང་པ་ཉིད་ཅེས་བྱ་ན། སྟོང་པ་ཉིད་སྒྲོ་བཏགས་པའི་རྣམ་པས་བསྒྲིབས་པའི་ངོ་བོ་ཡིན་པའི་ཕྱིར་དངོས་པོའི་རང་བཞིན་བཟུང་བཞིན་དུ་ཡང་བྱིས་པ་རྣམས་ཀྱིས་ངེས་པར་མི་འགྱུར་ཏེ། དེའི་ཕྱིར་བཟུང་མོད་ཀྱི། ཐ་སྙད་གདགས་སུ་མི་རུང་བའི་ཕྱིར་མ་བཟུང་བ་དང་འདྲ་བ་ཉིད་པས་འདི་ནི་དམིགས་པའི་རིག་བྱར་གྱུར་པ་མ་ཡིན་ནོ། །དེ་ལྟ་བས་ན་མངོན་སུམ་ལ་སོགས་པས་གནོད་པ་མ་ཡིན་ནོ་ཞེས་བྱ་བ་འདི་སྟོན་ཏོ། །དངོས་པོ་ལ་སོགས་པར་སྒྲོ་བཏགས་པ་གང་ལ་ཐོག་མ་མེད་པའི་རྒྱུད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་སྤང་བར་དཀའ་བའི་ཕྱིར་ལྕི་བ་ཡང་ཡིན་ལ། དངོས་པོར་སྒྲོ་འདོགས་པ་ཐོག་མ་མེད་པ་ཡང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་རོ། །དེས་དབང་དུ་བྱས་ཞེས་ཚིག་རྣམ་པར་སྦྱར་རོ། །མངོན་སུམ་ཞེས་བྱ་བ་ནི་མངོན་སུམ་དུའོ། །དབང་པོ་ལས་བྱུང་བའི་ཕྱིར་ན་མངོན་སུམ་སྟེ་ཤེས་པ་ལ་བྱའོ། །དངོས་པོ་ལ་མངོན་པར་ཞེན་པ་གང་ལ་ཐོག་མ་མེད་པའི་སྲིད་པ་འཁོར་བར་འབྱུང་བ་སྐྱེ་བའི་ངང་ཚུལ་ཡོད་པ་དེ་ཉིད་ཡང་དག་པའི་དོན་མཐོང་བ་ལ་མྱོས་པའི་རྒྱུ་ཡིན་པ་ཉིད་ཀྱིས་དུག་བཞིན་དུ་དུག་ཡིན་ཏེ། གང་དག་ལ་དེས་དཀྲུགས་པའི་བློ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །གཞན་ཡང་འདི་ནི་ངོ་མཚར་མི་ཆེ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་ཉེས་པར་བཤད་པའི་གྲུབ་པའི་མཐའ་ལ་མངོན་པར་ཞེན་པས་ཀྱང་


DTG107_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གྲོས་ཕྱིན་ཅི་ལོག་པ་རྣམས་ངེས་པར་མི་བྱེད་དོ་ཞེས་དཔེས་སྟོན་པར་བྱེད་དེ། འདི་ལྟར་སེར་སྐྱ་བ་ལ་སོགས་པ་བ་ལང་ཉིད་ལ་སོགས་པ་སྤྱི་མི་སྣང་བ་བཞིན་དུ་རྟོགས་པར་བྱེད་དེ། དངོས་པོ་སྣང་བ་ལ་ལྟ་ཅིའི་ཕྱིར་རྟོགས་པར་མི་འགྱུར་ཏེ། འདི་ནི་ངོ་མཚར་མི་ཆེའོ། །དངོས་པོ་ལ་སོགས་པར་སྒྲོ་འདོགས་པ་དེ་གཅོད་པ་ནི་མེད་པའོ། །དེ་ཤེས་པར་བྱེད་པའི་གཏན་ཚིགས་ནི་གཅིག་པ་ཉིད་དང་དུ་མ་ཉིད་ལ་སོགས་པའི་མཚན་ཉིད་དོ། །འདིས་ནི་ལེགས་པར་ཉན་པ་དང༌། བསམས་པ་དང༌། བསྒོམས་པ་ལས་བྱུང་བའི་ཤེས་རབ་སྐྱེས་པས་དེ་ངེས་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །སྤྲོས་པ་དང་བྲལ་བ་ཞེས་བྱ་བ་ནི་སྤྲོས་པ་ཐམས་ཅད་མེད་པའི་མཚན་ཉིད་སྟོང་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ །གང་དག་ལ་བསམས་པ་ལས་བྱུང་བའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཤེས་རབ་བསགས་པ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ཡང་མི་སྐྱེ་བ་ཞེས་བྱ་བ་ནི་མི་འབྱུང་བ་ཞེས་བྱ་བའི་ཐ་ཚིག་གོ །སྙིང་པོ་མེད་པ་ཉིད་དུ་སྟོན་པར་བྱེད་པའི་ལུང༌། སྙིང་རྗེ་ཆེན་པོ་ལ་འཇུག་པའི་མདོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལས་ནི། དཔེར་ན་ཆུ་ཤིང་རློན་པའི་སྡོང་པོ་ལ། །སྙིང་པོ་འདོད་མིས་རིམ་པར་བཤེགས་བྱས་ཀྱང༌། །ཕྱི་དང་ནང་ན་སྙིང་པོ་མེད་པ་ལྟར། །ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས། །ཞེས་འབྱུང་ངོ༌། མ་རྟོགས་པ་ཞེས་བྱ་བ་ནི་རྟོགས་པར་མ་གྱུར་པ་སྟེ། ཇི་ལྟར་ཨུ་དུམ་ཝཱ་ར་ལ་མེ་ཏོག་དཔྱད་ན་མེད་པ་ཁོ་ནའི་ཕྱིར་རྟོགས་པར་མ་གྱུར་གྱི་ཕྲ་བ་ཉིད་ལ་སོགས་པའི་ཕྱིར་ནི་མ་ཡིན་ནོ། །དེ་བཞིན་དུ་སྲིད་པ་དག་ལ་སྙིང་པོ་འདི་ཡང་རྟོགས་པར་མ་གྱུར་པ་ཞེས་བྱ་བ་ཡིན་ནོ། །ཕ་རོལ་མིན་པའི་ཕ་རོལ་སོན། །ཞེས་བྱ་བ་ནི་ཕ་རོལ་མ་ཡིན་པ་ད་ལྟར་བྱུང་བའི་སྐྱེ་བ་ནས་ཕ་རོལ་མ་འོངས་པའི་སྐྱེ་བའོ། །ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་ཁས་བླངས་ན་ཞེས་བྱ་བ་ལ་སོགས་པ་ནི་དམ་བཅས་པ་འགལ་བར་རྗོད་པར་བྱེད་དེ། འདི་ལྟར་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་རབ་ཏུ་བསྒྲུབས་པའི་ཕྱིར་གཏན་ཚིགས་ལ་སོགས་པ་ཡོངས་སུ་གཟུང་བ་བྱས་པ་དེ་དག་ཡོད་པར་ཁས་བླངས་ལ་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་དམ་བཅས་པས་མེད་དོ་ཞེས་ཁས་བླངས་པས་ཕན་ཚུན་འགལ་བ་ཡིན་ནོ། །འདི་སྙམ་དུ་ཁོ་བོ་ཅག་སྒྲུབ་པ་མི་བརྗོད་པ་ཉིད་དོ་སྙམ་ན། གལ་ཏེ་ཡང་ཞེས་བྱ་བ་སྨོས་ཏེ། དམ་བཅས་པ་ཙམ་ཁོ་ནས་ནི་འདོད་


DTG107_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་འགྲུབ་པ་མ་ཡིན་ཏེ་ཐམས་ཅད་ཀྱི་ཐམས་ཅད་འགྲུབ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ཡང་གི་ན་སྟེ་ཞེས་བྱ་བ་ལ་སོགས་པས་ནི་ལན་འདེབས་སོ། །གཞུང་ནི་གྲུབ་པའི་མཐའོ། །དེས་བསྐྱེད་པའི་བྱེ་བྲག་བསྒྲུབ་པར་བྱ་བ་དང༌། དཔེའི་ཆོས་ཅན་རྣམ་པ་གཉི་ག་ལ་ཡང་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །མཁས་པ་དང་བུད་མེད་དང་བྱིས་པ་ཞེས་བྱ་བ་བསྡུ་སྟེ། མཇུག་ཏུ་བར་གྱི་སྒྲས་མི་འགྱུར་བའི་དངོས་པོ་ཡིན་ནོ། །དེ་ལ་གྲགས་པར་གྱུར་པ་རྣམ་ཤེས་དྲུག་པར་བསྡུའོ། །མ་ལུས་པ་ནི་རྒོལ་བ་ཐམས་ཅད་ཀྱིའོ། །གལ་ཏེ་གྲུབ་པའི་མཐའ་ལ་བརྟེན་པའི་གཏན་ཚིགས་སམ་ཆོས་ཅན་བྱས་ན་ཉེས་པ་ཅི་ཡོད་སྙམ་པ་ལ། དེ་ལྟ་མིན་ན་གཞི་མ་གྲུབ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ཡིན་ན་ནི་ཆོས་ཅན་དེ་རྩོད་པའི་གཞིར་གྱུར་པའི་ཕྱིར་མ་གྲུབ་པས་གཞི་མ་གྲུབ་པའི་གཏན་ཚིགས་སུ་འགྱུར་རོ། །སོགས་པ་སྨོས་པས་ནི་རང་གི་ངོ་བོ་མ་གྲུབ་ན། དཔེའི་ཆོས་ཅན་ཡང་མི་འགྲུབ་པོ་ཞེས་བྱ་བ་ཡིན་ནོ། །དེ་སྐད་དུ་སུན་དབྱུང་བ་བརྗོད་ན། ལན་ཅི་ཞིག་བརྗོད་པར་བྱ། དེའི་ཕྱིར་བསྒྲུབ་པར་བྱ་བ་དང༌། སྒྲུབ་པའི་ཐ་སྙད་ཐམས་ཅད་ཆད་པར་འགྱུར་རོ། །འདི་སྙམ་དུ་གང་ཞིག་ཆོས་ཅན་སྣང་བ་ལ་བརྟེན་ནས་སྒྲོ་བཏགས་པའི་རྣམ་པ་དགག་པའི་ཕྱིར་སྒྲུབ་པ་སྦྱོར་བར་བྱེད་པ་དེ་ལ་ནི་གཞི་མ་གྲུབ་པ་ལ་སོགས་པ་ཉེས་པའི་གླགས་མི་ཐོད་ན། ཁྱོད་ནི་ཆོས་ཅན་སྣང་བ་འགོག་པར་བྱེད་དེ། དེ་ལྟ་བས་ན་ཁྱོད་ལ་ཅིའི་ཕྱིར་གཞི་མ་གྲུབ་པ་ལ་སོགས་པའི་གླགས་མི་ཐོད་སྙམ་པ་ལ། བདག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཅན་སྣང་བ་འདི་ལ་ཡང་རང་བཞིན་ཡང་དག་པར་སྒྲོ་བཏགས་པ་དགག་པ་སྒྲུབ་པར་བྱེད་ཀྱི། ཆོས་ཅན་གྱི་རང་གི་ངོ་བོ་འགོག་པར་ནི་མ་ཡིན་པས་མཚུངས་སོ། །འདི་སྙམ་དུ་གལ་ཏེ་དོན་དམ་པ་པའི་རང་བཞིན་བཀག་ན་ཆོས་ཅན་དེའི་ངོ་བོ་གང་སྣང་བར་འགྱུར་བ་གཞན་ཅི་ཞིག་ལུས་པར་འགྱུར་སྙམ་དུ་སེམས་ན། དེ་ཡང་ཡང་དག་པ་མ་ཡིན་ཏེ། གང་གིས་ན་དོན་དམ་པ་པའི་རང་བཞིན་ལོག་ན་ལྡོག་པར་འགྱུར་བ། དོན་དམ་པ་པའི་རང་བཞིན་ཉིད་ཀྱིས་སྣང་བ་ལ་ཁྱབ་པ་ནི་མེད་དེ། ཟླ་བ་གཉིས་དང་སྐྲ་ཤད་ལ་སོགས་པ་བརྫུན་པ་ཡང་སྣང་བའི་ཕྱིར་རོ། །འདི་སྐད་དུ་ཟླ་བ་གཉིས་ལ་སོགས་པ་ཕྱི་རོལ་གྱི་གཟུགས་སུ་བརྫུན་མོད་ཀྱི། དེ་དག་ཤེས་པའི་ངོ་བོར་ནི་དོན་དམ་པ་པ་ཁོ་ན་ཡིན་པས་སྣང་བར་རིགས་སོ་ཞེས་བྱ་བར་བརྗོད་པར་ཡང་མི་ནུས་ཏེ། དེ་


DTG107_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དག་སྣ་ཚོགས་ཀྱི་ངོ་བོ་དང་ཡུལ་ན་གནས་པར་སྣང་བའི་ཕྱིར་རོ། །ཤེས་པ་ནི་སྣ་ཚོགས་སུ་རིགས་པ་མ་ཡིན་ཏེ། གཅིག་པུ་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་དང༌། ཤེས་པ་དུ་མ་སྐྱེ་བ་ཡང་སྔར་བཀག་ཟིན་པའི་ཕྱིར་རོ། །ཡུལ་ན་གནས་པ་ཡང་མ་ཡིན་ཏེ་ལུས་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་ཟླ་བ་གཉིས་ལ་སོགས་པ་དོན་དམ་པ་མ་ཡིན་བཞིན་དུ་འོན་ཀྱང་སྣང་བས་དོན་དམ་པའི་རང་བཞིན་ལོག་ཀྱང་སྣང་བ་འགལ་བ་མེད་པས་ཆོས་ཅན་ལ་སོགས་པ་གྲུབ་པ་ཉིད་དོ། །དེའི་ཕྱིར་བསྒྲུབ་པར་བྱ་བ་དང༌། སྒྲུབ་པ་འཇུག་པ་འགལ་བ་མེད་པ་ཁོ་ན་ཡིན་པས་མང་དུ་ནི་མི་དགོས་སོ། །བྱེ་བྲག་པ་ལ་སོགས་པ་ནི་ཕྱོགས་ལ་སོགས་པ་ཆོས་ཅན་ཡན་ལག་ཅན་ཡིན་པ་དང༌། སྒྲ་ཡང་ནམ་མཁའི་ཡོན་ཏན་ཡིན་ནོ་ཞེས་བྱ་བར་འདོད་དེ། ཆོས་ཅན་དེ་དག་ནི་སངས་རྒྱས་པ་ལ་སོགས་པ་ལ་མ་གྲུབ་པོ། །བརྒལ་བའི་གྲགས་པ་ཞེས་བྱ་བ་ནི་བརྒལ་བས་གྲགས་པ་ཞེས་བྱ་བའི་ཐ་ཚིག་གོ །བདག་ནི་སྣང་བའི་ངང་ཅན་གྱི། །དངོས་པོ་དགག་པར་མི་བྱེད་དེ། །ཞེས་བྱ་བ་ནི་འདིའི་འགྲེལ་པ་ནི། ཁོ་བོ་ཡང་མིག་ལ་སོགས་པའི་ཤེས་པ་ལ་སྣང་བའི་དངོས་པོ་ནི་མི་སེལ་ཏོ་ཞེས་བྱ་བ་ཡིན་ནོ། །དགག་པ་འདི་ནི་དོན་དམ་པར་མི་འདོད་དོ་ཞེས་འོག་ནས་འབྱུང་བ་དང་སྦྱར་རོ། །ཆུ་ཤིང་གི་སྡོང་པོ་བཞིན་དུ་ཞེས་བྱ་བ་ནི་ཆུ་ཤིང་གི་སྡོང་བུ་ལྟ་བུར་རོ། །མངོན་པར་ཞེན་པ་མེད་པ་ཞེས་བྱ་བ་ནི་རང་གི་གྲུབ་པའི་མཐའི་སྒོ་ནས་ཆོས་ཅན་ལ་སོགས་པ་ལ་བརྟེན་པ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ །ཇི་སྐད་དུ་ཞེས་བྱ་བ་ནི་སྔོན་གྱི་སློབ་དཔོན་རྣམས་ཀྱིས་སོ། །འཛིན་པ་སྟུག་པོ་ནི་གྲུབ་པའི་མཐའ་ལ་གྲགས་པ་པའི་ཆོས་ཅན་ལ་སོགས་པ་ཡོངས་སུ་འཛིན་པའོ། །ཐ་སྙད་རྣམས་ལ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཐ་སྙད་རྣམས་ལའོ། །དོན་དམ་པའི་ཚུལ་ལ་སྡང་བས་དབང་བསྒྱུར་བ་གང་དག་ཅེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་སྟེ། དེ་དག་ནི་རང་བཞིན་མེད་པ་ཉིད་དུ་སྨྲ་བ་ན། འཇིག་རྟེན་ཕ་རོལ་ལ་སོགས་པ་ཁས་བླངས་པ་ཉམས་པར་ཐལ་བར་འགྱུར་བས་དམ་བཅས་པ་ལ་ཁས་བླངས་པས་གནོད་དོ་སྙམ་དུ་སེམས་ཤིང་གླེང་བར་བྱེད་དོ་ཞེས་གྲག་གོ །སྤྱི་བོ་ནས་དབང་བསྐུར་བ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་འགོག་པའི་ཕྱིར་མཆོག་ཏུ་གྱུར་པ་ཡིན་ནོ། །རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པ་ཉིད་ལོག་ལྟ་ཡིན་ཏེ། གང་དག་གིས་དེས་དཀར་ཕྱོགས་ལས། དགེ་བ་དྲུངས་


DTG107_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དམ་ཆོས་ཀྱི་ལོ་ཏོག་སེར་བ་ཞེས་བྱ་བ་ནི་དེའི་དོན་ལ་སྐུར་པ་འདེབས་པ་ཉིད་ཀྱིས་དེ་རླག་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །ནམ་མཁའི་མེ་ཏོག་ཅེས་བྱ་བ་ནི་ཆོས་ཐམས་ཅད་ལ་སྐུར་པ་འདེབས་པས་བདག་ཉིད་ཀྱང་མེད་པའི་ངོ་བོ་ཡིན་པའི་ཕྱིར་ནམ་མཁའི་མེ་ཏོག་དང་འདྲ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་དངོས་པོ་ལ་སོགས་པ་དོན་མེད་པ་དག་ལ་འཇུག་པ་ལ་གོམས་པ་མ་གཏོགས་པ་དེ་དག་གི་རྒྱུ་གཞན་ཡང་ཡོད་པ་མ་ཡིན་པ་དེའི་ཕྱིར་ཐོག་མ་མེད་པའི་རིགས་མཐུན་པ་པའི་ས་བོན་རྗེས་སུ་དཔག་པའོ། །རིགས་མཐུན་པའི་ས་བོན་གང་ལ་ཐོག་མེད་སྲིད་རྒྱུད་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། གང་དག་ལ་ཐོག་མ་མེད་པའི་སྲིད་པའི་རྒྱུད་ཅན་རིགས་མཐུན་པ་པའི་ས་བོན་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །དེའི་ཕྱིར་དངོས་པོ་ལ་སོགས་པར་རྣམ་པར་རྟོག་པ་ཆོས་ཅན་ཀུན་རྫོབ་ཏུ་གྲུབ་པ་ཐོག་མ་མེད་པའི་རིགས་མཐུན་པ་པའི་ས་བོན་ལས་རབ་ཏུ་སྐྱེ་བ་ཙམ་དུ་གྲུབ་ན་འཇིག་རྟེན་ཕ་རོལ་འགྲུབ་བོ་ཞེས་བྱ་བའི་ཐ་ཚིག་གོ །སྦྱོར་བ་ནི་གང་དང་གང་དངོས་པོ་ལ་སོགས་པའི་རྣམ་པར་རྟོག་པ་ཡིན་པ་དེ་ནི་རིགས་མཐུན་པ་པའི་ས་བོན་ལས་རབ་ཏུ་སྐྱེ་བ་ཡིན་ཏེ། དཔེར་ན་དུས་ཕྱིས་ཁོང་དུ་ཆུད་པ་རྣམས་ཀྱི་ལྟ་བུ་ཡིན་ནོ། །སྐྱེ་བ་དང་པོ་བྱུང་བའི་རྣམ་པར་རྟོག་པ་འདི་ཡང་དངོས་པོ་ལ་སོགས་པར་རྣམ་པར་རྟོག་པ་ཡིན་པས་འདི་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །འདིའི་མ་ངེས་པ་ཉིད་ཡོངས་སུ་སྤང་བའི་ཕྱིར། འདི་ནི་དངོས་པོའི་མཐུ་སྟོབས་ཀྱིས་འབྱུང་བ་མ་ཡིན་ཞེས་བྱ་བ་སྨོས་སོ། །དངོས་པོའི་མཐུ་སྟོབས་ཀྱིས་ཞེས་བྱ་བ་ནི་ཕྱི་རོལ་གྱི་དམིགས་པའི་དངོས་པོའི་མཐུ་སྟོབས་ཀྱིས་ཏེ་ཕྱི་རོལ་གྱི་དངོས་པོ་དེ་ནི་གསལ་ཟིན་པའི་ཕྱིར་རོ། །ནང་གི་དངོས་པོ་རྣམ་པར་ཤེས་པའི་བདག་ཉིད་དོན་དམ་པར་བཀག་ཏུ་ཟིན་ཀྱང༌། དེ་ནི་ཀུན་རྫོབ་ཏུ་གསལ་བའི་བདག་ཉིད་དུ་རང་གིས་གྲུབ་པའི་ཕྱིར་ལ། ཕྱི་རོལ་གྱི་ནི་བེམས་པོའི་ངོ་བོ་ཡིན་པའི་ཕྱིར་རང་གིས་གྲུབ་པ་ཡང་མ་ཡིན་ལ། རྣམ་པར་ཤེས་པས་འཛིན་པར་མི་རུང་བའི་ཕྱིར་གཞན་ལས་ཀྱང་གྲུབ་པ་ཡང་མ་ཡིན་ཏེ། དེའི་ཕྱིར་རྟག་ཏུ་མ་གྲུབ་པ་ཉིད་པས་བྱེ་བྲག་ཡོད་དོ། །ཡང་ན་དངོས་པོ་ལ་རྣམ་པ་མེད་པ་ཁོ་ན་ལས་སྒྲོ་བཏགས་ནས་རྣམ་པར་རྟོག་པ་འཇུག་པས་དེས་ན་ཡུལ་མེད་པའི་ཕྱིར་དངོས་པོའི་མཐུ་


DTG107_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཀྱིས་བྱུང་བ་མ་ཡིན་ནོ་སྙམ་དུ་བསམས་པའོ། །རིམ་གྱིས་སྣང་བའི་ཕྱིར་གློ་བུར་ཉིད་ལ་སོགས་པའི་ཆོས་ཡིན་པར་ཡང་མི་སྲིད་དེ། ལྟོས་པ་མེད་པ་རིམ་གྱིས་འབྱུང་བ་འགལ་བའི་ཕྱིར་རོ། །དེ་བས་ན་ཞེས་བྱ་བ་ནི་ཚད་མའི་དོན་སྟོན་པར་བྱེད་དོ། །གོམས་འདྲ་ཞེས་བྱ་བ་ནི་དཔེའོ། །དེ་ཉིད་ཕྱིར་ཞེས་བྱ་བ་ནི་དངོས་པོ་ལ་སོགས་པ་རྣམ་པར་རྟོག་པ་ཡིན་པའི་ཕྱིར་ཏེ། འདི་ནི་གཏན་ཚིགས་བསྟན་པ་ཡིན་ནོ། །དང་པོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་ཅན་བསྟན་པའོ། །རང་གི་རིགས་ལས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཆོས་བསྟན་པའོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་འགྲེལ་པར་བྱེད་དེ། འདི་ནི་དངོས་པོའི་མཐུ་སྟོབས་ཀྱིས་འབྱུང་བ་མ་ཡིན་ཞེས་བྱ་བ་ལ་སོགས་པའི་རྣམ་པར་འགྲེལ་པ་ནི་དེ་དག་ནི་དམིགས་པའི་སྟོབས་ཀྱིས་འབྱུང་བ་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །གློ་བུར་མིན་ཞེས་བྱ་བ་ལ་སོགས་པའི་རྣམ་པར་འགྲེལ་པ་ནི་སྐྱེ་བའི་རྒྱུ་མེད་པའམ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཤེས་པ་ཡོད་པ་རྟག་ཅེས་ཁས་ལེན་པ་ནི་རྒྱལ་དཔོག་པ་ལ་སོགས་པའོ། །རྒྱུ་ལ་མི་ལྟོས་པ་ནི་རྒྱུ་མེད་པར་སྨྲ་བ་རྣམས་ཀྱི་ལྟ་བའོ། །གང་དག་ལ་རྟག་ཏུ་ཉེ་བར་གནས་པའི་རྒྱུ་དང་རང་བཞིན་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ཏེ། འདི་ནི་གོ་རིམས་བཞིན་དུ་རྒྱུ་མེད་རྟག་པ་ཉིད་དུ་སྨྲ་བ་རྣམས་དང་ཤེས་པ་ཡོད་པ་རྟག་པར་སྨྲ་བ་རྣམས་ཀྱི་ལྟ་བ་བསྟན་པ་ཡིན་ནོ། །འོ་ན་མ་འོངས་པའི་སྐྱེ་བ་ཇི་ལྟར་འགྲུབ་སྙམ་པ་ལ། འདིས་ནི་མ་འོངས་པའི་སྲིད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིས་ནི་ཞེས་བྱ་བ་ནི་སེམས་གཞན་གྱི་རྒྱུ་ཉིད་ནི་ཕྱིན་ཅི་ལོག་གི་བག་ཆགས་དང་རྗེས་སུ་འབྲེལ་པའི་སེམས་ཙམ་ཡིན་པར་བསྟན་པ་སྟེ། མ་འོངས་པ་རྒྱུ་མ་ཚང་བ་མེད་པ་ཡང་སྐྱེ་བར་རྗེས་སུ་དཔག་གོ །འདི་ལྟར་ཞེས་བྱ་བ་ནི་ཚད་མ་སྟོན་པར་བྱེད་དོ། །འདི་ནི་དོན་ཙམ་སྟོན་པར་ཟད་ཀྱི། སྦྱོར་བ་ནི་འདི་ལྟར་བྱ་སྟེ། བདག་དང་བདག་གིར་ཆགས་པ་ཕྱིན་ཅི་ལོག་གི་བག་ཆགས་དང་འབྲེལ་བའི་སེམས་གང་ཡིན་པ་དེ་ནི་སེམས་གཞན་གྱིས་མཚམས་སྦྱོར་བར་ནུས་ཏེ། དཔེར་ན་སྔོན་གྱི་གནས་སྐབས་ན་ཉལ་པོ་བྱེད་པ་ལ་སོགས་པའི་སེམས་ལྟ་བུ་ཡིན་ནོ། །མི་འདོད་ཆགས་དང་མ་བྲལ་བའི་འཆི་ཀ་མའི་སེམས་ཀྱང་དེ་དང་འདྲ་བས་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །གཏན་ཚིགས་མ་གྲུབ་པ་ཉིད་ཀྱང་མ་ཡིན་ཏེ། འདོད་ཆགས་དང་བཅས་


DTG107_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འཆི་ཀ་མའི་སེམས་གཉེན་པོ་མེད་པ་ཕྱོགས་སུ་བྱས་པའི་ཕྱིར་རོ། །རྒྱུ་གཞན་བཀག་པས་རྒྱུའི་རྒྱུ་མ་ཚང་བ་མེད་པ་ཉིད་འདི་ཙམ་དུ་ཟད་པར་གྲུབ་པའི་ཕྱིར་མ་ངེས་པ་ཡང་མ་ཡིན་ཏེ། དེ་ལྟ་བུ་ལ་ཡང་མི་སྐྱེ་ན། དེའི་རྒྱུ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །མཐུན་པའི་ཕྱོགས་ལ་ཡོད་པས་འགལ་བ་ཡང་མ་ཡིན་པས་མ་འོངས་པའི་སྐྱེ་བ་ཡང་གྲུབ་པོ། །དེ་ཉིད་ཀྱི་ཕྱིར་ཀུན་རྫོབ་ཏུ་ཡང་རྟག་པ་དང༌། ཆད་པ་མེད་པར་ཡང་འགྲུབ་བོ་ཞེས་བསྟན་པའི་ཕྱིར། དེ་ཕྱིར་རྟག་ཆད་ལྟ་བ་རྣམས། །ཞེས་བྱ་བ་སྨོས་ཏེ། དངོས་པོ་ཐམས་ཅད་སྐད་ཅིག་སྔ་མ་ལྡོག་སྟེ། དེའི་ཕྱིར་རྟག་པར་ལྟ་བ་ཡང་མ་ཡིན་ལ། སྐད་ཅིག་གཞན་དང་གཞན་རྗེས་སུ་འགྲོ་བ་སྟེ་སྐྱེ་བའི་ཕྱིར་ཆད་པར་ལྟ་བ་ཡང་མ་ཡིན་ནོ། །དེ་ཉིད་ནི་དངོས་པོ་ལ་བརྟེན་པ་ཡིན་པས་ཞེས་བྱ་བ་ནི་རྟག་པ་དང་ཆད་པ་དག་སྟེ། འདི་ལྟར་དངོས་པོ་རྟག་ཏུ་ཡོད་པར་མངོན་པར་ཞེན་པ་འདི་ནི་རྟག་པར་ལྟ་བ་ཡིན་ལ། དེ་ཉིད་ལྡོག་པར་མངོན་པར་ཞེན་པའི་ཕྱིར་ཆད་པར་ལྟ་བ་ཡིན་པས་དེ་གཉིས་ནི་དངོས་པོ་ལ་བརྟེན་པ་ཡིན་ནོ། །འདི་ནི་རྣམ་པར་འགྲེལ་བ་ཙམ་དུ་ཟད་ཀྱི། སྐྱེ་བ་ལྡོག་པ་དང་རྗེས་སུ་འགྲོ་བ་དག་གིས་ཀྱང་རྟག་པ་དང་ཆད་པ་དག་མི་སྲིད་པར་སྦྱར་བར་བྱའོ། །འདིར་གསུངས་པ་ཞེས་བྱ་བ་ནི་སྔོན་གྱི་སློབ་དཔོན་རྣམས་ཀྱིས་སོ། །གཉི་གར་འགྱུར་ཞེས་བྱ་བ་ནི་རྟག་པ་དང་ཆད་པའི་མཚན་ཉིད་དོ། །ཡོད་ན་ཞེས་བྱ་བ་ནི་དོན་དམ་པར་ཡོད་པས་ཕྱིས་མེད་པར་འགལ་བའི་ཕྱིར་རོ། །འདི་ནི་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་གསུངས་སོ། །ཚིགས་སུ་བཅད་པ་གཉིས་པ་ནི་འཕགས་པ་ལྷའི་ཡིན་ནོ། །ལུས་དང་ངག་དང་ཡིད་རྣམས་ཀྱིས་མེད་པ་པའི་ཆོས་སྤྱོད་ན་མེད་པ་པར་འགྱུར་རོ། །ཀུན་རྫོབ་ཏུ་ཡོད་པར་ལྟ་བ་བཞིན་རྒྱུ་དང་འབྲས་བུའི་དངོས་པོ་ཡང་ཁས་ལེན་ན། ལུས་ལ་སོགས་པའི་ལས་བྱེད་པ་ཡང་མི་འགལ་ན་ཇི་ལྟར་མེད་པ་པ་ཉིད་ཡིན་ཞེས་རིན་པོ་ཆེའི་ཕྲེང་བ་ལས་བསྟན་པའི་ཚིགས་སུ་བཅད་པ་འདིས་སྟོན་པར་བྱེད་དོ། །དེ་ལ་ཁ་ཅིག་ན་རེ་འཇིག་རྟེན་ཕ་རོལ་ལ་སོགས་པ་མེད་དོ་ཞེས་ཁས་ལེན་པ་ནི་དམ་བཅའ་བ་ཡིན་ན། དེ་ཡང་ཐམས་ཅད་ཐ་སྙད་དུ་ཁས་ལེན་པ་རྣམས་ལ་མེད་དོ། །ཇི་སྟེ་འཇིག་རྟེན་གྱིས་བརྙེས་ཀྱིས་འཇིགས་པས་ཁས་ལེན་པར་མི་བྱེད་དོ་ཞེ་ན། འོ་ན་ནི་དེའི་ཚེ་ལུས་ཀྱིས་ཉེས་པར་སྤྱོད་


DTG107_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚན་ཉིད་ཀྱི་སྤྱོད་པར་འགྱུར་བ་ཞིག་ན། དེ་ཡང་ཚངས་པར་སྤྱོད་པ་ལ་སོགས་པ་སྤྱོད་པ་རྣམས་ལ་མེད་དོ། །གལ་ཏེ་རྙེད་པ་དང་བཀུར་སྟི་ཆད་ཀྱིས་དོགས་པས་དེ་ལྟ་བུ་མི་བྱེད་དོ་ཞེ་ན། འོ་ན་ནི་སེམས་ཡིན་གྲང་ན་དེ་ལྟ་བུའི་སེམས་ཇི་སྙེད་པ་ཡང་མེད་དོ། །ཅིའི་ཕྱིར་ཞེ་ན། བྱང་ཆུབ་རྟེན་པའི་ཕྱིར་ཏེ་བྱང་ཆུབ་ཀྱི་ཆེད་དུ་ཞུགས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེས་ན་དོན་གྱི་སྟོབས་ཀྱིས་མེད་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ། ཇི་ལྟར་གཏན་ཚིགས་གང་གིས་ན་འདི་དག་མེད་པར་འདོད་ཅེས་དེ་སྐད་དུ་འཆད་དོ། །ཡང་ན་བྱང་ཆུབ་ཀྱི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས་པ་རྣམས་ལ་ཡོད་པར་འཛིན་པ་ལོག་ན་ཡོད་པར་འཛིན་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་མེད་དོ་ཞེས་འཛིན་པ་འདི་ཡང་ཤུགས་ཀྱིས་ལོག་པའི་ཕྱིར་གང་དག་ལ་དམ་འཆའ་བ་ལ་སོགས་པའི་ཉེས་པ་ཇི་སྐད་བཤད་པ་མི་སྲིད་པ་དེ་དག་ཇི་ལྟར་མེད་པར་འདོད་ཅེས་བྱ་བའི་ཐ་ཚིག་གོ །རྒྱུ་དེ་དང་རྐྱེན་དེ་དང་གཞི་དེས་ཆད་པར་ལྟ་བར་ཡང་མི་ལྟུང་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཀུན་རྫོབ་ཏུ་རྣམ་པར་གནས་པའི་ཕྱིར་རོ། །རྒྱུ་དེ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་གྲངས་ཡིན་ནོ། །གང་ལ་སྐྱེ་བ་མེད་པ་ལ་སྤྱོད་པའི་ངང་ཚུལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །རྣམ་པར་གྲོལ་བ་ལ་ཡང་གཞུང་འདི་ལ་སླ་བ་ཉིད་དེ་ཞེས་བྱ་བ་ནི་དངོས་པོ་ལ་མངོན་པར་ཞེན་པ་ཡོད་ན། རེས་འགའ་ཀུན་ནས་ཉོན་མོངས་པ་འབྱུང་བའི་ཕྱིར་དངོས་པོར་འཛིན་པ་ལོག་ན་གང་གིས་ན་གྲོལ་བར་མི་འགྱུར་བ་དངོས་པོར་འཛིན་པའི་རྩ་བ་ཅན་ཀུན་ནས་ཉོན་མོངས་པ་ལྟ་ཞིག་ག་ལ་ཡོད་སྙམ་དུ་བསམས་པའོ། །གང་ཆགས་པ་དང་ཞེས་བྱ་བ་ལ་སོགས་པ་ལ། གང་ལ་ཞེས་བྱ་བ་ནི་དམིགས་པ་ལའོ། །གང་གིས་ཞེས་བྱ་བ་ནི་སྡུག་པའི་མཚན་མས་སོ། །འདིར་ཡང་གསུངས་ཞེས་བྱ་བ་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་ཏེ་འདི་ནི་རིགས་པ་དྲུག་ཅུ་པ་ལས་གསུངས་སོ། །ཅིའི་ཕྱིར་དངོས་པོར་ཁས་ལེན་པ་ཡོད་ན་འདོད་ཆགས་ལ་སོགས་པ་སྐྱོན་རྣམས་འབྱུང་བར་འགྱུར་སྙམ་པ་ལ། འདི་ནི་ལྟ་བ་ཀུན་གྱི་རྒྱུ། །ཞེས་བྱ་བ་སྨོས་ཏེ། དེ་ཞེས་བྱ་བ་ནི་དངོས་པོར་ཁས་ལེན་པའོ། །དེ་ནི་ཞེས་བྱ་བ་ནི་དངོས་པོའོ། །ཡོངས་ཤེས་ན་ཞེས་བྱ་བ་ནི་རང་བཞིན་མེད་པར་རོ། །དེ་ཞེས་བྱ་བ་ནི་དངོས་པོའོ། །ཇི་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་


DTG107_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

པས་རང་བཞིན་མེད་པར་རྟོགས་པར་འགྱུར་སྙམ་པ་ལ། བརྟེན་ནས་སྐྱེས་པ་ཞེས་བྱ་བ་སྨོས་སོ། །མ་སྐྱེས་ཞེས་བྱ་བ་ནི་དོན་དམ་པར་ཞེས་བྱ་བ་ལྷག་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་གཏན་ཚིགས་འགལ་བར་འགྱུར་རོ། །འདིར་དཔེ་ནི་གཟུགས་བརྙན་ཡིན་ནོ། །ལན་གདབ་པ་གཅིག་ཁོ་ནས་འདི་ཐམས་ཅད་གཞུང་གཟུགས་པར་འདོད་ནས་དྲི་བའི་ཕྱིར་གཞན་ཡང་ཞེས་བྱ་བ་སྨོས་སོ། །མ་རིག་པ་དང་འདུ་བྱེད་ཅེས་བྱ་བ་ལ་སོགས་པས་ནི་ཕ་རོལ་པོའི་བསམ་པ་སྟོན་པར་བྱེད་དོ། །ཀུན་ནས་ཉོན་མོངས་པ་ནི་མ་རིག་པ་ལ་སོགས་པ་རྒ་ཤི་ལ་ཐུག་པ་རྣམས་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ནོ། །རྣམ་པར་བྱང་བ་ནི་ཉོན་མོངས་པ་དང་མི་མཐུན་པའི་རྟེན་སྐྱེས་པའོ།། ལས་དང་འབྲས་བུར་འབྲེལ་བ་ནི་ལས་ཀྱི་རྣམ་པར་སྨིན་པའོ། །དངོས་གང་ནི་སྒྲ་ལ་སོགས་པའོ། །ཡང་དག་ཇི་བཞིན་ནི་མི་རྟག་པ་ལ་སོགས་པའི་ཆོས་དང་ལྡན་པའོ། །དེ་ལྟ་བུ་མཚོན་པར་བྱེད་པ་བྱས་པ་ཉིད་ལ་སོགས་པ་གང་ཡིན་པ་དེ་ནི་དེ་འདྲ་བའི་རྟགས་སོ། །རྟགས་ལ་སེམས་ནི་དེར་ངེས་པ་སྟེ། དེའི་རྒྱུ་ཡིན་ནོ། །རྟགས་ཀྱི་སེམས་དེ་ལས་སྒྲ་ལ་སོགས་པ་ལ་མི་རྟག་པ་ལ་སོགས་པའི་ཆོས་དང་ལྡན་པའི་ཆོས་ཅན་དེ་ལྟ་བུ་ལ་རྟགས་ཅན་བློ་བྱུང་བ་གང་ཡིན་པ་དེ་ནི་དངོས་པོ་ཁོ་ན་ལ་སྐྱེ་སྟེ། དེ་བརྒྱུད་པས་དེ་དང་འབྲེལ་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཡང་ཞེས་བྱ་བ་ལ་སོགས་པས་ནི་ལེན་འདེབས་པར་བྱེད་དོ། །འདི་ཐམས་ཅད་ནི་རྒྱུ་དང་འབྲས་བུའི་དངོས་པོས་རབ་ཏུ་ཕྱེ་བ་ཡིན་ལ། རྒྱུ་དང་འབྲས་བུའི་དངོས་པོ་ཀུན་རྫོབ་པ་ཡང་མ་བཀག་པའི་ཕྱིར་ཐམས་ཅད་མི་འགལ་བ་ཉིད་དོ། །གལ་ཏེ་འདི་སྙམ་དུ་རྒྱུ་དང་འབྲས་བུའི་དངོས་པོ་ཀུན་རྫོབ་ཏུ་ཁས་ལེན་ན་དེའི་ཚེ་ཁོ་བོ་ཅག་གི་དངོས་པོ་གྲུབ་པ་ཡིན་ཏེ། དོན་བྱ་བ་བྱེད་པ་ཞེས་བྱ་བ་གང་ཡིན་པ་འདི་ཉིད་དངོས་པོའི་མཚན་ཉིད་ཡིན་ནོ། །གལ་ཏེ་དེ་མི་འགོག་གོ་ཞེ་ན། འོ་ན་ནི་མིང་ཀུན་རྫོབ་ཅེའམ་གཞན་ཡང་རུང་མིང་ཅི་དགར་ཐོགས་ཤིག །དངོས་པོའི་ངོ་བོ་ཉམས་པ་ནི་མེད་དོ་སྙམ་དུ་སེམས་པའི་དོགས་པ་བསུ་བར་གལ་ཏེ་རྣམ་པར་གཞག་པ་འདི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིས་ནི་གལ་ཏེ་ཁྱོད་འོལ་བྱིར་རྟེན་ཅིང་འབྲེལ་ཏེ་བྱུང་བ་མ་བརྟགས་ན་ཉམས་དགའ་བར་ཁས་བླངས་ནས་དངོས་པོར་བརྗོད་ན་ནི། དེའི་ཚེ་དེར་ཟད་དེ་ཁོ་བོ་ཅག་ཀྱང་མིང་ལ་བརྩད་པ་མེད་དོ། །འོན་ཀྱང་གང་གི་ཚེ་གཟུགས་བརྙན་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་


DTG107_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམས་ལ་བརྟག་མི་བཟོད་པས་དངོས་པོ་མེད་པ་ཉིད་དུ་ཁས་བླངས་པ་དེའི་ཚེ་གཟུགས་བརྙན་ལ་སོགས་པ་བཞིན་དུ་རྡུལ་ཕྲ་མོ་ལ་སོགས་པ་ལ་ཡང་བརྟག་མི་བཟོད་པས་འཁྲུལ་པ་མེད་པའི་མཚན་ཉིད་ཡིན་ན་ཅིའི་ཕྱིར་བྱེ་བྲག་ཏུ་དངོས་པོར་ཁས་ལེན་པར་བྱེད། དེ་ལྟ་བས་ན་གལ་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དོན་དམ་པར་ཁས་བླངས་ནས་དངོས་པོ་ཉིད་དུ་སྨྲ་ན་ནི་དེའི་ཚེ་རྡུལ་ཕྲ་མོ་ལ་སོགས་པ་ལ་གང་གིས་ན་མཚན་ཉིད་འགྲུབ་པར་འགྱུར་བ་དོན་དམ་པ་པའི་ངོ་བོ་དེ་སྒྲུབས་ཤིག །ཇི་སྐད་བཤད་པའི་ལུགས་ཀྱིས་དེ་ཇི་སྙེད་པ་དེ་ནི་ཐམས་ཅད་དུ་མ་གྲུབ་བོ། །ཅི་སྟེ་གྱི་ན་ཞིག་ཡིན་ན་ནི་གཟུགས་བརྙན་ལ་སོགས་པ་ཡང་དངོས་པོ་ཉིད་དུ་ཁས་བླང་བར་བྱ་སྟེ། དེ་ལ་ཡང་དེའི་མཚན་ཉིད་ཡོད་པའི་ཕྱིར་རོ། །ཇི་ལྟར་གཟུགས་བརྙན་ལ་སོགས་པ་ནི་ཤེས་པའི་ངོ་བོར་ཡང་ཡོད་པ་མེད་དོ་ཞེས་བྱ་བ་འདི་ནི་དཔྱད་ཟིན་ཏོ། །བདེན་ཞིང་ཞེས་བྱ་བ་ལ་སོགས་པ་ནི་རྣམ་གྲངས་ཡིན་ནོ། །འདི་སྐད་ཅེས་ཀྱང་གསུངས་ཏེ་ཞེས་བྱ་བ་ནི་སྔོན་གྱི་སློབ་དཔོན་གྱི་ལུགས་དང་བསྟུན་པར་བྱེད་པ་སྟེ། འདི་ནི་རིགས་པ་དྲུག་ཅུ་པ་ལས་གསུངས་སོ། །རྣམ་པར་དབེན་དོན་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཀུན་རྫོབ་པ་འདོད་པའི་ཕྱིར་རོ། །ཐོས་པ་ཙམ་ལ་འཇུག་བྱེད་ཅིང༌། །ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་ཞེས་བྱ་བ་ལ་སོགས་པ་སྒྲ་ཇི་བཞིན་དུ་ཚིག་གི་དོན་ཙམ་གྱི་རྗེས་སུ་འབྲང་བའི་ཕྱིར་རོ། །བརླག་ཅེས་བྱ་བ་ནི་ངན་འགྲོར་འགྲོ་བས་སོ། །ཅིའི་ཕྱིར་སྙམ་པ་ལ་ལས་ཀྱི་འབྲས་བུ་ཡོད་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་རྫོབ་ཀྱི་ངོ་བོར་ལས་དང་འབྲས་བུ་འབྲེལ་པ་བསྟན་ལ་དོན་དམ་པར་སྐྱེ་བ་མེད་པ་ལ་སོགས་པ་བསྟན་ཏེ། དེའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་གཉི་ག་ཡང་ཇི་སྐད་བསྟན་པ་བཞིན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པར་འཕེལ་བར་བྱ་བའི་ཕྱིར་བརྟེན་པར་བྱ་བསྒོམ་པར་བྱ་ཞེས་བསྟན་པ་ཡིན་ནོ། །རེ་ཞིག་བཅོམ་ལྡན་འདས་ཀྱིས་སེམས་ཅན་རྣམས་ལ་དོན་དམ་པའི་བདེན་པ་བསྟན་པ་ནི་དེ་དག་ལ་མི་སླུ་བའི་ཕྱིར་རིགས་གྲང་ན། ཀུན་རྫོབ་བརྫུན་པའི་ངོ་བོ་ཡིན་པ་ཅིའི་ཕྱིར་བསྟན་སྙམ་པ་ལ། འཇིག་རྟེན་དབང་དུ་རྒྱལ་བ་རྣམས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་བདག་མེད་བཞིན་དུ། བཅོམ་ལྡན་འདས་ཀྱིས་བདག་གི་དང་བདག་ཅེས་བྱ་བ་ལ་


DTG107_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་གསུངས་པ་དེ་བཞིན་དུ་བདག་ཏུ་འཛིན་པ་ལ་སོགས་པ་བཟློག་པའི་ཕྱིར་དགོས་པའི་དབང་གིས་ཕུང་པོ་ལ་སོགས་པ་གསུངས་པས་ཀླན་ཀར་མི་རུང་ངོ༌། །ཡང་དམིགས་པ་ཅན་གང་དག་ན་རེ་ཞེས་བྱ་བ་ནི། བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་རྣམས་སོ། །ལྟ་བ་འདི་ལ་ནི་ཞེས་བྱ་བ་ནི་དབུ་མ་པ་དང་རྣལ་འབྱོར་སྤྱོད་པ་པ་དག་གི་ལྟ་བ་ལའོ། །འཁོར་གསུམ་ནི་སྦྱིན་པར་བྱ་བ་དང༌། སྦྱིན་པ་པོ་དང༌། ལེན་པ་པོ་དེ་དག་ཁོ་ན་སྟེ། དེ་མི་དམིགས་པ་ནི་འཁོར་གསུམ་ཡོངས་སུ་དག་པའོ། །རང་གི་ཞེས་བྱ་བ་ནི་བདག་གིའོ། །དེ་དག་རང་གིས་རིག་པར་བྱེད། །ཅེས་བྱ་བ་ནི་བདག་ཉིད་གསལ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །འདི་ཉིད་ལ་ཞེས་བྱ་བ་ནི་དབུ་མའི་གཞུང་ལའོ། །ཚུལ་ཁྲིམས་ཀྱི་ཡན་ལག་རྣམས་ནི་སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང༌། བརྫུན་དུ་སྨྲ་བ་སྤོང་བ་བཞིའོ། །སོགས་པའི་སྒྲས་ནི་བག་ཡོད་པའི་ཡན་ལག་དང༌། བརྟུལ་ཞུགས་ཀྱི་ཡན་ལག་དག་བཟུང་སྟེ། བག་ཡོད་པའི་ཡན་ལག་ནི་མྱོས་པར་འགྱུར་བའི་བཏུང་བ་སྤོང་བའོ། །བརྟུལ་ཞུགས་ཀྱི་ཡན་ལག་ནི་གླུ་དང་གར་སྤོང་བ་ལ་སོགས་པ་གསུམ་མོ། །དེ་དག་ནི་ཡང་དག་པའི་ལྟ་བ་ལས་བྱུང་བ་ཡང་ཡིན་ལ། ཚུལ་ཁྲིམས་ཀྱི་ཡན་ལག་རྣམས་ཀྱང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་ཏེ། དེ་དག་རྣམ་པར་དག་པ་དེ་བཞིན་དུའོ། །ལོག་པར་གཡེམ་པ་སོགས་ལས་བཞིན། །ཞེས་བྱ་བ་ནི་འདོད་པས་ལོག་པར་གཡེམ་པ་ལ་སོགས་པ་བཞིན་ནོ། །སོགས་པའི་སྒྲས་ནི་སྲོག་གཅོད་པ་ལ་སོགས་པ་བསྡུའོ། །ལྷག་མ་ནི་གོ་སླའོ། །དངོས་པོ་ཞེས་བྱ་བ་ནི་དམིགས་པ་ལ་ལྟོས་ནས་དྲུག་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་ཚད་མའི་གནོད་པ་ཡོད་པ་དེ་ནི་ཕྱིན་ཅི་ལོག་ཡིན་ཏེ། དཔེར་ན་སྨིག་རྒྱུ་ལ་ཆུར་ཤེས་པ་ལྟ་བུའོ། །དངོས་པོར་དམིགས་པ་ཡང་ཚད་མའི་གནོད་པ་ཡོད་པ་ཡིན་པས་རང་བཞིན་གྱི་གཏན་ཚིགས་སོ། །འདི་ནི་མ་ངེས་པ་ཉིད་ཡོངས་སུ་སྤང་བའི་ཕྱིར་ཡང་དག་པར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བཤད་པ་ཞེས་བྱ་བར་སྦྱར་རོ། །གནོད་པའི་ཚད་མ་ཞེས་བྱ་བ་ནི་སྔར་བཤད་ཅེས་བྱ་བར་སྦྱར་རོ། །འདི་ཡང་དག་པར་ཡོད་དོ་ཞེས་མངོན་པར་ཞེན་ཅེས་བྱ་བ་ནི་དམིགས་པའི་རང་བཞིན་སྟོན་པར་བྱེད་དོ། །ཕྱིན་ཅི་ལོག་


DTG107_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཐ་སྙད་ཀྱི་རྒྱུ་ནི་འདི་ཙམ་དུ་ཟད་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཡང་མ་ཡིན་ལ། མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་ཉིད་ཀྱང་མ་ཡིན་ནོ། །དེ་མཐུས་ཞེས་བྱ་བ་ནི་དམིགས་པའི་མཐུས་སོ། །ནང་གི་མུ་སྟེགས་ཅན་རྣམས་ནི་གང་ཟག་ཏུ་སྨྲ་བ་འཕགས་པ་མང་པོས་བཀུར་བ་རྣམས་སོ། །དེ་མ་ཐག་ཏུ་ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཉེ་བའི་ཡན་ལག་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དམིགས་པ་ཅན་རྣམས་ཀྱི་ཡང་ཞེས་བྱ་བ་ནི་སྟོབས་ཆུང་ཞེས་བྱ་བ་དང་སྦྱར་རོ། །བྱེ་བྲག་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདྲ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཡོད་པར་བྱ་བ་དང་རིག་པར་བྱ་བ་མི་འཐད་པའི་ཕྱིར་ཞེས་བྱ་བ་ནི་ཡོད་པ་ཡང་གཅིག་དང་དུ་མའི་རང་བཞིན་གྱིས་དཔྱད་ན་མི་འཐད་ལ། དོན་རིག་པར་བྱ་བ་ཡང་དུས་མཉམ་པ་དང་མི་མཉམ་པ་ལ་སོགས་པས་དཔྱད་ན་མི་འཐད་པར་སྔར་བསྟན་ཟིན་ཏོ། །སྦྱིན་པར་བྱ་བ་ལ་སོགས་མི་དམིགས་པ་ལུང་དང་ལྡན་པ་ཉིད་དུ་ཡང་བསྟན་པའི་ཕྱིར། འདི་ནི་ཆོས་ཡང་དག་པར་སྡུད་པ་ལས་གསུངས་ཏེ་ཞེས་བྱ་བ་སྨོས་སོ། །རྒྱལ་བའི་ཡུམ་ལས་ཞེས་བྱ་བ་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སུམ་བརྒྱ་པ་ལས་སོ། །དངོས་པོར་ལྷུང་ཞེས་བྱ་བ་ནི་དངོས་པོར་མངོན་པར་ཞེན་པའོ། །བཟློག་པ་ནི་དངོས་པོར་མ་ལྷུང་བའོ། །མཆོད་པ་དང་ཕན་གདགས་པར་འདོད་པས་ཞེས་བྱ་བ་ལ་སོགས་པས་ནི་མཆོད་པ་དང་ཕན་གདགས་པར་འདོད་པ་ལ་སོགས་པ་དང༌། མི་དམིགས་པར་ལྷན་ཅིག་འགལ་བ་མེད་པ་ཉིད་དོ་ཞེས་སྟོན་པར་བྱེད་པ་སྟེ། མཆོད་པ་དང་ཕན་གདགས་པར་འདོད་པའི་དུས་ན་དམིགས་པས་ཡོངས་སུ་ཟིན་ཀྱང་སྒྱུ་མ་ལ་སོགས་པའི་རང་བཞིན་ཉིད་མོས་པའི་ཕྱིར་འདི་དམིགས་པ་མེད་པ་ཁོ་ན་ཡིན་ཏེ། དེས་ན་འགལ་བ་མེད་པ་ཉིད་དོ་སྙམ་དུ་བསམས་པའོ། །དེ་ཉིད་བློ་གྲོས་དང་ལྡན་པ་རྣམས་ལ་ཤིན་ཏུ་དད་པའི་གནས་སུ་མི་འགྱུར་ཏེ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་ཞུགས་པ་ཉིད་ཀྱིས་གཏི་མུག་མེད་པའི་དགེ་བའི་རྩ་བས་ཀུན་ནས་བསླང་བའི་ཕྱིར་རོ། །གསུམ་ཆར་ཡང་ཞེས་བྱ་བ་ནི་སྦྱིན་པར་བྱ་བ་དང༌། སྦྱིན་བདག་དང༌། ལེན་པ་པོའི་མཚན་ཉིད་དོ། །འདི་སྐད་དུ་དོན་དམ་པར་མི་དམིགས་སུ་ཟིན་ཀྱང་ཀུན་རྫོབ་ཏུ་ཐམས་ཅད་ཡོད་པའི་ཕྱིར་མི་འགལ་བ་ཉིད་པས། དམ་


DTG107_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ངན་པ་མ་ཡིན་པ་ཁོ་ནའོ་ཞེས་བཤད་པ་ཡིན་ནོ། །དེ་སྤྱད་པར་བྱའོ་ཞེས་བྱ་བ་ནི་འདིར་དབུ་མའི་ལམ་རྣམ་པ་གཉིས་དཔྱོད་པར་བྱེད་པ་ཡིན་ནོ། །ཕྱོགས་ཕྱི་མ་ཞེས་བྱ་བ་ནི་ཕྱི་མའི་བདག་ཉིད་ཀྱང་ཡིན་ཞེས་བྱའོ། །གལ་ཏེ་དེ་ལྟ་ན་ནི་ཀྱེ་རྒྱལ་བའི་སྲས་དག་འདི་ནི་སེམས་ཙམ་མོ་ཞེས་བྱ་བ་ལ་སོགས་པ་དེ་དག་ཇི་ལྟར་དྲང་སྙམ་པ་ལ། བསྟན་བཅོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་སློབ་དཔོན་སྐལ་ལྡན་གྱིས་དབུ་མའི་སྙིང་པོ་ལས་གསུངས་སོ། །གཞན་དག་སེམས་པ་ནི་ཞེས་བྱ་བ་ནི་ཕྱོགས་སྔ་མ་ཁོ་ན་རིགས་པར་མཐོང་བ་རྣམས་སོ། །ཤེས་པ་འབའ་ཞིག་ཁོ་ན་སྟེ། །ཞེས་བྱ་བ་ནི་ཤེས་པ་རྣམས་ཁོ་ན་སྟེ། དོན་ནི་ཤིན་ཏུ་ལྐོག་ཏུ་གྱུར་པའི་ཕྱིར་རོ། །རང་གིས་གྲུབ་པའི་ངོ་བོ་ཞེས་བྱ་བ་ལ་སོགས་པས་ནི་དོན་ཤིན་ཏུ་ལྐོག་ཏུ་གྱུར་པ་དེ་ཉིད་སྟོན་པར་བྱེད་དོ། །འོ་ན་རྗེས་སུ་དཔག་པས་འགྲུབ་པ་ཡོད་དོ་སྙམ་པ་ལ། དེ་ལྟ་ན་ཡང་ཞེས་བྱ་བ་སྨོས་སོ། །འོ་ན་ནི་ཐེ་ཚོམ་དུ་འགྱུར་རོ་སྙམ་པ་ལ། རྡུལ་ཕྲ་མོ་ལ་སོགས་པ་བཀག་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དེས་ན་རྣམ་པར་ཤེས་པ་སྨྲ་བ་རྣམས་ཀྱིས་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་བསྟན་པས་ཕྱིར་འཇིལ་བར་བྱེད་པ་གང་ཡིན་པ་དེ་ཡང་དག་པའི་ཀུན་རྫོབ་ཏུ་བསྟན་པའི་ཕྱིར་མི་འགལ་བ་ཉིད་དུ་ཞེས་སྟོན་པར་བྱེད་དོ། །དེ་ལྟར་བྱས་ན་ཞེས་བྱ་བ་ནི་ཚིག་དེ་ནི་མདོ་དེར་གསུངས་པ་ཁོ་ན་ལས་ཁོང་དུ་ཆུད་པར་བྱའོ། །གལ་ཏེ་དེ་ལྟ་ན་སེམས་ཙམ་ཁོ་ན་བདེན་པར་ཡོད་དོ་སྙམ་པ་ལ། བློའི་མཐུ་མི་ཆུང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་བློའི་མཐུ་མི་ཆུང་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་བློའི་མཐུ་མི་ཆུང་བས་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ །ལྷག་པར་མངོན་དུ་བརྩོན་པ་དག་གིས་ཀྱང་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་དག་ནི་ལྷག་པར་མངོན་དུ་བརྩོན་པའི་ཕྱིར་རོ། །ལྟ་བ་དེ་ཉིད་དེ་ཁོ་ན་ལ་འཇུག་པ་དང་མཐུན་པའི་ཕྱིར་རིགས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་དེའི་ཕྱིར་ཞེས་བྱ་བ་སྨོས་སོ། །འདིར་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་ཀྱི་ཚུལ་ལའོ། །དེ་ལ་ཡང་ཞེས་བྱ་བ་ནི་སེམས་ཙམ་ལའོ། །སེམས་


DTG107_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཉིད་ཀྱི་ཚུལ་ལ་ཡང་འདི་རང་འབྱུང་བ་མེད་པས་ཞེས་འབྱུང་བའི་ཕྱིར་གཞན་གྱི་དབང་དེ་ཡང་རང་བཞིན་མེད་པ་ཁོ་ནར་སྟོན་པ་ཡིན་ན། དེ་ཇི་ལྟར་ན་ཚུལ་འདིར་བརྟེན་ནས་ཤེས་པར་བྱ་སྙམ་པ་ལ། ཚུལ་འདིས་ནི་ཞེས་བྱ་བ་སྨོས་སོ། །ཤིན་ཏུ་ཞེས་བྱ་བ་ནི་རྣམ་གྲངས་མེད་པར་རོ། །ལེགས་པར་བཤད་པར་འགྱུར་ཞེས་བྱ་བ་ནི་དེ་ཁོ་ན་ལ་འཇུག་པའི་རིམ་པ་ཇི་སྐད་བཤད་པར་བསྟན་པའི་ཕྱིར་རོ། །རྩ་བ་མ་མཆིས་པ་ཞེས་བྱ་བ་ནི་རྩ་བ་སེམས་ཀྱི་མཚན་ཉིད་ཀྱང་དོན་དམ་པར་མི་དམིགས་པའི་ཕྱིར་རོ། །སེམས་ཙམ་ལ་ནི་བརྟེན་ནས་སུ། །ཞེས་བྱ་བ་ནི་འཛིན་པའི་རྣམ་པ་ལ་གནས་ནས་སོ། །ཕྱི་རོལ་ཞེས་བྱ་བ་ནི་གཟུང་བའི་རྣམ་པར་གཞིག་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ །ཡང་དག་དམིགས་པར་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱིས་དམིགས་པ་ལའོ། །སེམས་ཙམ་ལས་ཀྱང་ཤིན་ཏུ་བཟླ། །ཞེས་བྱ་བ་ནི་འཛིན་པའི་རྣམ་པ་དེས་ཀྱང་འདའ་བར་བྱ་སྟེ། དེའི་གཟུང་བ་མེད་ན་དེ་ཡང་མི་རུང་བའི་ཕྱིར་རོ། །སྣང་བ་མེད་ལས་ཤིན་ཏུ་འདའ། །ཞེས་བྱ་བ་ནི་གཉིས་སུ་མེད་པ་ལ་མངོན་པར་ཞེན་པ་དེ་ཡང་ཚུལ་འདི་ལ་བརྟེན་ནས་དོར་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །འདི་སྐད་དུ་འདི་ནི་སེམས་ཁོ་ན་ཙམ་དུ་ཟད་ཀྱི་དོན་ནི་མེད་དོ་ཞེས་དེ་ལྟར་བསྒོམ་པ་ན་དོན་ལ་མངོན་པར་ཞེན་པ་ཡོངས་སུ་དོར་བར་བྱའོ། །དེ་ཡང་ཡོངས་སུ་བོར་ནས་གཟུང་བ་མེད་ན་དེ་ཡང་མེད་དོ་ཞེས་བསྒོམ་པ་ནི་འཛིན་པའི་རྣམ་པར་མཚན་ཉིད་སེམས་ཙམ་ཉིད་དེ་ཡང་ཡོངས་སུ་སྤང་བར་བྱ་ཞིང་སྣང་བ་མེད་པའི་ཤེས་པ་ཁོ་ན་ལ་གནས་པར་བྱའོ། །ཤེས་པ་དེ་ཡང་གཅིག་ལ་སོགས་པའི་ངོ་བོས་བསྒོམ་ཞིང་གཉིས་མེད་པ་ལས་འདས་པར་བྱས་ནས་སྣང་བ་མེད་པ་ཉིད་ལ་འཇུག་པར་བྱ་སྟེ། དེ་ལ་གནས་པ་ནི་ཐེག་པ་ཆེན་པོ་ལ་ཞུགས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །གལ་ཏེ་དེ་ཡི་གནས་སྐབས་ན། །རྣལ་འབྱོར་དེ་ནི་གང་ཞིག་ཡོད། །གང་ཞིག་གིས་ནི་ལྟ་ཞེ་ན། །དོན་དམ་པར་ནི་འགའ་ཡང་ལྟ་བ་མེད་ལ་རྣལ་འབྱོར་བར་ཡང་མེད་མོད་ཀྱི། ཀུན་རྫོབ་ཏུ་དཔེར་ན་ལྷས་བྱིན་ལྟའོ་ཉན་ཏོ་ཞེས་བྱ་བ་ལ་སོགས་པ་སྟོན་པ་ལྟར་རྣལ་འབྱོར་པ་ཡང་དེ་དང་འདྲ་བས་ཉེས་པ་མེད་དོ། །ཇི་སྟེ་རྣལ་འབྱོར་པའི་ཤེས་པ་གཉིས་


DTG107_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཤེས་པ་སྣང་བ་མེད་པར་བྱེད་པ་གང་ཡིན་པ་དེ་ཡང་གང་ཞིག་གིས་སྣང་བ་མེད་པ་ཉིད་དུ་ཁོང་དུ་ཆུད། རེ་ཞིག་དེ་ཉིད་ཀྱིས་ནི་མ་ཡིན་ཏེ། བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ། །གཞན་དག་གིས་ཀྱང་མ་ཡིན་ཏེ་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེ་ན། དེ་ནི་ཉེས་པར་མི་འགྱུར་ཏེ་ཇི་ལྟར་གཉིས་མེད་པ་ཉིད་དང༌། སྣང་བ་མེད་པ་ཉིད་དུ་རང་རིག་པས་ཉམས་སུ་མྱོང་ནས་ཕྱིར་རྗེས་སུ་ཐོབ་པའི་ཤེས་པས་རྣམ་པར་འཇོག་པར་བྱེད་ལ་རང་ལ་བདག་ཉིད་མེད་པར་འགལ་བ་ཡང་མ་ཡིན་པ་ལྟར། རང་བཞིན་མེད་པ་ཡང་དེ་དང་འདྲའོ། །རང་རིག་པ་ཡང་གནག་རྫི་ཡན་ཆད་ལ་གྲུབ་པའི་ཕྱིར་ཀླན་ཀར་ཡང་མི་རུང་ངོ༌། །ཐུག་པ་མེད་པ་ཡང་མ་ཡིན་ཏེ། ཤེས་པ་གཉིས་ཀྱིས་ཐམས་ཅད་ཡུལ་ཁོ་ནར་བྱེད་པའི་ཕྱིར་དཔེར་ན་བྱེད་བྲག་ཏུ་སྨྲ་བ་རྣམས་ཀྱི་དང་འདྲ་བས་ཐམས་ཅད་མཚུངས་སོ། །རྣལ་འབྱོར་པ་རྣམས་ཀྱི་གནས་སྐབས་ཀྱི་མཚན་ཉིད་ཅན་གྱི་འཇུག་པ་དེ་འདྲ་བ་དེ་ནི་བལྟ་བར་བྱ་བ་གཞན་མེད་པའི་ཕྱིར་ལྷུན་གྱིས་གྲུབ་པ་ཡིན་ནོ། །སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་ཞི་བ་ཡིན་ནོ། །སྨོན་ལམ་དག་གིས་རྣམ་པར་སྦྱངས། །ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་དོན་ལ་སྨོན་པའི་ཕྱིར་ཏེ། རང་བཞིན་མེད་པ་ཉིད་མཁྱེན་པས་ཀྱང་འཁོར་བ་ཇི་སྲིད་པར་རྗེས་སུ་འཇུག་པའི་ཕྱིར་རོ། །དེ་ཡང་གང་ཞིག་ཡིན་སྙམ་པ་ལ། ཡེ་ཤེས་དམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་སྐབས་དེ་ནས་གཉིས་མེད་པའི་མཚན་ཉིད་ཀྱི་ཡེ་ཤེས་དམ་པ་ལ་སྣང་བ་མེད་པའི་ཡེ་ཤེས་གཞན་གྱི་བདག་མེད་པ་སྟེ་རང་བཞིན་མེད་པར་མཐོང་ངོ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ཞེས་བྱ་བ་ནི་འཕགས་པ་ལང་ཀར་གཤེགས་པའི་མདོ་དེ་ཉིད་ལས་སོ། །ཕྱི་རོལ་གྱི་རྒྱུ་དང་རྐྱེན་རྒྱུའི་མཚན་ཉིད་རྣམ་པ་ལྔ་དང་བདག་པོའི་མཚན་ཉིད་རྒྱུ་ལོག་པས་སེམས་ཙམ་ཉིད་དུ་གནས་པ་ནི་རྣམ་པར་རིག་པ་ཙམ་ཉིད་ཀྱི་ཚུལ་ལ་སྐྱེ་བ་མེད་པ་གཅིག་ཡིན་ནོ། །དབུ་མ་པའི་ལུགས་ཀྱི་སྐྱེ་བ་མེད་པ་གང་ཡིན་པ་དེ་བསྟན་པའི་ཕྱིར་རོ། །ཕྱི་དངོས་མེད་ཅེས་བྱ་བ་སྨོས་ཏེ། དངོས་པོ་རྣམས་ཕྱི་རོལ་གྱི་ངོ་བོ་ཉིད་དུ་མེད་པར་ངས་བཤད་དོ་ཞེས་བྱ་བར་སྦྱར་རོ། །སེམས་ཀྱང་ཡོངས་སུ་གཟུང་མ་ཡིན། །ཞེས་བྱ་བ་ནི་དངོས་པོ་


DTG107_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སེམས་ཀྱི་ངོ་བོ་ཉིད་དུ་མེད་པར་ངས་བཤད་དོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། ལྟ་བ་ཐམས་ཅད་སྤངས་པའི་ཕྱིར་ཏེ་དེ་ལྟར་ན་དངོས་པོ་ལ་སོགས་པར་ལྟ་བ་ཐམས་ཅད་སྤངས་པར་འགྱུར་རོ། །དེའི་ཕྱིར་དངོས་པོ་རྣམས་ཀྱི་སྐྱེ་བ་མེད་པའི་མཚན་ཉིད་ནི་དེ་ལྟ་བུ་ཁོ་ན་ཡིན་ནོ། །འདིར་ཡང་གསུངས་པ་ཞེས་བྱ་བ་ནི་སེམས་ཙམ་ཀུན་རྫོབ་ཏུ་སྨྲ་བའོ། །འཕགས་པ་ལང་ཀར་གཤེགས་པ་ལས་གསུངས་པའི་ཁུངས་ཤེས་པ་འབའ་ཞིག་ཁོ་ནའོ་ཞེས་བྱ་བ་སྨོས་ཏེ། རྣམ་པར་ཤེས་པ་དག་ཁོ་ནར་ཟད་དོ། །འོ་ན་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འབྱུང་བ་ཆེན་པོ་བཞི་དག་དང༌། འབྱུང་བ་ཆེན་པོ་བཞི་དག་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སྙམ་པ་ལ། དེའི་ཕྱིར་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་གསུངས་པའི་ཚིགས་སུ་བཅད་པ་གཉིས་པ། འབྱུང་བ་ཆེ་ལ་སོགས་བཤད་པ། །ཞེས་བྱ་བ་སྨོས་སོ། །བཅོམ་ལྡན་འདས་ཀྱིས་འབྱུང་བ་ཆེན་པོ་ལ་སོགས་པ་བཤད་པ་གང་ཡིན་པ་དེ་ཐམས་ཅད་ནི་རྣམ་པར་ཤེས་པ་ཁོ་ནར་ཡང་དག་པར་འདུ་སྟེ། དེའི་སོ་སོར་སྣང་བ་ཁོ་ན་ལ་དེ་དག་རྣམ་པར་གཞག་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་རྣམ་པར་ཤེས་པའི་བདག་ཉིད་དུ་ཡོད་ཀྱང་རུང༌། ཕྱི་རོལ་གྱི་བདག་ཉིད་དུ་ཡོད་ཀྱང་རུང་སྟེ། འབྱུང་བ་ཆེན་པོ་རྣམས་ནི་རྣམ་པ་ཐམས་ཅད་དུ་དོན་དམ་པར་ཡོད་པ་ཁོ་ནའོ་སྙམ་པ་ལ། དེ་ཤེས་པས་ནི་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ཡང་དག་པའི་ཡེ་ཤེས་ལ་དེ་མི་སྣང་བ་དེའི་ཕྱིར་ལོག་པར་རྣམ་པར་བརྟགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཞེས་བྱ་བ་ནི་ཤེས་པ་ཉིད་དོ། །མ་ཡིན་ནམ་ཞེས་བྱ་བ་ནི་བོད་པའོ། །འདི་ནི་རིགས་པ་དྲུག་ཅུ་པ་ལས་གསུངས་པ་ཡིན་ནོ། །ཚུལ་གཉིས་ཞེས་བྱ་བ་ནི་དབུ་མ་པ་དང་རྣལ་འབྱོར་སྤྱོད་པ་ཞེས་བྱའོ། །རིགས་པ་ཉིད་སྲབ་སྐྱོགས་དང་འདྲ་བས་སྲབ་སྐྱོགས་ཏེ། རྟ་ཁ་ལོ་སྒྱུར་བའི་ཐག་གུ་དང་འདྲ་ཞེས་བྱ་བའི་ཐ་ཚིག་གོ །གང་དག་ལ་ཚུལ་གཉིས་ཀྱིས་བསྡུས་པའི་ཐེག་པ་ཆེན་པོ་ཇི་སྐད་བཤད་པ་ཡོད་པ། དེ་དག་ནི་ཐེག་པ་ཆེན་པོ་པ་ཡིན་ཏེ། དེའི་ཕྱིར་མིང་དོན་ཇི་ལྟ་བ་བཞིན་ནོ། །ཅིའི་ཕྱིར་ཚུལ་གཉིས་ཀྱིས་བསྡུས་པ་ཁོ་ན་ཐེག་པ་ཆེན་པོ་ཡིན་གྱི། གཞན་ནི་མ་ཡིན་ནོ་སྙམ་པ་ལ། འདི་སྙེད་དེ་


DTG107_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་སྨོས་སོ། །ཆོས་ལྔ་ནི་མིང་དང་རྒྱུ་མཚན་དང༌། རྣམ་པར་རྟོག་པ་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་ཤེས་པ་སྟེ། དེ་ལ་མིང་ནི་སྒྲའི་སྤྱི་ནང་དུ་བརྗོད་པར་གནས་པའོ། །རྒྱུ་མཚན་ནི་གཟུང་བ་དང་འཛིན་པའི་རྣམ་པའོ། །རྣམ་པར་རྟོག་པ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །དེ་བཞིན་ཉིད་ནི་གཉིས་མེད་པ་ཉིད་དེ་གཞན་གྱི་དབང་གི་ངོ་བོ་ཉིད་དེ་ཉིད་གཉིས་དང་བྲལ་བ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཡང་དག་པའི་ཤེས་པ་ནི་འཇིག་རྟེན་ལས་འདས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །རང་བཞིན་ནི་ངོ་བོ་ཉིད་གསུམ་པོ་ཀུན་བརྟགས་པ་དང༌། གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་ཞེས་བྱ་བ་རྣམས་སོ། །རྣམ་པར་ཤེས་པ་བརྒྱད་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་འཇུག་པའི་རྣམ་པར་ཤེས་པ་དྲུག་དང༌། ཉོན་མོངས་པ་ཅན་གྱི་ཡིད་དང༌། ཀུན་གཞིའི་རྣམ་པར་ཤེས་པའོ། །བདག་མེད་པ་གཉིས་ནི་གང་ཟག་ལ་བདག་མེད་པ་དང༌། ཆོས་ལ་བདག་མེད་པའོ། །ཚུལ་རྣམ་པ་འདི་གཉིས་ནི་ཞེས་བྱ་བ་ནི་རྣམ་པར་རིག་པ་ཙམ་ཉིད་ཀྱི་ཚུལ་དང༌། དབུ་མའི་ཚུལ་ལོ། །རྣམ་འདོར་ནི་ཚངས་པའོ། །མིག་མི་བཟང་ནི་དབང་ཕྱུག་གོ །སོགས་པའི་སྒྲས་ནི་སེར་སྐྱ་ལ་སོགས་པ་གཟུང་ངོ༌། །འདི་ལྟ་སྟེ། ཞེས་བྱ་བ་ནི་རྣམ་འདོར་གྱིས་བཤད་པའི་རྣམ་པར་རིག་པ་ཙམ་ཉིད་ཀྱི་ཚུལ་སྟོན་ཏོ། །རྣམ་རིག་ཙམ་ཞེས་བྱ་བ་ནི་བདག་ཅེས་བྱ་བ་ལ་ལྟོས་པར་བྱ་བ་སྟེ། གསང་བ་སྨྲ་བ་དེ་དག་ནི་སྲོག་ཆགས་ཐམས་ཅད་ལ་རྣམ་པར་ཤེས་པའི་རང་བཞིན་འགྲོ་བ་ཐམས་ཅད་ལ་ཁྱབ་པ་རྟག་པ་གཅིག་པུ་ཁོ་ནའི་བདག་གཅིག་ཡོད་པར་འདོད་དོ། །རྟག་ཏུ་རྣམ་པར་དག་ཅེས་བྱ་བ་ནི་དེ་དང་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་རོ། །སངས་རྒྱས་ཞེས་བྱ་བ་ནི་མ་རིག་པའི་གཉིད་དང་བྲལ་བའི་ཕྱིར་རོ། །གྲོལ་བ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་འཆིང་བ་མེད་པའི་ཕྱིར་རོ། །འདི་ཐམས་ཅད་ནི་དོན་དམ་པ་ཡིན་ནོ། །མ་རིག་པ་དང་འདོད་ཆགས་ལ་སོགས་པ་གློ་བུར་བ་ཡིན་པའི་ཕྱིར་རིག་པར་བྱའོ། །བླང་བ་དང་དོར་བ་མེད་ཅེས་བྱ་བ་ནི་འདི་ལས་མ་གཏོགས་པའི་འདོར་བའམ། དོར་བར་བྱ་བ་འམ། ལེན་པ་འམ། བླང་བར་བྱ་བ་མེད་པའི་ཕྱིར་ཏེ། དེའི་ཕྱིར་འདི་ནི་བླང་བ་ཡང་


DTG107_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལ་དོར་བ་ཡང་མེད་པ་ཡིན་ནོ། །ཚངས་པ་ཞེས་བྱ་བ་ནི་བདག་གི་རང་བཞིན་ནོ། །མྱ་ངན་མེད་ཅེས་བྱ་བ་ནི་གྲོལ་བ་ཞེས་བྱ་བའི་ཐ་ཚིག་སྟེ། །དེའི་ཚེ་མ་རིག་པ་མ་ལུས་པར་སྤངས་པའི་ཕྱིར་རོ། །ཞག་ལྔ་པ་ལས་བྱུང་བ་ཞེས་བྱ་བ་འདིས་ནི་ཁྱབ་འཇུག་གིས་བཤད་པ་དབུ་མའི་ལུགས་སྟོན་ཏོ་ཞེས་གྲག་གོ །མིང་ཙམ་ལས་ནི་རབ་འདས་ཤིང༌། །ཞེས་བྱ་བ་ནི་ཐ་སྙད་ཐམས་ཅད་ལས་འདས་པ་ཡིན་པའི་ཕྱིར་འདིའོ་ཞེས་བྱ་བའི་ཐ་སྙད་གདགས་པ་ཙམ་ལས་ཀྱང་འདས་པའོ། །དངོས་དང་དངོས་མེད་རྣམ་པར་སྤངས། །ཞེས་བྱ་བ་ནི་དེ་ལས་མ་གཏོགས་པར་གཟུགས་ལ་སོགས་པའི་དངོས་པོ་མེད་པའི་ཕྱིར་ཏེ། དེ་ཐམས་ཅད་ནི་བརྫུན་པའི་ཕྱིར་རོ། །དེའི་ཕྱིར་དེ་ནི་གཟུགས་ལ་སོགས་པ་དངོས་པོའི་རང་བཞིན་ཡང་མ་ཡིན་ནོ། །དངོས་པོ་མེད་པའི་རང་བཞིན་ཡང་མ་ཡིན་ཏེ། དངོས་པོའི་ངོ་བོའི་བདག་ཉིད་དུ་གནས་པའི་ཕྱིར་རོ། །དབྱུང་དང་བསྡུ་ལས་ངེས་གྲོལ་བ། །ཞེས་བྱ་བ་ནི་སྐྱེ་བ་དང་འཇིག་པ་དག་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་རྟག་པ་ཡིན་པས་སྐྱེ་བ་དང་འཇིག་པ་དག་མེད་པའི་ཕྱིར་རོ། །དེ་ནི་ཞེས་བྱ་བ་ནི་བདག་དམ་པའོ། །དེ་ཇི་ལྟར་དངོས་པོ་དང་དངོས་པོ་མེད་པ་ལས་གྲོལ་བ་ཡིན་སྙམ་པ་ལ། དངོས་ལ་དངོས་ཉིད་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དངོས་ལ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལ་བྱ་སྟེ། དེ་ནི་བརྫུན་པའི་ཕྱིར་རོ། །དངོས་པོ་མེད་པ་འང་དངོས་ཉིད་མེད། །ཅེས་བྱ་བ་ནི་དེ་དངོས་པོ་ལ་ལྟོས་པའི་ཕྱིར་དངོས་པོ་མ་གྲུབ་ན་དེ་ཡང་ག་ལ་འགྲུབ། དེ་རིག་བྱེད་རིག་ཅེས་བྱ་བ་ནི་དེ་ཚངས་པར་རིག་ཅེས་བྱ་བའི་ཐ་ཚིག་གོ །ཞི་བའི་མཛེས་པ་སྦྱར་བ་ལས་འབྱུང་བ་ཞེས་བྱ་བ་ལ་སོགས་པ་ནི་མིག་མི་བཟང་གིས་བཤད་པ་ཡང་དབུ་མ་པའི་ལུགས་ཡིན་པར་སྟོན་ཏོ། །འདི་ནི་ཞི་བའི་ཡིན་པས་ན་ཞི་བའི་ཡིན་ནོ། །བུ་གཅིག་ཅེས་བྱ་བ་ནི་བོད་པའི་ཐ་ཚིག་གོ །ཚངས་པ་མཆོག་བྱ་བ་ནི་མཆོག་དམ་པ་སྟེ། གཞན་ཐམས་ཅད་བརྫུན་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །གང་ལ་རིག་པ་ཁོ་ན་དབང་ཕྱུག་ཡིན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །མུ་མཐའ་ཡས་ཞེས་བྱ་བ་ནི་ཁྱབ་པའོ། །དེ་ཡང་ཞགས་པ་ཞེས་བྱ་བ་ནི་སྐྱེ་བོ་ཇི་ཙམ་དུ་དེ་ལ་ཡོད་དོ་སྙམ་དུ་མངོན་པར་ཞེན་པ་དེ་ཙམ་དུ་དེ་ནི་དེའི་འཆིང་བའི་རྒྱུ་ཡིན་ནོ་ཞེས་བྱ་


DTG107_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཐ་ཚིག་གོ །འདི་ཡང་མཛེས་པར་སྦྱར་བ་དེའི་གང་ཙམ་ནས་བཤད་སྙམ་པ་ལ་ཕ་དང་བུའི་སྦྱར་བ་ལས་བརྗོད་པ་ཞེས་བྱ་བ་སྨོས་སོ། །ཡོན་ཏན་རྣམས་ཀྱི་ཞེས་བྱ་བ་ནི་སྙིང་སྟོབས་དང་རྡུལ་དང་མུན་པ་རྣམས་ཀྱིའོ། །རི་དགས་རྣམས་ཀྱི་ཞེས་བྱ་བ་ནི་རི་དགས་རྣམས་སོ། །མུ་སྟེགས་རྣམས་ཉིད་གླང་པོ་ཆེ་དང་རི་དགས་དང་འདྲ་བས། མུ་སྟེགས་བྱེད་ཀྱི་གླང་པོ་ཆེ་དང་རི་དགས་རྣམས་སོ། །དེ་དག་གི་ཚོགས་ནི་ཁྱུའོ་ཞེས་ཚིག་རྣམ་པར་སྦྱར་རོ། །འདི་ལྟ་སྟེ་ཞེས་བྱ་བ་འདིས་ནི་མུ་སྟེགས་ཅན་འདི་དག་གཟུགས་ལ་སོགས་པ་བརྫུན་པ་ཉིད་དུ་སྟོན་དུ་ཟིན་ཀྱང་དེ་དག་ནི་ཤེས་པ་ཡོད་པ་ལ་སོགས་པའི་རང་བཞིན་ཡང་དག་པ་ཉིད་དུ་རྗོད་པར་བྱེད་དེ། དེའི་ཕྱིར་ཇི་ལྟར་ན་བཅོམ་ལྡན་འདས་དོན་དམ་པར་གང་ཟག་མ་ལུས་པར་བདག་མེད་པར་གསུངས་པ་དང་འདི་དག་ལྷན་ཅིག་མཚུངས་པར་འགྱུར་ཞེས་སྟོན་པར་བྱེད་དོ། །ནམ་མཁའ་ཆེན་པོ་དང་འདྲ་བ་ཞེས་བྱ་བ་ནི་ནམ་མཁའ་ཆེན་པོ་དང་མཚུངས་པ་སྟེ། བུམ་པ་ལ་སོགས་པའི་ཁོངས་སུ་གཏོགས་པའི་ནམ་མཁའ་གང་ཡིན་པ་དེ་ནི་ཆུང་བས་དེ་རྣམ་པར་བཅད་པས་ཐམས་ཅད་ལ་ཁྱབ་པའི་ནམ་མཁའ་བསྟན་པའི་ཕྱིར་ཆེན་པོ་ཉིད་བྱེ་བྲག་ཏུ་བྱས་སོ། །གཉུག་མ་ནི་ལྷན་ཅིག་སྐྱེས་པ་སྟེ། རི་དགས་དང་བྱ་རྣམས་ལ་ཡང་ཡོད་པའི་མ་རིག་པ་གང་ཡིན་པའོ། །གཉུག་མ་མ་ཡིན་པ་ནི་བསྟན་བཅོས་མ་ཉན་པ་ལ་སོགས་པ་ལས་སྐྱེས་པ་གང་ཡིན་པའོ། །དེའི་ནམ་མཁའ་ཞེས་བྱ་བ་བུམ་པའི་ནམ་མཁའོ། །རབ་ཏུ་སྨྲ་བ་དག་གིས་ཞེས་བྱ་བ་ནི་བསྟན་བཅོས་བྱེད་པ་རྣམས་ཀྱིས་སོ། །གལ་ཏེ་འོ་ན་གཉིས་སུ་མེད་པ་དེ་ཇི་ལྟར་སྣ་ཚོགས་ཀྱི་ངོ་བོ་མངོན་སྙམ་པ་ལ། རྨི་ལམ་རྨིས་པ་བཞིན་དུ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་རྨི་ལམ་གྱི་གནས་སྐབས་ན་རྣམ་པར་ཤེས་པ་དོན་དམ་པར་གཉིས་མ་ཡིན་མོད་ཀྱི། སྣ་ཚོགས་ཀྱི་ངོ་བོར་སྣང་བ་ལྟར་བདག་འདི་ཡང་དེ་དང་འདྲ་བས་འགལ་བ་མེད་དོ། །འདི་ཐམས་ཅད་ནི་དེ་དག་གིས་བདག་ཁོ་ནའི་དབང་དུ་བྱས་ཏེ། སྨྲས་པ་གསང་བའི་བསྟན་བཅོས་ལས་བཤད་པའི་ཁུངས་འདིར་སྨྲས་པ་ཞེས་བྱ་བ་སྨོས་ཏེ། འདིར་ཞེས་བྱ་བ་ནི་གསང་བའི་བསྟན་བཅོས་ལས་སོ། །གཟུགས་ཞེས་བྱ་བ་ནི་ཕྱིའི་གཟུགས་ལ་སོགས་པའོ། །འབྲས་བུ་ནི་ལུས་སོ། །རབ་བརྗོད་པ་ནི་བརྗོད་པ་སྟེ།


DTG107_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་དང་ལུས་དང་བརྗོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ཐག་པ་ཞེས་བྱ་བ་ནི་ཇི་ལྟར་ཐག་པ་ངེས་རྟོགས་ན་ཞེས་གོང་མ་དང་སྦྱར་རོ། །དེ་ལྟར་བདག་ཀྱང་ངེས་པ་ཡིན། །ཞེས་བྱ་བ་ནི་གཉིས་མིན་ཞེས་བྱ་བར་ངེས་པ་སྟེ་འདི་སྐད་དུ་ཇི་ལྟར་ཐག་པར་ངེས་ཏེ་རྣམ་པར་རྟོག་པ་ལོག་ན་ཐག་པ་ཁོ་ནའོ་སྙམ་དུ་ངེས་པ་ཡིན་པ་དེ་བཞིན་དུ་བདག་ལའང་གཉིས་ཀྱི་རྣམ་པར་རྟོག་པ་ལོག་ན་གཉིས་མ་ཡིན་ནོ་སྙམ་དུ་ངེས་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །གལ་ཏེ་བདག་གི་དེ་ཁོ་ན་གཉིས་མ་ཡིན་པ་ཉིད་ཡིན་ན་དེ་ཇི་ལྟར་རབ་ཏུ་སྨྲ་བ་རྣམས་སྲོག་ལ་སོགས་པ་ཡང་དེ་ཁོ་ནར་སྨྲ་སྙམ་པ་ལ། སྲོག་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནི་ལྷ་དེའི་རྒྱུ་མ་ཡིན། །ཞེས་བྱ་བ་ནི་མ་རིག་པ་སྒྱུ་མའི་དབང་གིས་དེའི་བདག་ཉིད་དུ་རང་ཉིད་རྨོངས་ནས་རབ་ཏུ་སྨྲ་བ་རྣམས་རྨོངས་པར་བྱེད་པ་ཡིན་གྱི། དེ་ལས་མ་གཏོགས་པའི་གཞན་ཉིད་ནི་མེད་དོ། །སྲོག་ཏུ་རིགས་པས་ཞེས་བྱ་བ་ལ་སོགས་པས་ནི་ཇི་སྐད་བཤད་པའི་དོན་ཉིད་ནི་སྟོན་པར་བྱེད་དོ། །དེ་རིག་བྱེད་ཅེས་བྱ་བ་ནི་དེ་ཁོ་ན་རིག་པའོ། །ཇི་སྟེ་གལ་ཏེ་འདི་གཉིས་མ་ཡིན་ནོ་ཞེས་བྱ་བ་ཚད་མ་གང་ལས་གྲུབ་སྙམ་པ་ལ། གཉིས་མིན་ཞེས་བྱ་བ་སྨོས་ཏེ། འདི་ནི་དཔེར་གཞག་པ་ཡིན་ནོ། །སྦྱོར་བ་ནི་འདི་ལྟ་བུ་སྟེ་གང་དང་གང་ཡིད་ཡིན་པ་དེ་ནི་དོན་དམ་པར་གཉིས་མེད་པ་ཡིན་ཏེ། དཔེར་ན་རྨི་ལམ་གྱི་གནས་སྐབས་ལྟ་བུའོ། །སད་པའི་གནས་སྐབས་ན་ཡོད་པ་འདི་ཡང་ཡིད་ཡིན་པས་རང་བཞིན་གྱི་གཏན་ཚིགས་སོ། །གལ་ཏེ་ཡིད་དོན་དམ་པར་གཉིས་མེད་པ་ཁོ་ན་ཡིན་ན། འོ་ན་དེ་ཇི་ལྟར་འགྲོ་བ་རྒྱུ་བ་དང་མི་རྒྱུ་བ་གཟུང་བ་དང་འཛིན་པའི་ངོ་བོར་གཉིས་སུ་སྣང་སྙམ་པ་ལ། སྣང་བ་འདི་ཡིད་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། འདི་སྐད་དུ་ཇི་སྲིད་དུ་མ་རིག་པའི་དབང་གིས་བདག་ཉིད་གཟུང་བ་དང་འཛིན་པའི་ངོ་བོར་སྣང་བ་དེ་སྲིད་དུ་ཡིད་འདི་ཡིན་ཏེ། ཁོང་དུ་ཆུད་ཅིང་རྟོགས་པའི་ཕྱིར་རོ། །དེའི་ཕྱིར་ཡིད་སྣང་བའི་དབང་གིས་གཉིས་དམིགས་སོ་ཞེས་བཤད་པར་འགྱུར་རོ། །གང་གི་ཚེ་ཡིད་ཀྱི་ཡིད་ལོག་པའི་ཚེ་མི་དམིགས་སོ། །གལ་ཏེ་ནམ་ཞིག་ལྡོག་སྙམ་པ་ལ། གང་ཚེ་ཀུན་ཏུ་མི་རྟོག་པ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་འཛིན་པ་མེད་ཅེས་བྱ་བ་ནི་འཛིན་པའི་འཛིན་པ་མེད་པའོ། །གང་ལ་


DTG107_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པར་བརྗོད་པའི་ཚུལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །སྔར་ཞེས་བྱ་བ་ནི་སྔར་དངོས་པོ་རྟག་པ་ཐམས་ཅད་རྒྱ་ཆེར་བསལ་ཟིན་པའི་ཕྱིར་རོ། །གཞན་ཡང་ཞེས་བྱ་བ་ནི་སུན་དབྱུང་བ་གཞན་སྟོན་པ་སྟེ། འདིས་ནི་བཅིང་བ་དང་གྲོལ་བ་ཁས་བླངས་པ་དག་ཀུན་རྫོབ་ཏུ་ཡང་མེད་པར་ཐལ་བར་འགྱུར་བར་བསྟན་ཏོ། །རྣལ་འབྱོར་པ་རྣམས་ཀྱིས་བསྒོམས་པ་ལ་སོགས་པའི་སྒྲིབ་པ་ཡང་འབྲས་བུ་མེད་པར་ཐལ་བར་བསྟན་པའི་ཕྱིར་རོ། །ཅི་ཞིག་ཅེས་བྱ་བ་སྨོས་ཏེ། རྣལ་འབྱོར་གོམས་པས་ཅི་ཞིག་བཟློག་ཅིང་ཅི་ཞིག་བསྒྲུབ་ཅེས་བྱ་བར་སྦྱར་རོ། །མི་ཟློགས་པ་ཡི་གཏན་ཚིགས་སུ། །སྤང་བར་ནུས་པ་མ་ཡིན་ནོ། །ཞེས་བྱ་བ་སྨོས་སོ། །དེའི་བདག་ཉིད་ཅེས་བྱ་བ་ནི་བདག་རྟག་པའི་བདག་ཉིད་དེ། རྟག་པ་གཅིག་པུའི་ངོ་བོ་ནི་སྤང་བར་མི་ནུས་པའི་ཕྱིར་རོ། །བསྒྲུབ་ཏུ་མི་རུང་བའི་གཏན་ཚིགས་སུ་ཤེས་པ་ཡང་དག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་ཅེས་བྱ་བ་ནི་ཡང་དག་པའི་ཤེས་པ་ནི་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །བུམ་པ་ལ་སོགས་པ་ཞིག་པ་ན་ཞེས་གང་སྨྲས་པ་དེ་ལ་སུན་དབྱུང་བ་བུམ་པའི་ནམ་མཁའི་དཔེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེར་ཡང་ཞེས་བྱ་བ་ནི་ནམ་མཁའ་ལའོ། །ཇི་ལྟར་བྱིས་པ་རྣམས་ལ་ནི། །ཞེས་བྱ་བ་དེ་ལ། ཡང་སུན་དབྱུང་བ་དེ་ཁོ་ན་མཐོང་བ་གོམས་པས་གློ་བུར་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །ཇི་ལྟར་མུན་ཁུང་མ་གཏོགས་ཏེ། །ཞེས་བྱ་བ་ལ་སོགས་པ་དེ་ལ་ཡང་སུན་དབྱུང་བ་ངེས་པ་དང་མ་ངེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཐམས་ཅད་ཀྱིས་ནི་ངེས་པ་ལ་སོགས་པ་ཆོས་འགལ་བ་ཁས་བླངས་པའི་ཕྱིར། སྐྱེས་བུ་རྟག་པ་གཅིག་བུ་ཉིད་དུ་ཁས་བླངས་པ་གང་ཡིན་པ་དེ་ལ་གནོད་དོ་ཞེས་བསྟན་པ་ཡིན་ནོ། །གཉིས་མིན་གཉིས་སྣང་ཞེས་བྱ་བའི་སྦྱོར་བ་དེ་ལ་ཡང༌། སུན་དབྱུང་བ་ཤེས་པའི་སྐྱེས་བུ་རྟག་པ་དང་གཅིག་པུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་བསྒྲུབ་པར་བྱ་བའི་ཆོས་ཅན་ལས་ལོག་པའི་དཔེའི་ཆོས་ཅན་མ་གྲུབ་པ་ཉིད་དུ་བསྟན་ཏོ། །གལ་ཏེ་སྤྱིར་ཆོས་ཅན་ཙམ་ལ་གཉིས་མེད་པའི་ངོ་བོར་བསྒྲུབ་ན་ནི། དེའི་ཚེ་གྲུབ་པ་སྒྲུབ་པ་ཡིན་ཏེ། ཁོ་བོ་ཅག་ཀྱང་རྣམ་པར་ཤེས་པ་སྨྲ་བ་ལ་དེ་བཞིན་དུ་ཁས་ལེན་པའི་ཕྱིར་རོ། །


DTG107_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན་རྟག་པ་ལ་ནི་གཏན་ཚིགས་ཀྱི་གཞི་མ་གྲུབ་པ་ཉིད་དང༌། དཔེའི་ཆོས་ཅན་ཡང་མ་གྲུབ་པ་ཉིད་ཡིན་ནོ། །དེ་དག་གིས་གང་བརྗོད་པ་ཞེས་བྱ་བ་ནི་གསང་བ་སྨྲ་བ་རྣམས་ཀྱིས་ཏེ། དེ་ནི་བདེ་བར་གཤགས་པའི་ལུགས་ལ་མཛེས་སོ་ཞེས་བྱ་བར་སྦྱར་ཏེ། དངོས་པོ་ཐམས་ཅད་ལ་ཁྱབ་པའི་སྟོང་པ་ཉིད་བསྟན་པ་ནི་བཅོམ་ལྡན་འདས་ཁོ་ནའི་ཡིན་གྱི། གཞན་དག་གི་ནི་མ་ཡིན་ནོ། །ཡེ་སྲིད་པ་ཞེས་བྱ་བ་ནི་ཡེ་སྲིད་པ་དབང་ཕྱུག་གི་ཡིན་པས་ཡེ་སྲེད་པའོ། །ཡང་དག་པ་ཉིད་ཅེས་བྱ་བ་ནི་དེ་ཁོ་ན་ཉིད་དོ། །སྔར་སྨོས་པ་ཞེས་བྱ་བ་ནི་དངོས་པོ་རྟག་པ་བསལ་བའི་ཚུལ་གྱིས་སོ། །རང་གི་སྡེ་པ་གང་དག་ཅེས་བྱ་བ་ནི་བཙུན་པ་དགེ་བསྲུངས་ལ་སོགས་པ་སྟེ་ཐམས་ཅད་གོ་སླའོ། །ཆོས་རྣམས་ཐམས་ཅད་རྟག་ཏུ་རང་བཞིན་སྟོང༌། །ཞེས་བྱ་བ་ལ་སོགས་པ་ནི་ཚིགས་སུ་བཅད་པའི་ལྷག་མ། རྒྱལ་སྲས་རྣམས་ཀྱིས་དངོས་པོ་རྣམས་བཤིག་ན། །སྲིད་པ་ཀུན་ནི་ཡོང་གིས་ཐམས་ཅད་སྟོང༌། །ཕྱོགས་གཅིག་སྟོང་ཉིད་མུ་སྟེགས་ཅན་རྣམས་ཀྱི། །ཞེས་བྱ་བ་གསུངས་སོ། །འདིར་ཡང་གསུངས་པ་ཞེས་བྱ་བ་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་སོ། །རྐྱེན་ལས་བྱུང་བ་ཞེས་བྱ་བ་ནི། རྟེན་ཅིང་འབྲེལ་པར་འབྱུང་བའིའོ། །ཅིའི་ཕྱིར་མ་མཐོང་སྙམ་པ་ལ། གལ་ཏེ་དོན་གཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དོན་གཅིག་ཅིག་དོན་དམ་པར་ཡོད་པར་གྱུར་ན་ཡང༌། དེའི་ཚེ་ཅིའི་ཕྱིར། ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་ཁས་བླང༌། འདིས་ནི་ཐ་སྙད་འདི་འཇིག་རྟེན་དང་འགལ་བ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །མདོ་སྡེ་མང་དང་འགལ་བར་འགྱུར། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ཕྱིན་ཅི་ལོག་མ་གཏོགས་པར་བྱིས་པ་རྣམས་གང་ལ་གནས་ནས་ལས་མངོན་པར་འདུ་བྱེད་པར་འགྱུར་བའི་ཆོས་ཉིད་སྐྲའི་རྩེ་མོའི་ཆ་ཤས་གཞག་པ་ཙམ་ཡང་མེད་དོ་ཞེས་གསུངས་པ་དང༌། འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས། རིགས་ཀྱི་བུ་འཇིག་རྟེན་གནས་པ་འདི་ནི་སྐྱེ་བ་དང་འགག་པ་ལ་མངོན་པར་ཞེན་པ་ཡིན་ཏེ། དེ་ལྟ་བས་ན་དེ་བཞིན་གཤེགས་པ་ནི་འཇིག་རྟེན་སྐྲག་པའི་གནས་ཡོངས་སུ་སྤང་པའི་ཕྱིར་ཐ་སྙད་ཀྱི་དབང་གིས་སྐྱེའོ། །འགག་གོ་ཞེས་གསུང་གི་འདི་ལ་ཆོས་གང་


DTG107_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྐྱེ་བ་མེད་དོ་ཞེས་གསུངས་སོ། །ཁྱབ་དང་དབང་ལ་སོགས་ཞེས་བྱ་བ་ནི་ཁྱབ་འཇུག་དང་དབང་ཕྱུག་ལ་སོགས་པའོ། །དཔག་ཏུ་མེད་པར་གནས་པའི་རྒྱུ་ཞེས་བྱ་བ་ནི་ཐ་སྙད་ཐམས་ཅད་རྣམ་པར་གཞག་པའི་རྒྱུའོ། །འཇིག་རྟེན་སྤྱི་བོར་གྱུར་པས་ཀྱང༌། །ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་ངོ༌། །ཀྱང་གི་སྒྲས་ནི་སོ་སོའི་སྐྱེ་བོ་མཆོག་རྣམས་ཀྱིས་ཀྱང་ངོ༌། །ཟླ་བའི་འོད་ཟེར་བཞིན་དག་པས་ན་ཟླ་བའི་འོད་ཟེར་ལྟར་དག་པའོ། །བདག་མེད་པ་དང་པོ་ནི་གང་ཟག་ལ་བདག་མེད་པའོ། །གང་དག་ལ་ལོག་པར་བསྟན་པའི་གྲུབ་མཐར་འཆེལ་བའི་བློ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ལུགས་རྗེས་འཇུག་བློ་ཅན་རྣམས། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ལུགས་ཀྱི་རྗེས་སུ་འཇུག་པའི་བློ་ཅན་རྣམས་སོ། །དེ་བཞིན་གཤེགས་པའི་བསྟན་པ་གང་ལ་སྙིང་རྗེ་ཉིད་རིགས་ཀྱི་ཁྱིམ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །མེ་ལྕེ་ཞེས་བྱ་བ་ནི་མེའོ། །གྲངས་ཡོད་པ་ཞེས་བྱ་བ་ནི་གཅིག་ཁོ་ནའོ། །ཆོས་ཀྱི་སྐུ་ལ་ཞེས་བྱ་བ་ནི་གནོད་པ་ཞེས་བྱ་བར་སྦྱར་ཏེ། ཆོས་ཀྱི་སྐུའི་ས་བོན་དེ་ཁོ་ན་ཉིད་ལ་མོས་པ་གང་ཡིན་པ་དེ་ལ་གནོད་པ་བྱེད་པར་ཞུགས་པའི་ཕྱིར་རོ། །ཡང་གསུངས་པ་ཞེས་བྱ་བ་ནི་འཕགས་པ་ཀླུ་སྒྲུབ་ལ་སོགས་པ་སྟེ། འདིར་ཚིགས་སུ་བཅད་པ་དང་པོ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཡིན་ནོ། །གཉིས་པ་ལ་སོགས་པ་ནི་འཕགས་པ་ལྷའི་ཡིན་ནོ། །གཏི་མུག་དབང་གིས་བསྒྲིབས་གྱུར་ཏེ། །ཞེས་པ་ནི་གཏི་མུག་གིས་ཀུན་ནས་བསྒྲིབས་པའོ། །ཟླ་བ་སྒྲོན་མའི་ཏིང་ངེ་འཛིན་ལས་དང་པོ་བཟོད་པའི་ཁྱད་པར་བསྟན་པ་ལས་ཇི་སྐད་གསུངས་པ་བཞིན་ནོ་ཞེས་བྱ་བ་ནི་དེ་ལས། འཇིག་རྟེན་འདི་ན་མུ་སྟེགས་ཅན་གཞན་གང༌། །འཁོད་པ་དག་ལ་དེ་ནི་ཡིད་མི་སྡང༌། །དེ་དག་རྣམས་ལ་སྙིང་རྗེ་ཉེར་འཇོག་ལ། །འདི་ནི་བཟོད་པ་དང་པོའི་བྱེ་བྲག་ཡིན། །ཞེས་བྱ་བ་འབྱུང་ངོ༌། །གངས་ནི་ཁ་བའོ། །དེའི་རང་བཞིན་གྱི་རི་སྟེ། རི་བོ་ནི་གངས་རིའོ། །དེ་ཡི་ཁ་བའི་དུ་མ་གྲུགས་ནི། །གངས་རིའི་ཁ་བའི་དུ་མ་གྲུགས་སོ། །དེ་ནི་ཉི་མའི་འོད་ཟེར་ཤིན་ཏུ་འཇེབས་པའང་ཡིན་ལ། གངས་རིའི་ཁ་བའི་དུ་མ་གྲུགས་ལ་བབས་པ་ཡང་ཡིན་པས་ཞེས་ཚིག་རྣམ་


DTG107_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྦྱར་ཏེ། དེ་དང་འདྲ་བའི་ཕྱིར་རོ། །རིགས་ངན་ཞེས་བྱ་བ་ནི་གདོལ་པའོ། །ཐོག་མ་དང་བར་དང་ཐ་མར་དགེ་བ་ཞེས་བྱ་བ་ནི་ཐོས་པ་དང༌། བསམས་པ་དང༌། བསྒོམས་པའི་དུས་སུ་གོ་རིམས་ཇི་བཞིན་པ་འམ། །ཡང་ན་མངོན་སུམ་དང༌། རྗེས་སུ་དཔག་པ་དང༌། ཕན་ཚུན་དཔྱོད་པ་དག་ཏུའོ། །གསེར་ནི་ས་ལེ་སྦྲམ་མོ། །གང་ལ་འཁོར་བ་ན་མ་འདྲིས་པའི་ཡེ་ཤེས་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་མི་དང་ལྷ་ཡུལ་པའི་འདྲེན་པ་མཐའ་དག་གི་ཅོད་པན་གྱི་ཕྲེང་བས་བརྒྱན་པ་ཡང་ཡིན་ལ་ཞབས་པདྨ་གཉིས་ཀྱང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་རོ། །ཡང་དག་ཡེ་ཤེས་ཚོལ་བརྩོན་ཞེས་བྱ་བ་ནི་གྱུར་ནས་ཞེས་བྱ་བ་ལྷག་མ་ཡིན་ནོ། །གང་དག་ལ་བློ་མི་གཞིབ་པ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ལྷག་མ་ནི་གོ་སླ་བས་རྣམ་པར་མ་ཕྱེའོ། །དབུ་མའི་རྒྱན་གྱི་དཀའ་འགྲེལ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་རེ་ན་དྲ་བོ་དྷི་དང༌། པྲ་ཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།འདི་ལ་ཤློ་ཀ་སྟོང་སུམ་བརྒྱ་བརྒྱད་ཅུ་ཡོད་དོ།།

དབུ་མ་སྣང་བ་ཞེས་བྱ་བ།


DTG107_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་དྷྱ་མ་ཀཱ་ལོ་ཀ་ནཱ་མ། བོད་སྐད་དུ། དབུ་མ་སྣང་བ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདི་ན་མི་མཁས་གང་དག་ལྟ་བ་ཉམས་པས་དངོས་ལ་ཞེན་པའི་གདོན་ཆེན་གྱིས། །ཟིན་པའི་དབང་གིས་བློ་གྲོས་ཉམས་པས་ཆེ་བའི་ཆེ་བ་ཀླུ་སྒྲུབ་ལ་སོགས་ལ། །སྨོད་པར་བྱེད་ཀྱང་བདག་ཉིད་ཕུང་བ་འབའ་ཞིག་བྱེད་དུ་ཟད་པ་དེ་དག་གི །འབྱུང་པོའི་གདོན་རྣམས་ཞི་བར་བྱ་ཕྱིར་སྙིང་རྗེས་གསོ་བའི་ཐབས་ནི་བརྩམ་པར་བྱ། །ཀུན་ནས་ཉོན་མོངས་པའི་དྲ་བ་མཐའ་དག་འབྱུང་བའི་རྩ་བ་ནི་དངོས་པོར་མངོན་པར་ཞེན་པ་ཡིན་པས་དེ་ཡོངས་སུ་སྤངས་ཏེ། ལེགས་པའི་གོ་འཕང་འདོད་པ་རྣམས་ལ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་པའི་ཕྱིར་འདི་རྩོམ་མོ། །འདི་ན་ཁ་ཅིག་དོན་དམ་པ་ཟབ་མོའི་ཚུལ་གྱི་རྒྱ་མཚོའི་གཏིང་མི་དཔོགས་ནས་སྨྲ་བ། ལུང་ངམ་རིགས་པའི་སྒོ་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྒྲུབ་པར་འགྱུར་གྲང་ན། རེ་ཞིག་བཀའ་ལུང་གི་སྒོ་ནས་ནི་ནུས་པ་མ་ཡིན་ཏེ། དེ་


DTG107_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཡང་ཁས་མི་ལེན་པའི་ཕྱིར་རོ། །ཚིག་ནི་འདོད་པ་ཙམ་གྱི་རྗེས་སུ་བྱེད་པ་ཡིན་ཏེ། དེ་ལྟ་བུའི་དངོས་པོ་དང་འབྲེལ་པ་མེད་པས་ཚད་མ་དང་མི་ལྡན་པའི་ཡང་ཕྱིར་རོ། །འབྲེལ་པ་ཡོད་དུ་ཆུག་ན་ཡང་ཚུ་རོལ་མཐོང་བ་རྣམས་ཀྱིས་གཏན་ལ་དབབ་པར་མི་ནུས་པའི་ཕྱིར་རོ། །རྟོགས་པར་བྱེད་པ་གང་དག་དེའི་གསུང་རབ་ཀྱི་ལུགས་ཁས་ལེན་པ་དེ་དག་ལ་ཡང་གང་གིས་ན་ཐེ་ཚོམ་མེད་པར་དངོས་པོ་མ་ལུས་པའི་ངོ་བོ་ཉིད་མེད་པར་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཚིག་ནི་ཅུང་ཟད་ཀྱང་ཉེ་བར་བསྟན་པར་མི་ནུས་སོ། །མདོ་ཁ་ཅིག་ལས་ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་མ་སྐྱེས་པ་གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་གང་ཡིན་པ་དེ་ཡང་དྲང་བའི་དོན་ཉིད་དུ་རྟོགས་པར་བྱ་སྟེ། བཅོམ་ལྡན་འདས་ཀྱི་བསྟན་པ་ནི་དགོངས་པ་སྣ་ཚོགས་ཀྱི་སྒོ་ནས་འཇུག་པའི་ཕྱིར་རོ། །དེ་ལ་ངོ་བོ་ཉིད་གསུམ་པོ་ཀུན་བརྟགས་པ་དང༌། གཞན་གྱི་དབང་དང༌། ཡོངས་སུ་གྲུབ་པ་རྣམས་ནི་གོ་རིམས་བཞིན་དུ་མཚན་ཉིད་དང༌། སྐྱེ་བ་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་ལས་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་གསུངས་ཏེ། དེ་བས་ན་ངོ་བོ་ཉིད་མེད་པའི་ཕྱིར་མ་སྐྱེས་པའོ། །དེའི་ཕྱིར་གཟོད་མ་ནས་ཞི་བའོ། །དེའི་ཕྱིར་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། དེ་བཞིན་དུ་བཅོམ་ལྡན་འདས་ཉིད་ཀྱིས་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པ་ལས་མདོའི་དོན་གྱི་དགོངས་པ་སྦྱར་བ་བསྟན་པ་ཡིན་ནོ། །གཞན་ཡང་གཉིས་སུ་སྣང་བའི་རྣམ་པར་ཤེས་པ་ཁོ་ནར་ཆོས་ཐམས་ཅད་སྐྱེ་བ་ལ་སོགས་པ་བྱེ་བྲག་འབྱེད་ཀྱི། རང་རིག་པ་ཙམ་གྱིས་ནི་མ་ཡིན་ནོ། །གཉིས་སུ་སྣང་བ་ཡང་བརྫུན་པའི་ཕྱིར་དེས་རྣམ་པར་གཞག་པའི་ངོ་བོ་ཐམས་ཅད་ཀྱང་བརྫུན་པ་ཉིད་ཡིན་ནོ། །དེ་བས་ན་ཀུན་བརྟགས་པའི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་སོགས་པར་གསུངས་ཀྱི། དོན་དམ་པར་ནི་མ་ཡིན་ཏེ། དེའི་ཕྱིར་རེ་ཞིག་ལུང་གི་སྒོ་ནས་ནི་ནུས་པ་མ་ཡིན་ནོ། །རིགས་པའི་སྒོ་ནས་ཀྱང་མ་ཡིན་ཏེ། འདི་ལྟར་རེ་ཞིག་མངོན་སུམ་གྱིས་ནི་དངོས་པོ་མ་ལུས་པ་དབེན་པར་རྟོགས་པར་མི་འགྱུར་ཏེ། དེའི་ཡུལ་ནི་དངོས་པོ་ཡིན་པའི་ཕྱིར་


DTG107_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དངོས་པོ་མེད་པ་ནི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ཇི་ལྟར་ཡང་རང་གི་ངོ་བོ་ཉེ་བར་སྟོན་པས་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཉིད་དུ་རིགས་པ་མ་ཡིན་པའི་ཕྱིར་རོ། །ཇི་སྟེ་སྐྱེད་པར་བྱེད་པ་ཉིད་ཡིན་ན་ནི་དངོས་པོ་ཉིད་དུ་ཐལ་བར་འགྱུར་ཏེ། དངོས་པོའི་མཚན་ཉིད་ནི་དོན་བྱེད་ནུས་པ་ཡིན་པའི་ཕྱིར་རོ། །མངོན་སུམ་གང་ཡིན་པ་དེ་ཡང་ངོ་བོ་ཉིད་དང་བཅས་པ་ཡིན་ན་ནི་དེའི་ཚེ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་དམ་བཅས་པ་ཉམས་པར་འགྱུར་རོ། །འོན་ཏེ་དེ་ངོ་བོ་ཉིད་མེད་པ་ཡིན་ན་ནི། ཇི་ལྟར་དེས་དངོས་པོ་མ་ལུས་པ་དབེན་པར་རྟོགས་པར་འགྱུར། གཞན་ཡང་དོན་གཞན་གྱིས་དབེན་པའི་ཕྱོགས་ལ་སོགས་པ་འགའ་ཞིག་འཛིན་ན་ནི་དེ་ལས་གཞན་པས་སྟོང་པ་ཉིད་མངོན་སུམ་གྱིས་རྟོགས་པར་བྱ་བ་ཡིན་པར་འགྱུར་ན། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་སྨྲ་བ་རྣམས་ལ་ནི་གང་འགའ་ཞིག་མངོན་སུམ་དུ་དམིགས་པས་ཆོས་ཐམས་ཅད་དབེན་པར་རྟོགས་པར་འགྱུར་བ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་དབེན་པའི་དངོས་པོ་ནི་ཅུང་ཟད་ཀྱང་མེད་དེ། དེ་ཡང་ཆོས་ཐམས་ཅད་ཀྱི་ནང་དུ་འདུས་པའི་ཕྱིར་རོ། །འོན་ཏེ་ནང་དུ་མ་འདུས་ན་ནི་རང་གིས་དམ་བཅས་པ་ཉམས་པར་འགྱུར་རོ། །འདི་ནི་ཐམས་ཅད་མཁྱེན་པ་ལ་སོགས་པ་རྣལ་འབྱོར་པའི་མངོན་སུམ་གྱིས་ཡང་དག་པར་རྟོགས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ཡང་མཁས་པ་རྣམས་ཡོངས་སུ་ཚིམ་པར་མི་འགྱུར་ཏེ། དེ་ལ་རིགས་པ་མེད་པའི་ཕྱིར་རོ། །གལ་ཏེ་རྣལ་འབྱོར་པའི་ཤེས་པ་དེ་ཡང་མེད་པ་ཞིག་ཡིན་ན་ནི། དེའི་ཚེ་དེ་ཇི་ལྟར་ཚད་མར་འགྱུར། འོན་ཏེ་ཡོད་ན་ནི་དེའི་ཚེ་དམ་བཅས་པ་ཉམས་པར་འགྱུར་རོ། །རྗེས་སུ་དཔག་པའི་སྒོ་ནས་ཀྱང་དངོས་པོ་མ་ལུས་པ་སྟོང་པ་ཉིད་དུ་བསྒྲུབ་པར་ནུས་པ་མ་ཡིན་ཏེ། ཁྱེད་ལ་གཞི་ཆོས་ཅན་འགའ་ཡང་མེད་པའི་ཕྱིར་དང་གཏན་ཚིགས་དང་དཔེ་ལ་སོགས་པ་ཡང་མ་སྐྱེས་པའི་ཕྱིར་གཏན་ཚིགས་ཐམས་ཅད་གཞི་དང་རང་གི་ངོ་བོ་མ་གྲུབ་པ་ཁོ་ན་ཡིན་ན་ཇི་ལྟར་དེས་དེ་བསྒྲུབ་པར་འགྱུར། ཇི་སྟེ་གཞན་ལ་གྲུབ་པའི་ཕྱིར་ཕ་རོལ་པོས་ཁས་བླངས་པའི་གཏན་ཚིགས་ལ་སོགས་པས་རང་གི་ཕྱོགས་རབ་ཏུ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། ལུགས་ནི་སྒྲུབ་པ་དང་སུན་འབྱིན་པ་གཉི་ག་


DTG107_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གྲུབ་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ཡིན་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་ཕ་རོལ་པོས་ཁས་བླངས་པའི་གཏན་ཚིགས་ལ་སོགས་པ་དངོས་སུ་ཡོད་པ་ཁོ་ན་མ་ཡིན་གྱི། གཞན་དག་རྣམ་པར་རྨོངས་པས་དེ་ཡོད་པ་ཉིད་དུ་ཉེ་བར་བརྟགས་པ་འབའ་ཞིག་ཏུ་ཟད་ན་ནི་ཇི་ལྟར་དེས་ན་ཁྱེད་ཀྱི་ཕྱོགས་ཡང་དག་པར་འགྲུབ་པར་འགྱུར། འོན་ཏེ་དེ་དངོས་པོའི་ཚུལ་གྱིས་ཡོད་པ་ཁོ་ན་ཡིན་ན་ནི་འོ་ན་ནི་དེའི་ཚེ་གཞན་འབའ་ཞིག་ལ་གྲུབ་པ་མ་ཡིན་ཏེ། ཁྱེད་ལ་ཡང་གྲུབ་པའི་ཕྱིར་རོ། །དངོས་པོ་རྣམས་གྲུབ་པ་དང་མ་གྲུབ་པ་ནི་སྐྱེས་བུའི་འདོད་པས་ལྷག་པར་འབྲང་བ་ནི་མ་ཡིན་ནོ། །ཕ་རོལ་པོས་ཁས་བླངས་པའི་སྒྲུབ་པ་ལ་སོགས་པ་ཡོད་པ་ཉིད་དུ་ཁས་ལེན་ན་དངོས་པོ་རྣམས་ངོ་བོ་ཉིད་དང་བཅས་པ་ཉིད་དུའང་ཅིའི་ཕྱིར་ཁས་མི་བླང༌། གང་དུ་ཡང་ཆོས་ཐམས་ཅད་དབེན་པ་དང་རྟགས་གང་དང་ཡང་ལྷན་ཅིག་འབྲེལ་པར་མ་གྲུབ་སྟེ། དེ་ནི་ཤིན་ཏུ་ལྐོག་ཏུ་གྱུར་པའི་ཕྱིར་རོ། །ཇི་སྟེ་གྲུབ་ན་ནི་ཐམས་ཅད་ཀྱིས་དེ་ཁོ་ན་མཐོང་བ་ཉིད་དུ་ཐལ་བར་ཡང་འགྱུར་ལ། དང་པོ་ཉིད་ནས་གྲུབ་ཟིན་པའི་ཕྱིར་རྟགས་ཀྱི་རྗེས་སུ་འབྲང་བ་དོན་མེད་པ་ཡང་ཡིན་ནོ། །གཞན་ཡང་རེ་ཞིག་རང་བཞིན་དང་འབྲས་བུའི་གཏན་ཚིགས་དག་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྒྲུབ་ནུས་པ་མ་ཡིན་ཏེ། དེ་དག་ནི་དངོས་པོ་སྒྲུབ་པའི་ཕྱིར་རོ། །ཁྱེད་ཀྱི་ལུགས་ཀྱིས་དེ་གཉིས་སྲིད་པ་ཡང་མ་ཡིན་ཏེ། འདི་ལྟར་ཆོས་ཐམས་ཅད་མ་སྐྱེས་བ་ཉིད་ཀྱིས་ཅི་ཡང་གང་དང་ཡང་ལྷན་ཅིག་རྒྱུ་དང་འབྲས་བུའི་དངོས་པོར་ཁས་མི་ལེན་པའི་ཕྱིར་འབྲས་བུའི་གཏན་ཚིགས་མི་སྲིད་དོ། །ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་གང་གི་ཡང་རང་གི་ངོ་བོ་ཅི་ཡང་མེད་པས་རང་བཞིན་གྱི་གཏན་ཚིགས་ལྟ་ག་ལ་ཡོད། མི་དམིགས་པ་ཡང་དེ་སྒྲུབ་པར་ནུས་པ་མ་ཡིན་ཏེ། འདི་ལྟར་རེ་ཞིག་རང་བཞིན་མི་དམིགས་པ་མེད་པའི་ཐ་སྙད་གྲུབ་པ་གང་ཡིན་པ་དེ་ནི་མངོན་སུམ་གྱིས་གཞན་གྱིས་དབེན་པའི་དངོས་པོ་རྟོགས་ན་དམ་པ་མ་ཡིན་པའི་བསྟན་བཅོས་མཉན་པས་ཡིད་རྣམ་པར་རྨོངས་པ་ཁ་ཅིག་དེ་ལ་གཞན་གྱིས་དབེན་པར་ཐ་སྙད་འཇུག་པར་མི་བྱེད་པ་རྣམས་ལ་དེའི་ཐ་སྙད་རབ་ཏུ་སྒྲུབ་པའི་ཕྱིར་རབ་ཏུ་སྦྱོར་བ་ཡིན་ན་ཁྱེད་ལ་ནི་གང་དུ་དེའི་ཐ་སྙད་རབ་ཏུ་བསྒྲུབ་པར་བྱ་བ་ཆོས་ཐམས་


DTG107_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱིས་རབ་ཏུ་དབེན་པའི་དངོས་པོ་མངོན་སུམ་གྱིས་རྟོགས་པ་དེ་ལྟ་བུ་ཅུང་ཟད་ཀྱང་མེད་དེ། རང་གི་ཕྱོགས་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བཤད་ཟིན་པ་ཉིད་དོ། །དེ་དང་འགལ་བ་དམིགས་པ་ལ་སོགས་པ་ཡང་མི་སྲིད་པ་ཁོ་ན་སྟེ། དེ་ནི་ཤིན་ཏུ་ལྐོག་ཏུ་གྱུར་པའི་ཕྱིར་ཆོས་ཐམས་ཅད་དབེན་པ་དང་འགའ་ཡང་ལྷན་ཅིག་འགལ་བ་ལ་སོགས་པ་མ་གྲུབ་པའི་ཕྱིར་རོ། །འོན་ཏེ་གྲུབ་ན་ནི་དེ་དང་འགལ་བ་ལ་སོགས་པ་ཁོ་ན་དངོས་པོ་ཉིད་དུ་གྲུབ་པའི་ཕྱིར་མི་འདོད་པར་འགྱུར་བ་མ་ཡིན་ནོ། །འདི་ལྟར་དངོས་པོ་རྣམས་ཀྱི་འགལ་བ་ནི་རྣམ་པ་གཉིས་སུ་རྣམ་པར་གཞག་སྟེ། ལྷན་ཅིག་མི་གནས་པའི་མཚན་ཉིད་དང༌། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་དོ། །དེ་ལ་རྒྱུ་མ་ཚང་བ་མེད་པ་གང་ཞིག་གང་ཡོད་པས་ངེས་པར་མེད་པ་དེ་གཉིས་ནི་འགལ་བ་དང་པོར་རྣམ་པར་གཞག་སྟེ། དཔེར་ན་གྲང་བ་དང་ཚ་བའི་རེག་པ་ལྟ་བུའོ། །གང་ལ་གང་ཞིག་ཡོངས་སུ་གཅོད་པ་གང་རྣམ་པར་གཅད་པ་མེད་ན་མེད་པ་དེ་གཉིས་ནི་དེ་ལ་འགལ་བ་གཉིས་པར་རྣམ་པར་གཞག་སྟེ། དཔེར་ན་ཆོས་ཅན་གཅིག་ལ་ཅིག་ཅར་དངོས་པོ་ཡོད་པ་དང་མེད་པ་དག་ལྟ་བུའོ། །འགལ་བ་དེ་ལྟ་བུ་རྣམ་པ་གཉིས་ཀ་ཡང་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་སྨྲ་བ་ལ་མི་སྲིད་པ་ཁོ་ན་སྟེ། ནམ་མཁའི་ཨུཏྤལ་ལ་སོགས་པ་ལ་རྒྱུ་མ་ཚང་བ་ཉིད་ཀྱང་མེད་ལ་གཞན་རྣམ་པར་གཅད་པས་ཡོངས་སུ་གཅོད་པ་ཡང་མེད་དེ། དེ་ནི་དངོས་པོའི་མཐའ་ཡིན་པའི་ཕྱིར་རོ། །ཡོད་པར་རྣམ་པར་གཅད་པས་འདི་ཡོངས་སུ་གཅོད་པར་རྣམ་པར་འཇོག་མོད་ཀྱི། དེ་ཡང་ལ་ལར་ཡོད་པ་འགའ་ཞིག་རྣམ་པར་གཅད་པ་གྲུབ་ན། གྲུབ་པར་འགྱུར་བ་ཞིག་ན། ཁྱེད་ནི་གང་དུ་ཡང་གང་ཞིག་རྣམ་པར་གཅད་པར་འགྱུར་བ་གང་ཡང་ཡོད་པ་མི་འདོད་དོ། །ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་ཉེ་བ་ཡིན་ན་ཁྱེད་ལ་རྒྱུ་མ་ཚང་བ་མེད་པ་འགའ་ཡང་ཡོད་པར་མ་གྲུབ་པོ། །ཇི་སྟེ་གྲུབ་ན་ནི་རྒྱུ་མ་ཚང་བ་མེད་པ་གང་ཡིན་པ་དེ་ཉིད་དངོས་པོ་གྲུབ་པར་གྱུར་པ་ཡིན་ནོ། །གལ་ཏེ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་རྣམ་པར་གཅད་པས་ངོ་བོ་ཉིད་འགའ་ཞིག་ཡོངས་སུ་གཅོད་པར་གྱུར་ན་ནི་དེའི་ཚེ་དེ་ཉིད་ཁོ་བོ་ཅག་གི་དངོས་པོ་བསྒྲུབས་པར་ཡང་འགྱུར་བས་དེ་ལྟ་ན་རེ་ཞིག་དེ་དང་འགལ་བ་དམིགས་པ་མི་སྲིད་དོ། །དེ་མི་སྲིད་


DTG107_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ན་འགལ་བས་ཁྱབ་པ་དམིགས་པ་ལ་སོགས་པ་ཡང་མི་སྲིད་པ་ཁོ་ན་སྟེ། དེ་ཐམས་ཅད་འགལ་བས་རབ་ཏུ་ཕྱེ་བའི་ཕྱིར་འགལ་བ་མ་གྲུབ་ན་དེ་དག་ཀྱང་མི་སྲིད་པའི་ཕྱིར་རོ། །ཁྱབ་པར་བྱེད་པ་མི་དམིགས་པ་ཡང་ཁྱབ་པར་བྱ་བ་དང༌། ཁྱབ་པར་བྱེད་པའི་དངོས་པོ་ཡང་དག་པར་གྲུབ་ན་ཁྱབ་པར་བྱ་བ་དགག་པའི་ཕྱིར་རབ་ཏུ་སྦྱོར་བ་ཡིན་ན། ཆོས་ཐམས་ཅད་ངོ་བོ་ཉིད་དང་བཅས་པ་མ་ཡིན་པ་ཉིད་ལ་ནི་གང་གིས་ཀྱང་ཁྱབ་པར་མ་གྲུབ་པོ། །ཇི་སྟེ་གྲུབ་ན་ནི་ཁྱབ་པ་གང་ཡིན་པ་དེ་ཉིད་དངོས་པོར་གྲུབ་པར་འགྱུར་རོ། །རྒྱུ་མི་དམིགས་པ་ཡང་རྒྱུ་དང་འབྲས་བུའི་དངོས་པོར་གྲུབ་ན་འབྲས་བུའི་རང་གི་ངོ་བོ་ཉིད་དགག་པའི་ཕྱིར་རབ་ཏུ་སྦྱོར་བ་ཡིན་ན། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་ལ་ནི་རྒྱུ་དང་འབྲས་བུའི་དངོས་པོར་གྲུབ་པ་མེད་དོ། །གྲུབ་ན་ནི་རྒྱུ་དང་འབྲས་བུར་གྱུར་པ་དེ་ཉིད་དངོས་པོར་གྲུབ་པར་འགྱུར་རོ། །ཆོས་ཐམས་ཅད་ལ་ཡང་གང་ཞིག་བཀག་པས་འདི་དག་ངོ་བོ་ཉིད་མེད་པ་ཉིད་དུ་འགྲུབ་པར་འགྱུར་བའི་བྱེད་རྒྱུ་གཅིག་པུ་ནི་འགའ་ཡང་མེད་དོ། །ཁ་ཅིག་གིས་དབང་ཕྱུག་ལ་སོགས་པ་བྱེད་རྒྱུ་གཅིག་པུ་ཁས་བླངས་པ་གང་ཡིན་པ་དེ་བཀག་ཀྱང་འདི་དག་ངོ་བོ་ཉིད་མེད་པ་ཉིད་དུ་ནི་འགྲུབ་པར་མི་འགྱུར་ཏེ། ཐམས་ཅད་རང་གི་རྒྱུ་ཁོ་ན་ལས་སྐྱེ་བའི་ཕྱིར་རོ། །འདི་དག་ནི་སོ་སོ་རང་རང་གི་རྒྱུ་དགག་པར་བྱ་བར་ཡང་མི་ནུས་ཏེ། དེ་ནི་གྲགས་པའི་ཕྱིར་རོ། །གཞན་ཡང་བདག་མེད་པ་ཆོས་ཐམས་ཅད་ཀྱི་ཡུལ་ཅན་དུ་སྒྲུབ་ན་དེའི་ཚེ་དཔེ་མ་གྲུབ་པ་ཡིན་ནོ། །གཟུགས་བརྙན་ལ་སོགས་པ་དཔེ་གང་དག་ཡིན་པ་དེ་དག་ཀྱང་ཁ་ཅིག་ནི་ཕྱིའི་དངོས་པོའི་ངོ་བོ་ཁོ་ནར་འདོད་ལ། གཞན་དག་ནི་ཤེས་པའི་ངོ་བོ་ཉིད་དུ་འདོད་པས་དེ་དག་དངོས་པོ་ཉིད་དུ་འདོད་པ་ཁོ་ན་ཡིན་ནོ། །འོན་ཏེ་ཉི་ཚེ་བའི་བདག་མེད་པ་བསྒྲུབ་པར་འདོད་ལ། དེ་ལ་ཡང་གལ་ཏེ་མུ་སྟེགས་པས་ཀུན་བརྟགས་པའི་གཙོ་བོ་ལ་སོགས་པ་འགོག་པར་བྱེད་ན་ནི་དེའི་ཚེ་གྲུབ་པ་སྒྲུབ་པར་བྱེད་པ་ཉིད་དོ། །འོན་ཏེ་འཇིག་རྟེན་ན་གྲགས་པ་གཟུགས་ལ་སོགས་པ་ཡིན་ན་ནི་དེའི་ཚེ་དཔེ་ཡང་མེད་ལ། དམ་བཅས་པ་ཡང་མངོན་སུམ་དང་འགལ་ལོ། །གཞན་ཡང་གལ་ཏེ་རྗེས་སུ་དཔག་པའི་འབྲེལ་པ་རབ་ཏུ་གྲུབ་པར་བྱ་བའི་ཕྱིར་མངོན་སུམ་ཚད་མར་ཁས་ལེན་ན་


DTG107_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དེའི་ཚེ་དངོས་པོར་གྲུབ་པ་ཉིད་དེ། འདི་ལྟར་མངོན་སུམ་གྱི་མཚན་ཉིད་ནི་རྟོག་པ་དང་བྲལ་ཞིང་མ་ནོར་བ་ཞེས་བྱ་བ་ཡིན་ནོ། །མ་ནོར་བའི་ཤེས་པས་གཏན་ལ་ཕབ་པའི་དངོས་པོའི་ངོ་བོ་ཉིད་དག་ཀྱང་ཇི་ལྟར་རྗེས་སུ་དཔག་པས་གསལ་བར་བྱ་བར་ནུས། དེ་སེལ་ན་ནི་མངོན་སུམ་ལ་གནོད་པ་བྱས་པར་འགྱུར་རོ། །དེ་ལ་གནོད་ན་ནི་རྗེས་སུ་དཔག་པ་ཡང་ལེགས་པར་མི་གནས་པར་འགྱུར་རོ། །མངོན་སུམ་དེ་ཉིད་ལས་འབྲེལ་པ་ཐོབ་པའི་རྗེས་སུ་དཔག་པས་ཡང་དེ་ཉིད་ལ་གནོད་པ་བྱེད་པར་ཡང་ཇི་ལྟར་འགྱུར། འོན་ཏེ་མངོན་སུམ་དུ་གྲུབ་པའི་དོན་ལ་གནོད་པར་མི་བྱེད་ན་ནི་དེའི་ཚེ་དངོས་པོར་སྨྲ་བ་རྣམས་ལེགས་པར་གནས་པ་ཁོ་ན་ཡིན་ཏེ། ཐོབ་པར་བྱ་བ་ཐོབ་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་འགྲུབ་པར་བྱ་བའི་ཕྱིར་གཏན་ཚིགས་ཡོད་པའི་ཆོས་ཤིག་སྟོན་ན་ནི་དེའི་ཚེ་དེ་ལས་བཟློག་པ་བསྒྲུབ་པའི་ཕྱིར་གཏན་ཚིགས་འགལ་བ་ཡིན་ནོ། །འོན་ཏེ་མེད་པའི་ཆོས་ཤིག་ཡིན་ན་ནི་དེའི་ཚེ་མེད་པ་དང་དངོས་པོ་མེད་པར་ལྷན་ཅིག་ཕན་ཚུན་འབྲེལ་པ་མེད་པའི་ཕྱིར་ཇི་ལྟར་ན་སྒྲུབ་པ་ཉིད་ཡིན། ཇི་སྟེ་གཉི་གའི་ཆོས་ཤིག་ཡིན་ན་ནི་དེ་ཡང་ངེས་པ་མ་ཡིན་ཏེ། མི་མཐུན་པའི་ཕྱོགས་ལ་ཡང་ཡོད་པའི་ཕྱིར་རོ། །གང་ལས་དེ་འགྲུབ་པར་འགྱུར་བའི་ཚད་མ་གཞན་ཡང་ཡོད་པ་མ་ཡིན་ནོ། །དེ་ནི་ཚིག་ཙམ་གྱིས་ཀྱང་མི་འགྲུབ་སྟེ། ཐམས་ཅད་ཀྱིས་ཐམས་ཅད་འགྲུབ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཚིག་ཀྱང་འགལ་ཏེ་ངོ་བོ་ཉིད་མེད་པ་ཡིན་ན་ནི་ཇི་ལྟར་དེ་གྲུབ་པར་འགྱུར། ཐལ་བར་བསྒྲུབས་པས་ཀྱང་མངོན་པར་འདོད་པའི་དོན་མི་འགྲུབ་སྟེ། དེ་ལྟ་བུའི་ཐལ་བ་ཉིད་མ་གྲུབ་པའི་ཕྱིར་རོ། །ཐལ་བར་སྒྲུབ་པའི་སྒོ་ནས་ནི་གཞན་གྱི་ཕྱོགས་ལ་གནོད་པ་ཙམ་དུ་འགྱུར་གྱི། རང་གི་ཕྱོགས་འགྲུབ་པ་ནི་མ་ཡིན་ཏེ། དེ་ནི་གཉི་ག་ལ་གྲུབ་པའི་གཏན་ཚིགས་གཞན་ལ་ལྟོས་པའི་ཕྱིར་རོ། །གང་ཡང་དངོས་པོ་རྣམས་ནི་རང་ལས་མི་སྐྱེ་སྟེ། མ་སྐྱེས་པ་རྣམས་ནི་མེད་པས་གང་དུ་ཡང་རྒྱུ་ཉིད་དུ་མི་འཐད་པའི་ཕྱིར་རོ། །སྐྱེས་ཟིན་པ་རྣམས་ཀྱང་ཡང་བདག་ཉིད་བསྐྱེད་པ་དོན་མེད་དེ། གྲུབ་ཟིན་པའི་ཕྱིར་རོ། །བྱེ་བྲག་མེད་པ་ཡིན་ན་ནི་རྒྱུ་དང་འབྲས་བུའི་དངོས་པོར་ཡང་རིགས་པ་མ་


DTG107_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། དེའི་རྒྱུ་ནི་བྱེ་བྲག་ཡིན་པའི་ཕྱིར་རོ། །དངོས་པོ་རྣམས་གཞན་ལས་ཀྱང་མི་སྐྱེ་སྟེ། གཞན་ཉིད་མ་གྲུབ་པའི་ཕྱིར་རོ། །གཞན་ཡང་རེ་ཞིག་གཞན་དུ་གྱུར་པ་རྟག་པ་ལས་ཀྱང་འདི་དག་མི་སྐྱེ་སྟེ། རྟག་པ་ནི་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པར་འགལ་བའི་ཕྱིར་རོ། །མི་རྟག་པ་ལས་ཀྱང་རེ་ཞིག་ཞིག་པ་ལས་ནི་མ་ཡིན་ཏེ། དེ་ནི་དེའི་ཚེ་མེད་པའི་ཕྱིར་རོ། །མ་ཞིག་པ་ལས་ཀྱང་མ་ཡིན་ཏོ། །རྒྱུ་དང་འབྲས་བུ་དག་མཉམ་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དུས་མཉམ་པར་འབྱུང་བ་དག་ནི་རྒྱུ་དང་འབྲས་བུའི་དངོས་པོར་ཡང་རིགས་པ་མ་ཡིན་ཏེ། གྲུབ་ཟིན་པའི་གནས་སྐབས་ན་གཉི་ག་ཡང་གྲུབ་པའི་ངོ་བོ་ཉིད་ཡིན་པས་ཕན་ཚུན་ཕན་འདོགས་པར་མི་བྱེད་པའི་ཕྱིར་རོ། །མ་གྲུབ་པའི་གནས་སྐབས་ན་ནི་གཉི་ག་ཡང་མེད་པའི་ཕྱིར་རོ། །ཧ་ཅང་ཕན་འདོགས་པར་མི་བྱེད་པ་ཉིད་དོ། །གཉི་ག་ལས་ཀྱང་མི་སྐྱེ་སྟེ། ཇི་སྐད་བཤད་པའི་སྐྱོན་གཉི་གར་ཐལ་བར་འགྱུར་བའི་ཕྱིར་དང༌། གཅིག་ལ་གཉིས་ཉིད་འགལ་བའི་ཕྱིར་རོ། །དངོས་པོ་རྣམས་ནི་རྒྱུ་མེད་པ་ཉིད་དུ་འབྱུང་བ་ཡང་མ་ཡིན་ཏེ། རེས་འགའ་བ་ཉིད་དུ་མཐོང་བའི་ཕྱིར་རོ་ཞེས་ཟེར་བ་དེ་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་རང་ལས་མ་ཡིན། གཉི་ག་ལས་མ་ཡིན། རྒྱུ་ཞིག་པ་ལས་ཀྱང་མ་ཡིན། རྒྱུ་མེད་པ་ལས་ཀྱང་མ་ཡིན། རྒྱུ་རྟག་པར་འདོད་པ་ལས་ཀྱང་འབྲས་བུ་མི་སྐྱེའོ་ཞེས་བྱ་བ་འདི་ནི་རིགས་ན། རྒྱུ་གཞན་མི་རྟག་པར་འདོད་པ་མ་ཞིག་པ་ལས་འབྲས་བུ་སྐྱེ་བ་ལ་གོ་འགལ་བ་ཅི་ཞིག་ཡོད་ན་གང་གི་ཕྱིར་དེ་ལས་འབྲས་བུ་སྐྱེ་བ་ཡང་དགག །འདི་ལ་ནི་གནོད་པ་བྱེད་པའི་ཚད་མ་ཡང་ཅུང་ཟད་ཀྱང་མེད་དོ། །གཞན་དུ་གྱུར་པ་དངོས་པོ་ཙམ་ཡང་མི་འགྲུབ་པ་ཡང་མ་ཡིན་ཏེ། འདི་ལྟར་གང་གི་མཇུག་ཐོགས་སུ་འབྲས་བུ་སྐྱེ་བར་འགྱུར་བ་དེ་ཉིད་གཞན་ཞེས་བྱའོ། །འབྲས་བུ་སྐྱེ་བའི་སྔོན་རོལ་དུ་དེ་ལ་གཞན་ཞེས་བྱ་བ་མ་གྲུབ་ཏུ་ཟིན་ཀྱང་དངོས་པོ་ལ་ནི་ཉམས་པ་མེད་པ་ཉིད་དོ། །ཁ་ཅིག་གིས་གཞན་ཡིན་པའི་ཕྱིར་ཞེས་གནོད་པ་ཅན་གྱི་ཚད་མ་སྨྲས་པ་གང་ཡིན་པ་དེ་ཡང་མ་ངེས་པ་ཡིན་ཏེ། གཞན་ཉིད་དང་སྐྱེད་པར་བྱེད་པར་འགལ་བ་མེད་པའི་ཕྱིར་རོ། །མི་འགལ་བའི་ཚུལ་དེ་ནི་དགག་


DTG107_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

པར་ནུས་པ་ཡང་མ་ཡིན་ཏེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ནི་གཞན་འགའ་ཞིག་ལ་དབུལ་བ་ཉིད་དང༌། བླུན་པ་ཉིད་ལ་སོགས་པའི་ཆོས་མཐོང་བས་གཞན་ཉིད་ཀྱི་གཏན་ཚིགས་ཀྱི་འགྲོ་བ་ཐམས་ཅད་དབུལ་བ་ལ་སོགས་པའི་ཆོས་ཉེ་བར་ལེན་པར་འགྱུར་ཏེ། འོན་ཏེ་གཞན་མ་ཞིག་པ་མ་ཆོད་པ་ལས་འབྲས་བུ་སྐྱེ་ན་རྒྱུ་དང་འབྲས་བུ་དག་དུས་མཉམ་པ་ཉིད་དུ་ཐལ་བར་འགྱུར་བ་གནོད་པ་ཅན་གྱི་ཚད་མ་ཡིན་ནོ་སྙམ་དུ་སེམས་ན་དེ་ཡང་རིགས་པ་མ་ཡིན་ནོ། །མཆོད་པར་འབྲས་བུ་སྐྱེ་ཡང་རྒྱུ་དང་འབྲས་བུ་དག་དུས་མཉམ་པ་ཉིད་དུ་ཐལ་བར་མི་འགྱུར་ཏེ། སྐད་ཅིག་མ་ཉིད་ཀྱིས་འབྲས་བུ་ཡོད་པའི་དུས་ན་རྒྱུ་མི་གནས་པའི་ཕྱིར་རོ། །གང་གི་ཚེ་འབྲས་བུ་ཡོད་པར་གྱུར་པ་དེ་ཉིད་ཀྱི་ཚེ་རྒྱུ་འགག་པར་འགྱུར་ཏེ། སྲང་མདའི་མཐོན་དམན་བཞིན་པས་དུས་མཉམ་པ་ཉིད་དུ་ལྟ་ཐལ་བར་ག་ལ་འགྱུར། དེས་ན་རྒྱུ་གནས་སུ་ཟིན་ཀྱང་དེའི་ཚེ་འབྲས་བུ་གྲུབ་ཟིན་པའི་ཕྱིར་དོན་མེད་པ་ཉིད་དོ། །གཞན་ཡང་དཔེར་ན་དངོས་པོ་ཞིག་ནས་མེད་པ་མཆོད་པར་སྐད་ཅིག་མ་གཉིས་པ་ལ་གཞག་པར་བྱ་བ་དངོས་པོ་དང་ལྷན་ཅིག་དུས་གཅིག་པ་ཉིད་དུ་མི་འགྱུར་བ་ལྟར་འབྲས་བུ་ཡང་དེ་དང་འདྲ་བས་མི་འགལ་བ་ཉིད་དོ། །དཔེར་ན་གྲིབ་མ་དང་ཉི་མ་དག་དང་འབབ་ཆུའི་རྒྱུན་དག་ལ་ཆུའི་རྒྱུན་སྔ་ཕྱི་དག་མཆོད་ཀྱང་ཡུལ་གཅིག་པ་ཉིད་མ་ཡིན་པ་ལྟར་འདི་ལ་ཡང་དེ་དང་འདྲ་བས་དུས་གཅིག་པ་ཉིད་དུ་མི་འགྱུར་རོ། །གཞན་དངོས་པོར་གྱུར་པ་ཁས་མི་ལེན་པའི་ཕྱིར་གཏན་ཚིགས་ཅིག་ཤོས་ལ་མ་གྲུབ་པ་ཡིན་ནོ། །གང་ཡང་འབྲས་བུ་ཡོད་པ་ཡང་མི་སྐྱེ་སྟེ། སྐྱེ་བ་དོན་མེད་པའི་ཕྱིར་རོ། །མེད་པ་ཡང་མ་ཡིན་ཏེ། རི་བོང་གི་རྭ་ལ་སོགས་པ་ཡང་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་ཟེར་བ་དེ་ཡང་རིགས་པ་མ་ཡིན་ཏེ། འབྲས་བུ་ཡོད་པ་སྐྱེ་བ་དགག་ན་ཁྱེད་ལ་གཉི་ག་ལ་གྲུབ་པའི་གཏན་ཚིགས་དང་དཔེ་མེད་དེ། གྲུབ་ན་ནི་ངོ་བོ་ཉིད་མེད་པ་ཉིད་དུ་དམ་བཅས་པ་ཉམས་པར་འགྱུར་རོ། །གྲངས་ཅན་ལ་སོགས་པས་ཀུན་བརྟགས་པའི་འབྲས་བུ་ཡོད་པར་སྨྲ་བ་མི་རུང་དུ་ཆུག་ན་ཡང༌། འབྲས་བུ་མེད་པ་སྐྱེ་བ་ལ་གོ་འགལ་བ་ཅི་ཞིག་ཡོད་ན་གང་གིས་ན་འདི་ཡང་དགག །རི་བོང་གི་རྭ་ལ་སོགས་པ་ཡང་སྐྱེ་བར་ཐལ་བར་ཡང་མི་


DTG107_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། དེ་དག་ལ་དེ་ལྟ་བུའི་རྒྱུ་མེད་པའི་ཕྱིར་མི་སྐྱེ་བ་ཡིན་གྱི་མེད་པའི་ཕྱིར་ནི་མ་ཡིན་ནོ། །ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་ཡང་མི་འགྱུར་ཏེ། རྒྱུའི་ནུས་པ་སོ་སོར་ངེས་པའི་སྒོ་ནས་རྣམ་པར་གནས་པ་ངེས་པའི་ཕྱིར་རོ། །རྒྱུའི་ནུས་པ་སོ་སོར་ངེས་པ་ཡང་གདོན་མི་ཟ་བར་ཁས་བླང་དགོས་ཏེ། དེ་ལྟ་མ་ཡིན་ན་རྒྱུ་དང་འབྲས་བུའི་དངོས་པོ་ཀུན་རྫོབ་པ་ལ་ཡང་ཅིའི་ཕྱིར་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་མི་འགྱུར། གཞན་ཡང་གལ་ཏེ་ཞིག་པ་དང་མ་ཞིག་པ་ལ་སོགས་པའི་རྣམ་པར་རྟོག་པ་དོན་དམ་པ་པའི་སྐྱེ་བ་ལ་གནོད་པ་བྱེད་ན་ཀུན་རྫོབ་པ་ལ་ཡང་ཅིའི་ཕྱིར་གནོད་པ་མི་བྱེད་དེ། དངོས་པོའི་སྟོབས་ལས་འོངས་པའི་གཏན་ཚིགས་ཀྱི་ཡུལ་ནི་སྐྱེས་བུའི་འདོད་པའི་དབང་གིས་རྣམ་པར་དབྱེ་བར་རིགས་པ་མ་ཡིན་ནོ། །འོན་ཏེ་མངོན་སུམ་གྱིས་གནོད་པར་དོགས་པས་དེ་ལ་གཏན་ཚིགས་མི་འཇུག་གོ་ཞེ་ན། འོ་ན་ནི་འདི་གཏན་ཚིགས་མ་ཡིན་ཏེ། གནོད་པར་བྱར་རུང་བའི་ཕྱིར་རོ། །གང་དག་རྒྱུ་གཅིག་ལས་ཀྱང་འབྲས་བུ་དུ་མ་སྐྱེ་བར་རིགས་པ་མ་ཡིན་ལ། དུ་མ་ལས་ཀྱང་གཅིག་སྐྱེ་བར་རིགས་པ་མ་ཡིན་ནོ། །གཞན་དུ་ན་རྒྱུའི་ཐ་དད་པ་ཉིད་ཀྱིས་ཐ་དད་པར་བྱེད་པ་མ་ཡིན་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་དུ་མ་ལས་ཀྱང་འབྲས་བུ་དུ་མ་མི་སྐྱེ་སྟེ། འདི་ལྟར་གལ་ཏེ་འབྲས་བུ་རེ་རེ་ལ་རྒྱུ་ཐམས་ཅད་ཀྱིས་བྱེད་ན་ནི་དེའི་ཚེ་རྒྱུ་ཐ་དད་པ་དེ་ཉིད་ཐ་དད་པར་བྱེད་པ་མ་ཡིན་པར་འགྱུར་ཏེ། དུ་མ་ལས་རེ་རེ་ཞིག་སྐྱེ་བའི་ཕྱིར་རོ། །འོན་ཏེ་རེ་རེ་ལ་མི་བྱེད་ན་ནི་དེའི་ཚེ་ཇི་ལྟར་དུ་མ་ལས་དུ་མ་སྐྱེ་བ་ཡིན། གཅིག་ལས་གཅིག་སྐྱེ་བ་ཡང་མ་ཡིན་ཏེ། མིག་ལ་སོགས་པའི་དབང་པོ་དག་ལས་དེའི་རྣམ་པར་ཤེས་པ་སྐྱེའི་དེའི་ཚེ་རང་གི་རིགས་མ་ཐུན་པའི་སྐད་ཅིག་མ་མི་སྐྱེ་ན་ཐམས་ཅད་ལོང་བ་དང་འོན་པ་ལ་སོགས་པའི་དངོས་པོར་ཐལ་བར་འགྱུར་རོ་ཞེས་ཟེར་བ་དེ་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་རེ་ཞིག་ལོང་བ་དང་འོན་པ་ལ་སོགས་པའི་དངོས་པོར་ཐལ་བར་འགྱུར་བ་གླེང་བ་གང་ཡིན་པ་དེ་ཁས་མི་ལེན་པའི་ཕྱིར་མི་སྲིད་པ་ཉིད་དོ། །ཐམས་ཅད་ཚོགས་པ་ཁོ་ན་ལས་སྐྱེ་བའི་ཕྱིར་གཅིག་ལས་གཅིག་སྐྱེ་བ་ནི་ཅུང་ཟད་ཀྱང་མེད་དོ། །


DTG107_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་ན་གཅིག་ལས་དུ་མ་སྐྱེ་བ་དང༌། དུ་མ་ལས་གཅིག་སྐྱེ་བ་འགལ་བར་འགྱུར་བ་རྒྱུའི་རང་གི་ངོ་བོ་ཡང་འཕོས་ནས་སྐྱེད་པར་བྱེད་པ་ཉིད་དུ་མི་འདོད་མོད་ཀྱི། འོན་ཀྱང་མར་མེ་ལ་སོགས་པའི་རང་གི་ངོ་བོ་དུ་མ་ཅན་ཡོད་པ་ཙམ་གྱིས་འབྲས་བུ་རང་གི་ངོ་བོ་དུ་མ་ཅན་སྐྱེད་པ་མཐོང་བ་ཉིད་དོ། །རྒྱུའི་ཐ་དད་པ་ཐ་དད་པར་བྱེད་པ་མ་ཡིན་པར་ཐལ་བར་ཡང་མི་འགྱུར་ཏེ། རྒྱུའི་བྱེ་བྲག་ལས་འབྲས་བུའི་བྱེ་བྲག་སྐྱེ་བའི་ཕྱིར་རོ། །རྒྱུའི་བྱེ་བྲག་ལས་འབྲས་བུའི་བྱེ་བྲག་སྐྱེའོ་ཞེས་བྱ་བ་གང་ཡིན་པ་འདི་ཁོ་ན་རྒྱུའི་ཐ་དད་པ་ཐ་དད་པར་བྱེད་པ་ཉིད་ཡིན་ནོ། །གང་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱིས་ཞི་བའོ་ཞེས་ཟེར་བ་གང་ཡིན་པ་དེ་ཡང་འདིའི་མ་ངེས་པ་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དང༌། ངོ་བོ་ཉིད་དང་བཅས་པར་ལྷན་ཅིག་འགལ་བ་མེད་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ངོ་བོ་ཉིད་དང་བཅས་པ་ཉིད་དུ་གྲགས་པའི་ཕྱིར་གཏན་ཚིགས་འགལ་བ་ཉིད་ཀྱང་ཡིན་ཏེ། ནམ་མཁའི་མེ་ཏོག་ལ་སོགས་པ་མ་སྐྱེས་པ་རྣམས་ནི་ངོ་བོ་ཉིད་དང་བཅས་པར་ཉམས་སུ་མྱོང་བ་མེད་དོ། །གལ་ཏེ་དངོས་པོ་རྣམས་དོན་དམ་པར་ངོ་བོ་ཉིད་དང་བཅས་པར་མ་གྱུར་ན་ནི་དེའི་ཚེ་འདི་དག་ཀུན་རྫོབ་ཏུ་ཡང་ངོ་བོ་ཉིད་དུ་མི་འགྱུར་ཏེ། གང་དག་དོན་དམ་པར་མེད་པ་དེ་དག་ནི་ཀུན་རྫོབ་ཏུ་ཡང་ངོ་བོ་ཉིད་དུ་མི་སྐྱེ་བར་མཐོང་སྟེ། དཔེར་ན་མོ་གཤམ་གྱི་བུ་ལྟ་བུའོ། །ངོ་བོ་ཉིད་མེད་པ་ཉིད་དུ་མཚུངས་ན་ཇི་ལྟར་གཟུགས་ལ་སོགས་པ་སྣང་བ་དེ་བཞིན་དུ་རི་བོང་གི་རྭ་ལ་སོགས་པ་ཡང་ཅིའི་ཕྱིར་སྣང་བར་མི་འགྱུར་ཏེ། སྣང་བའི་བྱེ་བྲག་ངེས་པ་འདི་ལ་རྒྱུ་ནི་ཅུང་ཟད་ཀྱང་མེད་དོ། །གང་དག་དངོས་པོ་ཐམས་ཅད་ནི་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་རང་བཞིན་མེད་པའོ་ཞེས་ཟེར་བ་དེ་ལ་ཡང་གལ་ཏེ་ཐལ་བར་སྒྲུབ་ན་ནི་དེའི་ཚེ་གཞན་དག་དེ་ལྟ་བུ་ཁས་མི་ལེན་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཡིན་ཏེ། གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་དངོས་པོ་ནི་སུ་ཡང་ཁས་མི་ལེན་ཏོ། །དེ་ཉིད་ཀྱི་ཕྱིར་རང་དགར་སྒྲུབ་ན་ཡང་གཏན་ཚིགས་ཅིག་ཤོས་ལ་མ་གྲུབ་པ་ཡིན་ནོ། །དེ་ལྟ་བུའི་ཆོས་ཅན་བདག་ཉིད་ལ་མ་གྲུབ་པའི་ཕྱིར་གཞི་མ་གྲུབ་པ་ཡང་ཡིན་ལ། མི་


DTG107_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་མ་ངེས་པ་ཡང་ཡིན་ནོ། །གཞན་ཡང་འདི་ལ་བསྒྲུབ་པར་བྱ་བ་དང་སྒྲུབ་པ་དག་མ་ཡིན་པའི་ངོ་བོ་ཉིད་དམ། མེད་པའི་ངོ་བོ་ཉིད་གཅིག་ཏུ་འགྱུར་གྲང་ན། གལ་ཏེ་མ་ཡིན་པའི་ངོ་བོ་ཉིད་ཡིན་ན་ནི་དེའི་ཚེ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་དངོས་པོའི་ངོ་བོར་ཁས་བླངས་པར་གྱུར་པས་དེ་ཡང་མི་འདོད་པར་འགྱུར་བ་མ་ཡིན་ནོ། །འོན་ཏེ་མེད་པའི་ངོ་བོ་ཉིད་གཅིག་ཡིན་ན་ནི་དེའི་ཚེ་རྟོགས་པར་བྱ་བ་དང༌། རྟོགས་པར་བྱེད་པའི་དངོས་པོར་མི་འགྱུར་ཏེ། གཉི་ག་ཡང་ངོ་བོ་ཉིད་མེད་པའི་ཕྱིར་དང༌། ཕན་ཚུན་འབྲེལ་པ་མེད་པའི་ཕྱིར་དང་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །གང་ཞིག་ཉེ་བར་བརྗོད་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་དེ་ནི་ཅུང་ཟད་ཀྱང་གོ་བར་མི་བྱེད་ཅིང༌། གོ་བར་བྱ་བ་ཡང་མ་ཡིན་ཏེ། དཔེར་ན་རྟའི་རྭ་ལྟ་བུ་ཡིན་ལ། ཇི་སྐད་བཤད་པའི་བསྒྲུབ་པར་བྱ་བ་དང༌། སྒྲུབ་པ་དག་ཀྱང་ཉེ་བར་བརྗོད་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ཡིན་ནོ། །གང་དག་ཕན་ཆུན་མ་འབྲེལ་པ་དེ་དག་ནི་གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོ་མ་ཡིན་ཏེ། དཔེར་ན་རི་འབིགས་བྱེད་དང་གངས་ཅན་དག་ལྟ་བུ་ཡིན་ལ། བསྒྲུབ་པར་བྱ་བ་དང༌། སྒྲུབ་པ་དག་ཀྱང་ཕན་ཚུན་མ་འབྲེལ་པ་ཡིན་ནོ། །ཅི་སྟེ་གཉི་ག་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་ཡོད་པ་ཁོ་ནའོ་སྙམ་དུ་སེམས་ན། དེ་ཡང་རིགས་པ་མ་ཡིན་ཏེ། དེའི་བདག་ཉིད་ནི་དངོས་པོ་ཁོ་ན་ལ་རྣམ་པར་གནས་པའི་ཕྱིར་རོ། །གང་ཞིག་གང་ལས་ཐ་དད་པའི་ངོ་བོ་ཉིད་མ་ཡིན་པ་དེ་དག་ལ་ནི་གོ་བར་བྱ་བ་དང༌། གོ་བར་བྱེད་པའི་དངོས་པོ་མེད་དེ། དཔེར་ན་ཤིང་དང་ལྗོན་པ་དག་ལྟ་བུ་ཡིན་ལ། ཇི་སྐད་བཤད་པའི་བསྒྲུབ་པར་བྱ་བ་དང༌། སྒྲུབ་པ་དག་ཀྱང་ཐ་དད་པའི་ངོ་བོ་ཉིད་མ་ཡིན་ནོ། །བྱས་པ་ཉིད་དང་མི་རྟག་པ་ཉིད་དག་གིས་མ་ངེས་པ་ཉིད་ཀྱང་མ་ཡིན་ཏེ། དེ་ལ་ནི་ལྡོག་པས་བྱས་པའི་བྱེ་བྲག་ཡོད་པའི་ཕྱིར་རོ། །གལ་ཏེ་འདི་ལ་ཡང་ལྡོག་པས་བྱས་པའི་བྱེ་བྲག་ཡོད་པ་ཁོ་ནའོ་སྙམ་དུ་སེམས་ན་དེ་ནི་རིགས་པ་མ་ཡིན་ཏེ། དེ་ལྟ་ན་ནི་སྔོན་པོ་དང་སེར་པོ་དག་བཞིན་དུ་དེ་དག་དངོས་པོ་ཉིད་དུ་འགྱུར་རོ། །གཞན་ཡང་ཇི་ལྟར་གཅིག་དང་དུ་མའི་རང་བཞིན་དང་བྲལ་


DTG107_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གཏན་ཚིགས་འདི་ཉིད་ཀྱིས་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་སྒྲུབ་པར་བྱེད་པ་དེ་བཞིན་དུ་ཆོས་ཅན་ཡང་དངོས་པོ་མེད་པར་སྒྲུབ་ན་ནི་ཆོས་ཅན་ལས་བཟློག་པ་སྒྲུབ་པའི་ཕྱིར་གཏན་ཚིགས་འགལ་བ་ཡིན་ཏེ། དེ་ལྟར་ན་ངོ་བོ་ཉིད་མེད་པ་ཉིད་དུ་སྒྲུབ་པ་ལ་ཚད་མ་ཅི་ཡང་མེད་དོ། །གཞན་ཡང་གལ་ཏེ་རྣམ་པར་ཤེས་པ་ཡང་ཆོས་གཞན་བཞིན་དུ་དོན་དམ་པར་ངོ་བོ་ཉིད་མེད་པ་ཡིན་ན་ནི་དེའི་ཚེ་དེ་ཡང་བརྫུན་པ་ཡིན་པའི་ཕྱིར་རྣལ་འབྱོར་བ་རྣམས་ཀྱིས་དེའི་ཆོས་གཞན་བཞིན་དུ་སྤོང་བར་བྱེད་པར་འགྱུར་རོ། །དེ་བྱེད་ན་ནི་རྣལ་འབྱོར་པ་ཡང་མེད། རྣལ་འབྱོར་པའི་ཤེས་པ་ཡང་མེད། དེས་དེ་ཁོ་ན་ཉིད་སོ་སོར་རིག་པ་ཡང་མེད། དེས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པ་ཡང་མེད། རྣམ་པ་ཐམས་ཅད་མཁྱེན་པ་ཡང་མེད་དེ། དེའི་ཕྱིར་རྣམ་པར་གཞག་པ་ཐམས་ཅད་རབ་ཏུ་བཤིག་པ་ཡིན་ནོ། །ཀུན་རྫོབ་ཏུ་རྣལ་འབྱོར་པའི་ཤེས་པ་ལ་སོགས་པ་ཁས་བླངས་པའི་ཕྱིར་སངས་རྒྱས་རྣམས་ཀྱང་ཕྱིན་ཅི་ལོག་དང་ལྡན་པར་ཐལ་བར་ཡང་འགྱུར་རོ། །གཞན་ཡང་ཁྱེད་ཀྱི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་དམ་བཅས་པ་འདི་ནི་རིགས་པ་དང་ལུང་ལ་སོགས་པ་དང་འགལ་བར་འགྱུར་རོ། །འདི་ལྟར་གཟུགས་ལ་སོགས་པ་ཡུལ་དང་དུས་ཀྱི་གནས་སྐབས་ཀྱི་བྱེ་བྲག་གིས་གསལ་བ་ཁོ་ནར་སྣང་བའི་ཕྱིར་ངོ་བོ་ཉིད་དང་བཅས་པ་ཉིད་དུ་ངེས་པས་རེ་ཞིག་དང་པོར་མངོན་སུམ་དང་འགལ་བ་འཇུག་པར་གསལ་བ་ཉིད་དོ། །མེ་ལ་སོགས་པའི་དངོས་པོ་གང་དག་ལྐོག་ཏུ་གྱུར་པའི་ངོ་བོ་ཉིད་དུ་འདོད་པ་དེ་དག་ཀྱང་དེར་འཁྲུལ་པ་མེད་པའི་རྟགས་དུ་བ་ལ་སོགས་པ་ངེས་པ་ལས་བྱུང་བའི་ཚད་མ་རྗེས་སུ་དཔག་པས་ཡང་དག་པར་གྲུབ་པའི་བདག་ཉིད་ཀྱི་ངོ་བོ་ཁོ་ནའོ། །དངོས་པོ་རྣམས་ཀྱི་སྐྱེ་བ་ཡང་རེས་འགའ་བ་ཉིད་ཀྱིས་རྒྱུ་དང་རྐྱེན་ལ་ལྟོས་པར་གྲགས་ཏེ། རྒྱུ་མེད་པ་ནི་ལྟོས་པ་མེད་པས་རེས་འགའ་བ་ཉིད་དུ་མི་འཐད་པའི་ཕྱིར་རོ། །དེའི་ཕྱིར་དམ་བཅས་པ་ལ་རྗེས་སུ་དཔག་པས་གནོད་པ་ཡང་ཡིན་ནོ། །སུམ་ཅུ་རྩ་གསུམ་པའི་གྲོང་ཁྱེར་ལ་སོགས་པ་ཤིན་ཏུ་ལྐོག་ཏུ་གྱུར་པ་གང་དག་ཡིན་པ་དེ་དག་ཀྱང་འཇིག་རྟེན་མཐའ་དག་གི་མིག་གཅིག་ཏུ་གྱུར་པ་སྐྱོབ་པ་


DTG107_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཀྱི་ཡེ་ཤེས་ཀྱི་སྤྱན་སྒྲིབ་པ་མི་མངའ་བས་མངོན་སུམ་དུ་གཟིགས་ཏེ། གཞན་དག་ལ་ཡང་བསྟན་པའི་ཕྱིར་ཡོད་པར་ཡིད་ཆེས་པའི་ལུང་གི་སྒོ་ནས་ཡང་དག་པར་གྲུབ་པས་ལུང་དང་འགལ་བ་ཡང་ཡིན་ཏེ། ནམ་མཁའི་མེ་ཏོག་ལ་སོགས་པ་མེད་པ་དག་ལ་ནི་དེ་ལྟར་གཟིགས་པ་དང་བསྟན་པ་འཐད་པ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཕྱི་དང་ནང་གི་དངོས་པོ་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པ་དུ་མར་བསྟན་པ་གང་ཡིན་པ་དེ་ཡང་འདི་དག་ངོ་བོ་ཉིད་མེད་ན་ཇི་ལྟར་རུང་སྟེ། ནམ་མཁའི་མེ་ཏོག་ལ་སོགས་པ་ཤིན་ཏུ་མེད་པ་རྣམས་ནི་གཏན་ནས་སྐྱེ་བར་འགྱུར་བ་མ་ཡིན་ནོ། །ལས་དགེ་བ་དང་མི་དགེ་བའི་འབྲས་བུ་དེ་ཉིད་ཀྱིས་ལྷ་དང་དམྱལ་བ་ལ་སོགས་པའི་འགྲོ་བར་གྱུར་པ་གང་དག་རང་བྱུང་ཉིད་ཀྱིས་ཡང་དག་པར་བསྟན་པ་དེ་དག་དང་ཡང་ཇི་ལྟར་འགལ་བར་མི་འགྱུར་ཏེ། རུས་སྦལ་གྱི་སྦུ་ལ་སོགས་པ་ཤིན་ཏུ་མེད་པ་རྣམས་ལས་གོས་བྱ་བར་བསྟན་པ་ནི་རིགས་པ་མ་ཡིན་ནོ། །དེའི་ཕྱིར་ལས་ཀྱི་འབྲས་བུ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་ལ་སྐུར་པ་བཏབ་པས་ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་སྐུར་བ་བཏབ་པར་འགྱུར་རོ། །མདོ་ལ་སོགས་པ་ལས་འཕགས་པ་རྣམས་ཀྱིས་ལམ་བསྒོམས་པའི་སྟོབས་ཀྱིས་གོང་ནས་གོང་དུ་འཇིག་རྟེན་ལས་འདས་པའི་འབྲས་བུ་རྟོགས་པར་རྣམ་པར་གཞག་པ་གང་ཡིན་པ་དེར་ཡང་མི་འགྱུར་ཏེ། རྟོགས་པ་དང༌། རྟོགས་པར་བྱ་བ་དང༌། རྟོགས་པར་བྱེད་པ་རྣམས་མེད་པའི་ཕྱིར་རོ། །རི་བོང་གི་རྭ་ལས་བྱས་པའི་ཐེམ་སྐས་ཀྱི་ལམ་ལ་མོ་གཤམ་གྱི་བུའི་རྐང་པ་བཞག་ནས་རྟའི་རྭ་ལས་བྱས་པའི་ཀ་བའི་ཚོགས་བཙུགས་པའི་ཁང་བཟངས་རྒྱ་ཆེ་ཞིང་རབ་ཏུ་མཐོ་བའི་སྟེང་དུ་འཛེག་པ་ནི་མེད་དེ། དེའི་ཕྱིར་རྣམ་པར་བྱང་བའི་ཕྱོགས་ལ་སྐུར་པ་བཏབ་པའི་ཉེས་པར་འགྱུར་རོ། །དེ་ལྟར་ཁྱེད་ཀྱི་ཕྱོགས་གཉི་ག་ལ་སྐུར་པ་བཏབ་ན་བདེན་པ་བཞི་བཀག་པ་ཡིན་ནོ། །ས་བོན་དང་མྱུ་གུ་ལ་སོགས་པ་བསྐྱེད་པར་བྱ་བ་དང༌། སྐྱེད་པར་བྱེད་པའི་དངོས་པོའི་ངོ་བོ་ཉིད་ཡིན་པར་གནག་རྗིའི་ཆུང་མ་ཡན་ཆད་ལ་གྲགས་པས་དམ་བཅས་པ་ལ་གྲགས་པས་གནོད་པ་ཡང་ཡིན་ནོ། །


DTG107_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཚིགས་སྦྱོར་བར་འདོད་པས་གཞན་དག་ངེས་པ་སྐྱེད་པར་འདོད་པ་ཉིད་ཀྱིས་དེ་ལས་ངེས་པ་སྐྱེ་བར་ཁས་བླངས་པའི་ཕྱིར་རང་གི་ཚིག་དང་འགལ་བ་ཡང་ཡིན་ནོ། །གང་ཡང་བཅོམ་ལྡན་འདས་ཉིད་ཀྱིས་མངོན་སུམ་ལ་སོགས་པའི་ཚད་མའི་སྒོ་ནས་དངོས་པོ་རྣམས་ཡོད་པ་ཉིད་དུ་བསྟན་པ་དེ་ལ་ཡང་གནོད་པར་འགྱུར་ཏེ། འདི་ལྟར་མིག་གི་རྣམ་པར་ཤེས་པ་དང་ལྡན་པས་སྔོན་པོ་ཤེས་ཀྱི་སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་སྔོན་པོ་ལ་སོགས་པའི་དངོས་པོ་རྣམས་མངོན་སུམ་གྱི་ཚད་མ་རྟོགས་པ་དང་བྲལ་བའི་མཚན་ཉིད་ཀྱིས་རྟོགས་པ་ཡིན་ནོ་ཞེས་བྱ་བ་རབ་ཏུ་བསྟན་ཏོ། །ནམ་མཁའི་ཨུཏྤལ་ལ་ཡོད་པའི་སྔོན་པོ་ལ་སོགས་པ་ནི་མིག་གི་སེམས་ཀྱིས་ཉམས་སུ་མྱོང་བ་མེད་དོ། །གང་ཅུང་ཟད་སྐྱེ་བའི་ཆོས་ཅན་ཡིན་པ་དེ་ཐམས་ཅད་ནི་འགོག་པའི་ཆོས་ཅན་ཡིན་ནོ་ཞེས་བྱ་བ་འདིས་གཏན་ཚིགས་ལ་བསྒྲུབ་པར་བྱ་བས་ཁྱབ་པས་ཉེ་བར་སྟོན་པ་མཛད་པས་དངོས་པོ་རྣམས་རྗེས་སུ་དཔག་པའི་ཚད་མས་རབ་ཏུ་གྲུབ་པའི་སྐད་ཅིག་མར་གནས་པའི་ཆོས་ཅན་ཡིན་ནོ་ཞེས་གསལ་བར་རབ་ཏུ་བསྟན་པ་ཡིན་ནོ། །དེ་བསྟན་པའི་ཕྱིར་དེ་དག་ངོ་བོ་ཉིད་དང་བཅས་པ་ཉིད་དུ་ཡང་དག་པར་བརྗོད་པ་ཡིན་ཏེ། ནམ་མཁའི་པདྨ་ལ་སོགས་པའི་ཤིན་ཏུ་མེད་པ་རྣམས་ལ་ནི་སྐྱེ་བ་དང་འཇིག་པའི་ཆོས་མི་འཐད་པའི་ཕྱིར་རོ། །དུ་བ་ལས་ནི་མེར་ཤེས་ཏེ། །ཆུ་སྐྱར་ལས་ནི་ཆུ་ཡིན་ནོ། །ཞེས་མེ་ལ་སོགས་པའི་དངོས་པོ་འབྲས་བུའི་གཏན་ཚིགས་ལས་ཡང་དག་པར་བྱུང་བའི་ངེས་པས་ངེས་པར་གཟུང་བའི་ངོ་བོ་ཉིད་ཡིན་ནོ་ཞེས་གསལ་བ་ཁོ་ནར་རབ་ཏུ་བསྟན་ཏེ། ཆུ་སྐྱར་ལ་སོགས་པའི་རྟགས་མཐོང་བས་སྨིག་རྒྱུའི་ཆུ་ལ་སོགས་པ་མེད་པའི་རྗེས་སུ་དཔག་པར་འཐད་པ་ནི་མ་ཡིན་ནོ། །ཆོས་ཐམས་ཅད་སྐྱེ་བ་མེད་པར་སྨྲ་བ་ལ་ཆོས་མངོན་པ་ལ་སོགས་པ་ལས་རྒྱུ་དྲུག་དང་རྐྱེན་བཞི་བཤད་པ་གང་ཡིན་པ་དེ་དག་ཀྱང་ཇི་ལྟར་རུང་སྟེ་བསྐྱེད་པར་བྱ་བ་འགའ་ཡང་མེད་ན་དེ་དག་གི་རྒྱུ་ལ་སོགས་པ་མི་འཐད་པའི་ཕྱིར་རོ། །མདོ་ལས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་གིས་ཆོས་མཐའ་དག་ཡང་དག་པར་བསྡུས་པར་བརྗོད་ལ། ཕུང་པོ་ལ་སོགས་པ་དེ་དག་ཐམས་ཅད་


DTG107_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བཅོམ་ལྡན་འདས་ཀྱིས་རྒྱུ་དང་འབྲས་བུ་ཁོ་ནའི་ངོ་བོར་རབ་ཏུ་བསྟན་ན། དེ་ཇི་ལྟར་ཆོས་ཐམས་ཅད་མ་སྐྱེས་པ་ཡིན་པར་འགྱུར། གལ་ཏེ་ཕུང་པོ་ལ་སོགས་པ་ལས་མ་གཏོགས་པའི་ཆོས་ཤིག་མི་སྐྱེ་བར་སྒྲུབ་ན་ནི་དེའི་ཚེ་བརྩད་པ་མེད་དེ་དེ་ལས་མ་གཏོགས་པའི་ཆོས་ནི་ཁོ་བོ་ཅག་ཀྱང་ཁས་མི་ལེན་ཏོ། །ཇི་སྟེ་ཀུན་རྫོབ་ཏུ་ཚད་མ་ལ་སོགས་པ་ཁས་ལེན་པའི་ཕྱིར་སུན་དབྱུང་བ་འདི་ཐམས་ཅད་ཀྱིས་གླགས་མི་ཐོད་དོ་སྙམ་དུ་སེམས་ན། འོ་ན་ནི་དེའི་ཚེ་དངོས་པོ་ཁས་བླངས་པ་ཁོ་ནར་འགྱུར་ཏེ། འདི་ལྟར་ཚད་མ་ལ་སོགས་པ་ཀུན་རྫོབ་ཅེས་བྱ་བ་གང་ཡིན་པ་དེ་ནི་གདོན་མི་ཟ་བར་ཉེ་བར་བརྗོད་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་རི་བོང་གི་རྭ་ལ་སོགས་པ་ལས་ལོག་པར་བརྗོད་དགོས་སོ། །དེ་ལྟར་མ་ཡིན་ན་འཇིག་རྟེན་དང་ལུང་དང་འགལ་བ་ཇི་ལྟར་སྤོངས་པར་འགྱུར། ཁོ་བོ་ཅག་ནི་ནུས་པ་མ་ལུས་པ་དང་བྲལ་བའི་མཚན་ཉིད་རི་བོང་གི་རྭ་ལ་སོགས་པ་ལས་ལོག་པ་གང་ཡིན་པ་དེ་ཉིད་ལ་དངོས་པོ་ཞེས་བརྗོད་དེ། གལ་ཏེ་ཁྱེད་ལ་ཡང་ཀུན་རྫོབ་ཏུ་ཡོད་དོ་ཞེས་མིང་དུ་འདོགས་ན་ནི་དགའ་དགུར་འདོགས་ལ་རག་གོ །མིང་དུ་བཏགས་པ་ཙམ་གྱི་སྒོ་ནས་ནི་དངོས་པོ་དེ་ལྟ་བུའི་ངོ་བོར་འབྲང་བ་མེད་དེ། ཧ་ཅང་ཐལ་བར་འགྱུར་པའི་ཕྱིར་རོ། །གཞན་ཡང་ཀུན་རྫོབ་ཅེས་བྱ་བ་འདི་ཡང་ཅི་ཡིན་པ་བརྗོད་དགོས་སོ། །གལ་ཏེ་ཐམས་ཅད་མེད་པ་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། ཕན་ཚུན་འགལ་བའི་ཕྱིར་རོ། །འདི་ལྟར་ཀུན་རྫོབ་ཅེས་བྱ་བ་ནི་ནུས་པ་མེད་པར་སྨྲས་པར་འགྱུར་ལ། སྐྱེ་བ་ལ་སོགས་པ་ཞེས་བྱས་ན་ནི་དེ་ནུས་པ་ཡིན་ན། དེ་ཇི་ལྟར་ནུས་པ་དང་མི་ནུས་པ་ཕན་ཚུན་འགལ་བ་འདི་དག་གཅིག་ལ་ལྡན་པར་འགྱུར། མེད་པའི་སྒོ་ནས་ཡོད་པ་ཉིད་འགྲུབ་པར་ཡང་ཇི་ལྟར་འགྱུར། ཇི་སྟེ་ཐམས་ཅད་མེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དངོས་པོའི་ངོ་བོ་ཉིད་ཁོ་ན་ཀུན་རྫོབ་ཡིན་ནོ་ཞེ་ན་ནི་དེའི་ཚེ་བརྩད་པ་མེད་དེ། ཁྱེད་ཀྱིས་དམ་བཅས་པ་ནི་ཉམས་པར་འགྱུར་རོ། །དངོས་པོ་ཡང་སྐྱེ་བ་ཁོ་ན་ཞེས་བྱའོ། །དེའི་ཕྱིར་ཀུན་རྫོབ་ཏུ་སྐྱེའོ་ཞེས་བྱ་བ་ཇི་སྐད་དུ་བཤད་པར་འགྱུར་ཞེ་ན། སྐྱེ་བ་སྐྱེ་བོ་ཞེས་བྱ་བ་ཡིན་ནོ། །ཀུན་རྫོབ་ལས་བཟློག་པ་སྐྱེ་བ་མེད་


DTG107_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་དོན་དམ་པ་ཡིན་པས་དེའི་ཚེ་དོན་དམ་པར་སྐྱེ་བ་མེད་དོ་ཞེས་བྱ་བ་སྐྱེ་བ་མེད་པ་སྐྱེ་བ་མེད་དོ་ཞེས་སྨྲ་བར་འགྱུར་རོ། །དེ་ལྟ་ན་ནི་བརྗོད་པ་འབྲེལ་བ་མེད་པར་འགྱུར་རོ། །གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་རྣམ་པར་རྟོག་པ་ཡང་འགལ་བའི་ཕྱིར་མི་སྲིད་པ་ཁོ་ནའོ། །འོན་ཏེ་མི་རྟག་པའི་དོན་ཀུན་རྫོབ་ཀྱི་དོན་ཡིན་ནོ་ཞེ་ན། དེའི་ཚེ་མི་རྟག་པ་ཞེས་བྱ་བ་འདི་ཅི་ཞིག་ཡིན། གལ་ཏེ་རྟག་པ་མེད་པ་ཙམ་ཞིག་ཡིན་ན་ནི་དེའི་སྒོ་ནས་ཇི་ལྟར་འགྲོ་བ་ལ་གྲགས་པར་འགྱུར། འོན་ཏེ་རྟག་པ་ལས་གཞན་པ་ཞིག་མི་རྟག་པ་ཡིན་ནོ་ཞེ་ན། རྟག་པ་ནི་རྣམ་པར་རྟོག་པའི་བདག་ཉིད་ཡིན་པའི་ཕྱིར་དེ་ནི་ཤུགས་ཀྱིས་ན་རྣམ་པར་རྟོག་པ་མེད་པའི་ཤེས་པ་ཡིན་པས་དེའི་ཚེ་ཀུན་རྫོབ་ཏུ་ཡོད་དོ་ཞེས་བྱས་ན་རྣམ་པར་རྟོག་པ་མེད་པའི་ཤེས་པས་རྟོགས་པ་ཡོད་དོ་ཞེས་བརྗོད་པར་འགྱུར་རོ། །དེ་ལྟ་ཡིན་ན་ནི་ཇི་ལྟར་ན་དངོས་པོའི་ངོ་བོ་ཉིད་ཁས་མ་བླངས་པ་ཡིན། རྗེས་སུ་དཔག་པས་རྟོག་པ་ཡང་སྤང་བ་བྱས་པར་འགྱུར་ཏེ། དེ་ནི་རྣམ་པར་རྟོག་པ་དང་བཅས་པའི་ཕྱིར་རོ། །ཇི་སྟེ་འཇིག་རྟེན་ལ་གྲགས་པ་ཀུན་རྫོབ་ཡིན་ནོ་ཞེ་ན། དེ་ལ་ཡང་འཇིག་རྟེན་འདི་གང་ཡིན་པར་འདོད། ཅི་བསྟན་བཅོས་བྱེད་པ་རྣམས་སམ། །འོན་ཏེ་སྐྱེ་བོ་ཕལ་པ་ཡིན། རྣམ་པར་རྟོག་པ་དང་པོ་ལྟར་ན་དངོས་པོ་ལ་ཕན་ཚུན་འགལ་བའི་རང་བཞིན་དུ་མར་འགྱུར་ཏེ། གཅིག་ལ་ཡང་བསྟན་བཅོས་བྱེད་པ་མང་པོ་རྣམས་རྣམ་པ་དུ་མར་སྒྲོ་འདོགས་པའི་ཕྱིར་རོ། །གཉིས་པ་ལྟར་ན་བདག་མེད་པ་དང་ལས་དང་འབྲས་བུ་ལ་སོགས་པ་ཁས་བླང་བར་མི་བྱ་སྟེ། འདི་དག་ནི་སྐྱེ་བོ་ཕལ་པ་ལ་གྲགས་པ་མ་ཡིན་ནོ། །འོན་ཏེ་སྒྱུ་མའི་དོན་ཀུན་རྫོབ་ཀྱི་དོན་ཡིན་ནོ་ཞེ་ན། དེ་ལ་ཡང་སྒྱུ་མའི་དོན་ཞེས་བྱ་བ་འདི་གང་ཡིན་པ་བརྗོད་པར་བྱ་དགོས་སོ། །གལ་ཏེ་ཐམས་ཅད་མེད་པ་ཡིན་ན་ནི་སྔར་བཤད་པའི་ཉེས་པར་ཡང་འགྱུར་ལ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དག་ཏུ་ཡང་ཇི་ལྟར་འགྱུར། འོན་ཏེ་སྒྱུ་མ་ནོར་བའི་ཤེས་པས་ཡིན་ན་ནི་དེའི་ཚེ་འདི་ཤེས་བྱ་ནང་གི་ཡིན་པའི་ཚུལ་ལས་ཁྱད་པར་ཅི་ཡོད། ཇི་སྟེ་ཀུན་རྫོབ་སྒྲ་ཙམ་ཞིག་ཡིན་ན་ནི་དེའི་ཚེ་ལེགས་པར་བཤད་པ་དང་ཉེས་པར་བཤད་པ་ལ་སོགས་པའི་རྣམ་པར་དབྱེ་བ་ཡང་མི་འགྱུར་ཏེ། བསྟན་པར་བྱ་བའི་དོན་མེད་ན་སྒྲ་ཙམ་ལ་


DTG107_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་མེད་པའི་ཕྱིར་རོ། །ཇི་སྟེ་སྒྲའི་དོན་ཡིན་ནོ་ཞེ་ན། དེའི་ཚེ་ཅི་ཡང་ཁྱད་པར་མེད་པར་ཇི་ལྟར་འགྱུར། བདེ་བ་ལ་སོགས་པ་སོ་སོ་རང་གིས་རིག་པར་བྱ་བ་གང་ཡིན་པ་དེ་དག་ཀྱང་གང་གི་ནང་དུ་བསྡུ་བར་འགྱུར། རེ་ཞིག་ཀུན་རྫོབ་ཏུ་ནི་མ་ཡིན་ཏེ། དེ་དག་བརྗོད་དུ་མེད་པའི་ཕྱིར་ལ། ཀུན་རྫོབ་ཀྱི་བདེན་པ་ནི་ཐ་སྙད་གདགས་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་མདོ་ལས་ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། འཇིག་རྟེན་གྱི་ཐ་སྙད་ཇི་སྙེད་ཡི་གེ་དང་སྒྲས་བསྟན་པ་ཡིན་ནོ་ཞེས་གསུངས་ཏེ། འདིས་ནི་མདོར་ན་ཀུན་རྫོབ་སྒྲའི་དོན་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །འོན་ཏེ་སྣང་བ་དང་རྣམ་པར་བརྟག་པར་བྱ་བའི་དོན་དེ་དག་གཅིག་ཏུ་བྱས་ནས་སྤྱིའི་རྣམ་པ་གཟུང་སྟེ། དེ་སྐད་དུ་བརྗོད་དོ་ཞེས་བྱ་བར་འདོད་ན་ནི་དེའི་ཚེ་དོན་དམ་པ་ལ་ཡང་ཐལ་བར་འགྱུར་ཏེ། དེ་ཡང་ཚིག་གི་ངོ་བོར་གཞག་པར་བརྗོད་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་དག་དོན་དམ་པའི་བདེན་པའི་ནང་དུ་འདུས་པ་ཡང་མ་ཡིན་ཏེ། དེ་ལ་དངོས་པོར་ཡོད་པ་ཡོད་པའི་ཕྱིར་རོ། །བདེན་པའི་ཁྱད་པར་གཞན་གྱིས་ཁ་བསྐང་བར་བྱ་བའི་རྣམ་པ་གཞན་ཡང་ཡོད་པ་མ་ཡིན་ནོ། །འོན་ཏེ་བརྟེན་ནས་སྐྱེས་པའི་གཟུགས་དང་བདེ་བ་ལ་སོགས་པ་རང་རིག་པ་དག་ལ་ཡང་ཀུན་རྫོབ་ཀྱི་བདེན་པ་ཞེས་མིང་དུ་འདོགས་ན་ནི་དགའ་དགུར་ཐོགས་ལ། ཟན་ཡང་བྱིན་ཅིག །ཕྱིན་ཅི་མ་ལོག་པ་དེ་ཅུང་ཟད་ཡོད་པས་བརྩད་པ་མེད་དོ། །ཇི་སྟེ་སྐད་ཅིག་ལས་ཕན་ཆད་དུ་མི་གནས་པའི་ཕྱིར་མི་བརྟན་པའི་དོན་ནི་ཀུན་རྫོབ་ཀྱི་དོན་ནོ། །དེ་ལས་བཟློག་པ་རྟག་པའི་དོན་ནི་དོན་དམ་པའོ་ཞེ་ན། དེ་ལྟ་ཡིན་ན་གྲུབ་པ་སྒྲུབ་པ་ཉིད་དེ། འདི་ལྟར་ཁྱེད་ཀྱིས་ཀྱང་དངོས་པོ་སྐད་ཅིག་པར་ཁས་བླངས་ལ། ཁོ་བོ་ཅག་ཀྱང་དེར་ཟད་པས་བརྩད་པ་མེད་དོ། །དེ་བཞིན་དུ་ཀུན་རྫོབ་ཀྱི་དངོས་པོའི་སྤྱིའི་མཚན་ཉིད་ཀྱི་ངོ་བོ་བདག་མེད་པ་ཉིད་ལ་སོགས་པའི་ཆོས་ཉིད་གང་ཡིན་པ་དེ་དོན་དམ་པར་ཡིན་ལ། དེ་ཡང་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང༌། དུས་ཐམས་ཅད་དུ་མི་འགྱུར་བའི་ཕྱིར་རྟག་པར་འདོད་དོ། །འོན་ཏེ་མི་བདེན་པའི་དོན་ཀུན་རྫོབ་ཡིན་ནོ་ཞེ་ན། དེའི་ཚེ་ཇི་ལྟར་དེ་བདེན་པར་འགྱུར། གཅིག་ལ་བདེན་པ་དང་མི་བདེན་པ་


DTG107_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཕན་ཚུན་འགལ་བ་ནི་མི་འཐད་དོ། །ཀུན་རྫོབ་ནི་དངོས་པོའི་ངོ་བོ་ཅི་ཡང་རུང་བ་ཞིག་ཏུ་ཁས་བླངས་བར་བྱ་དགོས་སོ། །དེ་ལྟ་མ་ཡིན་ན་ཇི་ལྟར་དེས་འགྲོ་བ་ལ་བདེན་པ་ཞེས་བྱ་བར་གྲུབ་པར་འགྱུར། དེ་ཁས་ལེན་ན་ནི་དམ་བཅས་པའི་དོན་བོར་བ་ཡིན་ནོ། །གཞན་ཡང་ཀུན་རྫོབ་ཚད་མ་འམ་ཚད་མ་མ་ཡིན་པ་ཞིག་ཏུ་འགྱུར་གྲང་ན། གལ་ཏེ་ཚད་མ་ཡིན་ན་ནི་འདི་ཇི་ལྟར་ཀུན་རྫོབ་ཡིན། འོན་ཏེ་ཚད་མ་མ་ཡིན་ན་ནི་འདི་ལས་ཇི་ལྟར་བདག་མེད་པ་འགྲུབ་པར་འགྱུར། གདོན་མི་ཟ་བར་ཀུན་རྫོབ་ཀྱི་ས་བོན་རྣམ་པར་ཤེས་པ་ལ་སོགས་པ་དོན་དམ་པར་ཡོད་པ་ཡང་ཁས་བླང་དགོས་ཏེ། ས་བོན་མེད་པའི་ཀུན་རྫོབ་ནི་མི་འཐད་དོ། །ས་བོན་གང་ཡིན་པ་དེ་ཉིད་ནི་དངོས་པོར་གྲུབ་པ་ཡིན་ནོ། །གཞན་ཡང་དངོས་པོའི་ངོ་བོ་ཁས་ལེན་ན་དེ་ལ་སྒྲོ་བཏགས་པ་བརྫུན་པའི་ངོ་བོ་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། སྒྲོ་མ་བཏགས་པ་དངོས་པོའི་ངོ་བོ་ནི་དོན་དམ་པའི་བདེན་པ་ཡིན་པས་བདེན་པ་གཉིས་རྣམ་པར་དབྱེ་བ་རུང་བར་འགྱུར་རོ། །དེ་ཁས་མི་ལེན་ན་ནི་ཀུན་རྫོབ་ཀྱང་མེད། དོན་དམ་པར་རྣམ་པར་གཞག་པར་ཡང་མི་ནུས་ཏེ། རྣམ་པར་གཞག་པའི་རྒྱུ་མེད་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་དོན་དམ་པ་གྱི་ན་ཞིག་ཡིན་ན་ནི་དེའི་ཚེ་གང་གི་དོན་དུ་སྒྲུབ་པར་བྱེད་དེ་འདི་དོན་དམ་པར་ཡང་མི་འགྱུར་རོ། །དེ་ཇི་ལྟར་ན་ཡེ་ཤེས་ཀྱིས་ངེས་པར་གཟུང་བ་ཡང་ཡིན། འདི་ནི་དོན་དམ་པའི་སྒྲར་བརྗོད་པར་བྱ་བ་ཉིད་དུའང་འོས་པ་མ་ཡིན་ཏེ། འདི་ལྟར་རེ་ཞིག་འདི་དོན་དམ་པ་ཡང་མ་ཡིན་ལ། འདིའི་དོན་ཡང་དམ་པ་མ་ཡིན་ནོ། །འདི་ནི་ཡེ་ཤེས་དམ་པའི་དོན་ཀྱང་མ་ཡིན་ཏེ། གྱི་ན་ཡིན་པའི་ཕྱིར་རོ། །དོན་དམ་པ་གྱི་ན་ཉིད་ཅིག་ཡིན་ནི་དོན་དམ་པར་དངོས་པོ་རྣམས་མེད་དོ་ཞེས་བྱ་བ་གྱི་ན་ཉིད་ཅག་བཀག་པ་ཁོ་ནར་འགྱུར་ཏེ། དེས་ན་དངོས་པོ་ཡོད་པ་ཉིད་དུ་ཁས་བླངས་པར་འགྱུར་རོ། །གཞན་ཡང་གལ་ཏེ་ཀུན་རྫོབ་དང་དོན་དམ་པ་དག་གཅིག་པར་འདོད་ན་ནི། དེའི་ཚེ་བདེན་པ་གཉིས་སུ་རྣམ་པར་གཞག་པར་ཇི་ལྟར་འགྱུར་ཏེ་གཉིས་ལས་གང་ཡང་རུང་བ་ཞིག་དོར་དགོས་པ་ཁོ་ནར་འགྱུར་རོ། །འོན་ཏེ་ཐ་དད་ན་ནི་དེའི་ཚེ་གཉི་ག་ཡང་སོ་སོར་གྲུབ་པའི་ཕྱིར་དངོས་པོ་ཉིད་


DTG107_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཐལ་བར་འགྱུར་རོ། །ཇི་སྟེ་ཐ་དད་པ་དང་ཐ་དད་པ་མ་ཡིན་པའོ་ཞེ་ན། གཅིག་ལ་ཕན་ཚུན་འགལ་བ་འདི་གཉིས་སུ་ཇི་ལྟར་འགྱུར། དེ་ཉིད་ཀྱི་ཕྱིར་ཐ་དད་པ་ཡང་མ་ཡིན། ཐ་དད་པ་མ་ཡིན་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་ཕྱོགས་འདི་ཡང་རིགས་པ་མ་ཡིན་ཏེ། འགལ་བའི་ཕྱིར་རོ། །འདི་ལྟར་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་འདི་དག་ནི་གང་ཡང་རུང་བ་ཞིག་དགག་པ་ཅིག་ཤོས་བསྒྲུབ་པ་མེད་ན་མེད་པ་ཡིན་ནོ། །དེ་ནི་དེའི་ཚེ་དགག་པར་ཡང་ཇི་ལྟར་ནུས་ཏེ། སྒྲུབ་པ་དང་དགག་པ་དག་ཅིག་ཅར་གཅིག་ལ་འགལ་བའི་ཕྱིར་རོ། །གཞན་ཡང་ཁྱེད་ཀྱི་ལྟར་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་ཡང་རུང་བར་དཀའོ། །དེ་མེད་པའི་ཕྱིར་སངས་རྒྱས་ཉིད་ཀྱང་ཐོབ་པར་དཀའ་བ་ཁོ་ན་སྟེ། འདི་ལྟར་མཆོད་པ་དང་ཕན་གདགས་པར་འདོད་པས་གང་བྱིན་པ་དེ་ནི་ཤིན་ཏུ་དང་བ་སྐྱེད་པར་བྱེད་ཀྱི། སྦྱིན་པར་བྱ་བ་དང༌། སྦྱིན་པ་པོ་དང༌། ལེན་པ་མི་དམིགས་པ་ལ་བརྟེན་པ་ནི་མ་ཡིན་ནོ། །འདི་ལྟར་ཅི་སྦྱིན་པར་བྱ་བ་ལ་སོགས་པ་མེད་པའི་ཕྱིར་མི་དམིགས་སམ། འོན་ཏེ་ཡུལ་མ་ཡིན་པའི་ཕྱིར། ཕྱོགས་དང་པོ་ལྟར་ན་སུས་ཀྱང་ཅུང་ཟད་ཀྱང་མ་བྱིན་པས་བསོད་ནམས་མེད་པར་ཐལ་བར་འགྱུར་རོ། །སེམས་ཅན་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་ཡོངས་སུ་ངལ་བ་གང་ཡིན་པ་དེ་ཡང་དོན་མེད་པར་འགྱུར་ཏེ། དེ་ལྟ་བས་ན་མེད་པ་ཉིད་མ་ཡིན་ནོ། །ཡུལ་མ་ཡིན་པ་ཉིད་ཀྱང་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་སྦྱིན་པར་བྱ་བ་ལ་སོགས་པའི་དངོས་པོ་གཟིགས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པས་དོན་དུ་གཉེར་བ་རྣམས་ལ་སྲས་ལ་སོགས་པ་ཇི་ལྟར་ཡོངས་སུ་བཏང་བར་འགྱུར། ཁྱེད་ནི་དམིགས་པ་ལ་བརྟེན་པའི་སྦྱིན་པ་ལ་སོགས་པ་རྣམ་པར་དག་པར་ཡང་མི་འདོད་དེ། དེ་ལྟ་བས་ན་ཚོགས་ཡོངས་སུ་རྫོགས་པ་མི་སྲིད་དོ། །དེ་མེད་པས་རྒྱུ་མེད་པའི་ཕྱིར་སངས་རྒྱས་ཉིད་ཀྱི་གོ་སྐབས་ཀྱང་ཐག་བསྲིངས་པར་འགྱུར་རོ། །གཞན་ཡང་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་བྱ་བ་འདི་ལ་དོན་གང་ཡིན་པར་འདོད། གལ་ཏེ་བདག་ཉིད་ཀྱིས་མེད་པའི་ཕྱིར་


DTG107_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་མེད་དོ་ཞེ་ན། དེའི་ཚེ་གྲུབ་པ་སྒྲུབ་པ་ཉིད་དེ། དངོས་པོ་ཐམས་ཅད་རྒྱུ་དང་རྐྱེན་ལ་རག་ལས་པའི་ཕྱིར་ཁོ་བོ་ཅག་ཀྱང་དངོས་པོ་རྣམས་རྒྱུ་མེད་པ་ཉིད་དུ་མི་འདོད་དོ། །དེ་ལྟ་མ་ཡིན་ན་ལྟོས་པ་མེད་པའི་ཕྱིར་རྟག་ཏུ་ཡོད་པའམ་མེད་པར་འགྱུར་རོ། །ཇི་སྟེ་འགགས་པ་རྣམས་ཡང་དེའི་བདག་ཉིད་དུ་མི་སྐྱེ་བས་རང་གི་བདག་ཉིད་ཀྱིས་དངོས་པོ་མེད་པའི་ཕྱིར་ངོ་བོ་ཉིད་མེད་དོ་ཞེ་ན། འདི་ཡང་གྲུབ་པ་སྒྲུབ་པ་ཉིད་དེ། ཁོ་བོ་ཅག་ཀྱང་འགགས་པ་རྣམས་ཀྱང་སྐྱེ་བར་ནི་མི་འདོད་དོ། །འོན་ཏེ་རང་བཞིན་དེ་ལ་དུས་ཐམས་ཅད་དུ་མི་གནས་པའི་ཕྱིར་ངོ་བོ་ཉིད་མེད་པར་འདོད་དོ་ཞེ་ན། དེ་ཡང་གྲུབ་པ་སྒྲུབ་པར་བྱེད་པ་ཉིད་དེ། སྐྱེས་མ་ཐག་ཏུ་འཇིག་པ་ཉིད་ཀྱིས་སྐད་ཅིག་མ་ཡིན་པའི་ཕྱིར་སྐད་ཅིག་པའི་དངོས་པོ་རྣམས་སྐད་ཅིག་མ་གཞན་དུ་གནས་པར་ཡང་མི་འདོད་དོ། །ཇི་སྟེ་ཇི་ལྟར་བྱིས་པ་རྣམས་ཀྱིས་གཟུང་བ་དང་འཛིན་པའི་དངོས་པོར་ཡོངས་སུ་བརྟགས་པ་དོན་དམ་པར་དེའི་བདག་ཉིད་དུ་མེད་པའི་ཕྱིར་ངོ་བོ་ཉིད་མེད་དོ་ཞེ་ན། དེ་ལྟ་ན་ཡང་གྲུབ་པ་སྒྲུབ་པ་ཁོ་ན་སྟེ། ཁོ་བོ་ཅག་ཀྱང་ཀུན་བརྟགས་པའི་བདག་ཉིད་ཀྱིས་ངོ་བོ་ཉིད་མེད་པར་འདོད་པ་ཉིད་དོ། །དེ་ལྟ་མ་ཡིན་ན་ཐམས་ཅད་དེ་ཁོ་ན་ཉིད་མཐོང་བ་ཁོ་ནར་འགྱུར་རོ། །གཞན་ཡང་གལ་ཏེ་དངོས་པོ་ཐམས་ཅད་དོན་དམ་པར་བྱིས་པ་སོ་སོའི་སྐྱེ་བོས་ཀུན་བརྟགས་པའི་བདག་ཉིད་གཟུང་བ་དང་འཛིན་པའི་རྣམ་པ་དང་བྲལ་དུ་ཟིན་ཀྱང་འོན་ཀྱང་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གཉིས་སུ་མེད་པའི་བདག་ཉིད་དུ་ནི་གནས་པ་ཁོ་ནའོ། །དེ་ལྟ་མ་ཡིན་ཏེ་གལ་ཏེ་འདི་ཡང་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་ཉིད་དུ་འགྱུར་ན་ནི་དེའི་ཚེ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་མི་འགྱུར་རོ། །དེ་བཞིན་དུ་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་བྱ་བ་འདི་ལ་ཡང་མ་སྐྱེས་པའི་དོན་འདི་གང་ཡིན་པར་འདོད་གལ་ཏེ་དངོས་པོ་ཐམས་ཅད་དང་པོ་མ་སྐྱེས་པའི་ཕྱིར་མ་སྐྱེས་པ་ཡིན་ནོ་ཞེ་ན། འདི་ཡང་གྲུབ་པ་སྒྲུབ་པ་ཉིད་དེ་ཁོ་བོ་ཅག་ཀྱང་འཁོར་བ་ཐོག་མ་མེད་པར་ནི་འདོད་དོ། །འོན་ཏེ་སྔར་སྐྱེས་ཟིན་པའི་དངོས་པོ་གང་ཡིན་པ་དེ་ཡང་མི་སྐྱེ་བའི་ཕྱིར་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེ་ན། དེ་ལྟ་ན་ཡང་གྲུབ་པ་སྒྲུབ་པ་ཉིད་དོ། །ཁོ་བོ་ཅག་ཀྱང་སྔར་སྐྱེས་ཟིན་པ་ཡང་སྐྱེ་བར་མི་འདོད་དེ། དེ་ནི་ཞིག་


DTG107_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །འོན་ཏེ་སྔོན་མེད་པ་ཅི་ཡང་མི་སྐྱེ་བའི་ཕྱིར་མ་སྐྱེས་པའོ་ཞེ་ན། དེ་ལྟ་ན་ཡང་མི་འདོད་པ་བསྒྲུབས་པ་མ་ཡིན་ཏེ། འཁོར་བ་ན་སྔོན་མེད་པའི་སེམས་ཅན་འབྱུང་བར་ནི་མི་འདོད་དོ། །ཆོས་སྔོན་མེད་པར་སྐྱེ་བར་ཡང་མི་འདོད་དེ། དུས་ཐམས་ཅད་དུ་སྔར་འགགས་པ་དང་རིགས་མཐུན་པའི་ཆོས་སྐྱེ་བའི་ཕྱིར་རོ། །འོན་ཏེ་ཇི་ལྟར་བྱིས་པས་ཀུན་བརྟགས་པའི་རང་གི་མཚན་ཉིད་དུ་མ་སྐྱེས་པའི་ཕྱིར་མ་སྐྱེས་པའོ་ཞེ་ན། དེ་ལྟ་ན་ཡང་འགལ་བ་མེད་དེ། བརྟགས་པའི་ངོ་བོ་ཉིད་དུ་སྐྱེ་བར་མི་འདོད་པའི་ཕྱིར་རོ། །ཅི་སྟེ་བདག་ཉིད་མི་སྐྱེ་བའི་ཕྱིར་མ་སྐྱེས་པའོ་ཞེ་ན། དེའི་ཚེ་ཡང་དངོས་པོ་ཐམས་ཅད་རྒྱུ་དང་རྐྱེན་ལ་རག་ལས་པའི་ཕྱིར་འགལ་བ་མེད་དེ། ཇི་སྐད་དུ་སྔར་བཤད་པ་ཡིན་ནོ། །འོན་ཏེ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་སྐྱེ་བའི་ཕྱིར་རོ་ཞེ་ན། དེ་ལྟ་ན་ནི་མཐོང་བ་ལ་སོགས་པ་དང་འགལ་བ་བཟློག་པར་དཀའོ། །འོན་ཏེ་འདི་དག་ཕན་ཚུན་ཁྱད་པར་མི་སྐྱེ་པའི་ཕྱིར་མ་སྐྱེས་པའོ་ཞེ་ན། དེ་ལྟ་ན་ཡང་གལ་ཏེ་དེ་བཞིན་ཉིད་ཀྱི་ངོ་བོ་ལས་བསམས་ནས་སྨྲ་ན་དེའི་ཚེ་ཉེས་པ་མེད་དོ། །འོན་ཏེ་འཇིག་རྟེན་ན་གྲགས་པའི་ངོ་བོ་ཉིད་ཀྱི་དབང་དུ་བྱས་ན་ནི། དེའི་ཚེ་མཐོང་བ་ལ་སོགས་པ་དང་འགལ་བ་གང་གིས་བཟློག་པར་འགྱུར། ཇི་སྟེ་རང་གི་ངོ་བོ་ལས་དོན་དམ་པ་གཞན་དུ་གྱུར་པ་བྱ་བའི་མཚན་ཉིད་ཀྱི་སྐྱེ་བ་དང་བྲལ་བའི་ཕྱིར་མ་སྐྱེས་པའོ་ཞེ་ན། དེ་ལྟ་ན་ཡང་ཉེས་པ་མེད་དེ། དངོས་པོ་ཐམས་ཅད་ལ་བྱ་བ་མེད་པའི་ཕྱིར་རོ། །འོན་ཏེ་དབང་ཕྱུག་ལ་སོགས་པ་གཞན་གྱིས་མ་བསྐྱེད་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་ཡང་མི་འདོད་པ་མ་ཡིན་ཏེ། དབང་ཕྱུག་ལ་སོགས་པ་འགའ་ཡང་མི་འདོད་པའི་ཕྱིར་རོ། །དེ་ལྟ་ན་རྣམ་པ་འདིས་གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ལ་སོགས་པའི་ཚིག་གི་དོན་ཀྱང་དཔྱད་པར་བྱ་བ་ཁོ་ནའོ། །གཞན་ཡང་མདོ་སྡེ་མང་པོ་དང་འགལ་བ་གཞན་ཡང་སྣང་བ་ཉིད་དེ། དེ་སྐད་དུ་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། དེ་ལྟ་བས་ན་ངས་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ནས་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་བཤད་དོ་ཞེས་གསུངས་ཏེ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱང་ཀུན་བརྟགས་པའི་ངོ་བོ་ཉིད་ཁོ་ན་ལ་རྣམ་པར་གཞག་པ་ཡིན་ནོ། །ཐེག་


DTG107_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོ་ལ་དད་པ་ལས་ཀྱང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་ལ་ཚུལ་བཞིན་མ་ཡིན་པར་སྒྲ་ཇི་བཞིན་པར་རབ་ཏུ་རྣམ་པར་འབྱེད་པ་ལ་ཐེག་པ་ཆེན་པོ་ལ་དད་པའི་སྐྱེ་མཆེད་དུ་མི་འགྱུར་རོ། །སྒྲ་ཇི་བཞིན་དུ་མ་ཡིན་པར་དགོངས་པའི་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ལ་ཐེག་པ་ཆེན་པོ་ལ་དད་པའི་སྐྱེ་མཆེད་དུ་འགྱུར་རོ། །རིགས་ཀྱི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་ཆོས་ལ་ཚུལ་བཞིན་མ་ཡིན་པར་སྒྲ་ཇི་བཞིན་དུ་རྣམ་པར་འབྱེད་པ་ལ་དམ་པ་མ་ཡིན་པའི་ལྟ་བ་ཉི་ཤུ་རྩ་བརྒྱད་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ་མཚན་མའི་ལྟ་བ་དང༌། ལྟ་བ་མ་ཡིན་པར་ལྟ་བའི་ལྟ་བ་དང༌། ཐ་སྙད་ལ་སྐུར་པ་འདེབས་པའི་ལྟ་བ་དང༌། ཀུན་ནས་ཉོན་མོངས་པ་ལ་སྐུར་པ་འདེབས་པའི་ལྟ་བ་དང༌། དེ་ཁོ་ན་ཉིད་ལ་སྐུར་པ་འདེབས་པའི་ལྟ་བ་དང་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་ནས་རིགས་ཀྱི་བུ་དེ་ལ་མཚན་མའི་ལྟ་བ་གང་ཞེ་ན། ངས་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་ལས་དགོངས་ཏེ། ཆོས་རྣམས་མེད་པ་ཉིད་དུ་བསྟན་པ་གང་ཡིན་པ་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ཅིང༌། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་དང༌། རྣམ་པར་བྱང་བའི་ཆོས་རྣམས་ཀྱང་མེད་པ་ཉིད་དུ་མངོན་པར་ཞེན་ཏེ། མེད་པ་ཉིད་ཀྱི་མཚན་མ་ཉེ་བར་བཟུང་ནས་མེད་པའི་ལྟ་བར་འགྱུར་ཏེ། དེ་བས་ན་མཚན་མའི་ལྟ་བ་ཞེས་བྱའོ། །དེ་ལ་ལྟ་བ་ལ་མ་ཡིན་པར་ལྟ་བའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་མེད་པ་ཉིད་དུ་ལྟ་བ་སྟེ། དེ་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་ནི་ལྟ་བར་འདུ་ཤེས་སུ་མི་འགྱུར་ཏེ། མེད་པར་ལྟ་བ་གང་ཡིན་པ་དེ་ནི་དེའི་ལྟ་བ་ཆེན་པོ་ཡིན་ནོ། །དེ་ལྟ་བས་ན་ལྟ་བ་ལ་མ་ཡིན་པར་ལྟ་བའི་ལྟ་བ་ཞེས་བྱའོ། །དེ་ལ་ཐ་སྙད་ལ་སྐུར་པ་འདེབས་པའི་ལྟ་བ་དང༌། ཀུན་ནས་ཉོན་མོངས་པ་ལ་སྐུར་པ་འདེབས་པའི་ལྟ་བ་དང༌། དེ་ཁོ་ན་ཉིད་ལ་སྐུར་པ་འདེབས་པའི་ལྟ་བ་ནི་མཚན་མའི་ལྟ་བ་དེས་ཐམས་ཅད་ལ་སྐུར་པ་བཏབ་ན་ཐ་སྙད་ལ་སྐུར་པ་འདེབས་པའི་ལྟ་བ་ལ་ཡང་མངོན་པར་ཞེན་པར་འགྱུར། ཀུན་ནས་ཉོན་མོངས་པ་ལ་སྐུར་པ་འདེབས་པའི་ལྟ་བ་ལ་ཡང་མངོན་པར་ཞེན་པར་འགྱུར། དེ་ཁོ་ན་ཉིད་ལ་སྐུར་པ་འདེབས་པའི་ལྟ་བ་ལ་ཡང་མངོན་པར་ཞེན་པར་འགྱུར་རོ་ཞེས་གསུངས་ཏེ། དེ་བས་ན་ལྟ་བ་ཐམས་ཅད་མཚན་མའི་ལྟ་བའི་གཞི་ཅན་


DTG107_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ནའོ་ཞེས་རྒྱས་པར་བརྗོད་དོ། །འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང༌། བརྟགས་པའི་དངོས་པོ་མེད་པ་སྟེ། །གཞན་གྱི་དབང་ནི་ཡོད་པ་ཡིན། །སྒྲོ་འདོགས་པ་དང་སྐུར་འདེབས་པའི། །མཐའ་ལ་རྟོག་པ་བརླག་པར་འགྱུར། །བརྟགས་པའི་ངོ་བོ་ཉིད་ཀྱིས་ནི། །ཆོས་རྣམས་ཐམས་ཅད་མ་སྐྱེས་པ། །གཞན་གྱི་དབང་ལ་བརྟེན་ནས་ནི། །མི་རྣམས་ཀྱི་ནི་རྣམ་རྟོག་སྐྱེ། །ཞེས་གསུངས་ཏེ། འདི་ལས་ནི་གཞན་གྱི་དབང་གི་ངོ་བོ་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་དོན་དམ་པར་ཡོད་ལ། དེ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་ལ་སོགས་པར་བཤད་དོ་ཞེས་བསྟན་པར་འགྱུར་རོ། །ཡང་དེ་ཉིད་ལས། ཕུང་པོ་ལ་ནི་བདག་མེད་དེ། །བདག་ལའང་ཕུང་པོ་མེད་པ་ཉིད། །དེ་དག་ཇི་ལྟར་རྟག་བཞིན་མིན། །དེ་དག་མེད་པ་ཉིད་ཀྱང་མིན། །ཞེས་གསུངས་ཏེ། དགག་པ་འདི་གཉིས་ཀྱིས་ཀྱང་ཕུང་པོ་རྣམས་ཡོད་པ་ཉིད་དུ་བསྟན་པ་ཡིན་ནོ། །སྟོང་པ་ཉིད་ཆེན་པོའི་མདོ་ལས་ཀྱང༌། ལས་ཀྱང་ཡོད། རྣམ་པར་སྨིན་པ་ཡང་ཡོད་དེ། བྱེད་པ་པོ་ནི་མི་དམིགས་སོ་ཞེས་གསུངས་པ་དེ་དང་ཡང་འགལ་ཏེ། འདི་ལྟར་གལ་ཏེ་དོན་དམ་པར་ལས་ཀྱང་ཡོད། རྣམ་པར་སྨིན་པ་ཡང་ཡོད་ན་ནི་དེའི་ཚེ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་མི་འགྱུར་རོ། །འོན་ཏེ་ཀུན་རྫོབ་ཏུ་ཡོད་ན་ནི་དེའི་ཚེ་བྱེད་པ་པོ་ཡང་ཀུན་རྫོབ་ཏུ་ཡོད་པས་བྱེད་པ་པོ་མི་དམིགས་སོ་ཞེས་བརྗོད་པར་མི་བྱའོ། །ཡང་འཕགས་པ་ལང་ཀར་གཤེགས་པ་ལས། ཇི་ལྟར་བྱིས་པས་རྣམ་བརྟགས་ལྟར། །དངོས་པོ་ཐམས་ཅད་ཡོད་པ་ཉིད། །གལ་ཏེ་ཇི་ལྟར་མཐོང་དེ་ཉིད། །ཐམས་ཅད་དེ་ཉིད་མཐོང་བར་འགྱུར། །ཆོས་རྣམས་ཐམས་ཅད་མེད་པའི་ཕྱིར། །ཀུན་ནས་ཉོན་མོངས་དག་པ་མེད། །དེ་དག་ཇི་ལྟར་མཐོང་བཞིན་མིན། །དེ་དག་མེད་པ་ཉིད་ཀྱང་མིན། །ཞེས་གསུངས་ཏེ། འདི་ལས་ནི་ཆོས་ཐམས་ཅད་མེད་པ་ཉིད་ཡིན་ན་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ལ་སྐུར་པ་འདེབས་པའི་ཉེས་པར་ཐལ་བར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །ཡང་དེ་ཉིད་ལས། དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །རིགས་པས་རྣམ་པར་ལྟ་རྣམས་ཀྱི། །གཟུང་དང་འཛིན་པ་འགག་པར་


DTG107_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཇི་ལྟར་བྱིས་པས་རྣམ་བརྟགས་ལྟར། །ཕྱི་རོལ་དོན་ནི་ཡོད་མ་ཡིན། །བག་ཆགས་ཀྱིས་ནི་བསྒྲིབས་པའི་སེམས། །དོན་དུ་སྣང་བར་རབ་ཏུ་འབྱུང༌། །ཞེས་གསུངས་སོ། །འཕགས་པ་ས་བཅུ་པ་ལས་ཀྱང༌། འདི་ལྟ་སྟེ། ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་ཞེས་གསུངས་ཏེ། དེ་བཞིན་དུ་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་དང༌། ལང་ཀར་གཤེགས་པ་དང༌། སྟུག་པོ་བཀོད་པ་ལ་སོགས་པ་ལས། ཆོས་ཐམས་ཅད་སེམས་ཙམ་གྱི་ལུས་ཉིད་དུ་བསྟན་པའི་ཕྱིར་སེམས་ཁོ་ན་དོན་དམ་པར་ཡོད་ཀྱི། གཞན་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེའི་ཕྱིར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་འགྲུབ་པར་མི་འགྱུར་རོ། །འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང༌། འོད་སྲུངས་རྟག་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །འོད་སྲུངས་མི་རྟག་ཅེས་བྱ་བ་འདི་ནི་མཐའ་གཉིས་པའོ། །འོད་སྲུངས་དེ་བཞིན་དུ་ཡོད་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །འོད་སྲུངས་མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་པའོ། །མཐའ་འདི་གཉིས་ཀྱི་དབུས་གང་ཡིན་པ་ནི་གཏན་དུ་མེད་པ། མི་གནས་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ་གནས་པ་མེད་པ་སྟེ། འདི་ནི་ཆོས་རྣམས་ཀྱི་དབུ་མའི་ལམ་ལ་ཡང་དག་པར་སོ་སོར་རྟོག་པའོ་ཞེས་གསུངས་ཏེ། འདིས་ནི་རྣམ་པར་ཤེས་པ་དོན་དམ་པར་ཡོད་པ། བསྟན་དུ་མེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ། རྟག་པ་དང་ཆད་པའི་མཐའ་གཉིས་དང་བྲལ་བ་ཡོད་དོ་ཞེས་བསྟན་པ་ཡིན་ནོ། །དེ་ཉིད་ཀྱི་དབང་དུ་མཛད་ནས་འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང༌། རིགས་ཀྱི་བུ་གལ་ཏེ་དོན་དམ་པ་ཞིག་ཡོད་པར་མ་གྱུར་ན་ནི་ཚངས་པར་སྤྱོད་པའི་དོན་མེད་པར་འགྱུར་རོ་ཞེས་གསུངས་སོ། །འཕགས་པ་དཀོན་མཆོག་བརྩེགས་པ་དེ་ཉིད་ལས་གང་དག་རྣམ་པར་ཤེས་པ་དོན་དམ་པར་ཡོད་པ་དེ་ལ་ཡང་སྐུར་བ་བཏབ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མངོན་པར་ཞེན་ཅིང་སྟོང་པ་ཉིད་དུ་ལྟ་བ་དེ་དག་ནི་གསོར་མི་རུང་ངོ་ཞེས་བསྟན་ཏེ། ཇི་སྐད་དུ་འོད་སྲུངས་གང་ཟག་ཏུ་ལྟ་བའི་རི་རབ་ཙམ་ནི་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ཉིད་ཀྱི་ཕྱིར་མ་རུང་


DTG107_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་འགྱུར་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་སྟོང་པ་ཉིད་ཀྱི་མཚན་ཉིད་གསུངས་ཏེ། བྱམས་པ་གཞན་གྱི་དབང་གི་མཚན་ཉིད་དང༌། ཡོངས་སུ་གྲུབ་པའི་མཚན་ཉིད་ལ་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བར་ཀུན་བརྟགས་པའི་མཚན་ཉིད་དང༌། རྣམ་པ་ཐམས་ཅད་དུ་གཏན་བྲལ་བ་གང་ཡིན་པ་དེ་ནི་དེ་ལ་མི་དམིགས་ཏེ། འདི་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་མཐའ་དག་ཅེས་བྱའོ་ཞེས་གང་གསུངས་པ་ཡིན་ནོ། །གང་འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་དོན་དམ་པའི་དངོས་པོ་གདོན་མི་ཟ་བར་ཡོད་དོ། །གཞན་དུ་ན་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་བརྗོད་པ་ནི་དངོས་པོ་མེད་པ་ཅན་མ་ཡིན་ནོ། །དངོས་པོ་དེ་ཡང་གང་ཞེ་ན། གང་འཕགས་པའི་ཡེ་ཤེས་དང་གང་འཕགས་པའི་གཟིགས་པས་བརྗོད་དུ་མེད་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ། བརྗོད་དུ་མེད་པའི་ཆོས་ཉིད་དེ་ཁོ་ན་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར་འདུས་བྱས་ཞེས་བྱ་བ་དང་དེ་བཞིན་དུ་འདུས་མ་བྱས་ཞེས་བྱ་བར་མིང་དུ་བཏགས་སོ་ཞེས་གསུངས་པ་གང་ཡིན་པ་འདི་དང་འགལ་བར་འགྱུར་རོ། །ཁྱོད་ཀྱིས་དོན་དམ་པར་ན་ཐེག་པ་ཆེན་པོའི་མཚན་ཉིད་ཀྱི་ཐེག་པ་ནི་གཅིག་ཁོ་ནར་ཟད་དེ། ལྷག་མ་ནི་མ་ཡིན་ནོ་ཞེས་བརྗོད་པ་གང་ཡིན་པ་དེ་ཡང་རིགས་པ་དང༌། ལུང་དང་འགལ་ཏེ། འདི་ལྟར་སྒྲུབ་པའི་རྣམ་པ་སྣ་ཚོགས་མཐོང་བའི་ཕྱིར་སེམས་ཅན་རྣམས་དད་པ་སྣ་ཚོགས་པར་དམིགས་སོ། །གང་གི་ཕྱིར་ཁ་ཅིག་ནི་གཅིག་ཏུ་གཞན་ལ་ཕན་པའི་བསམ་པ་ལ་ཞུགས་པར་སྣང་ངོ༌། །གཞན་དག་ནི་རྒྱུ་མེད་པ་ཁོ་ནར་ཕ་རོལ་པོ་སྡུག་བསྔལ་བ་ཁོ་ནར་མངོན་པར་དགའོ། །གཞན་དག་ནི་བདག་ལ་ཕན་པ་དང༌། བདེ་བ་ཆུང་ངུ་ལ་ཡིད་ཆགས་ཤིང་གཞན་ལ་འཁུ་བ་ཡིན་ནོ། །དེ་བཞིན་དུ་ཁ་ཅིག་ནི་རང་གི་བདེ་བ་ཕུན་སུམ་ཚོགས་པ་སྒྲུབ་པ་ལྷུར་ལེན་ཅིང་ཕ་རོལ་ལ་གནོད་ཅིང་སྡུག་བསྔལ་བ་ལས་རྣམ་པར་ལོག་པ་ཡིན་ནོ། །ལ་ལ་ནི་འཁོར་བའི་བདེ་བ་ཙམ་འདོད་ཅིང་བསོད་ནམས་དག་བྱེད་དོ། །དེ་བཞིན་དུ་གཞན་དག་ནི་སྲིད་པའི་བདེ་བ་འདོད་པ་ལས་རྣམ་པར་ལོག་ཅིང་བདག་ཉིད་རྣམ་པར་ཐར་པར་བྱ་བའི་ཕྱིར་


DTG107_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་པར་བྱེད་དོ། །གཞན་དག་ནི་ཕ་རོལ་པོ་ཁོ་ན་གྲོལ་བར་བྱ་བར་སེམས་ཤིང་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་གི་རྒྱུ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དག་ལ་རབ་ཏུ་འཇུག་པར་དམིགས་སོ། །དེ་ལྟ་བས་ན་དེ་ལྟར་སྒྲུབ་པ་དཔག་ཏུ་མེད་པ་དམིགས་ནས་དེའི་རྒྱུའི་བྱེ་བྲག་སེམས་ཅན་རྣམས་ཀྱི་འདོད་པའི་མཚན་ཉིད་རྗེས་སུ་དཔག་པར་བྱ་སྟེ། འབྲས་བུའི་བྱེ་བྲག་ནི་རྒྱུའི་བྱེ་བྲག་གིས་བྱས་པ་ཡིན་པའི་ཕྱིར་རོ། །བདག་ཉིད་འདོད་པའི་སྒོ་ཁོ་ན་ནས་འཇུག་པ་མཐོང་བའི་ཕྱིར་དད་པ་ཁོ་ན་འཇུག་པའི་རྒྱུ་ཡིན་ནོ་ཞེས་བྱ་བར་ངེས་སོ། །སེམས་ཅན་རྣམས་ཀྱི་དད་པའི་བྱེ་བྲག་དེ་ཡང་རིགས་ཀྱི་བྱེ་བྲག་མེད་ན་མེད་པ་ཡིན་པས་དེའི་ཕྱིར་སེམས་ཅན་རྣམས་ཀྱི་རིགས་ཐ་དད་པས་ཇི་ལྟར་མཐུན་པར་རིགས་ཀྱིས་བྱས་པའི་སྒྲུབ་པའི་བྱེ་བྲག་གི་སྒོ་ནས་ཐེག་པའི་མཚན་ཉིད་འབྲས་བུ་ཡང་སྣ་ཚོགས་པ་ཉིད་ཡིན་ནོ་ཞེས་རིགས་པས་ཐེག་པ་སྣ་ཚོགས་པ་ཉིད་དུ་ངེས་པ་ཁོ་ནའོ། །ཁམས་ཀྱི་ཚོགས་ཀྱི་མདོ་ལ་སོགས་པ་ལས་ཀྱང༌། སེམས་ཅན་ནི་ཁམས་སྣ་ཚོགས་པ་ཡིན་པར་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་གསུངས་པ་གང་ཡིན་པ་དེ་ཡང་ཁམས་སྣ་ཚོགས་པ་ཉིད་མེད་པར་ཇི་ལྟར་འགྱུར། འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང༌། མངོན་པར་རྟོགས་པའི་རིགས་ལྔར་ཉེ་བར་བསྟན་ཏོ། །འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས་ཀྱང་གསུམ་པོ་འདི་དག་ནི་ངེས་པར་འབྱིན་པར་བྱེད་པའི་ཐེག་པ་ཡིན་ཏེ། འདི་ལྟ་སྟེ་ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང༌། ཐེག་པ་ཆེན་པོ་ཞེས་གསུངས་སོ། །དེ་བཞིན་དུ་མདོ་སྡེ་མང་པོ་གཞན་དག་ལས་ཀྱང་ཉན་ཐོས་ལ་སོགས་པའི་ཐེག་པ་གསུམ་བསྟན་པའི་ཕྱིར་ལུང་གི་སྒོ་ནས་ཀྱང་ཐེག་པ་སྣ་ཚོགས་པ་ཉིད་དུ་གྲུབ་བོ། །འཕགས་པ་དམ་པའི་ཆོས་པདྨ་དཀར་པོ་ལ་སོགས་པ་ལས། ཐེག་པ་ནི་གཅིག་ཁོ་ནའོ་ཞེས་བསྟན་པ་གང་ཡིན་པ་དེ་ཡང་དགོངས་པ་ཅན་དུ་བལྟ་བར་བྱ་སྟེ། མཉམ་པ་ཉིད་ལ་དགོངས་པ་ལ་སོགས་པར་བསྟན་པའི་ཕྱིར་རོ། །དེ་ལ་དགོངས་པ་ནི་འདི་ཡིན་ཏེ། ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཀྱི་ཐེག་པ་ཐ་དད་པ་མ་ཡིན་པས་ཐེག་པ་གཅིག་པ་ཉིད་དེ། ཐེག་པ་ནི་བགྲོད་པར་


DTG107_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཡིན་པའི་ཕྱིར་རོ། །ཡང་ན་ཉན་ཐོས་ལ་སོགས་པ་བགྲོད་པར་བྱེད་པའི་གང་ཟག་བདག་མེད་པར་མཚུངས་པ་ཉིད་མེད་པའི་ཕྱིར་ཐེག་པ་གཅིག་པ་ཉིད་དོ། །ཡང་ན་རྣམ་པར་གྲོལ་བའི་མཚན་ཉིད་གང་ཡིན་པ་དེ་ཐ་དད་པ་མ་ཡིན་པའི་ཕྱིར་ཐེག་པ་གཅིག་པ་ཉིད་དོ། །ཡང་ན་རིག་པ་མ་ངེས་པའི་ཉན་ཐོས་རྣམས་ཐེག་པ་ཆེན་པོ་ཁོ་ནས་ངེས་པར་འབྱུང་བའི་ཕྱིར་ཐེག་པ་གཅིག་པ་ཉིད་དུ་བསྟན་ཏོ། །རྣམ་པ་གཅིག་ཏུ་ན་བཅོམ་ལྡན་འདས་རྣམས་ཐུགས་རྗེ་ཆེན་པོ་དང་ལྡན་པས་སེམས་ཅན་ཐམས་ཅད་ལ་བདག་ཉིད་ལྟ་བུའི་བསམ་པ་བརྙེས་ལ། ཉན་ཐོས་ཀྱི་རིགས་སུ་སྐྱེས་པ་སྔོན་བྱང་ཆུབ་ཀྱི་ཚོགས་ཡང་དག་པར་བསྒྲུབས་པ་རྣམས་ཀྱིས་ཀྱང་སངས་རྒྱས་སུ་བྱ་བའི་བསམ་པ་ཐོབ་སྟེ། བསམ་པ་ཐ་དད་པ་མ་ཡིན་པ་ཐོབ་པ་དེའི་ཕྱིར་ཐེག་པ་གཅིག་པ་ཉིད་དོ། །རྣམ་པ་གཅིག་ཏུ་ན་བཅོམ་ལྡན་འདས་བདག་ཉིད་ཀྱིས་ཉན་ཐོས་ལ་སོགས་པའི་ཐེག་པས་རྣམ་པ་དུ་མར་ངེས་པར་འབྱུང་བ་ལྟ་བུའི་སྒོ་ནས་ཡོངས་སུ་མྱ་ངན་ལས་འདས་པར་བསྟན་པའི་ཕྱིར་ཐེག་པ་གཅིག་པ་ཉིད་དོ། །ཡང་ན་ཐེག་པ་ཆེན་པོ་ལས་མཆོག་ཏུ་གྱུར་པའི་ཐེག་པ་གཞན་མེད་པའི་ཕྱིར་དེའི་དབང་དུ་མཛད་ནས་ཐེག་པ་གཅིག་པ་ཉིད་དུ་བཤད་དོ་ཞེས་དེ་ལྟ་བུའི་དགོངས་པས་ཐེག་པ་གཅིག་པ་ཉིད་དུ་བསྟན་ཏོ། །ཡང་ན་ཉན་ཐོས་ཀྱི་རིགས་སུ་མ་ངེས་པ་རྣམས་ཀུན་དུ་དྲང་བའི་ཕྱིར་དང་བྱང་ཆུབ་སེམས་དཔའི་རིགས་སུ་མ་ངེས་པ་རྣམས་ཡང་དག་པར་གཟུང་བའི་ཕྱིར་ཏེ། དགོངས་པ་འདི་ནི་བཅོམ་ལྡན་འདས་ཀྱིས་འཕགས་པ་ཆོས་བཅུ་པ་དང༌། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་དང་འཕགས་པ་ལང་ཀར་གཤེགས་པ་ལ་སོགས་པ་ལས་གསལ་བར་བསྟན་པ་ཉིད་དོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སྐྱེ་བ་བརྒྱུད་པ་དུ་མས་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་རྣམས་ཀྱིས་སངས་རྒྱས་ཉིད་ཀྱི་གོ་འཕང་ཐོབ་པར་འགྱུར་གྱི། ཉན་ཐོས་ཀྱིས་སྲིད་པའི་ཀུན་ཏུ་སྦྱོར་བ་མ་ལུས་པ་སྤངས་པ་ལ་ནི་གང་གིས་ན་དེ་དག་གིས་སྐྱེ་བ་བརྒྱུད་པ་དུ་མས་བསྒྲུབ་པར་བྱ་བའི་སངས་རྒྱས་ཉིད་ཐོབ་པར་འགྱུར་བ་ཡང་སྲིད་པར་ཉིད་མཚམས་སྦྱོར་བ་ནི་འགའ་ཡང་མི་སྲིད་དོ། །ཇི་ལྟར་སྲིད་པའི་རྩ་བ་ཕྲ་རྒྱས་ཏེ། །ཞེས་བཤད་ལ་དེ་དག་ཀྱང་བདག་ཏུ་འཛིན་པ་


DTG107_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རབ་ཏུ་འབྱུང་བ་ཁོ་ནའོ་ཞེས་བྱ་བ་ནི་ངེས་པ་དང་འདོད་པ་ཡིན་ནོ། །འཕགས་པ་རྣམས་ནི་བདག་ཏུ་ལྟ་བ་དང་འགལ་བ་བདག་མེད་པའི་ལམ་གོམས་པས་ཕྲ་རྒྱས་ཐམས་ཅད་རྩ་བ་དང་བཅས་ཏེ་བཅད་པ་ཉིད་དོ། །དེ་ཆད་ན་དེ་དག་གི་སྐྱེ་བ་ཡང་གཞི་མེད་པའི་ཕྱིར་ཆད་པ་ཡིན་པས་དེ་དག་གི་སྐྱེ་བ་བརྒྱུད་པ་དུ་མས་བསྒྲུབ་པར་བྱ་བ་སངས་རྒྱས་ཉིད་ཐོབ་པར་ལྟ་ག་ལ་འགྱུར། གང་ཡང་བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་པདྨ་དཀར་པོ་ལས་ཉན་ཐོས་རྣམས་སངས་རྒྱས་ཉིད་དུ་ལུང་བསྟན་པ་མཛད་པ་གང་ཡིན་པ་དེ་ནི་སྤྲུལ་པའི་ཉན་ཐོས་རྣམས་སྤྲུལ་ནས་སམ། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་རྣམས་ལས་དགོངས་ནས་མཛད་པ་ཡིན་ནོ་ཞེས་བྱ་བར་བལྟ་སྟེ། འདི་ནི་བཅོམ་ལྡན་འདས་ཀྱིས་འཕགས་པ་ལང་ཀར་གཤེགས་པ་ལ་སོགས་པ་ལས་བསྟན་པ་ཉིད་དོ། །གང་ཡང་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། འདི་ན་སྣོད་མིན་སེམས་ཅན་འགའ་ཡང་མེད། །འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་འགྱུར། །ཞེས་འབྱུང་བ་གང་ཡིན་པ་དེ་ཡང་བཤད་པའི་དུས་དེ་ན་ཉེ་བའི་འགྲོ་བ་རྣམས་ལས་དགོངས་ནས་གསུངས་སོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །ཁ་ཅིག་ལས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་འབྱུང་བ་གང་ཡིན་པ་དེ་ཡང་དེ་བཞིན་ཉིད་ཀྱི་མཚན་ཉིད་དེ་བཞིན་ཉིད་ལ་དགོངས་ནས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་དོན་དམ་པར་ཐེག་པ་གསུམ་ཡང་ཡོད་པ་ཉིད་ལ་ཆོས་ཐམས་ཅད་ཀྱང་ངོ་བོ་ཉིད་དང་བཅས་པ་ཉིད་དོ་ཞེས་ཟེར་ཏེ། ཕྱོགས་སྔ་མ་ཡིན་ནོ། །དེ་ལྟ་བས་ན་འདི་ལ་ལན་གདབ་པར་བྱ་སྟེ། དེ་ལ་རེ་ཞིག་ལུང་གི་སྒོ་ནས་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྒྲུབ་ནུས་པ་མ་ཡིན་ཏེ། དེ་སུ་ཡང་ཁས་མི་ལེན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་གང་ཡིན་པ་དེ་ལ་བརྗོད་པར་བྱའོ། །ཅི་སུ་ཡང་ཁས་མི་ལེན་པའི་ཕྱིར་ལུང་གཅིག་ཏུ་བླང་བར་བྱ་བ་མ་ཡིན་པ་ཁོ་ནའམ། འོན་ཏེ་བླང་བར་བྱ་བ་ཉིད་ཀྱང་ཡིན། དེ་ལ་རེ་ཞིག་ཕྱོགས་དང་པོ་ལྟར་ནི་རིགས་པ་མ་ཡིན་ཏེ། དེ་ལྟ་ན་ནི་སུ་ཡང་ལུང་གང་ལ་ཡང་བརྟེན་པར་བྱ་བ་ཡང་མ་ཡིན་པར་འགྱུར་ཏེ། དེ་སུ་ཡང་ཁས་མི་ལེན་པའི་ཕྱིར་རོ། །དེ་ལ་ཁ་ཅིག་ང་རྒྱལ་གྱིས་སམ། དོན་དུ་མི་གཉེར་བས་སམ། སྡིག་པའི་


DTG107_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་པོ་དང་ཕྲད་པས་སམ། ཡིད་རྣམ་པར་རྨོངས་པས་སམ། དགེ་བའི་བཤེས་གཉེན་ཡང་དག་པ་མ་རྙེད་པས་སམ། གཞན་གྱི་ངོར་འཇུག་པས་སམ། དད་པ་ལ་སོགས་པའི་དབང་པོ་དང་བྲལ་བས་སམ། ལེགས་པར་རྟོགས་པའི་མཁས་པ་དང་བྲལ་བས་བཅོམ་ལྡན་འདས་ཀྱི་གསུང་རབ་རིན་པོ་ཆེ་ཐོག་མ་དང་ཐ་མ་དང་བར་དུ་དགེ་བ་ལ་མི་བརྟེན་དུ་ཟིན་ཀྱང་ཅི་དེ་ཙམ་གྱིས་མཁས་པ་རང་དང་གཞན་ལ་ཕན་པ་སྐྱེད་པར་བྱེད་པའི་ཐབས་ཐོབ་པ་ལེགས་པར་རྟོག་པ་ལ་མཁས་པ་རྣམས་ཀྱང་རྟེན་པར་མི་བྱེད་དམ། ཚོང་པ་ངན་པ་རྣམས་ཀྱིས་རིན་ཐང་མེད་པའི་ནོར་བུ་རིན་པོ་ཆེ་ཡོངས་སུ་མ་ཤེས་ནས་བོར་ཞེས་ཏེ། ཚོང་པ་བཟང་པོ་ལེགས་པར་རྟོག་པ་ལ་མཁས་པ་རྣམས་ཀྱང་དེ་མི་ལེན་པ་ནི་མ་ཡིན་ནོ། །འོན་ཏེ་བསྲེགས་པ་དང་བདར་བ་དང་བཅད་པ་དག་གིས་གསེར་བཟང་པོ་བཞིན་དུ་མངོན་སུམ་དང་རྗེས་སུ་དཔག་པ་དང་ཕན་ཚུན་འགལ་བ་དག་གིས་མི་འགལ་བའི་ཕྱིར་དང༌། ལུང་གཞན་ཡང་དེ་ལས་བཟློག་པ་ཉིད་ཀྱི་ཕྱིར་མཁས་པ་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་འབྲས་བུ་འདོད་པ་ཕུན་སུམ་ཚོགས་པ་མ་ལུས་པར་བསྒྲུབ་པ་ལ་གཟོ་བ་རྣམས་ཀྱིས་དེ་ཡོངས་སུ་སྤངས་ནས། གསུང་རབ་རིན་པོ་ཆེ་གཅིག་ཏུ་དགེ་བ་གང་ཡིན་པ་དེ་ལ་བརྟེན་པར་བྱ་བ་ཁོ་ནའོ་ཞེས་བྱ་བའི་ཕྱོགས་ཡིན་ན་ནི། དེའི་ཚེ་ཁྱེད་བཅོམ་ལྡན་འདས་ཀྱི་གསུང་རབ་ཉིད་ཡོངས་སུ་བརྟགས་ཏེ་ཁས་ལེན་ན་ནི་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལས་དབུ་མའི་ལམ་གསལ་རབ་ཏུ་བསྟན་པ་མཛད་པ་འདི་ལ་ཡང་ཅིའི་ཕྱིར་མི་བརྟེན། གལ་ཏེ་བདག་ཉིད་དེ་ལ་བརྟེན་མི་ནུས་སུ་ཆུག་ནའང༌། འོན་ཀྱང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། རིགས་པའི་སྒྲོན་མའི་ཚོགས་རྣམ་པ་དུ་མས་འདི་གསལ་རབ་ཏུ་བརྗོད་ན་དེའི་སྟོབས་ཀྱིས་ཀྱང་ཅིའི་ཕྱིར་ཁས་མི་ལེན། དེ་ཉིད་ཀྱི་ཕྱིར་སློབ་དཔོན་དེ་ནི་བཅོམ་ལྡན་འདས་ཀྱིས་དེ་སྟོན་པའི་ཕྱིར་དང༌། ས་དང་པོ་ཐོབ་པའི་ཕྱིར་འཕགས་པ་ལང་ཀར་གཤེགས་པ་ལ་སོགས་པ་ལས་ལུང་བསྟན་ཏོ། །གལ་ཏེ་འདིས་འདི་ལོག་པར་སྟོན་པར་འགྱུར་ན་ནི་བཅོམ་ལྡན་འདས་ཀྱིས་དེ་ལྟར་ལུང་


DTG107_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པར་ཡང་མི་འགྱུར་རོ། །དེའི་ཕྱིར་སློབ་དཔོན་གྱི་ཚིག་སྤངས་ན་བཅོམ་ལྡན་འདས་ཀྱི་བཀའ་སྤངས་པ་ཁོ་ནར་འགྱུར་རོ། །དེ་ལྟ་བས་ན་དེ་ལུང་དང་ལྡན་པས་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་བསྟན་པའི་ལམ་བོར་ནས། འཕགས་པ་མ་ཡིན་པའི་སྐྱེ་བོས་རབ་ཏུ་བསྟན་པ་ལ་བརྟེན་པར་ནི་རིགས་པ་མ་ཡིན་ནོ། །ཁོ་བོ་ཅག་གི་སྒྲ་རྣམས་ལ་དོན་དམ་པའི་འབྲེལ་པ་འགའ་ཡང་མི་འདོད་དོ། །དེའི་ཕྱིར་དེ་བཀག་པས་མི་འདོད་པར་འགྱུར་བ་མ་ཡིན་ནོ། །འོན་ཀྱང་འདི་ནི་བརྡ་མངོན་པར་ཤེས་པ་ལ་སྨྲ་བ་པོའི་འདོད་པས་ཐ་སྙད་ཀྱི་སྒོ་ནས་སྟོན་པར་བྱེད་དོ། །དོན་དང་སྐབས་ལ་སོགས་པས་འཁྲུལ་པ་མེད་པའི་མིས་བརྗོད་པའི་སྒྲ་རྣམས་བརྗོད་པར་འདོད་པའི་དོན་དམ་འབྲེལ་པ་མེད་པར་ཡང་རྣམ་པ་ཐམས་ཅད་དུ་ངེས་པར་བྱ་བར་མི་ནུས་ཏེ། གཞན་དུ་ན་ཐ་སྙད་ཐམས་ཅད་ཆད་པ་ཁོ་ནར་འགྱུར་རོ། །སྡང་བ་མ་ཡིན་པ་དང༌། མ་རྨོངས་པ་དང༌། མ་ཆགས་པ་རྣམས་ཀྱི་ཚིག་བདེན་པའི་དོན་ཉིད་སྟོན་པའི་ཕྱིར་ཐམས་ཅད་ཀྱི་ཚིག་ལོག་པའི་དོན་ཉིད་ཀྱང་མ་ཡིན་ཏེ། དེ་ནི་རང་གི་རྒྱུད་ལ་ཡང་ངེས་པའི་ཕྱིར་རོ། །དེའི་ཕྱིར་བཀའ་གང་ཞིག་ཚུལ་གསུམ་གྱི་བརྟག་པས་ཡོངས་སུ་དག་པ་ཐོག་མ་དང་ཐ་མ་དང་བར་དུ་དགེ་བར་ངེས་པ་དེ་ནི་མི་སླུ་བའི་ཕྱིར་དེ་མཁས་པ་རྣམས་ཀྱིས་བརྟེན་པར་བྱ་བ་ཉིད་དོ། །ཁོ་བོ་ཅག་ནི་དེ་བཞིན་གཤེགས་པའི་གསུང་རབ་དང་ཞེ་འགྲས་པའི་མི་མུ་སྟེགས་ཅན་རྣམས་ལ། དེ་སྒྲུབ་པའི་ཕྱིར་བཅོམ་ལྡན་འདས་ཀྱི་བཀའ་ཚད་མ་ཉིད་དུ་བརྗོད་པ་ནི་མ་ཡིན་ནོ། །འོན་ཀྱང་ལུང་གི་དོན་དཔྱོད་ན་དེའི་ལུང་དང་ལྡན་པ་ལ་དེ་ཁུངས་ཉིད་དུ་རབ་ཏུ་སྟོན་ཏོ། །དེ་སྟོན་པར་བྱེད་པའི་བཅོམ་ལྡན་འདས་ཀྱི་བཀའ་མེད་པ་ཉིད་དོ་ཞེས་བརྗོད་པར་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་གྱི་མདོ་ལ་བརྟེན་པར་གསུངས་ཀྱི། དྲང་བའི་དོན་ལ་ནི་མ་ཡིན་ནོ། །ངེས་པའི་དོན་ཀྱང་གང་ལ་བྱ་ཞེ་ན། ཚད་མ་དང་བཅས་པ་དང༌། དོན་དམ་པའི་དབང་དུ་མཛད་ནས་བཤད་པ་གང་ཡིན་པ་སྟེ་དེ་ནི་དེ་ལས་ལོགས་ཤིག་གཞན་གང་དུ་ཡང་དྲང་བར་མི་ནུས་པའི་ཕྱིར་རོ། །ཆོས་ཐམས་ཅད་མི་སྐྱེ་བ་ཡང་ཚད་མས་ཡང་དག་པར་གྲུབ་སྟེ།


DTG107_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཀྱི་ཕྱིར་དེ་ནི་རིགས་པ་དང་ལྡན་པ་ཉིད་ཀྱིས་དོན་དམ་པ་ཞེས་བྱའོ། །དེ་སྐད་དུ་འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས། མི་སྐྱེ་བ་ནི་བདེན་ནོ། །སྐྱེ་བ་ལ་སོགས་པ་ཆོས་གཞན་ནི་མི་བདེན་ཏེ། བརྫུན་པ་སླུ་བའི་ཆོས་ཅན་ནོ་ཞེས་གསུངས་སོ། །འཕགས་པ་བདེན་པ་གཉིས་བསྟན་པ་ལས་ཀྱང༌། ལྷའི་བུ་དོན་ནི་དོན་དམ་པར་མི་སྐྱེ་བ་ཡིན་ནོ་ཞེས་གསུངས་ཏེ། དེ་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་ཐམས་ཅད་ལ་རྣམ་པར་གཞག་གི་འགའ་ཙམ་ལ་ནི་མ་ཡིན་ནོ། །དེ་བཞིན་དུ་ཡང་དེ་ཉིད་ལས། ལྷའི་བུ་འདི་ལྟ་སྟེ་དཔེར་ན་ཁམ་སའི་སྣོད་ཀྱི་ནང་གི་ནམ་མཁའ་གང་ཡིན་པ་དང༌། རིན་པོ་ཆེའི་སྣོད་ཀྱི་ནང་གི་ནམ་མཁའ་གང་ཡིན་པ་འདི་ནི་དོན་དམ་པར་ནམ་མཁའི་ཁམས་ཁོ་ནར་ཟད་དེ། འདི་ལ་ཐ་དད་དུ་བྱ་བ་ཅུང་ཟད་ཀྱང་མེད་དོ། །ལྷའི་བུ་དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་གང་ཡིན་པ་དེ་ཡང་དོན་དམ་པར་ཤིན་ཏུ་མི་སྐྱེ་བ་ཉིད་དོ། །རྣམ་པར་བྱང་བ་གང་ཡིན་པ་དེ་ཡང་དོན་དམ་པར་ཤིན་ཏུ་མི་སྐྱེ་བ་ཉིད་དོ། །འཁོར་བ་ཡང་དོན་དམ་པར་ཤིན་ཏུ་མི་སྐྱེ་བ་ཉིད་དོ། །མྱ་ངན་ལས་འདས་པའི་བར་དུ་ཡང་དོན་དམ་པར་ཤིན་ཏུ་མི་སྐྱེ་བ་ཉིད་དེ། འདི་ལ་ཐ་དད་དུ་བྱ་བ་ཅུང་ཟད་ཀྱང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པར་ཆོས་ཐམས་ཅད་ཤིན་ཏུ་མ་སྐྱེས་པའི་ཕྱིར་རོ་ཞེས་གསུངས་ཏེ། དེ་ལྟར་ན་སྐྱེ་བ་མེད་པ་འདི་ཡང་དོན་དམ་པ་དང་མཐུན་པའི་ཕྱིར་དོན་དམ་པ་ཞེས་བྱའི་དངོས་སུ་ནི་མ་ཡིན་ཏེ། དངོས་སུ་ནི་དོན་དམ་པ་སྤྲོས་པ་ཐམས་ཅད་ལས་འདས་པའི་ཕྱིར་རོ། །དེའི་ཕྱིར་གང་ཅུང་ཟད་ཇི་ཙམ་དུ་སྐྱེ་བ་མེད་པ་ལ་སོགས་པའི་མཚན་ཉིད་ཀྱི་དོན་དམ་པའི་དབང་དུ་བསྟན་པ་མཛད་པ་དེ་ཐམས་ཅད་ནི་ངེས་པའི་དོན་དུ་གཟུང་བར་བྱ་ལ་བཟློག་པ་ནི་དྲང་བའི་དོན་ཏོ། །དེ་སྐད་དུ་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས། ངེས་པ་དང་དྲང་བའི་དོན་གྱི་མདོ་སྡེའི་མཚན་ཉིད་བཤད་དེ། ངེས་པའི་དོན་གྱི་མདོ་སྡེ་ནི་གང༌། དྲང་བའི་དོན་གྱི་མདོ་སྡེ་ནི་གང་ཞེ་ན། མདོ་སྡེ་གང་དག་ཀུན་རྫོབ་བསྒྲུབ་པ་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་དོན་དམ་པ་བསྒྲུབ་པ་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་ཚིག་དང་ཡི་


DTG107_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

གེ་སྣ་ཚོགས་བསྟན་པ་གང་ཡིན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་ཟབ་མོ་བལྟ་དཀའ་བ་རྟོགས་པར་དཀའ་བ་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་བདག་དང༌། སེམས་ཅན་དང༌། སྲོག་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེད་ལས་སྐྱེས་པ་དང༌། ཤེད་བུ་དང༌། བྱེད་པ་པོ་དང༌། ཚོར་བ་པོ་སྐད་སྣ་ཚོགས་ཀྱིས་བཤད་པར་བྱ་བ་བདག་པོ་མེད་པ་ལས་བདག་པོ་ལྟ་བུར་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། མདོ་སྡེ་གང་དག་དངོས་པོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་མེད་པ་དང། མངོན་པར་འདུ་བྱེད་པ་མེད་པ་དང༌། སྐྱེ་བ་མེད་པ་དང༌། མ་སྐྱེས་པ་དང༌། སེམས་ཅན་མེད་པ་དང༌། སྲོག་མེད་པ་དང༌། གང་ཟག་མེད་པ་དང༌། བདག་པོ་མེད་པ་རྣམ་པར་ཐར་པའི་སྒོ་སྟོན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ་ཞེས་རྒྱས་པར་གསུངས་པ་གང་ཡིན་པའོ། །སྐྱེ་བ་མེད་པ་ལ་སོགས་པ་བསྟན་པ་མདོ་གཞན་དག་ལས་དགོངས་པ་གཞན་གྱི་ངེས་པའི་དོན་དུ་བཤད་དོ་ཞེས་བརྗོད་པར་ཡང་རིགས་པ་མ་ཡིན་ཏེ། དེ་ལྟ་ན་ནི་བདག་ལ་སོགས་པ་བསྟན་པ་ཡང་ངེས་པའི་དོན་དུ་འགྱུར་རོ། །དེ་ལྟ་བས་ན་དོན་དམ་པ་བརྗོད་པ་ཁོ་ན་ངེས་པའི་དོན་ཡིན་ལ། བཟློག་པ་ནི་དྲང་བའི་དོན་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་ལས་ཀྱང༌། ངེས་པའི་དོན་གང་ཡིན་པ་དེ་ནི་དོན་དམ་པའོ་ཞེས་གསུངས་ལ། སྐྱེ་བ་མེད་པ་ལ་སོགས་པ་ཡང་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས། ངེས་པའི་དོན་ཏོ་ཞེས་བསྟན་ཏེ། དེ་ལྟ་བས་ན་སྐྱེ་བ་མེད་པ་ལ་སོགས་པ་ཁོ་ན་དོན་དམ་པའོ་ཞེས་བྱ་བར་ངེས་སོ། །གལ་ཏེ་དེ་ལྟ་ཡིན་ན། འོ་ན་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། ངོ་བོ་ཉིད་གསུམ་པོ་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལས་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་ཞེ་ན། འདི་ནི་ཉེས་བ་མེད་དེ། གང་དག་ཀུན་རྫོབ་པའི་ངོ་བོ་ཉིད་ལ་ཡང་སྐུར་པ་འདེབས་པར་བྱེད་པ་དང༌། དམ་པ་མ་ཡིན་པའི་བསྟན་བཅོས་མཉན་པ་ལ་སོགས་པ་ལ་མངོན་པར་ཞེན་པས་བློ་གྲོས་ཕྱིན་ཅི་


DTG107_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་ཏུ་གྱུར་པ་གང་དག་ཀུན་རྫོབ་ཏུ་ཡོད་པ་མ་ཡིན་པ་བརྫུན་པ་ཁོ་ན་ལ་ཡང་རྟག་པ་ལ་སོགས་པའི་དངོས་པོར་སྒྲོ་འདོགས་ཤིང་གཟུགས་ལ་སོགས་པ་ཇི་ལྟར་སྣང་བ་ཡང་ཇི་ལྟ་བ་དེ་བཞིན་དུ་ཡོངས་སུ་འཛིན་པར་འགྱུར་བ་དེ་དག་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་གཉིས་སུ་ལྷུང་བའི་བློས་དོན་དམ་པའི་ཚུལ་གྱི་རྒྱ་མཚོ་མཐའ་གཉིས་དང་བྲལ་བ་ཤིན་ཏུ་ཟབ་མོ་ལ་མི་འཇུག་པས་དེའི་དོན་དུ་བཅོམ་ལྡན་འདས་ཀྱིས་སྐྱེ་བ་མེད་པ་ལ་སོགས་པ་བསྟན་པ་དོན་དམ་པའི་དབང་དུ་མཛད་པ་ཁོ་ནར་བརྗོད་ཅིང་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་གྱི་དགོངས་པ་བསྟན་པས་དབུ་མའི་ལམ་མཐའ་གཉིས་དང་བྲལ་བ་རབ་ཏུ་བསྟན་པའི་ཕྱིར་ངེས་པའི་དོན་ཁོ་ན་གཞུང་འཛུགས་པར་མཛད་པ་ཡིན་ནོ། །དབུ་མ་པ་རྣམས་ཀྱང་ངོ་བོ་ཉིད་གསུམ་རྣམ་པར་གཞག་པ་ཁས་མི་ལེན་པ་ནི་མ་ཡིན་ཏེ། གཞན་དུ་ན་མཐོང་བ་ལ་སོགས་པ་དང་འགལ་བ་ཇི་ལྟར་སྤོངས་པར་འགྱུར། དེ་ལ་དངོས་པོ་མ་བརྟགས་ན་གྲགས་པ་ཇི་ལྟར་སྣང་བ་སྒྱུ་མ་བཞིན་དུ་བརྟེན་ནས་བྱུང་བ་གང་ཡིན་པ་དེ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཡིན་ནོ། །དེ་ཡང་ཀུན་རྫོབ་ཏུ་སྒྱུ་མ་བཞིན་དུ་གཞན་གྱི་རྐྱེན་གྱི་དབང་གིས་སྐྱེའི་བདག་ཉིད་ཁོ་ན་ནི་མ་ཡིན་པས་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དུ་རྣམ་པར་གཞག་སྟེ། མཁས་པ་རྣམས་ནི་བརྟེན་ནས་བྱུང་བ་གང་ཡིན་པ་དེ་རང་བཞིན་གྱིས་སྟོང་པ་ཉིད་དོ་ཞེས་བྱ་བར་ངེས་པར་འཛིན་ཏེ་རང་བཞིན་ནི་བཅོས་མ་ཉིད་དུ་རིགས་པ་མ་ཡིན་ནོ། །མ་བྱུང་བ་ལ་བྱུང་བ་དང༌། བྱུང་ནས་མེད་པ་ཡང་མ་ཡིན་ཏེ། གཅིག་ལ་ཡོད་པ་དང་མེད་པ་དག་ནི་རིམ་གྱིས་ཀྱང་འགལ་བའི་ཕྱིར་རོ། །དེ་སྐད་དུ། རང་བཞིན་རྒྱུ་དང་རྐྱེན་དག་ལས། །འབྱུང་བར་རིགས་པ་མ་ཡིན་ནོ། །རྒྱུ་དང་རྐྱེན་ལས་བྱུང་ན་ནི། །རང་བཞིན་བྱས་པ་ཅན་དུ་འགྱུར། །རང་བཞིན་དག་ནི་ཇི་ལྟ་བུར། །བྱས་པ་ཅན་ཞེས་བྱ་བར་འགྱུར། །གལ་ཏེ་རང་བཞིན་གྱིས་ཡོད་འགྱུར། །དེ་ནི་མེད་པ་ཉིད་མི་འགྱུར། །རང་བཞིན་གཞན་དུ་འགྱུར་བར་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་བཤད་དོ། །ཡང་ངོ་བོ་ཉིད་ཀྱིས་ཡོད་ཡིན་ན། །མེད་པར་རུང་བ་མ་ཡིན་ནོ། །ཞེས་བཤད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་འཕགས་པ་ཀླུའི་


DTG107_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་མ་དྲོས་པས་ཞུས་པ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་ཏེ་བག་ཡོད་ཡིན། །ཞེས་བསྟན་ཏོ། །ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། གང་དག་རྟེན་ཅིང་འབྲེལ་པར་འབྱུང༌། །དེ་དག་ངོ་བོ་ཉིད་ཀྱིས་མེད། །གང་དག་ངོ་བོ་ཉིད་མེད་པ། །དེ་དག་གང་དུའང་མི་འབྱུང་ངོ༌། །ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་ཡབ་དང་སྲས་མཇལ་བ་ལས་ཀྱང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པས་ཆོས་ཀྱི་དབྱིངས་ལ་འཇུག་པ་བསྟན་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་དེ་ལ་མ་རིག་པ་ནི་མ་རིག་པ་ཉིད་ཀྱིས་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་མ་རིག་པ་ནི་ངོ་བོ་ཉིད་དང་བྲལ་བ་ལགས་སོ། །ཆོས་གང་ལ་ངོ་བོ་ཉིད་མ་མཆིས་པ་དེ་ནི་དངོས་པོ་མ་མཆིས་པའོ། །གང་དངོས་པོ་མ་མཆིས་པ་དེ་ནི་ཡོངས་སུ་མ་གྲུབ་པའོ། །གང་ཡོངས་སུ་མ་གྲུབ་པ་དེ་ནི་སྐྱེ་བར་ཡང་མི་འགྱུར། དེ་འགག་པར་ཡང་མི་འགྱུར་རོ། །གང་མ་སྐྱེས་མ་འགགས་པ་དེ་ནི་འདས་པ་ཞེས་གདགས་པར་བགྱི་བ་མ་ལགས། མ་འོངས་པ་མ་ལགས། ད་ལྟར་བྱུང་བ་ཞེས་གདགས་པར་བགྱི་བ་མ་ལགས་སོ། །གང་དུས་གསུམ་དུ་ཡང་མི་འཐད་པ་དེ་ནི་མིང་མ་མཆིས་པ། མཚན་ཉིད་མ་མཆིས་པ། མཚན་མ་མ་མཆིས་པ། གདགས་སུ་མ་མཆིས་པ་སྟེ། སེམས་ཅན་རྣམས་གཟུང་བའི་ཕྱིར་མིང་ཙམ་དང༌། བརྡ་ཙམ་དང༌། ཐ་སྙད་ཙམ་དང༌། ཀུན་རྫོབ་ཙམ་དང༌། བརྗོད་པ་ཙམ་དང༌། གདགས་པ་ཙམ་ནི་མ་གཏོགས་སོ། །མ་རིག་པ་ནི་དོན་དམ་པར་མི་དམིགས་སོ། །ཆོས་གང་དོན་དམ་པར་མི་དམིགས་པ་དེ་ནི་གདགས་པར་བགྱི་བ་མ་ལགས། ཐ་སྙད་གདགས་པར་བགྱི་བ་མ་ལགས། བརྗོད་པར་བགྱི་བ་མ་ལགས་ཏེ། བཅོམ་ལྡན་འདས་མིང་ཙམ་དང་བརྡ་ཙམ་གང་ལགས་པ་དེ་ཡང་ཡང་དག་པ་མ་ལགས་སོ་ཞེས་བྱ་བ་རྒྱས་པར་གསུངས་སོ། །དེའི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཡང་དག་པའི་ངོ་བོ་ཉིད་དུ་རིགས་པ་མ་ཡིན་ཏེ། དེ་ལྟ་ན་ནི་སྒྱུ་མ་ལ་སོགས་པ་ཡང་དངོས་པོ་ཉིད་དུ་ཐལ་བར་འགྱུར་ཏེ། དེ་དག་ཀྱང་


DTG107_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་ལ་རག་ལས་པར་ཁྱད་པར་མེད་པའི་ཕྱིར་རོ། །དེ་བས་ན་གཞན་གྱི་དབང་གི་ངོ་བོ་ཉིད་འདི་སྒྱུ་མ་དང་ཁྱད་པར་མེད་པ་ཉིད་ཀྱི་ཕྱིར་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དུ་རྣམ་པར་གཞག་གོ །དེ་སྐད་དུ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་དེ་ཉིད་ལས་དཔེར་ན་སྒྱུ་མ་བྱས་པ་ལྟར་དེ་བཞིན་དུ་སྐྱེ་བ་ངོ་བོ་ཉིད་མེད་པར་ཉེ་བར་བལྟ་བར་བྱའོ་ཞེས་གསུངས་སོ། །གཞན་གྱི་དབང་གི་ངོ་བོ་ཉིད་སྒྱུ་མ་ལ་སོགས་པ་དང་ཁྱད་པར་མེད་པ་དེ་ཉིད་ལ་རྟག་པ་དང་མི་རྟག་པ་ལ་སོགས་པ་དོན་དམ་པ་པའི་རང་གི་ངོ་བོར་སྒྲོ་འདོགས་པ་གང་ཡིན་པ་དེ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དོ། །དེ་ཡང་ཇི་ལྟར་ཀུན་བརྟགས་པའི་མཚན་ཉིད་དུ་མ་གྲུབ་པའི་ཕྱིར་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དུ་རྣམ་པར་གཞག་གོ །ངོ་བོ་ཉིད་མེད་པ་འདི་ཡང་དངོས་སུ་ན་གཞན་གྱི་དབང་གི་ངོ་བོ་ཉིད་ཁོ་ན་ལ་རྣམ་པར་གཞག་སྟེ། དེ་ཉིད་ལ་དེའི་མཚན་ཉིད་དུ་ཉེ་བར་བརྟགས་པའི་ཕྱིར་རོ། །དེའི་ཕྱིར་ཆོས་ཐམས་ཅད་མི་རྟག་པ་ལ་སོགས་པ་ཇི་ལྟར་རྣམ་པར་གཞག་པའི་མཚན་ཉིད་དོན་དམ་པ་པས་སྟོང་པའི་ཕྱིར་མ་སྐྱེས་པ་ཡིན་ནོ། །དེའི་ཕྱིར་མ་འགགས་པ་ཡིན་ནོ། །དེའི་ཕྱིར་གཟོད་མ་ནས་ཞི་བ་ཡིན་ནོ། །དེའི་ཕྱིར་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །དེ་སྐད་དུ། འཕགས་པ་དགོངས་པ་ངེས་པར་འགྲེལ་བ་དེ་ཉིད་ལས། གང་རང་གི་མཚན་ཉིད་ཀྱིས་མེད་པ་དེ་ནི་མ་སྐྱེས་པའོ། །གང་མ་སྐྱེས་པ་དེ་ནི་མ་འགགས་པའོ། །གང་མ་འགགས་པ་དེ་ནི་གཟོད་མ་ནས་ཞི་བའོ། །གང་གཟོད་མ་ནས་ཞི་བ་དེ་ནི་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་གསུངས་སོ། །ཡང་དེ་ལྟ་བས་ན་ངས་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ནས་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་བཤད་དོ་ཞེས་གསུངས་པ་གང་ཡིན་པ་དེར་ཡང་སྒྲ་ཇི་བཞིན་གྱི་དོན་དུ་ཡོངས་སུ་རྟོག་པ་དེ་སེལ་བར་ཡང་མཛད་ལ། གཞན་གྱི་དབང་གི་ངོ་བོ་ཉིད་ཀུན་རྫོབ་པ་ལ་ཇི་སྐད་བཤད་པའི་ཀུན་བརྟགས་པའི་བདག་ཉིད་ཀྱིས་དབེན་པ་སྒྲུབ་ཅིང་སྐུར་བ་མི་འདེབས་པའི་ཀུན་རྫོབ་ཀྱི་ངོ་བོ་ཡང་སྟོན་པ་ཡིན་གྱི། དོན་དམ་པ་ཉིད་དུ་ནི་མ་ཡིན་ནོ། །མཚན་ཉིད་མེད་པའི་ངོ་བོ་ཉིད་ནི་འགའ་ཡང་རིགས་པ་མ་ཡིན་ཏེ། ཇི་སྐད་དུ། མཚན་ཉིད་མེད་པའི་དངོས་


DTG107_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནི། །འགའ་ཡང་གང་ནའང་ཡོད་མ་ཡིན། །ཞེས་བཤད་པ་ལྟ་བུའོ། །ཆོས་ཐམས་ཅད་དོན་དམ་པར་རྟག་ཏུ་རང་བཞིན་གྱིས་ངོ་བོ་ཉིད་མེད་པ་ཁོ་ནར་གནས་པ་གང་ཡིན་པ་དེ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་ཏེ། དེ་ནི་རྟག་ཏུ་སྒྲོ་བཏགས་པ་མེད་པ་ཉིད་དུ་གྲུབ་པའི་ཕྱིར་རོ། །དེ་ཡང་ཚད་མས་ཡང་དག་པར་གྲུབ་པའི་བདག་ཉིད་ཀྱིས་དོན་དམ་པ་ཞེས་ཀྱང་བྱ་ལ་ངོ་བོ་ཉིད་མེད་པས་རབ་ཏུ་ཕྱེ་བའི་ཕྱིར་ངོ་བོ་ཉིད་མེད་པ་ཉིད་ཀྱང་ཡིན་ནོ། །དེའི་ཕྱིར་འདི་ནི་དོན་དམ་པར་ངོ་བོ་ཉིད་མེད་པ་ཡིན་ནོ། །དེ་སྐད་དུ་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། དེ་ནི་དོན་དམ་པ་ཡང་ཡིན་ལ། ཆོས་རྣམས་ངོ་བོ་ཉིད་མེད་པས་རབ་ཏུ་ཕྱེ་བ་ཡང་ཡིན་པས་དེའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མེད་པའོ་ཞེས་བྱའོ་ཞེས་གསུངས་ཏེ། གང་གི་ཕྱིར་ངོ་བོ་ཉིད་མེད་པ་འདིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཁོ་ན་ཡིན་པས་དེའི་ཕྱིར་སྐྱེ་བ་མེད་པ་ལ་སོགས་པ་བསྟན་པ་ངེས་པའི་དོན་ཡིན་ནོ། །དེ་ནི་དོན་དམ་པ་ལ་དགོངས་ནས་བསྟན་པའི་ཕྱིར་མཐོང་བ་ལ་སོགས་པ་དང་འགལ་བ་ཡང་མ་ཡིན་ལ། སྒྲ་ཇི་བཞིན་དུ་ཡོངས་སུ་རྟོག་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དགོངས་པ་བསྟན་པ་ཡང་ངེས་པའི་དོན་ཉིད་དུ་འགལ་བར་མི་བྱེད་དོ། །དེ་ཉིད་ཀྱི་ཕྱིར་སྐྱེ་བ་མེད་པ་ལ་སོགས་པ་བསྟན་པ་ངེས་པའི་དོན་ཉིད་དུ་བསྒྲུབ་པའི་ཕྱིར་དང༌། མཐོང་བ་ལ་སོགས་པ་དང་འགལ་བ་བསལ་བའི་ཕྱིར། སྒྲ་ཇི་བཞིན་དུ་རྟོག་པ་གསལ་བའི་ཕྱིར་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་དེ་ཉིད་ལས། དོན་དམ་ཡང་དག་འཕགས་གཞན་ཡང༌། །ངས་དོན་དམ་པ་ངོ་བོ་ཉིད་མེད་པ་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ལས་ཀྱང་དགོངས་ཏེ། ཆོས་ཐམས་ཅད་མ་སྐྱེས་པ་དང༌། ཆོས་ཐམས་ཅད་མ་འགགས་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་བཤད་དོ་ཞེས་བསྟན་ནོ། །གལ་ཏེ་དེ་ལྟ་ཡིན་ན། འོ་ན་དད་པ་ཆེར་འབྱུང་གི་མདོ་ལས། ངས་གང་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་ལས་དགོངས་ཏེ། ཆོས་ཐམས་ཅད་མེད་པ་ཉིད་དུ་བསྟན་པ་གང་ཡིན་པ་དེ་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ཅིང༌། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་དང༌། རྣམ་པར་བྱང་བའི་ཆོས་རྣམས་ཀྱང་མེད་པ་ཉིད་དུ་མངོན་པར་ཞེ་ན་ནས་མེད་པའི་མཚན་མ་བཟུང་སྟེ། མེད་པའི་


DTG107_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བར་འགྱུར་རོ། །དེ་ལྟ་བས་ན་མཚན་མའི་ལྟ་བ་ཞེས་བྱའོ་ཞེས་རྒྱས་པར་གསུངས་པ་གང་ཡིན་པ་འདི་ཇི་ལྟར་དྲང་ཞེ་ན། འདི་ལ་ཡང་ཇི་སྐད་བཤད་པའི་གཞན་གྱི་དབང་གི་ངོ་བོ་ཉིད་ཀུན་རྫོབ་ཏུ་རྒྱུ་དང་རྐྱེན་སྦྱོར་བའི་སྟོབས་ཀྱིས་སྐྱེས་པ་ཉིད་ཀྱི་སྒྱུ་མ་བཞིན་དུ་ངོ་བོ་ཉིད་མེད་པའི་ཕྱིར་སྦྱོར་བ་ལས་བྱུང་བ་ཞེས་བྱའོ། །དེ་སྐད་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་ནི་ཡོད་པ་མ་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་རོ་ཞེས་གསུངས་སོ། །དེ་ཉིད་ལ་ཇི་སྐད་བཤད་པའི་ཀུན་བརྟགས་པའི་ངོ་བོ་ཉིད་གང་ཡིན་པ་དེ་ཡང་རྟོགས་པས་མངོན་པར་བསྒྲུབས་པ་ཉིད་ཀྱིས་དེ་ལ་གློ་བུར་བ་ཡིན་པའི་ཕྱིར་སྦྱོར་བ་ལས་བྱུང་བ་ཞེས་བྱའོ། །ངོ་བོ་ཉིད་འདི་ནི་རྣམ་པ་གཉིས་ཀ་ཡང་དོན་དམ་པར་མི་རུང་སྟེ། དེའི་ཕྱིར་ཆོས་ཐམས་ཅད་ངོ་བོ་ཉིད་འདིས་དོན་དམ་པར་ངོ་བོ་ཉིད་མེད་པ་ཡིན་གྱི། ཀུན་རྫོབ་པའི་ངོ་བོ་ཉིད་ཀྱང་མེད་པའི་ཕྱིར་ནི་མ་ཡིན་ནོ། །དེ་མེད་ན་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་རྣམ་པར་གཞག་པར་ཡང་མི་འགྱུར་ཏེ། དེ་ནི་དེས་རབ་ཏུ་ཕྱེ་བ་ཡིན་གྱི་དོན་དམ་པས་ནི་མ་ཡིན་ནོ་ཞེས་མདོ་གཞན་དག་ལས་བརྗོད་པའི་ཕྱིར་རོ། །དེའི་ཕྱིར་དོན་དམ་པའི་དགོངས་པ་མི་ཤེས་པ་གང་དག་སྔར་ཀུན་རྫོབ་ཀྱི་ངོ་བོ་ཉིད་ཀྱང་དངོས་པོའི་ངོ་བོར་བཟུང་ནས། ཕྱིས་དེ་ཡང་མེད་པར་སེམས་ཤིང་སྐྱེ་བ་མེད་པ་ལ་སོགས་པ་བསྟན་པ་ལ་སྒྲ་ཇི་བཞིན་གྱི་དོན་དུ་མངོན་པར་ཞེན་པ་དེ་དག་དངོས་པོ་མེད་པ་ལ་སོགས་པའི་མཚན་མ་གཟུང་བའི་ཕྱིར་མཚན་མ་ལ་སོགས་པའི་ལྟ་བར་འགྱུར་བས་དེ་དགག་པའི་ཕྱིར་འདི་གསུངས་ཀྱི། དབུ་མ་པ་རྣམས་ལ་ནི་མ་ཡིན་ནོ། །དེ་དག་ནི་དེ་ཁོ་ན་ཉིད་དེ་མཚན་མར་འཛིན་པ་ཐམས་ཅད་ལས་ལོག་པར་བརྗོད་པའི་ཕྱིར་དེ་དག་ལ་དངོས་པོ་མེད་པ་ལ་སོགས་པའི་མཚན་མར་འཛིན་པ་མེད་དེ། ཇི་སྐད་དུ། གཞན་གྱི་རྐྱེན་མིན་ཞི་བ་སྟེ། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །ཐ་དད་དོན་མིན་རྣམ་མི་རྟོག །འདི་ནི་ཡང་དག་མཚན་ཉིད་དོ། །ཞེས་བཤད་པ་དང༌། ཡང༌། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ལྟས་ཡོད་དང་མེད་ཉིད་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་བཤད་


DTG107_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུའོ། །གང་དག་དངོས་པོ་མེད་པ་ལ་སོགས་པའི་མཚན་མར་འཛིན་པ་དེ་དག་ནི་དེ་ཁོ་ན་ཉིད་མཐོང་བར་བྱ་བའི་སྐབས་མེད་པ་ཉིད་དེ། གང་དག་རང་དངོས་གཞན་དངོས་དང༌། །དངོས་དང་དངོས་མེད་ཉིད་མཐོང་བ། །དེ་དག་སངས་རྒྱས་བསྟན་པ་ལ། །ཡང་དག་མཐོང་བ་མ་ཡིན་ནོ། །ཞེས་བཤད་པ་གང་ཡིན་པའོ། །དངོས་པོ་མེད་པར་མངོན་པར་ཞེན་པ་འདི་དངོས་པོར་མངོན་པར་ཞེན་པ་སྔོན་དུ་འགྲོ་བ་ཅན་ཡིན་པར་མདོ་ལས་བརྗོད་དེ། ཇི་སྐད་དུ། འཕགས་པ་ལང་ཀར་གཤེགས་པ་ལས། མེད་པ་ཡོད་པའི་ཟླས་དྲངས་ཏེ། །ཡོད་པའང་མེད་པའི་ཟླས་དྲངས་སོ། །དེ་ཕྱིར་མེད་པར་བརྗོད་མི་བྱ། །ཡོད་པ་ཉིད་དུའང་མི་བརྟག་གོ །ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་དངོས་པོ་ལ་མངོན་པར་ཞེན་པས་དབང་མེད་པ་རྣམས་ཁོ་ན་མཚན་མ་ལ་སོགས་པའི་ལྟ་བ་ཡིན་གྱི། དངོས་པོར་འཛིན་པ་ཐག་བསྲིངས་པ་རྣམས་ནི་མ་ཡིན་ཏེ། དེ་དག་ནི་གང་ལའང་མི་གནས་པའི་ཕྱིར་རོ། །དེ་སྐད་དུ། གང་དག་བརྟེན་ནས་དངོས་པོ་རྣམས། །བདེན་པ་ཉིད་དུ་གྲུབ་འདོད་པ། །དེ་དག་ལ་ཡང་ཇི་ལྟ་བུར། །རྟག་སོགས་སྐྱོན་དེར་འགྱུར་མ་ཡིན། །གང་དག་བརྟེན་ནས་དངོས་པོ་རྣམས། །ཆུ་ཡི་ཟླ་བ་ལྟ་བུར་ནི། །ཡང་དག་མ་ཡིན་ལོག་མིན་པར། །འདོད་པ་དེ་དག་ལྷས་མི་འཕྲོགས། །དངོས་པོར་ཁས་ལེན་ཡོད་ན་ནི། །འདོད་ཆགས་ཞེ་སྡང་ལས་བྱུང་བའི། །ལྟ་བ་མ་རུང་ཡོངས་སུ་འཛིན། །དེ་ལས་བྱུང་བའི་རྩོད་པ་འཛིན། །ཞེས་བཤད་དོ། །དེ་ལྟ་བས་ན་གང་དག་སྐྱེ་བ་མེད་པ་ལ་སོགས་པ་བསྟན་པ་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་དེ་དག་དགག་པའི་ཕྱིར་མཚན་མ་ལ་སོགས་པའི་ལྟ་བ་སྨད་ཀྱི་དབུ་མ་པར་སྨྲ་བ་རྣམས་ནི་སྐྱེ་བ་མེད་པ་ལ་སོགས་པ་བསྟན་པ་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་ཡང་མ་ཡིན་ཏེ། དེ་དག་དོན་དམ་པར་སྐྱེ་བ་མེད་པ་ལ་སོགས་པ་ཁས་ལེན་པའི་ཕྱིར་དང༌། ཀུན་རྫོབ་པའི་སྐྱེ་བ་ལ་སོགས་པ་ཡང་བརྗོད་པའི་ཕྱིར་རོ། །དེ་སྐད་དུ། དེ་ཉིད་ཚོལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །དོན་རྣམས་རྟོགས་ཤིང་ཆགས་མེད་ལ། །ཕྱིས་ནི་རྣམ་པར་དབེན་པ་ཉིད། །རྣམ་པར་དབེན་དོན་མི་ཤེས་ལ། །ཐོས་པ་ཙམ་ལ་འཇུག་བྱེད་ཅིང༌། །གང་དག་


DTG107_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་མི་བྱེད་པ། །སྐྱེས་བུ་ཐ་ཤལ་དེ་དག་བརླག །འབྲས་བུར་བཅས་པའི་ལས་རྣམས་དང༌། །འགྲོ་བ་དག་ཀྱང་ཡང་དག་བརྗོད། །དེ་ཡི་རང་བཞིན་ཡོངས་ཤེས་དང༌། །སྐྱེ་བ་མེད་པའང་བསྟན་པ་ཡིན། །འཇིག་རྟེན་དབང་དུ་རྒྱལ་བ་རྣམས། །ང་དང་ང་ཡི་ཞེས་གསུངས་ལྟར། །དེ་བཞིན་ཕུང་པོ་སྐྱེ་མཆེད་ཁམས། །དགོས་པའི་དབང་གིས་བཤད་པ་ཡིན། །ཞེས་བཤད་དོ། །གལ་ཏེ་དེ་ལྟ་ཡིན་ན། འཕགས་པ་ལང་ཀར་གཤེགས་པ་ལས། བརྟགས་པའི་དངོས་པོ་མེད་པ་ཉིད། །གཞན་གྱི་དབང་ནི་ཡོད་མ་ཡིན། །སྒྲོ་འདོགས་པ་དང་སྐུར་འདེབས་པའི། །མཐའ་ལ་རྟོག་པ་བརླག་པར་འགྱུར། །ཞེས་གསུངས་པ་གང་ཡིན་པ་འདི་ཇི་ལྟར་དྲང་སྙམ་པ་ལ། འདིར་ཡང་གང་ཞིག་ཀུན་བརྟགས་པའི་ངོ་བོ་ཉིད་ཇི་སྐད་བཤད་པ་ལ་ཡང་དག་པར་སྒྲོ་འདོགས་པར་བྱེད་པའི་སྒྲོ་འདོགས་པ་དེ་དགག་པའི་ཕྱིར་བརྟགས་པའི་དངོས་པོ་མེད་པ་ཉིད་ཅེས་གསུངས་སོ། །གང་དག་གཞན་གྱི་དབང་གི་ངོ་བོ་ཉིད་ཇི་སྐད་བཤད་པ་ཀུན་རྫོབ་པ་ཡང་འགོག་པར་བྱེད་པ་དེའི་ཕྱིར་གཞན་གྱི་དབང་ནི་ཡོད་པ་ཡིན་ཞེས་གསུངས་སོ། །གང་ཞིག་ཇི་སྐད་བཤད་པའི་མཐའ་འདི་གཉིས་སུ་རྟོག་པར་བྱེད་པ་དེ་ནི་དབུ་མའི་ལམ་ལ་མི་འཇུག་སྟེ། གཡང་སའི་གནས་ལ་གནས་པའི་ཕྱིར་ཕུང་པོ་དང་འདྲ་བས། སྒྲོ་འདོགས་པ་དང་སྐུར་འདེབས་པའི། །མཐའ་ལ་རྟོག་པ་བརླག་པར་འགྱུར། །ཞེས་གསུངས་སོ། །འདིས་ནི་ཆོས་རྣམས་ཐམས་ཅད་བརྟགས་པ་ཡི། །ངོ་བོ་ཉིད་ཀྱིས་མ་སྐྱེས་པ། །གཞན་གྱི་དབང་ལ་བརྟེན་ནས་སུ། །མི་རྣམས་ཀྱི་ནི་རྣམ་རྟོག་སྐྱེ། །ཞེས་སྨྲས་པ་གང་ཡིན་པ་དེ་ཡང་བསལ་བ་ཡིན་ནོ། །འདིས་ཀྱང་ཇི་སྐད་བཤད་པའི་སྒྲོ་འདོགས་པ་དང་སྐུར་བ་འདེབས་པའི་མཐའ་བསལ་བར་མཛད་པ་ཡིན་ཏེ། འདི་ལྟར་དོན་དམ་པར་གཞན་གྱི་དབང་ཇི་ལྟར་བརྟགས་པ་བཞིན་མ་སྐྱེས་པའི་ཕྱིར་བརྟགས་པའི་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་ཉིད་དོ། །འདིས་ནི་སྒྲོ་འདོགས་པའི་མཐའ་བསལ་བ་ཡིན་ནོ། །གཞན་གྱི་དབང་ཀུན་རྫོབ་ཏུ་སྐྱེ་བའི་ཕྱིར་དང༌། དེ་ལ་བརྟེན་ནས་སྤྲུལ་པས་སྤྲུལ་པ་བཞིན་དུ་རྣམ་པར་རྟོག་པ་གཞན་སྐྱེ་བའི་ཕྱིར་དེ་བས་ན།


DTG107_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་དབང་ལ་བརྟེན་ནས་སུ། །མི་རྣམས་ཀྱི་ནི་རྣམ་རྟོག་སྐྱེ། །ཞེས་གསུངས་སོ། །འདིས་ནི་སྐུར་པ་འདེབས་པའི་མཐའ་བསལ་བ་ཡིན་ཏེ། ཀུན་རྫོབ་པའི་སྐྱེ་བ་ལ་སྐུར་བ་མི་འདེབས་པའི་ཕྱིར་རོ། །དེའི་ཕྱིར་དེ་དང་དེ་ལས་གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པ་ཉིད་དུ་བསྟན་པ་དང་དངོས་པོ་རྣམས་སྐྱེ་བ་ལ་སོགས་པར་བསྟན་པ་གང་ཡིན་པ་དེ་ཐམས་ཅད་ནི་བྱིས་པ་རྣམས་སྐྲག་པའི་གནས་ཡོངས་སུ་སྤངས་པའི་ཕྱིར་ཀུན་རྫོབ་པའི་ངོ་བོ་ཉིད་དང་སྐྱེ་བའི་དབང་དུ་མཛད་ནས་བཞུགས་པ་ལ་དགོངས་པས་བསྟན་ཏོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའི་དོན་དམ་པར་ནི་མ་ཡིན་ཏེ། དེ་ནི་མདོ་ཉིད་ལས་བཀག་པའི་ཕྱིར་རོ། །དེ་སྐད་དུ། འཕགས་པ་ལང་ཀར་གཤེགས་པ་ལས། བློ་ཡིས་རྣམ་པར་གཞིགས་ན་ནི། །གཞན་དབང་མེད་ཅིང་བརྟགས་པའང་མེད། །གྲུབ་པའི་དངོས་པོ་ཡོད་མིན་ན། །བློ་ཡིས་ཇི་ལྟར་རྣམ་པར་བརྟགས། །ངོ་བོ་ཉིད་མེད་རྣམ་རིག་མེད། །དངོས་པོ་མེད་ཅིང་ཀུན་གཞི་མེད། །བྱིས་པ་རོ་དང་འདྲ་བ་ཡི། །ངན་རྟོག་རྣམས་ཀྱིས་འདི་དག་བརྟགས། །ཞེས་གསུངས་སོ། །འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ཀྱང༌། རིགས་ཀྱི་བུ་འཇིག་རྟེན་གནས་པ་འདི་ནི་སྐྱེ་བ་དང་འགག་པ་ལ་མངོན་པར་ཞེན་པ་ཡིན་པས་དེ་ལ་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོ་ཅན་གྱིས་འཇིག་རྟེན་གྱི་སྐྲག་པའི་གནས་ཡོངས་སུ་སྤངས་པའི་ཕྱིར་ཐ་སྙད་ཀྱི་དབང་གིས་སྐྱེའོ། །འགག་གོ་ཞེས་གསུངས་ཀྱི་རིགས་ཀྱི་བུ་འདི་ལ་ཆོས་འགའ་ཡང་སྐྱེ་བ་ནི་མེད་དོ་ཞེས་གསུངས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང༌། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན་གཟུགས་ནི་རང་བཞིན་གྱིས་སྟོང་པའོ། །གང་རང་བཞིན་གྱིས་སྟོང་པ་དེ་ལ་ནི་སྐྱེ་བ་ཡང་མེད། འགག་པ་ཡང་མེད་དོ། །གང་ལ་སྐྱེ་བ་ཡང་མེད། འགག་པ་ཡང་མེད་པ་དེ་ནི་གཞན་དུ་འགྱུར་བར་མི་མངོན་ཏེ། ཚོར་བ་ནས་རྣམ་པར་ཤེས་པའི་བར་དུ་ཡང་དེ་དང་འདྲའོ་ཞེས་རྒྱས་པར་གསུངས་སོ། །འདི་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ཁོ་ན་རང་བཞིན་ཡིན་པར་རིགས་པ་ཡང་མ་ཡིན་ཏེ། དེ་ནི་གློ་བུར་བ་ཉིད་ཀྱི་རང་བཞིན་ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར་དང༌། དེ་ལྟར་སྒྲའི་དོན་མི་འཐད་པའི་ཕྱིར་རོ། །


DTG107_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཏེ་གཟུགས་ལ་སོགས་པ་དོན་དམ་པར་མ་སྐྱེས་པ་རྣམས་ལ་ཡང་བྱིས་པ་རྣམས་ཀྱིས་སྐྱེ་བ་ལ་སོགས་པའི་ངོ་བོའི་རང་བཞིན་དུ་ཀུན་བརྟགས་པ་གང་ཡིན་པ་དེ་དག་གིས་དེའི་རང་བཞིན་ཉིད་དུ་ཀུན་བརྟགས་པའི་ཕྱིར་རང་བཞིན་གྱི་སྒྲར་བརྗོད་པར་བྱ་བར་འགྱུར་ན་ནི་དེའི་ཚེ་འདོད་པའི་དོན་དང་མི་འགལ་བའི་ཕྱིར་ཉེས་པ་མེད་དོ། །མདོ་གཞན་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཚུལ་བཞིན་མ་ཡིན་པར་སྒྲ་ཇི་བཞིན་དུ་རབ་ཏུ་རྣམ་པར་འབྱེད་པ་ལ་ཐེག་པ་ཆེན་པོ་དད་པའི་སྐྱེ་མཆེད་དུ་མི་འགྱུར་རོ། །སྒྲ་ཇི་བཞིན་མ་ཡིན་པར་དགོངས་པ་ཅན་གྱི་དོན་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ལ་ཐེག་པ་ཆེན་པོ་དད་པའི་སྐྱེ་མཆེད་དུ་འགྱུར་རོ་ཞེས་གསུངས་པ་གང་ཡིན་པ་འདིར་ཡང་དོན་དམ་པའི་དགོངས་པ་མི་ཤེས་པ་གང་དག་ཀུན་རྫོབ་པའི་ངོ་བོ་ཉིད་ལ་ཡང་སྐུར་པ་འདེབས་པར་བྱེད་པ་དེ་དག་ཆོས་ལ་ཚུལ་བཞིན་མ་ཡིན་པར་རབ་ཏུ་རྣམ་པར་འབྱེད་པའི་ཕྱིར་ཐེག་པ་ཆེན་པོ་དད་པའི་སྐྱེ་མཆེད་དུ་མི་འགྱུར་བས་དེ་དགག་པའི་ཕྱིར་འདི་གསུངས་པར་ཟད་དོ། །མདོ་ཐམས་ཅད་ལས་ཀྱང་སྒྲ་ཇི་བཞིན་གྱི་དོན་དུ་མངོན་པར་ཞེན་པ་ཡོངས་སུ་སྤངས་པའི་ཕྱིར་དང༌། དགོངས་པ་ཅན་གྱི་དོན་རྟོགས་པར་བྱ་བ་ལ་འབད་པ་ཡང་དག་པར་སྐྱེད་པའི་ཕྱིར་དང༌། གཞན་ཡིད་ཆེས་པ་ཡང་དག་པར་སྐྱེད་པའི་ཕྱིར་གསུངས་ཀྱི། དབུ་མ་པའི་གཞུང་ལུགས་དགག་པའི་ཕྱིར་ནི་མ་ཡིན་ཏེ། དབུ་མ་པ་རྣམས་ཀྱི་ནི་སྒྲ་ཇི་བཞིན་གྱི་དོན་དུ་མི་རྟོག་གོ་ཞེས་སྔར་བཤད་ཟིན་ཏོ། །དེ་སྐད་དུ། འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང༌། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དོན་དམ་པ་ལ་མཁས་པ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཡང་དག་པའི་ཤེས་རབ་ཀྱིས་གཟུགས་ལ་སོ་སོར་རྟོག་པར་བྱེད་པ་ནས་རྣམ་པར་ཤེས་པའི་བར་དུ་སོ་སོར་རྟོག་པར་བྱེད་ཅིང་དེ་གཟུགས་ལ་སོ་སོར་རྟོག་པ་ན་གཟུགས་ཀྱི་སྐྱེ་བ་མི་དམིགས། ཀུན་འབྱུང་བ་མི་དམིགས། འགོག་པ་མི་དམིགས་པ་ནས་དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་སྐྱེ་བ་མི་དམིགས་ཏེ། དེ་ཡང་དོན་དམ་པར་སྐྱེ་བ་མེད་པ་ལ་འཇུག་པའི་ཤེས་རབ་ཀྱིས་ཡིན་གྱི། ཐ་སྙད་ཀྱི་ངོ་བོ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །


DTG107_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང༌། ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད། །དམ་པའི་དོན་དུ་ཡོད་མ་ཡིན། །དངོས་རྣམས་ངོ་བོ་ཉིད་མེད་དང༌། །དམ་པའི་དོན་ཀྱང་བསྟན་པ་ཡིན། །ཞེས་གསུངས་སོ། །གང་དག་སྐྱེ་བ་མེད་པ་ལ་སོགས་པ་བསྟན་པ་ཆོས་ཐམས་ཅད་དོན་དམ་པའི་ངོ་བོ་ཉིད་དུ་སྐྱེ་བ་དང༌། ཀུན་རྫོབ་པའི་ངོ་བོ་ཉིད་དུ་མི་སྐྱེ་བ་ཐམས་ཅད་དུ་གཞུང་འཛུགས་པར་བྱེད་པ་དེ་དག་ནི་འཕགས་པ་དཀོན་མཆོག་སྤྲིན་ལ་སོགས་པ་ལས་གསུངས་པ་འདི་དག་ཐམས་ཅད་དང་འགལ་བ་ཁོ་ནར་འགྱུར་ཏེ། ལོག་པར་རྟོག་པའི་ཕྱིར་རོ། །འདི་ལྟར་དེ་ལས་ནི་གཟུགས་ལ་སོགས་པ་ཐམས་ཅད་དོན་དམ་པར་མི་སྐྱེ་བ་ལ་སོགས་པ་ཉིད་དང་ཀུན་རྫོབ་པའི་ངོ་བོ་ཉིད་དུ་སྐྱེ་བ་ལ་སོགས་པར་བརྗོད་དོ། །བདེན་པ་གཉིས་བསྟན་པ་ལ་སོགས་པ་ལས་ལྷའི་བུ་ཆོས་ཐམས་ཅད་ནི་དོན་དམ་པར་མ་སྐྱེས་པའི་ཕྱིར་ཞི་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པ་དེ་དང་ཡང་འགལ་བར་འགྱུར་རོ། །ཡང་འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང༌། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །རང་བཞིན་མེད་ལ་འཁྲུལ་པ་གང༌། །དེ་ནི་ཡང་དག་ཀུན་རྫོབ་འདོད། །ཅེས་གསུངས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང༌། རབ་འབྱོར་ཕྱིན་ཅི་ལོག་མ་གཏོགས་པར་བྱིས་པ་རྣམས་གང་ལ་གནས་ཏེ་ལས་མངོན་པར་འདུ་བྱེད་པའི་དངོས་པོ་ནི་སྐྲའི་རྩེ་མོའི་ཆ་ཤས་གཟུགས་པ་ཙམ་ཡང་མེད་དོ་ཞེས་བསྟན་པ་གང་ཡིན་པ་དེ་དང་ཡང་འགལ་བར་འགྱུར་ཏེ། དངོས་པོའི་རང་གི་ངོ་བོ་ཤིན་ཏུ་ཕྲ་བ་ཡང་བཀག་པའི་ཕྱིར་རོ། །གལ་ཏེ་འདི་སྙམ་དུ་ཕྱིན་ཅི་ལོག་མ་བཀག་པའི་ཕྱིར་ཕྱིན་ཅི་ལོག་གི་བདག་ཉིད་ཀྱི་དངོས་པོ་ནི་ཡོད་པ་ཁོ་ན་སྟེ། དེ་ཉིད་ཀྱང༌། རང་བཞིན་མེད་ལ་འཁྲུལ་པ་གང༌། །དེ་ནི་ཡང་དག་ཀུན་རྫོབ་འདོད། །ཅེས་བྱ་བ་ཡིན་ནོ་སྙམ་ན། དེ་ཡང་རིགས་པ་མ་ཡིན་ཏེ། གལ་ཏེ་ཕྱིན་ཅི་ལོག་གི་དངོས་པོ་ཡོད་ན་དེའི་ཚེ་དངོས་པོའི་ངོ་བོ་ཉིད་ཤིན་ཏུ་ཕྲ་བ་ཡང་བཀག་པའི་བཀའ་ཇི་ལྟར་རྣར་འོང་བར་འགྱུར། གང་གི་ཚེ་མདོའི་དོན་དངོས་པོའི་བག་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་ཀྱང་བྱིས་པ་རྣམས་དངོས་པོའི་ངོ་བོ་མི་བདེན་པ་ཕྱིན་ཅི་ལོག་གིས་


DTG107_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་བརྟགས་པ་ལ་མངོན་པར་ཞེན་པས་ལས་མངོན་པར་འདུ་བྱེད་དོ་ཞེས་བྱ་བར་རྣམ་པར་འཆད་པར་འགྱུར་བ་དེའི་ཚེ་དེ་རྣར་འོང་བར་འགྱུར་རོ། །འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཆོས་ཀུན་རྟག་ཏུ་ངོ་བོ་ཉིད་ཀྱིས་སྟོང༌། །རྒྱལ་བའི་སྲས་རྣམས་དངོས་པོ་རྣམ་པར་འཇིག །སྲིད་པ་ཐམས་ཅད་རྣམ་པ་ཀུན་ཏུ་སྟོང༌། །ཉི་ཚེའི་སྟོང་ཉིད་མུ་སྟེགས་ཅན་རྣམས་ཀྱི། །ཞེས་ཚིགས་སུ་བཅད་དེ་གསུངས་པ་གང་ཡིན་པ་འདི་ཡང་ལེགས་པར་དྲངས་པར་འགྱུར་རོ། །གང་ཡང་མདོ་གཞན་དག་ལས། སྲིད་པ་གསུམ་ནི་བརྟགས་པ་ཙམ། །དངོས་པོའི་ངོ་བོ་ཉིད་དུ་མེད། །ངན་རྟོག་རྣམས་ནི་བརྟགས་པ་ལ། །དངོས་པོའི་ངོ་བོ་ཉིད་དུ་རྟོག །ཅེས་གསུངས་པ་དེ་ཡང་ལེགས་པར་དྲངས་པར་འགྱུར་རོ། །ཕྱིན་ཅི་ལོག་ལ་སོགས་པ་ནི་དངོས་པོ་ཉིད་དུ་རུང་བ་མ་ཡིན་ནོ། །འདི་ལྟར་ཁྱེད་ནི་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཞེས་བྱ་བ་དེ་དག་ཡང་དག་པ་མ་ཡིན་པའི་རྣམ་པ་ཉེ་བར་འཛིན་པར་སྣང་བའི་ཕྱིར་ཕྱིན་ཅི་ལོག་ལ་སོགས་པ་ཉིད་དུ་བརྗོད་དོ། །གང་དག་བརྫུན་པའི་ངོ་བོ་ཉིད་ཉེ་བར་འཛིན་པས་དེའི་བདག་ཉིད་དུ་སྣང་བ་དེ་དག་ཇི་ལྟར་ཡང་དག་པའི་དངོས་པོ་ཉིད་དུ་འགྱུར་ཏེ། དེ་ཉིད་དང་གཞན་ཉིད་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པས་དེ་ཉིད་བདག་ཉིད་གཞན་དུ་འགྱུར་བ་ནི་འགལ་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་གྲངས་ཅན་ལ་སོགས་པས་ཀུན་བརྟགས་པའི་གཙོ་བོ་ལ་སོགས་པའི་འགྱུར་བ་བདག་ལ་སྡང་དུ་ཅི་ཡོད་དེ། གང་གིས་ན་ཁྱེད་དེ་དག་ཀྱང་ཁས་ལེན་པར་མི་བྱེད། དེ་ཉིད་ཀྱི་ཕྱིར། གལ་ཏེ་ངོ་བོ་ཉིད་ཡོད་ན། །ཇི་ལྟར་བུར་ན་གཞན་དུ་འགྱུར། །ཞེས་བཤད་དོ། །འཕགས་པ་བདེན་པ་གཉིས་བསྟན་པ་ལས་ཀྱང༌། ལྷའི་བུ་ཇི་ལྟར་བདག་དོན་དམ་པར་བདག་མ་ཡིན་པ་དེ་བཞིན་དུ་ལྷའི་བུ་ཉོན་མོངས་པ་རྣམས་ཀྱང་དོན་དམ་པར་ཉོན་མོངས་པ་མ་ཡིན་ནོ། །ལྷའི་བུ་གལ་ཏེ་དོན་དམ་པར་བདག་དེ་ཁོ་ན་ཉིད་ཡིན་པར་གྱུར་ན་ལྷའི་བུ་དེའི་ཕྱིར་ཉོན་མོངས་པ་ཡང་དོན་དམ་པར་དེ་ཁོ་ན་ཉིད་ཡིན་པར་འགྱུར་ཞེས་གསུངས་སོ། །འདིས་ནི་འདི་སྐད་དུ་བདག་ལ་སོགས་པ་བརྫུན་པའི་རྣམ་པ་ཉེ་བར་འཛིན་པར་ཞུགས་པའི་ཕྱིར་


DTG107_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་སོགས་པ་བཞིན་དུ་ཉོན་མོངས་པ་ཐམས་ཅད་བརྫུན་པའི་ངོ་བོ་ཉིད་ཁོ་ནའོ་ཞེས་བསྟན་པར་འགྱུར་རོ། །དེ་ལྟར་ན་ཤུགས་ཀྱིས་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་བརྫུན་པའི་རྣམ་པ་ཉེ་བར་འཛིན་པར་ཞུགས་པའི་ཕྱིར་རང་གི་རྣམ་པ་གཞན་དུ་དེ་དང་ཐ་མི་དད་པ་ཉིད་ཀྱིས་བརྫུན་པའི་ངོ་བོ་ཉིད་ཁོ་ནའོ་ཞེས་བསྟན་པ་ཉིད་དོ། །བྱང་ཆུབ་སེམས་དཔའ་ལ་ནི་ཁྱད་པར་དུ་རྣམ་པར་རྟོག་པ་ཐམས་ཅད་ཉོན་མོངས་པ་ཡིན་པས་དེ་བརྫུན་པ་ཉིད་ཡིན་ན་རྣམ་པར་རྟོག་པ་ཐམས་ཅད་བརྫུན་པ་ཉིད་ཁོ་ནའོ་ཞེས་ཡོངས་སུ་བསྟན་པ་ཉིད་དོ། །གལ་ཏེ་དོན་དམ་པ་པའི་དངོས་པོའི་རང་གི་ངོ་བོ་འགའ་ཡང་མེད་ན། འོ་ན་དེའི་ཚེ། ཕུང་པོ་ལ་ནི་བདག་མེད་དེ། །བདག་ལའང་ཕུང་པོ་ཡོད་མ་ཡིན། །དེ་དག་ཇི་ལྟར་བརྟགས་བཞིན་མིན། །དེ་དག་མེད་པ་ཉིད་ཀྱང་མིན། །ཞེས་གསུངས་པ་གང་ཡིན་པ་འདི་ཇི་ལྟར་དྲང་སྟེ། འདི་ལས་ནི་དགག་པ་ཉིད་ཀྱི་ཕུང་པོ་ལ་སོགས་པ་ཡོད་པ་ཉིད་དུ་བསྟན་པ་ཡིན་ནོ་ཞེ་ན། འདིས་ནི་ཁུངས་སུ་མི་རུང་བ་ཉིད་དེ། འདི་ལྟར་འདིར། དེ་དག་ཇི་ལྟ་བརྟགས་བཞིན་མིན། །ཞེས་བྱ་བ་འདིས་དེ་ཁོ་ན་ཉིད་དུ་ཡོད་པ་ཉིད་བཀག་པའི་ཕྱིར་དང༌། དེ་དག་མེད་པ་ཉིད་ཀྱང་མིན། །ཞེས་བྱ་བས་འདི་དག་ཐ་སྙད་ཀྱི་སྒོ་ནས་ཇི་ལྟར་སྣང་བ་བཞིན་ཡོད་པ་ཉིད་དུ་བསྟན་པའི་ཕྱིར་མུ་སྟེགས་ཅན་གྱིས་བརྟགས་པའི་བདག་ཉིད་ནི་ཀུན་རྫོབ་ཏུ་ཡང་མེད་པ་ཉིད་ལ། ཕུང་པོ་རྣམས་ནི་ཐ་སྙད་ཀྱི་སྒོ་ནས་ཡོད་པ་ཉིད་དོ། །དེ་ཁོ་ན་ཉིད་དུ་མ་ཡིན་ནོ་ཞེས་གསལ་བར་བསྟན་པ་ཁོ་ན་ཡིན་ནོ། །དེ་ལྟ་མ་ཡིན་ན་དེའི་ཚེ་གཅིག་ལ་མེད་པ་ཉིད་དུ་གསུངས་ནས་ཡང་ཡོད་པ་ཉིད་དུ་སྟོན་པ་ཇི་ལྟར་འབྲེལ་པ་ཉིད་དུ་འགྱུར། འཕགས་པ་ཚངས་པས་ཞུས་པ་ལས། ཕུང་པོ་ངོ་བོ་ཉིད་མེད་པ་དེ་ཁོ་ན་ཉིད་དུ་བསྟན་པ་གང་ཡིན་པ་དེ་དང་ཡང་འགལ་བར་འགྱུར་ཏེ། དེ་ཇི་སྐད་དུ། གང་གིས་ཕུང་པོ་མ་སྐྱེས་ཤིང༌། །འབྱུང་བ་མེད་པ་ཡོངས་ཤེས་དེ། །འཇིག་རྟེན་ན་ཡང་སྤྱོད་འགྱུར་ལ། །འཇིག་རྟེན་འདི་ལའང་མི་གནས་སོ། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང༌། ཕུང་པོ་རྣམས་དོན་དམ་པར་མེད་པ་ཉིད་ལ། ཀུན་རྫོབ་ཏུ་ཡོད་པ་ཉིད་དོ་ཞེས་གསལ་རབ་ཁོ་ནར་


DTG107_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་པ་ནི་ཀུན་རྫོབ་ཀྱི་བདེན་པ་ལ་མཁས་པ་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། གཟུགས་སུ་འདོགས་པར་ཡང་བྱེད་ལ། དོན་དམ་པར་གཟུགས་སུ་དམིགས་པར་ཡང་མི་བྱེད། མངོན་པར་ཞེན་པར་ཡང་མི་བྱེད་དེ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ཡང་དེ་དང་འདྲའོ་ཞེས་གང་རྒྱས་པར་གསུངས་པ་ཡིན་ནོ། །འཕགས་པ་རིན་ཆེན་འབྱུང་གནས་ལས་ཀྱང༌། ཉི་མས་བྱིན་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་ནི་རི་མོ་བྱུང་བར་མ་གྱུར། འབྱུང་བར་མི་འགྱུར་ཏེ། མ་བྱུང་མ་འགགས་པ། འགྲོ་བ་དང་འོང་བ་མེད་པ། མ་སྐྱེས་པ། འཆི་འཕོ་མེད་པ། མངོན་པར་མ་གྲུབ་པ། བརྗོད་དུ་མེད་པ་ཡིན་པས་ཐ་སྙད་ཙམ་དང༌། ཀུན་རྫོབ་ཙམ་དུ་ཟད་དོ། །ཉི་མས་བྱིན་དེ་བཞིན་དུ་གཟུགས་ནས་རྣམ་པར་ཤེས་པའི་བར་དུ་བྱུང་བར་མ་གྱུར། འབྱུང་བར་མི་འགྱུར་བ་ནས་དེ་བཞིན་དུ་ཀུན་རྫོབ་ཙམ་དུ་ཟད་ཅེས་བྱ་བའི་བར་དུ་རྒྱས་པར་གསུངས་པ་དོན་དང་སྦྱར་བར་བྱའོ། །འོ་ན་ནི་དོན་དམ་པ་སྟོང་པ་ཉིད་ཆེན་པོ་ལས། ལས་ཀྱང་ཡོད། རྣམ་པར་སྨིན་པ་ཡང་ཡོད་དེ། །བྱེད་པ་པོ་ནི་མི་དམིགས་སོ་ཞེས་གསུངས་པ་གང་ཡིན་པ་འདི་དང་འགལ་བར་འགྱུར་ཏེ། འདི་ལྟར་གལ་ཏེ་དོན་དམ་པར་ལས་ལ་སོགས་པ་ཡོད་ན་ནི་དེའི་ཚེ་དངོས་པོ་ཐམས་ཅད་ངོ་བོ་ཉིད་མེད་པ་མ་ཡིན་པར་འགྱུར་རོ། །འོན་ཏེ་ཀུན་རྫོབ་ཏུ་ཡིན་ན་ནི་དེའི་ཚེ་བྱེད་པ་པོ་ཡང་ཀུན་རྫོབ་ཏུ་ཡོད་པས་བྱེད་པ་པོ་ནི་མི་དམིགས་སོ་ཞེས་བརྗོད་དུ་མི་རུང་ངོ་ཞེ་ན། འདིར་ཡང་སྔ་མ་བཞིན་དུ་འགལ་བ་མེད་དེ། འདི་ལྟར་ལས་དང་འབྲས་བུ་ནི་ཀུན་རྫོབ་ཁོ་ནར་ཡོད་པ་ཉིད་ལ། མུ་སྟེགས་ཅན་གྱིས་ཀུན་བརྟགས་པའི་བྱེད་པ་པོ་ནི་ཀུན་རྫོབ་ཏུ་ཡང་མེད་པ་ཉིད་དོ་ཞེས་བསྟན་པའི་ཕྱིར་འགལ་བའི་གོ་སྐབས་སུ་ག་ལ་འགྱུར། འོ་ན་མདོ་གཞན་དག་ལས། ཇི་ལྟར་བྱིས་པས་རྣམ་བརྟགས་ལྟར། །དངོས་པོ་ཐམས་ཅད་ཡོད་པ་ཉིད། །གལ་ཏེ་ཇི་ལྟར་མཐོང་དེར་འགྱུར། །ཐམས་ཅད་དེ་ཉིད་མཐོང་བར་འགྱུར། །ཆོས་རྣམས་ཐམས་ཅད་མེད་པའི་ཕྱིར། །ཀུན་ནས་ཉོན་མོངས་དག་པ་མེད། །དེ་དག་ཇི་ལྟར་མཐོང་བཞིན་


DTG107_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

མིན། །དེ་དག་མེད་པ་ཉིད་ཀྱང་མིན། །ཞེས་གསུངས་པ་གང་ཡིན་པ་འདི་ཇི་ལྟར་དྲང་ཞེ་ན། འདི་ཡང་སྔར་བཤད་ཟིན་པར་ཟད་དེ། འདི་ལྟར་འདིར་ཡང་གལ་ཏེ་དངོས་པོ་ཐམས་ཅད་ཇི་ལྟར་སྣང་བ་བཞིན་ཁོ་ནར་དོན་དམ་པར་ཡོད་པར་གྱུར་ན་ནི་དེའི་ཚེ་ཐམས་ཅད་དེ་ཁོ་ན་ཉིད་མཐོང་བར་འགྱུར་རོ་ཞེས་འདིས་དངོས་པོ་ཐམས་ཅད་དོན་དམ་པར་སྐྱེ་བ་མེད་པ་ཉིད་དུ་གཞུང་བཙུགས་པ་ཡིན་ནོ། །ཆོས་རྣམས་ཐམས་ཅད་མེད་པའི་ཕྱིར། །ཞེས་བྱ་བ་འདིས་ཀྱང་དངོས་པོ་རྣམས་ཀུན་རྫོབ་ཏུ་ཡོད་པ་ཉིད་དུ་བརྗོད་དེ། དེ་དག་ཇི་ལྟར་མཐོང་བཞིན་མིན། །ཞེས་འབྱུང་བའི་ཕྱིར་རོ། །ཐ་སྙད་ཀྱི་བདེན་པ་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་རྣམ་པར་གཞག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བསྟན་པའི་ཕྱིར་ཏེ། ཇི་སྐད་དུ་རབ་འབྱོར་ཐོབ་པ་དང༌། མངོན་པར་རྟོགས་པ་དང༌། སྐྱེ་བ་དང་འགག་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ནི་ཐ་སྙད་དུ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །འོ་ན་དེ་ཉིད་ལས། དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །རིགས་པས་རྣམ་པར་ལྟ་རྣམས་ཀྱི། །གཟུང་དང་འཛིན་པ་འགག་པར་འགྱུར། །ཇི་ལྟར་བྱིས་པས་རྣམ་བརྟགས་ལྟར། །ཕྱི་རོལ་དོན་ནི་ཡོད་མ་ཡིན། །བག་ཆགས་ཀྱིས་ནི་བསྒྲིབས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང༌། །ཞེས་གསུངས་པ་དང༌། གཞན་ལས་ཀྱང༌། ཀྱེ་རྒྱལ་བའི་སྲས་དག །ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་ཞེས་གསུངས་པ་གང་ཡིན་པ་འདི་ཡང་ཇི་ལྟར་དྲང༌། དེ་བཞིན་དུ་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་དང༌། འཕགས་པ་སྟུག་པོ་བཀོད་པ་ལ་སོགས་པ་ལས། ཆོས་ཐམས་ཅད་སེམས་ཙམ་གྱི་ལུས་ཉིད་དུ་བསྟན་པའི་ཕྱིར་སེམས་ཁོ་ན་དོན་དམ་པར་ཡོད་ཀྱི། གཞན་ནི་མ་ཡིན་ནོ་ཞེས་བསྒྲུབས་པར་འགྱུར་རོ། །དེའི་ཕྱིར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་འགྲུབ་པར་མི་འགྱུར་རོ་ཞེ་ན། དེ་ཡང་ཁུངས་སུ་མི་རུང་བ་ཉིད་དེ། ཇི་ལྟར་སེམས་ཡོད་པ་ཉིད་དུ་བསྟན་པ་དེ་བཞིན་དུ་གཟུགས་ཀྱང་མདོ་དེ་དང་དེ་ལས་རྣམ་པ་དུ་མར་ཡོད་པ་ཉིད་དུ་བསྟན་པ་ཁོ་ན་སྟེ། དེའི་ཕྱིར་དེ་ཡང་ཅི་སྟེ་དོན་དམ་པར་ཡོད་པ་ཉིད་དུ་མི་


DTG107_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང། འོན་ཏེ་དོན་ཚད་མས་གནོད་པའི་ཕྱིར་དང༌། མདོ་གཞན་དག་ལས་ཀྱང་བཀག་པའི་ཕྱིར་དོན་དམ་པར་ཡོད་པར་རྣམ་པར་མི་གཞག་སྟེ། གང་ཟག་ལ་བདག་མེད་པ་ཙམ་ལ་གཞུག་པ་ལ་ལྡེམ་པོར་དགོངས་པས་གདུལ་བར་བྱ་བ་དེ་ལྟ་བུའི་བསམ་པ་ལ་ལྟོས་ཏེ། དེ་བསྟན་པ་འབའ་ཞིག་ཏུ་ཟད་དོ་ཞེས་བྱ་བར་བརྗོད་ན་གལ་ཏེ་དེ་ལྟ་ན་ནི་སེམས་ཀྱང་འོག་ནས་འབྱུང་བའི་ཚད་མས་གནོད་པའི་ཕྱིར་དང༌། དེ་མདོ་གཞན་ལས་ཀྱང༌། ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཕྱིར་དོན་དམ་པ་ཉིད་དུ་མ་འཛིན་པར་སེམས་ཙམ་པོ་ཉིད་དེ་ནི་རིམ་གྱིས་དོན་དམ་པའི་ཚུལ་གྱི་རྒྱ་མཚོ་ལ་གཟུང་བའི་ཕྱིར་བསྟན་པ་འབའ་ཞིག་ཏུ་ཟད་དོ་སྙམ་དུ་ཟུང་ཤིག །འདི་ལྟར་གང་ཞིག་ཅིག་ཅར་ཆོས་མ་ལུས་པ་ངོ་བོ་ཉིད་མེད་པ་ཉིད་དུ་རྟོགས་པར་མི་ནུས་པ་དེ་རེ་ཞིག་སེམས་ཙམ་ལ་བརྟེན་ནས། རིམ་གྱིས་ཕྱིའི་དོན་ངོ་བོ་ཉིད་མེད་པ་ཉིད་ལ་འཇུག་གོ ། དེ་ཉིད་ཀྱི་ཕྱིར། རིགས་པས་རྣམ་པར་ལྟ་རྣམས་ཀྱི། །གཟུང་དང་འཛིན་པ་འགག་པར་འགྱུར། །ཞེས་གསུངས་སོ། །དེའི་འོག་ཏུ་རིམ་གྱིས་སེམས་ཀྱི་ངོ་བོ་ཉིད་ལ་སོ་སོར་རྟོག་ན། དེ་ཡང་བདག་མེད་པ་ཉིད་དུ་ཁོང་དུ་ཆུད་ནས་ཟབ་མོའི་ཚུལ་ལ་འཇུག་པར་འགྱུར་ཏེ། དེ་སྐད་དུ། བཅོམ་ལྡན་འདས་ཀྱིས། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་རྟོག་གོ །དེ་བཞིན་ཉིད་ལ་དམིགས་ནས་ནི། །སེམས་ཙམ་ལས་ཀྱང་བཟླ་བར་བྱ། །སེམས་ཙམ་ལས་ནི་བཟླས་ནས་སུ། །སྣང་བ་མེད་ལ་བཟླ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེས་ནི་ཐེག་པ་ཆེན་པོ་མ་ཐོབ། །འཇུག་པ་ལྷུན་གྱིས་གྲུབ་ཅིང་ཞི། །སྨོན་ལམ་དག་གིས་རྣམ་པར་སྦྱངས། །ཡེ་ཤེས་དམ་པ་བདག་མེད་པ། །སྣང་བ་མེད་ལ་མི་མཐོང་ངོ༌། །ཞེས་གསུངས་སོ། །གཞན་དག་ན་རེ་སེམས་ཙམ་ནི་རང་གིས་རབ་ཏུ་གྲུབ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཀུན་རྫོབ་ཏུ་གནས་པ་ཁོ་ན་ཡིན་ལ། ཕྱིའི་དོན་ནི་ཀུན་རྫོབ་ཏུ་ཡང་མི་གནས་ཏེ། སེམས་ཀྱི་རྣམ་པ་ལས་མ་གཏོགས་པར་དེ་གྲུབ་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་དེ་རབ་ཏུ་བསྟན་པའི་ཆེད་དུ་བཅོམ་ལྡན་འདས་ཀྱིས་དངོས་པོ་རྣམས་སེམས་ཙམ་ཉིད་དུ་བསྟན་གྱི། དེ་དོན་དམ་པར་ཡོད་པ་ཉིད་ནི་མ་ཡིན་ཏེ།


DTG107_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་གཞན་ལས་དེ་ཡང་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཕྱིར་ཏེ། ཇི་སྐད་དུ་འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་ལས། སངས་རྒྱས་རྣམས་ཀྱིས་ནམ་ཡང་ནི། །གཏན་དུ་ཆོས་རྣམས་ཐམས་ཅད་དང༌། །སེམས་མ་བརྙེས་ཤིང་ཆོས་མཁྱེན་པ། །དམིགས་མི་མངའ་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་པ་ལྟ་བུའོ། །འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང༌། འོད་སྲུངས་སེམས་ནི་ཡོངས་སུ་བཙལ་ན་མི་དམིགས་སོ། །གང་མི་དམིགས་པ་དེ་ནི་ཉེ་བར་མི་དམིགས་སོ། །གང་ཉེ་བར་མི་དམིགས་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །གང་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་པ་དེ་ནི་དུས་གསུམ་ལས་འདས་པ་ཡིན་ནོ། །གང་དུས་གསུམ་ལས་འདས་པ་འདི་ནི་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ། །གང་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་དེ་ནི་མ་སྐྱེས་པའོ། །གང་མ་སྐྱེས་པ་དེ་ལ་ནི་ངོ་བོ་ཉིད་མེད་དོ། །གང་ལ་ངོ་བོ་ཉིད་མེད་པ་དེ་ལ་སྐྱེ་བ་མེད་དོ། །གང་ལ་སྐྱེ་བ་མེད་པ་དེ་ལ་འགག་པ་མེད་དོ། །གང་ལ་འགག་པ་མེད་པ་དེ་ལ་འབྲལ་བ་མེད་དོ། །གང་ལ་འབྲལ་བ་མེད་པ་དེ་ལ་འགྲོ་བ་ཡང་མེད། འོང་བ་ཡང་མེད། འཆི་འཕོ་བ་ཡང་མེད། སྐྱེ་བ་ཡང་མེད་དོ། །གང་ལ་འགྲོ་བ་ཡང་མེད། འོང་བ་ཡང་མེད། འཆི་འཕོ་བ་ཡང་མེད། སྐྱེ་བ་ཡང་མེད་པ་དེ་ལ་འདུ་བྱེད་ཅི་ཡང་མེད་དོ། །གང་ལ་འདུ་བྱེད་ཅི་ཡང་མེད་པ་དེ་ནི་འདུས་མ་བྱས་སོ། །གང་འདུས་མ་བྱས་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་སོ་ཞེས་རྒྱས་པར་གསུངས་སོ། །དེས་ན་ཡང་དེ་ཉིད་ལས། འོད་སྲུངས་རྟག་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །འོད་སྲུངས་མི་རྟག་ཅེས་བྱ་བ་འདི་ནི་མཐའ་གཉིས་པའོ། །འོད་སྲུངས་དེ་བཞིན་དུ་ཡོད་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །འོད་སྲུངས་མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་པའོ། །མཐའ་འདི་གཉིས་ཀྱི་དབུས་གང་ཡིན་པ་ནི་བརྟག་ཏུ་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། མི་གནས་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ་གནས་པ་མེད་པ་སྟེ་འདི་ནི་ཆོས་རྣམས་ཀྱི་དབུ་མའི་ལམ་ལ་ཡང་དག་པར་སོ་སོར་རྟོག་པ་


DTG107_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱའོ་ཞེས་གསུངས་པ་ཡིན་ཏེ། དེ་ནི་དབུ་མར་གྱུར་བ། དངོས་པོར་ཡོད་པ་རྣམ་པར་ཤེས་པའི་ངོ་བོ་ཡོད་པ་ཉིད་དུ་སྒྲུབ་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་ཆོས་ཀྱི་དབྱིངས་མཐའ་གཉིས་པོ་ཐམས་ཅད་དང་བྲལ་བ། ཆོས་མ་ལུས་པ་ངོ་བོ་ཉིད་མེད་པའི་མཚན་ཉིད་སྤྲོས་པ་མེད་བརྗོད་པར་བྱེད་པ་ཡིན་ནོ། །ཆོས་ཀྱི་དབྱིངས་དེ་ཡང་བདག་ཉིད་ཀྱིས་འདིའོ་དེའོ་ཞེས་བརྟག་པར་མི་ནུས་པའི་ཕྱིར། བརྟག་ཏུ་མེད་པའོ། །གཞན་དག་ལ་བསྟན་པར་མི་ནུས་པའི་ཕྱིར་བསྟན་དུ་མེད་པའོ། །ནང་གི་ཁམས་དང་སྐྱེ་མཆེད་ཀྱི་ངོ་བོར་མི་གནས་པའི་ཕྱིར་མི་གནས་པའོ། །ཕྱིའི་ཁམས་དང༌། སྐྱེ་མཆེད་ལྟར་སྣང་བར་མི་འགྱུར་བའི་ཕྱིར་སྣང་བ་མེད་པའོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ཁམས་ཀྱི་རང་བཞིན་ལས་འདས་པའི་ཕྱིར་རྣམ་པར་རིག་པ་མེད་པའོ། །འདོད་ཆགས་ལ་སོགས་པ་ཉོན་མོངས་པ་མཐའ་དག་གི་གནས་མ་ཡིན་པའི་ཕྱིར་གནས་པ་མེད་པ་ཞེས་བྱའོ། །གལ་ཏེ་དབུ་མ་ལ་སེམས་ཀྱི་རང་གི་ངོ་བོ་བདག་ཉིད་ཀྱི་དངོས་པོ་དོན་དམ་པ་ཅི་ཡང་རུང་བ་ཞིག་ཡོད་པར་གྱུར་ན་ནི་དེའི་ཚེ་དེ་ལ་དེ་ཡོད་པས་རྟག་གོ་ཞེས་བྱ་བའམ། མི་རྟག་གོ་ཞེས་བྱ་བར་མངོན་པར་ཞེན་པ་ཡང་ཇི་ལྟར་མཐར་འགྱུར་ཏེ། དངོས་པོའི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་གྱི་རྗེས་སུ་སོང་ཞིང་ཚུལ་བཞིན་ཡིད་ལ་བྱེད་པ་ཉིད་ནི་ལྟུང་བའི་གནས་སོ་ཞེས་བྱ་བར་རིགས་པ་མ་ཡིན་ནོ། །རྟག་པ་ལ་སོགས་པའི་ངོ་བོ་ཉིད་ལས་མ་གཏོགས་པ་དངོས་པོའི་ངོ་བོ་ཉིད་དུ་གྱུར་པ་དངོས་པོའི་རྣམ་པ་གཞན་ནི་མི་སྲིད་དོ། །གལ་ཏེ་དབུ་མ་ལ་དངོས་པོའི་རང་གི་ངོ་བོ་མེད་ན་མེད་དོ་ཞེས་བྱ་བར་འཛིན་པ་ཡང་མཐར་མི་འགྱུར་རོ་སྙམ་དུ་སེམས་ན། དེ་ཡང་རིགས་པ་མ་ཡིན་ཏེ། མེད་དོ་ཞེས་བྱ་བར་འཛིན་པ་ཡང་ཡོད་པར་འཛིན་པ་མེད་ན་མེད་པ་ཡིན་པའི་ཕྱིར་རོ། །ཡུལ་མེད་པའི་དགག་པ་ནི་ཡོད་པ་མ་ཡིན་ཏེ། དེ་བས་ན་གདོན་མི་ཟ་བར་གང་ལ་མེད་པར་འཛིན་པ་ཡོད་པ་དེ་ལ་ཡོད་པར་འཛིན་པ་དེ་ཡང་ཡོད་པས་མཐའ་འདི་གཉི་གར་འགྱུར་རོ། །གལ་ཏེ་དབུ་མ་ལ་དངོས་པོ་ཡོད་ན་དེའི་ཚེ་དེ་ལ་ཡོད་པར་འཛིན་པ་གང་གིས་བཟློག་པར་འགྱུར། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། དབུ་མར་ཡོད་པ་དོན་དམ་པ་པའི་དངོས་པོ་ལ་གནས་པ་དགག་པའི་ཕྱིར་གསུངས་པ་གང་ཡིན་པ་དེ་


DTG107_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡང་འགལ་བར་འགྱུར་ཏེ། ཡོད་ཅེས་མེད་ཅེས་གཉི་གའང་མཐའ། །དག་དང་མ་དག་འདི་ཡང་མཐའ། །དེ་ཕྱིར་མཐའ་གཉིས་རྣམ་སྤངས་ནས། །མཁས་པ་དབུས་ལའང་གནས་མི་བྱེད། །ཅེས་གསུངས་པ་གང་ཡིན་པའོ། །མདོའི་དོན་ནི་བརྟེན་པར་བྱ་བ་དབུ་མར་ཡོད་པའི་དངོས་པོའི་རང་གི་ངོ་བོ་འགའ་ཡང་མེད་ན་ནི། མཁས་པ་དབུས་ལའང་གནས་མི་བྱེད། །ཅེས་བྱ་བ་རུང་བར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དངོས་པོ་ཞིག་ཡོད་ན་ནི་ཇི་ལྟར་ན་དེ་ལ་མཁས་པ་གནས་པར་བྱེད་པར་མི་འགྱུར། འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས་ཀྱང༌། ཀྱེ་རྒྱལ་བའི་སྲས་དག་གཞན་ཡང་ཁམས་གསུམ་སེམས་ཙམ་དུ་འཇུག་སྟེ། དུས་གསུམ་ཡང་སེམས་དང་འདྲ་བར་རྟོགས་པར་བྱེད་ལ། སེམས་དེ་ཡང་མཐའ་དང་དབུས་མེད་པ་ཉིད་དུ་འཇུག་གོ་ཞེས་གསུངས་ཏེ། མདོའི་དོན་ནི་སྐྱེ་བ་དང་འཇིག་པའི་མཐའ་དང༌། གནས་པའི་མཚན་ཉིད་ཀྱི་དབུས་དོན་དམ་པར་མེད་པའི་ཕྱིར་སེམས་མཐའ་དང་དབུས་མེད་པ་ལ་འཇུག་པར་འགྱུར། རྟོགས་པར་འགྱུར་ཞེས་བྱ་བ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་ཀུན་རྫོབ་ཏུ་རྣམ་པར་ཤེས་པ་དང་འདྲ་བར་ཕྱིའི་དོན་ཡང་གནས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་འཕགས་པ་ས་བཅུ་པ་ལས། ས་བརྒྱད་པ་ལ་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་རྡུལ་ཕྲ་རབ་ཀྱི་གངས་ལ་སོགས་པ་ཡོངས་སུ་ཤེས་པར་གསུངས་པ་གང་ཡིན་པ་དེ་དང་འགལ་བར་འགྱུར་ཏེ། ཇི་སྐད་དུ། དེ་རྡུལ་ཕྲ་རབ་ཕྲ་མོ་ཡང་རབ་ཏུ་ཤེས་ལ། ཆེན་པོར་གྱུར་པ་དང༌། ཚད་མེད་པ་དང༌། རྣམ་པར་ཕྱེ་བ་ཡང་རབ་ཏུ་ཤེས་སོ། །རྡུལ་ཕྲ་རབ་ཀྱི་རྣམ་པར་ཕྱེ་བ་ཚད་མེད་པ་ལ་མཁས་པར་ཡང་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་གང་ན་སའི་ཁམས་ཀྱི་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་ཡང་རབ་ཏུ་ཤེས་ལ། དེ་བཞིན་དུ་ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་ཀྱི་ཡང་རབ་ཏུ་ཤེས་སོ་ཞེས་རྒྱས་པར་གསུངས་པ་ལྟ་བུའོ། །རྣམ་པར་ཤེས་པ་བཞིན་དུ་ཕྱིའི་དོན་ཡང་གྲགས་པའི་ཕྱིར་གྲགས་པས་གནོད་པ་ཡང་ཡིན་ཏེ། རིགས་པས་རྣམ་པར་དཔྱད་ན་ནི་གཉི་ག་ཡང་བརྟག་པའི་ཁུར་མི་བཟོད་པ་ཉིད་ཀྱིས་དངོས་པོའི་གནས་མི་ཐོད་ལ། ཐ་སྙད་ཀྱི་བདེན་པར་ནི་དངོས་


DTG107_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཉི་ག་ཡང་གནག་རྫིའི་ཆུང་མ་ཡན་ཆད་ལ་གྲགས་པ་ཉིད་དོ། །སེམས་ཙམ་དུ་གསུངས་པའི་འབྲས་བུ་ནི་གཞན་གྱིས་ཀུན་བརྟགས་པ་བྱེད་པ་པོ་དང་ཟ་བ་པོ་དགག་པ་ཡིན་ཏེ། ཐ་སྙད་དུ་ཡང་སེམས་ལས་མ་གཏོགས་པའི་བྱེད་པ་པོ་ལ་སོགས་པ་གཞན་རབ་ཏུ་མ་གྲུབ་པའི་ཕྱིར་རོ། །ཡང་ན་སེམས་ནི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་ཆོས་ཐམས་ཅད་ལ་ལྟོས་ནས་སེམས་གཙོ་བོར་བསྒྲུབ་པའི་ཕྱིར་རོ། །གང་ཡང༌། དོན་ཡོད་མ་ཡིན་སེམས་ཉིད་དེ། །ཞེས་བྱ་བ་དང༌། དེ་བཞིན་དུ། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བར་རབ་ཏུ་འབྱུང༌། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དེར་ཡང་རྣམ་པ་མེད་པའི་སེམས་ཀྱིས་ཇི་ལྟར་ཡང་ཡུལ་འཛིན་པར་མི་རུང་བས་དེའི་ཕྱིར་གདོན་མི་ཟ་བར་དེ་རྣམ་པ་དང་བཅས་པ་ཉིད་དུ་ཁས་བླང་དགོས་སོ། །དེ་བས་ན་སེམས་ཀྱི་རྣམ་པ་ལས་མ་གཏོགས་པ་དོན་གྱི་རྣམ་པ་མི་སྣང་བའི་ཕྱིར་དེ་བཀག་པས་སེམས་རྣམ་པ་དང་བཅས་པ་ཉིད་དུ་བསྟན་པ་འབའ་ཞིག་ཏུ་ཟད་ཀྱི། དེ་ལས་ཕྱི་རོལ་གྱི་དོན་མེད་པར་རྟོགས་པར་འགྱུར་བ་ནི་མ་ཡིན་ནོ། །ཡང་ན་བདག་ལ་སོགས་པ་ཡོད་པ་ལ་སོགས་པར་བསྟན་པ་བཞིན་དུ་དེ་ལྟ་བུས་འདུལ་བའི་སྐྱེ་བོ་ལ་ལྟོས་ནས་སྨན་པ་རྣམས་ནད་པ་ཇི་ལྟ་བ་བཞིན་གསོ་བར་བྱེད་པ་དང་འདྲ་བར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བཤད་པ་སྣ་ཚོགས་རབ་ཏུ་འཇུག་སྟེ། དེ་སྐད་དུ་འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང༌། ནད་པ་དང་ནི་ནད་པ་ལ། །སྨན་པས་རྫས་བྱིན་ཇི་ལྟ་བར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །སེམས་ཙམ་ཉིད་དུ་གསུངས་པ་ཡིན། །ཞེས་གསུངས་སོ། །གཞན་དག་ལ་སླུ་བ་ཡང་མ་ཡིན་ནོ། །དེ་ལྟ་བུས་འདུལ་བའི་སྐྱེ་བོ་ལ་ཕན་པ་དང་བདེ་བ་ཐོབ་པར་བྱེད་པས་བཤད་པ་དོན་ཡོད་པའི་ཕྱིར་རོ། །ཕ་རོལ་ལ་གཅིག་ཏུ་ཕན་པ་ཉིད་བདེན་པ་ཡིན་པའི་ཕྱིར་བཅོམ་ལྡན་འདས་རྣམས་ལ་བརྫུན་གསུང་བ་ཡང་མི་མངའ་སྟེ། ཇི་སྐད་དུ། སླུ་དང་ལྡན་པ་བདེན་མ་ཡིན། །དོན་གྱི་དགོངས་པ་མེད་པའང་མིན། །གཞན་ལ་གཅིག་ཏུ་ཕན་པ་བདེན། །ཕན་པ་མེད་ཕྱིར་ཅིག་ཤོས་མིན། །ཞེས་གསུངས་པ་ལྟ་བུའོ་ཞེས་བརྗོད་དོ། །དེ་ལྟར་ན་ཀུན་


DTG107_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

རྫོབ་ཏུ་ཕྱི་རོལ་གྱི་དོན་ཡང་ཡོད་དམ། སེམས་ཙམ་ཉིད་ཀྱང་བླ་སྟེ། ཐེ་ཚོམ་མེད་པར་དངོས་པོའི་ངོ་བོ་ཉིད་ཡང་དག་པ་ཕྲ་རབ་ཀྱང་སྒྲུབ་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་ཡིད་ཆེས་པའི་བཀའ་ནི་རྣམ་པ་ཐམས་ཅད་དུ་མེད་དོ། །འཕགས་པ་དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་གལ་ཏེ་དོན་དམ་པ་མེད་པར་གྱུར་ན་ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་རོ་ཞེས་གསུངས་པ་གང་ཡིན་པ་འདི་ཡོད་པ་མ་ཡིན་ནམ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། གང་ལ་འདི་ཁུངས་སུ་འགྱུར་བའི་དོན་དམ་པ་སུ་ཞིག་སྤོང་བར་བྱེད། མདོའི་དོན་ནི་འདི་ལྟར་འདི་ནི་གང་ཟག་དང་ཆོས་ལ་བདག་མེད་པའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་དོན་དམ་པའི་སྒྲར་དགོངས་པ་ཡིན་ཏེ། དེ་ནི་ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་དང༌། བདག་ཉིད་རིགས་པ་དང་ལྡན་པ་ཉིད་ཀྱིས་དམ་པ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ཡང་མེད་ན་ནི་དེའི་ཚེ་ཆོས་དང་གང་ཟག་དག་ཇི་ལྟར་བྱིས་པའི་སྐྱེ་བོ་ལ་གྲགས་པའི་བདག་ཉིད་དུ་ཡོད་པ་ཉིད་དུ་འགྱུར་ཏེ། དེའི་ཕྱིར་སྐྱེ་བོ་ཐམས་ཅད་བཙལ་བ་མེད་པར་དང་པོ་ཉིད་ནས་དེ་ཁོ་ན་མཐོང་བར་འགྱུར་བས་དེ་ཁོ་ན་རྟོགས་པར་འདོད་པ་རྣམས་ཀྱི་འབད་པ་དོན་མེད་པར་འགྱུར་རོ་ཞེས་བྱ་བ་ཡིན་པར་གསལ་རབ་པ་ཉིད་པས་འདི་ནི་ཁུངས་སུ་མི་རུང་ངོ། །འོ་ན་ནི་འཕགས་པ་དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པ་འདི་དང་ཇི་ལྟར་འགལ་བར་མི་འགྱུར་ཞེ་ན། འདི་དང་ཡང་མི་འགལ་བ་ཉིད་དེ། གང་ཞིག་དངོས་པོ་རྣམས་དོན་དམ་པར་ཡོད་པར་ཁས་བླངས་ན་ཡང་དེ་དག་མེད་པར་རྟོག་པར་བྱེད་ཅིང་འདི་ལྟར་གང་དག་གཞིག་པའི་ཕྱིར་སྟོང་པ་ཉིད་བསྟན་པའི་འདོད་ཆགས་ལ་སོགས་པ་ནི་ཡང་དག་པར་ཡོད་པ་ཁོ་ནའོ་སྙམ་དུ་རྟོགས་པར་བྱེད་པ་དེ། དེ་དག་སྔར་ཡོད་པར་ཡོངས་སུ་བརྟགས་ནས་ཕྱིས་མེད་པར་ཡོངས་སུ་འཛིན་ན་ཡོད་པ་དང༌། མེད་པའི་མཐར་ལྷུང་བའི་ཕྱིར་སྟོང་པ་ཉིད་ཀྱི་དོན་མཐའ་གཉིས་དང་བྲལ་བ་སྤྲོས་པ་མ་ལུས་པ་ཉེ་བར་ཞི་བ་ཁོང་དུ་མ་ཆུད་པས་མངོན་པའི་ང་རྒྱལ་ཅན་ཞེས་བྱའོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ལྟ་བ་དེ་བཀག་


DTG107_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

པས་དོན་དམ་པ་ཡོད་པ་དང་མེད་པ་ལ་སོགས་པ་སྤྲོས་པའི་དྲ་བ་མཐའ་དག་དང་བྲལ་བ་རྟོགས་པ་ཁོ་ན་ལ་སྦྱོར་བར་མཛད་པ་ཡིན་ནོ། །འདི་ནི་བཅོམ་ལྡན་འདས་ཉིད་ཀྱིས་མདོ་གཞན་དག་ལས་ངེས་པར་མཛད་དེ། འཕགས་པ་ལང་ཀར་གཤེགས་པ་ལས་ཇི་སྐད་དུ་བློ་གྲོས་ཆེན་པོ་འཇིག་རྟེན་འདི་ནི་གཉིས་ལ་གནས་པ་སྟེ། འདི་ལྟ་སྟེ། ཡོད་པ་ཉིད་ལ་གནས་པ་དང༌། མེད་པ་ཉིད་ལ་གནས་པ་ཡོད་པ་དང༌། མེད་པ་ལ་འདུན་པའི་ལྟ་བར་ལྷུང་བ་ནི་ངེས་པར་མི་འབྱུང་བ་ལ་ངེས་པར་འབྱུང་བའི་བློ་ཅན་ཡིན་ནོ། །བློ་གྲོས་ཆེན་པོ་དེ་ལ་ཇི་ལྟར་འཇིག་རྟེན་ཡོད་པ་ཉིད་ལ་གནས་པ་ཡིན་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་ནི་རྒྱུ་དང་རྐྱེན་མེད་པ་དག་ལས་སྐྱེའི། ཡོད་པ་དག་ལས་ནི་མ་ཡིན་ནོ། །ཡོད་པ་སྐྱེའི་མེད་པ་ནི་མ་ཡིན་ནོ་ཞེས་ཟེར་ཏེ། བློ་གྲོས་ཆེན་པོ་དེ་སྐད་དུ་སྨྲ་བ་ན་དངོས་པོ་རྣམས་དང་རྒྱུ་དང་རྐྱེན་རྣམས་དང༌། འཇིག་རྟེན་ཡང་རྒྱུ་མེད་པའི་ཡོད་པ་ཉིད་དུ་སྨྲ་བ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་ལ་ཇི་ལྟར་མེད་པ་ཉིད་ལ་གནས་པ་ཡིན་ཞེ་ན། འདི་ལྟ་སྟེ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ཁས་བླངས་ནས། ཡང་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་མེད་པར་རྟོག་པར་བྱེད་དོ། །བློ་གྲོས་ཆེན་པོ་དངོས་པོ་རྣམས་དངོས་པོའི་མཚན་ཉིད་ཀྱིས་དབེན་པའི་ཕྱིར་ཡོད་པ་ཉིད་དུ་ཁས་མི་ལེན་པ་གང་ཡིན་པ་དེ་དང༌། ཉན་ཐོས་དང༌། རང་སངས་རྒྱས་རྣམས་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དག་ཁས་མི་ལེན་པ་གང་ཡིན་པ་འདི་ལས་བློ་གྲོས་ཆེན་པོ་གང་ཞིག་རྣམ་པར་འཇིག་པར་བྱེད་པ་ཡིན། བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་གང་ཞིག་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ཁས་བླངས་ནས་ཁས་ལེན་པར་མི་བགྱི་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་གང་ཁྱོད་ཀྱིས་དེ་ལྟར་ཤེས་པ་ནི་ལེགས་སོ་ལེགས་སོ། །བློ་གྲོས་ཆེན་པོ་འདི་ནི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ཡོད་པ་དང༌། མེད་པའི་སྒོ་ནས་རྣམ་པར་འཇིག་པར་བྱེད་པ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཉན་ཐོས་དང་རང་སངས་རྒྱས་དང༌། སངས་རྒྱས་རྣམས་ཀྱང་རྣམ་པར་འཇིག་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་རྒྱས་པར་གསུངས་ནས། བློ་གྲོས་ཆེན་པོ་ངས་འདི་


DTG107_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དགོངས་ཏེ་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་བླའི། ཡོད་པ་དང་མེད་པ་ཉིད་དུ་མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ་ཞེས་བཤད་དོ་ཞེས་གསུངས་སོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་དངོས་བོར་སྨྲ་བ་རྣམས་ཁོ་ན་མངོན་པའི་ང་རྒྱལ་ཅན་ཉིད་དུ་བསྟན་པ་ཡིན་ནོ། །དེ་བས་ཀྱང་དེ་ཉིད་ལས། མ་བྱུང་བ་ལས་གང་འབྱུང་ཞིང༌། །བྱུང་ནས་ཀྱང་ནི་རྣམ་འཇིག་པ། །རྐྱེན་ལས་ཡོད་དང་མེད་དེ་དག །ང་ཡི་བསྟན་ལ་མི་གནས་སོ། །གང་ལ་ཅུང་ཟད་སྐྱེ་མེད་ཅིང༌། །འགག་པའང་ཅུང་ཟད་ཡོད་མིན་ལ། །འགྲོ་བ་རྣམ་པར་དབེན་མཐོང་བ། །དེ་ལ་ཡོད་དང་མེད་ཉིད་མེད། །ཅེས་གསུངས་སོ། །གང་དག་ཚིགས་སུ་བཅད་པ་གཉིས་པའི་དོན་ཁོ་ན་གཞུང་འཛུགས་པར་བྱེད་ཅིང༌། མདོའི་དོན་ནི་ཀུན་བརྟགས་པའི་ངོ་བོས་དབེན་པས། འགྲོ་བ་རྣམ་པར་དབེན་མཐོང་བ། །ཞེས་བྱ་བ་ཡིན་ནོ་ཞེས་ཉེ་བར་བརྗོད་པའི་ཕྱིར་འགལ་བ་མེད་དོ་ཞེས་ཟེར་བ་དེ་དག་གིས་ཀུན་བརྟགས་པའི་ངོ་བོ་ཉིད་ཅེས་བྱ་བ་འདི་ཅི་ཡིན་པ་བརྗོད་དགོས་སོ། །གལ་ཏེ་ཚད་མས་གནོད་ཀྱང་བྱིས་པ་རྣམས་ཀྱིས་བདེན་པར་བཟུང་བ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་ནི་འགྲོ་བ་ཐམས་ཅད་སྒྱུ་མ་ལྟ་བུ་དོན་དམ་པར་མ་སྐྱེས་པ་ལ་བྱིས་པ་རྣམས་ཀྱི་སྐྱེ་བ་ལ་སོགས་པ་དོན་དམ་པར་ཡོད་པ་ཉིད་དུ་སྒྲོ་བཏགས་པ་གང་ཡིན་པ་དེ་ཡང་འོག་ནས་འབྱུང་བའི་ཚད་མས་གནོད་པའི་ངོ་བོ་ཡིན་པའི་ཕྱིར་ཀུན་བརྟགས་པའི་ངོ་བོ་ཉིད་དོ་ཞེས་བྱ་བར་ཅི་སྟེ་མི་བཟུང༌། དེ་ལྟ་མ་ཡིན་ན་ཕྱིའི་དོན་ཡང་བཅོམ་ལྡན་འདས་ཀྱིས་བརྟགས་པའི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དུ་གསུངས་ཀྱི། དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བར་ཡང་ཅིའི་ཕྱིར་རྣམ་པར་མི་བཤད། འོན་ཏེ་ཚད་མས་གནོད་པའི་ཕྱིར་དེ་ལྟར་རྣམ་པར་བཤད་པར་མི་བྱའོ་ཞེ་ན། དེའི་ཚེ་རྣམ་པར་ཤེས་པ་ལ་ཡང་དེ་ལྟ་དེ་ལྟར་བཤད་པར་མི་བྱ་སྟེ། དེ་ཡང་ཕྱིའི་དོན་བཞིན་དུ་ཚད་མས་གནོད་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ཚད་མ་འགའ་ཞིག་གིས་རྣམ་པར་ཤེས་པ་དངོས་པོ་ཡོད་པར་ཡང་དག་པར་གྲུབ་པར་གྱུར་ན་ནི་དེའི་ཚེ་རྣམ་པ་གཉིས་ཁོ་ན་ཀུན་བརྟགས་པ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་རྣམ་བར་བཤད་པ་བཟང་པོར་འགྱུར་བ་ཞིག་ན་དེ་ཡང་མ་གྲུབ་བོ་ཞེས་བསྟན་པར་བྱའོ། །དེའི་ཕྱིར་འགྲོ་བ་ཇི་སྐད་བཤད་པའི་ཀུན་བརྟགས་པའི་


DTG107_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོས་དབེན་པར་ནི་ཁོ་བོ་ཅག་ཀྱང་འདོད་པ་ཉིད་པས་འདི་ནི་གྱི་ནའོ། །འདིས་ནི་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། བྱམས་པ་གཞན་གྱི་དབང་གི་མཚན་ཉིད་དང༌། ཡོངས་སུ་གྲུབ་པའི་མཚན་ཉིད་ལ་ཀུན་ནས་ཉོན་མོངས་པ་ཉིད་དང་རྣམ་པར་བྱང་བ་ཀུན་བརྟགས་པའི་མཚན་ཉིད་དང་རྣམ་པ་ཐམས་ཅད་དུ་གཏན་བྲལ་བ་གང་ཡིན་པ་དེ་ནི་དེ་ལ་མི་དམིགས་ཏེ། འདི་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་མཐའ་དག་ཅེས་བྱའོ་ཞེས་གསུངས་པ་གང་ཡིན་པ་འདི་ཡང་བསལ་བ་ཡིན་ཏེ། འདི་ལ་ཡང་འདོད་ཆགས་ལ་སོགས་པ་ཡང་དག་པར་གཞན་གྱི་དབང་གི་མཚན་ཉིད་ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་ཀུན་རྫོབ་པ་དག་ལ་ཀུན་ནས་ཉོན་མོངས་པར་བྱེད་པ་ཉིད་དང༌། འཁོར་བར་ཀུན་ཏུ་སྦྱོར་བར་བྱེད་པ་ཉིད་དང༌། གཉེན་པོའི་གགས་བྱེད་པ་ཉིད་དང་མི་མཐུན་པའི་ཕྱོགས་ཀྱི་གགས་མི་བྱེད་པ་ཉིད་ལ་སོགས་པ་ཡང་དག་པར་སྒྲོ་བཏགས་པ་གང་ཡིན་པ་དེ་ནི་དེ་དག་ལ་ཀུན་བརྟགས་པའི་མཚན་ཉིད་ཡིན་ནོ། །རྣལ་འབྱོར་པའི་ཀུན་རྫོབ་ཏུ་ཕྱིན་ཅི་མ་ལོག་པ་ཉིད་དུ་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པའི་ཕྱིར་ཡོངས་སུ་གྲུབ་པའི་མཚན་ཉིད་ཡིན་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམ་པར་བྱང་བ་རྣམས་ལ་ཡང་མི་མཐུན་པའི་ཕྱོགས་ངེས་པར་འཇོམས་པར་བྱེད་པ་ཉིད་དང༌། མྱ་ངན་ལས་འདས་པ་ལས་ཡང་དག་པར་སྦྱོར་བ་ཉིད་ལ་སོགས་པ་ཡང་དག་པར་དངོས་པོའི་ཆོས་ཉིད་དུ་སྒྲོ་བཏགས་པ་གང་ཡིན་པ་དེ་ནི་དེ་དག་ལ་ཀུན་བརྟགས་པའི་མཚན་ཉིད་ཡིན་ནོ། །ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་བ་ལ་དོན་དམ་པར་ཀུན་ནས་ཉོན་མོངས་པ་ལ་སོགས་པ་མི་སྲིད་པས་ངོ་བོ་འདི་གཉི་ག་ཡང་ཀུན་བརྟགས་པའི་མཚན་ཉིད་ཀྱི་ཆོས་ཡིན་པར་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་རྣམས་ལ་མི་སྲིད་པ་ཉིད་དོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་འདི་དག་ཐམས་ཅད་ནི་དོན་དམ་པར་སྐྱེ་བ་མེད་པར་རོ་གཅིག་པ་ཉིད་ཀྱིས་ཀྱང་དབྱེ་བ་མི་རིགས་པའི་ཕྱིར་རོ། །དེ་བས་ན་ཡང་དག་པར་ན་གཉི་ག་ཡང་སྟོང་པ་ཡིན་ལ། ཡང་དག་པའི་ཀུན་རྫོབ་ཏུ་ན་གཉི་ག་ཡང་གནས་པའི་ཕྱིར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་མེད་པའི་ཉེས་པ་ཡང་མ་ཡིན་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིས་སྟོང་ལྔ་བརྒྱ་པ་ལས། ཇི་སྐད་དུ་རབ་ཀྱི་རྩལ་གྱིས་རྣམ་པར་གཞོན་པ། གཟུགས་ནི་འདོད་


DTG107_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཀྱི་ཆོས་ཅན་ཡང་མ་ཡིན་ལ། འདོད་ཆགས་དང་བྲལ་བའི་ཆོས་ཅན་ཡང་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ཡང་འདོད་ཆགས་ཀྱི་ཆོས་ཅན་ཡང་མ་ཡིན་ལ། འདོད་ཆགས་དང་བྲལ་བའི་ཆོས་ཅན་ཡང་མ་ཡིན་ནོ། །གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་ཀྱི་འདོད་ཆགས་མ་ཡིན་པའི་ཆོས་ཉིད་དང༌། འདོད་ཆགས་དང་བྲལ་བ་མ་ཡིན་པའི་ཆོས་ཉིད་གང་ཡིན་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེ་བཞིན་དུ་གཟུགས་ནི་ཞེ་སྡང་གི་ཆོས་ཅན་ཡང་མ་ཡིན་ལ། ཞེ་སྡང་མེད་པའི་ཆོས་ཅན་ཡང་མ་ཡིན། གཏི་མུག་གི་ཆོས་ཅན་ཡང་མ་ཡིན་ལ། གཏི་མུག་མེད་པའི་ཆོས་ཅན་ཡང་མ་ཡིན་ནོ། །དེ་བཞིན་དུ་རྣམ་པར་ཤེས་པའི་བར་གྱི་གཏི་མུག་མ་ཡིན་པའི་ཆོས་ཉིད་དང༌། གཏི་མུག་དང་བྲལ་བ་ཡང་མ་ཡིན་པའི་ཆོས་ཉིད་གང་ཡིན་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བར་འགྱུར་བ་མེད་དོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ཡང་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བར་འགྱུར་བ་མེད་དེ། གཟུགས་དང། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་ཀྱིས་ཀུན་ནས་ཉོན་མོངས་པ་མ་ཡིན་པ་དང༌། རྣམ་པར་བྱང་བ་མ་ཡིན་པ་གང་ཡིན་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །འཕགས་པ་བདེན་པ་གཉིས་བསྟན་པ་ལས་ཀྱང༌། འཇམ་དཔལ་མཉམ་པ་ཉིད་གང་གིས་དོན་དམ་པ་རྣམ་པར་བྱང་བའི་བར་དུ་གང་དང་མཉམ་པ། དོན་དམ་པར་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་མམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ཆོས་ཐམས་ཅད་ཤིན་ཏུ་འབྱུང་བ་མེད་པར་མཉམ་པ་ཉིད་དང༌། དོན་དམ་པར་ཆོས་ཐམས་ཅད་ཤིན་ཏུ་སྐྱེ་བ་མེད་པར་མཉམ་པ་ཉིད་དང༌། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པར་མཉམ་པ་ཉིད་ཀྱིས་དོན་དམ་པར་ཆོས་ཐམས་ཅད་མཉམ་པ་ཉིད་དོ་ཞེས་གསུངས་སོ། །འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་ལས་ཀྱང༌། མདོར་ན་མི་དགེ་བ་ཡིད་


DTG107_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱེད་པ་ཐམས་ཅད་ནི་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་ལ། དགེ་བ་ཡིད་ལ་བྱེད་པ་ཐམས་ཅད་ནི་རྣམ་པར་བྱང་བའི་རྒྱུ་ཡིན་ནོ། །དེ་ལ་ཀུན་ནས་ཉོན་མོངས་པའི་རྒྱུ་གང་ཡིན་པ་དང༌། རྣམ་པར་བྱང་བའི་རྒྱུ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་རང་བཞིན་གྱིས་སྟོང་སྟེ། སེམས་ཅན་མེད་པ། སྲོག་མེད་པ། གང་ཟག་མེད་པ། བདག་པོ་མེད་པ། སྒྱུ་མ་ལྟ་བུར་མཚན་ཉིད་མེད་པ་སྟེ། ནང་ཉེ་བར་ཞི་བ་ཡིན་ནོ། །གང་ནང་ཉེ་བར་ཞི་བ་དེ་ནི་རབ་ཏུ་ཞི་བ་ཡིན་ནོ། །གང་རབ་ཏུ་ཞི་བ་དེ་ནི་རང་བཞིན་ཡིན་ནོ། །གང་རང་བཞིན་ཡིན་པ་དེ་ནི་ཉེ་བར་མི་དམིགས་སོ། །གང་མི་དམིགས་པ་དེ་ནི་གནས་མེད་དོ། །གང་གནས་མེད་པ་དེ་ནི་མཁའ་ཡིན་ནོ། །མཁའ་ནི་ནམ་མཁའོ། །དེ་ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་རབ་ཏུ་ཤེས་ཤིང་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བར་ཡང་ཐ་སྙད་འདོགས་ལ། ནམ་མཁའི་ཆོས་ཉིད་ཀྱང་མི་སྤོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་གང་ལ་སྐྱེ་བའམ་འགག་པར་འགྱུར་བའི་ཆོས་དེ་ནི་འགའ་ཡང་མེད་དོ་ཞེས་གསུངས་སོ། །གལ་ཏེ་ཡང་དོན་དམ་པར་ཀུན་བརྟགས་པའི་མཚན་ཉིད་ཀྱིས་སྟོང་པའི་ཆོས་འགའ་ཞིག་ཡོད་པར་གྱུར་ན་ནི་དེའི་ཚེ་མདོ་དེ་ཉིད་ལས་འཇམ་དཔལ་ཆོས་ཐམས་ཅད་ནི་གཉིས་སུ་མེད་པ་སྟེ། མཚན་ཉིད་མེད་པ། གཉིས་སུ་བྱར་མེད་པ། མིང་མེད་པ། མཚན་མ་མེད་པ། སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་དང་བྲལ་བ། མ་སྐྱེས་པ། མ་འགགས་པ། རྒྱུ་མེད་པ། རབ་ཏུ་རྒྱུ་བ་མེད་པ། ཀུན་དུ་རྒྱུ་བ་མེད་པ། ཡི་གེ་མེད་པ། སྒྲ་སྐད་མེད་པའོ་ཞེས་གསུངས་པ་དང༌། ཡང་འཇམ་དཔལ་སྟོང་པ་ཞེས་བྱ་བ་འདི་ནི་མངོན་པར་ཞེན་པའི་འཛིན་པ་མེད་པའི་ཚིག་བླ་དགས་ཡིན་གྱི། འཇམ་དཔལ་འདི་ལ་དོན་དམ་པ་གང་སྟོང་པ་ཞེས་བྱ་བའི་ཆོས་ནི་འགའ་ཡང་མི་དམིགས་སོ་ཞེས་གསུངས་པ་གང་ཡིན་པ་འདི་དང་ཡང་འགལ་བར་འགྱུར་རོ། །གལ་ཏེ་དེ་ལྟ་ན་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། མངོན་པར་བརྗོད་པ་ནི་དངོས་པོ་མེད་པ་ཅན་མ་ཡིན་ནོ། །དངོས་པོ་དེ་ཡང་གང་ཞེ་ན། འཕགས་པའི་ཡེ་ཤེས་དང༌། འཕགས་པའི་གཟིགས་པས་བརྗོད་དུ་མེད་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ་གང་ཡིན་པ་དེ། བརྗོད་དུ་མེད་པའི་ཆོས་ཉིད་དེ་ཁོ་ན་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར་འདུས་བྱས་ཞེས་བྱ་བ་དང༌། དེ་


DTG107_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་འདུས་མ་བྱས་ཞེས་བྱ་བར་མིང་དུ་བཏགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པ་བཅོམ་ལྡན་འདས་ཀྱི་བཀའ་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་སོ་སོ་རང་གིས་རིག་པར་བྱ་བ་དངོས་པོའི་ངོ་བོ་ཉིད་དུ་ཡོད་པར་སྟོན་པར་བྱེད་པ་འདི་ཇི་ལྟར་གྲང་ཞེ་ན། འདི་དང་ཡང་མི་འགལ་བ་ཉིད་དེ། འདི་ལྟར་འདིར་ཆོས་ཀྱི་དབྱིངས་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཆོས་ཐམས་ཅད་བདག་མེད་པའི་མཚན་ཉིད་ཁོ་ན་དངོས་པོའི་སྒྲར་བརྗོད་པར་བཞེད་དེ། དངོས་པོ་ལ་མངོན་པར་ཞེན་པ་རྣམས་ཀྱི་སྐྲག་པའི་གནས་ཡོངས་སུ་སྤང་བའི་དོན་དུ་དེ་ལྟར་བསྟན་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་འཕགས་པའི་ཡེ་ཤེས་དང་ཆོས་ཐམས་ཅད་དེ་བཞིན་ཉིད་ལ་གནས་པའི་ཕྱིར་ཏེ། དེའི་ཕྱིར་དངོས་པོའི་སྒྲ་གནས་པར་བརྗོད་པས་ཆོས་ཀྱི་དབྱིངས་ཁོ་ན་ལ་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདུལ་བའི་བསམ་པ་ལ་ལྟོས་ནས་ཆོས་ཀྱི་དབྱིངས་དེ་ཉིད་ཐབས་སྣ་ཚོགས་ཀྱིས་སྟོན་པར་མཛད་དེ། དེ་སྐད་དུ་འཕགས་པ་ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་འོན་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དེ་བཞིན་ཉིད་དང༌། སྟོང་པ་ཉིད་དང༌། ཡང་དག་པའི་མཐའ་དང་མྱ་ངན་ལས་འདས་པ་ལ་སོགས་པའི་དངོས་པོ་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་པར་ཉེ་བར་བསྟན་པ་མཛད་ནས་བྱིས་པ་རྣམས་བདག་མེད་པས་སྐྲག་པའི་གནས་རྣམ་པར་སྤང་བའི་ཕྱིར་རྣམ་པར་མི་རྟོག་པ་སྣང་བ་མེད་པའི་སྤྱོད་ཡུལ་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་པར་ཉེ་བར་བསྟན་པས་སྟོན་པར་མཛད་དོ། །བློ་གྲོས་ཆེན་པོ་དཔེར་ན་རྫ་མཁན་ནི་རྡུལ་ཕྲ་རབ་ཀྱི་ཚོགས་ཀྱི་འཇིམ་པ་གཅིག་ལས། ལག་པ་དང༌། དབྱི་གུ་དང༌། ཆུ་དང༌། སྐུད་པའི་རྩོལ་བ་སྦྱོར་བས་སྣོད་སྣ་ཚོགས་དག་བྱེད་དོ། །བློ་གྲོས་ཆེན་པོ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱང་རྫ་མཁན་བཞིན་དུ་ཆོས་བདག་མེད་པ། ཆོས་ཐམས་ཅད་ཀྱི་མཚན་ཉིད་རྣམ་པར་ལོག་པ་དེ་ཉིད་ཐབས་དང་ཤེས་རབ་ལ་མཁས་པའི་ཚུལ་སྣ་ཚོགས་ཀྱི་སྒོ་ནས་ཡི་གེ་དང་ཚིག་ཐ་དད་པས་སྙིང་པོར་ཉེ་བར་བསྟན་པའམ། བདག་མེད་པར་ཉེ་བར་བསྟན་པས་སྟོན་པར་མཛད་དོ་ཞེས་གསུངས་སོ། །དེ་ཁོ་ན་ཉིད་འདི་ཡང་རྣམ་པ་ཐམས་ཅད་དུ་བརྗོད་པར་བྱ་བ་མ་ཡིན་ཡང་ཐ་སྙད་ཀྱི་


DTG107_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་འདུས་བྱས་མ་ལུས་པའི་ཆོས་ཉིད་ཡིན་པའི་ཕྱིར་འདུས་བྱས་ཞེས་བྱ་བར་ཡང་ཐ་སྙད་གདགས་ལ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། དུས་ཐམས་ཅད་དུ་གནས་པའི་ཕྱིར་འདུས་མ་བྱས་ཞེས་བྱ་བར་ཡང་སྟོན་ཏོ། །དེ་ཁོ་ན་ཉིད་ནི་ངོ་བོ་ཐམས་ཅད་ལས་འདས་པའི་མཚན་ཉིད་ཡིན་པའི་ཕྱིར་དེ་གཉི་གའི་ངོ་བོ་ཡང་མ་ཡིན་ནོ། །གདོན་མི་ཟ་བར་དེ་ལྟ་བུ་ཡིན་པར་ཁོང་དུ་ཆུད་པ་སྟེ། དེ་ལྟ་མ་ཡིན་ན་ཁྱེད་ཀྱི་གཞུང་ལུགས་ཀྱིས་འདུས་མ་བྱས་དངོས་པོར་ཇི་ལྟར་འགྱུར། གང་གིས་ན་འདི་འདུས་མ་བྱས་ཞེས་ཀྱང་བྱ་སྟེ། ཁྱེད་ནི་འདུས་བྱས་ཁོ་ན་དངོས་པོ་ཉིད་དུ་འདོད་པའི་ཕྱིར་རོ། །འཕགས་པ་དཀོན་མཆོག་འབྱུང་གནས་ལས་ཀྱང༌། མི་གང་དེ་བཞིན་ཉིད་དག་འདུས་བྱས་དང༌། །གཉིས་པ་འདུས་མ་བྱས་དང་རྣམ་གཉིས་སུ། །སྨྲ་བ་བདེ་བར་གཤེགས་པས་ཆོས་བཤད་པ། །དེ་དག་རྟོགས་པར་བྱ་ཕྱིར་སྤྲོ་བ་མིན། །ཞེས་གསུངས་སོ། །དེ་ལྟ་བས་ན་འདི་ལྟ་སྟེ། འདུས་བྱས་དང་འདུས་མ་བྱས་ཀྱི་དངོས་པོར་འཛིན་པ་འདི་ནི་མཐར་འཛིན་པ་ཡིན་ནོ། །ཡང་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་ཡུལ་དངོས་པོའི་རང་གི་མཚན་ཉིད་ཀྱི་དབང་དུ་མཛད་ནས་བྱིས་པ་རྣམས་སྐྲག་པའི་གནས་ཡོངས་སུ་སྤང་བའི་ཆེད་ཁོ་ནར་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དངོས་པོར་ཡོད་དོ་ཞེས་གསུངས་ཀྱི། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡེ་ཤེས་འཇིག་རྟེན་ལས་ཤིན་ཏུ་འདས་པའི་སྤྱོད་ཡུལ་དོན་དམ་པ་པའི་དངོས་པོའི་རང་གི་མཚན་ཉིད་ནི་ཡོད་པ་མ་ཡིན་ཏེ། དེའི་ཡུལ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་ལ་སོགས་པ་ཡིན་པ་ཉིད་ཀྱིས་ཡོད་པ་དང་མེད་པའི་ཕྱོགས་དང་བྲལ་བའི་ཕྱིར་རོ། །དེ་སྐད་དུ་མདོ་ལས་ཀྱང༌། འཇིག་རྟེན་ལས་འདས་པའི་ཡེ་ཤེས་གང་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་རང་དང་སྤྱིའི་མཚན་ཉིད་དུ་ལྷུང་བའི་བསམ་པ་ལ་མངོན་པར་ཞེན་པ་རྣམས་ཀྱི་ཡིན་ནོ། །འཇིག་རྟེན་ལས་ཤིན་ཏུ་འདས་པའི་ཡེ་ཤེས་གང་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྣང་བ་མེད་པའི་ཆོས་རབ་ཏུ་རྣམ་པར་ཕྱེ་བས། སྐྱེ་བ་མེད་པ་དང༌། འགག་པ་མེད་པར་གཟིགས་པའི་ཕྱིར་ཡོད་པ་དང༌། མེད་པའི་ཕྱོགས་དང་བྲལ་བ་ཡིན་


DTG107_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ནོ་ཞེས་གསུངས་སོ། །ཉན་ཐོས་ལ་སོགས་པ་ཡང་དག་པའི་ཀུན་རྫོབ་ཀྱིས་ཀུན་དུ་བསྡུས་པའི་ཕུང་པོ་ཙམ་རང་དང་སྤྱིའི་མཚན་ཉིད་ཀྱི་རྣམ་པར་སྒོམ་པར་བྱེད་པ་རྣམས་གང་ཟག་ལ་བདག་མེད་པ་ཙམ་ལ་གཟུད་པའི་ཕྱིར་ཡེ་ཤེས་དེ་དངོས་པོའི་ཡུལ་ཅན་ཡིན་ནོ་ཞེས་ཐ་སྙད་འདོགས་ཀྱི། དོན་དམ་པར་ནི་མ་ཡིན་ནོ། །གལ་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ཡུལ་དོན་དམ་པ་པའི་དངོས་པོའི་རང་གི་མཚན་ཉིད་གཅིག་ཏུ་གྱུར་ན་ནི་དེའི་ཚེ་ཡེ་ཤེས་དེ་ཡོད་པའི་ཕྱོགས་དང་བྲལ་བར་ཡང་ཇི་ལྟར་འགྱུར། དེ་ལྟ་བས་ན་བྱིས་པ་རྣམས་སྐྲག་པའི་གནས་ཡོངས་སུ་སྤང་བའི་ཕྱིར། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དངོས་པོར་ཡོད་དོ་ཞེས་བསྟན་གྱི། དོན་དམ་པའི་དངོས་པོའི་མཚན་ཉིད་ཡོད་པའི་ཕྱིར་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཇི་ལྟར་ཡོད་པའི་རྣམ་པར་རྟོག་པ་དང་འབྲེལ་པར་མི་འགྱུར། ཇི་ལྟར་བྱིས་པ་རྣམས་སྐྲག་པ་རྣམ་པར་སྤང་བའི་ཕྱིར་དེ་གསུངས་ཀྱི། དོན་དམ་པའི་དངོས་པོ་ཡོད་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཐམས་ཅད་ཀྱང༌། བཅོམ་ལྡན་འདས་ཀྱིས་མདོ་གཞན་དག་ལས་གཏན་ལ་ཕབ་པ་ཉིད་དེ། འཕགས་པ་ལང་ཀར་གཤེགས་པ་ལས། ཇི་སྐད་དུ་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོ་ཞེས་བྱ་བས་ཞུས་པ་བཅོམ་ལྡན་འདས་ཅིའི་སླད་དུ་ཁྱོད་ཀྱིས་སེམས་ཅན་རྣམས་ལ་ཡོད་པ་དང་མེད་པ་ཉིད་དུ་ལྟ་བ་བཟློག་ནས། ཡང་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དངོས་པོར་བཤད་པས། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལ་མངོན་པར་ཞེན་པའི་ཡོད་པ་ཉིད་དུ་ལྟ་བ་ལ་འགོད་པར་མཛད་ཅིང༌། རྣམ་པར་དབེན་པའི་ཆོས་བསྟན་པ་ཡང་མེད་པར་མཛད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ང་ནི་འཕགས་པའི་ཡེ་ཤེས་ཀྱིས་སྤྱོད་ཡུལ་དངོས་པོའི་ངོ་བོ་ཉིད་དུ་བསྟན་པས་རྣམ་པར་དབེན་པའི་ཆོས་བསྟན་པ་མེད་པར་ཡང་མི་བྱེད་ལ། ཡོད་པ་ཉིད་དུ་ལྟ་བ་ལ་འགོད་པར་ཡང་མི་བྱེད་ཀྱི། བློ་གྲོས་ཆེན་པོ་འོན་ཀྱང་ང་ནི་སེམས་ཅན་ཐོག་མ་མེད་པའི་དུས་ན་དངོས་པོའི་ངོ་བོ་ཉིད་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པ་རྣམས་ཀྱི་སྐྲག་པའི་གནས་ཡོངས་སུ་སྤང་བའི་ཕྱིར་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་


DTG107_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོའི་ངོ་བོ་ཉིད་དུ་མངོན་པར་ཞེན་པའི་མཚན་ཉིད་ཀྱི་ལྟ་བའི་སྒོ་ནས་རྣམ་པར་དབེན་པའི་ཆོས་སྟོན་པར་བྱེད་དོ། །བློ་གྲོས་ཆེན་པོ་ང་ནི་དངོས་པོའི་ངོ་བོ་ཉིད་ཉེ་བར་སྟོན་པར་མི་བྱེད་ཀྱི། བློ་གྲོས་ཆེན་པོ་འོན་ཀྱང་བདག་ཉིད་ཀྱིས་ཇི་ལྟ་བ་བཞིན་དུ་རྟོགས་ན་རྣམ་པར་དབེན་པའི་ཆོས་ལ་གནས་པར་འགྱུར་བ་ཞེས་རྒྱས་པར་གསུངས་སོ། །དེ་ལྟ་བས་ན་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དངོས་པོའི་རང་གི་མཚན་ཉིད་དུ་བསྟན་པ་གང་ཡིན་པ་འདི་ནི་བཅོམ་ལྡན་འདས་ཀྱིས་ཐབས་ཀྱིས་བསྟན་པ་ཁོ་ན་ཡིན་ནོ། །དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱི་ཡང་དག་པའི་གསུང་རབ་ཀྱི་ཚུལ་ངེས་པར་མ་ཟིན་པ་བརྫུན་པ་ལ། མངོན་པའི་ང་རྒྱལ་ཅན་རྣམས་དངོས་པོའི་ངོ་བོ་ཉིད་དུ་རྟོགས་པར་བྱེད་པ་ན། བཅོམ་ལྡན་འདས་ལ་ཡང་མི་སྙན་པར་སྒྲོགས་ཤིང་བདག་ཉིད་ཀྱང་འཕུང་ལ། གཞན་ཡང་རླག་པར་བྱེད་པ་ཡིན་ནོ། །འདི་ལྟར་མདོ་དེ་ཉིད་ལས། དངོས་པོའི་ངོ་བོ་ཉིད་དེ་ལྟ་བུ་ལ་མངོན་པར་ཞེན་པ་རྣམས་བདག་ལ་སོགས་པ་འཛིན་པའི་ཕྱིར་མི་འགྲོལ་བ་ཁོ་ནར་གསུངས་ཏེ། ཇི་སྐད་དུ། བློ་གྲོས་ཆེན་པོ་གཞན་ཡང་ཚད་མ་གསུམ་གྱི་ཡན་ལག་གིས་བརྒལ་བར་གཟས་ནས། འཕགས་འཕགས་པའི་ཡེ་ཤེས་ཀྱིས་སོ་སོར་རང་གིས་རྟོགས་པར་བྱ་བའི་ངོ་བོ་ཉིད་གཉིས་ལས་རྣམ་པར་གྲོལ་བ་དངོས་པོའི་ངོ་བོ་ཉིད་དུ་ཡོད་དེ་ཞེས་བྱ་བ་རྣམ་པར་རྟོག་པར་བྱེད་ཀྱི། བློ་གྲོས་ཆེན་པོ་རྣལ་འབྱོར་པ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གནས་གྱུར་པ་རང་གི་སེམས་སྣང་བ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་སྤངས་པ། དེ་བཞིན་གཤེགས་པའི་ས་འཕགས་པའི་ཡེ་ཤེས་ཀྱིས་སོ་སོ་རང་གིས་རྟོགས་པ་རྣམས་ནི་དངོས་པོ་དང་དངོས་པོ་མེད་པར་འདུ་ཤེས་མི་འཇུག་གོ །བློ་གྲོས་ཆེན་པོ་གལ་ཏེ་རྣལ་འབྱོར་པ་རྣམས་དེ་ལྟ་བུའི་ཡུལ་ཅན་རྣམས་ལ་དངོས་པོ་དང་དངོས་པོ་མེད་པར་འཛིན་པ་འཇུག་པར་གྱུར་ན་ནི་དེ་ཉིད་དེ་དག་གི་བདག་ཏུ་འཛིན་པ་དང༌། གསོ་བར་འཛིན་པ་དང། སྐྱེས་བུར་འཛིན་པ་དང༌། གང་ཟག་ཏུ་འཛིན་པར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །གཞན་ཡང་གལ་ཏེ་དོན་དམ་པར་དངོས་པོ་ཞིག་ཡོད་ན་དེས་ན་གདོན་མི་ཟ་བར་རྟག་པའམ། མི་རྟག་པའི་ངོ་བོ་ཞིག་ཏུ་འགྱུར་གྲང་སྟེ། དངོས་པོ་ལ་ནི་རྣམ་པའི་ཁྱད་པར་གཞན་མི་སྲིད་པའི་ཕྱིར་


DTG107_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དངོས་པོ་དེ་ལ་རྟག་པ་དང་མི་རྟག་པའི་རྣམ་པར་དཔྱོད་པའི་སྒོ་ནས་འཇུག་པའི་ཤེས་རབ་གང་ཡིན་པ་དེ་ནི་དངོས་པོའི་རང་གི་ངོ་བོ་ཇི་ལྟ་བ་བཞིན་དུ་རྟོགས་པ་དང་མཐུན་པའི་ཕྱིར་ཡང་དག་པའི་ཤེས་རབ་ཁོ་ནར་འགྱུར་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་ནི་མ་ཡིན་ནོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པ་གང་ཡིན་པ་དེ་དང་ཡང་འགལ་བར་འགྱུར་ཏེ། དེ་ལས་འདི་སྐད་དུ་ཀཽ་ཤི་ཀ་འདི་ནི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྟོན་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་ཉེ་བར་སྟོན་ཏོ། །དེ་ལ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་ཡིན་ཏེ། གཟུགས་མི་རྟག་ཅེས་བྱ་བར་ཉེ་བར་སྟོན་ཏོ། །དེ་བཞིན་དུ་སྡུག་བསྔལ་བ་དང༌། བདག་མེད་པ་དང༌། མི་གཙང་བ་ཞེས་བྱ་བར་ཉེ་བར་སྟོན་ཏོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། དེ་བཞིན་དུ་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པ་དང༌། དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་རྟག་གོ་ཞེས་བྱ་བ་དང༌། སྡུག་བསྔལ་ལོ་ཞེས་བྱ་བ་དང༌། བདག་མེད་དོ་ཞེས་བྱ་བ་དང༌། མི་གཙང་བ་ཞེས་བྱ་བར་ཉེ་བར་སྟོན་པར་བྱེད་དོ། །འདི་སྐད་དུ་གང་དེ་ལྟར་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བར་ཡང་ཉེ་བར་སྟོན་ཏེ། ཀཽ་ཤི་ཀ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་ཡིན་ནོ། །དེ་ལ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་མ་ཡིན་པ་གང་ཡིན་ཞེ་ན། དེ་ནི་འདི་སྐད་དུ་ཉེ་བར་སྟོན་ཏེ། རིགས་ཀྱི་བུ་ཁྱོད་ཚུར་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ལ་གཟུགས་མི་རྟག་གོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མ་ལྟ་ཞིག །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྡུག་བསྔལ་བ་དང༌། བདག་མེད་པ་དང༌། མི་གཙང་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མ་ལྟ་


DTG107_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་ངོ་བོ་ཉིད་ཀྱིས་སྟོང་པའོ། །གཟུགས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་དངོས་པོ་མེད་པའོ། །གང་དངོས་པོ་མེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ལ་ནི་གཟུགས་རྟག་གོ་ཞེས་བྱ་བའམ། མི་རྟག་གོ་ཞེས་བྱ་བ་མི་དམིགས་ཏེ། དེ་ལ་གཟུགས་ཉིད་ཀྱང་མེད་ན་རྟག་པའམ། མི་རྟག་པར་ལྟ་ག་ལ་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་དེ་དང་འདྲ་སྟེ། དེ་སྐད་དུ་ཉེ་བར་སྟོན་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་ཉེ་བར་སྟོན་པ་མ་ཡིན་ནོ། །འདི་སྐད་དུ་ཉེ་བར་སྟོན་ཏེ་རིགས་ཀྱི་བུ་ཁྱོད་ཚུར་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ལ་ཆོས་གང་ལས་ཀྱང་ཡང་དག་པར་འདའ་བར་མ་བྱེད་ལ། ཆོས་གང་ལའང་མ་གནས་ཤིག །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆོས་གང་ལས་ཡང་དག་པར་འདའ་བར་བྱ་བའམ། ཆོས་གང་ལ་གནས་པར་བྱ་བའི་ཆོས་དེ་ཡོད་པ་མ་ཡིན་ཏེ། འདི་ལྟར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པའོ། །གང་ངོ་བོ་ཉིད་ཀྱིས་སྟོང་པ་དེ་ནི་དངོས་པོ་མེད་པའོ། །གང་དངོས་པོ་མེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ལ་ནི་ཆོས་འགའ་ཡང་བླང་བར་བྱ་བ་འམ། དོར་བར་བྱ་བའམ། བསྐྱེད་པར་བྱ་བའམ། དགག་པར་བྱ་བ་མེད་དོ། །དེ་སྐད་དུ་སྟོན་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་ཉེ་བར་སྟོན་པ་མ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟ་བས་ན་དངོས་པོར་སྨྲ་བ་ཐམས་ཅད་ཆོས་ཀྱི་དེ་ཁོ་ན་ཉིད་ཕྱིན་ཅི་ལོག་ཏུ་སྟོན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་ཉེ་བར་སྟོན་པ་ཁོ་ན་ཡིན་གྱི། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་སྨྲ་བ་རྣམས་ནི་ཕྱིན་ཅི་མ་ལོག་པ་ཉིད་ཡིན་པས་བཅོམ་ལྡན་འདས་ཀྱིས་འཐད་པ་དང་བཅས་པ་ཡིན་པར་གསལ་རབ་ཁོ་ནར་བསྟན་པ་ཡིན་ནོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་མདོ་དེ་དང་དེ་ལས་རྣམ་པ་དུ་མར་དངོས་པོ་མ་ལུས་པ་ངོ་བོ་ཉིད་མེད་པ་ཉིད་དུ་གསལ་བར་མཛད་མོད་ཀྱི། ཧ་ཅང་ཚིག་མངས་སུ་དོགས་པས་མ་བརྗོད་དེ། ཕྱོགས་འགའ་ཞིག་བསྟན་ཏོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱི་ཡང་དག་པའི་གསུང་རབ་ཀྱི་ཚུལ་ངེས་པར་མ་ཟིན་པ་རྣམས་ཀྱིས་


DTG107_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་པའི་ལུགས་ལ་རྣམ་པར་སྡང་བས་རེ་ཞིག་ལུང་གི་སྒོ་ནས་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྒྲུབ་པར་ནུས་པ་ནི་མ་ཡིན་ཏེ་ཞེས་སྨྲས་པ་གང་ཡིན་པ་དེ་བསལ་བ་མ་ཡིན་ནོ། །དེ་ལ་གལ་ཏེ་ཤེས་རབ་ཉམ་ཆུང་བའི་ཕྱིར་དེ་ལྟ་བུའི་ཆོས་ཉིད་ཟབ་མོ་ལ་བདག་ཉིད་ཀྱིས་མོས་པར་མི་ནུས་སུ་ཟིན་ཀྱང༌། འོན་ཀྱང་རྟོག་པ་དང་ལྡན་པ་རང་གི་བློ་གྲོས་ཉམ་ཆུང་བའི་ཉེས་པ་མཐོང་བ་རྣམས་ཀྱིས་དེ་སྤང་བར་ཡང་རིགས་པ་མ་ཡིན་ལ། བདག་ཉིད་ཕུང་བས་གཞན་དག་ཀྱང་དོན་ཆེན་པོ་ལས་ཉམས་པར་བྱས་ཏེ། བརླག་པར་བྱ་བར་ནི་རིགས་པ་མ་ཡིན་ནོ། །དེ་ལྟ་ན་ནི་རང་དང་གཞན་ལ་འཁུ་བ་བྱས་པ་ཁོ་ནར་འགྱུར་རོ། །དེ་ལྟ་བས་ན་བློ་གྲོས་དང་ལྡན་པ་དད་པ་ཅན་གྱིས་ཆོས་ཟབ་མོ་དག་སྤོང་བའི་ལྟ་བ་བོར་ཏེ། དེ་ལ་ཡང་བཅོམ་ལྡན་འདས་ཉིད་ཚད་མར་བྱས་ཤིང་བདག་ཉིད་མི་ཤེས་པའི་ཉེས་པས་དེ་ཁོང་དུ་མི་ཆུད་པ་སྲིད་དོ་སྙམ་དུ་བསམས་ནས་མདོ་ཟབ་མོ་དག་ལ་དད་པ་བསྐྱེད་དེ། མཉན་པ་དང༌། གཟུང་བ་དང༌། བསྒོམ་པ་ལ་སོགས་པ་ལ་མངོན་པར་བརྩོན་པར་བྱའོ། །གཞན་དག་ཀྱང་ཡང་དག་པར་ལེན་དུ་གཞུག་གོ །བདག་ཉིད་དེ་ལ་མོས་པར་བྱ་བའི་ཕྱིར་སྨོན་ལམ་གདབ་པར་ཡང་བྱའོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་དཀོན་མཆོག་བརྩེགས་པ་ལས། ཆོས་ཟབ་མོ་གང་དག་ལ་འདིའི་བློས་གཏིང་མི་དཔོགས་པ་དེ་ལ་དེ་བཞིན་གཤེགས་པ་ཁོ་ན་ཚད་མར་བྱས་ནས་སངས་རྒྱས་ཀྱི་བྱང་ཆུབ་ནི་མཐའ་ཡས་ཏེ། མོས་པ་སྣ་ཚོགས་པ་ཉིད་ཀྱི་སྒོ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བསྟན་པ་ལ་འཇུག་པས་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་གྱི། བདག་གིས་ནི་མི་ཤེས་སོ་སྙམ་ནས་སྤོང་བར་ནི་མི་བྱེད་དོ་ཞེས་གསུངས་སོ། །དེ་ལྟར་རེ་ཞིག་ལུང་གི་སྒོ་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྒྲུབས་པ་ཡིན་ནོ། །གང་ཡང་སྐྱེ་བ་ལ་སོགས་པའི་རྣམ་པར་དབྱེ་བ་ནི་གཉིས་སུ་སྣང་བའི་ཤེས་པ་ཁོ་ནས་བྱེད་ཀྱི། རང་རིག་པ་ཙམ་གྱིས་ནི་མ་ཡིན་ནོ། །གཉིས་སུ་སྣང་བ་ཡང་བརྫུན་པའི་ཕྱིར་དེས་རྣམ་པར་གཞག་པའི་ངོ་བོ་ཡང་བརྫུན་པ་ཁོ་ནའོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ་ཡང་བརྗོད་པར་བྱ་སྟེ། གལ་ཏེ་ཆོས་ཐམས་ཅད་སྐྱེ་བ་ལ་སོགས་པའི་ཆོས་ཉིད་ཤེས་པ་བརྫུན་པའི་ངོ་བོར་སྣང་བས་རྣམ་པར་གཞག་པའི་ངོ་བོ་ཡིན་ན་ནི་དེ་ཇི་ལྟར་འདི་དག་དོན་དམ་པར་ཡོད་པར་འགྱུར།


DTG107_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་སྣང་བ་ཡང་བརྫུན་པ་ཉིད་ཡིན་ན་ནི་ཤེས་པའི་ངོ་བོ་གང་དོན་དམ་པར་སྲིད་པར་འགྱུར་བ་གཞན་ཅི་ཞིག་ལུས། ཤེས་པ་དེ་ཁོ་ན་ཉིད་གཟུང་བ་དང་འཛིན་པའི་རྣམ་པ་དང་བྲལ་བ་གཞན་ནི་ཚུ་རོལ་མཐོང་བ་རྣམས་ཀྱིས་ཡང་དག་པར་མྱོང་བ་མེད་དེ། ཐམས་ཅད་དེ་ཁོ་ན་ཉིད་མཐོང་བ་ཁོ་ན་ཉིད་དུ་ཐལ་བར་འགྱུར་རོ། །དེ་ནི་རྗེས་སུ་དཔག་པའི་སྒོ་ནས་ངེས་པ་ཡང་མ་ཡིན་ཏེ། དེ་ལྟ་བུའི་རྟགས་ཉིད་མ་གྲུབ་པའི་ཕྱིར་རོ། །འདི་ལྟར་རེ་ཞིག་རང་བཞིན་གྱི་རྟགས་ལས་བྱུང་བས་རྗེས་སུ་དཔག་པ་ནི་མི་སྲིད་དེ། དེའི་རང་བཞིན་ཉིད་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །འབྲས་བུའི་རྟགས་ཀྱང་མ་ཡིན་ཏེ། གཉིས་སུ་མེད་པ་དང་འགའ་ཡང་ལྷན་ཅིག་རྒྱུ་དང་འབྲས་བུའི་དངོས་པོར་མ་གྲུབ་པའི་ཕྱིར་ཏེ། དེ་ནི་དབང་པོས་མི་སོད་པའི་ཕྱིར་རོ། །དེ་ལས་མ་གཏོགས་པའི་འབྲས་བུ་གཞན་ཡོད་པ་ཡང་མ་ཡིན་ཏེ། འདི་ལྟར་ཁྱེད་ཀྱི་ལྟར་ན་གཉིས་སུ་མེད་པ་དེ་ཁོ་ན་འབྲས་བུར་འགྱུར་བ་ཞིག་ན་དེ་ཉིད་བསྒྲུབ་པར་བྱ་བ་ཉིད་ཀྱི་སྐབས་ཡིན་པའི་ཕྱིར་དེ་ཡང་ཚད་མས་གྲུབ་པ་མ་ཡིན་ནོ། །གཉིས་སུ་སྣང་བ་གང་ཡིན་པ་དེ་ནི་རི་བོང་གི་རྭ་དང་འདྲ་བའི་ཕྱིར་འབྲས་བུ་མ་ཡིན་ནོ། །གང་གིས་ན་མངོན་སུམ་དང་མི་དམིགས་པས་སྒྲུབ་པ་རྒྱུ་དང་འབྲས་བུའི་དངོས་པོ་འགྲུབ་པར་འགྱུར་བ་དོན་དམ་པར་གཉིས་སུ་མེད་པའི་ཤེས་པས་ཀྱང་འགའ་ཡང་འཛིན་པ་མེད་དོ། །མི་དམིགས་པ་ཡང་དགག་པ་སྒྲུབ་པ་ཡིན་པའི་ཕྱིར་ཡོད་པ་སྒྲུབ་པའི་སྐབས་མ་ཡིན་ནོ། །གལ་ཏེ་འདི་སྙམ་དུ་དེ་སྒྲུབ་པར་བྱེད་པའི་ཚད་མ་ནི་ཡོད་པ་ཉིད་དེ། འདི་ལྟར་འགའ་ཞིག་གང་གི་ངོ་བོ་ཉིད་དང་འགལ་བ་དེ་ནི་དེའི་ངོ་བོས་དབེན་པ་ཡིན་ཏེ། དཔེར་ན་གྲང་བའི་ངོ་བོ་ལ་གནོད་པའི་དྲོ་བ་གྲང་བའི་ངོ་བོ་ཉིད་ཀྱིས་དབེན་པ་ལྟ་བུ་ཡིན་ལ། རྟོགས་པའི་ངོ་བོའི་ཆོས་ཅན་ཡང་གཉིས་ཀྱི་ངོ་བོ་ཉིད་ལ་གནོད་པ་ཡིན་པས་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་ནོ། །གཏན་ཚིགས་གཞི་མ་གྲུབ་པ་ཡང་མ་ཡིན་ཏེ། སྤྱིར་དགའ་བ་དང་མི་དགའ་བ་ལ་སོགས་པའི་རྣམ་པ་ཉམས་སུ་མྱོང་བའི་ཆོས་ཅན་རྣམ་པར་ཤེས་པ་ཞེས་བྱ་བ་རྟོགས་པའི་ངོ་བོ་གྲུབ་པའི་ཕྱིར་རོ། །རང་གི་ངོ་བོ་མ་གྲུབ་པ་ཉིད་ཀྱང་མ་ཡིན་ཏེ། གཟུང་བའི་རྣམ་པ་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་སྒོ་ནས་ངོ་བོ་ཉིད་མེད་པ་


DTG107_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས་དེ་ལ་ལྟོས་ནས་རབ་ཏུ་བརྟགས་པའི་འཛིན་པའི་རྣམ་པ་ཡང་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཐམས་ཅད་དངོས་པོ་མེད་པར་ཡང་ཐལ་བ་ཡང་མ་ཡིན་ཏེ། བྱེད་པ་པོ་དང་ལས་ཀྱི་ངོ་བོ་ཁོ་ན་ལ་ལྟོས་པ་ཙམ་ལས་ཉེ་བར་བརྟགས་པའི་ངོ་བོ་ཡིན་པའི་ཕྱིར་བརྫུན་པ་འབའ་ཞིག་ཏུ་ཟད་ཀྱི། བདག་ཉིད་ནི་མ་ཡིན་ནོ་སྙམ་དུ་སེམས་ན་དེ་ཡང་རིགས་པ་མ་ཡིན་ཏེ། གལ་ཏེ་སྤྱིར་དོན་དམ་པར་གཉིས་ཀྱིས་དབེན་པ་ཙམ་ཞིག་སྒྲུབ་པར་འདོད་ན་ནི་དེའི་ཚེ་གྲུབ་པ་སྒྲུབ་པ་ཉིད་དེ། ཁོ་བོ་ཅག་ཀྱང་དོན་དམ་པར་གཉིས་བརྫུན་པའི་ཕྱིར་དབེན་པར་འདོད་པ་ཉིད་དོ། །འོན་ཏེ་མ་ཡིན་པའི་ངོ་བོའི་དོན་དམ་པའི་སྒོ་ནས་རྣམ་པར་ཤེས་པ་ཉིད་ཀྱི་རྣམ་པ་དང་བྲལ་བ་ཉིད་དུ་སྒྲུབ་པར་འདོད་ན་ནི་དེའི་ཚེ་ཡང་གྲུབ་པ་སྒྲུབ་པ་ཉིད་དེ། ཁོ་བོ་ཅག་ཀྱང་དོན་དམ་པར་ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་ཤེས་པ་ཐམས་ཅད་དོན་དམ་པར་མེད་པ་ལ་གཉིས་ཀྱི་རྣམ་པ་ཡང་དག་པ་དང་བྲལ་བར་འདོད་པའི་ཕྱིར་རོ། །འོན་ཏེ་ཤེས་པ་ཞེས་བྱ་བའི་ཆོས་ཅན་ལ་གཉིས་དང་བྲལ་བ་ཉིད་དང༌། དངོས་པོའི་ངོ་བོ་ཉིད་གཉི་ག་ཡང་སྒྲུབ་པར་འདོད་ན་ནི་དེའི་ཚེ་དཔེ་ལ་རྗེས་སུ་འགྲོ་བ་མ་གྲུབ་པས་གཏན་ཚིགས་མ་ངེས་པ་ཉིད་ཡིན་ཏེ། ཕྱིའི་དོན་གྱི་ངོ་བོ་གྲང་བ་དང༌། ཚ་བ་དག་ཡང་དག་པར་མ་གྲུབ་པའི་ཕྱིར་རོ། །ཤེས་པ་གཅིག་ལ་ཡང་ཤེས་པ་དང་སྣང་བའི་ངོ་བོ་དག་སྣང་བའི་ཕྱིར་མི་འགལ་བ་ཉིད་ཡོད་པས་དཔེ་བསྒྲུབ་པས་སྟོང་པ་ཉིད་ཀྱང་ཡིན་ནོ། །ཇི་སྟེ་ཤེས་པ་གཉིས་དང་བྲལ་བ་ཉིད་གྲུབ་ན་ཤུགས་ཀྱིས་དངོས་པོའི་ངོ་བོ་ཉིད་ཀྱང་འགྲུབ་པར་འགྱུར་རོ་སྙམ་དུ་སེམས་ན། བློ་གྲོས་འདི་ནི་ངན་པ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ། །འདི་ལ་གང་ལ་གཉིས་དང་བྲལ་བ་དེ་ལ་གདོན་མི་ཟ་བར་ཡང་དག་པའི་དངོས་པོ་ཡོད་དོ་ཞེས་བྱ་བའི་འབྲེལ་བ་འདི་ཅི་ཞིག་ཡོད་དེ། དེ་བཟློག་ན་གནོད་པ་ཅན་གྱི་ཚད་མ་མེད་པའི་ཕྱིར་དང༌། དེ་ལྟ་བུའི་དཔེ་མ་གྲུབ་པའི་ཕྱིར་རོ། །མོ་གཤམ་གྱི་བུ་ལ་སོགས་པ་དང༌། གཉིས་པོ་དེ་ཉིད་ཀྱིས་མ་ངེས་པར་འགྱུར་བའི་ཡང་ཕྱིར་རོ། །ཐུག་པ་མེད་པར་འགྱུར་བའི་ཕྱིར་གཉིས་ལ་གཉིས་པོ་གཞན་ཡོད་པ་ནི་མ་ཡིན་ནོ། །གྲང་བ་ལ་སོགས་པའི་རེག་པས་དབེན་པའི་དྲོ་བ་ལ་སོགས་པའི་ངོ་བོ་བཞིན་དུ་གཉིས་ཀྱི་ངོ་བོ་ལས་མ་གཏོགས་པ་གང་ལ་དེ་དང་བྲལ་བ་ཉིད་དུ་བསྒྲུབ་པར་འགྱུར་


DTG107_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྟོགས་པའི་ངོ་བོ་ཉིད་སྤྱིའི་ངོ་བོ་ཆོས་ཅན་གཞན་ནི་ཡོད་པ་མ་ཡིན་ཏེ། གཉིས་པོའི་བདག་ཉིད་ཁོ་ན་རྟོགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །འདི་ལྟར་གང་ཞིག་བདག་ཉིད་ཁོ་ན་རབ་ཏུ་གསལ་ཞིང་གསལ་བ་གཞན་ལ་མི་ལྟོས་པ་དེ་ནི་རྟོགས་པའི་མཚན་ཉིད་ཡིན་ནོ། །ལུས་དང༌། ས་དང༌། རི་དང༌། ཆུ་བོ་དང༌། རྒྱ་མཚོ་ལ་སོགས་པ་རྣམ་པ་སྣ་ཚོགས་ཕྱི་རོལ་གྱི་ངོ་བོ་ཉིད་དུ་མདུན་ན་སྣང་བའི་དོན་གང་ཡིན་པ་དེ་ནི་བདག་ཉིད་ཁོ་ནས་གསལ་བའི་ཕྱིར་རྟོགས་པའི་ངོ་བོ་ཉིད་ལས་མི་འདའ་བར་འཇུག་གོ །དེ་ཡང་བརྫུན་པའི་ངོ་བོ་ཉིད་ཀྱིས་རིགས་ཀྱི་ཁྱིམ་དུ་འཇུག་པར་སྤྱོད་པ་ན་རང་གི་ལུས་དང་ཁྱད་པར་མེད་པར་སྤྱོད་པའི་མཛའ་མོ་ལྟ་བུར་རྟོགས་པའི་ངོ་བོ་ཉིད་དང༌། ཀུན་ཏུ་འཁྱུད་པ་ལྟར་སྤྱོད་པས་དམ་པ་མ་ཡིན་པའི་གཉིས་པོ་དང་ཕྲད་པས་སུན་ཕྱུང་བའི་བདག་ཉིད་འདི་ཡིད་བརྟན་དུ་ག་ལ་རུང༌། དེའི་བདག་ཉིད་ལྟ་བུའི་གཉིས་ཀྱི་ངོ་བོའི་མཛའ་བོ་དང་བྲལ་ན་གང་གིས་ན་འདི་གཞན་དང་མི་ཕྲད་ཅིང་འབའ་ཞིག་ཆོས་ཅན་དུ་འགྱུར་བའི་གནས་ནི་གང་དུ་ཡང་མི་འཐད་དོ། །དེའི་ཕྱིར་གཏན་ཚིགས་གཞི་མ་གྲུབ་པ་ཁོ་ན་ཡིན་ནོ། །མདོ་སྡེ་པ་ལ་སོགས་པ་ཡང་ཡང་དག་པར་ན་ཤེས་པ་གཉིས་ཀྱི་ངོ་བོ་ཉིད་དུ་མི་འདོད་པ་ཁོ་ན་སྟེ། ཆ་ཤས་མེད་པ་ལ་དེ་འགལ་བའི་ཕྱིར་རོ། །དེའི་ཕྱིར་དེ་གཉིས་སུ་མེད་པའི་ངོ་བོ་ཉིད་དུ་སྒྲུབ་པ་ཡང་ཅི་ཞིག་རབ་ཏུ་བསྒྲུབ་པར་འགྱུར་ཏེ། ཕྱིའི་དོན་ཀྱང་དེ་དང་མི་འགལ་བའི་ཕྱིར་རོ། །གལ་ཏེ་ཚད་མ་གཞན་གྱི་སྒོ་ནས་ཕྱིའི་དངོས་པོ་སེལ་བར་བརྗོད་ན་ནི་དེ་དང་འདྲ་བ་ཉིད་དུ་རྣམ་པར་ཤེས་པ་ལ་ཡང་དེ་ཅི་སྟེ་ཉེ་བར་མི་བརྗོད། གང་ཡང་བྱེད་པ་པོ་དང་ལས་ཀྱི་དངོས་པོ་ཁོ་ན་ལ་ལྟོས་པ་ལས་རབ་ཏུ་བརྟགས་པའི་ངོ་བོ་ཡིན་པའི་ཕྱིར་བརྫུན་པ་འབའ་ཞིག་ཏུ་ཟད་ཀྱི་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་ཉམས་སུ་མྱོང་བ་དང་འགལ་བ་ཁོ་ནའོ། །འདི་ལྟར་ཁྱེད་ནི་ཡང་དག་པར་ན་རྣམ་པར་ཤེས་པ་གཉིས་སུ་མེད་པའི་རྣམ་པ་ཁོ་ནར་འདོད་ལ། སྔོན་པོ་ལ་སོགས་པ་སེམས་ཀྱི་རྣམ་པ་སྣ་ཚོགས་ཀྱི་ཕྱི་རོལ་ཉིད་དུ་རྣམ་པར་ཆད་པར་སྣང་བ་ཡང་བྱིས་པ་བྱེད་པ་པོ་དང་ལས་ཀྱི་ཐ་སྙད་བྱེ་བྲག་ཏུ་མི་ཤེས་པ་རྣམས་ཀྱིས་ཀྱང་རྟོགས་པའི་སྐྱོན་དང་བྲལ་བའི་སེམས་ལ་ཡང་གསལ་རབ་ཏུ་ཡང་དག་པར་མྱོང་ངོ༌། །དེའི་


DTG107_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཀྱི་དངོས་པོ་ལྟོས་པ་ཙམ་ལས་ཉེ་བར་བརྟགས་པ་ཡིན་ན་ནི་བྱེ་བྲག་དེ་བྱིས་པ་ཡན་ཆད་ལ་གསལ་རབ་ཏུ་སྣང་བར་ཡང་མི་འགྱུར་རོ། །གལ་ཏེ་ཁྱེད་རྣམ་པའི་ཚོགས་ཡུལ་དང་དུས་ཀྱི་གནས་སྐབས་ངེས་པས་ཐ་དད་པ་དེ་ལྟར་གསལ་རབ་ཏུ་ཉམས་སུ་མྱོང་བ་དེ་ཡང་བརྫུན་པ་ཉིད་དུ་ཁས་ལེན་ན་ནི་དེའི་ཚེ་ཐར་པ་འདོད་པ་ཁྱེད་རྟོགས་པའི་ངོ་བོ་གཉིས་ཀྱི་ངོ་བོས་དབེན་པ་མི་མངོན་པའི་བདག་ཉིད་ལ་ཡང་དབེན་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་ཅིང་ཆགས་པ་གཞན་ཅི་ཞིག་ཡོད་དེ། གླང་པོ་ལུས་ཆེན་པོ་སྐར་ཁུང་ཤིན་ཏུ་ཆུང་ངུའི་གསེབ་ནས་བྱུང་བའི་མཇུག་མ་ཐོགས་པ་གང་ཡིན་པ་དང་འདྲ་བར་མཁས་པ་རྣམས་ཤིན་ཏུ་ཡུན་རིང་པོར་ཡ་མཚན་རྨད་དུ་འཛིན་པར་བྱེད་དོ། །དེ་ལྟ་བས་ན་བདག་ཉིད་ཀྱིས་ཤེས་རབ་ཀྱི་རལ་གྲི་ཤིན་ཏུ་རྣོན་པོས་ཆགས་པ་དེ་ཆོད་ལ་འོར་ཅིག །ཤེས་པའི་བདག་ཉིད་བདེན་པའི་ངོ་བོ་དེ་ལ་ནི་གང་གིས་ན་དེ་ལ་དེ་ལྟར་གསལ་རབ་ཏུ་སྣང་བར་འགྱུར་བ་བརྫུན་པའི་བདག་ཉིད་ཀྱི་རྣམ་པ་རྣམས་དེའི་བདག་ཉིད་དང༌། དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་འགའ་ཡང་མེད་དེ། །བདེན་པ་དང་མི་བདེན་པ་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་དག་ནི་དེའི་བདག་ཉིད་དུ་འགལ་བའི་ཕྱིར་ལ། མི་བདེན་པ་ཡང་གང་ལས་ཀྱང་སྐྱེ་བར་ཁས་མི་ལེན་པའི་ཕྱིར་རོ། །དེ་སྐྱེ་ན་ཡང་འདི་དག་དུས་གཅིག་ཏུ་དེའི་བདག་ཉིད་དུ་སྣང་བར་ནི་མི་འགྱུར་ཏེ། རྒྱུ་དང་འབྲས་བུ་དག་ནི་དུས་དང་ངོ་བོ་ཉིད་ཐ་དད་པ་ཡིན་པའི་ཕྱིར་རོ། །འབྲེལ་པ་མེད་པར་སྣང་བར་ངེས་པའང་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་གདོན་མི་ཟ་བར་རྟོགས་པའི་ངོ་བོ་དང་ཐ་མི་དད་པའི་རང་གི་ངོ་བོའི་རྣམ་པ་མི་བདེན་པའི་བདག་ཉིད་རྣམས་སྣང་བར་ཁས་བླངས་པའི་ཕྱིར་དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱིས་འབྲེལ་པར་ཁས་བླང་དགོས་སོ། །དེའི་ཕྱིར་གཉི་གའང་བརྫུན་པ་ཉིད་དུ་གྱུར་ཏོ། །དེ་ལྟ་མ་ཡིན་ན་ནི་ཇི་ལྟར་བརྫུན་པའི་རྣམ་པ་རྣམས་དང་ལྷན་ཅིག་རྟོགས་པའི་ངོ་བོ་ཉིད་དེའི་བདག་ཉིད་དུ་ཉམས་སུ་མྱོང་བར་འགྱུར། དེ་བས་ན་བདེན་པ་ལ་མངོན་པར་ཞེན་པའི་ཞགས་པ་འདི་འོར་ཅིག །བཅོམ་ལྡན་འདས་ཀྱིས་ཀྱང་དེ་བཞིན་གཤེགས་པས་ཆོས་གང་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ལ་ནི་བདེན་པ་ཡང་མེད་བརྫུན་པ་ཡང་མེད་ཅེས་


DTG107_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །གང་ཡང་རིགས་པའི་སྒོ་ནས་ཀྱང་ནུས་པ་མ་ཡིན་ཏེ། དེ་ལྟར་རེ་ཞིག་མངོན་སུམ་གྱིས་ནི་དངོས་པོ་མ་ལུས་པ་དབེན་པ་རྟོགས་པར་མི་འགྱུར་ཏེ། དེའི་ཡུལ་ནི་དངོས་པོ་ཡིན་པའི་ཕྱིར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་ལ་ཡང་བརྗོད་པར་བྱ་སྟེ། ཅི་སྐྱེས་བུ་ཐམས་ཅད་ཀྱི་མངོན་སུམ་གང་ཡིན་པ་དེ་ཆོས་ཐམས་ཅད་བདག་མེད་པར་རྟོགས་པར་མི་ནུས་པ་ཉིད་ཡིན་ནམ། འོན་ཏེ་ཁྱེད་ལྟ་བུའི་མི་ཤེས་པའི་རབ་རིབ་ཀྱི་ལིང་ཐོག་རབ་ཏུ་སྟུག་པོས་ཤེས་རབ་ཀྱི་མིག་ཉམས་པར་བྱས་པ་རྣམས་ཀྱི་མངོན་སུམ་གང་ཡིན་པ་ཡིན། དེ་ལ་རེ་ཞིག་ཕྱོགས་དང་པོ་ནི་ཚད་མ་མེད་པའི་ཕྱིར་རིགས་པ་མ་ཡིན་ཏེ། དེ་ལ་སྐྱེས་བུ་ཐམས་ཅད་ཀྱི་མངོན་སུམ་རབ་ཏུ་མི་འཇུག་གོ་ཞེས་ངེས་པར་བྱ་བ་ལ་ཚད་མ་ཅི་ཡང་མེད་དོ། །རང་གི་དམིགས་པ་ལོག་པ་ཙམ་ནི་འཁྲུལ་པའི་ཕྱིར་ཏེ། དམིགས་པའི་རིག་བྱར་གྱུར་པ་མི་དམིགས་པ་ཁོ་ན་དེ་མེད་པར་སྒྲུབ་པར་བྱེད་པ་ཡིན་ན་གང་གི་ཕྱིར་བདག་གིས་མི་དམིགས་པས་དེ་དེ་ལ་མི་འཇུག་པར་རྟོགས་པར་གྱུར་པ་སྐྱེས་བུ་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་ཡོད་པའི་སེམས་ཀྱི་འཇུག་པ་ནི་ཚུ་རོལ་མཐོང་བ་ཁྱེད་ཀྱི་དམིགས་པའི་རིག་བྱ་མ་ཡིན་ནོ། །གཞན་གྱི་དམིགས་པ་ལོག་པ་ཡང་མ་ངེས་པའི་ཕྱིར་རོ། །དེའི་ཕྱིར་རྟོག་པ་དང་ལྡན་པས་མངོན་སུམ་གྱིས་དེ་རྟོགས་པ་མེད་པ་ཁོ་ནའོ་ཞེས་བརྗོད་པ་འདི་ནི་རིགས་པ་མ་ཡིན་ནོ། །འོན་ཏེ་ཕྱོགས་གཉིས་པ་ལྟར་ན་དེའི་ཚེ་གྲུབ་པ་སྒྲུབ་པ་ཉིད་དེ། ཁོ་བོ་ཅག་ཀྱང་ཚུ་རོལ་མཐོང་བ་རྣམས་ཀྱིས་ཆོས་ཀྱི་དེ་ཁོ་ན་ཉིད་ཟབ་མོ་དེ་ལྟ་བུ་མངོན་སུམ་དུ་མཐོང་བར་ནི་ཁས་མི་ལེན་ཏོ། །འོན་ཀྱང་གལ་ཏེ་ཁྱེད་ལྟ་བུ་དེ་ཁོ་ན་ཉིད་དེ་ལྟ་བུ་རྟོགས་པ་མེད་དུ་ཆུག་ཀྱང་རྣལ་འབྱོར་པ་དམ་པ་བསྐལ་པ་མི་ཉུང་བར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པས་མཐའ་དག་འབྱོར་པར་བྱེད་པའི་ཐབས་ཐོབ་པ། ཡང་དག་པའི་དོན་བསྒོམས་པ་ལས་བྱུང་བའི་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བས་སྒྲིབ་པའི་མུན་པ་མཐའ་དག་བསྩལ་བ་རྣམས་ཀྱི་མངོན་སུམ་གྱིས་ཆོས་ཐམས་ཅད་བདག་མེད་པར་རྟོགས་སོ་ཞེས་བྱ་བར་གོ་ཅི་སྟེ་མི་སྲིད་དེ། འདི་ལ་ཡང་རིགས་པ་ཕྱིས་བརྗོད་པར་བྱའོ། །གང་ཡང་མངོན་སུམ་གྱི་ཡུལ་ནི་དངོས་པོ་ཡིན་པའི་ཕྱིར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་མ་


DTG107_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་ཡིན་ཏེ། འདི་ལྟར་ཚུ་རོལ་མཐོང་བ་རྣམས་ཀྱི་མངོན་སུམ་གང་ཡིན་པ་དེ་ནི་རབ་རིབ་ཅན་གྱི་མངོན་སུམ་བཞིན་དུ་གཟུགས་ལ་སོགས་པ་བརྫུན་པའི་ཡུལ་ཅན་ཡིན་པ་ཉིད་ཀྱིས་དངོས་པོའི་ངོ་བོ་ཉིད་ཡང་དག་པ་པའི་ཡུལ་ཅན་ཉིད་དུ་རིགས་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཐམས་ཅད་དེ་ཁོ་ན་ཉིད་མཐོང་བར་ཐལ་བར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣལ་འབྱོར་པ་ཆེན་པོ་རྣམས་ཀྱི་ཡེ་ཤེས་གང་ཡིན་པ་དེ་ཡང་དངོས་པོའི་ཡུལ་ཅན་དུ་རབ་ཏུ་མ་གྲུབ་སྟེ། དེ་དག་གིས་དངོས་པོའི་ངོ་བོ་ཉིད་ཡང་དག་པ་པ་འགའ་ཡང་མ་གཟིགས་པའི་ཕྱིར་ཏེ། འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཇི་སྐད་དུ། དེས་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་མེད་པ་དང༌། འགག་པ་མེད་པ་དང༌། རང་བཞིན་གྱིས་ཉེ་བར་ཞི་བ་དང༌། ཤིན་ཏུ་མ་སྐྱེས་པ་དང༌། མ་བྱུང་བ་དང༌། ཀུན་དུ་མ་བྱུང་བ་དང༌། ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པར་ཡང་མཐོང་ལ། དེས་གང་གིས་མཐོང་བ་དེ་ཡང་མི་མཐོང་རྣམ་པར་མི་མཐོང་སྟེ། འདི་ནི་ཡང་དག་པའི་མཐོང་བ་དང་ཇི་ལྟ་བ་བཞིན་གྱི་མཐོང་བ་ཡིན་ནོ། །ཡང་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མཐོང་བ་གང་ཞེ་ན། གང་འདི་མཐོང་བ་མེད་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ཀྱང། ཆོས་ཐམས་ཅད་མཐོང་བ་མེད་པ་ནི་མཐོང་བ་དམ་པ་ཡིན་ནོ་ཞེས་གསུངས་སོ། །དེའི་ཕྱིར་མངོན་སུམ་གྱི་ཡུལ་ནི་ཡང་དག་པ་པའི་དངོས་པོ་ཡིན་པར་མ་གྲུབ་པོ། །གང་ཡང་དངོས་པོ་མེད་པ་ནི་ཇི་ལྟར་ཡང་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཉིད་དུ་མི་རུང་བའི་ཕྱིར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་རིགས་པ་མ་ཡིན་ཏེ། ཁོ་བོ་ཅག་ཀྱང་དངོས་པོ་མེད་པ་རི་བོང་གི་རྭ་ལ་སོགས་པ་ལྟ་བུ་ནི་གང་ཡང་མངོན་སུམ་གྱི་ཤེས་པ་སྐྱེད་པར་བྱེད་པ་ཉིད་དུ་ཁས་མི་ལེན་ཏོ། །འོན་ཀྱང་རྣལ་འབྱོར་པ་ཆེན་པོ་ཆོས་ཐམས་ཅད་སྨིག་རྒྱུ་དང་སྒྲ་བརྙན་ལྟ་བུར་ཇི་ལྟ་བ་བཞིན་དུ་སྒོམ་པར་བྱེད་པ་རྣམས་ཀྱིས། ཡང་དག་པའི་དོན་བསྒོམས་པའི་རབ་ཀྱི་མཐའ་ལས་བྱུང་བའི་ཏིང་ངེ་འཛིན་ཐོབ་པའི་ཕྱིར་མཐུ་ཕུལ་དུ་བྱུང་བ་བསམ་གྱིས་མི་ཁྱབ་པ་དང་ལྡན་པས་རྣལ་འབྱོར་པ་དེ་དག་ལ་གང་གིས་ན་རྣལ་འབྱོར་པ་རྣམས་ཀྱིས་མངོན་སུམ་ཁོ་ནར་ཆོས་མ་ལུས་པ་བདག་མེད་པ་རྟོགས་པར་འགྱུར་པ་ཆོས་མ་ལུས་པ་


DTG107_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་པའི་དེ་ཁོ་ན་ཉིད་གསལ་རབ་ཏུ་མངོན་སུམ་དུ་བྱེད་པའི་ཡེ་ཤེས་དེ་ལྟ་བུ་ཉེ་བར་སྐྱེ་སྟེ། དེ་ཉིད་མཐོང་བ་མེད་ཅེས་བྱའི། མེད་པར་དགག་པའི་ངོ་བོ་ནི་མ་ཡིན་ནོ། །གང་ཡང་མངོན་སུམ་དེ་ཡང་གལ་ཏེ་ངོ་བོ་ཉིད་དང་བཅས་པ་ཡིན་ན་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ་ཡང་ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་པར་རོ་གཅིག་པ་ཉིད་ཀྱི་མངོན་སུམ་ཡང་དོན་དམ་པར་ངོ་བོ་ཉིད་མེད་པ་ཡིན་མོད་ཀྱི། འོན་ཀྱང་མངོན་སུམ་ལ་སོགས་པ་རྣམ་པར་གཞག་པ་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་པ་ཐམས་ཅད་རྣམ་པར་མི་འཁྲུགས་པ་ཁོ་ནའོ། །དབུ་མ་པ་རྣམས་ནི་ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་ཀྱང༌། གང་གིས་ན་ཐ་སྙད་ཐམས་ཅད་ཆད་པར་འགྱུར་བ། ཐ་སྙད་ཀྱི་སྒོ་ནས་རྣལ་འབྱོར་པའི་ཤེས་པ་དང༌། སོ་སོའི་སྐྱེ་བོ་གཞན་གྱི་ཤེས་པ་དང༌། འཕགས་པའི་གང་ཟག་ལ་སོགས་པ་རྣམ་པར་གཞག་པའི་རྒྱུ་མི་འདོད་པ་ནི་མ་ཡིན་ནོ། །འོན་ཀྱང་གང་ལ་དུས་ཐམས་ཅད་དུ་ཀུན་རྫོབ་ཏུ་ཡང་རྒྱུ་མེད་པ་དེ་ནི་ཐ་སྙད་དུ་ཡང་མི་སྐྱེ་བ་ཉིད་དེ། དཔེར་ན་རི་བོང་གི་རྭ་ལ་སོགས་པ་ལྟ་བུའོ། །གང་ལ་ཡོད་པ་དེ་ནི་དོན་དམ་པ་ངོ་བོ་ཉིད་མེད་ཀྱང་སྐྱེ་སྟེ་དཔེར་ན་སྒྱུ་མ་དང་གཟུགས་བརྙན་ལ་སོགས་པ་ལྟ་བུའོ། །སྒྱུ་མ་ལ་སོགས་པ་འདི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཡང་དངོས་པོ་ཉིད་དུ་ཐལ་བ་མ་ཡིན་ཏེ། གྲགས་པ་དང་ཚད་མས་གནོད་པའི་ཕྱིར་རོ། །དེ་དང་འདྲ་བར་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཡང་དངོས་པོ་ཉིད་དུ་ཐལ་བ་མ་ཡིན་པ་ཁོ་ན་སྟེ། ཚད་མས་གནོད་པའི་ཕྱིར་རོ། །དེ་ལ་ཇི་ལྟར་གསང་སྔགས་དང༌། སྨན་ལ་སོགས་པའི་དབང་གིས་གླང་པོ་ལ་སོགས་པ་སྒྱུ་མ་སྣ་ཚོགས་རབ་ཏུ་འབྱུང་བ་དེ་བཞིན་དུ་སེམས་ཅན་རྣམས་ཀྱི་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་ལ་སོགས་པ་ཡང་རབ་ཏུ་འབྱུང་ལ་རྣལ་འབྱོར་པ་རྣམས་ཀྱི་རང་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དབང་གིས་རྣལ་འབྱོར་པའི་ཤེས་པ་ལ་སོགས་པའི་སྒྱུ་མ་ཡང་རབ་ཏུ་འབྱུང་བ་ཁོ་ན་སྟེ། རྐྱེན་སྣ་ཚོགས་ཀྱི་དབང་གིས་སྒྱུ་མ་དེ་ཡང་སྣ་ཚོགས་ཉིད་དུ་སྣང་བའི་ཕྱིར་རོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང༌། །ཁ་ཅིག་ནི་ཉན་ཐོས་ཀྱིས་སྤྲུལ་པ། ཁ་ཅིག་ནི་བྱང་ཆུབ་སེམས་དཔས་སྤྲུལ་པ། ཁ་ཅིག་ནི་དེ་བཞིན་གཤེགས་པས་སྤྲུལ་པ། ཁ་ཅིག་ནི་ཉོན་


DTG107_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པས་སྤྲུལ་པ། ཁ་ཅིག་ནི་ལས་ཀྱིས་སྤྲུལ་པ་སྟེ། རབ་འབྱོར་རྣམ་གྲངས་འདིས་ན་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་ཡིན་ནོ་ཞེས་གསུངས་སོ། །སོ་སོའི་སྐྱེ་བོ་དག་ལས་རྣལ་འབྱོར་པ་རྣམས་ཁྱད་པར་ནི་འདི་ཡོད་དེ། དེ་དག་ནི་སྒྱུ་མའི་མཁན་པོ་བཞིན་དུ་སྒྱུ་མ་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་དེ་ཁོ་ན་ཉིད་དུ་མངོན་པར་ཞེན་པ་མེད་དོ། །དེ་སྐད་དུ་འཕགས་པ་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་ལས་ཀྱང༌། དཔེར་ན་སྒྱུ་མའི་མཁན་པོ་འགའ། །སྤྲུལ་པ་ཐར་པར་བྱ་ཕྱིར་བརྩོན། །གང་ཕྱིར་འདུས་དེ་མངོན་ཤེས་པས། །འདི་ནི་སྤྲུལ་པ་ཆགས་པ་མེད། །རྫོགས་པའི་བྱང་ཆུབ་མཁས་པ་རྣམས། །འགྲོ་བ་དེ་ལྟར་སྔ་ནས་ཤེས། །སྲིད་གསུམ་སྤྲུལ་པ་ལྟར་ཤེས་ནས། །འགྲོ་བའི་དོན་དུ་གོ་ཆ་གྱོན། །ཞེས་གསུངས་སོ། །བྱིས་པ་གང་དག་ལྟད་མོ་པའི་སྐྱེ་བོ་བཞིན་དུ་སྐྱེ་བ་ལ་སོགས་པའི་སྒྱུ་མ་དེ་དག་ཇི་ལྟར་སྣང་བ་བཞིན་བདེན་པ་ཉིད་དུ་མངོན་པར་ཞེན་པ་དེ་དག་ནི། ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་ཕྱིར་བྱིས་པ་དག་ཅེས་བྱའོ། །དེའི་ཕྱིར་ཀུན་རྫོབ་ཏུ་རྣལ་འབྱོར་ཅན་གྱི་རྣལ་འབྱོར་པའི་མངོན་སུམ་གནས་པའི་ཕྱིར་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་གཏན་མེད་པ་མ་ཡིན་ནོ། །དེའི་ཕྱིར་མངོན་སུམ་གྱིས་ཆོས་མ་ལུས་པ་བདག་མེད་པར་རྟོགས་པ་ཡོད་པ་ཉིད་པས་འགལ་བ་མེད་དོ། །རྣལ་འབྱོར་པ་ཡང་དོན་དམ་པར་ངོ་བོ་ཉིད་མེད་ཀྱང༌། སོ་སོའི་སྐྱེ་བོ་ལ་སོགས་པ་བཞིན་དུ་ཐ་སྙད་ཀྱི་སྒོ་ཉིད་ནས་རྣམ་པར་གཞག་སྟེ། འཕགས་པ་བདེན་པ་གཉིས་བསྟན་པ་ལས། ཇི་སྐད་དུ་དོན་དམ་པར་ཤིན་ཏུ་མ་སྐྱེས་པ་ཡིན་པ་ཡང་ཀུན་རྫོབ་ཏུ་ལམ་སྒོམ་པར་བྱེད་དོ་ཞེས་གསུངས་པ་ལྟ་བུའོ། །གང་ཡང་དོན་གཞན་གྱིས་དབེན་པའི་ཕྱོགས་ལ་སོགས་པ་འགའ་ཞིག་མངོན་སུམ་གྱིས་བཟུང་ནས་དེ་ལས་གཞན་པ་སྟོང་པ་མངོན་སུམ་གྱིས་རྟོགས་པར་བྱ་བར་འགྱུར་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ། ཚུལ་འདི་ནི་གཅིག་གིས་གཅིག་སྟོང་པ་ཉིད་ཡིན་གྱི། མཚན་ཉིད་སྟོང་པ་ཉིད་ནི་མ་ཡིན་ནོ། །མཚན་ཉིད་སྟོང་པ་ཉིད་ཀྱིས་ནི་དོན་དམ་པར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་འདོད་དེ། དོན་དམ་པར་དེ་དག་གི་རང་དང་སྤྱིའི་མཚན་ཉིད་ཇི་ལྟར་རྣམ་པར་གཞག་པ་སྟོང་པའི་ཕྱིར་རོ། །དངོས་པོ་རྣམས་ཀྱི་གཅིག་གིས་


DTG107_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་སྟོང་པ་ཉིད་གང་ཡིན་པ་དེ་ནི་དོན་དམ་པ་མ་ཡིན་གྱི། འོན་ཀྱང་ཐ་སྙད་ཀྱི་བདེན་པ་ལ་བརྟེན་པ་ཡིན་ནོ། །འདི་ལྟར་དངོས་པོ་ཐམས་ཅད་དོན་དམ་པར་སྐྱེ་བ་མེད་པར་རོ་གཅིག་པའི་ཕྱིར་ཐ་དད་པ་མེད་པ་མ་ཡིན་མོད་ཀྱི། འོན་ཀྱང་བྱིས་པ་རྣམས་ལ་རྨི་ལམ་ལ་སོགས་པའི་གནས་སྐབས་བཞིན་དུ་ཕན་ཚུན་ཐ་དད་པར་སྣང་ངོ༌། །དེའི་ཕྱིར་དེ་ལ་གྲགས་པའི་ངོ་བོར་དེ་དག་ལ་དོན་གཞན་གྱིས་དབེན་པའི་དངོས་པོ་འཛིན་པའི་སྒོ་ནས་གཅིག་གིས་གཅིག་སྟོང་པ་ཉིད་འདི་རྣམ་པར་གཞག་གི །དོན་དམ་པར་མ་ཡིན་ཏེ། ཡང་དག་པར་ན་རྨི་ལམ་དང༌། སྒྱུ་མ་ལྟ་བུའི་དངོས་པོ་རྣམས་ལ་ངོ་བོ་ཉིད་ཕན་ཚུན་ཐ་དད་པ་མེད་དོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་འདི་ནི་དོན་དམ་པ་ལ་བརྟེན་པ་མ་ཡིན་པ་ཉིད་ཀྱིས་ཐམས་ཅད་ཀྱི་ཐ་ཆད་ཡིན་པའི་ཕྱིར་སྤང་བར་བྱ་བ་ཁོ་ནར་གསུངས་ཏེ། འཕགས་པ་ལང་ཀར་གཤེགས་པ་ལས། ཇི་སྐད་དུ་བློ་གྲོས་ཆེན་པོ་གཅིག་གིས་གཅིག་སྟོང་པ་ཉིད་འདི་ནི་ཐམས་ཅད་ཀྱི་ཐ་ཆད་ཡིན་པས་དེ་ནི་ཁྱོད་ཀྱིས་སྤང་བར་བྱའོ་ཞེས་གསུངས་པ་ལྟ་བུའོ། །ཆོས་ཐམས་ཅད་ཀྱི་མཚན་ཉིད་སྟོང་པ་ཉིད་གང་ཡིན་པ་དེ་ནི་དེ་དག་གི་རང་དང་སྤྱིའི་མཚན་ཉིད་ཇི་ལྟར་རྣམ་པར་གཞག་པ་དམིགས་པའི་རིག་བྱར་གྱུར་པ་ལས་རྣལ་འབྱོར་པ་རྣམས་ཀྱིས་དོན་དམ་པའི་རྣམ་པར་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་སྣང་བ་མེད་པའི་ཡེ་ཤེས་སྐྱེ་བའི་སྒོ་ནས་རྟོགས་པར་རྣམ་པར་གཞག་གོ །དེའི་ཕྱིར་གཅིག་གིས་གཅིག་སྟོང་པ་ཉིད་ཐམས་ཅད་ཀྱི་ཐ་ཆད་བྱིས་པའི་སྐྱེ་བོས་ཀུན་བརྟགས་པ་ལ་བརྟེན་ནས་གླེངས་མོད་ཀྱི། དེ་ནི་འབྲེལ་པ་མེད་པ་ཁོ་ནའོ། །གང་ཡང་དེ་ནི་རྣལ་འབྱོར་པའི་མངོན་སུམ་གྱིས་ཡང་དག་པར་རྟོགས་པར་བྱ་བ་ཁོ་ནའོ་ཞེས་བྱ་བའི་ཚིག་ཀྱང་མཁས་པ་རྣམས་ཡོངས་སུ་མ་གུ་བར་བྱེད་པ་མ་ཡིན་ཏེ། དེ་ལ་རིགས་པ་མེད་པའི་ཕྱིར་རོ་ཞེས་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ། འདི་ལ་རིགས་པ་ཡོད་པའི་ཕྱིར་རོ། །འདི་ལྟར་མཁས་པ་རྣམས་ནི་མངོན་སུམ་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པ་ཡིན་ནོ་ཞེས་མངོན་སུམ་གྱི་མཚན་ཉིད་འཆད་དོ། །གོམས་པའི་སྟོབས་ཀྱིས་ཀྱང་དོན་ཡོད་པ་མ་ཡིན་པ་ལ་ཡང་ཤེས་པ་གསལ་རབ་ཏུ་སྐྱེ་སྟེ། དཔེར་ན་འདོད་པ་དང༌། མྱ་ངན་དང༌། སྐྲག་པ་དང༌། སྨྱོ་བ་ལ་སོགས་པས་ཉམས་པ་རྣམས་ཤིན་ཏུ་གོམས་པ་ལན་


DTG107_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་བྱས་པའི་སྒོ་ནས་བུད་མེད་ལ་སོགས་པར་གསལ་རབ་ཏུ་སྣང་བའི་ཤེས་པ་སྐྱེ་སྟེ། གང་གི་ཕྱིར་དེ་དག་གིས་དེ་དག་མདུན་ན་འདུག་པ་བཞིན་དུ་མཐོང་ནས་མོད་ལ་ལུས་ལ་སོགས་པའི་གཡོ་བ་རྣམ་པ་དུ་མ་རྩོམ་པ་ལྟ་བུའོ། །དེའི་ཕྱིར་ཇི་སྐད་བཤད་པའི་དེ་ཁོ་ན་ཉིད་སྒོམ་པར་བྱེད་པ་ཁ་ཅིག་ཀྱང་དེ་ལ་ཤེས་པ་གསལ་རབ་ཏུ་སྐྱེའོ་ཞེས་བྱ་བ་སྲིད་དོ། །གསལ་རབ་ཏུ་སྣང་བའི་ཤེས་པ་གང་ཡིན་པ་དེ་ནི་རྟོག་པ་མེད་པ་ཁོ་ན་ཡིན་ཏེ། མར་མེ་བཞིན་དུ་རྟོག་པའི་རླུང་གིས་དཀྲུགས་པའི་ལུས་ལ་རྣམ་པ་གསལ་རབ་པ་ཉིད་མི་འཐད་པའི་ཕྱིར་རོ། །སྦྱོར་བ་དག་ནི་ཁ་ཅིག་གིས་གང་དང་གང་རྟག་ཏུ་ཤིན་ཏུ་གུས་པར་བསྒོམས་པ་དེ་ནི་དེ་དག་ལས་བསྒོམས་པའི་འབྲས་བུ་རབ་ཀྱི་མཐའ་ལས་སྐྱེས་པའི་འབྲས་བུ་ཤེས་པ་གསལ་རབ་ཏུ་ཉམས་སུ་མྱོང་བར་འགྱུར་ཏེ། དཔེར་ན་འདོད་ཆགས་ལ་སོགས་པས་ཉམས་པ་དག་གིས་བུད་མེད་ལ་སོགས་པ་བསྒོམ་པ་ལྟ་བུའོ། །ཁ་ཅིག་གིས་ཀྱང་ཡུན་རིང་པོ་ནས་རྟག་ཏུ་གུས་པར་བྱས་ཏེ། ཆོས་ཐམས་ཅད་བདག་མེད་པར་བསྒོམས་པས་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །དེ་ལ་ཡང་ཚད་མ་དང་ལྡན་པའི་དོན་གྱི་ཡུལ་ཅན་གང་ཡིན་པ་དེ་མི་སླུ་བ་ཡིན་ཏེ། དཔེར་ན་ཐ་སྙད་ཀྱི་སྒོ་ནས་དུ་བ་ལ་སོགས་པ་རྟགས་ངེས་པ་ལས་བྱུང་བ་མེ་ལ་སོགས་པའི་ཤེས་པ་ལྟ་བུའོ། །རྣལ་འབྱོར་པ་རྣམས་ཀྱི་བདག་མེད་པའི་ཤེས་པ་དེ་ཡང་ཚད་མ་དང་ལྡན་པའི་དོན་གྱི་ཡུལ་ཅན་ཡིན་པས་རང་བཞིན་གྱི་གཏན་ཚིགས་ཁོ་ན་ཡིན་ནོ། །འདི་ཚད་མ་དང་ལྡན་པ་ཉིད་ནི་འོག་ནས་བསྟན་པར་བྱའོ། །ཤེས་པ་གང་ཞིག་གང་ལ་གསལ་རབ་ཏུ་སྣང་ཞིང་མི་སླུ་བར་སྐྱེ་བ་དེ་ནི་དེ་ལ་མངོན་སུམ་གྱི་ཚད་མ་ཡིན་ཏེ། དཔེར་ན་ཐ་སྙད་དུ་གཟུགས་ལ་སོགས་པ་ལ། མིག་ལ་སོགས་པ་མ་ཉམས་པའི་སྐྱེས་བུའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལྟ་བུའོ། །རྣལ་འབྱོར་པ་རྣམས་ཀྱི་ཤེས་པ་ཆོས་ཐམས་ཅད་བདག་མེད་པའི་ཡུལ་ཅན་ཡང་གསལ་རབ་ཅིང་མི་སླུ་བ་ཡིན་པས་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟར་ན་རྣལ་འབྱོར་པ་རྣམས་ཀྱིས་ཆོས་ཐམས་ཅད་བདག་མེད་པའི་ཤེས་པ་ནི་རིགས་པས་བསྒྲུབ་པར་བྱ་བ་ཡིན་ན་ཅི་སྟེ་མཁས་པ་རྣམས་ཡོངས་སུ་མ་གུ་བར་བྱེད་པ་མ་ཡིན། གང་ཡང་གལ་ཏེ་རྣལ་འབྱོར་པའི་ཤེས་པ་དེ་ཡང་མེད་པ་ཞིག་ཡིན་ན་ནི་ཞེས་བྱ་བ་ལ་


DTG107_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དེ་སྨྲས་པ་དེ་ལ་ཡང་གོང་དུ་ལན་བཏབ་ཟིན་པ་ཉིད་དེ། དངོས་པོ་ཐམས་ཅད་རི་བོང་གི་རྭ་དང་འདྲ་བར་ཤིན་ཏུ་མེད་པ་ཉིད་དུ་ནི་མི་འདོད་ཀྱི། འོན་ཀྱང་སྒྱུ་མ་ལ་སོགས་པ་བཞིན་དུ་དོན་དམ་པར་མེད་པ་ཉིད་དོ། །དེས་ན་ཐ་སྙད་ཐམས་ཅད་མ་བཀག་པ་ཁོ་ན་སྟེ། ཇི་སྐད་དུ་ཁོ་བོ་ཅག་ཐ་སྙད་ཀྱང་ཁས་མི་ལེན་པ་མ་ཡིན་ཏེ། བརྗོད་དོ་ཞེས་བཤད་པ་ལྟ་བུའོ། །གང་ཡང་རྗེས་སུ་དཔག་པའི་སྒོ་ནས་ཀྱང་དངོས་པོ་མ་ལུས་པ་སྟོང་པ་ཉིད་དུ་སྒྲུབ་པར་ནུས་པ་མ་ཡིན་ཏེ། གཞི་ཆོས་ཅན་འགའ་ཡང་མ་གྲུབ་པའི་ཕྱིར་དང༌། དཔེ་ལ་སོགས་པ་ཡང་མ་སྐྱེས་པའི་ཕྱིར་གཏན་ཚིགས་ཐམས་ཅད་གཞི་དང་རང་གི་ངོ་བོ་མ་གྲུབ་པ་ཁོ་ནའོ་ཞེས་སྨྲས་པ་དེ་ཡང་འབྲེལ་པ་མེད་པ་ཡིན་ཏེ། འདི་ལྟར་རེ་ཞིག་གལ་ཏེ་ཁོ་བོ་ཅག་གིས་ངོ་བོ་ཉིད་མེད་པ་ཉིད་དུ་ཁས་བླངས་པ་ལ་ཁྱེད་ཐལ་བར་འགྱུར་བར་སྒྲུབ་ན་ནི་དེའི་ཚེ་འདི་ཐལ་བ་མ་ཡིན་པ་ཁོ་ན་སྟེ། གང་གི་ཕྱིར་ཁོ་བོ་ཅག་གིས་དངོས་པོ་རྣམས་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་དུ་ཁས་བླངས་སོ། །དེ་ལ་ཡང་གལ་ཏེ་དོན་དམ་པར་གཏན་ཚིགས་དང་དཔེ་དང་ཆོས་ཅན་ལ་སོགས་པ་མེད་པའི་ཕྱིར་རྗེས་སུ་དཔག་པ་དང༌། རྗེས་སུ་དཔག་པར་བྱ་བ་ལ་སོགས་པའི་ཐ་སྙད་མི་འཇུག་གོ་ཞེས་ཐལ་བར་སྒྲུབ་ན་ནི་ཇི་ལྟར་འདོད་པ་བཞིན་ཡིན་པའི་ཕྱིར་འདི་ཐལ་བ་མ་ཡིན་པ་ཁོ་ན་སྟེ། ཁོ་བོ་ཅག་ཀྱང་རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བ་ལ་སོགས་པའི་ཐ་སྙད་འདི་ཐམས་ཅད་དོན་དམ་པར་འཇུག་པ་མི་འདོད་ན་གང་གིས་ན་དེ་མེད་པར་ཐལ་བ་ཞེས་བྱ་སྟེ། ཐལ་བའི་མཚན་ཉིད་ནི་མི་འདོད་པར་འགྱུར་བ་ཡིན་པའི་ཕྱིར་རོ། །འདི་ལྟར་ཁོ་བོ་ཅག་ནི་ཁྱེད་ཀྱིས་སུན་འབྱིན་པའི་བར་དུ་ཡང་དོན་དམ་པར་མ་སྐྱེས་པ་ཁོ་ནར་ཁས་ལེན་ཏེ། དེའི་ཕྱིར་ཉེས་པའི་གོ་སྐབས་འགའ་ཡང་མི་རྙེད་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱི་ཞལ་སྔ་ནས། གལ་ཏེ་ཅུང་ཟད་ཅིག་དམིགས་ན་ནི་མངོན་སུམ་ལ་སོགས་པའི་དོན་གྱིས་འཇུག་པའམ། ལྡོག་པར་བྱ་ན་དེ་མེད་པའི་ཕྱིར་ཁོ་བོ་ལ་ཀླན་ཀ་མེད་དོ་ཞེས་གསུངས་སོ། །འོན་ཏེ་གང་ཞིག་དོན་དམ་པར་མེད་པ་དེ་ཐ་སྙད་དུ་ཡང་འཇུག་པར་མི་འགྱུར་རོ་ཞེས་ཐལ་བར་སྒྲུབ་ན་ནི་འདིར་ཡང་ཁྱབ་པ་མ་གྲུབ་པའི་ཕྱིར་ཐལ་བ་མ་ཡིན་པ་ཁོ་ན་སྟེ། ཐ་སྙད་ནི་གང་གིས་ན་འདི་བདག་ཉིད་ལོག་ན་ཐ་


DTG107_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

སྙད་ཀྱང་ལོག་པར་འགྱུར་བ་དོན་དམ་པ་བའི་ངོ་བོ་ཉིད་ཀྱིས་ཁྱབ་པ་ནི་མེད་དོ། །འོན་ཀྱང་འདི་ནི་དེ་ལས་བཟློག་པ་ཁོ་ནས་ཁྱབ་སྟེ། ཐ་སྙད་ནི་དོན་དམ་པར་མེད་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྨི་ལམ་ལ་སོགས་པ་དག་ནི་དོན་དམ་པ་པའི་ངོ་བོ་ཉིད་དང་བྲལ་བ་ཡང་ཐ་སྙད་སྣ་ཚོགས་འཇུག་པ་ཡང་སྣང་སྟེ། དེའི་ཕྱིར་ཐ་སྙད་འདི་ཐམས་ཅད་ཀྱང་སྤྲུལ་པ་དང༌། རྨི་ལམ་ལ་སོགས་པ་དང་འདྲ་བས་འགལ་བ་མེད་དོ། །དེ་སྐད་དུ། སྤྲུལ་པ་ཡི་ནི་སྤྲུལ་པ་དང༌། །སྒྱུ་མའི་སྐྱེས་བུས་སྒྱུ་མ་སྤྲུལ། །དགག་པ་བྱེད་པ་ཅི་འདྲ་བར། །དགག་པ་དེ་ཡང་ཅི་འདྲར་འགྱུར། །ཞེས་བཤད་དོ། །འོན་ཏེ་ཐམས་ཅད་དུ་བསྒྲུབ་པར་བྱ་བ་དང༌། ཆོས་ཅན་ལ་སོགས་པ་དོན་དམ་པ་པའི་དངོས་པོར་གྱུར་པ་ཁོ་ནས་རྗེས་སུ་དཔག་པ་ལ་སོགས་པའི་ཐ་སྙད་འདོགས་པའི་ཕྱིར་དོན་དམ་པར་ངོ་བོ་ཉིད་མེད་པས་རྗེས་སུ་དཔག་པ་ལ་སོགས་པའི་ཐ་སྙད་གདགས་པར་མི་འགྱུར་རོ་ཞེས་ཉེས་པ་བརྗོད་ན་ནི། འདི་ཡང་ཉེས་པ་མེད་པ་ཁོ་ན་སྟེ། རྩོད་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་དོན་དམ་པ་པའི་ཆོས་ཅན་ལ་སོགས་པས་རྗེས་སུ་དཔག་པ་ལ་སོགས་པར་ཐ་སྙད་གདགས་པ་ནི་གང་དུ་ཡང་མ་གྲུབ་བོ། །འོན་ཀྱང་འཇིག་རྟེན་ན་ཇི་ལྟར་གྲགས་པའི་ཆོས་ཅན་ཁོ་ན་ལ་གནས་ཏེ། རབ་ཏུ་སྨྲ་བ་རྣམས་དེ་ཁོ་ན་ཉིད་གཏན་ལ་དབབ་པའི་ཕྱིར་རྗེས་སུ་དཔག་པ་ལ་སོགས་པའི་ཐ་སྙད་འཇུག་པར་བྱེད་དེ། དེ་སྐད་དུ། ཆོས་དང་ཆོས་ཅན་རྣམ་གཞག་དང༌། །ཐ་དད་ཐ་དད་མིན་ཅི་འདྲ། །དེ་ཉིད་དོན་བརྟགས་མ་ཡིན་གྱི། །འཇིག་རྟེན་ན་ནི་ཇི་ལྟར་གྲགས། །དེ་ལ་དེ་བཞིན་བརྟེན་ནས་ནི། །བསྒྲུབ་བྱ་སྒྲུབ་བྱེད་རབ་གནས་པ། །དམ་པའི་དོན་ལ་འཇུག་བྱའི་ཕྱིར། །མཁས་པ་རྣམས་ཀྱིས་སྒྲུབ་པ་དང༌། །བསྒྲུབ་བྱ་ཡང་དག་གནས་པ་བརྟགས། །ཞེས་བྱ་བ་བཤད་དོ། །ཡང། དཔག་བྱ་དཔག་པའི་འབྲས་གནས་པ། །ཡོད་པ་མིན་ཡང་གཟུང་བ་དང༌། །འཛིན་པ་རིག་པ་ཇི་ལྟ་བུར། །རྗེས་སུ་སྣང་བཞིན་རབ་བཤད་དོ། །དེ་ལྟ་མིན་ན་སྣ་ཚོགས་ཀྱི། །ངོ་བོ་སྣང་བའི་དངོས་གཅིག་ལ། །རྣམ་པ་ཇི་ལྟར་བདེན་འགྱུར་ཏེ། །གཅིག་པ་ཉིད་དེ་ཉམས་པར་འགྱུར། །ཞེས་བཤད་དོ། །ཡང་འདི་ནི་ཐ་སྙད་ལས་བྱུང་བའི་ཚད་མའི་མཚན་ཉིད་ཡིན་ནོ་ཞེས་ཀྱང་བཤད་དོ། །ཚད་


DTG107_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

མའི་མཚན་ཉིད་འདི་ཐམས་ཅད་ནི་དེ་ཁོ་ན་ཉིད་ལ་འཇུག་པར་བྱ་བའི་ཆེད་ཁོ་ན་ཡིན་ནོ། །དེ་ལྟ་མ་ཡིན་ན་ཐམས་ཅད་དོན་མེད་པ་ཁོ་ནར་འགྱུར་ཏེ། འདི་ལྟར་ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་མ་བསླབས་པ་གནག་རྫིའི་ཆུང་མ་ལ་སོགས་པ་ཡན་ཆད་ལུང་མེད་པར་ཡང་དུ་བ་ལ་སོགས་པའི་རྟགས་མཐོང་བའི་སྒོ་ནས་མེ་ལ་སོགས་པ་རྟོག་པར་འགྱུར་བ་ཁོ་ནའོ། །དེའི་ཕྱིར་ཁོ་བོ་ཅག་ཀྱང་དེ་ཁོ་ན་ཉིད་ལ་འཇུག་པར་བྱ་བའི་ཕྱིར་ཏེ། དེ་བཞིན་ཉིད་དུ་ཐ་སྙད་ཀྱི་སྒོ་ནས་རྗེས་སུ་དཔག་པ་ལ་སོགས་པ་རབ་ཏུ་འཇུག་པར་བྱེད་པས་ཉེས་པ་མེད་པ་ཉིད་དོ། །གཞན་ཡང་ཐ་སྙད་ཀྱི་སྒོ་ནས་རྗེས་སུ་དཔག་པ་ལ་སོགས་པ་འཇུག་པ་ལ་ཡང་གང་ལ་མི་རྟག་པ་ལ་སོགས་པ་དངོས་པོའི་ཆོས་ཡོད་པའི་ངོ་བོ་སྒྲུབ་པར་འདོད་པ་དེ་ལ་ནི་གདོན་མི་ཟ་བར་ཐ་སྙད་ཀྱི་སྒོ་ནས་དངོས་པོར་གྱུར་པའི་ཆོས་ཅན་ལ་སོགས་པ་དགོས་ཏེ། དེ་ལ་དེ་ལྟ་བུའི་གཞི་མེད་པར་བསྒྲུབ་པར་བྱ་བ་ལ་སོགས་པ་འབའ་ཞིག་གནས་པར་གྲུབ་པ་ནི་མེད་དོ། །དེ་ཉིད་ལ་དེ་ལྟ་བུའི་གཞི་མེད་ན་བསྒྲུབ་པར་བྱ་བ་བཀག་པའི་ཕྱིར་གཞི་མ་གྲུབ་པ་ཉིད་ཀྱི་ཉེས་པ་རྗོད་པར་བྱེད་པ་ཡིན་ནོ། །དེ་ལ་ཡང་ཆོས་ཅན་ཇི་ལྟ་བ་བཞིན་དུ་གྱུར་པ་ཁོ་ན་ལོག་ན་གདོན་མི་ཟ་བར་བསྒྲུབ་པར་བྱ་བ་ལ་སོགས་པའི་ཆོས་རང་མེད་ན་མི་འབྱུང་བ་བཀག་པ་ཡིན་ཏེ། དེ་མ་གྲུབ་ན་གཏན་ཚིགས་མ་གྲུབ་པ་ཉིད་ལ་སོགས་པའི་ཉེས་པ་རྗོད་པར་བྱེད་པ་ཡིན་གྱི། རང་ད་གར་ཉེ་བར་བརྟགས་པའི་ཆོས་ཅན་འགའ་ཞིག་ལོག་ཀྱང་བསྒྲུབ་པར་བྱ་བ་ལ་སོགས་པ་བཀག་པ་འགའ་ཡང་མེད་པ་དེ་ལ་ནི་མ་གྲུབ་པ་ཉིད་ལ་སོགས་པའི་ཉེས་པ་བརྗོད་པ་མི་རིགས་ཏེ། དེ་ལ་འདོད་པའི་དོན་འགྲུབ་པ་ལ་གགས་བྱེད་པ་མེད་པའི་ཕྱིར་རོ། །གང་ལ་དངོས་པོའི་ཆོས་ཡོད་པའི་ངོ་བོར་སྒྲུབ་པར་མི་འདོད་ཀྱི་འོན་ཀྱང་སྒྲོ་བཏགས་པའི་ཆོས་རྣམ་པར་གཅད་པ་སྒྲུབ་པ་ཙམ་ཞིག་བརྗོད་པར་འདོད་པ་དེ་ལ་ནི་མ་གྲུབ་པ་ཉིད་ལ་སོགས་པའི་ཉེས་པ་བརྗོད་པ་ཐ་སྙད་དུ་ཡང་དངོས་པོར་གྱུར་པའི་ཆོས་ཅན་མི་དགོས་ཏེ། དེ་ནི་དེའི་ཆོས་མ་ཡིན་པའི་ཕྱིར་རོ། །དེ་ལ་ལྟོས་ནས་ཀྱང་དེའི་ཆོས་ཅན་ཉིད་དུ་མི་འཐད་པའི་ཕྱིར་རོ། །དེ་མ་གྲུབ་ཏུ་ཟིན་ཀྱང་བསྒྲུབ་པར་བྱ་བ་མེད་ན་དེ་མི་འབྱུང་བའི་གཏན་ཚིགས་མངོན་པར་འདོད་པའི་དོན་གྲུབ་


DTG107_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གགས་བྱེད་པ་མེད་པའི་ཕྱིར་རོ། །རྒོལ་བའི་མངོན་པར་འདོད་པའི་དོན་འགྲུབ་པ་ལ་གནོད་པ་བྱེད་པ་དོན་དུ་གཉེར་བའི་ཕྱིར་རྒོལ་བ་ནི་ཆོས་ཅན་འགྲུབ་པའམ། མ་གྲུབ་པ་ཚོལ་བར་བྱེད་ཀྱི། ཆགས་པས་ནི་མ་ཡིན་ནོ། །གང་ལ་ཆོས་ཅན་མ་གྲུབ་པ་ལ་སོགས་པ་གླེངས་ཀྱང་རྒོལ་བའི་མངོན་པར་འདོད་པའི་དོན་ལ་གནོད་པ་མེད་པ་ཁོ་ན་ཡིན་པ་དེ་ལ་ནི་དེ་གླེངས་པས་ཅི་ཞིག་བྱ་སྟེ། གླེང་བ་པོ་ཉེས་པ་མ་ཡིན་པ་བརྗོད་པ་ཉིད་ཀྱིས་ཕྱིན་ཅི་ལོག་གི་ཉེས་པའི་རྡུལ་གྱིས་གང་བའི་ནང་དུ་རྒྱུག་པ་འབའ་ཞིག་ཏུ་ཟད་དེ། ཅིག་ཤོས་ལ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་དང་རྗེས་སུ་མཐུན་པའི་ཆོས་ཅན་རྟོགས་པར་བྱ་བའི་ཕྱིར་ཕྱོགས་ཀྱི་མཚན་ཉིད་ཀྱི་སྐབས་སུ་རིགས་པ་ཤེས་པ་རྣམས་ཀྱིས་རང་གི་ཆོས་ཞེས་ཁྱད་པར་བརྗོད་དོ། །འདི་ལྟར་གང་ཞིག་རང་གི་འབྲས་བུ་ཐམས་ཅད་ཅིག་ཅར་མངོན་པར་འགྲུབ་པར་མི་བྱེད་པ་དེ་ནི་མཐུ་ཐོགས་པ་མེད་པ་དང༌། རྟག་པ་དང༌། གཅིག་ཕུའི་ངོ་བོ་ཉིད་མ་ཡིན་ཏེ། དཔེར་ན་མོ་གཤམ་གྱི་བུ་ལ་སོགས་པ་ལྟ་བུའོ། །ནམ་མཁའ་ལ་སོགས་པ་ཕ་རོལ་པོ་མངོན་པར་འདོད་པ་རྣམས་ཀྱང་སྒྲ་ལ་སོགས་པའི་འབྲས་བུ་ཅིག་ཅར་དུ་འགྲུབ་པར་མི་བྱེད་པས་ཁྱབ་པར་བྱེད་པ་མི་དམིགས་པར་བཤད་པ་ལ། ཁ་ཅིག་ན་རེ་གཏན་ཚིགས་འདི་ནི་འགལ་བ་ཡང་མ་ཡིན་ཏེ། འདི་ཇི་ལྟར་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དེ་བཞིན་དུ་ནམ་མཁའ་ལ་སོགས་པའི་ཆོས་ཅན་དངོས་པོའི་རང་གི་ངོ་བོར་གྱུར་པ་མེད་པ་ཡང་སྒྲུབ་པར་བྱེད་པས་གཏན་ཚིགས་འདི་གཞི་མ་གྲུབ་པ་ཡང་ཡིན་ནོ་ཞེས་ཟེར་རོ། །དེ་ལ་ཡང་འདིར་ནམ་མཁའ་ལ་སོགས་པའི་ཆོས་ཅན་དངོས་པོར་གྱུར་པ་བསལ་དུ་ཟིན་ཀྱང་བསྒྲུབ་པར་བྱ་བ་རྣམ་པར་བཅད་པ་ཙམ་དུ་འདོད་པ་ལ་ནི་གནོད་པ་ཅི་ཡང་མེད་ལ། གཏན་ཚིགས་རྣམ་པར་བཅད་པ་ཙམ་གྱི་ངོ་བོ་མ་གྲུབ་པ་ཉིད་ཀྱང་མ་ཡིན་ཏེ། ཆོས་ཅན་དངོས་པོར་གྱུར་པ་མ་ཡིན་ཡང་དེ་གཉིས་གྲུབ་པའི་ཕྱིར་རོ། །དེ་བས་ལོག་པར་རྟོག་པ་བསལ་བའི་ཕྱིར་རང་དང་རྗེས་སུ་མཐུན་པའི་ཆོས་ཅན་ཁོ་ན་ལ་གནོད་པ་བྱས་ན་བསྒྲུབ་པར་བྱ་བ་བཀག་པ་ཡིན་གྱི། ཆོས་གཞན་དང་ལྡན་པའི་ཆོས་ཅན་ནི་མ་ཡིན་ནོ་ཞེས་སྟོན་པར་མཛད་པ་ན་བདག་ཉིད་འདོད་པ་དང༌། མངོན་སུམ་དང༌། རྗེས་སུ་དཔག་པ་དང༌། ཡིད་ཆེས་པ་དང༌། གྲགས་པས་མ་བསལ་བ་རང་གི་


DTG107_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཁོ་ན་བསྟན་པར་བྱ་བ་ནི་རང་གི་ཆོས་ཅན་ནོ་ཞེས་བྱ་བ་འདིར་ཕྱོགས་ཀྱི་ཆོས་ཉིད་ཀྱི་སྐབས་སུ་སློབ་དཔོན་གྱིས་རང་གི་ཆོས་ཅན་སྨོས་པ་མཛད་དོ་ཞེས་འགྲེལ་པ་མཛད་པས་བཤད་དེ། རྒོལ་བ་ཀུན་གྱི་བདག་ཉིད་ཀྱིས། །བསྒྲུབ་བྱར་འདོད་པའི་ཆོས་གང་ཡིན། །ཆོས་དེ་ལྡན་ལ་གནོད་ཡིན་གྱི། །ཆོས་གཞན་གྱི་ནི་ཆོས་ཅན་མིན། །གཞན་དུ་ཆོས་ཅན་གཞན་ལ་ནི། །གནོད་ཀྱང་འདི་ལ་ཅི་ཞིག་བཀག །ཅེས་རྒྱས་པར་བཤད་ནས། ལོག་པར་རྟོག་པ་བསལ་བའི་ཡུལ་ཉེ་བར་བསྟན་པའི་ཕྱིར་སྨྲས་པ། ཅིག་ཅར་སྒྲ་སོགས་རྒྱུ་མིན་ཕྱིར། །སྔོན་མེད་ངོ་བོ་དཔེར་གཞན་གྱིས། །བསྐྱེད་བྱ་མིན་ལྟར་མཁའ་སོགས་མིན། །ཞེས་བྱ་བ་ལ་སོགས་པ་བཤད་ལ། སུན་འབྱིན་པར་བྱེད་པས། སྨྲས་པ། མཁའ་སོགས་ཆོས་ཅན་དངོས་མེད་ཀྱི། །ངོ་བོ་ཉིད་ཀྱང་དེ་དང་འདྲ། །ཞེས་སྨྲས་པ་ནི། འདོད་པ་བསྒྲུབ་པར་བྱ་བ་ལ། །གནོད་པ་ཅི་ཡང་མེད་པ་ཉིད། །དེ་བཞིན་མཁའ་སོགས་ཆོས་ཅན་གྱི། །དངོས་པོའི་ངོ་བོའང་མེད་པར་འགྱུར། །གཉི་གའང་བསྒྲུབ་བྱ་ཉིད་ཡིན་ན། །ཆོས་ཅན་ལ་ནི་གནོད་པ་གང༌། །བསྒྲུབ་པར་བྱ་བའི་ཆོས་འགོག་པ། །དེས་ནི་དེ་ལ་གནོད་ཅེས་བརྗོད། །ཞེས་གང་བཤད་པ་ཡིན་ནོ། །གདོན་མི་ཟ་བར་འདི་ལྟར་ཤེས་པར་བྱའོ། །དེ་ལྟ་མ་ཡིན་ན་ཇི་ལྟར་མཁས་པ་རྣམས་རིམ་དང་ཅིག་ཅར་ལ་སོགས་པས་ཁྱབ་པའི་དོན་བྱེད་པའི་ནུས་པ་དང་བྲལ་བ་ལ་སོགས་པས་གཞན་གྱིས་ཀུན་བརྟགས་པ་ལ་སོགས་པའི་དངོས་པོ་འགོག་པར་བྱེད། དངོས་པོ་ཡོད་པ་ལ་ནི་ཇི་ལྟར་ཡང་དེ་ཡང་དག་པར་དགག་པར་བྱ་མི་ནུས་སོ། །མེད་པ་ལ་ཡང་གལ་ཏེ་གཞི་མ་གྲུབ་པ་ཉིད་ཀྱི་ཉེས་པས་འདི་བྱ་བ་མ་ཡིན་ན། འོ་ན་ནི་ཇི་ལྟར་ཡང་གང་ཡང་དགག་པར་མི་འགྱུར་རོ། །དེའི་ཕྱིར་རྣལ་འབྱོར་སྤྱོད་པ་རྣམས་ཀྱིས། དེ་ནི་གཅིག་ནའང་ཡུལ་མིན་ལ། །ཕྲ་རབ་རྡུལ་དུ་དུ་མའང་མིན། །སྐད་ཅིག་མ་ཡིན་ཡོད་མ་ཡིན། །དེ་ནི་རིམ་དང་རིམ་མིན་འགལ། །ཞེས་བྱ་བ་ལ་སོགས་པས་ཕྱི་རོལ་གྱི་དོན་ལ་སོགས་པ་ཇི་ལྟར་འགོག་པར་བྱེད། རྫས་དང༌། ཡོན་ཏན་དང༌། ལས་དང༌། སྤྱི་ལ་སོགས་པ་མུ་སྟེགས་ཅན་ངན་པས་ཀུན་བརྟགས་པ་རྣམས་དགག་པ་བྱེད་པར་འདོད་ན་ཡང་ཇི་ལྟར་གཞི་མ་གྲུབ་པ་ཉིད་ལ་སོགས་པའི་ཉེས་པ་འཇུག་


DTG107_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་འགྱུར། འོན་ཏེ་གལ་ཏེ་ཐལ་བར་བསྒྲུབ་པ་ཁོ་ནས་འདི་བྱེད་པའི་ཕྱིར་མི་འཇུག་གོ་ཞེ་ན། དེའི་ཚེ་ཐལ་བར་སྒྲུབ་པ་ཚད་མ་མ་ཡིན་པ་ལས་ཇི་ལྟར་འདི་དག་གཅིག་ཏུ་མེད་པའི་ཐ་སྙད་འགྲུབ་པར་འགྱུར་ཏེ། དེ་ནི་ཚད་མ་ལ་རག་ལས་པའི་ཕྱིར་རོ། །ཇི་སྟེ་ཐལ་བར་སྒྲུབ་པ་ཡང་ཚད་མ་ཁོ་ནའོ་ཞེས་བྱ་བར་འདོད་ན་ནི་དེའི་ཚེ་དེ་ལ་གཞི་མ་གྲུབ་པ་ཉིད་ལ་སོགས་པའི་ཉེས་པ་ཇི་སྟེ་འཇུག་པར་མི་འགྱུར། རྟོག་པ་དང་ལྡན་པ་ནི་རིགས་པའི་སྟོབས་ཀྱིས་འོངས་པའི་ཉེས་པ་ལ་སོགས་པ་རང་དགས་འགའ་ཁོ་ན་ལ་སྒྲུབ་པར་རིགས་པ་མ་ཡིན་ནོ། །འོན་ཏེ་ཕྱི་རོལ་གྱི་དོན་ལ་སོགས་པ་དགག་པ་སྒྲུབ་པར་འདོད་པ་ལ་བློའི་མཚན་ཉིད་ཀྱི་ཆོས་ཅན་དངོས་པོར་གྱུར་པ་ཡོད་པ་ཉིད་དེ། དེ་ཁོ་ན་ལ་ཕྱི་རོལ་དང་གཙོ་བོ་ལ་སོགས་པར་བསྐྱེད་པར་བྱ་བ་ཉིད་དགག་པ་སྒྲུབ་པར་བྱེད་དེ། དེའི་ཕྱིར་དེ་ལ་གཞི་མ་གྲུབ་པ་ཉིད་ལ་སོགས་པའི་ཉེས་པ་མི་འཇུག་པ་ཉིད་དོ་ཞེས་བྱ་བར་འདོད་ན། གལ་ཏེ་དེ་ལྟ་ན་གཅིག་དང་དུ་མའི་རང་བཞིན་གྱིས་དབེན་པ་ཉིད་དང༌། རིམ་དང་རིམ་མ་ཡིན་པས་ཁྱབ་པའི་དོན་བྱེད་པའི་ནུས་པས་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པའི་ཆོས་དགག་པའི་གཏན་ཚིགས་རྣམས། གལ་ཏེ་ཆོས་ཅན་དེ་ལ་དེའི་ཆོས་ཉིད་རབ་ཏུ་མ་གྲུབ་པ་ཉིད་ཡིན་ན་ནི་དེའི་ཚེ་ཇི་ལྟར་དེའི་སྒོ་ནས་དེ་ལ་མངོན་པར་འདོད་པའི་བསྒྲུབ་པར་བྱ་བའི་ཆོས་འགྲུབ་པར་འགྱུར། ཕྱོགས་ཀྱི་ཆོས་མ་ཡིན་ཡང་བསྒྲུབ་པར་བྱ་བ་མེད་ན་མི་འབྱུང་བ་ཙམ་ཁོ་ནའི་གཏན་ཚིགས་ནི་བསྒྲུབ་པར་བྱ་བ་ཡང་དག་པར་འགྲུབ་པར་ནུས་པ་མ་ཡིན་ཏེ། དེ་ལྟ་ན་ནི་མིག་གི་ཡུལ་ཉིད་ཀྱང་སྒྲ་ཞིས་བྱ་བའི་ཆོས་ཅན་ལ་མི་རྟག་པ་ཉིད་ཇི་སྟེ་སྒྲུབ་པར་མི་འགྱུར། ཇི་སྟེ་དེ་དག་དེ་ལ་རབ་ཏུ་གྲུབ་པ་ཉིད་དུ་ཁས་ལེན་ན་ནི་དེའི་ཚེ་ཕྱི་རོལ་དང་གཙོ་བོ་ལ་སོགས་པ་བཞིན་དུ་བློ་ཉིད་ནུས་པ་དང༌། གཅིག་དང་དུ་མ་ལ་སོགས་པ་དངོས་པོ་ལ་ཁྱབ་པར་བྱེད་པའི་ཆོས་དང་བྲལ་བའི་ཕྱིར་ངོ་བོ་ཉིད་མེད་པ་ཉིད་དུ་རབ་ཏུ་བསྒྲུབས་པར་འགྱུར་ཏེ། དེ་དག་ནི་དེའི་ཆོས་ཡིན་པའི་ཕྱིར་རོ། །ཆོས་གཞན་ཡང་གཞན་ལ་སྒྲུབ་པ་མ་ཡིན་ལ། ནུས་པ་ལ་སོགས་པས་སྟོང་བའི་དངོས་པོ་ཡང་ཅི་ཡང་མི་འགྲུབ་པོ། །དེ་ལྟ་མ་ཡིན་ན་དེ་ལས་ཕྱི་རོལ་དང༌། གཙོ་བོ་ལ་སོགས་པ་ཡང་ངོ་བོ་ཉིད་མེད་པ་ཉིད་དུ་འགྲུབ་པར་མི་འགྱུར་རོ། །དེ་ཡང་ངོ་བོ་ཉིད་མེད་པ་ཉིད་དུ་རབ་ཏུ་སྒྲུབ་ན་


DTG107_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གཞི་མ་གྲུབ་པ་ཉིད་ལ་སོགས་པའི་ཉེས་པ་དེ་ཡང་དེའི་སོ་ན་འདུག་པ་ཁོ་ན་ཡིན་ལ། རང་གི་ཕྱོགས་ཉམས་པར་ཐལ་བ་ཡང་མ་ཡིན་ནོ། །བློ་ལ་ཕྱི་རོལ་དང་གཙོ་བོ་ལ་སོགས་པས་བསྐྱེད་པར་བྱ་བ་ཉིད་དགག་པ་བསྒྲུབས་སུ་ཟིན་ཀྱང་གཞན་གྱིས་ཀུན་བརྟགས་པ་གཙོ་བོ་ལ་སོགས་པ་རང་གི་ངོ་བོ་དགག་པ་ནི་མི་འགྲུབ་པ་ཁོ་ན་སྟེ། དེའི་རྣམ་པ་ནི་གཞན་ཡིན་པའི་ཕྱིར་རོ། །དེ་མ་གྲུབ་ན་གཞན་གྱིས་ཀུན་བརྟགས་པའི་གཙོ་བོ་ལ་སོགས་པ་མེད་དོ་ཞེས་བྱ་བའི་ཡུལ་ཅན་མེད་པའི་ཐ་སྙད་དུ་ཡང་ཇི་ལྟར་འགྱུར་ཏེ། ཆོས་གཞན་ཡང་དག་པར་གྲུབ་ན་གཞན་དག་ལ་གཞན་དུ་ཐ་སྙད་འཇུག་པར་རིགས་པ་ནི་མ་ཡིན་ནོ། །མི་ཤེས་པ་ཁ་ཅིག་གིས་སོ་སོར་བརྟགས་པས་འགོག་པ་ལ་སོགས་པ་འདུས་མ་བྱས་གསུམ་པོ་གང་གི་ཡང་སྐྱེད་པར་བྱེད་པ་ཉིད་དུ་མ་གྱུར་པ་གང་དག་ཡང་དག་པར་དངོས་པོར་ཀུན་བརྟགས་པ་དེ་དག་དགག་པར་བསྒྲུབ་པར་བྱ་བ་ལ་ཡང་ཇི་ལྟར་བློ་ཆོས་ཅན་དུ་འགྱུར་ཏེ། ཕ་རོལ་པོ་དག་དེ་ལ་དེས་བསྐྱེད་པར་བྱ་བ་ཉིད་ཀྱི་ཆོས་ཁས་མི་ལེན་པའི་ཕྱིར་རོ། །དེའི་ཕྱིར་དེ་དགག་པ་ནི་ནམ་ཡང་འགྲུབ་པར་མི་འགྱུར་བ་ཉིད་དོ། །ཇི་སྟེ་ཐོག་མ་མེད་པའི་རང་གི་ས་བོན་ཡོངས་སུ་སྨིན་པ་ལས་ཡང་དག་པར་བྱུང་བའི་རྣམ་པར་རྟོག་པས་ཡོངས་སུ་བསྒྲུབས་པ། བྱིས་པ་རྣམས་ཀྱིས་ཕྱི་རོལ་དང་དངོས་པོ་ཉིད་དུ་ཉེ་བར་བརྟགས་པ་བློ་ལ་ཡོད་པ་ཉིད་ཆོས་ཅན་ཡིན་ཏེ། དེའི་ཕྱིར་དེ་ལ་བརྟེན་ནས་གཙོ་བོ་ལ་སོགས་པ་འགོག་པར་བྱེད་དོ། །དེ་ནི་དོན་དམ་པར་ངོ་བོ་ཉིད་མེད་ཀྱང་རྣམ་པར་འཁྲུལ་པའི་དབང་གིས་ཕྱི་རོལ་ལྟ་བུ་དང༌། གཙོ་བོ་ལ་སོགས་པ་དང༌། ཐ་མི་དད་པ་ལྟ་བུ་དང༌། ནུས་པས་སྟོང་པ་ལ་སོགས་པའི་ཆོས་མཐའ་དག་དང་ལྡན་པ་ལྟ་བུར་རྟོག་གོ །དེ་ལ་གཙོ་བོ་ལ་སོགས་པའི་ངོ་བོ་ཉིད་དགག་པ་སྒྲུབ་པ་ལ་གཙོ་བོ་ལ་སོགས་པ་དགག་པ་བསྒྲུབ་པར་བྱ་བ་དང༌། སྒྲུབ་པ་དག་གཞི་གཅིག་པ་ཉིད་ཀྱང་གྲུབ་པ་ཁོ་ན་ཡིན་ཏེ། འདི་ལྟར་དེ་ཉིད་བྱིས་པ་རྣམས་ཀྱིས་ཕྱི་རོལ་དང༌། གཙོ་བོ་ལ་སོགས་པ་ཉིད་དུ་ཉེ་བར་བཟུང་བ་རྒོལ་བ་དང་ཕྱིར་རྒོལ་བ་དག་ཀྱང་རབ་རིབ་ཅན་གྱིས་ཟླ་བ་གཉིས་སུ་མཐོང་བ་བཞིན་དུ་དེ་དང་ཐ་མི་དད་པར་སེམས་པ་ཁོ་ནས་ཐ་སྙད་འདོགས་པའི་ཕྱིར་རོ། །


DTG107_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་བློས་ཀུན་བརྟགས་པ་ཡིན་ཡང་དེའི་རྣམ་པ་ཉིད་ཀྱིས་བློ་ཞེས་ཉེ་བར་འདོགས་ཏེ། འདི་དངོས་སུ་ནི་བློའི་ངོ་བོ་ཡང་མ་ཡིན་ཏེ། དེ་ནི་དེ་དང་མཚན་ཉིད་མི་མཐུན་པའི་ངོ་བོ་ཉིད་དུ་སྣང་བའི་ཕྱིར་རོ། །དེའི་ཕྱིར་དེ་ངོ་བོ་ཉིད་མེད་པ་ཉིད་དུ་རབ་ཏུ་བསྒྲུབས་ཀྱང་བློ་ངོ་བོ་ཉིད་མེད་པ་ཉིད་དུ་ཐལ་བ་ནི་མ་ཡིན་ཏེ། དེ་ལ་ཕྱི་རོལ་དང་གཙོ་བོ་ལ་སོགས་པའི་ངོ་བོ་ཉིད་དགག་པ་ཚད་མས་སྒྲུབ་པར་བྱེད་ཀྱི། དེ་ཉིད་དགག་པའི་ཕྱིར་གཏན་ཚིགས་སྦྱོར་བ་མ་ཡིན་ནོ། །གང་ལ་ཕྱི་རོལ་གྱི་ཆོས་ཅན་སྒྲ་ལ་སོགས་པ་དངོས་པོར་གྱུར་པ་ཡོད་པ་དེ་ལ་ཡང་མི་རྟག་པ་ལ་སོགས་པའི་ཆོས་རབ་ཏུ་སྒྲུབ་པ་ལ་བློ་ལ་ཡོད་པའི་ཆོས་ཅན་ཕྱི་རོལ་གྱི་སྒྲ་ལ་སོགས་པ་དང༌། ཐ་མི་དད་པ་ཉེ་བར་བརྟགས་པ་དེ་ཉིད་ལ་ཀུན་དུ་བརྟེན་པར་བྱེད་པ་ཡིན་ཏེ། ཕྱི་རོལ་གྱི་སྒྲ་ལ་སོགས་པ་ཡུལ་དང༌། དུས་དང་གནས་སྐབས་ཐ་དད་པར་ངེས་པ་དག་ནི་རྒོལ་བ་དང༌། ཕྱིར་རྒོལ་བའི་བློ་ལ་རང་གི་ངོ་བོར་མངོན་སུམ་དུ་མི་སྣང་བའི་ཕྱིར་རོ། །འདི་ལ་ཆ་ཤས་མེད་པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་དང༌། སྒྲུབ་པ་ལ་སོགས་པའི་ཆོས་ཀྱི་བྱེ་བྲག་རྣམས་མི་སྲིད་པའི་ཡང་ཕྱིར་རོ། །དེའི་ཕྱིར་རྗེས་སུ་དཔག་པར་བྱ་བ་དང༌། རྗེས་སུ་དཔག་པ་ལ་སོགས་པའི་ཐ་སྙད་འདི་ཐམས་ཅད་ནི་བློ་ལ་ཡོད་པའི་ཆོས་ཅན་ཁོ་ན་ལ་བརྟེན་ནས་འཇུག་པ་ཉིད་དེ། རྣམ་པ་གཞན་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བར་འདོད་ན། གལ་ཏེ་དེ་ལྟ་ཡིན་ན། འོ་ན་དོན་དམ་པར་ངོ་བོ་ཉིད་མེད་ཀྱང་ཀུན་བརྟགས་པའི་ཆོས་ཅན་ལ་བརྟེན་ནས་དགག་པ་ལ་སོགས་པ་རབ་ཏུ་སྒྲུབ་པར་བྱེད་པ་ལ་ཡང་གཞི་མ་གྲུབ་པ་ཉིད་ལ་སོགས་པའི་ཉེས་པ་མི་འཇུག་ན་ཅི་སྟེ་ནན་གྱིས་ཁོ་བོ་ཅག་ལ་ཀླན་ཀ་ཚོལ་བར་བྱེད། ཇི་ལྟར་ཁྱེད་དོན་དམ་པ་ལ་འཇུག་པར་བྱ་བའི་ཕྱིར་གཙོ་བོ་ལ་སོགས་པ་དགག་པར་ཀུན་བརྟགས་པའི་ཆོས་ཅན་ཁོ་ན་ལ་བསྒྲུབ་པར་བྱ་བ་དང༌། སྒྲུབ་པའི་སེམས་པ་རྒྱས་པར་བྱེད་པ་དེ་བཞིན་དུ་ཁོ་བོ་ཅག་ཀྱང་གཟུགས་དང་སྒྲ་ལ་སོགས་པ་གྲགས་པ་དག་ལ། ཡོད་པ་དང་མེད་པ་ལ་སོགས་པའི་ངོ་བོ་ཉིད་དུ་སྒྲོ་བཏགས་པ་དགག་པར་བྱིས་པ་རྣམས་ལ་དེ་དག་སྒྱུ་མ་དང༌། སྨིག་རྒྱུ་དང༌། རྨི་ལམ་དང༌། གཟུགས་བརྙན་དང་མཚུངས་པ་ཉིད་དུ་སྟོན་པར་བྱེད་དོ། །དེ་ལ་ཇི་ལྟར་བརྟགས་པའི་ཆོས་ཅན་ལ་དངོས་པོའི་ངོ་བོ་ཉིད་དུ་སྒྲོ་བཏགས་པ་ལ་སོགས་པ་བཀག་ཏུ་ཟིན་ཀྱང་རྒོལ་བ་དང་ཕྱིར་


DTG107_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

རྒོལ་བ་དག་ལ་སྣང་བའི་ཕྱིར་མ་གྲུབ་པ་ཉིད་ལ་སོགས་པའི་ཉེས་པ་མི་འཇུག་པ་དེ་བཞིན་དུ་གཟུགས་ལ་སོགས་པ་ཡང་གནག་རྫིའི་ཆུང་མ་ཡན་ཆད་ཀྱི་སྐྱེ་བོ་ལ་སྣང་བའི་ཕྱིར་ཇི་ལྟར་མ་གྲུབ་པ་ཉིད་དུ་འགྱུར། སྣང་བ་ནི་གང་གིས་ན་དེ་ལོག་ན་ལྡོག་པར་འགྱུར་བ་བདེན་པའི་ངོ་བོ་ཉིད་ཀྱིས་ཁྱབ་པ་ཡང་མ་ཡིན་ཏེ། བརྫུན་པ་ཡང་སྣང་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་སྐྱེ་བོ་ཐམས་ཅད་དེ་ཁོ་ན་ཉིད་མཐོང་བར་འགྱུར་ཏེ། དེ་ཁོ་ན་འབའ་ཞིག་སྣང་བའི་ཕྱིར་རོ། །ཇི་ལྟར་ཀུན་བརྟགས་པའི་ཆོས་ཅན་དེ་ལ་ཡང་ངོ་བོ་ཉིད་མེད་པ་ཡང་དག་པར་འགྲུབ་པར་བྱ་བའི་ཕྱིར་ནུས་པ་དང་བྲལ་བ་ལ་སོགས་པའི་ཆོས་ཉེ་བར་འགོད་པ་དེས་ཁྱབ་པ་ཉིད་ཀྱིས་གཙོ་བོ་ལ་སོགས་པ་ལ་དེ་རབ་ཏུ་གྲུབ་པར་བྱེད་པ་དེ་བཞིན་དུ་ཁོ་བོ་ཅག་ཡང་དག་པ་ཉིད་དུ་ཀུན་བརྟགས་པའི་དངོས་པོ་ཐམས་ཅད་ལ་དེ་རབ་ཏུ་བསྒྲུབ་པའི་ཕྱིར་ཡང་དག་པ་ལ་ནུས་པ་མེད་པ་ལ་སོགས་པ་སྨོས་པ་ཡང་ཅི་སྟེ་སྒྲུབ་པར་མི་བྱེད་གཞན་ཡང་རྟོག་པ་དང་ལྡན་པ་རྣམས་ཀྱིས་ཁས་ལེན་པ་ནི་དཔྱད་པའི་འོག་ཏུ་ཡིན་ལ། དེའི་བདག་ཉིད་གཏན་ལ་ཕབ་ན་རིགས་པ་ཡིན་ནོ། །དཔྱོད་པའི་དུས་ན་ནི་མ་ཡིན་ཏེ། དེའི་ཕྱིར་དེ་གཏན་ལམ་ཕབ་པའི་ཕྱིར་དང༌། དཔྱོད་པ་ཡང་དེ་གཏན་ལ་དབབ་པའི་དོན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཚད་མས་དེ་ཁོ་ན་ཉིད་གཏན་ལ་འབེབས་པའི་དུས་ན་སུ་ཡང་གྲུབ་པའི་མཐའ་ཁས་ལེན་པ་མེད་པས་དེའི་ཚེ་གང་ལ་གཞི་མ་གྲུབ་པའི་སྒོ་ནས་ཆོས་ཅན་མ་གྲུབ་པ་ལ་སོགས་པས་རྒོལ་བར་བྱེད་དེ། འོན་ཏེ་དེ་ཁོ་ན་ཉིད་འདི་རྒོལ་བ་བདག་ཉིད་ཀྱིས་སྔར་ཚད་མས་གཏན་ལ་ཕབ་ནས་གཞན་དག་ལ་དེ་བསྒྲུབ་པར་འདོད་པས་ཞུགས་པ་ཡིན་པས་དེའི་ཕྱིར་དེ་གྲུབ་པའི་མཐའ་ཁས་ལེན་པའི་སྔ་ན་གནས་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་འདོད་ན་དེ་ཡང་རིགས་པ་མ་ཡིན་ཏེ། བདག་ཉིད་རྟོགས་པར་བྱེད་པའི་དུས་ན་གྲུབ་པའི་མཐའ་ཁས་མི་ལེན་པའི་ཕྱིར་རོ། །སྔར་གྲུབ་པའི་མཐའ་ཁས་མ་བླངས་པའི་རྒོལ་བ་བདག་ཉིད་ཚད་མ་གང་ཁོ་ནས་དེ་ཁོ་ན་ཉིད་རྟོགས་པར་གྱུར་པ་དེ་ཉིད་ཀྱིས་གཞན་ལ་རྟོགས་པར་བྱེད་ན་ཇི་ལྟར་གྲུབ་པའི་མཐའ་ཁས་བླངས་པ་ཞེས་བྱ། འདི་བདག་ཉིད་སྔར་ཚད་མས་དེ་ཁོ་ན་ཉིད་གཏན་ལ་ཕབ་ན་གཞན་དག་ལ་གྲུབ་པའི་མཐའ་ཁོ་ནས་རྟོགས་པར་བྱེད་པ་ཡང་མ་གྲུབ་ལ། གཞན་རྟོག་པ་དང་ལྡན་པ་ཡང་དེའི་ཚིག་ཙམ་གྱིས་ཚད་མ་མེད་པའི་


DTG107_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡིད་ཆེས་པར་ཡང་མི་འགྱུར་རོ། །དེ་བས་ན་བདག་ཉིད་གཏན་ལ་འབེབས་པའི་དུས་བཞིན་དུ་གཞན་ལ་སྟོན་པའི་དུས་ན་ཡང་འདྲ་བའི་ཕྱིར་ཐམས་ཅད་དུ་ཚད་མ་ཁོ་ནས་དེ་ཁོ་ན་ཉིད་གཏན་ལ་ཕབ་ན་སུ་ཡང་གྲུབ་པའི་མཐའ་ཁས་ལེན་པ་མེད་པའི་ཕྱིར་ཇི་ལྟར་དེའི་སྒོ་ནས་ཆོས་ཅན་མ་གྲུབ་པ་ལ་སོགས་བརྗོད་པར་བྱེད། ཚད་མ་ཡང་དག་པའི་སྟོབས་ཀྱིས་རྒོལ་བའི་མངོན་པར་འདོད་པའི་བསྒྲུབ་པར་བྱ་བ་གྲུབ་ཀྱང༌། གྲུབ་པའི་མཐའ་ཁས་བླངས་པས་དེ་ལ་དེ་གནོད་པར་བྱེད་དོ་ཞེས་ཟེར་བ་འདི་ལ་གཞན་རིགས་པ་ཅི་ཞིག་ཡོད། དངོས་པོའི་དེ་ཁོ་ན་ཉིད་བསམ་པ་ལ་ནི་གྲུབ་པའི་མཐའ་ལས་ཡང་དག་པར་གྲགས་པའི་ཆོས་ཅན་ལ་སུ་ཡང་རྟེན་པར་མི་བྱེད་དེ། དེ་ལྟ་བུའི་ཆོས་ཅན་ནི་རྒོལ་བ་དང༌། ཕྱིར་རྒོལ་བ་དག་ལ་གང་དུ་ཡང་མ་གྲུབ་པའི་ཕྱིར་རོ། །འདི་ལྟར་སངས་རྒྱས་པ་ལ་སོགས་པ་སྒྲ་ལ་སོགས་པའི་ཆོས་ཅན་འབྱུང་བ་ལས་གྱུར་པ་ལ་སོགས་པ་ཇི་ལྟ་བུར་མངོན་པར་འདོད་པ་དེ་ལྟ་བུར་བྱེ་བྲག་པ་ལ་སོགས་པ་ནི་མ་ཡིན་ཏེ། དེ་དག་གིས་དེ་ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པ་ཉེ་བར་བརྟགས་པའི་ཕྱིར་རོ། །དེའི་ཕྱིར་ཆོས་ཅན་དེ་ལྟ་བུ་མ་གྲུབ་ན་སུ་ཡང་གང་དུ་ཡང་སྒྲུབ་པ་འཇུག་པར་མི་འགྱུར་རོ། །འོན་ཏེ་ཆོས་ཅན་དེ་ལྟ་བུ་གྲུབ་ན་ནི་དེའི་ཆོས་ཀྱང་གཉི་ག་ལ་གྲུབ་པ་ཁོ་ན་ཡིན་པས་རྩོད་པར་མི་འགྱུར་རོ། །དེ་ལྟ་བས་ན་དེ་ཁོ་ན་ཉིད་རྟོགས་པར་འདོད་པ་ཐམས་ཅད་ནི་གཞུང་ལུགས་ཀྱིས་བསྒྲུབས་པའི་ཆོས་ཅན་གྱི་བྱེ་བྲག་སྤངས་ཏེ། གནག་རྫི་ཡན་ཆད་ལ་གྲགས་པ་འདི་ཉིད་ལ་བརྟེན་ནས་བསྒྲུབ་པར་བྱ་བ་དང༌། སྒྲུབ་པའི་སེམས་པ་རྒྱས་པར་བྱེད་དོ། །དེའི་ཕྱིར་གྲུབ་པའི་མཐའ་ལ་བརྟེན་ནས་གཞི་མ་གྲུབ་པ་ལ་སོགས་པས་གླེང་བ་ནི་འབྲེལ་པ་མེད་པ་ཁོ་ནའོ། །གང་ལ་ཐ་སྙད་དུ་ཡང་ཆོས་ཅན་ལ་སོགས་པ་རབ་ཏུ་མ་གྲུབ་པ་ལ་སོགས་པ་དེ་ལ་འདི་གླེང་བ་རིགས་པ་ཁོ་ན་ཡིན་གྱི། ཁོ་བོ་ཅག་ལ་ནི་གཟུགས་ལ་སོགས་པ་ཐ་སྙད་དུ་ཡང་རབ་ཏུ་མ་གྲུབ་པ་མ་ཡིན་ནོ། །གང་ཡང་འོན་ཏེ་ཕ་རོལ་པོས་ཁས་བླངས་པའི་གཏན་ཚིགས་ལ་སོགས་པས་རང་གི་ཕྱོགས་གྲུབ་པར་བྱེད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་ཁས་མི་ལེན་པའི་ཕྱིར་སུན་འབྱིན་པ་མ་ཡིན་པ་ཁོ་ནའོ། །འདི་ལྟར་ཁོ་བོ་ཅག་ནི་ཐ་སྙད་ཀྱི་སྒོ་ནས་གཉི་ག་ལ་ཡང་དག་པར་གྲུབ་པའི་གཏན་ཚིགས་ལ་སོགས་པ་


DTG107_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ནས་འདི་རབ་ཏུ་སྒྲུབ་པར་བྱེད་དེ། དེ་བཞིན་དུ་འོག་ནས་བསྟན་པར་བྱའོ། །གང་ཡང་ཆོས་ཐམས་ཅད་དབེན་པ་དང༌། རྟགས་གང་དང་ཡང་ལྷན་ཅིག་ཏུ་གང་དུ་ཡང་འབྲེལ་བར་མ་གྲུབ་སྟེ། དེ་ནི་ཤིན་ཏུ་ལྐོག་ཏུ་གྱུར་པའི་ཕྱིར་རོ་ཞེས་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ། བསྒྲུབ་པར་བྱ་བའི་ཆོས་ཅན་ཉིད་ཀྱང་གྲུབ་ལ། བསྒྲུབ་པར་བྱ་བའི་ཆོས་དང་རྟགས་ཀྱང་ལྷན་ཅིག་ཏུ་འབྲེལ་ནས་བསྒྲུབ་པར་བྱ་བ་དང༌། སྒྲུབ་པའི་དངོས་པོ་འཇུག་པ་ནི་མ་ཡིན་ཏེ། དེ་ལ་རྩོད་པ་མི་སྲིད་པའི་ཕྱིར་རོ། །འོན་ཀྱང་སྤྱིར་ཆོས་ཅན་འགའ་ཁོ་ན་ལ་དེ་གྲུབ་ལ་བསྒྲུབ་པར་བྱ་བའི་ཆོས་གཞན་ལ་ཐེ་ཚོམ་ཟ་ན་དེ་མེད་ན་མི་འབྱུང་བའི་རྟགས་བསྟན་པས་ཆོས་ཅན་ལ་སྤྱིར་ཡང་དག་པར་གྲུབ་པའི་བསྒྲུབ་པར་བྱ་བའི་ཆོས་རབ་ཏུ་གྲུབ་པར་བྱེད་དོ་ཞེས་བྱ་བ་ནི་རིགས་པ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་སྒྱུ་མ་དང༌། སྨིག་རྒྱུ་དང༌། རྨི་ལམ་དང༌། དྲི་ཟའི་གྲོང་ཁྱེར་ལ་སོགས་པའི་སྤྱིར་ཆོས་ཅན་འགའ་ཁོ་ན་ལ་དེ་གྲུབ་པས་དོན་དམ་པར་ངོ་བོ་ཉིད་མེད་པས་གཅིག་དང་དུ་མའི་རང་བཞིན་ལ་སོགས་པའི་ཆོས་ལ་ཁྱབ་པར་བྱེད་པ་རབ་ཏུ་གྲུབ་པ་ཁོ་ན་ཡིན་ལ། དེ་ཡང་ཁོ་བོ་ཅག་གཞན་དུ་གཟུགས་ལ་སོགས་པ་རྩོད་པའི་གཞིར་འགྱུར་བ་དག་ལ་དེས་ཁྱབ་པའི་ཆོས་ཉེ་བར་བསྟན་པས་རབ་ཏུ་སྒྲུབ་པར་བྱེད་པས་ཉེས་པ་མེད་པ་ཉིད་དོ། །གང་ཡང་རེ་ཞིག་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་དག་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རབ་ཏུ་བསྒྲུབ་པར་ནུས་པ་མ་ཡིན་ཏེ། དེ་གཉིས་ནི་དངོས་པོ་སྒྲུབ་པའི་ཕྱིར་རོ་ཞེས་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ། འདི་གཉིས་དོན་དམ་པ་པའི་དངོས་པོའི་ངོ་བོ་ཉིད་སྒྲུབ་པ་ཉིད་དུ་ནི་གང་དུ་ཡང་རབ་ཏུ་མ་གྲུབ་པའོ། །འོན་ཏེ་འདི་དག་སྒྲུབ་པའི་ངོ་བོར་ཞུགས་པའི་ཕྱིར་དངོས་པོ་སྒྲུབ་པ་ཉིད་རྗོད་ན་ནི་དེའི་ཚེ་ངོ་བོ་ཉིད་མེད་པ་ཡང་གང་གི་ཚེ་སྦྱོར་བ་དགོད་པའི་བྱེ་བྲག་འགས་སྒྲུབ་པའི་ངོ་བོ་ཉིད་ཀྱིས་རབ་ཏུ་སྒྲུབ་པར་བྱེད་པ་དེའི་ཚེ་དེ་གཉིས་ཅི་སྟེ་མི་སྲིད་རང་བཞིན་གྱི་གཏན་ཚིགས་ཁོ་ན་འབྲས་བུའི་གཏན་ཚིགས་ལ་སོགས་པར་སྦྱོར་བ་དགོད་པའི་བྱེ་བྲག་གིས་རྣམ་པ་མང་པོར་སྤྲོས་སོ། །དེ་ཉིད་ཀྱི་ཕྱིར་མཁས་པ་རྣམས་ཀྱིས་མདོར་ན་ཕྱོགས་ཆོས་དེའི་ཆས་ཁྱབ་པ་ནི་གཏན་ཚིགས་ཞེས་སྤྱིར་གཏན་ཚིགས་ཀྱི་མཚན་ཉིད་བཤད་དོ། །དེའི་ཕྱིར་འདིར་ཡང་སྦྱོར་བ་དགོད་པའི་བྱེ་བྲག་


DTG107_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྒོ་ནས་རང་བཞིན་ལ་སོགས་པའི་གཏན་ཚིགས་ཅི་རིགས་པ་ཡིན་པས་འགལ་བ་མེད་པ་ཉིད་ཡིན་ཏེ། དེ་བཞིན་དུ་འོག་ནས་བསྟན་པར་བྱའོ། །དེ་ལ་དོན་དམ་པར་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང༌། རང་བཞིན་མེད་པ་ཉིད་ཡིན་མོད་ཀྱི། འོན་ཀྱང་དེ་དག་ལ་ཐ་སྙད་ཀྱི་བདེན་པ་ལ་བརྟེན་པ་འདི་གཉི་ག་ཡང་ཡོད་པ་ཁོ་ན་ཡིན་པས་ཇི་ལྟར་གཅིག་ཏུ་དེ་གཉིས་མི་སྲིད་པ་ཡིན། ཡང་དག་པའི་རང་བཞིན་དང་འབྲས་བུའི་གཏན་ཚིགས་ཁོ་ནར་འགྱུར་དགོས་སོ་ཞེས་བྱ་བ་འདི་ལ་ནི་རྒྱུ་ཅི་ཡང་མེད་དེ། འདི་ལྟར་གཟུགས་བརྙན་ཞེས་བྱ་བའི་འབྲས་བུ་བརྫུན་པ་ཡང་རང་གི་རྒྱུ་རྗེས་སུ་དཔག་པར་བྱ་བ་ལ་གཏན་ཚིགས་སུ་དམིགས་པ་ཁོ་ནའོ། །མེ་ལོང་ལ་སོགས་པའི་ངོས་སུ་གཟུགས་བརྙན་ཞེས་བྱ་བ་གཟུགས་གཞན་ཉིད་གཅིག་འབྱུང་ངོ་ཞེས་བྱ་བར་ཡང་རིགས་པ་མ་ཡིན་ཏེ། ཐོགས་པ་དང་བཅས་པ་རྣམས་ཡུལ་གཅིག་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །གཟུགས་དེ་ཉིད་དེ་ལྟར་དམིགས་སོ་ཞེས་བྱ་བར་ཡང་མི་རུང་སྟེ། དེ་ནི་དེ་ལྟ་བུའི་ཡུལ་དང་དབྱིབས་ལ་སོགས་པ་དང་འབྲེལ་བའི་རང་བཞིན་དང་བྲལ་བའི་ཕྱིར་རོ། །འདི་ལྟར་གཟུགས་བརྙན་རྣམས་ནི་མེ་ལོང་ལ་སོགས་པའི་རྟེན་ལ་ཡོད་པའི་ཡུལ་དང་དབྱིབས་ལ་སོགས་པའི་བྱེ་བྲག་གི་རྗེས་སུ་བྱེད་པར་དམིགས་ན་གཟུགས་དག་ནི་དེ་ལྟར་གནས་པའི་ངོ་བོར་ཡང་མ་ཡིན་ནོ། །གཞན་གྱི་རྣམ་པ་ནི་གཞན་འཛིན་པར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །རྣམ་པར་ཤེས་པ་ཉིད་གཟུགས་བརྙན་གྱི་རྣམ་པར་སྣང་བའི་ཕྱིར་དེ་རྣམ་པར་ཤེས་པའི་ངོ་བོ་ཉིད་དུ་དངོས་པོར་ཡོད་དོ་ཞེས་བྱ་བར་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་ཤེས་པ་ནི་སྔོན་པོ་ལ་སོགས་པ་ལུས་ཅན་གྱི་བྱེ་བྲག་ཏུ་མ་གྱུར་པ་ཆ་ཤས་མེད་པ་ཉིད་ཀྱི་ཡུལ་ན་མི་གནས་ཤིང་སྣ་ཚོགས་ཀྱི་རྣམ་པ་དང་བྲལ་བའོ་ཞེས་བརྗོད་ལ། གཟུགས་བརྙན་ནི་དེ་དང་མཚན་ཉིད་མི་མཐུན་པའི་ངོ་བོར་སྣང་བའི་ཕྱིར་དེ་དེའི་ངོ་བོ་ཉིད་དུ་བདེན་པར་ལྟ་ག་ལ་འགྱུར། ཇི་ལྟར་ཁྱེད་ཀྱི་སུམ་ཅུ་པ་ལ་སོགས་པ་ལས། གང་ཟག་ལ་སོགས་པའི་ངོ་བོ་ཉིད་མེད་པར་བསྒྲུབ་པའི་ཕྱིར་གང་ཀུན་བརྟགས་པའི་ངོ་བོ་ཡིན་པ་དེ་ནི་བརྫུན་པ་ཁོ་ན་སྟེ། དཔེར་ན་མོ་གཤམ་གྱི་བུ་ལ་སོགས་པ་ལྟ་བུའོ། །བདག་ལ་སོགས་པ་ཡང་ཀུན་བརྟགས་པའི་ངོ་བོ་


DTG107_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་ཞེས་སྦྱོར་བ་དགོད་པའི་སྒོ་ནས་རང་བཞིན་གྱི་གཏན་ཚིགས་སྨོས་པ་དེ་བཞིན་དུ་གཞན་ཡང་གཞན་དག་གིས་བརྟགས་པའི་ཆོས་མི་དམིགས་སོ་ཞེས་ཅི་སྟེ་བརྗོད་པར་མི་བྱ། ཇི་ལྟར་སློབ་དཔོན་དག་གིས་བརྗོད་པ་དེ་བཞིན་དུ་ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་པར་བསྒྲུབ་པར་ཁྱབ་པར་བྱེད་པ་མི་དམིགས་པའི་མཚན་ཉིད་ཀྱི་ཆོས་ཅི་སྟེ་མི་བརྗོད་དེ། དེ་བཞིན་དུ་འོག་ནས་བསྟན་པར་བྱའོ། །གང་ཡང་རང་བཞིན་མི་དམིགས་པ་མི་སྲིད་དོ་ཞེས་སྨྲས་པ་དེ་ལ་གོང་དུ་ལན་བཏབ་པ་ཉིད་དེ། ཚུལ་འདི་ནི་གཅིག་གིས་གཅིག་སྟོང་པ་ཉིད་ཡིན་ན་འདི་ཡང་བསྒྲུབ་པར་མི་འདོད་དོ། །འོ་ན་ཅི་ཞེ་ན་མཚན་ཉིད་སྟོང་པ་ཉིད་ཡིན་ནོ། །གང་ཡང་འགལ་བ་དམིགས་པ་ལ་སོགས་པ་མི་སྲིད་པ་ཁོ་ནའོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་འབྲེལ་པ་མེད་པ་ཉིད་དེ། འདི་ལྟར་ཆོས་ཐམས་ཅད་དབེན་པ་དང་འགའ་ཡང་ལྷན་ཅིག་འགལ་བ་ལ་སོགས་པར་མ་གྲུབ་མོད་ཀྱི། འོན་ཀྱང་སྒྱུ་མ་དང་ནམ་མཁའི་པདྨོ་ལ་སོགས་པ་དག་ལ་སྤྱིར་ངོ་བོ་ཉིད་མེད་པ་ཉིད་དང་ལྷན་ཅིག་འགལ་བ་ལ་སོགས་པ་རབ་ཏུ་གྲུབ་པ་ཁོ་ནའོ། །དེ་ལྟ་མ་ཡིན་ན་ཁྱེད་གཞན་གྱིས་ཀུན་བརྟགས་པའི་དབང་ཕྱུག་ལ་སོགས་པ་ངོ་བོ་ཉིད་མེད་པ་ཉིད་དུ་སྒྲུབ་པར་ཡང་ཇི་ལྟར་འགྱུར། དེའི་ཕྱིར་སྤྱིར་ངོ་བོ་ཉིད་མེད་པ་ཙམ་གྱིས་ཐ་སྙད་དུ་འགལ་བ་ལ་སོགས་པ་ཡང་དག་པར་གྲུབ་ན་ཕྱིས་ཆོས་ཐམས་ཅད་ལ་དོན་དམ་པར་བསམ་པར་འགལ་བ་ལ་སོགས་པའི་ཆོས་ཉེ་བར་བསྟན་པས་ཡང་དག་པ་པའི་ངོ་བོ་ཉིད་མེད་པར་བསྒྲུབ་པའི་ཕྱིར་འདི་ལ་འགལ་བ་ཅི་ཞིག་ཡོད། དེ་དང་འགལ་བ་ལ་སོགས་པ་ཁོ་ན་དངོས་པོ་ཉིད་དུ་ཐལ་བར་རིགས་པ་མ་ཡིན་ཏེ། དོན་དམ་པའི་ངོ་བོ་ཉིད་མེད་པའི་ཆོས་ཀྱིས་ཡང་དག་པའི་དངོས་པོ་གསལ་བའི་ངོ་བོ་དག་ནི་གང་དུ་ཡང་ཡང་དག་པའི་དངོས་པོའི་རང་གི་ངོ་བོ་ཉིད་དུ་མི་གནས་པའི་ཕྱིར་རོ། །འོན་ཏེ་གནས་ན་ནི་འདི་དག་གི་དེ་དང་འགལ་བ་ལ་སོགས་པ་ཉིད་རབ་ཏུ་མི་འགྲུབ་པོ། །དེའི་ཕྱིར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དང་ལྷན་ཅིག་འགལ་བ་ལ་སོགས་པ་ཡང་དག་པར་གྲུབ་ན་དེ་དང་འགལ་བ་ལ་སོགས་པ་ཁོ་ན་དངོས་པོ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བརྗོད་པར་མི་བྱའོ། །འགལ་བ་ལ་སོགས་པ་ཐ་སྙད་ཁོ་ནར་གྲུབ་པ་ཡིན་གྱི། ཡང་དག་པར་ནི་མ་ཡིན་


DTG107_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །འདི་ལྟར་སྐྱེ་བོ་དག་མར་མེ་ལ་སོགས་པའི་མཚན་ཉིད་ཀྱི་དངོས་པོ་བརྟན་པ་མ་ཡིན་པའི་ངོ་བོ་ཉིད་དུ་ཡོངས་སུ་གཅོད་པ་ན་བརྟན་པའི་རྣམ་པས་དབེན་པ་ཉིད་དུ་ཡོངས་སུ་གཅོད་པར་བྱེད་དེ། དེ་རྣམ་པར་མ་བཅད་ན་དེ་ཡོངས་སུ་གཅོད་པར་མི་འཐད་པའི་ཕྱིར་རོ། །གང་ལ་གང་ཞིག་ཡོངས་སུ་གཅོད་པ་གང་རྣམ་པར་གཅད་པ་མེད་ན་མེད་པ་དེ་དག་ནི་དེ་ལ་ཕན་ཚུན་ཡོངས་སུ་སྤངས་ཏེ་གནས་པའི་མཚན་ཉིད་ཀྱིས་འགལ་བར་རྣམ་པར་གཞག་གོ །ཡོད་པ་དང་མེད་པ་དང༌། རིམ་དང་རིམ་མ་ཡིན་པ་ལ་སོགས་པ་འགལ་བ་དག་ལ་ཡང་ཚུལ་དེ་བཞིན་དུ་བལྟ་བར་བྱའོ། །གྲང་བའི་རེག་པ་ལ་སོགས་པ་རྒྱུ་མ་ཚང་བ་མེད་པ་ཡིན་པ་ལས་མེ་ལ་སོགས་པའི་དངོས་པོ་ཉེ་བ་ན་ཡང་མེད་པར་མཐོང་བའི་ཕྱིར་དེ་གཉིས་ནི་ལྷན་ཅིག་མི་གནས་པའི་མཚན་ཉིད་ཀྱི་འགལ་བར་རྣམ་པར་གཞག་གོ །འགལ་བ་དེ་ཁོ་ན་རབ་ཏུ་གྲུབ་ཀྱང་མར་མེ་ལ་སོགས་པ་གཅིག་ཏུ་དངོས་པོ་ཉིད་དུ་མི་འཐད་དེ། སྒྱུ་མ་ལ་སོགས་པ་བརྫུན་པ་ཡང་སྐྱེ་བ་དང་འཇིག་པ་ལ་སོགས་པའི་ཆོས་སྣང་བའི་ཕྱིར་རོ། །སློབ་དཔོན་རྣམས་ཀྱིས་ནི་དོན་དམ་པ་ལ་འཇུག་པར་བྱ་བའི་ཕྱིར་དེ་བཞིན་དུ་མར་མེ་ལ་སོགས་པ་དག་ལ་ཡང་རྟག་པ་དང་མི་རྟག་པ་ལ་སོགས་པ་ཆོས་རྣམས་ཀྱི་འགལ་བ་ཇི་ལྟར་སྣང་བ་བཞིན་དུ་རྣམ་པར་གཞག་གོ །མར་མེ་ལ་སོགས་པ་ཕྱི་རོལ་གྱི་དོན་གྱི་ངོ་བོའམ་ཤེས་པའི་ངོ་བོ་ཡང་དག་པར་ནི་མ་གྲུབ་སྟེ། གཉི་གའི་ངོ་བོ་ཡང་དེ་དག་ཉིད་ཀྱིས་བསལ་བའི་ཕྱིར་རོ། །གང་གིས་ན་འདི་དག་ཡང་དག་པ་པའི་དངོས་པོའི་ངོ་བོ་ཉིད་དང་ལྷན་ཅིག་འགལ་བ་མངོན་སུམ་དུ་རྟོགས་པར་འགྱུར་བ་དོན་དམ་པ་པའི་དངོས་པོའི་རང་གི་ངོ་བོ་ནི་ཅུང་ཟད་ཀྱང་ཕ་རོལ་མ་ཡིན་པ་མཐོང་བ་རྣམས་ཀྱིས་མཐོང་བའི་ལམ་དུ་མི་འཇུག་གོ །ལྷན་ཅིག་མི་གནས་པའི་མཚན་ཉིད་ཀྱི་འགལ་བ་གང་ཡིན་པ་དེ་ཡང་ཀུན་རྫོབ་པ་ཁོ་ན་ཡིན་ཏེ། དངོས་པོ་རྣམས་ནི་བདག་ཉིད་ཁོ་ནས་འཇིག་གི་གཞན་གྱིས་ནི་མ་ཡིན་ནོ། །འཇིག་པ་དོན་གཞན་ཞིག་བྱེད་ན་ནི་འཇིག་པའི་རྒྱུ་རྣམས་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ། །དོན་གཞན་དུ་གྱུར་པ་མ་ཡིན་ན་ཡང་དེའི་འཇིག་པའི་རྒྱུ་རྣམས་ཀྱིས་མི་བྱེད་དེ། དེ་ནི་དངོས་པོའི་རྒྱུ་ཁོ་ན་ལས་བྱུང་བའི་ཕྱིར་རོ། །འོན་ཏེ་འཇིག་པ་ནི་དངོས་


DTG107_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

པོར་གྱུར་པ་མ་ཡིན་པའི་ཕྱིར་དེ་ཉིད་དང་གཞན་ཉིད་དུ་རྣམ་པར་བརྟགས་པ་རིགས་པ་མ་ཡིན་ནོ་སྙམ་དུ་སེམས་ན། དེའི་ཚེ་འདི་ཤིན་ཏུ་ཡང་འཇིག་པའི་རྒྱུ་རྣམས་ཀྱིས་མི་བྱེད་དེ་ངོ་བོ་ཉིད་མེད་པའི་ཕྱིར་རོ། །དེའི་ཕྱིར་ཅུང་ཟད་ཀྱང་མི་བྱེད་པའི་མེ་ལ་སོགས་པ་ཇི་ལྟར་ཡང་དག་པར་ན་འགལ་བ་ཡིན་པར་འགྱུར། འོན་ཀྱང་མེ་འདི་ནི་གྲང་བ་ལ་སོགས་པ་གོང་ནས་གོང་དུ་ནུས་པ་མེད་པའི་མཚན་ཉིད་སྐད་ཅིག་མ་རབ་དང་མཆོག་སྐྱེད་པར་བྱེད་པ་ཁོ་ན་ལ་མེ་ལ་སོགས་པ་འགལ་བ་ཞེས་ཐ་སྙད་འདོགས་པ་འབའ་ཞིག་ཏུ་ཟད་དེ། དེ་ཉིད་ཀྱི་ཕྱིར་སློབ་དཔོན་དག་གིས་འགལ་བའི་ཚུལ་ཞེས་བཤད་ཀྱིས་འགལ་བ་ཉིད་ཅེས་ནི་མ་ཡིན་ནོ། །དེའི་ཕྱིར་འགལ་བ་འདི་ཡང་ཐ་སྙད་པའི་དངོས་པོ་ཁོ་ན་ལ་བརྟེན་ནས་བརྗོད་ཀྱི། ཡང་དག་པ་པ་ནི་མ་ཡིན་ཏེ། མེ་དང་གྲང་བ་ལ་སོགས་པའི་ཕྱི་རོལ་གྱི་དོན་གྱི་ངོ་བོ་ཡང་དག་པ་མ་གྲུབ་པའི་ཕྱིར་ལ། ཤེས་པའི་རྣམ་པའི་ངོ་བོ་ཡང་བརྟགས་པ་ཡིན་པའི་ཕྱིར་རོ། །ཤེས་པ་གཅིག་ལ་གྲང་བ་དང་ཚ་བར་སྣང་བ་དག་སྲིད་པའི་ཕྱིར་ཡང་ཇི་ལྟར་འགལ་ཏེ། དེ་གཉིས་ནི་ཅིག་ཅར་སོ་སོར་མྱོང་བའི་ཕྱིར་རོ། །རྣམ་པར་ཤེས་པ་རིགས་མཐུན་པ་དུ་མ་ནི་ཅིག་ཅར་མི་སྐྱེ་བའི་ཕྱིར་རོ།། དེ་ལྟ་བས་ན་གྲང་བ་ལ་སོགས་པའི་དངོས་པོ་རྨི་ལམ་ལ་སོགས་པ་བཞིན་དུ་བརྫུན་པ་ཁོ་ན་དག་ཅིག་སྣང་བས་དེའི་ཕྱིར་འདི་དག་ལ་ཡང་དག་པར་ན་འགལ་བ་མེད་པ་ཉིད་དོ། །ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་ཡང་ཤིང་དང་ཤིང་ཤ་པ་ལ་སོགས་པའི་དངོས་པོ་ཐ་སྙད་པ་ཁོ་ན་ལ་བརྟེན་ནས་ཀུན་བརྟགས་པའི་སྤྱི་དང་ཁྱད་པར་གྱི་དངོས་པོ་རྣམ་པར་གཞག་པས་རྣམ་པར་འཇོག་པ་ཡིན་ཏེ། དངོས་སུ་ནི་གང་ཁྱབ་པར་བྱེད་པར་འགྱུར་བ་ཤིང་ཉིད་ལ་སོགས་པ་སྤྱི་དང་ཞེས་བྱ་བ་ནི་ཡང་དག་པར་ཅུང་ཟད་ཀྱང་མེད་དོ། །ཁྱད་པར་གདའ་བ་ལ་སོགས་པ་གང་དག་ཡིན་པ་དེ་དག་ཀྱང་ཕྱི་རོལ་གྱི་དོན་གྱི་ངོ་བོ་ཡང་མ་ཡིན་ལ། ཤེས་པའི་རྣམ་པའི་ངོ་བོ་ཉིད་ཡང་དག་པ་པར་ཡང་མ་གྲུབ་མོད་ཀྱི། འོན་ཀྱང་མཁས་པ་དེ་ཁོ་ན་ཉིད་ཀྱི་དོན་བཏང་སྙོམས་སུ་གཞག་པ་རྣམས་ཀྱིས་གླང་པོ་ཆེའི་ལྟ་སྟངས་ལྟ་བུར་བྱས་ཏེ། རྨི་ལམ་ལ་སོགས་པ་ན་སེང་ལྡེང་ལ་སོགས་པའི་


DTG107_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་བརྫུན་པ་རྣམ་པ་སྣ་ཚོགས་ཉམས་སུ་མྱོང་བ་ལྟ་བུའི་ཤིང་ལ་སོགས་པའི་དངོས་པོའི་བརྫུན་པ་ཁོ་ན་ལ་ཀུན་དུ་བརྟེན་ནས་དེ་ཁོ་ན་ཉིད་ལ་འཇུག་པར་བྱ་བའི་ཆེད་དུ་དོན་དམ་པ་ལ་འཇུག་པ་དང་མཐུན་པའི་ཕྱིར་ཁྱབ་པར་བྱ་བ་དང༌། ཁྱབ་པར་བྱེད་པའི་དངོས་པོ་རྣམ་པར་གཞག་པ་ཉིད་འབའ་ཞིག་ཏུ་ཟད་དོ། །དེ་བཞིན་དུ་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་ས་བོན་དང་མྱུ་གུ་ལ་སོགས་པ་ཀུན་རྫོབ་པ་ཁོ་ན་ལ་བརྟེན་ནས་ཐ་སྙད་འདོགས་པར་བྱེད་ཀྱི། ཡང་དག་པ་པ་ནི་མ་ཡིན་ཏེ། ས་བོན་ལ་སོགས་པ་ཡང་དག་པ་པ་མ་གྲུབ་པའི་ཕྱིར་དང༌། རྨི་ལམ་ལ་སོགས་པ་ན་དེ་ལྟ་བུ་བརྫུན་པ་ཡང་སྣང་བའི་ཕྱིར་རོ། །སད་པ་ན་ཡང་སྒྱུ་མ་ལ་སོགས་པ་རྒྱུ་དང་འབྲས་བུར་གྱུར་པ་བདེན་པར་གྱུར་པ་མ་ཡིན་པ་ཡང་དམིགས་པའི་ཕྱིར་རོ། །དེ་བས་ན་ཐ་སྙད་ཀྱི་སྒོ་ནས་རྒྱུ་དང་འབྲས་བུའི་དངོས་པོ་ལ་སོགས་པས་དངོས་པོ་རྣམས་ངོ་བོ་ཉིད་དང་བཅས་པ་ཉིད་དུ་ཁྱབ་མོད་ཀྱི། འོན་ཀྱང་དེ་ལས་དེ་དག་དོན་དམ་པ་པའི་ངོ་བོ་ཉིད་དུ་ནི་མི་འགྲུབ་སྟེ། ཁྱབ་པར་བྱེད་པ་ཡོད་པ་ལས་ཁྱབ་པར་བྱ་བ་ངེས་པར་རབ་ཏུ་གྲུབ་པ་ནི་མ་ཡིན་ནོ། །འོན་ཀྱང་དངོས་པོ་དག་ལ་དངོས་པོའི་ངོ་བོ་ཉིད་ལ་ཡང་དག་པར་ཁྱབ་པར་བྱེད་པ་རྒྱུ་དང་འབྲས་བུའི་དངོས་པོ་ལ་སོགས་པ་འདི་ལོག་ན་སྒྱུ་མ་ལ་སོགས་པ་བཞིན་དུ་དེ་དག་གི་དངོས་པོའི་ངོ་བོ་ཉིད་ཡང་དག་པར་ཀུན་བརྟགས་པ་ལྡོག་པར་འགྱུར་བ་ཉིད་དོ། །དེ་བས་ན་འགལ་བ་ལ་སོགས་པ་རྣམ་པར་གཞག་པ་འདི་ཐམས་ཅད་དེ་ཁོ་ན་ཉིད་ལ་འཇུག་པར་ནུས་པའི་ཕྱིར་མཁས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་བསྟན་པའི་ཕྱིར་དང༌། མུ་སྟེགས་ཅན་གྱིས་ཀུན་བརྟགས་པའི་ཚད་མ་ལ་སོགས་པ་དེ་ཁོ་ན་ཉིད་ཀྱི་རྗེས་སུ་མི་མཐུན་པ་ཉིད་དུ་བརྗོད་པའི་ཕྱིར་དེ་སྤངས་ནས་ཡང་དག་པའི་ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་མཛད་དོ། །འདི་ལྟར་མུ་སྟེགས་ཅན་ཁ་ཅིག་ནི་རིལ་གྱིས་བདག་ལ་སོགས་པའི་དངོས་པོ་དེ་ཁོ་ན་ཉིད་བརྫུན་པ་བསྒྲུབ་པར་འདོད་ཅིང་ཐམས་ཅད་མཁྱེན་པ་ཉིད་དང༌། འདོད་ཆགས་དང་བྲལ་བ་ཉིད་དང༌། ལས་དང་འབྲས་བུར་འབྲེལ་བ་ལ་སོགས་པ་ཀུན་རྫོབ་པ་རྣམ་པར་གཞག་པ་སེལ་བར་འདོད་པས་ཚད་མའི་མཚན་ཉིད་ཕྱིན་ཅི་ལོག་ཁོ་ན་བྱེད་དེ།


DTG107_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་མཁས་པ་རྣམས་ཀྱིས་དེ་བཀག་ནས་གང་ཟག་དང་ཆོས་ལ་བདག་མེད་པའི་དེ་ཁོ་ན་ཉིད་ལ་འཇུག་པ་དང་མཐུན་པ། ལས་དང་འབྲས་བུར་འབྲེལ་པ་ལ་སོགས་པ་ཀུན་རྫོབ་པ་རྣམ་པར་གཞག་པ་གནས་པའི་རྒྱུ་མངོན་སུམ་ལ་སོགས་པའི་ཚད་མའི་མཚན་ཉིད་ཡོངས་སུ་དག་པ་ཉིད་མཛད་དོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་ཡོངས་སུ་གནང་བ་ཁོ་ན་ཡིན་པས་དེའི་ཕྱིར་ཁོ་བོ་ཅག་ཚད་མའི་མཚན་ཉིད་རྣམ་པར་དག་ཅིང་དོན་དམ་པའི་རྗེས་སུ་མཐུན་པ་ཁས་ལེན་པ་ཉིད་དོ། །དེའི་ཕྱིར་འགལ་བ་ལ་སོགས་པའི་ཐ་སྙད་ཁས་བླངས་པ་ཙམ་གྱི་སྒོ་ནས་དངོས་པོའི་ངོ་བོ་ཁས་བླངས་པར་ཐལ་བར་འགྱུར་བ་གང་ཡིན་པ་དེ་ནི་མ་ངེས་པ་ཁོ་ན་ཡིན་ཏེ། དེ་ཁས་བླངས་སུ་ཟིན་ཀྱང་དངོས་པོའི་ངོ་བོ་ཡང་དག་པ་མ་གྲུབ་པའི་ཕྱིར་རོ། །འདིས་ནི་གལ་ཏེ་རྗེས་སུ་དཔག་པའི་འབྲེལ་པ་རབ་ཏུ་གྲུབ་པར་བྱ་བའི་ཕྱིར་མངོན་སུམ་ཚད་མར་ཁས་ལེན་ན་ནི་དེའི་ཚེ་དངོས་པོར་གྲུབ་པ་ཉིད་དེ། འདི་ལྟར་མངོན་སུམ་གྱི་ཚད་མའི་མཚན་ཉིད་ནི་རྟོག་པ་དང་བྲལ་ཞིང་མ་ནོར་བ་ཞེས་བྱ་བ་ཡིན་ནོ། །མ་ནོར་བའི་ཤེས་པས་གཏན་ལ་ཕབ་པའི་དངོས་པོའི་ངོ་བོ་ཉིད་དག་ཀྱང་ཇི་ལྟར་རྗེས་སུ་དཔག་པས་བསལ་བར་བྱ་ནུས། དེ་སེལ་ན་ནི་མངོན་སུམ་ལ་གནོད་པ་བྱས་པར་འགྱུར་རོ། །དེ་ལ་གནོད་ན་ནི་རྗེས་སུ་དཔག་པ་ཡང་ལེགས་པར་མི་གནས་པར་འགྱུར་རོ། །རྗེས་སུ་དཔག་པས་མངོན་སུམ་དེ་ཉིད་ལས་འབྲེལ་པ་ཐོབ་ནས་ཡང་དེ་ཉིད་ལ་གནོད་པ་བྱེད་དོ་ཞེས་བྱ་བ་འདི་ལས་རིགས་པ་གཞན་ཅི་ཞིག་ཡོད་པར་འགྱུར། འོན་ཏེ་མངོན་སུམ་དུ་གྲུབ་པའི་དོན་ལ་རྗེས་སུ་དཔག་པས་གནོད་པར་མི་བྱེད་ན་ནི་དེའི་ཚེ་ཐོབ་པར་བྱ་བ་ཐོབ་པ་ཉིད་ཀྱི་ཕྱིར་དངོས་པོར་སྨྲ་བ་རྣམས་ལེགས་པར་གནས་པ་ཁོ་ན་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་བསལ་བ་ཡིན་ཏེ། འདི་ལྟར་མངོན་སུམ་ནི་སློབ་དཔོན་རྣམས་ཀྱིས་རྣམ་པ་གཉིས་སུ་རྣམ་པར་ཕྱེ་སྟེ། རྣལ་འབྱོར་པ་རྣམས་ཀྱི་དང་ཕལ་པ་དག་གིའོ། །དེ་ལ་ཕལ་པ་དག་གི་མངོན་སུམ་གང་ཡིན་པ་དེ་ནི་དོན་དམ་པ་པའི་དབང་དུ་བྱས་ནས་མ་ནོར་བ་ཞེས་མི་བྱའོ། །དེ་ལྟར་མ་ཡིན་ན་ཐམས་ཅད་རྣལ་འབྱོར་པ་ཁོ་ནར་འགྱུར་གྱི་ཚུ་རོལ་མཐོང་བ་ནི་མ་ཡིན་ནོ། །རྣལ་


DTG107_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པའི་མངོན་སུམ་ལས་ཕལ་བའི་མངོན་སུམ་བྱེ་བྲག་ཡོད་པར་ཡང་མི་འགྱུར་བས་ཐ་སྙད་ཀྱི་སྒོ་ནས་རྨི་ལམ་ལ་སོགས་པ་བཞིན་དུ་ཇི་ལྟར་གྲགས་པའི་དོན་ལ་མི་སླུ་བ་ཙམ་ལས་དེ་མ་འཁྲུལ་པ་ཞེས་བྱ་བར་ཟད་དོ། །ཉན་ཐོས་ལ་སོགས་པའི་རྣལ་འབྱོར་པའི་མངོན་སུམ་གང་ཡིན་པ་དེ་ནི་གང་ཟག་ལ་བདག་མེད་པ་ཙམ་མངོན་སུམ་དུ་བྱེད་པར་ཞུགས་པའི་ཕྱིར་དེ་ལ་མི་སླུ་བ་ཉིད་ཀྱིས་མངོན་སུམ་གྱི་ཚད་མ་ཡིན་གྱི། རྣམ་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྤྱོད་ཡུལ་གྱི་ཕྱིར་ནི་མ་ཡིན་ནོ། །བཅོམ་ལྡན་འདས་རྣམས་ཁོ་ནའི་མངོན་སུམ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྤྱོད་ཡུལ་ཡིན་པའི་ཕྱིར་དངོས་སུ་དེ་མི་སླུ་བ་ཁོ་ན་ཡིན་པས་རྣམ་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་དབང་དུ་བྱས་ཏེ་མ་ནོར་བ་ཡིན་ཏེ། དེ་ཉིད་རྣམ་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལ་མི་སླུ་བས་དངོས་སུ་མ་ནོར་བ་ཡིན་ཏེ། དེས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཐམས་ཅད་མཚན་ཉིད་མེད་པར་རབ་ཏུ་མཁྱེན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་དངོས་པོ་ཉིད་དུ་ཐལ་བ་ཡང་མ་ཡིན་ཏེ། དེ་ཡང་ཆོས་ཐམས་ཅད་ཀྱི་ནང་དུ་འདུས་པའི་ཕྱིར་དེ་དག་གིས་མཚན་ཉིད་མེད་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་དུ་མངོན་སུམ་གྱི་མཚན་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་ཏེ། དེ་ཡང་དེ་བཞིན་གཤེགས་པ་རྣམས་ཀྱིས་མཚན་ཉིད་མེད་པ་ཞེས་བྱ་བར་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་གསུངས་པ་ལྟ་བུའོ། །དེ་ལ་མངོན་སུམ་གྱི་སྤྱོད་ཡུལ་གྱི་དོན་ཐ་སྙད་པ་རྨི་ལམ་ལ་སོགས་པ་བཞིན་དུ་བརྫུན་པར་སྣང་བ་ལ་ཡང་བྱིས་པ་རྣམས་ཀྱིས་དངོས་སུ་དོན་དམ་པ་པའི་ངོ་བོ་ལ་སོགས་པར་སྒྲོ་བཏགས་པ་གང་ཡིན་པ་དེ་ལ་རྗེས་སུ་དཔག་པས་གནོད་པར་བྱེད་ཀྱི། མཐོང་བ་ལ་སོགས་པའི་དོན་ཐ་སྙད་ལ་ཡང་གནོད་པར་བྱེད་པ་ནི་མ་ཡིན་ནོ། །དེའི་ཕྱིར་གང་ལ་མ་འཁྲུལ་པ་དེ་ནི་མངོན་སུམ་ཡིན་པས། དེ་ལ་རྗེས་སུ་དཔག་པས་གནོད་པ་མེད་དོ། །བདེན་པའི་ངོ་བོ་ལ་སོགས་པར་སྒྲོ་བཏགས་པ་གང་ལ་གནོད་པ་དེ་ནི་དེ་ལ་མ་འཁྲུལ་པ་མ་ཡིན་པས་མངོན་སུམ་ལ་སྐུར་བ་འདེབས་པར་ཐལ་བ་མ་ཡིན་ནོ། །རྗེས་སུ་


DTG107_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་པས་ཚུ་རོལ་མཐོང་བའི་མངོན་སུམ་ལས་འབྲེལ་པ་ཐོབ་ཀྱང་དོན་དམ་པ་པའི་ངོ་བོ་ཉིད་དུ་ཐོབ་པ་ནི་མ་ཡིན་ནོ། །འོན་ཀྱང་ཀུན་རྫོབ་པ་ཁོ་ནར་ཡིན་ཏེ། ཕ་རོལ་མ་ཡིན་པ་མཐོང་བ་རྣམས་ཀྱིས་དངོས་པོའི་ངོ་བོ་ཉིད་ཡང་དག་པ་པ་མངོན་སུམ་དུ་སོ་སོར་མི་མྱོང་བའི་ཕྱིར་རོ། །དེས་ན་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཀུན་རྫོབ་པ་ལ་ཡང་གནོད་པ་ནི་མི་བྱེད་ཀྱི། འོན་ཀྱང་དེ་ལ་བདེན་པའི་རྣམ་པ་ཉིད་དུ་སྒྲོ་བཏགས་པ་སེལ་བའི་ཕྱིར་རབ་ཏུ་སྒྲུབ་པར་བྱེད་པ་ཁོ་ན་ཡིན་ནོ། །དེའི་ཕྱིར་དངོས་པོར་སྨྲ་བ་དོན་མེད་པ་ལ་དོན་དུ་གྱུར་པར་མངོན་པའི་ང་རྒྱལ་ཅན་རྣམས་ཇི་ལྟར་ལེགས་པར་གནས་པ་ཞེས་བྱ་བར་འགྱུར། རྣམ་པ་གཅིག་ཏུ་ན་གལ་ཏེ་རྗེས་སུ་དཔག་པས་ཐ་སྙད་ཀྱི་སྒོ་ནས་མངོན་སུམ་ཁོ་ན་ལས་འབྲེལ་པ་ཐོབ་ནས་གནས་ཐོབ་པ་དང་ཤིང་གཉིས་དྲུད་པ་ལས་མེ་བྱུང་བ་བཞིན་དུ་མངོན་སུམ་དེ་ཉིད་ལ་ཡང་དག་པར་གནོད་པ་བྱེད་པར་གྱུར་ན་གནོད་པ་བྱེད་དུ་ཟད་དེ། ཁོ་བོ་ཅག་ལ་ནི་དེ་ཙམ་གྱིས་ཅུང་ཟད་ཀྱང་མི་འདོད་པར་བསྒྲུབ་པ་མེད་དོ། །འདི་ལྟར་འགྲོ་བའི་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་མེའི་བུད་ཤིང་ཉིད་དུ་གྱུར་ལ། དེ་བརྫུན་པའི་བུད་ཤིང་འདི་ཐམས་ཅད་བསྲེགས་ཏེ། རྣམ་པར་འབྱེད་པའི་མེ་རབ་ཏུ་ཞི་བས་མྱ་ངན་ལས་འདས་པའི་མཆོག་རྟོག་པ་ཉེ་བར་ཞི་བའི་མཚན་ཉིད་རྟོགས་པར་འགྱུར་བ་ནི་འདོད་པ་ཁོ་ན་སྟེ། དེ་སྐད་དུ། འགྲོ་བའི་ཆོས་ཀུན་རྣམ་ཤེས་ཀྱི། །མེ་ཡི་བུད་ཤིང་ཡིན་པར་འདོད། །དེ་དག་ཇི་བཞིན་རྣམ་འབྱེད་པའི། །མེ་ཡིས་བསྲེགས་ནས་ཉེར་ཞིར་འགྱུར། །ཞེས་བཤད་པ་ལྟ་བུའོ། །དེའི་ཕྱིར་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྐྱེས་ན་རྗེས་སུ་དཔག་པའི་མཚན་ཉིད་ཀྱི་རྣམ་པར་རྟོག་པ་ལྡོག་པར་གྱུར་ཅིང་རྟེན་མེད་མོད་ཀྱི། འོན་ཀྱང་མི་འདོད་པར་འགྱུར་བ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་འཕགས་པ་དཀོན་མཆོག་བརྩེགས་པ་ལས། ཡང་དག་སར་སོ་སོར་རྟོག་པ་རྣམ་པར་རྟོག་པ་དང་བཅས་པ་ཉིད་ཡིན་ཡང་འབྲས་བུ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བའི་ཕྱིར་འབྲས་བུ་ཆེ་བ་ཉིད་དུ་ཤིང་གཉིས་དྲུད་པ་ལས་བྱུང་བའི་མེའི་དཔེས་རབ་ཏུ་སྟོན་པར་མཛད་དོ། །གཞན་ཡང་གང་འདི་སྐད་དུ་གལ་ཏེ་


DTG107_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་གྲུབ་པར་བྱ་བའི་ཕྱིར་གཏན་ཚིགས་ཡོད་པའི་ཆོས་ཤིག་སྟོན་ན་ནི་དེའི་ཚེ་དེ་ལས་བཟློག་པ་སྒྲུབ་པའི་ཕྱིར་གཏན་ཚིགས་འགལ་བ་ཡིན་ནོ། །འོན་ཏེ་མེད་པའི་ཆོས་ཤིག་ཡིན་ན་ནི་དེའི་ཚེ་མེད་པ་དང་དངོས་པོ་མེད་པར་ཕན་ཚུན་འབྲེལ་པ་མེད་པའི་ཕྱིར་ཇི་ལྟར་ན་སྒྲུབ་པ་ཉིད་ཡིན། འོན་ཏེ་གཉི་གའི་ཆོས་ཤིག་ཡིན་ན་ནི་དེ་ཡང་མ་ངེས་པ་ཡིན་པའི་ཕྱིར། གཏན་ཚིགས་མ་ཡིན་པ་ཁོ་ནའོ་ཞེས་བརྒལ་བ་གང་ཡིན་པ་དེ་ཡང་འབྲེལ་པ་མེད་པ་ཁོ་ན་སྟེ། འདི་ལྟར་འདི་ནི་རིགས་པ་ཤེས་པ་རྣམས་ཀྱིས་ཡོད་པ་དང༌། མེད་པ་དང༌། གཉི་གའི་ཆོས་རྣམས་དོན་དམ་པར་ཡོད་པ་བསྒྲུབ་པ་ལ་གཏན་ཚིགས་ཉིད་དུ་མི་སྲིད་དོ་ཞེས་བརྗོད་པ་ཡིན་གྱི། སྤྱིའི་ཆོས་ངོ་བོ་ཉིད་མེད་པ་ལ་སོགས་པའི་མཚན་ཉིད་སྒྲུབ་པ་ལ་ནི་མ་ཡིན་ནོ། །དེ་ལྟ་ན་ནི་གཞན་གྱིས་ཀུན་བརྟགས་པ་དབང་ཕྱུག་ལ་སོགས་པའི་ངོ་བོ་མེད་པར་སྒྲུབ་པ་ལ་ཡང་ཀླན་ཀ་འདི་ཐམས་ཅད་ཅི་སྟེ་འབྱུང་བར་མི་འགྱུར། དེ་ལ་ཇི་ལྟར་དབང་ཕྱུག་ལ་སོགས་པ་ལ་དངོས་པོ་ལ་ཁྱབ་པར་བྱེད་པའི་ཆོས་ནུས་པ་ལ་སོགས་པ་བཀག་པས་དངོས་པོའི་དེ་ཁོ་ན་ཉིད་དུ་སྒྲོ་བཏགས་པ་འགོག་པར་བྱེད་པ་ལ་ཡང་མེད་པའི་ཆོས་འབྲེལ་བ་མེད་པ་མ་ཡིན་པ་དེ་བཞིན་དུ་ཁོ་བོ་ཅག་རྒྱུ་དང་འབྲས་བུའི་དངོས་པོ་ལ་སོགས་པ་ཁྱབ་པར་བྱེད་པ་བཀག་པས་དངོས་པོའི་ཆོས་ཡང་དག་པར་སྒྲོ་བཏགས་པ་དགག་པ་སྒྲུབ་པར་བྱེད་པ་ལ་ཡང་བསྒྲུབ་པར་བྱ་བ་དང༌། སྒྲུབ་པ་དག་ཅིའི་ཕྱིར་འབྲེལ་པ་མེད། དེ་ལྟ་མ་ཡིན་ན་གཙོ་བོ་ལ་སོགས་པ་གང་ཡང་དགག་པར་བྱ་བར་མི་འགྱུར་ཏེ། འདི་ལྟར་རེ་ཞིག་དངོས་པོའི་ངོ་བོ་ཉིད་ཡོད་པ་ལ་ནི་དེར་བྱ་བར་མི་ནུས་པ་ཁོ་ནའོ། །མེད་པ་ལ་ཡང་གལ་ཏེ་འབྲེལ་བ་མེད་པའི་ཕྱིར་འདི་མི་ནུས་ན་འདི་གང་ལ་ནུས་པར་འགྱུར། དངོས་པོ་མེད་པ་ཞེས་བྱ་བ་གང་ཡང་དག་པ་པའི་འབྲེལ་པར་འགྱུར་བ་ནི་འགའ་ཡང་མེད་དེ། ཁྱབ་པར་བྱེད་པ་བཀག་པས་ཁྱབ་པར་བྱ་བ་ལྡོག་པ་ཙམ་སྟོན་པར་བྱེད་པ་འབའ་ཞིག་ཏུ་ཟད་དོ། །ཇི་ལྟར་དངོས་པོ་ཡོད་པ་ལ་ཡང་ཆོས་དང༌། ཆོས་ཅན་གྱི་དངོས་པོ་འདི་ཐམས་ཅད་ཀུན་བརྟགས་པ་ཁོ་ནར་རྣམ་པར་འཇོག་པ་དེ་བཞིན་དུ་དངོས་པོ་མེད་པ་ལ་ཡང་ཅི་སྟེ་རྣམ་པར་མི་གཞག།


DTG107_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་གང་དག་ལ་ནམ་ཡང་དངོས་པོའི་རང་གི་ངོ་བོའི་མཚན་ཉིད་ཀྱི་དངོས་པོའི་བདག་ཉིད་དོན་དམ་པ་པ་འགའ་ཡང་རབ་ཏུ་མ་གྲུབ་ལ། དེ་མ་གྲུབ་ན་ནི་དེ་བཞིན་དུ་གྱུར་པའི་དངོས་པོའི་མཚན་ཉིད་ཡིན་པའི་ཕྱིར་དངོས་པོ་མེད་པ་ཡང་མ་གྲུབ་པ་ཁོ་ན་ཡིན་ཏེ། དེའི་ཕྱིར་དེ་དག་ལ་ཡང་དག་པར་ན་ཆོས་ཡོད་པ་དང་མེད་པ་དང་གཉི་གའི་མཚན་ཉིད་ཀྱི་གཏན་ཚིགས་འགའ་ཡང་གང་དུ་ཡང་མི་སྲིད་པའི་ཕྱིར་ཇི་ལྟར་དེ་དག་ལ་དེས་བརྒལ་ཞིང་བརྟག་པའི་རིགས་ཏེ། དངོས་པོ་ཐམས་ཅད་ནི་སྒྱུ་མ་ལ་སོགས་པ་ལྟ་བུར་ཡོད་པ་དང་མེད་པ་དང་གཉི་གའི་ངོ་བོ་ཉིད་ལས་ཡང་དག་པར་འདས་པ་ཡིན་ནོ། །དེའི་ཕྱིར་དེ་དག་ནི་ཡོད་པ་དང་དགག་པ་སྒྲུབ་པའི་ཕྱིར་གཏན་ཚིགས་རང་དང་མཐུན་པའི་ཕྱིར་ཇི་ལྟར་གྲགས་པ་རྒོལ་བ་དང་ཕྱིར་རྒོལ་བ་དག་ལ་ཡང་དག་པར་གྲུབ་པ་དེ་མེད་ན་མི་འབྱུང་བ་ཁོ་ན་སྨོས་པར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་འདི་ལ་ཆོས་དང༌། ཆོས་ཅན་དང་འགལ་བ་དང༌། ཁྱབ་པར་བྱ་བ་དང༌། ཁྱབ་པར་བྱེད་པ་དང༌། རང་བཞིན་དང་འབྲས་བུ་ལ་སོགས་པ་ཇི་ལྟར་སྣང་བ་བཞིན་རྣམ་པར་གཞག་པ་ཐམས་ཅད་མི་འགལ་བ་ཉིད་དོ། །དེའི་ཕྱིར་མཁས་པ་རྣམས་ཀྱིས་ལྟ་བ་འདི་ལ་ཁ་ཅིག་ཆོས་དང་ཆོས་ཅན་འགལ་བ་ལ་སོགས་པས་ཕྱིར་རྒོལ་བར་བྱེད་པ་གང་ཡིན་པ་དེ་ཐམས་ཅད་ནི་དེ་དག་གི་ཐ་སྙད་དང༌། དོན་དམ་པའི་ཚུལ་མ་རིག་པའི་ཕྱིར་བརྫི་བར་མི་འགྱུར་རོ་ཞེས་བྱ་བར་གཟུང་བར་བྱའོ། །གང་ཡང་དེ་ནི་ཚིག་ཙམ་གྱིས་འགྲུབ་པར་ཡང་མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་ཁས་མི་ལེན་པའི་ཕྱིར་སུན་འབྱིན་པ་མ་ཡིན་པ་ཉིད་དེ། ཁོ་བོ་ཅག་ཀྱང་ཚིག་ཙམ་གྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྒྲུབ་པ་ཡང་མ་ཡིན་ལ། ཐལ་བར་སྒྲུབ་པ་ཙམ་གྱིས་ཀྱང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཡང་དག་པའི་ཚད་མ་ཉིད་ཀྱིས་སྒྲུབ་བོ། །འདི་ལྟར་དངོས་པོ་རྣམས་ལ་དོན་དམ་པའི་ངོ་བོ་ཉིད་གཅིག་ཡོད་པར་གྱུར་ན་རྣམ་པ་གཉིས་ཁོ་ནར་འགྱུར་ཏེ། ཐམས་ཅད་རྒྱུ་དང་རྐྱེན་ལ་རག་ལས་ཏེ། སྐྱེ་བའི་ཕྱིར་མི་རྟག་པའི་ངོ་བོ་ཉིད་ཡིན་ཏེ། དཔེར་ན་མདོ་སྡེ་པ་དང༌། རྣལ་འབྱོར་སྤྱོད་པ་པ་རྣམས་འདོད་པ་ལྟ་བུ་ཞིག་གམ། རང་བཞིན་གྱིས་


DTG107_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་གྲུབ་པའི་བདག་ཉིད་ཀྱི་ཕྱིར་བརྟེན་པའི་ཁོངས་སུ་གཏོགས་པ་ཞིག་ཡིན་ཏེ། དཔེར་ན་མུ་སྟེགས་ཅན་ལ་སོགས་པ་དག་གིས་བདག་ལ་སོགས་པ་ཀུན་བརྟགས་པ་ལྟ་བུ་ཞིག་ཡིན་གྲང༌། རྟག་པ་དང་མི་རྟག་པ་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་ཕུང་པོ་གསུམ་པ་ནི་མེད་དོ། །ངོ་བོ་ཉིད་འདིར་རྣམ་པ་གཉི་ག་ཡང་དོན་དམ་པ་པར་མི་རུང་སྟེ། དེ་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་དང༌། གནོད་པར་བྱེད་པ་ཡང་སྲིད་པའི་ཕྱིར་རོ། །འདི་ལྟར་མངོན་སུམ་མམ། རྗེས་སུ་དཔག་པ་ཞིག་སྒྲུབ་པར་བྱེད་པའི་ཚད་མ་ཡིན་པར་འགྱུར་གྲང་ན། དེ་ལ་དངོས་པོའི་ངོ་བོ་ཉིད་དང་པོ་ནི་གཉི་གས་ཀྱང་ཡང་དག་པར་འགྲུབ་པ་མེད་དོ། །འདི་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་ན། དེ་འགྲུབ་པར་འགྱུར་བ་ཞིག་ན། རྒྱུ་དང་འབྲས་བུའི་དངོས་པོ་དེ་ཡང་རེ་ཞིག་མངོན་སུམ་གྱི་སྒོ་ནས་ནི་དོན་དམ་པར་མི་འགྲུབ་པོ། །དེ་ནི་དབང་པོ་ལས་བྱུང་བའི་མངོན་སུམ་མམ། རང་རིག་པའི་མངོན་སུམ་གྱིས་འགྲུབ་གྲང་ཚུ་རོལ་མཐོང་བ་རྣམས་རྣལ་འབྱོར་པའི་མངོན་སུམ་གྱིས་ཐ་སྙད་མི་འདོགས་པའི་ཕྱིར་དང༌། ཡིད་ཀྱི་མངོན་སུམ་གང་ལ་ཡང་མ་གྲགས་པའི་ཕྱིར་དེ་དག་གིས་ནི་དེ་འགྲུབ་པར་ནི་མི་བསམ་མོ། །དེ་ལ་རེ་ཞིག་དབང་པོའི་མངོན་སུམ་གྱིས་ནི་དེ་མི་འགྲུབ་སྟེ། དེ་དོན་གཞན་ཡུལ་ཉིད་དུ་ཉེ་བར་བརྗོད་པའི་ཕྱིར་ལ། དོན་གཞན་རྒྱུ་དང་འབྲས་བུར་གྱུར་པ་ཡང་དོན་དམ་པར་ཤེས་པས་འཛིན་པར་མི་རུང་བའི་ཕྱིར་རོ། །འདི་གང་གིས་ན་རྣམ་པར་ཤེས་པས་རང་གི་ངོ་བོ་བཞིན་དུ་གཞན་ཡང་ཤེས་པར་འགྱུར་བ་གཞན་གྱིས་ངོ་བོ་ནི་གཞན་མ་ཡིན་ལ། གཞན་དང་གཞན་མ་ཡིན་པ་དག་ནི་ཕན་ཚུན་འགལ་བའི་ཕྱིར་རོ། །དེའི་རྣམ་པར་སྐྱེས་པ་ཙམ་གྱིས་རྣམ་པར་ཤེས་པས་གཞན་རིག་གོ་ཞེས་བྱ་བར་ཡང་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ནི་བུམ་པ་ལ་སོགས་པ་གང་ཅུང་ཟད་རྣམ་པ་གཞན་གྱི་རྗེས་སུ་བྱེད་པ་འབྱུང་བ་དེ་ཐམས་ཅད་ཀྱང་ཕན་ཚུན་དུ་ངོ་བོ་ཉིད་འཛིན་པར་འགྱུར་རོ། །དེའི་རྣམ་པ་ཅན་གང་ཡིན་པ་ནི་ཤེས་པའི་ངོ་བོ་ཡིན་ནོ་ཞེས་ཁྱད་པར་བརྗོད་ཀྱང་རྣམ་པར་ཤེས་པ་ལ་ནི་གང་གིས་ན་འདྲ་བ་


DTG107_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་རྣམ་པར་ཤེས་པ་ཁོ་ནས་གཞན་རིག་པར་འགྱུར་གྱི། བུམ་པ་ལ་སོགས་པས་ནི་མ་ཡིན་ནོ་ཞེས་རྣམ་པར་དབྱེ་བར་འགྱུར་བའི་ཁྱད་པར་ནི་འགའ་ཡང་མི་འགྱུར་ཏེ། འདི་ལྟར་དེ་དག་ཤེས་པའི་ངོ་བོ་ཉིད་ཡིན་ཡང་རང་གི་ངོ་བོར་གནས་པའི་ཕྱིར་གཞན་ལ་ཅུང་ཟད་ཀྱང་མི་བྱེད་པར་འདྲ་བའི་ཕྱིར་རོ། །ཁྱད་པར་མེད་ན་དོན་བྱེད་པ་དོན་དུ་གཉེར་བ་རྣམས་ཀྱིས་དངོས་པོ་རྣམས་རང་དགའི་རྗེས་སུ་བྱེད་པའི་ཁྱད་པར་ཙམ་གྱིས་རྣམ་པར་སྦྱར་ཀྱང་སོ་སོར་ངེས་པའི་དོན་བྱེད་པའི་རང་བཞིན་རྣམས་ནི་གང་དུ་ཡང་ཐམས་ཅད་སྒྲུབ་པར་མི་ནུས་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཟློས་གར་མཁན་དང༌། ཟླ་བ་དང༌། གྱད་ལ་ལྟ་བ་ལྟ་བུ་མང་པོ་རྣམས་གཅིག་ལ་ལྟ་བ་དེའི་རྣམ་པར་ཤེས་པ་དག་ལ་ཡང་ཕན་ཚུན་འདྲ་བ་སྲིད་པའི་ཕྱིར་དང༌། ཤེས་པའི་ངོ་བོ་ཉིད་དུ་མཚུངས་པའི་ཕྱིར་དེ་དག་ཀྱང་ཕན་ཚུན་མངོན་སུམ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལས་བྱུང་བ་ཡིན་ན་ཞེས་ཁྱད་པར་གཞན་བརྗོད་ཀྱང་དོན་གཞན་མངོན་སུམ་ཉིད་དུ་གཏད་པར་ཡང་ནུས་པ་མ་ཡིན་ཏེ། ཁྱད་པར་འདོད་པ་ཙམ་གྱིས་ཉེ་བར་བརྟགས་པ་ཡིན་པས་ཁྱད་པར་རབ་ཏུ་མ་གྲུབ་པའི་ཕྱིར་རོ། །གཞན་ཡང་གཞན་དུ་གྱུར་པ་མངོན་སུམ་ཉིད་དུ་གྲུབ་ན་ནི་ཤེས་པའི་ཁྱད་པར་དེ་དང་འདྲ་བ་དང༌། དེ་ལས་བྱུང་བའི་མཚན་ཉིད་འགྲུབ་པར་འགྱུར་བ་ཞིག་ན། གང་གི་ཚེ་ཤེས་པས་གཞན་ཇི་ལྟར་འཛིན་ཞེས་རྣམ་པར་སྤྱོད་པ་བྱེད་པ་ན་དོན་གཞན་མངོན་སུམ་ཉིད་དུ་མ་གྲུབ་པ་ཁོ་ན་ཡིན་ན་དེའི་ཚེ་ཇི་ལྟར་ན་མ་གྲུབ་པའི་ངོ་བོའི་ཁྱད་པར་གྱིས་གྲུབ་པའི་ལམ་གྱི་ཁྱད་པར་དག་སྒྲུབ་པར་འགྱུར་ཏེ་ཞེས་བཤད་པ་ལྟ་བུའོ། །རྣམ་པར་ཤེས་པའི་སྐད་ཅིག་མཚུངས་པ་དེ་མ་ཐག་པའི་རྐྱེན་དོན་མཐུན་པའི་སྟོབས་ལས་བྱུང་བ་ལས་སྐྱེ་བ་ཕྱི་མ་ཕྱི་མ་རྣམས་ཀྱང་ཤེས་པའི་སྐད་ཅིག་སྔ་མ་སྔ་མ་ལ་ལྟོས་ནས་དེ་ལས་བྱུང་བ་དང་འདྲ་བར་སྲིད་པའི་ཕྱིར་སྔ་མ་རྣམས་ཤེས་པ་ཕྱི་མའི་གཟུང་བ་ཉིད་དུ་ཐལ་བ་བཟློག་དཀའ་བ་ཉིད་དོ། །གཞན་ཡང་རེ་ཞིག་གང་དག་ཕྱི་རོལ་གྱི་དོན་ཡན་ལག་ཅན་ལ་སོགས་པའི་དངོས་པོ་མངོན་སུམ་དུ་འདོད་པ་དེ་དག་གི་ལྟ་བ་ལ་ཡང་དེ་ཇི་ལྟར་རང་གི་གྲུབ་པའི་མཐའ་ལས་ཉེ་བར་བརྟགས་པ་དེ་བཞིན་དུ་མངོན་


DTG107_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་དུ་སྣང་བ་མྱོང་བ་མེད་དེ། །ནམ་ཡང་ཡན་ལག་ཅན་དུ་རྟོགས་པ་དེའི་རྣམ་པ་ཅན་གྱི་ཤེས་པ་མངོན་སུམ་དུ་མྱོང་བ་ནི་མེད་ཀྱི། རྟག་ཏུ་ལག་པ་ལ་སོགས་པའི་ཡན་ལག་གི་ཚོགས་དུ་མའི་རྣམ་པ་ཅན་གྱི་ཤེས་པ་སོ་སོར་མྱོང་བའི་ཕྱིར་རོ། །སྔོན་པོ་ལ་སོགས་པའི་ཡོན་ཏན་ལ་སོགས་པ་ཡན་ལག་ཅན་ལ་ཡོད་པའི་རྣམ་པ་ཅན་གྱི་ཤེས་པ་ཉམས་སུ་མྱོང་བ་ཡང་མེད་དེ། རྟེན་མངོན་སུམ་ཉིད་མ་ཡིན་ན་དེ་ལ་ཡོད་པའི་ཡོན་ཏན་ལ་སོགས་པ་འབའ་ཞིག་མི་འཛིན་པའི་ཕྱིར་རོ། །འཆི་ལྟས་དང༌། མིག་སྔོན་དང༌། མིག་སེར་དང༌། རབ་རིབ་ལ་སོགས་པས་མིག་ཉམས་པ་རྣམས་དང༌། ཡུལ་རིང་བ་དང་ཉེ་བ་ལ་སོགས་པ་ན་གནས་པ་རྣམས་དངོས་པོ་གཅིག་ལ་ཡང་རྣམ་པ་ཕན་ཚུན་མི་མཐུན་པ་དུ་མ་ཅན་གྱི་རྣམ་པར་ཤེས་པ་སྐྱེ་བའི་ཕྱིར་སེམས་དག་ལ་ཕྱི་རོལ་གྱི་ཡན་ལག་ཅན་ལ་སོགས་པར་གཏོགས་པའི་འདྲ་བ་ཡོད་པ་ཡང་མ་ཡིན་ཏེ། དེ་ཐ་དད་པར་ཐལ་བར་འགྱུར་བའི་ཕྱིར་དེ་སྙེད་ཀྱི་འདིའི་ངོ་བོ་ཉིད་དམ། ཡོན་ཏན་ལ་སོགས་པ་སྐྱེས་པ་ནི་མེད་དོ། །ཡོན་ཏན་ལ་སོགས་པའི་ཆོས་འགལ་བ་དང་ལྡན་པ་ཡང་གཅིག་པ་ཉིད་ཡིན་ན་ནི་སྣ་ཚོགས་ཀྱང་གཅིག་པ་ཉིད་དུ་ཐལ་ལ། གགས་བྱེད་པ་མེད་པའི་ཕྱིར་ཡོན་ཏན་ལ་སོགས་པའི་ཆོས་མཐའ་དག་ཀྱང་ཐམས་ཅད་ཀྱི་མངོན་སུམ་ཉིད་དུ་ཐལ་བ་ཡིན་ནོ། །རྨི་ལམ་ལ་སོགས་པ་དག་ན་སྔོན་པོ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་དོན་གཞན་དེ་ལྟ་བུ་མེད་ཀྱང་སྔོན་པོ་ལ་སོགས་པར་སྣང་བའི་ཤེས་པ་དེ་ལྟ་བུ་སོ་སོར་མྱོང་བས་འཁྲུལ་པ་ཉིད་ཀྱི་ཕྱིར་ཡང་རྣམ་པའི་དབང་གིས་དོན་གཞན་འཛིན་པར་རྣམ་པར་གཞག་པར་རིགས་པ་མ་ཡིན་ནོ། །གང་དག་སྔོན་པོ་ལ་སོགས་པའི་དོན་རྡུལ་ཕྲ་རབ་བསགས་པའི་བདག་ཉིད་མངོན་སུམ་དུ་སྨྲ་བ་དེ་ལ་ཡང་ཉེས་པ་མཚུངས་པ་ཉིད་དེ། དངོས་པོ་ཕྲ་མོ་ཡན་ལག་མེད་པ་རྣམ་པ་དུ་མ་ཅན་གྱི་ཤེས་པ་སོ་སོར་མི་མྱོང་བའི་ཕྱིར་དང༌། ཚོགས་པ་གཅིག་པ་རྣམས་ཡུལ་ཉིད་དུ་ཁས་ལེན་པའི་ཕྱིར་དང༌། རྟག་ཏུ་རྨི་ལམ་ལ་སོགས་པ་བཞིན་དུ་རགས་པར་སྣང་བའི་ཤེས་པ་སོ་སོར་མྱོང་བའི་ཕྱིར་དང༌། འདུས་པ་ཅན་དག་ལས་འདུས་པ་དོན་གཞན་མ་ཡིན་པའི་ཕྱིར་དང༌། འདུས་པ་རྣམ་པར་རྟོག་པས་ཉེ་བར་བརྟགས་པ་ཡང་དངོས་པོ་མེད་པའི་ཕྱིར་རོ། །


DTG107_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

རགས་པར་འཁྲུལ་པ་དངོས་པོ་དུ་མ་འདབ་ཆགས་སུ་གནས་པ་འཛིན་པས་ཉེ་བར་བསྐྱེད་པ་ཉིད་ཡིན་ན་ནི་དེའི་ཚེ་ཤེས་པ་ཡང་འཁྲུལ་པའི་ཕྱིར་ཚད་མ་མ་ཡིན་པར་ཐལ་ཏེ། འདི་ལྟར་གལ་ཏེ་རགས་པར་འཁྲུལ་པ་འདི་ཡིད་ཁོ་ནས་ཀུན་བརྟགས་པ་ཞིག་ཡིན་ན་ནི་དེའི་ཚེ་འདི་གསལ་བར་མི་སྣང་བ་ཉིད་དུ་ཐལ་བར་འགྱུར་ཏེ། རྣམ་པར་རྟོག་པའི་ཡུལ་ནི་དུས་ཐམས་ཅད་དུ་མི་གསལ་བ་ཉིད་ཀྱི་ཕྱིར་རོ། །འོན་ཏེ་དབང་པོའི་ཤེས་པའི་ཁོངས་སུ་གཏོགས་པ་ཞིག་ཡིན་ན་ནི་དེའི་ཚེ་རྡུལ་ཕྲ་རབ་རྣམས་རྟག་ཏུ་མི་འཛིན་པ་ཁོ་ནར་ཐལ་བ་ཡིན་ཏེ། དུས་ཐམས་ཅད་དུ་དེའི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་མི་སྐྱེ་བ་ཉིད་ཀྱི་ཕྱིར་རོ། །རགས་པར་འཁྲུལ་པ་དེ་འཛིན་པ་སྔོན་དུ་འགྲོ་བ་ཉིད་དུ་ཡང་འགྲུབ་པར་མི་འགྱུར་ཏེ། དང་པོ་ཁོ་ནར་རགས་པར་འཁྲུལ་པ་སྐྱེ་བར་ཁས་ལེན་པའི་ཕྱིར་རོ། །ཚད་མ་གཞན་གྱི་སྒོ་ནས་རྡུལ་ཕྲ་རབ་དག་གྲུབ་ན་རགས་པར་འཁྲུལ་པ་དེ་འཛིན་པས་བྱས་པ་ཉིད་དུ་འགྲུབ་པར་འགྱུར་བ་ཞིག་ན། དེ་མ་གྲུབ་ན་རགས་པར་འཁྲུལ་པ་འདི་དེ་འཛིན་པར་བྱས་སོ་ཞེས་བྱ་བར་ལྟ་ག་ལ་འགྱུར། རྨི་ལམ་ལ་སོགས་པ་ན་རྡུལ་ཕྲ་རབ་འཛིན་པ་མེད་ཀྱང་རགས་པར་འཁྲུལ་པ་མཐོང་བའི་ཕྱིར་འདི་དེ་འཛིན་པ་སྔོན་དུ་འགྲོ་བ་ཉིད་དུ་རིགས་པ་མ་ཡིན་ནོ། །མྱ་ངམ་དག་ན་དངོས་པོ་ཆུང་ངུ་ཡང་ཐག་རིང་པོ་ནས་ཆེན་པོ་ཉིད་དང་ལྡན་པར་སྣང་བ་དང༌། ཐག་རིང་བ་དང་ཉེ་བའི་བྱེ་བྲག་གིས་གསལ་བ་དང་མི་གསལ་བར་སྣང་བའི་བྱེ་བྲག་ཏུ་ཡང་མི་འགྱུར་ཏེ། དངོས་པོ་དེ་གཅིག་པ་ཉིད་ཀྱིས་རྣམ་པ་དེ་ལྟ་བུ་མི་སྲིད་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་རྣམ་པ་རྣམས་ཡང་དག་པ་ཉིད་དུ་འདོད་ན་དེའི་ཚེ་རི་མོ་བརྐྱང་བ་ལ་སོགས་པ་དག་ལ་ཤེས་པའི་རྣམ་པ་སྣ་ཚོགས་ཡིན་པའི་ཕྱིར་རྣམ་པ་བཞིན་དུ་ཐ་དད་པར་ཐལ་བར་འགྱུར་རོ། །གང་གིས་ན་རྣམ་པ་སྣ་ཚོགས་ཉིད་གཞུང་གཟུགས་པའི་ཕྱིར་ཤེས་པ་དུ་མ་སྐྱེ་བར་རྟོགས་པ་ལེགས་པར་འགྱུར་བ་རྣམ་པར་ཤེས་པ་ཡུལ་ལ་བཀྲམ་པ་ལྟ་བུར་འདུག་པར་ཡོངས་སུ་འཛིན་པར་སྐྱེ་བ་ཡང་མེད་དེ། ལུས་ཅན་མ་ཡིན་པ་ལ་ཡུལ་ན་གནས་པ་མི་སྲིད་པའི་ཕྱིར་དང༌། ཡུལ་ན་མི་གནས་པ་རྣམས་ཀྱང་བྱང་དང༌། ཤར་ལ་སོགས་པའི་ཕྱོགས་ཀྱི་བྱེ་བྲག་ཏུ་


DTG107_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བར་མི་རུང་བའི་ཕྱིར་རོ། །དེ་ལྟར་མི་སྐྱེ་ན་ཡང་ཡུལ་ལ་བཀྲམ་པ་ལྟ་བུར་སྣང་བ་མི་སྲིད་པའི་ཕྱིར་རོ། །ཤེས་པ་གཅིག་དང་ངོ་བོ་ཐ་དད་པ་མ་ཡིན་པའི་ཕྱིར་ཤེས་པའི་ངོ་བོ་བཞིན་དུ་རྣམ་པ་རྣམས་ངོ་བོ་ཉིད་གཅིག་པར་ཐལ་བ་ཡང་ཡིན་ནོ། །ཐ་དད་པ་ཡིན་ན་ནི་དེ་དག་ཀྱང་དོན་བཞིན་དུ་ཤེས་པས་འཛིན་པར་མི་འཐད་དེ། དོན་གཞན་ཡིན་པའི་ཕྱིར་རོ། །དེ་འཛིན་པར་བྱ་བའི་ཕྱིར་རྣམ་པ་གཞན་དང་གཞན་དུ་རྟོག་ན་ཡང་རྣམ་པ་རྣམས་ཐུག་པ་མེད་པར་འགྱུར་རོ། །རྣམ་པ་གཞན་དང་གཞན་མྱོང་བ་ཡང་ནམ་ཡང་མེད་དོ། །འོན་ཏེ་དེ་དག་བརྫུན་པའི་ཕྱིར་དེ་ཉིད་རང་གཞན་ཉིད་དུ་བསམ་པར་རིགས་པ་མ་ཡིན་ནོ་སྙམ་དུ་སེམས་ན། འོ་ན་དེའི་ཚེ་དེའི་དབང་གིས་དོན་གཞན་རྣམ་པར་གཞག་པར་རིགས་པ་མ་ཡིན་ཏེ། དེ་དག་ཡང་དག་པ་མ་ཡིན་པའི་ཕྱིར་རོ། །གཟུང་བའི་རྣམ་པ་ཡང་བརྟགས་པ་ཁོ་ནར་འགྱུར་རོ། །གཞན་ཡང་གལ་ཏེ་ཤེས་པའི་འདྲ་བ་བདག་ཉིད་ཐམས་ཅད་ཀྱི་ཡིན་ན་ནི་དེའི་ཚེ་དོན་བཞིན་དུ་ཤེས་པ་ཡང་བླུན་པོའི་ངོ་བོ་ཉིད་དུ་འགྱུར་རོ། །རྣལ་འབྱོར་པ་གཞན་གྱི་སེམས་ཤེས་པ་རྣམས་ཀྱང་འདོད་ཆགས་དང་བཅས་པ་ལ་སོགས་པ་ཉིད་དུ་ཐལ་བར་འགྱུར་ཏེ། གཞན་གྱི་སེམས་འདོད་ཆགས་དང་བཅས་པ་ཉིད་ལ་སོགས་པ་འཛིན་པའི་ཕྱིར་རོ། །ཕྱོགས་གཅིག་གིས་འདྲ་བ་ཡང་མ་ཡིན་ཏེ། གཅིག་ལ་ཆ་ཤས་དང་བཅས་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ལྡོག་པའི་ཐ་དད་པར་ཉེ་བར་བརྟགས་པས་བྱས་པའི་ཕྱོགས་གཅིག་པ་ཉིད་ཡིན་ན་ནི་ཐམས་ཅད་ལ་དངོས་པོ་ལ་སོགས་པའི་འདྲ་བ་སྲིད་པའི་ཕྱིར་ཐམས་ཅད་ཀྱང་ཐམས་ཅད་རིག་པར་བྱེད་པར་འགྱུར་ལ་འདྲ་བ་ཡང་བརྟགས་པར་འགྱུར་གྱི་དོན་དམ་པ་པ་ནི་མ་ཡིན་ནོ། །དེའི་ཕྱིར་འདྲ་བའི་སྒོ་ནས་ཤེས་པ་ངོ་བོ་གཞན་འཛིན་པར་རིགས་པ་པ་མ་ཡིན་ཏེ་དེ་མི་སྲིད་པའི་ཕྱིར་རོ། །འདྲ་བ་ཡོད་དུ་ཟིན་ཀྱང་འོན་ཀྱང་དོན་གཞན་མངོན་སུམ་ཉིད་དུ་ནི་རིགས་པ་མ་ཡིན་ཏེ། ཡུལ་ནི་རྒྱུ་ཡིན་པ་ཉིད་ཀྱིས་ཤེས་པ་ཉམས་སུ་མྱོང་བའི་ཕྱིར་དུས་དེའི་ཚེ་ན་མི་ཉེ་བའི་ཕྱིར་རོ། །ཉེ་བ་ཡིན་ན་ཡང་དེ་མི་འཛིན་པ་ཉིད་དེ། ཤེས་པ་བདག་ཉིད་ལ་ཡོད་པའི་འདྲ་བ་ཁོ་ན་མྱོང་བའི་ཕྱིར་དང༌། གཉིས་པ་དོན་ལ་ཡོད་པའི་རྣམ་པ་མི་སྣང་བའི་ཕྱིར་རོ། །སྣང་ན་ཡང་དེ་ལ་ཡང་བརྒལ་ཞིང་བརྟགས་པ་མཚུངས་


DTG107_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །གལ་ཏེ་དེའི་རྣམ་པ་ཅན་གྱི་ཤེས་པ་ཉམས་སུ་མྱོང་བ་གང་ཡིན་པ་འདི་ཉིད་འདི་འཛིན་པ་ཡིན་ནོ་སྙམ་དུ་སེམས་ན་བརྟགས་པའི་སྒོ་ནས་ཡིན་དུ་ཟད་དེ། འདི་ཙམ་གྱིས་དངོས་པོ་དེ་ལྟ་བུའི་ངོ་བོར་འགྱུར་བ་ནི་མེད་དེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །བྲམ་ཟེའི་ཁྱེའུ་ལ་མེ་ཞེས་ཉེ་བར་བརྟགས་ཀྱང་སྲེག་པ་དང་འཚེད་པ་ལ་སོགས་པ་ལ་རྣམ་པར་སྦྱོར་བ་ནི་མེད་དོ། །རྣམ་པའི་དབང་གིས་དོན་གཞན་རྣམ་པར་འཇོག་ན་ཡང་དེ་རྗེས་སུ་དཔག་པ་ཁོ་ནར་འགྱུར་གྱི། མངོན་སུམ་གྱིས་ནི་མ་ཡིན་ནོ། །གང་གིས་ན་དེ་རྟོགས་པར་འགྱུར་བ་དོན་གཞན་ཉེ་བས་རྣམ་པ་ལ་ཁྱབ་པ་ཡང་མ་ཡིན་ཏེ། རྨི་ལམ་ལ་སོགས་པ་དག་ན་དོན་གཞན་མེད་ཀྱང་རྣམ་པ་དེ་ལྟ་བུ་སྲིད་པའི་ཕྱིར་རོ། །དོན་གཞན་ནི་ཤིན་ཏུ་ལྐོག་ཏུ་གྱུར་བའི་ཕྱིར་དེ་ཤེས་པ་དེའི་རྣམ་པ་ཅན་ནོ་ཞེས་བྱ་བར་ཡང་འགྲུབ་པར་མི་འགྱུར་བ་ཉིད་དོ། །རྒྱུ་ཞེས་བྱ་བ་ནི་བདག་ཉིད་ཀྱི་རྣམ་པ་གཏོད་པར་འབྲས་བུ་སྐྱེད་པར་བྱེད་པ་ཁོ་ན་ཡང་མ་ཡིན་ཏེ། རང་གི་རྣམ་པར་ཤེས་པ་ལ་སོགས་པ་ལ་མིག་ལ་སོགས་པས་འཁྲུལ་པའི་ཕྱིར་དང༌། སྒྲ་ལ་སོགས་པ་ཤེས་པའི་མཇུག་ཐོགས་སུ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐྱེ་བའི་ཕྱིར་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཡང་སྒྲ་ལ་སོགས་པར་སྣང་བར་འགྱུར་རོ། །དེ་ལྟར་ན་རེ་ཞིག་སྣང་བ་དང་ལྡན་པའི་ཤེས་པས་དོན་གཞན་འཛིན་པར་རིགས་པ་ནི་མ་ཡིན་ནོ། །སྣང་བ་མེད་པས་ཀྱང་མ་ཡིན་ཏེ། དེ་ནི་ཐམས་ཅད་ལ་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་དེའི་ཚེ་ཉེ་བའི་ཕྱིར་རྣམ་པར་ཤེས་པས་གཞན་འཛིན་པར་བྱེད་པ་ཡིན་ནོ་ཞེས་བྱ་བར་རྟོག་ན། དེའི་ཚེ་རྣམ་པར་ཤེས་པ་ཐམས་ཅད་དོན་ཉེ་བ་མ་ལུས་པའི་ཡུལ་ཅན་དུ་འགྱུར་ཏེ། ཐམས་ཅད་ལ་དེ་ཡོད་པར་ཁྱད་པར་མེད་པའི་ཕྱིར་རོ། །དེའི་ཕྱིར་ཐམས་ཅད་ཀྱིས་ཐམས་ཅད་མཐོང་བར་འགྱུར་རོ། །རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་ཡང་གཟུགས་ལ་སོགས་པའི་ཡུལ་ཅན་དུ་འགྱུར་ཏེ། དེའི་ཚེ་ཉེ་བར་ཁྱད་པར་མེད་པའི་ཕྱིར་རོ། །དེའི་ཕྱིར་འདི་ནི་སྔོན་པོ་ཤེས་པའོ། །སེར་པོ་ཤེས་པའོ་ཞེས་བྱ་བའི་རྣམ་པར་དབྱེ་བར་ཡང་མི་འགྱུར་ཏེ། རྣམ་པར་དབྱེ་བའི་རྒྱུ་ཁྱད་པར་འགའ་ཡང་ཁས་མི་ལེན་པའི་ཕྱིར་རོ། །དེ་ཁས་ལེན་ན་ནི་དེ་ཉིད་འདྲ་བ་ལས་ཁས་བླངས་བར་འགྱུར་བ་ཡིན་ནོ། །


DTG107_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པའི་ངོ་བོ་ཙམ་དུ་ཁྱད་པར་མེད་པའི་ཤེས་པའི་བདག་ཉིད་ལ་ནི་འདྲ་བ་མ་གཏོགས་པར་བྱེ་བྲག་ཏུ་འབྱེད་པ་གཞན་ཡོད་པ་མ་ཡིན་ཏེ། དེ་ལ་ཡང་ཉེས་པ་བཤད་ཟིན་ཏོ། །འོ་ན་དེ་ཡང་ཉེ་བ་ཙམ་གྱི་སྒོ་ཁོ་ན་ནས་ཤེས་པས་དོན་གཞན་མྱོང་བར་བྱེད་པ་མ་ཡིན་གྱི། འོ་ན་ཅི་ཞིག་ཅེ་ན། དེ་ལས་བྱུང་བའི་སྒོ་ནས་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། ཤེས་པའི་དུས་ན་དེའི་ཡུལ་རྒྱུ་མེད་པའི་ཕྱིར་དང༌། མེད་པ་ཡང་འཛིན་པར་མི་རུང་བའི་ཕྱིར་དང༌། རྒྱུ་དང་འབྲས་བུའི་དངོས་པོ་དུས་མཉམ་པར་མི་རུང་བའི་ཕྱིར་དང༌། སུ་ཡང་ཁས་མི་ལེན་པའི་ཕྱིར་རོ། །མིག་གི་དབང་པོ་ལ་སོགས་པ་ཡང་དེའི་རྒྱུ་ཡིན་པ་ཉིད་ཀྱིས་འཛིན་པར་ཐལ་བར་འགྱུར་རོ། །ཡུལ་དང་དུས་མཉམ་པ་ཚོགས་པ་གཅིག་ལ་རག་ལས་པ་ཁོ་ན་རྣམ་པར་ཤེས་པས་འཛིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བྱ་བར་རྟོག་ན་ཡང་མིག་ལ་སོགས་པ་ཡང་འཛིན་པར་ཐལ་བ་ཡང་བཟློག་དཀའ་བ་ཉིད་དོ། །གལ་ཏེ་དབང་པོ་ཡུལ་མ་ཡིན་པའི་ཕྱིར་མི་འཛིན་ཏོ་ཞེ་ན། དེ་ཉིད་ཡུལ་མ་ཡིན་པ་ཉིད་དུ་མི་འགྱུར་ཏེ། ཡུལ་གྱི་མཚན་ཉིད་དུ་གྱུར་པའི་ཕྱིར་རོ། །གཟུང་བ་ཉིད་ཀྱང་ཡུལ་གྱི་ངོ་བོ་ལས་གཞན་མ་ཡིན་ཏེ། དེས་ན་གང་གི་ཕྱིར་ཡུལ་མ་ཡིན་པ་དེའི་ཕྱིར་ཡུལ་མ་ཡིན་ནོ་ཞེས་སྨྲས་པར་འགྱུར་རོ། །དེ་ལྟར་ན་ཤེས་པ་རྣམ་པ་མེད་པས་ཀྱང་དོན་གཞན་འཛིན་པར་རིགས་པ་མ་ཡིན་ནོ། །གཞན་གྱི་རྣམ་པ་ཅན་གྱིས་ཀྱང་མ་ཡིན་ཏེ། རྣམ་པར་གཞག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ནི་རྣ་བའི་རྣམ་པར་ཤེས་པས་ཀྱང་གཟུགས་ལ་སོགས་པ་འཛིན་པར་འགྱུར་རོ། །དོན་གཞན་ལྐོག་ཏུ་གྱུར་པའི་ཕྱིར་རྣམ་པ་གཞན་ཉིད་ཀྱང་འགྲུབ་པར་མི་འགྱུར་རོ། །གང་གིས་ན་དོན་གཞན་འཛིན་པར་འགྱུར་བ་རྣམ་པ་གཞན་ཡང་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་རྒྱུ་དང་འབྲས་བུར་གྱུར་པ་དོན་གཞན་འགའ་ཡང་རབ་ཏུ་མ་གྲུབ་པས་དོན་དམ་པར་རྒྱུ་དང་འབྲས་བུ་མངོན་སུམ་དུ་མ་གྲུབ་པ་ཡིན་ནོ། །དེའི་ཕྱིར་ཡང་དག་པར་ན། དེས་དབེན་དེ་ཡི་རྣམ་པ་ཅན། །མངོན་སུམ་རྣམ་པ་གཉིས་ཀྱིས་ནི། །རྒྱུ་དང་འབྲས་བུའི་དངོས་པོར་ངེས། །ཞེས་སྨྲས་པ་གང་ཡིན་པ་དེ་ཡང་མ་གྲུབ་པ་ཡིན་ནོ། །གལ་ཏེ་འདི་སྙམ་དུ། བློ་རྣམ་པ་དང་བཅས་པ་དང༌། ཅིག་ཤོས་ཀྱི་དོན་གཞན་ཡོངས་སུ་གཅོད་པར་མི་རུང་བའི་ཕྱིར་རྒྱུ་དང་འབྲས་


DTG107_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་དངོས་པོ་ངེས་པར་བྱ་བའི་ཚད་མ་མེད་དུ་ཟིན་ཀྱང་འོན་ཀྱང་ཤེས་པ་གཉིས་མེད་པར་སྨྲ་བ་ལ་ཅུང་ཟད་ཀྱང་གནོད་པ་མེད་དེ། རིགས་པ་སྨྲ་བ་དེའི་ལྟར་ན་དངོས་པོ་ཐམས་ཅད་སེམས་ཙམ་གྱི་ལུས་གཙོ་བོ་ཡིན་ནོ། །དེ་ལ་དོན་གཞན་མངོན་སུམ་དུ་རིགས་པ་མ་ཡིན་དུ་ཆུག་ཀྱང། ཤེས་པ་ཉིད་རང་རིག་པའི་མངོན་སུམ་གྱིས་རྟོགས་པར་བྱ་བ་ཡིན་ལ། དེ་ཡང་རྒྱུ་དང་འབྲས་བུར་གྱུར་པ་གྲུབ་པ་ཡིན་པས་རྒྱུ་དང་འབྲས་བུའི་དངོས་པོ་ནི་མངོན་སུམ་དུ་གྲུབ་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་ན་དེ་ཡང་རུང་བ་མ་ཡིན་ཏེ། དེ་ཁོ་ན་ཉིད་ནི་ཇི་ལྟ་བ་བཞིན་མ་མྱོང་བའི་ཕྱིར་དང༌། ཇི་ལྟར་མྱོང་བའི་དེ་ཁོ་ན་ཉིད་མ་ཡིན་པའི་ཕྱིར་རོ། །འདི་ལྟར་ཁྱེད་ནི་རྣམ་པར་ཤེས་པ་གཟུང་བ་དང་འཛིན་པའི་རྣམ་པ་ཅན་དུ་མ་གྱུར་པ་དངོས་པོར་ཡོད་པར་འདོད་ན་དེ་ནི་དེ་ལྟ་བུར་མྱོང་བ་མེད་དེ། དུས་ཐམས་ཅད་དུ་གཟུང་བ་དང་འཛིན་པའི་རྣམ་པ་ཐམས་ཅད་དང་ལྡན་པའི་ཤེས་པ་མྱོང་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཐམས་ཅད་དེ་ཁོ་ན་མཐོང་བར་འགྱུར་རོ། །ཤེས་པ་དེ་ནི་ཇི་ལྟར་མྱོང་བ་དེ་ལྟར་གནས་པ་ཡང་མ་ཡིན་ཏེ། གཅིག་ལ་གཉིས་ཀྱི་ངོ་བོ་ཉིད་འགལ་བའི་ཕྱིར་རོ། །གལ་ཏེ་དེ་ནི་འཁྲུལ་པས་དེ་ལྟ་བུ་ཤེས་སོ་ཞེ་ན། འཁྲུལ་པ་འདི་གང་ཡིན། གལ་ཏེ་ཤེས་པ་དེ་ཉིད་ཡིན་ན་ནི། འོ་ན་དེ་མངོན་སུམ་མ་ཡིན་ཏེ། མངོན་སུམ་གྱི་མཚན་ཉིད་ནི་མ་འཁྲུལ་པ་ཡིན་པའི་ཕྱིར་ལ། དེ་རྟག་ཏུ་བདག་ཉིད་ལ་བདག་ཉིད་ཁོ་ནས་འཁྲུལ་པའི་ཕྱིར་རོ། །གཉིས་ཀྱི་བདག་ཉིད་དུ་ཡང་དེའི་བདག་ཉིད་སྣང་བའི་ཕྱིར་གཉིས་མེད་པའི་ངོ་བོ་ཉིད་ཉམས་པར་ཐལ་བ་ཁོ་ན་ཡིན་ཏེ། གཉིས་དང་གཉིས་མ་ཡིན་པ་དག་ནི་ཕན་ཚུན་འགལ་བའི་ཕྱིར་རོ། །འཁྲུལ་པ་དོན་གཞན་ཡིན་ཡང་དེ་དང་རང་རིག་པའི་མཐར་ཐུག་པ་ཉིད་ཡིན་པས་དེས་གཉིས་མེད་པ་དེ་ལྟར་ཤེས་པ་ནི་མ་ཡིན་ནོ། །གལ་ཏེ་མངོན་སུམ་ནི་རྟོག་པའི་ངོ་བོ་ཉིད་ཙམ་ཞིག་ཡིན་ནོ་ཞེ་ན། འོ་ན་ནི་མངོན་སུམ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་མ་ཡིན་ཏེ། རྟོག་པའི་ངོ་བོ་ཉིད་ནི་སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་ཡང་ཡིན་པའི་ཕྱིར་རོ། །གཞན་ཡང་རྟོག་པའི་ངོ་བོ་ཉིད་ཅེས་བྱ་བ་ནི་རང་གིས་གསལ་བའི་བདག་ཉིད་ལ་བྱ་བ་ནི་གཟུང་བ་དང་འཛིན་པའི་རྣམ་པ་དག་ཀྱང་རང་གིས་གསལ་བའི་ཕྱིར་རྟོག་པའི་ངོ་བོ་ཉིད་ཁོ་ན་ཡིན་ནོ། །དེ་དག་


DTG107_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བརྫུན་པ་ཉིད་ཡིན་ན་ནི་དེ་དང་འདྲ་བར་དེ་དེ་དང་ཐ་མི་དད་པ་རྟོག་པའི་ངོ་བོ་ཉིད་ཀྱང་བརྫུན་པའི་ངོ་བོ་ཡིན་ན་ཇི་ལྟར་མངོན་སུམ་གྱི་ཚད་མས་ཡང་དག་པར་འགྲུབ་པའི་དངོས་པོའི་ངོ་བོར་འགྱུར། ཁྱད་པར་རྣམས་བརྫུན་པ་ཉིད་ཡིན་ན་ནི་རྟོག་པའི་ངོ་བོ་ཉིད་སྤྱི་ཡང་དངོས་པོར་ཡོད་པ་མི་སྲིད་པ་ཉིད་དེ། སྤྱི་ནི་ཁྱད་པར་དག་ཁོ་ན་ལ་གཞན་རྣམ་པར་བཅད་ནས་ཐ་སྙད་འདོགས་པའི་ཕྱིར་རོ། །དེ་ལྟ་ན་ཤེས་པའི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་མི་མྱོང་བའི་ཕྱིར་འདིས་རང་རིག་པའི་མངོན་སུམ་ཉིད་དུ་མི་རིགས་སོ། །ཤེས་པ་རང་རིག་པའི་མངོན་སུམ་ཉིད་ཡིན་དུ་ཟིན་ཀྱང་འོན་ཀྱང་དེ་ལས་རྒྱུ་དང་འབྲས་བུའི་དངོས་པོ་ནི་མི་འགྲུབ་སྟེ། རང་གི་བདག་ཉིད་གཅིག་པ་ཉིད་ཀྱིས་རྒྱུ་དང་འབྲས་བུར་གྱུར་པའི་ངོ་བོ་ཉིད་གཉིས་འགལ་བའི་ཕྱིར་རོ། །ལྟོས་པའི་བྱེ་བྲག་གིས་གཉི་གའི་ངོ་བོ་བརྟགས་ན་ཡང༌། ལྟོས་པ་དོན་གཞན་ཡིན་པ་ཉིད་ཀྱིས་རང་རིག་པའི་མངོན་སུམ་ཉིད་མ་ཡིན་ན། དེ་མ་གྲུབ་པའི་ཕྱིར་དེ་ལ་ལྟོས་ནས་རྣམ་པར་གཞག་པ་གཉི་གའི་ངོ་བོ་ཡང་མངོན་སུམ་ཉིད་དུ་རིག་པ་མ་ཡིན་ནོ། །ཤེས་པ་རྒྱུ་དང་འབྲས་བུའི་ངོ་བོ་དོན་གཞན་དུ་གྱུར་པ་དག་ཀྱང་དུས་ཐ་དད་པའི་ཕྱིར་ཤེས་པ་གཅིག་ལ་མྱང་བ་མེད་དོ། །བདག་ཉིད་ཁོ་ནར་ཡོངས་སུ་གཏུགས་པའི་ཕྱིར་འདི་དག་ཕན་ཚུན་རང་གི་ངོ་བོ་མྱོང་བ་ཡང་མ་ཡིན་ན་ཤེས་པ་གང་ཞིག་ལ་དེ་གཉིས་མངོན་སུམ་དུ་མྱོང་བ་ཉིད་དུ་འགྱུར། དེ་གཉིས་ཤེས་པ་གཅིག་ལ་མི་མྱོང་ན་ནི་གང་གིས་ཀྱང་འབྲེལ་པ་གཟུང་བར་མི་ནུས་སོ། །ཤེས་པ་གཅིག་ལ་སྣང་བ་ཡིན་དུ་ཟིན་ཀྱང་འདི་ནི་རྒྱུའོ། །འདི་ནི་འབྲས་བུའོ་ཞེས་མངོན་སུམ་དུ་དེ་གཉིས་དེ་ཡོད་པ་ཉིད་ཀྱི་འབྲེལ་པ་གཟུང་བར་ནི་མི་ནུས་ཏེ། དེ་ནི་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཀུན་ཏུ་འབྲེལ་པ་མ་བཟུང་བར་ཡང་རྒྱུ་དང་འབྲས་བུའི་དངོས་པོ་གཟུང་བར་མི་འགྱུར་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དོན་དམ་པར་དེའི་རྗེས་ལ་ཐོབ་པ་གཏན་ལ་འབེབས་པའི་ཤེས་པས་ཀྱང་དེ་གཉིས་རུང་བར་རིགས་པ་མ་ཡིན་ཏེ། དེས་དེ་དག་ཉམས་སུ་མ་མྱོང་བའི་ཕྱིར་རོ། །གཞན་གྱིས་ཉམས་སུ་མྱོང་བ་གཞན་གྱིས་གཏན་ལ་འབེབས་པ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །རྒྱུད་གཅིག་ཡིན་པའི་ཕྱིར་གཅིག་གིས་ཉམས་སུ་མྱོང་བར་བརྟགས་པ་ཡང་


DTG107_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པ་མ་ཡིན་ཏེ། རྒྱུད་གཅིག་པ་ཉིད་དུ་བརྟགས་པ་དངོས་པོ་མེད་པའི་ཕྱིར་རོ། །རྒྱུད་ཅན་ཐ་དད་པ་རྣམས་ཀྱང་ཕན་ཚུན་མྱོང་བ་མེད་པའི་ཕྱིར་རོ། །གཏན་ལ་འབེབས་པའི་ཤེས་པའི་དུས་ན་ཡང་རྒྱུ་དང་འབྲས་བུ་དག་འདས་པའི་ཕྱིར་རོ། །དེའི་ཕྱིར་རང་རིག་པའི་མངོན་སུམ་གྱི་སྒོ་ནས་ཀྱང་རྒྱུ་དང་འབྲས་བུ་ཡང་དག་པ་པ་མི་འགྲུབ་བོ། །ཇི་སྟེ་གལ་ཏེ་རྒྱུ་དང་འབྲས་བུ་མངོན་སུམ་དུ་ཉམས་སུ་མ་མྱོང་ན་ཇི་ལྟར་དེ་ལ་དྲན་པའི་ངོ་བོ་སྐྱེ་བར་འགྱུར་སྙམ་ན། དེ་ཡང་རིགས་པ་མ་ཡིན་ཏེ། རྨི་ལམ་ལ་སོགས་པ་དག་ན་དོན་ཉམས་སུ་མ་མྱོང་ཡང་དྲན་པ་སྲིད་པའི་ཕྱིར་དང༌། དེ་ཡང་རང་གི་ངོ་བོར་མཐར་ཐུག་པས་དོན་དམ་པར་གཞན་ཉམས་སུ་མྱོང་བར་མི་འགྲུབ་སྟེ། ཇི་སྐད་དུ་སྔར་བཤད་པ་བཞིན་ནོ། །དེ་ལྟར་ན་རེ་ཞིག་མངོན་སུམ་གྱི་སྒོ་ནས་ནི་དེ་འགྲུབ་པར་རིགས་པ་མ་ཡིན་ནོ། །རྗེས་སུ་དཔག་པའི་སྒོ་ནས་ཀྱང་མ་ཡིན་ཏེ། ཇི་སྐད་བཤད་པའི་ཚུལ་གྱིས་མངོན་སུམ་དུ་ཉམས་སུ་མྱོང་བའི་ཆོས་ཅན་འགའ་ཡང་མ་གྲུབ་པའི་ཕྱིར་གང་ལ་དེའི་དངོས་པོ་རབ་ཏུ་བསྒྲུབ་པར་བྱ། གཏན་ཚིགས་ཐམས་ཅད་ཀྱང་རང་གི་ངོ་བོ་དང་གཞི་མ་གྲུབ་པ་ཡིན་ནོ། །དཔེའི་ཆོས་ཅན་ཡང་མ་གྲུབ་སྟེ། ཐམས་ཅད་དུ་བརྒལ་ཞིང་བརྟག་པ་མཚུངས་པའི་ཕྱིར་རོ། །གཞན་ཡང་རེ་ཞིག་འབྲས་བུའི་གཏན་ཚིགས་ཀྱིས་ནི་དེའི་དངོས་པོ་བསྒྲུབ་པར་ནུས་པ་མ་ཡིན་ཏེ། གཅིག་ལ་གཅིག་བརྟེན་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་ན་འབྲས་བུའི་གཏན་ཚིགས་སུ་འགྱུར་ལ། འབྲས་བུའི་གཏན་ཚིགས་ཡང་དག་པར་གྲུབ་ན་རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་པས་གཅིག་ལ་གཅིག་བརྟེན་པ་ཉིད་དུ་གསལ་རབ་པ་ཉིད་དོ། །རང་བཞིན་གྱི་གཏན་ཚིགས་ཀྱང་ཆོས་ཅན་མ་གྲུབ་པའི་ཕྱིར་གང་དུ་འཇུག་པར་འགྱུར། ཆོས་ཅན་གྲུབ་ཏུ་བཅུག་ན་ཡང་རྒྱུ་དང་འབྲས་བུའི་དངོས་པོ་དོན་དམ་པ་པ་བསྒྲུབ་པར་བྱ་བ་ལ་གང་དུ་ཡང་གཏན་ཚིགས་ལ་ཁྱབ་པ་ནི་མ་གྲུབ་སྟེ། ཐམས་ཅད་དུ་བརྒལ་ཞིང་བརྟག་པ་མཚུངས་པའི་ཕྱིར་རོ། །གཞན་ཡང་ཁྱེད་ཀྱིས་རྒྱུ་དང་འབྲས་བུ་ཉིད་ཡང་དག་པར་བསྒྲུབ་པར་བྱ་བའི་ཕྱིར་འདི་ལྟ་སྟེ་དེ་ཡོད་ན་ཡོད་པ་ཉིད་ཅེས་བྱ་བ་འདི་ཉེ་བར་བརྗོད་པ་ཡིན་ན་དེ་ཡང་འཁྲུལ་བ་ཡིན་ཏེ། དེའི་རྒྱུ་དང་དུས་མཉམ་པ་ན་ཡོད་པ་འགྲོ་བ་མ་


DTG107_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པ་ཡོད་ན་ཡོད་པ་ཉིད་ཡིན་ཡང་དེའི་རྒྱུ་ཅན་ཉིད་དུ་མི་སྲིད་པའི་ཕྱིར་རོ། །འོན་ཏེ་ཡང་རྒྱུན་ཁོ་ན་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་དེ་ཡོད་ན་ཡོད་པ་ཉིད་དུ་ངེས་པའི་གཏན་ཚིགས་ཉིད་དུ་བརྗོད་ཀྱི། སྐད་ཅིག་མ་ལ་ནི་མ་ཡིན་ནོ་ཞེ་ན། དེ་ཡང་འདིར་རྒྱུ་དང་འབྲས་བུ་དོན་དམ་པ་པ་གྲུབ་པའི་སྐབས་ཡིན་པའི་ཕྱིར་རིགས་པ་མ་ཡིན་ཏེ། སྐད་ཅིག་མ་མ་གཏོགས་པར་དོན་དམ་པ་པའི་རྒྱུན་མ་གྲུབ་པའི་ཕྱིར་རོ། །འབྲས་བུའི་སྐད་ཅིག་མ་གང་ཞིག་རྒྱུའི་སྐད་ཅིག་མ་གང་ཞིག་ཡོད་ན་ཡོད་པར་རྟོག་པ་དེ་ནི་དེ་དང་དུས་མཉམ་པ་ན་ཡོད་པའི་ཐམས་ཅད་དུ་གཏོགས་པའི་སྐད་ཅིག་མ་མ་ལུས་པ་ཡོད་ན་ཡོད་པ་ཡང་ཡིན་ཏེ། ཇི་ལྟར་དེ་རང་གི་རྒྱུའི་སྐད་ཅིག་མ་ཡོད་ན་མཐོང་ལ། དེ་མེད་ན་མ་མཐོང་བ་དེ་བཞིན་དུ་དེའི་རྒྱུའི་སྐད་ཅིག་མ་དང་དུས་མཉམ་པ་ན་ཡོད་པ་ཐམས་ཅད་དུ་གཏོགས་པའི་སྐད་ཅིག་མ་མ་ལུས་པ་ཡོད་ན་ཡང་མཐོང་ལ། དེ་མེད་པར་ཡང་མ་མཐོང་བས་དེ་དེའི་རྒྱུ་ཅན་ཉིད་དུ་ཡང་ཅི་སྟེ་མི་འགྱུར། གཞན་ཡང་དེ་ཡོད་ན་ཡོད་པའི་ཕྱིར་ཞེས་བྱ་བ་འདིར་དེ་ཞེས་བྱ་བའི་སྒྲས་ནི་ཆོས་ཅན་གཞན་རྒྱུར་གྱུར་པ་ལ་སྙེགས་ན་དེ་ཡང་རེ་ཞིག་དོན་དམ་པར་མངོན་སུམ་དུ་མ་གྲུབ་སྟེ། ཇི་སྐད་དུ་སྔར་བཤད་པ་བཞིན་ནོ། །རྗེས་སུ་དཔག་པས་ཀྱང་ཆོས་ཅན་ཡོད་པར་གྲུབ་པ་མི་སྲིད་དེ། ཡོད་པར་སྒྲུབ་པ་ལ་གཏན་ཚིགས་ཐམས་ཅད་ཉེས་པ་གསུམ་ལས་མི་འདའ་བའི་ཕྱིར་རོ། །འདི་ལྟར་ཆོས་ཅན་མ་གྲུབ་ན་རེ་ཞིག་ཡོད་པའི་ཆོས་ནི་གཏན་ཚིགས་སུ་མི་སྲིད་དོ། །མེད་པའི་ཆོས་ཀྱང་འགལ་བའི་ཕྱིར་རིགས་པ་མ་ཡིན་ནོ། །གཉི་གའི་ཆོས་ནི་འཁྲུལ་པ་ཡིན་ཏེ། མི་མཐུན་པའི་ཕྱོགས་ལ་ཡང་ཡོད་པའི་ཕྱིར་རོ། །གང་ཞིག་གིས་བསྒྲུབ་པར་བྱ་བའི་རྣམ་པ་གཞན་ཡང་ཡོད་པ་མ་ཡིན་ནོ། །དེ་མ་གྲུབ་ན་ཅིག་ཤོས་ཀྱི་དེ་ཡོད་ན་ཡོད་པ་ཉིད་ཀྱང་མ་གྲུབ་སྟེ། དེ་ནི་དེ་ལ་ལྟོས་པའི་ཕྱིར་རོ། །འབྲས་བུའི་སྒྲུབ་པ་ཡང་དེ་དང་འདྲ་བ་ཁོ་ནར་མི་སྲིད་པ་ཡིན་ནོ། །དེས་ན་འདིར་རང་བཞིན་གྱི་གཏན་ཚིགས་ཀྱི་སྒོ་ནས་ནི་རྒྱུ་དང་འབྲས་བུའི་དངོས་པོ་མི་འགྲུབ་བོ། །མི་དམིགས་པའི་སྒོ་ནས་ཀྱང་མ་ཡིན་ཏེ། དེ་ཐམས་ཅད་ནི་དགག་པ་སྒྲུབ་པ་ཁོ་ན་ཡིན་པའི་ཕྱིར་རོ། །གང་ཡང་རྒྱུ་དང་འབྲས་བུའི་དངོས་པོ་སྒྲུབ་པ་ནི་


DTG107_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་དུ་མི་དམིགས་པ་ཡིན་ནོ་ཞེས་བཤད་པ་དེ་ལ་ཡང་མི་དམིགས་པ་ཞེས་བྱ་བའི་སྒྲ་ནི་དེ་ལས་གཞན་པ་དམིགས་པའི་བདག་ཉིད་ཀྱི་མངོན་སུམ་ཁོ་ན་ཡིན་པར་དགོངས་ཀྱི། རྗེས་སུ་དཔག་པ་ནི་མ་ཡིན་ནོ། །དེ་ཡང་ཇི་ལྟར་ཆད་མ་མ་ཡིན་པ་དེ་ལྟར་སྔར་བཤད་ཟིན་པ་པ་ཉིད་དོ། །གཞན་ཡང་དམིགས་པའི་རིག་བྱར་གྱུར་པ་མི་དམིགས་པ་གང་ཞིག་གང་ཡོད་ན་ཡང་དག་པར་དམིགས་པ་དེ་ནི་དེའི་འབྲས་བུ་ཡིན་ནོ་ཞེས་རྗེས་སུ་འགྲོ་བའི་སྒོ་ནས་རྒྱུ་དང་འབྲས་བུའི་དངོས་པོ་འགྲུབ་པར་བརྗོད་པ་དེ་ལ་ཡང་དོན་དམ་པར་ཐེ་ཚོམ་ཟ་བ་ཁོ་ན་ཡིན་ཏེ། ཅི་དེ་ཁོ་ན་ཡོད་ན་ཡོད་པ་ཞིག་ཡིན་ནམ། འོན་ཏེ་མི་སྣང་བ་ཤ་ཟ་ལ་སོགས་པ་ཉེ་བས་སམ། འོན་ཏེ་ཡུལ་ཐག་རིང་པོ་ན་གནས་པའི་དངོས་པོ་གཞན་ཞིག་ཉེ་བའི་སྟོབས་ཀྱིས་ཞེས་ཐེ་ཚོམ་ཟ་བ་ཡིན་ནོ། །དམིགས་པའི་རིག་བྱར་གྱུར་པ་མི་དམིགས་པའི་སྒོ་ནས་ནི་དེ་ཡུལ་གཞན་ནས་འོང་བ་དང་སྔ་ནས་ཡོད་པ་ཉིད་འགོག་པར་འགྱུར་གྱི། གཞན་གྱི་འབྲས་བུ་ཉིད་ནི་མ་ཡིན་ནོ། །དེ་ཡོད་ན་ཡོད་པ་ཉིད་ནི་འདོད་རྒྱལ་བར་ཡང་འགྱུར་ཏེ། ཟླ་བ་ལ་སོགས་པ་ཡུལ་ཐག་རིང་པོ་ན་གནས་པ་ཡང་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྒྱུའི་དངོས་པོར་ཁས་མི་ལེན་པ་ནི་མ་ཡིན་ནོ། །གང་ཡང་དེའི་རྒྱུ་གཞན་དག་ནུས་པ་ཡིན་པ་ལས་གང་ཞིག་མེད་ན་གང་མེད་པ་དེ་ནི་དེའི་འབྲས་བུ་ཡིན་ནོ་ཞེས་ལྡོག་པའི་སྒོ་ནས་དེ་འགྲུབ་པར་བཤད་པ་དེ་ལ་ཡང་དོན་དམ་པར་ན་ཐེ་ཚོམ་ཟ་བ་ལས་མི་ལྡོག་པ་ཉིད་དེ་གཞན་ཤ་ཟ་ལ་སོགས་པའམ། ཡུལ་ཐག་རིང་པོ་ན་གནས་པ་འགའ་ཞིག་མེད་ན་ཡང་དེ་མེད་པར་ཐེ་ཚོམ་ཟ་བའི་ཕྱིར་རོ། །དེ་མེད་ན་མེད་པ་འདོད་རྒྱལ་བ་ཉིད་དུ་ཡང་སྲིད་པའི་ཕྱིར་ཏེ། མ་ཆུང་མར་ལེན་པའི་ལུགས་ཅན་གྱི་ཡུལ་ནས་སྐྱེ་བའི་འབྲ་གོ །མ་ཆུང་མར་ལེན་པ་མེད་ན་མེད་པ་བཞིན་ནོ། །འོན་ཏེ་ཡང་གཞན་དག་དེའི་རྒྱུར་ནུས་པ་ཡིན་པ་ལས་ཞེས་ཁྱད་པར་དུ་བྱས་པའི་ཕྱིར་ཐེ་ཚོམ་ཟ་བར་མི་འགྱུར་རོ་སྙམ་ན། གཞན་དག་དེའི་རྒྱུ་ཉིད་དུ་ནུས་པའི་ཁྱད་པར་མ་གྲུབ་པའི་ཕྱིར་དེ་ནི་རིགས་པ་མ་ཡིན་ཏེ། དེ་ནི་དེ་ཉིད་བསྒྲུབ་པར་བྱ་བ་ཉིད་ཀྱི་སྐབས་ཡིན་པའི་ཕྱིར་རོ། །རྒྱུ་དང་འབྲས་བུ་དག་ལ་ཐེ་ཚོམ་ཟ་བ་ཡིན་ན་དེ་ཉིད་ངེས་པར་བྱ་བའི་


DTG107_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དེའི་རྒྱུ་དག་ནུས་པ་ཡིན་པ་ལས་ཤེས་རབ་ཏུ་མ་གྲུབ་པའི་ཁྱད་པར་སྨོས་པ་མཁས་པ་རྣམས་ཇི་ལྟར་ངེས་པར་བྱེད་པར་འགྱུར་ཏེ། དེ་ལ་རྗེས་སུ་འགྲོ་བ་དང་ལྡོག་པའི་སྒོམ་གཏོགས་པ་གཞན་དུ་གང་གིས་ན་དེའི་ཁྱད་པར་འགྲུབ་པར་འགྱུར་བ་དེའི་རྒྱུའི་དངོས་པོར་ངེས་པ་ནི་མེད་དེ། དེ་ལ་ཡང་ཐུག་པ་མེད་པའི་ཉེས་པ་ཡིན་ནོ། །དེ་ཡོད་ན་ཡོད་པ་ཉིད་དུ་གྲུབ་ཀྱང་ལྷན་ཅིག་བྱེད་པའི་དངོས་པོ་ངོ་བོ་ཉིད་ཐ་དད་པ་བཞིན་དུ་དེ་གཞན་ལས་ཀྱང་སྐྱེ་བར་དོགས་པ་གང་གིས་བཟློག་པར་འགྱུར། མ་མཐོང་བ་ཙམ་གྱིས་ནི་དེ་མེད་པར་ངེས་པར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཚུ་རོལ་མཐོང་བ་རྣམས་ལ་ནི་གང་གིས་ན་གཞན་ལས་དེ་མི་འབྱུང་བ་ངེས་པར་ཡང་འགྱུར་བ་མ་ལུས་པ་གསལ་བར་མཐོང་བ་ནི་མེད་དོ། །གལ་ཏེ་གཞན་ལས་ཀྱང་དེ་འབྱུང་ན་ནི་རྒྱུའི་ཐ་དད་པ་ལ་ཐ་དད་པར་བྱེད་པ་མ་ཡིན་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ་དེའི་ངོ་བོ་ཉིད་དང༌། མཚན་ཉིད་མི་མཐུན་པ་ལྷན་ཅིག་བྱེད་པ་དག་ལས་ཀྱང་མི་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་ལ་ཡང་ཁྱད་པར་ཐ་དད་པ་དག་ཁོ་ན་ལ་ལྷན་ཅིག་བྱེད་པའི་རྐྱེན་རྣམས་ཉེ་བར་སྦྱོར་གྱི། འབྲས་བུ་ཁོ་ན་ལ་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཁྱད་པར་རྣམས་དོན་དམ་པར་དེ་དང་ཐ་མི་དད་པའི་ཕྱིར་རོ། །གལ་ཏེ་ཆ་ཤས་ཀྱིས་ཀྱང་བསྐྱེད་པར་བྱ་བ་ཉིད་ཡིན་ནོ་སྙམ་ན་མ་ཡིན་ཏེ། གཅིག་ལ་ཆ་ཤས་མེད་པའི་ཕྱིར་རོ། །གལ་ཏེ་ཁྱད་པར་རྣམས་ནི་ལྡོག་པའི་བྱེ་བྲག་ཏུ་ཉེ་བར་བརྟགས་པ་ཡིན་པའི་ཕྱིར་དེ་ཉིད་དང་གཞན་ཉིད་དུ་བསམ་པར་རིགས་པ་མ་ཡིན་ནོ་ཞེ་ན། འོ་ན་ནི་དེ་དག་ཁྱད་པར་རྣམས་ལ་བྱེད་པ་མ་ཡིན་ཏེ། འགའ་ཡང་བརྟགས་པ་དག་གིས་རྒྱུ་ཉིད་དུ་མི་རུང་བའི་ཕྱིར་རོ། །ཚོགས་པ་ཁོ་ནས་སྐྱེད་པ་དང༌། ཐ་དད་པར་བྱེད་པ་ཡིན་གྱི། སོ་སོ་རེ་རེ་ནས་ནི་མ་ཡིན་ནོ་ཞེས་བྱ་བར་ཡང་རིགས་པ་མ་ཡིན་ཏེ། ཚོགས་པ་ཅན་ལས་མ་གཏོགས་པར་ཚོགས་པ་མ་གྲུབ་པས་ཚོགས་པ་རྣམས་རེ་རེ་ཞིང་རྒྱུར་ཁས་ལེན་པའི་ཕྱིར་རོ། །དེ་ལྟ་བས་ན་དོན་དམ་པར་རྒྱུ་དང་འབྲས་བུའི་དངོས་པོ་འགྲུབ་པར་བྱ་བའི་ཚད་མ་ཅུང་ཟད་ཀྱང་མེད་དེ། རྒྱུ་དང་འབྲས་བུའི་དངོས་པོ་ཀུན་རྫོབ་པ་ཁོ་ན་ཡིན་པ་ལ་སློབ་དཔོན་རྣམས་ཀྱིས་རྗེས་སུ་འགྲོ་


DTG107_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་ལྡོག་པའི་སྒོ་ནས་རྒྱུ་དང་འབྲས་བུའི་དངོས་པོ་ཇི་ལྟར་གྲགས་པ་བཞིན་དུ་གྲུབ་པ་ཉེ་བར་བརྗོད་ཀྱི། དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བར་གཟུང་བར་བྱའོ། །དེ་ལྟར་ན་རེ་ཞིག་མི་རྟག་པའི་ངོ་བོ་ཉིད་དོན་དམ་པ་པ་ཡང་དག་པར་གྲུབ་པར་བྱ་བའི་ཚད་མ་ཅུང་ཟད་ཀྱང་མེད་དེ། སྒྲ་ལ་སོགས་པ་གཞན་གྱིས་ཀུན་བརྟགས་པ་ནི་ཚད་མ་མ་ཡིན་པའི་ཕྱིར་ལ། ཚད་མ་མ་ཡིན་པ་ནི་ཚད་མ་འདི་གཉིས་པོ་ཁོ་ནའི་ནང་དུ་འདུས་པའི་ཕྱིར་རོ། །རྟག་པའི་ངོ་བོ་ཉིད་ཡང་དག་པར་གྲུབ་པར་བྱ་བའི་ཚད་མ་ཡང་མེད་དེ། འདི་ལྟར་དེ་ཡང་མངོན་སུམ་གྱི་སྒོ་ནས་ནི་མི་འགྲུབ་སྟེ། དེ་ཡང་སྔ་མ་བཞིན་དུ་ཤེས་པ་རྣམ་པ་དང་བཅས་པ་ལ་སོགས་པས་འཛིན་པར་མི་རུང་བའི་ཕྱིར་རོ། །བདག་ལ་སོགས་པ་རྟག་པའི་དངོས་པོ་ནི་གང་དུ་ཡང་ཇི་ལྟར་རང་གི་གྲུབ་པའི་མཐའ་ལས་ཉེ་བར་བརྟགས་པ་བཞིན་མངོན་སུམ་གྱི་སེམས་ལ་སྣང་བར་མངོན་པ་མེད་དོ། །དེ་མངོན་སུམ་གྱི་སེམས་ཀྱི་ཡུལ་ཉིད་ཡིན་ན་ནི་དེ་ཡོད་པ་ཙམ་གྱིས་ཡོད་པ་ཉིད་ཡིན་པའི་ཕྱིར་དུས་ཐམས་ཅད་དུ་ཡོད་པར་ཐལ་བ་ཡིན་ཏེ། གཞན་དག་གིས་ཁྱད་པར་དུ་བྱར་མེད་པ་ནི་དེ་ལ་ལྟོས་པར་མི་རུང་བའི་ཕྱིར་དང༌། རྒྱུ་མ་ཡིན་པ་ཡང་ཡུལ་ཉིད་དུ་མི་འཐད་པའི་ཕྱིར་རོ། །དེའི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བའི་ངོ་བོ་ཉིད་ཡིན་པས་ཡུལ་ཉིད་དུ་ཉེ་བར་བརྟགས་ན་ཡང་དེའི་རྣམ་པར་ཤེས་པ་ཡང་དེ་དང་འདྲ་བ་ཁོ་ནར་རྟག་པ་ཉིད་དུ་ཐལ་བ་ཡིན་ཏེ། དེས་རྣམ་པར་ཤེས་པར་བྱ་བའི་ངོ་བོ་ཉིད་རྗེས་སུ་འབྲངས་ན་དེ་ཡང་རྗེས་སུ་འབྲང་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དེས་རྣམ་པར་ཤེས་པར་བྱ་བའི་ངོ་བོ་ཉིད་རྗེས་སུ་འབྲང་བར་མི་རུང་སྟེ། དེས་རྣམ་པར་ཤེས་པར་བྱ་བ་ཉིད་ནི་དེ་ལ་ལྟོས་པའི་ཕྱིར་རོ། །དེ་ནི་རྗེས་སུ་དཔག་པའི་སྒོ་ནས་ཀྱང་མི་འགྲུབ་སྟེ། དེ་དང་རྟགས་འགའ་ཡང་ལྷན་ཅིག་འབྲེལ་པར་མ་གྲུབ་པའི་ཕྱིར་རོ། །འདི་ལྟར་རེ་ཞིག་འབྲས་བུའི་གཏན་ཚིགས་ནི་མི་སྲིད་དེ། དེ་ལས་རིམ་དང་ཅིག་ཅར་དག་གིས་འབྲས་བུ་འགའ་ཡང་མི་སྐྱེ་བའི་ཕྱིར་རོ། །མངོན་སུམ་མ་ཡིན་པའི་དོན་དང་ནི་འགའ་ཡང་ལྷན་ཅིག་རྒྱུ་དང་འབྲས་བུའི་དངོས་པོར་གཟུང་བར་མི་ནུས་པའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་དངོས་པོ་ནི་རྗེས་སུ་འགྲོ་བ་དང་ལྡོག་པས་ཡང་དག་


DTG107_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོགས་པར་བྱ་བ་ཡིན་ན། བདག་ལ་སོགས་པ་ནི་གང་དུ་ཡང་འབྲས་བུ་བདེ་བ་ལ་སོགས་པ་ལ་རྗེས་སུ་འགྲོ་བར་མ་གྲུབ་སྟེ། དེ་མ་ཚང་བ་མེད་པ་ཡིན་ཡང༌། རེས་འགའ་བདེ་བ་ལ་སོགས་པ་མི་སྐྱེ་བའི་ཕྱིར་རོ། །ལྡོག་པ་ཡང་མ་ཡིན་ཏེ། དེ་ནི་རྟག་པ་ཉིད་ཀྱིས་ལྡོག་པ་མེད་པའི་ཕྱིར་རོ། །རང་བཞིན་གྱི་གཏན་ཚིགས་ཀྱང་དེ་ཡོད་པ་བསྒྲུབ་པ་མི་སྲིད་དེ། གཞི་ཆོས་ཅན་འགའ་ཡང་མ་གྲུབ་པའི་ཕྱིར་དང༌། ཡོད་པ་དེ་བསྒྲུབ་པ་ལ་གཏན་ཚིགས་ཐམས་ཅད་སྔ་མ་བཞིན་དུ་ཉེས་པ་གསུམ་ལས་མི་འདའ་བའི་ཕྱིར་རོ། །ཆོས་ཅན་གཟུགས་ལ་སོགས་པ་གྲག་པ་གང་ཡིན་པ་དེ་དག་ཀྱང་དོན་དམ་པར་མ་གྲུབ་པའི་ཕྱིར་རོ། །དེ་དག་ནི་རེས་འགའ་བ་ཉིད་ཡིན་པའི་ཕྱིར་ཐ་སྙད་ཀྱི་སྒོ་ནས་ཀྱང་རྟག་པ་ཉིད་དང༌། དེ་ལ་ལྟོས་པ་ཉིད་དུ་འཐད་པར་དཀའ་བའི་ཕྱིར་རོ། །མི་དམིགས་པས་ཀྱང་དེ་ཡོད་པར་གྲུབ་པར་ནུས་པ་མ་ཡིན་ཏེ། དེ་ནི་དགག་པ་གྲུབ་པར་ནུས་པ་ཡིན་ཏེ། དེ་ནི་དགག་པ་སྒྲུབ་པ་ཡིན་པའི་ཕྱིར་རོ། །གཞན་ཡང་རེ་ཞིག་རང་བཞིན་མི་དམིགས་པ་ནི་མི་སྲིད་དེ། དེ་ནི་མེད་པའི་ཐ་སྙད་སྒྲུབ་པ་ཡིན་ནོ། །དབང་པོས་མི་སོད་པའི་དོན་དང་འགའ་ཡང་ལྷན་ཅིག་འགལ་བ་དང་ཁྱབ་པར་བྱ་བ་དང༌། ཁྱབ་པར་བྱེད་པ་དང༌། རྒྱུ་དང་འབྲས་བུའི་དངོས་པོའང་མ་གྲུབ་པའི་ཕྱིར་འགལ་བ་དམིགས་པ་ལ་སོགས་པ་ཡང་མི་སྲིད་དོ། །ཚད་མ་གཉིས་ལས་མ་གཏོགས་པ་ཚད་མ་གཞན་ཡང་མེད་དོ་ཞེས། གཞན་དུ་གཏན་ལ་ཕབ་པ་ཡིན་ནོ། །དེ་ལྟ་བས་ན་དངོས་པོའི་ངོ་བོ་ཉིད་བརྟག་པ་ལ་ཡང་སྒྲུབ་པར་བྱེད་པའི་ཚད་མ་ཅུང་ཟད་ཀྱང་མེད་པས་དེའི་ཕྱིར་རྟོག་པ་དང་ལྡན་པས་དེ་ལ་ཡང་དོན་དམ་པ་པའི་ཡོད་པར་ཐ་སྙད་མི་བྱའོ། །སྦྱོར་བ་དག་ནི་གང་ཞིག་གང་ལ་དོན་དམ་པར་གང་ཡོད་པར་གྲུབ་པར་བྱ་བའི་ཚད་མ་ཅུང་ཟད་ཀྱང་མེད་པ་དེ་ནི་རྟོག་པ་དང་ལྡན་པས་ཡང་དག་པར་དེ་བཞིན་དུ་གཟུང་བར་མི་བྱ་སྟེ། དཔེར་ན་སྔོ་བ་སངས་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཉིད་དུ་མོ་གཤམ་གྱི་བུ་དག་ལྟ་བུའོ། །དངོས་པོའི་ངོ་བོ་ཉིད་ཡང་དག་པ་པ་ཇི་སྐད་བཤད་པ་གཉི་ག་ཡང་ཡང་དག་པར་གྲུབ་པར་བྱ་བ་ལ་ཡང་ཚད་མ་ཅུང་ཟད་ཀྱང་མེད་པས་ཁྱབ་པར་བྱེད་པ་མི་དམིགས་པ་ཡོད་པའི་ཐ་སྙད་འགོག་པའི་འབྲས་བུ་ཅན་


DTG107_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། རྟོག་པ་དང་ལྡན་པ་རྣམས་ཀྱི་ཡོད་པའི་ཐ་སྙད་ནི་ཚད་མས་ཁྱབ་པའི་ཕྱིར་རོ། །གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་རྒྱས་པར་རབ་ཏུ་བསྒྲུབས་ཟིན་ཏོ། །ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་མི་འཐད་པ་དང༌། རྟོག་པ་དང་མི་ལྡན་པ་ཉིད་དུ་ཐལ་བ་དང་བཟློག་ན་གནོད་པ་ཅན་གྱི་ཚད་མ་ཡོད་པས་དེའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་ཀྱང་མ་ཡིན་ལ། མཐུན་པའི་ཕྱོགས་ཉིད་ལ་ཡོད་པའི་ཕྱིར་འགལ་བ་ཉིད་ཀྱང་མ་ཡིན་ནོ། །ཇི་སྟེ་གལ་ཏེ་ཡོད་པ་དང་མེད་པའི་ཐ་སྙད་ལ་ཚད་མས་ཁྱབ་པོ་ཞེས་བྱ་བར་ཁས་ལེན་པར་གྱུར་ན་དེའི་ཚེ་དངོས་པོ་གྲུབ་པ་ཁོ་ནར་འགྱུར་ཏེ། འདི་ལྟར་ཁྱབ་པར་བྱ་བ་དང༌། ཁྱབ་པར་བྱེད་པའི་དངོས་པོ་ནི་གང་དུ་ཡང་རྗེས་སུ་འགྲོ་བ་ངེས་པ་མེད་པར་ལྡོག་པ་ཙམ་གྱི་སྒོ་ནས་འགྲུབ་པར་མི་སྲིད་དོ། །ལྡོག་པ་ངེས་པ་ཡང་རྗེས་སུ་འགྲོ་བ་ངེས་པ་མེད་པར་མི་སྲིད་དེ། གང་ཞིག་གང་ཡོད་ན་ཡོད་པ་མ་ཡིན་པ་དེ་ནི་ཇི་ལྟར་དེ་ལོག་པ་ན་ལྡོག་པར་འགྱུར་ཏེ། འབྲེལ་པ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་གདོན་མི་ཟ་བར་ཚད་མས་ཁྱབ་པའི་རྗེས་སུ་འགྲོ་བར་འདོད་པ་དང་དངོས་པོ་ཡོད་པའི་ཐ་སྙད་ཁས་བླང་བར་བྱའོ། །དེ་ཁས་བླངས་ན་ནི་འགའ་ཞིག་ཏུ་གང་ལ་འདི་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཡོད་པའི་ཐ་སྙད་ཚད་མ་ཡོད་པའི་རྗེས་སུ་བྱེད་པ་ཅན་རབ་ཏུ་གྲུབ་པ་དེ་ཉིད་ཁོ་བོ་ཅག་གི་དངོས་པོ་རབ་ཏུ་གྲུབ་པ་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་ཡོད་པའི་ཐ་སྙད་ཚད་མས་ཁྱབ་ཏུ་ཟིན་ཀྱང་ཚད་མ་ཙམ་གྱི་སྒོ་ནས་ནི་འདི་ངེས་པར་དོན་དམ་པ་པའི་དངོས་པོར་ཡོད་པའི་ཡུལ་ཅན་དུ་མི་འགྲུབ་སྟེ། ཁྱབ་པར་བྱེད་པ་ཉེ་བ་ནི་ཁྱབ་པར་བྱ་བའི་ཁྱད་པར་ངེས་པར་གཏན་ལ་འབེབས་པར་ནུས་པ་མ་ཡིན་ཏེ། དེ་ནི་གཞན་ལ་ཡང་སྲིད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཤིང་ཉིད་ཀྱིས་ཀྱང་ཤིང་ཤ་པ་ལ་སོགས་པའི་ཁྱད་པར་རྣམས་ངེས་པར་རྟོགས་པར་འགྱུར་རོ། །འདི་ནི་མི་མཐུན་པ་ཉིད་མ་ཡིན་ནམ། །འདི་ལྟར་ཤིང་ཉིད་ནི་ཁྱད་པར་མ་ལུས་པའི་ཐུན་མོང་ཡིན་པའི་ཕྱིར་དེ་བ་ལ་སོགས་པའི་ཁྱད་པར་ངེས་པར་གཏན་ལ་འབེབས་པར་ནུས་པ་མ་ཡིན་ལ། ཚད་མ་ནི་དངོས་པོའི་ངོ་བོ་འདས་ནས་གཞན་གང་ལ་ཡང་མི་སྲིད་དོ། །དེ་ལྟ་ན་ནི་དེ་དངོས་པོ་མེད་པ་ལ་ཡང་འཇུག་


DTG107_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ཚད་མ་ཉིད་ཉམས་པ་ཁོ་ནར་འགྱུར་རོ། །དེ་ལྟ་བས་ན་ཚད་མ་ཐམས་ཅད་ནི་དངོས་པོས་མངོན་པར་ཁྱབ་པ་ཁོ་ན་ཡིན་ལ། དེས་ཁྱབ་པའི་ཚད་མའི་སྟོབས་ཀྱིས་བྱུང་བའི་ཐ་སྙད་འཇུག་ན་ཡང་ཚད་མས་རྟོགས་པའི་དངོས་པོ་ཁོ་ན་ལ་འཇུག་པས་དེའི་ཕྱིར་འདི་ཤིང་ཉིད་ལ་སོགས་པ་བཞིན་དུ་ཐུན་མོང་ཉིད་དུ་ལྟ་ག་ལ་ཡིན་ཞེ་ན། དེ་ནི་མི་རུང་སྟེ་ཚད་མ་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་དོན་གྱི་ཡུལ་ཅན་ཡང་ཡོད་དོ་ཞེས་སྔར་བསྟན་ཟིན་ཏོ། །དེ་ལྟ་མ་ཡིན་ན་གལ་ཏེ་ཚད་མ་ཐམས་ཅད་དོན་དམ་པ་པའི་དངོས་པོའི་ཡུལ་ཅན་ཞིག་ཏུ་གྱུར་ན་ནི་ཐམས་ཅད་དེ་ཁོ་ན་ཉིད་མཐོང་བ་ཁོ་ནར་འགྱུར་ཏེ། དེའི་ཕྱིར་དེ་ཁོ་ན་ཉིད་མཐོང་བར་འདོད་པ་རྣམས་འཕགས་པའི་ལམ་བསྒོམ་པ་སྒྲིམ་པ་དོན་མེད་པ་ཉིད་དུ་འགྱུར་རོ། །སྨྲ་བ་པོ་རྣམས་དེ་ཁོ་ན་ཉིད་ལ་རྩོད་པར་ཡང་མི་འགྱུར་ཏེ། ཐམས་ཅད་དོན་དམ་པ་རྟོགས་པ་ཉིད་ཀྱིས་ཡིད་གཉིས་མེད་པའི་ཕྱིར་རོ། །ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་བྱེད་པ་ཡང་དོན་མེད་པར་ཐལ་བར་འགྱུར་ཏེ། དེའི་འབྲས་བུ་ནི་རྣམ་པར་རྨོངས་པ་ཟློག་པ་ཡིན་པའི་ཕྱིར་ལ། དེ་ཁོ་ན་ཉིད་རྟོགས་པར་བྱ་བ་ལ་ཡང་ཐམས་ཅད་ཀྱིས་རྣམ་པར་རྨོངས་པའི་གོ་སྐབས་ཐག་བསྲིངས་པའི་ཕྱིར་རོ། །མཚན་ཉིད་བྱེད་པ་རྣམས་ཀྱིས་དེའི་མཚན་ཉིད་ཕན་ཚུན་འགལ་བར་བྱེད་པར་ཡང་མི་འགྱུར་ལ། གྲུབ་པའི་མཐའ་ཐ་དད་པར་ཡང་མི་འགྱུར་ཏེ། དེ་ཁོ་ན་ཉིད་ཀྱི་ངོ་བོ་གཅིག་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་ཐ་སྙད་པའི་ཚད་མ་དོན་དམ་པ་པའི་དངོས་པོའི་ཡུལ་ཅན་མ་ཡིན་པ་ཡང་ཐ་སྙད་ཀྱི་ཚད་མ་སྲིད་པའི་ཕྱིར་ཚད་མ་ཐམས་ཅད་དོན་དམ་པ་པའི་དངོས་པོས་ཁྱབ་པ་ཉིད་ནི་མ་ཡིན་ནོ། །དོན་དམ་པ་པའི་དངོས་པོའི་ཡུལ་ཅན་ཉིད་མ་ཡིན་ཡང་རྨི་ལམ་ལ་སོགས་པ་བཞིན་དུ་ཇི་ལྟར་འདོད་པའི་དོན་ཡང་དག་པར་འཐོབ་པ་ཙམ་གྱི་སྒོ་ནས་ཐ་སྙད་པའི་མཚན་མ་རྣམ་པར་གཞག་གོ །དེའི་ཡུལ་ལ་ནི་དོན་དམ་པ་པ་ཞེས་མིང་དུ་འདོགས་ཀྱང་བརྩད་པ་མེད་དོ། །འོན་ཀྱང་ལུས་ཅན་རྣམས་དངོས་པོ་རྣམས་ཀྱི་ངོ་བོ་ཇི་ལྟ་བ་བཞིན་དུ་རྟོགས་པས་འཁོར་བའི་བཙོན་ར་ནས་ཐར་བར་འགྱུར་བ་དེ་ཉིད་དེ་དག་གི་མ་རིག་པའི་ཡུལ་ལས་བཟློག་པའི་ངོ་བོ་ཡིན་པའི་ཕྱིར་དང་ཡང་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་དོན་དམ་པའོ་


DTG107_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བར་རྣམ་པར་གཞག་གོ །སྐྱེ་བོ་རྣམས་ཀྱིས་མངོན་པར་འདོད་པའི་དོན་བྱེད་པ་སྒྲུབ་པར་རུང་བའི་དོན་ཐོབ་པ་ཙམ་གྱི་སྒོ་ནས་ནི་གྲོལ་བར་མི་འགྱུར་ཏེ། ཐམས་ཅད་རྣམ་པར་གྲོལ་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་ཚད་མ་ནི་མི་སླུ་བའི་ཤེས་པ་ཡིན་ནོ་ཞེས་བྱ་བ་འདི་ནི་ཚད་མའི་མཚན་ཉིད་དུ་ཐུན་མོང་བ་ཡིན་ནོ། །དེས་ནི་ཡོད་པའི་ཐ་སྙད་ལ་ཁྱབ་ཀྱང་དེ་ངེས་པར་ཡང་དག་པ་པའི་དོན་གྱི་ཡུལ་ཅན་ཉིད་དུ་རབ་ཏུ་མི་འགྱུར་བའི་ཕྱིར་ཇི་ལྟར་དེ་ལ་ཡང་དག་པ་པའི་དངོས་པོ་ཡང་དག་པར་འགྲུབ། འདི་ལ་གནོད་པ་ཅན་གྱི་ཚད་མ་མེད་པའི་ཐ་སྙད་སྒྲུབ་པ་འདི་ཡང་ཡོད་པ་ཉིད་དེ། འདི་ལྟར་གང་དག་དོན་དམ་པར་རང་དང༌། གཞན་དང༌། གཉི་ག་ལས་སྐྱེ་བ་དང༌། རྒྱུ་མེད་པ་ལས་སྐྱེ་བ་དང་བྲལ་བ་དེ་དག་ནི་ཡང་དག་པར་ན་ངོ་བོ་ཉིད་མེད་པ་ཡིན་ཏེ། དཔེར་ན་ནམ་མཁའི་པདྨ་ལ་སོགས་པ་ལྟ་བུའོ། །རང་དང་གཞན་གྱིས་ཡང་དག་པར་ཡོད་པར་སྨྲས་པའི་དངོས་པོ་ཐམས་ཅད་ཀྱང་དེ་དང་འདྲ་བ་ཁོ་ན་ཡིན་ནོ། །གཏན་ཚིགས་འདི་ནི་མ་གྲུབ་པ་ཡང་མ་ཡིན་ཏེ། འདི་ལྟར་རེ་ཞིག་གྲངས་ཅན་ལ་སོགས་པ་གང་དག་རྒྱུ་ཉིད་འབྲས་བུའི་བདག་ཉིད་དུ་རྣམ་པར་གནས་སོ་ཞེས་རྗོད་པར་བྱེད་ཅིང༌། དངོས་པོ་རྣམས་དང་ཁོ་ན་ལས་སྐྱེ་བར་ཉེ་བར་བརྗོད་པ་དེ་དག་ནི་ཐང་ཅིག་རིག་པ་མ་ཡིན་པ་ཁོ་ན་སྟེ། དངོས་པོ་ཡོད་པ་དང་མེད་པ་ནི་བདག་ཉིད་ཀྱི་རྒྱུ་ཉིད་དུ་མི་འཐད་པའི་ཕྱིར་ཏེ། འདི་ལྟར་དངོས་པོས་བདག་ཉིད་སྐྱེད་ན་གྲུབ་པའམ། མ་གྲུབ་པ་ཞིག་སྐྱེད་པར་འགྱུར་གྲང་ན། དེ་ལ་རེ་ཞིག་མ་གྲུབ་པ་ནི་མི་སྐྱེད་དེ། དེ་ནི་དེའི་ཚེ་མེད་པའི་ཕྱིར་ཅི་ཞིག་གང་གི་སྐྱེད་པ་པོར་འགྱུར། མོ་གཤམ་གྱི་བུ་ལ་སོགས་པ་བདག་ཉིད་ཀྱི་ངོ་བོ་ཡོངས་སུ་མ་གྲུབ་པ་ནི་རང་གི་ངོ་བོ་ཉིད་སྐྱེད་པར་ནུས་པ་མ་ཡིན་ནོ། །གྲུབ་པ་ཡང་སྐྱེད་པར་བྱེད་པ་མ་ཡིན་ཏེ། བྱེ་བྲག་མེད་པ་ཉིད་ཀྱིས་དེའི་བདག་ཉིད་ཀྱང་གྲུབ་པའི་ཕྱིར་ཅི་ཞིག་གང་གིས་བསྐྱེད་པར་འགྱུར། གང་ཞིག་གྲུབ་ན་གང་མ་གྲུབ་པ་དེ་ནི་དེའི་ངོ་བོ་ཉིད་དུ་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཕན་གདགས་པར་བྱ་བ་དང༌། ཕན་འདོགས་པར་བྱེད་པ་ཉིད་དག་ཡིན་ན་བསྐྱེད་པར་བྱ་བ་དང༌། སྐྱེད་པར་བྱེད་པའི་དངོས་པོར་རིགས་ཀྱི། ངོ་བོ་


DTG107_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དེ་གྲུབ་ན་ཕན་གདགས་པར་བྱ་བའི་ངོ་བོ་ཕྲ་རབ་ཀྱང་ཅུང་ཟད་མེད་པའི་ཕྱིར་འདི་ཇི་ལྟར་ན་བསྐྱེད་པར་བྱ་བ་ཉིད་དུ་འགྱུར། འོན་ཏེ་དེ་ཁྱད་པར་དུ་བྱར་མེད་པ་ཡིན་ཡང་བསྐྱེད་པར་བྱ་བ་ཉིད་རྒྱུ་མེད་པ་ཅན་ཁོ་ནར་ཉེ་བར་རྟོག་པར་བྱེད་པ་ན་ནི་དེའི་ཚེ་ཤེས་པ་ཡོད་པ་ལ་ཡང་ཅིའི་ཕྱིར་ཀུན་ཏུ་མ་བརྟགས། ཁྱད་པར་མེད་པའི་ཕྱིར་དེ་དང་འདྲ་བ་ཉིད་དུ་ནང་གི་སྐྱེ་མཆེད་ལ་སོགས་པ་དག་ལ་ཡང་དེར་རྟོག་པར་མ་བྱེད་ཅིག །དེ་ཉིད་ཀྱི་ཕྱིར་མཁས་པ་རྣམས་ཀྱིས་ནང་གི་སྐྱེ་མཆེད་ནི་རང་ལས་སྐྱེ་བར་རིགས་པ་མ་ཡིན་ཏེ། ཡོད་པའི་ཕྱིར་ཤེས་པ་ཡོད་པ་བཞིན་ནོ་ཞེས་ཐལ་བར་བསྒྲུབ་པ་འདི་ཉེ་བར་བརྗོད་པ་འདིར་ཐལ་བའི་དོན་མི་ཤེས་པ་ཁ་ཅིག་འདི་ལ་དཔེ་མ་གྲུབ་པ་ཉིད་དང་གཏན་ཚིགས་འགལ་བ་ཉིད་རྗོད་པར་བྱེད་པ་གང་ཡིན་པ་དེ་ནི་དེ་དག་གིས་ཡོངས་སུ་མ་ཤེས་པའི་ཉེས་པ་ཁོ་ན་ཡིན་ཏེ། འདི་ལྟར་གཞན་དག་ལ་ཕན་ཚུན་འགལ་བ་ཡང་དག་པར་བརྗོད་པར་འདོད་པས་ཕ་རོལ་ལ་གྲུབ་པ་ཤེས་པ་ཡོད་པ་ལ་སོགས་པ་ཁོ་ན་རྗེས་སུ་ཟློས་པ་ཡིན་གྱི། བདག་ཉིད་ལ་ཡང་དག་པར་གྲུབ་པའི་དངོས་པོ་ལ་ཅུང་ཟད་ཀྱང་མི་འདོད་པར་ཐལ་བར་བྱེད་པ་མ་ཡིན་ནོ། །ཤེས་པ་ཡོད་པ་ཡང་གཞན་དག་ལ་ཡང་དག་པར་མ་གྲུབ་པ་མ་ཡིན་ནོ། །དེའི་ཕྱིར་དཔེ་མ་གྲུབ་པ་ཉིད་ཀྱང་མ་ཡིན་ལ། །གཏན་ཚིགས་འགལ་བ་ཉིད་ཀྱང་མ་ཡིན་ཏེ། རང་གི་རྒྱུད་ཀྱིས་རྟག་པ་དང༌། གཅིག་པ་ཉིད་ཀྱི་རྣམ་གྲངས་ངོ་བོ་བསྒྲུབ་པ་ལ། དེ་ལྟ་བུའི་གཏན་ཚིགས་དང་དཔེ་མ་གྲུབ་པའི་ཕྱིར་རོ། །དེ་ནི་གཞན་དག་ཕན་ཚུན་མ་འབྲེལ་བ་ཉིད་དུ་བརྗོད་པ་ནི་བསྙད་པ་ཙམ་ཞིག་བརྗོད་པར་འདོད་པར་ཟད་ཀྱི། རང་གི་རྒྱུད་ཀྱིས་དངོས་པོའི་ཆོས་རབ་ཏུ་སྒྲུབ་པ་ནི་མ་ཡིན་ནོ། །དེ་རབ་ཏུ་སྒྲུབ་ན་དེ་ལ་འགལ་བ་ཉིད་བརྗོད་པར་རིགས་ཏེ། དེ་ལ་ནི་གཏན་ཚིགས་དང་དཔེ་དག་རབ་ཏུ་མ་གྲུབ་པའི་ཕྱིར་དེ་བརྗོད་པ་འབྲེལ་པ་མེད་པ་ཁོ་ན་ཡིན་ནོ། །འོན་ཏེ་དངོས་པོའི་བདག་ཉིད་ཡོངས་སུ་གྲུབ་ཀྱང་ཕན་པ་ཉིད་འགའ་ཞིག་ཁས་ལེན་ན་ནི་དེའི་ཚེ་དེ་དང་ཕན་པ་ཐ་དད་པ་དེ་རང་ལས་སྐྱེ་བར་མི་འགྱུར་ཏེ། ཕན་པ་དོན་གཞན་དུ་གྱུར་པ་ཁོ་ན་སྐྱེ་བའི་ཕྱིར་རོ། །ཇི་སྟེ་ཐ་དད་པ་མ་ཡིན་ན་ནི་ཕན་པ་ཡང་དེ་དང་འདྲ་བ་ཉིད་དུ་གྲུབ་པ་ཁོ་ན་ཡིན་པས་དེ་ཇི་ལྟར་གྲུབ་པར་འགྱུར་ཏེ། དེའི་ཕྱིར་དེ་ལ་ཡང་རྒྱུ་མངོན་པར་བརྗོད་


DTG107_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་སོ། །གཞན་ཡང་རྒྱུ་དང་འབྲས་བུ་ཞེས་བྱ་བ་འདི་ཤིང་དང་ལྗོན་པ་བཞིན་དུ་རྣམ་གྲངས་ཀྱི་ངོ་བོར་བརྗོད་པ་ནི་འཇིག་རྟེན་ན་དེ་ལྟར་མ་གྲགས་སོ། །དེའི་ཕྱིར་གདོན་མི་ཟ་བར་འདི་འཇུག་པའི་རྒྱུ་མཚན་ཐ་དད་པའི་རྒྱུ་ཅུང་ཟད་ཅིག་ཉེ་བར་བསྟན་དགོས་ན་རྒྱུ་དང་འབྲས་བུ་དག་གཅིག་པ་ཉིད་དུ་ཁས་ལེན་ན་དེ་ཉེ་བར་བསྟན་པར་ཡང་མི་ནུས་སོ། །འོན་ཏེ་མངོན་པར་གསལ་བའི་གནས་སྐབས་དང་ཡོངས་སུ་འགྱུར་བའི་གནས་སྐབས་རྒྱུའི་འོག་ཏུ་འབྱུང་བ་འབྲས་བུ་ཡིན་ནོ་ཞེས་སྟོན་ཏེ། འདི་ལྟར་དེས་ན་དེ་རྣམ་པར་གཞག་པ་ཐ་དད་པའི་རྒྱུ་ཡོད་པ་ཁོ་ནའོ་སྙམ་དུ་སེམས་ན་དེ་ཡང་རིགས་པ་མ་ཡིན་ཏེ། གལ་ཏེ་མངོན་པར་གསལ་བ་དང་ཡོངས་སུ་འགྱུར་བ་སྣང་བ་དེ་དག་གཅིག་ཏུ་དེ་དང་ཐ་དད་པ་ཉིད་གཅིག་ཡིན་ན་ནི་དེའི་ཚེ་དངོས་པོ་གཞན་ཁོ་ན་ལས་སྐྱེ་བར་ཁས་བླངས་པར་འགྱུར་རོ། །འོན་ཏེ་ཐ་དད་པ་མ་ཡིན་ན་ནི་དེའི་ཚེ་རྒྱུ་དང་འབྲས་བུ་དག་འཆོལ་པའི་ཉེས་པ་དེའི་སོ་ན་འདུག་པ་ཉིད་དོ། །གཅིག་ལ་ཅིག་ཅར་གསལ་བ་དང་མི་གསལ་བ་ལ་སོགས་པ་འགལ་བའི་ཆོས་དང་ལྡན་པར་ཡང་ཇི་ལྟར་རུང་བར་འགྱུར། དེ་བས་དང་ཕན་ཚུན་འགལ་བའི་ཕྱིར་ཐ་དད་པ་དང་ཐ་དད་པ་མ་ཡིན་པའི་ཕྱོགས་ཀྱང་རིགས་པ་མ་ཡིན་པ་ཉིད་དེ། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་ཆོས་དག་ནི་ཅིག་ཤོས་དགག་པ། གཞན་སྒྲུབ་པ་མེད་ན་མེད་པ་ཡིན་པའི་ཕྱིར་གཉི་ག་མ་ཡིན་པའི་ཕྱོགས་སུ་རྟོག་པ་ཡང་རིགས་པ་དང་ལྡན་པ་མ་ཡིན་ནོ། །གཞན་ཡང་གལ་ཏེ་དེའི་རྒྱུར་མངོན་པར་འདོད་པའི་དངོས་པོ་སྔོན་གྱི་ངོ་བོ་མ་བོར་བ་ཁོ་ནར་དེའི་འོག་ཏུ་མངོན་པར་གསལ་བ་ལ་སོགས་པའི་གནས་སྐབས་སུ་གྱུར་ན་ནི་དེའི་ཚེ་གནས་སྐབས་འཆོལ་བར་ཐལ་བར་འགྱུར་ཏེ། དེའི་ཕྱིར་རྟོགས་པར་བྱེད་པ་གཅིག་ལ་ལྟོས་ནས་བུམ་པ་ལ་སོགས་པ་སྣང་བ་དང་མི་སྣང་བར་ཡང་འགྱུར་ལ། རྒན་པོ་ལ་སོགས་པའི་གནས་སྐབས་ན་ཡང་བྱིས་པ་ལ་སོགས་པའི་གནས་སྐབས་གསལ་རབ་ཏུ་དམིགས་པར་འགྱུར་རོ། །འོན་ཏེ་བོར་པའི་ཕྱོགས་ཡིན་ན་ནི་དེའི་ཚེ་ཆ་ཤས་མེད་པའི་ངོ་བོ་ཡིན་པའི་ཕྱིར་སྔོན་གྱི་བདག་ཉིད་ཐམས་ཅད་ཞིག་ན་རྗེས་སུ་འགྲོ་བའི་རང་གི་ངོ་བོ་འགའ་ཡང་མེད་པའི་ཕྱིར་དང༌། ཕྱིས་མངོན་པར་གསལ་བའི་གནས་སྐབས་སུ་ཡང་


DTG107_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་གཞན་སྐྱེས་པའི་ཕྱིར་བདག་ལས་སྐྱེ་བ་མ་ཡིན་པར་གྱུར་ཅིང་མངོན་པར་གསལ་བ་དང་འགྱུར་བ་ཡང་འགའ་ཡང་མེད་དོ། །གཞན་ཡང་གསལ་བ་ཡང་མི་སྣང་བ་གཞན་དུ་གྱུར་བའི་མཚན་ཉིད་ཡིན་པའི་ཕྱིར་མངོན་པར་གསལ་བ་དང༌། ཡོངས་སུ་འགྱུར་བ་འདི་གཉི་ག་ཡང་གཞན་དུ་གྱུར་པས་རབ་ཏུ་ཕྱེ་བ་ལས་ཀུན་བརྟགས་པ་ཡིན་ནོ། །དེ་ཉིད་གཞན་དུ་འགྱུར་བར་རུང་བ་ཡང་མ་ཡིན་ཏེ། འགལ་བའི་ཕྱིར་རོ། །འདི་ལྟར་དངོས་པོའི་དེ་ཉིད་ཡོངས་སུ་གཅོད་པ་ན་གཞན་ཉིད་རྣམ་པར་བཅད་ནས་ཡོངས་སུ་གཅོད་ལ། གཞན་ཉིད་ཀྱང་དེ་ཉིད་རྣམ་པར་བཅད་ནས་ཡོངས་སུ་གཅོད་དེ། དེ་ལས་བཟློག་པ་རྣམ་པར་མ་བཅད་ན་དེ་ཡོངས་སུ་གཅོད་པར་མི་རུང་བའི་ཕྱིར་རོ། །གང་ལ་གང་ཞིག་ཡོངས་སུ་གཅོད་པ་གང་རྣམ་པར་བཅད་པ་མེད་ན། མེད་པ་དེ་དག་ནི་དེ་ལ་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་ནོ། །གང་དག་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པ་དེ་དག་ཀྱང་ཆོས་ཅན་གཅིག་ལ་ལྡན་པར་མི་འགྱུར་ཏེ། དཔེར་ན་སེམས་ལ་ལུས་ཅན་དང་ལུས་ཅན་མ་ཡིན་པའི་བྱེ་བྲག་ལྟ་བུའོ། །དེ་ཉིད་དང་གཞན་ཉིད་ཀྱང་དེ་དང་འདྲ་བས་དེའི་ཕྱིར་འདི་གཉིས་གཅིག་ལ་ལྡན་པར་ལྟ་ག་ལ་འགྱུར། ཆོས་འགལ་བ་དང་ལྡན་པ་ཡང་གཅིག་པ་ཉིད་ཡིན་ན་ནི་ཐམས་ཅད་རྫས་གཅིག་པ་ཉིད་དུ་འགྱུར་ཏེ། དེའི་ཕྱིར་ཅིག་ཅར་དུ་བཅིངས་པ་དང༌། ཐར་པ་དང༌། འཆི་འཕོ་བ་དང༌། སྐྱེ་བ་ལ་སོགས་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་གཅིག་ཅེས་མིང་དུ་འདོགས་པ་ཙམ་ཁོ་ན་བྱས་པར་འགྱུར་ཏེ། འདི་ལ་ནི་བརྩད་པ་མེད་དོ། །དེ་ལྟ་བས་ན་དངོས་པོའི་གནས་སྐབས་ཀྱི་བྱེ་བྲག་གང་སྔོན་གྱི་གནས་སྐབས་དང་མཚན་ཉིད་མི་མཐུན་པར་ཀུན་ཏུ་རྟོག་པ་དེ་ནི་ངོ་བོ་ཉིད་མཚན་ཉིད་གཞན་ཡིན་ན་གཞན་གང་ཡིན་པ་དེ་ཇི་ལྟར་དེའི་ཡིན། གཞན་ཡང་གལ་ཏེ་འདིའི་ངོ་བོ་ཉིད་གང་ཕྱིས་དམིགས་པ་དེ་སྔོན་ཡང་ཡང་དག་པར་ཡོད་ན་ནི་དེའི་ཚེ་དེ་ལ་འདི་ཇི་སྟེ་དམིགས་པར་མི་འགྱུར། འོན་ཏེ་འདི་མི་སྣང་བའི་ངོ་བོ་ཡིན་པའི་ཕྱིར་སྔོན་མི་དམིགས་སོ་ཞེ་ན་ནི། དེའི་རྒྱུའི་དངོས་པོ་ཡང་དེ་དང་འདྲ་བ་ཁོ་ནར་མི་དམིགས་པའི་ངོ་བོ་ཉིད་དུ་ཐལ་བ་ཡང་ཡིན་ལ། དམིགས་པར་འདོད་པའི་ངོ་བོ་ཉིད་འདི་ཡང་སྔོན་བཞིན་དུ་ཕྱིས་ཀྱང་མི་དམིགས་པར་འགྱུར་རོ།།


DTG107_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྟེ་བསྒྲིབས་པའི་ཕྱིར་མི་དམིགས་སོ་ཞེ་ན། དེའི་ཚེ་ཕྱིས་ཀྱང་སྒྲིབ་པར་བྱེད་པ་དེའི་སོན་འདུག་པའི་ཕྱིར་རྟག་ཏུ་མི་དམིགས་པར་ཐལ་བ་ཉིད་དོ། །འོ་མ་ལ་སོགས་པ་ཆ་ཤས་རྣམ་པ་བརྒྱར་གཞིགས་ཀྱང་ཞོ་ལ་སོགས་པའི་ངོ་བོ་ཉིད་ལ་སྒྲིབ་པར་བྱེད་པ་དེ་དམིགས་པའི་རིག་བྱར་གྱུར་པ་དེ་དམིགས་པའི་གགས་བྱེད་པར་འགྱུར་བ་གང་ཡིན་པ་ནི་ཅུང་ཟད་ཀྱང་མེད་དོ། །གཞན་ཡང་གལ་ཏེ་དངོས་པོའི་བདག་ཉིད་རང་བཞིན་གྱིས་བརྟན་པའི་ངོ་བོ་ཉིད་གཅིག་ཡིན་ན་ནི་དེ་ཇི་ལྟར་གཞན་ཉིད་དུ་འགྱུར་བ་ཉམས་སུ་མྱོང་བར་འགྱུར། འོན་ཏེ་མི་བརྟེན་པའི་ངོ་བོ་ཉིད་གཅིག་ཡིན་ན་ནི་དེའི་ཚེ་འཇིག་པའི་ངང་ཅན་ཡིན་པའི་ཕྱིར་འདི་རྗེས་སུ་འགྲོ་བ་མེད་པར་རྣམ་པར་འཇིག་པར་འགྱུར་གྱི། ཡང་གཞན་ཉིད་དུ་འགྱུར་བ་ཉམས་སུ་མྱོང་བ་ནི་མ་ཡིན་ནོ། །དེ་ལྟ་བས་ན་མངོན་པར་གསལ་བ་དང་ཡོངས་སུ་འགྱུར་བ་དག་རུང་བ་མ་ཡིན་པའི་ཕྱིར་དེའི་སྒོ་ནས་རང་ལས་སྐྱེ་བར་ཀུན་བརྟགས་པ་གང་ཡིན་པ་དེ་ཡང་རིགས་པ་མ་ཡིན་པ་ཉིད་དོ། །རང་ལས་སྐྱེ་བ་གློ་བུར་བ་ཉིད་གཅིག་ཡིན་ན་ཡང་དངོས་པོ་རྣམས་ཡུལ་དང་དུས་ལ་སོགས་པ་ངེས་པའི་ངོ་བོ་ཉིད་ལ་རྒྱུ་ཅི་ཞིག་ཡོད་དེ། དངོས་པོ་ཡང་དག་པར་ལྟོས་པ་མེད་པ་ལ་ནི་དེ་ལྟ་བུའི་ངེས་པ་སྲིད་པར་རིགས་པ་མ་ཡིན་ནོ། །ཇི་སྟེ་གཞན་ལ་ལྟོས་ན་ནི་ཕ་རོལ་ལས་སྐྱེ་བར་འགྱུར་ཏེ། ཕན་པ་མེད་པ་ལ་ལྟོས་པ་མི་འཐད་པའི་ཕྱིར་དེ་ཡང་འོག་ནས་དགག་པར་བྱའོ། །ལྟོས་པར་བྱ་བ་ཡང་རྟག་ཏུ་ཉེ་བའི་ངོ་བོ་ཡིན་པའི་ཕྱིར་དུས་ཐམས་ཅད་དུ་སྐྱེ་བ་ཉིད་དུ་ཐལ་བ་ཡིན་ནོ། །དེ་ལྟར་ན་རེ་ཞིག་ཐ་སྙད་དུ་ཡང་རང་ལས་སྐྱེ་བ་མི་སྲིད་དོ། །གཞན་ལས་ཀྱང་མ་ཡིན་ཏེ། འདི་ལྟར་དེ་ལས་དངོས་པོ་སྐྱེ་བར་འགྱུར་ན་རྟག་པའམ་མི་རྟག་པའི་ངོ་བོ་ཞིག་ལས་འགྱུར་གྲང་ན། རེ་ཞིག་རྟག་པ་ལས་ནི་ཐ་སྙད་དུ་ཡང་ད་རིགས་པ་མ་ཡིན་ཏེ། དེ་ནི་རིམ་དང་རིམ་མ་ཡིན་པ་དག་གིས་དོན་བྱེད་པར་མི་འཐད་པའི་ཕྱིར་རོ། །རྒྱུ་ནུས་པ་ཐོགས་པ་མེད་པར་ཡོད་པ་ཡང་འབྲས་བུ་རེས་འགའ་མི་སྐྱེ་བར་མི་འགྱུར་ལ། འབྲས་བུ་རྒྱུ་མ་ཚང་བ་མེད་པ་ཡང་རེས་འགའ་མི་འབྱུང་བར་མི་འགྱུར་ན་གང་གི་ཕྱིར་རིམ་གྱིས་དེའི་དོན་བྱ་བ་བྱེད་པར་འགྱུར་ཏེ། གཞན་དག་གིས་ཁྱད་པར་དུ་བྱར་མེད་པ་ནི་དེ་ལ་


DTG107_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་པར་མི་འཐད་པའི་ཕྱིར་རོ། །ལྷན་ཅིག་བྱེད་པའི་རྒྱུ་དང་འབྲེལ་བའི་རང་བཞིན་རྗེས་སུ་འབྲང་ན་ནི་དེ་དང་འདྲ་བ་ལྷན་ཅིག་བྱེད་པ་རྣམས་ཀྱང་རྟག་ཏུ་རྗེས་སུ་འབྲང་བར་ཐལ་བ་ཡིན་ནོ། །ཇི་སྟེ་རྗེས་སུ་མི་འབྲང་ན་ནི་དེའི་རྟག་པ་ཉིད་ཉམས་པར་འགྱུར་རོ། །དེའི་ཕྱིར་འདི་ཡང་ལྷན་ཅིག་བྱེད་པའི་རྐྱེན་ལ་ལྟོས་པ་མ་ཡིན་ནོ། །རྒྱུ་རྟག་པ་ལ་རག་ལས་ཏེ་སྐྱེ་བའི་འབྲས་བུ་ཡང་རྐྱེན་གཞན་ལས་ལྟོས་པ་མ་ཡིན་ཏེ། དེ་ནི་མེད་པའི་ཕྱིར་རོ། །མེད་བཞིན་དུ་ཡང་དེ་དང་འབྲེལ་བའི་བདག་ཉིད་ཀྱི་དངོས་པོ་འཐོབ་པའི་ཕྱིར་བློས་ཀུན་བརྟགས་པའི་ལྟོས་པར་རྣམ་པར་འཇོག་མོད་ཀྱི། འོན་ཀྱང་དེ་མངོན་པར་འགྲུབ་པར་བྱ་བ་ལ་རྒྱུ་ནུས་པ་ཐོགས་པ་མེད་པ་གང་ཡིན་པ་དེ་ཉིད་ལ་དེས་ཕན་འདོགས་པ་ཉིད་ཀྱིས་ལྟོས་པར་བྱའི། གཞན་ལ་ནི་མ་ཡིན་ནོ། །དེའི་ཕྱིར་རྟག་པར་འདོད་པའི་དངོས་པོ་རྟག་ཏུ་ཕན་འདོགས་པ་ཉིད་དུ་ཉེ་བར་མཐུ་ཐོགས་པ་མེད་པ་ཉིད་བོར་ཏེ། དེ་ལས་གཞན་པ་ལ་ཅི་སྟེ་ལྟོས། འབྲས་བུ་ལྷན་ཅིག་བྱེད་པའི་རྐྱེན་རྣམས་ལ་ལྟོས་སུ་ཆུག་ན་ཡང༌། འོན་ཀྱང་དེའི་རྒྱུ་དབང་ཕྱུག་ལ་སོགས་པ་གང་ཡིན་པ་དེ་མཐུ་ཐོགས་པ་མེད་པ་ཡིན་ན་གོ་ཇི་སྟེ་བཏང་སྙོམས་སུ་འདུག་སྟེ་གང་གིས་ན་དེ་སྐྱེ་བར་མི་འདོད་བཞིན་དུ་ཡང་ནན་གྱིས་དྲངས་ཏེ་སྐྱེ་བར་མི་བྱེད། དེ་ལྟ་ན་དེས་བདག་ཉིད་ཀྱི་མཐུ་ཉེ་བར་བསྟན་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །དེ་ལྟ་བས་ན་རིམ་ཅན་མ་ཡིན་པ་ལས་དངོས་པོ་རིམ་གྱིས་སྐྱེ་བར་མི་འགྱུར་རོ། །གལ་ཏེ་འདི་སྙམ་དུ་འབྲས་བུ་རྒྱུའི་ཆོས་ཐམས་ཅད་ཀྱི་རྗེས་སུ་བྱེད་པ་ཉིད་ནི་མ་ཡིན་ཏེ། དེ་ཉིད་ཐ་དད་པ་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་གདོན་མི་ཟ་བར་དེ་གཉིས་རྣམ་པ་འགའ་ཞིག་ཐ་དད་པར་འགྱུར་དགོས་སོ། །དེས་ན་རྒྱུ་རིམ་ཅན་མ་ཡིན་པ་ལས་ཀྱང་འབྲས་བུ་རིམ་དང་ལྡན་པ་མི་འགལ་བ་ཁོ་ནའོ་སྙམ་དུ་སེམས་ན། དེ་ནི་རིགས་པ་མ་ཡིན་ཏེ། འབྲས་བུ་རྒྱུའི་ཆོས་ཐམས་ཅད་ཀྱི་རྗེས་སུ་བྱེད་པར་ནི་མི་སྨྲའོ། །འོན་ཀྱང་རེ་ཞིག་གདོན་མི་ཟ་བར་འབྲས་བུ་རྒྱུ་ལ་ཡོད་པའི་རྗེས་སུ་འགྲོ་བ་དང༌། ལྡོག་པའི་རྗེས་སུ་བྱེད་པར་ནི་འགྱུར་དགོས་ཏེ། རྒྱུ་དང་འབྲས་བུའི་དངོས་པོའི་རྒྱུ་ནི་འདི་ཙམ་དུ་ཟད་པའི་ཕྱིར་རོ། །འབྲས་བུ་འགའ་ཡང་དངོས་པོ་རྟག་པ་ལ་ཡོད་པའི་ལྡོག་


DTG107_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྗེས་སུ་བྱེད་པ་ནི་མེད་དེ། རྟག་པ་ལ་ལྡོག་པ་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ནི་མི་རྟག་པ་ཁོ་ནར་འགྱུར་གྱི། རྟག་པ་ནི་མ་ཡིན་ནོ། །རྗེས་སུ་འགྲོ་བའི་རྗེས་སུ་བྱེད་པ་ཡང་མ་ཡིན་ཏེ། དེ་མ་ཚང་བ་མེད་པར་ཉེ་ཡང་རེས་འགའ་འབྲས་བུ་མི་སྐྱེ་བའི་ཕྱིར་རོ། །གང་ཞིག་གང་ལ་ཡོད་པའི་རྗེས་སུ་བྱེད་པ་འགྲོ་བ་དང་ལྡོག་པ་དག་གིས་རྗེས་སུ་མི་བྱེད་པ་དེ་ནི་དེའི་འབྲས་བུར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འབྲས་བུ་ཡོད་པ་ནི་ལྟོས་པར་རིགས་པ་ཡང་མ་ཡིན་ཏེ། དེ་ནི་བདག་ཉིད་ཐམས་ཅད་ཀྱིས་གྲུབ་ཟིན་པས་ཐམས་ཅད་ལ་རེ་བ་མེད་པའི་ཕྱིར་རོ། །དེ་ལྟར་ན་རེ་ཞིག་རྟག་པ་ལ་རིམ་གྱིས་དོན་བྱེད་པའི་མཐུ་རིགས་པ་མ་ཡིན་ནོ། །ཅིག་ཅར་ཡང་མ་ཡིན་ཏེ། དེའི་དོན་བྱེད་པའི་རང་བཞིན་དེ་ལྟ་བུ་ཞིག་ཡང་རྗེས་སུ་འབྲངས་ན་འབྲས་བུའི་སྐྱེད་པ་དང་འབྲལ་བར་མི་རུང་བའི་ཕྱིར་རོ། །ཇི་སྟེ་མི་འབྲལ་ན་ནི་དེའི་རྟག་པ་ཉིད་ཉམས་པ་ཡིན་ནོ། །འོན་ཏེ་ཡང་འདིའི་ནུས་པའི་རང་བཞིན་དུས་ཕྱིས་ཀྱང་རྗེས་སུ་འབྲང་མོད་ཀྱི། འོན་ཀྱང་རེ་ཞིག་དེས་འབྲས་བུ་ཐམས་ཅད་སྔར་བསྐྱེད་ཟིན་པ་གང་ཡིན་པ་དེ་ནི་ཡང་བསྐྱེད་པར་ནུས་པ་མ་ཡིན་པ་ཁོ་ན་སྟེ། དེ་ནི་སྐྱེས་ཟིན་པའི་ཕྱིར་རོ། །གཞན་དེ་དང་འདྲ་བ་གང་ཡིན་པ་དེ་ཅི་སྟེ་མི་སྐྱེད་ཅེས་བརྒལ་ཞིང་བརྟག་པར་འོས་པ་ཡང་མ་ཡིན་ཏེ། དེ་ལ་དེས་མི་ནུས་པའི་ཕྱིར་རོ། །ནུས་པ་ཡིན་ན་ནི་སྔར་བསྐྱེད་ཟིན་པ་ཁོ་ནར་འགྱུར་རོ་སྙམ་དུ་སེམས་ན། དེ་ནི་རིགས་པ་མ་ཡིན་ཏེ། དེས་སྔར་བསྐྱེད་ཟིན་པའི་འབྲས་བུ་མི་སྐྱེད་དུ་ཆུག་ཀྱང༌། འོན་ཀྱང་འདིའི་སྐྱེད་པར་ནུས་པའི་རང་བཞིན་རྗེས་སུ་འབྲང་བ་ནི་རྣམ་པར་ཉམས་པར་འགྱུར་ཏེ། གང་ཞིག་གང་གི་ཚེ་གང་སྐྱེད་པར་མི་བྱེད་པ་ནི་དེའི་ཚེ་དེ་ལ་མཐུ་ཐོགས་པ་མེད་པ་ཡིན་ནོ་ཞེས་བརྗོད་པར་རིགས་པ་མ་ཡིན་ནོ། །དེའི་ཕྱིར་འདི་ནི་སྔར་ཡང་དུས་ཕྱིས་བཞིན་དུ་སྐྱེད་པར་བྱེད་པ་མ་ཡིན་པ་ཁོ་ནར་འགྱུར་ཏེ། སྐྱེད་པར་བྱེད་པ་མ་ཡིན་པའི་གནས་སྐབས་དང་ཁྱད་པར་མེད་པའི་ཕྱིར་རོ། །འདིས་དུས་ཕྱིས་ཀྱང་སྔོན་བཞིན་དུ་སྐྱེད་པར་བྱེད་པ་ཉིད་དུ་ཡང་འགྱུར་རོ། །དེ་ལྟ་མ་ཡིན་ན་ཆོས་འགལ་བ་དང་ལྡན་པའི་ཕྱིར་འདིའི་གཅིག་པ་ཉིད་རྣམ་པར་ཉམས་


DTG107_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །དེ་ལྟ་བས་ན་དེ་ཅིག་ཅར་དོན་བྱེད་པ་ཡང་མ་ཡིན་ནོ། །རིམ་དང་ཅིག་ཅར་དག་ལས་མ་གཏོགས་པ་གང་གིས་ན་དོན་བྱ་བ་བྱེད་པར་འགྱུར་བའི་རྣམ་པ་གཞན་ཡང་ཡོད་པ་མ་ཡིན་ཏེ། །དེ་དག་ནི་ཕན་ཚུན་ཡོངས་སུ་གཅོད་པ་རྣམ་པར་བཅད་པ་མེད་ན་མེད་པ་ཉིད་ཀྱིས་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་དག་གང་ཡང་རུང་བ་ཞིག་དགག་པ་གཞན་སྒྲུབ་པ་མེད་ན་མེད་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་རེ་ཞིག་གཞན་རྟག་པ་ལས་སྐྱེ་བར་རིགས་པ་མ་ཡིན་ནོ། །མི་རྟག་པ་ལས་ཀྱང་མ་ཡིན་ཏེ། འདི་ལྟར་མི་རྟག་པ་ནི་དངོས་པོ་སྐད་ཅིག་མར་གནས་པའི་ཆོས་ཅན་ཁོ་ན་ཡིན་པར་རིགས་ཏེ། བསྐལ་པར་གནས་པ་ནི་ཁྱད་པར་མེད་པས་སྔོན་བཞིན་དུ་ཕྱིས་ཀྱང་འཇིག་པར་མི་རུང་བའི་ཕྱིར་རོ། །དེའི་ཕྱིར་འབྲས་བུ་སྐྱེ་བ་ན་འདས་པ་ལས་འགྱུར་ཏེ། དཔེར་ན་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་རྣམ་པར་སྨིན་པའི་རྒྱུ་འདས་པ་ལས་ཀྱང་འབྲས་བུ་ཉེ་བར་བརྗོད་པའམ། མ་འོངས་པ་ལས་ཏེ་དཔེར་ན། དེ་དག་ཉིད་ཀྱིས་མ་འོངས་པའི་སྐྱེ་བ་ཡང་བསྐྱེད་པར་བྱ་བ་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་ཉེ་བར་བརྟགས་པ་ལྟ་བུའམ། ད་ལྟར་གྱི་བྱེད་པ་ལས་ཀྱང་ཡིན་གྲང་ན། དེ་ལ་རེ་ཞིག་འདས་པ་ལས་ཞེས་བྱ་བ་ནི་རིགས་པ་མ་ཡིན་ཏེ། འདས་པ་ནི་མེད་པའི་ཕྱིར་རོ། །དེ་ལས་སྐྱེ་བར་ཁས་ལེན་ན་ནི་འདི་རྒྱུ་མེད་པ་ཉིད་དུ་ཡང་འགྱུར་རོ། །འདི་ལྟར་འདས་པ་ཞེས་བྱ་བ་ཅི་ལ་བྱ། གང་རང་གི་ངོ་བོ་ལས་ཉམས་པ་ཡིན་གྲང༌། དེ་ལྟ་མ་ཡིན་ན་དེ་ལྟ་བཞིན་དུ་མ་ཉམས་པའི་བདག་ཉིད་ཡིན་པའི་ཕྱིར་ཇི་ལྟར་འདས་པར་འགྱུར། ཉམས་པའི་ངོ་བོ་ཉིད་གང་ཡིན་པ་དེ་ཡང་རང་གི་ངོ་བོ་ཡོད་པ་མ་ཡིན་པའི་ཕྱིར་ཇི་ལྟར་འབྲས་བུ་ཉེ་བར་སྐྱེད་པར་འགྱུར་ཏེ། དོན་བྱེད་པ་ནི་རང་གི་ངོ་བོ་ལ་རག་ལས་པའི་ཕྱིར་རོ། །འོན་ཏེ་བྱེད་པ་ལ་སོགས་པ་ཞིག་པ་ཉིད་ཀྱིས་དེ་འདས་པ་ཞེས་བྱའི། རང་གི་ངོ་བོ་ཉམས་པས་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་ཡང་བྱེད་པ་ཞིག་པ་དེ་ལས་འབྲས་བུ་སྐྱེ་བར་ནི་རིགས་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ། འབྲས་བུ་ཉེ་བ་སྐྱེད་ན་ཇི་ལྟར་བྱེད་པ་ཞིག་པར་འགྱུར། དངོས་པོའི་ངོ་བོ་གཅིག་ལ་བྱེད་པ་དང༌། བྱེད་པ་མ་ཡིན་པའི་བྱ་བ་དག་ཀྱང་རིགས་པ་མ་ཡིན་ཏེ། ཐ་དད་པར་ཐལ་བར་འགྱུར་


DTG107_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་དང་ཆ་ཤས་མེད་པའི་ཕྱིར་རོ། །བྱེད་པ་ནི་འཕེན་པ་ཙམ་དུ་འགྱུར་གྱི། རབ་ཏུ་འབྱིན་པ་མ་ཡིན་པ་ཡང་མ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་འཕེན་པའི་དུས་ཉིད་དུ་དེ་རབ་ཏུ་འབྱིན་པར་ཡང་འགྱུར་རོ། །དེ་ལྟ་མ་ཡིན་ན་སྔོན་བཞིན་དུ་ཕྱིས་ཀྱང་དེར་མི་འགྱུར་རོ། །གཞན་ཡང་བྱེད་པ་ཞེས་བྱ་བ་གང་ཡིན་པ་དེ་གལ་ཏེ་ནུས་པའི་ངོ་བོའམ། བྱ་བའི་ངོ་བོ་ཞིག་ཡིན་པར་འགྱུར་གྲང་ན། ངོ་བོ་དེ་དག་གཉི་ག་ཡང་གལ་ཏེ་དངོས་པོ་ལས་དོན་གཞན་ཐ་དད་པ་ཞིག་ཡིན་ན་ནི་དེའི་ཚེ་དེ་ཇི་ལྟར་ཞིག་ཅེས་བརྗོད་པར་བྱ། གལ་ཏེ་རང་གི་ངོ་བོ་ཉམས་པ་ཡིན་ན་ནི་དེའི་ཚེ་དངོས་པོ་ཐམས་ཅད་རྟག་ཏུ་ཡོད་པ་ཉིད་དུ་སྨྲ་བ་ཉམས་པར་འགྱུར་རོ། །དོན་གཞན་དེ་ཞིག་ཀྱང་དངོས་པོའི་རང་གི་ངོ་བོ་རྣམ་པར་མ་གཡོས་པ་ཞིག་པ་ཉིད་དུ་འགྲུབ་པར་མི་འགྱུར་ཏེ། ལྷ་སྦྱིན་ཤི་ཡང་མཆོད་སྦྱིན་རང་གི་ངོ་བོ་ལས་མ་ཉམས་པའི་ངོ་བོ་ཡང་ཤི་ཞེས་བྱ་བ་ནི་མ་ཡིན་ནོ། །འོན་ཏེ་བྱེད་པ་གཞན་ཞིག་པའི་ཕྱིར་དེ་ཞིག་པ་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། ཐུག་པ་མེད་པར་འགྱུར་བའི་ཕྱིར་བྱེད་པ་ལ་བྱེད་པ་གཞན་ཡོད་པ་ནི་མ་ཡིན་ཏེ། དེ་ལ་ཡང་བརྒལ་ཞིང་བརྟག་པ་མཚུངས་པའི་ཕྱིར་རོ། །དེའི་ཕྱིར་གང་ཡང་འཇིག་པར་འགྲུབ་པར་མི་འགྱུར་རོ། །བྱེད་པ་དོན་གཞན་ཉིད་ཡིན་ན་ཡང་ན་ཡང་དངོས་པོ་རྒྱུ་མ་ཡིན་པ་ཉིད་དུ་འགྱུར་ཏེ། བྱེད་པ་ཁོ་ན་ལས་འབྲས་བུ་སྐྱེ་བའི་ཕྱིར་རོ། །དེའི་ཕྱིར་དངོས་པོ་མེད་པ་ཉིད་དུ་ཐལ་བ་ཡིན་ཏེ། དངོས་པོའི་མཚན་ཉིད་ནི་དོན་བྱེད་ནུས་པ་ཡིན་པའི་ཕྱིར་རོ། །བྱེད་པ་དོན་གཞན་དུ་གྱུར་པ་གཉི་གའི་ངོ་བོ་དེ་ཡང་འབྲས་བུ་ཉེ་བར་སྐྱེད་པ་ན་གལ་ཏེ་བྱེད་པ་རང་གི་ངོ་བོར་གྱུར་པ་ཁོ་ནས་སྐྱེད་དོ་ཞེས་བྱ་བར་འདོད་ན་ནི་དེའི་ཚེ་དངོས་པོ་ཡང་དེ་བཞིན་དུ་སྐྱེད་པར་འགྱུར་བ་ཉིད་པས་དོན་གཞན་དུ་རྟོགས་པས་ཅི་ཞིག་བྱ། དོན་གཞན་དུ་གྱུར་པ་ཞེས་བྱ་བའི་ཕྱོགས་ཡིན་ན་ནི་དེའི་ཚེ་དེ་ལས་ཡང་བྱེད་པ་གཞན་དུ་རྟོག་ན་ཐུག་པ་མེད་པར་འགྱུར་བའི་ཕྱིར་གང་ཡང་རྒྱུ་ཉིད་དུ་གྲུབ་པར་མི་འགྱུར་རོ། །དངོས་པོ་ཕན་དང་མི་བྱེད་པའི་ཕྱིར་འདིའི་བྱེད་པའི་ཕྱིར་འདི་ཡིན་ནོ་ཞེས་བྱ་བའི་འབྲེལ་བ་ཡང་མི་འགྲུབ་སྟེ། འབྲེལ་པ་ནི་ཐམས་ཅད་དུ་ཕན་འདོགས་པ་ཁོ་ནས་རབ་ཏུ་བྱེ་བའི་ཕྱིར་རོ། །འོན་ཏེ་དེ་ལ་དངོས་


DTG107_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཕན་པ་ཉིད་དུ་ཁས་ལེན་ན་ནི་དེའི་ཚེ་གལ་ཏེ་དངོས་པོ་བྱེད་པའི་བདག་ཉིད་དུ་གྱུར་བའི་དབང་གིས་བྱེད་པ་ལ་ཕན་འདོགས་ན་དེའི་ཚེ་འབྲས་བུ་ལ་ཡང་ཅི་སྟེ་དེ་བཞིན་དུ་ཕན་འདོགས་པར་མི་འགྱུར། གང་གིས་ན་བྱེད་པ་དོན་གཞན་དུ་བྱེད་བར་རྟོག་པར་བྱེད། བྱེད་པ་དངོས་པོ་ཡོད་པ་ཙམ་ལ་རག་ལས་པ་ཡིན་ན་ནི་རྒྱུ་མ་ཚང་བ་མེད་པའི་ཕྱིར་རྟག་ཏུ་ཉེ་བ་ཡིན་ཏེ། འཇིག་པ་ཡང་འགྲུབ་པར་མི་འགྱུར་རོ། །འོན་ཏེ་དོན་གཞན་དུ་གྱུར་པ་ཡིན་ན་ནི་དེའི་ཚེ་འདི་དང་ཡང་ལྷན་ཅིག་འབྲེལ་པར་མ་གྲུབ་པོ། དེའི་ཕྱིར་བྱེད་པ་རྣམས་ཁོ་ན་ཕན་ཚུན་སྦྱོར་བའི་ཕྱིར་དངོས་པོ་ནི་གྱི་ནར་འདུག་པ་ཉིད་དུ་འགྱུར་རོ། །སྐད་ཅིག་མ་རྣམས་ནི་སྐྱེས་མ་ཐག་ཏུ་མི་གནས་པའི་ཕྱིར་བྱེད་པར་བྱ་བའི་ངོ་བོར་ཡང་རིགས་པ་མ་ཡིན་པ་ཉིད་དོ། །སྐད་ཅིག་མ་མ་ཡིན་པ་རྣམས་ཀྱང་ནམ་མཁའ་བཞིན་དུ་རྟག་ཏུ་གནས་པའི་ངོ་བོར་གཅིག་པའི་ཕྱིར་བྱ་བ་དང་ལྡན་པར་རིགས་པ་མ་ཡིན་པ་ཉིད་པས་གང་ལ་ཡང་བྱ་བ་ཞེས་བྱ་བ་མེད་དོ། །དེ་ལྟ་བས་ན་དངོས་པོའི་ངོ་བོ་ཉིད་ཁོ་ན་ནུས་པ་དང་བྱེད་པ་ལ་སོགས་པའི་སྒྲར་བརྗོད་ཀྱི། དོན་གཞན་ནི་མ་ཡིན་ནོ། །བྱེད་པ་དངོས་པོ་ལས་ཐ་མི་དད་པ་གཉི་གའི་ངོ་བོ་དེ་ཞིག་སྟེ། རང་གི་ངོ་བོ་ཉམས་པའི་མཚན་ཉིད་ཡིན་ན་དངོས་པོ་ཡང་དེ་དང་ཐ་མི་དད་པ་ཡིན་པའི་ཕྱིར་རང་གི་ངོ་བོ་ཉམས་པ་ཡིན་པས་ཇི་ལྟར་འདས་པ་ཡོད་པ་ཉིད་དུ་འགྲུབ་པར་འགྱུར། དངོས་པོའི་རང་གི་ངོ་བོ་བཞིན་དུ་བྱེད་པ་ཡང་མི་འཇིག་པར་ཐལ་བར་འགྱུར་བའི་ཕྱིར་བྱེད་པ་ཞིག་པ་ཉིད་དུ་འགྲུབ་པར་ཡང་མི་འགྱུར་རོ། །ཇི་སྟེ་ཡང་བྱེད་པ་དེ་ཉིད་གཞན་དག་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་ཁོ་ནའོ་སྙམ་དུ་རྟོག་པར་བྱེད་དེ། དེའི་ཚེ་བཏགས་པར་ཡོད་པ་ཉིད་ཀྱིས་དངོས་པོ་མེད་པའི་ཕྱིར་དེའི་དབང་གིས་དུས་གསུམ་རྣམ་པར་གཞག་པ་ཡང་དག་པར་མི་འགྱུར་རོ། །དངོས་པོར་ཡོད་པ་ནི་རྣམ་པ་གང་གིས་ཀྱང་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་འཐད་པ་མ་ཡིན་ཏེ། ཐམས་ཅད་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་འདས་པ་དངོས་པོ་མེད་པའི་ཕྱིར་དེ་ལས་འབྲས་བུ་སྐྱེ་བ་མ་ཡིན་ནོ། །མ་འོངས་པ་ལས་ཀྱང་མ་ཡིན་ཏེ། དེ་ཡང་འདས་པ་བཞིན་དུ་མེད་པའི་


DTG107_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཏེ་འདི་ལྟར་བདག་ཉིད་དུ་མ་རེད་པའི་ཕྱིར་མ་འོངས་པ་ཞེས་བྱ་བ་ན་དེ་ལྟ་བུ་ནམ་མཁའི་པདྨ་དང་འདྲ་བ་གང་ཡིན་པ་དེ་ལས་ནི་འབྲས་བུ་སྐྱེ་བར་རིགས་པ་མ་ཡིན་ནོ། །འོན་ཏེ་བྱེད་པ་མ་ཐོབ་པ་ཉིད་ཀྱིས་དེ་མ་འོངས་པ་ཞེས་བྱ་ན་ནི་དེའི་ཚེ་དེ་ལས་ཤིན་ཏུ་ཡང་འབྲས་བུ་སྐྱེ་བར་མི་རིགས་པ་ཉིད་དེ། བྱེད་པ་མ་ཐོབ་པའི་ཕྱིར་རོ། །དངོས་པོ་ཐམས་ཅད་རྟག་ཏུ་ཡོད་པ་ཉིད་ཡིན་ན་གོ་ཇི་སྟེ་འགའ་ཞིག་གིས་རེས་འགའ་བྱེད་པ་ཐོབ་པར་མི་འགྱུར་ཏེ། དེ་འཐོབ་པའི་རྒྱུ་རྣམས་མ་ཚང་བ་མེད་པའི་ཕྱིར་རོ། །བྱེད་པ་དངོས་པོ་ལས་དོན་གཞན་དུ་གྱུར་པ་ཡང་མ་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །དོན་གཞན་མ་ཡིན་པ་ཉིད་ཡིན་ན་ནི་ཐ་དད་པ་མ་ཡིན་པའི་ཕྱིར་བྱེད་པ་བཞིན་དུ་རང་གི་ངོ་བོ་ཡང་མ་ཐོབ་པའི་ཕྱིར་མ་འོངས་པ་ཉིད་ཡོད་པ་ཉིད་དུ་འགྲུབ་པར་ཡང་མི་འགྱུར་ལ། དངོས་པོའི་རང་གི་ངོ་བོ་བཞིན་དུ་དེ་དང་ཐ་མི་དད་པའི་བྱེད་པ་ཡང་རྟག་ཏུ་ཡོད་པའི་ཕྱིར་རྟག་ཏུ་མ་ཐོབ་པ་ཉིད་དུ་ཡང་འགྲུབ་པར་མི་འགྱུར་རོ། །དེ་ལྟ་བས་ན་མ་འོངས་པ་མེད་པའི་ཕྱིར་དེ་ལས་འབྲས་བུ་སྐྱེ་བ་ནི་མ་ཡིན་ནོ། །ད་ལྟར་གྱི་ལས་ཞེས་བྱ་བའི་ཕྱོགས་ཀྱང་མ་ཡིན་ཏེ། འདི་ལྟར་དེ་ལས་འབྲས་བུ་ཡང་དག་པར་སྐྱེ་ན་དུས་མཉམ་པའམ། དུས་ཐ་དད་པ་ཞིག་ཏུ་སྐྱེ་བར་འགྱུར་གྲང་ན། རེ་ཞིག་དུས་མཉམ་པ་ནི་མ་ཡིན་ཏེ། འབྲས་བུ་སྐྱེ་བའི་སྔོན་རུལ་ན་རྒྱུ་ཡང་རི་བོང་གི་རྭ་བཞིན་དུ་མེད་པ་ཉིད་ཀྱིས་ནུས་པར་མི་རུང་བའི་ཕྱིར་རོ། །གང་གི་ཚེ་རྒྱུ་བདག་ཉིད་ཀྱི་དངོས་པོར་རེད་པ་ཉིད་ཀྱིས་ནུས་པ་ཡིན་པ་དེའི་ཚེ་ནི་འབྲས་བུ་ཡང་དེ་དང་དུས་མཉམ་པར་ཡོད་པ་ཉིད་ཀྱིས་གྲུབ་པ་ཁོ་ན་ཡིན་པས་དེ་ལ་དེ་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ། །རྒྱུར་ཐ་སྙད་གདགས་པ་ཡང་རིགས་པ་མ་ཡིན་ཏེ། དཔེར་ན་འབྲས་བུར་མངོན་པར་འདོད་པ་དེ་ཉིད་རྒྱུ་མ་ཡིན་པ་བཞིན་ནོ། །དེ་ལྟ་མ་ཡིན་ན་རྒྱུ་དང་འབྲས་བུ་དག་འཆོལ་པ་ཁོ་ནར་འགྱུར་རོ། །དུས་ཐ་དད་པ་ཞེས་བྱ་བའི་ཕྱོགས་ཀྱང་མ་ཡིན་ཏེ། འདི་ལྟར་གལ་ཏེ་འབྲས་བུ་སྔོན་གྱི་དུས་ན་ཡོད་པ་ཡིན་ན་དེ་ལྟ་ན་ནི་མ་འོངས་པ་ཁོ་ན་ལས་འབྱུང་བར་འགྱུར་ཏེ། དེ་ཡང་རིགས་པ་མ་ཡིན་པར་སྔར་བསྟན་ཟིན་ཏོ། །འོན་ཏེ་སྐད་ཅིག་མ་གཞན་གྱིས་ཆོད་པའི་འོག་ཏུ་ཡིན་ན་ནི་དེའི་ཚེ་དེ་འདས་པ་ཁོ་


DTG107_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལས་འགྱུར་ཏེ། དེ་ཡང་རིགས་པ་མ་ཡིན་ནོ་ཞེས་སྔར་བཤད་ཟིན་ཏོ། །ཇི་སྟེ་མཆོད་པ་ཡིན་ན་ནི་དེ་གཉིས་བདག་ཉིད་ཐམས་ཅད་ཀྱིས་མཆོད་པའི་ཕྱིར་དུས་མཉམ་པ་ཉིད་དུ་ཐལ་བར་འགྱུར་རོ། །གལ་ཏེ་འདི་སྙམ་དུ་འབྲས་བུ་མཆོད་པར་སྐྱེ་མོད་ཀྱི། འོན་ཀྱང་དུས་མཉམ་པ་ཉིད་དུ་ཐལ་བ་མ་ཡིན་ཏེ། སྐད་ཅིག་མ་གཉིས་པ་ལ་འབྲས་བུ་ཡོད་པར་ཁས་བླངས་པའི་ཕྱིར་ལ། དེའི་ཚེ་ཡང་སྐད་ཅིག་མ་ཡིན་པའི་ཕྱིར་རྒྱུ་མ་གནས་པ་ཡིན་ནོ། །འདིར་བཅོམ་ལྡན་འདས་ཀྱིས་འདི་ཡོད་ན་འདི་འབྱུང་ཞེས་རྒྱུ་དང་འབྲས་བུའི་དངོས་པོ་སྟོན་པར་མཛད་པས་རྣམ་པར་རྟོག་པ་གསུམ་བོར་ནས་རྣམ་པར་རྟོག་པ་བཞི་པ་ཞལ་གྱིས་བཞེས་སོ། །འདི་ལྟར་ཡང་རྣམ་པར་རྟོག་པ་ནི་འབྲས་བུ་རྒྱུའི་སྔོན་རོལ་ན་ཡོད་པར་འགྱུར་བའམ། །རྒྱུ་དང་འབྲས་བུ་ལྷན་ཅིག་ཡོད་པའམ། སྐད་ཅིག་མ་གཞན་གྱིས་ཆོད་པའམ། །མཆོད་པར་སྐད་ཅིག་མ་གཉིས་པ་ལ་ཡོད་ཅེས་བྱ་བ་བཞི་འབྱུང་བར་འགྱུར་རོ། །དེ་ལ་སྔོན་གྱི་དུས་ན་ཡོད་པ་ནི་རྒྱུ་ཡོད་ན་འབྱུང་བ་མ་ཡིན་ཏེ། དེ་ནི་དང་པོ་ཉིད་ནས་གྲུབ་ཟིན་པའི་ཕྱིར་རོ། །དུས་མཉམ་དུ་སྐྱེས་པ་ཡང་རྒྱུ་ཡོད་ན་འབྱུང་བ་མ་ཡིན་ཏེ། །དེ་ཡང་ཡོད་པའི་ཕྱིར་ཏེ། འདི་ལྟར་དུས་མཉམ་པ་ཉིད་ནི་འབྲས་བུ་མེད་པའི་དུས་ན་རྒྱུ་ཡང་མེད་ལ། རྒྱུ་ཡོད་ན་འབྲས་བུ་ཡང་ཡོད་པ་ཡིན་ནོ། །སྐད་ཅིག་མ་གསུམ་པ་ལ་སོགས་པ་ན་ཡོད་པ་ཡང་རྒྱུ་ཡོད་ན་འབྱུང་བ་མ་ཡིན་ཏེ། སྐད་ཅིག་མ་གཉིས་པ་ཁོ་ན་ལ་རྒྱུ་ཞིག་པ་ཉིད་ཀྱིས་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་སྐད་ཅིག་མ་གཉིས་པ་ཡོད་པའི་འབྲས་བུ་ཁོ་ན་རྒྱུ་ཡོད་ན་འབྱུང་བ་ཡིན་ཏེ། འདི་ལྟར་སྐད་ཅིག་མ་དང་པོ་ལ་ཡོད་པའི་རྒྱུ་ནི་དེའི་གནས་སྐབས་ན་ཡོད་པ་ཁོ་ན་ཡིན་ལ། དེ་དང་མཆོད་པ་ཉིད་དུ་སྐད་ཅིག་མ་གཉིས་པ་ལ་འབྲས་བུ་ཡོད་པར་ཉམས་སུ་མྱོང་བ་ལ་འདི་ཡོད་ན་འདི་འབྱུང་ཞེས་བྱའོ། །འབྲས་བུའི་དུས་ན་རྒྱུ་ཡོད་པར་ཐལ་བ་ཡང་མ་ཡིན་ཏེ། སྐད་ཅིག་མ་ཉིད་ཀྱིས་དེའི་ཚེ་དེ་མེད་པའི་ཕྱིར་རོ། །རྒྱུ་ཞིག་པ་ལས་འབྲས་བུ་སྐྱེ་བར་ཡང་ཐལ་བ་ཡང་མ་ཡིན་ཏེ། སྐད་ཅིག་མ་དང་པོའི་གནས་སྐབས་ན་རྒྱུ་མ་ཞིག་པའི་ཕྱིར་ལ། དེ་ཉིད་ལས་མཆོད་པར་འབྲས་བུ་སྐྱེ་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་སྐད་ཅིག་མ་གསུམ་པ་ལ་འབྲས་བུར་འགྱུར་རོ་སྙམ་དུ་སེམས་ན། དེ་ཡང་རིགས་པ་མ་ཡིན་ཏེ། འདི་


DTG107_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གལ་ཏེ་བར་ན་དུས་གཞན་ཕྲ་རབ་ཀྱང་མེད་པའི་ཕྱིར་རྒྱུ་ཡོད་པ་དང་འབྲས་བུ་དུས་གཞན་གྱིས་མཆོད་པ་ཉིད་དུ་འདོད་ན་ནི་དེའི་ཚེ་བདག་ཉིད་མི་ཚུགས་ལ། ཅི་དུས་གཅིག་པ་ཉིད་དུ་ཐལ་བར་འགྱུར་རམ། འོན་ཏེ་མ་ཡིན་ཞེས་དཔྱོད་ཅིག །དངོས་པོ་ཆ་ཤས་མེད་པ་དུས་གཞན་གྱིས་མཆོད་པ་གཉིས་ལ་ནི་དུས་གཅིག་པ་མ་གཏོགས་པར་རྣམ་པ་གཞན་ཡོད་པ་མ་ཡིན་ཏེ། དེ་གཉིས་བདག་ཉིད་ཐམས་ཅད་ཀྱིས་མཆོད་པའི་ཕྱིར་རོ། །བར་དུ་འབྱུང་བའི་དུས་གཞན་མེད་ན་གདོན་མི་ཟ་བ་སྐད་ཅིག་མ་སྔ་མ་དང་ཕྱི་མ་དག་རེག་པ་ཁོ་ནར་འགྱུར་ཏེ། དེའི་ཕྱིར་སྐད་ཅིག་མ་ཐམས་ཅད་སྐད་ཅིག་མ་གཅིག་ཁོ་ནའི་ནང་དུ་འདུས་པས་རྡུལ་ཕྲ་རབ་རྣམས་བདག་ཉིད་ཐམས་ཅད་ཀྱིས་སྦྱོར་ན་གོང་བུ་རྡུལ་ཕྲན་ཙམ་ཉིད་དུ་ཐལ་བ་དང་འདྲ་བར་བ་སྐལ་བ་ཡང་སྐད་ཅིག་མ་ཙམ་ཉིད་དུ་ཐལ་བ་ཡིན་ནོ། །དེའི་ཕྱིར་ཇི་ལྟར་ཁ་ཅིག་དངོས་པོ་རྣམས་ཀྱི་ཡུལ་གྱི་རིམ་པར་སྣང་བ་ནི་ཚད་མས་གནོད་པའི་ཕྱིར་ཀུན་རྫོབ་པ་ཁོ་ནར་འདོད་པ་ལྟར་དུས་ཀྱི་རིམ་པ་ཡང་རྨི་ལམ་ལ་སོགས་པ་དག་ནི་བསྐལ་པ་ལ་སོགས་པར་སྣང་བ་བཞིན་དུ་དེ་དག་འདྲ་བར་འགྱུར་རོ། །སྦྱོར་བ་ནི་གང་དག་དུས་གཞན་གྱི་བདག་ཉིད་ཐམས་ཅད་མཆོད་པ་དེ་དག་ལ་སྔོན་གྱི་དུས་ཉིད་དང་ཕྱི་མའི་དུས་ཉིད་མེད་དེ། དཔེར་ན་རྭ་གཡས་པ་དང་གཡོན་པ་དག་ལྟ་བུའོ། །རྒྱུ་དང་འབྲས་བུ་དག་ཀྱང་དུས་གཞན་གྱིས་བདག་ཉིད་ཐམས་ཅད་ཀྱིས་མཆོད་པ་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །འོན་ཏེ་ཕྱོགས་གཅིག་གིས་མཆོད་པ་ཡིན་གྱིས་བདག་ཉིད་ཐམས་ཅད་ཀྱིས་མ་ཡིན་ནོ་ཞེས་བྱ་བར་རྟོག་ན། དེའི་ཚེ་སྐད་ཅིག་མ་ཆ་ཤས་དང་བཅས་པ་ཉིད་དུ་ཐལ་བ་ཡིན་ཏེ། དེས་ན་དུས་ཀྱི་མཐའི་མཚན་ཉིད་སྐད་ཅིག་མ་ཉམས་པར་འགྱུར་རོ། །འོན་ཏེ་ཡང་འབྲས་བུ་སྐྱེ་བའི་དུས་ན་རྒྱུ་མེད་པའི་ཕྱིར་མེད་པ་དང་ལྷན་ཅིག་བདག་ཉིད་ཐམས་ཅད་དམ་ཕྱོགས་གཅིག་གིས་མཆོད་ཅེས་བྱ་བ་ལ་སོགས་པའི་བསམ་པ་མི་འཇུག་པ་ཁོ་ནའོ་སྙམ་ན། དེ་ཡང་རིགས་པ་མ་ཡིན་ཏེ། དེའི་ཚེ་བར་ན་དུས་གཞན་མི་སྲིད་པའི་ཕྱིར་རྒྱུ་མེད་པ་དེ་ཉིད་རིགས་པ་མ་ཡིན་ནོ། །གལ་ཏེ་ཡང་འབྲས་བུ་སྐྱེ་བའི་དུས་ན་རྒྱུ་མེད་ན་ནི་དེའི་ཚེ་འབྲས་བུ་རྒྱུ་མེད་པ་ཅན་ཁོ་ནར་


DTG107_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །རྒྱུ་ཞིག་པ་ལས་འབྲས་བུ་འདོད་པར་འགྱུར་གྱི། ད་ལྟར་གྱི་ལས་ནི་མ་ཡིན་ཏེ། མེད་ན་ད་ལྟར་ཉིད་དུ་མི་རུང་བའི་ཕྱིར་དང༌། ད་ལྟར་ཉིད་ཡིན་ན་ནི་དེའི་ཚེ་དེ་མེད་པར་འགལ་བའི་ཕྱིར་རོ། །ཡོད་པ་ཉིད་དུ་ཁས་ལེན་ན་ཡང་ཇི་སྟེ་མཆོད་པ་ལ་སོགས་པའི་བསམ་པ་འཇུག་པར་མི་འགྱུར། ཇི་སྟེ་ཡང་འབྲས་བུ་སྐྱེ་བའི་དུས་ན་རྒྱུ་ཡོད་པ་ཁོ་ན་ཡིན་ལ། འབྲས་བུ་ཡོད་པའི་དུས་ན་ནི་མེད་པ་ཡིན་ཏེ། དེའི་ཕྱིར་མཆོད་པ་ལ་སོགས་པའི་བསམ་པ་མི་བྱའོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། སྐྱེ་བ་ནི་ཡོད་པ་ལས་དོན་གཞན་མ་ཡིན་པའི་ཕྱིར་རོ། །འདི་ལྟར་ཁྱེད་ནི་རྒྱུ་དང་བར་མེད་པ་ཁོ་ནར་འབྲས་བུ་ཡོད་པ་སྐྱེ་བ་ཡིན་ནོ་ཞེས་བརྗོད་དོ། །བར་མེད་པར་ཡོད་དོ་ཞེས་སྨྲ་བ་དག་གིས་ཀྱང་མཆོད་པ་ཅུང་ཟད་ཅིག་ཁས་བླངས་པ་ཁོ་ན་ཡིན་ནོ། །དེ་ལྟ་མ་ཡིན་ན་བར་མེད་པ་ཞེས་བྱ་བའི་སྒྲའི་དོན་ཅི་ཞིག་ཡིན་པར་འགྱུར། བར་མེད་པ་དང་མཆོད་པ་དང་རེག་པ་ཞེས་བྱ་པ་ལ་སོགས་པ་ནི་དོན་ཐ་དད་པ་མ་ཡིན་པའི་ཕྱིར་དེ་ཁས་བླངས་ན་ཤུགས་ཀྱིས་རྒྱུ་དང་འབྲས་བུ་དག་དུས་གཅིག་པ་ཉིད་དུ་ཁས་བླངས་པར་འགྱུར་ཏེ། ཡོད་པ་དུས་གཞན་གྱིས་མཆོད་པ་གཉིས་ལ་གནས་སྐབས་གཞན་མི་སྲིད་པའི་ཕྱིར་རོ། །གཞན་ཡང་རྒྱུ་ཞིག་པ་ལས་འབྲས་བུ་སྐྱེ་བར་ཐལ་ན་ནི་མི་རུང་བས་ཁྱེད་ཀྱིས་དེ་ཡེངས་སུ་སྤངས་ཏེ། དེ་ལྟར་གྱི་རྒྱུ་ལས་མཆོད་པར་འབྲས་བུ་སྐྱེ་བར་ཁས་བླངས་པ་ཡིན་ནོ། །དེ་ལ་ནི་ཅི་བདག་ཉིད་ཐམས་ཅད་ཀྱིས་མཆོད་དམ། འོན་ཏེ་ཕྱོགས་གཅིག་གིས་ཞེས་བྱ་བའི་བསམ་པ་འདི་འཇུག་པ་ཉིད་དེ། དེ་ལ་རྣམ་པ་གཞན་མི་སྲིད་པའི་ཕྱིར་རོ།། དེ་ལྟ་བས་ན་རྒྱུ་ནི་འབྲས་བུའི་སྐད་ཅིག་མ་དང་མཆོད་པ་ཁོ་ན་ཡིན་ལ། དེ་ཡང་ཕྱོགས་གཅིག་གིས་ཀྱང་མ་ཡིན། བདག་ཉིད་ཐམས་ཅད་ཀྱིས་ཀྱང་མ་ཡིན་ནོ་ཞེས་སྨྲ་བས་ཅི་ཞིག་སྨྲས་པར་འགྱུར་ཞེ་ན། མཆོད་པ་ཞེས་ཡིན་ལ། མཆོད་པ་ཞེས་ཡིན་ལ། མཆོད་པ་ཡང་མ་ཡིན་ནོ་ཞེས་བྱ་བར་འགྱུར་ཏེ། ཤིན་ཏུ་ལེགས་པར་སྨྲས་བ་འདི་ལྟ་བུ་གཞན་སུ་ཞིག་སྨྲ་བར་འོས། གཞན་ཡང་གལ་ཏེ་འབྲས་བུ་ཡོད་པའི་དུས་ན་རྒྱུ་མེད་པ་ཡིན་ན་ནི་དེའི་ཚེ་རྒྱུ་མ་ཞིག་པ་ཁོ་ན་ལས་འབྲས་བུ་འབྱུང་ངོ་ཞེས་བརྗོད་པར་མི་བྱ་སྟེ། དེའི་ཚེ་རྒྱུ་མ་ཞིག་པ་འགའ་ཡང་མེད་པའི་ཕྱིར་རོ། །གང་གི་ཚེ་རྒྱུ་མ་ཞིག་པ་དེའི་ཚེ་འབྲས་བུ་མེད་


DTG107_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་དེ་ཇི་ལྟར་མ་ཞིག་པ་ལས་འབྱུང་བར་འགྱུར། གལ་ཏེ་འདི་སྙམ་དུ་ཇི་ལྟར་དངོས་པོ་རང་ཞིག་ནས་མེད་པ་ལྷན་ཅིག་མ་ཆོད་པ་ཡིན་ཡང་དུས་གཅིག་པ་ཉིད་མ་ཡིན་པ་དང༌། ཇི་ལྟར་གྲིབ་མ་དང༌། ཉི་མ་དག་དང་འབབ་ཆུའི་རྒྱུན་དག་ལ་ཆུའི་རྒྱུན་སྔ་ཕྱི་དག་མེད་པ་ཡིན་ཡང་ཡུལ་གཅིག་པ་ཉིད་མ་ཡིན་པ་དེ་བཞིན་དུ་འདིར་ཡང་རྒྱུ་དང་འབྲས་བུ་དག་ཡང་དག་པར་མེད་པ་ཡིན་ཡང་དུས་མཉམ་པ་ཉིད་དུ་མི་འགྱུར་རོ་སྙམ་དུ་སེམས་ན་དེ་ཡང་རིགས་པ་མ་ཡིན་ཏེ། འདི་ལ་ཡང་བརྒལ་ཞིང་བརྟག་པ་མཚུངས་པའི་ཕྱིར་རོ། །འདི་ལྟར་དེ་ལ་ཡང་དངོས་པོ་དང་དངོས་པོ་མེད་པ་དག་ཕྱོགས་གཅིག་གིས་མཆོད་པ་ཡིན་ན་ནི་དེའི་ཚེ་ཆ་ཤས་དང་བཅས་པ་ཉིད་དུ་ཐལ་བ་ཡིན་ནོ། །གལ་ཏེ་བདག་ཉིད་ཐམས་ཅད་ཀྱིས་ཡིན་ན་ནི་དེའི་ཚེ་དུས་གཅིག་པ་ཉིད་ཡིན་ནོ། །དེ་བཞིན་དུ་གྲིབ་མ་དང༌། ཉི་མ་དང༌། ཆུའི་རྒྱུན་དག་ཀྱང་བདག་ཉིད་ཐམས་ཅད་ཀྱིས་མ་ཆོད་པ་ཡིན་ན་ནི་ཡུལ་གཅིག་པ་ཉིད་དུ་འགྱུར་རོ། །ཕྱོགས་གཅིག་གིས་མཆོད་ན་ནི་ཆ་ཤས་དང་བཅས་པ་ཉིད་དུ་ཐལ་བ་ཡིན་ནོ། །ཁོ་བོ་ཅག་ལ་ནི་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་འདི་ཐམས་ཅད་དོན་དམ་པར་མ་གྲུབ་སྟེ། དེ་ནི་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་སྤྲོས་པའི་དྲ་བ་མཐའ་དག་དང་བྲལ་བའི་ཕྱིར་རོ། །གང་ལ་མཆོད་པ་ལ་སོགས་པ་ཡང་དག་པར་འགྱུར་པ་དངོས་པོ་མེད་པ་ཞེས་བྱ་བ་ནི་ཐ་སྙད་དུ་ཡང་འགའ་ཡང་མེད་དོ། །འོན་ཀྱང་དུས་ཕྱི་མར་དངོས་པོའི་རང་གི་ངོ་བོ་དགག་པ་ཙམ་ལ་གདགས་པ་དེ་ལྟར་བྱས་ཏེ། དེ་ཡང་བར་མེད་པར་ཅི་ཡང་མི་འབྱུང་སྟེ། མེད་པ་འབའ་ཞིག་ཏུ་ཟད་དོ། །དགག་པ་ཙམ་ནི་ཅི་ཡང་མ་ཡིན་པའི་ཕྱིར་དེ་དང་ལྷན་ཅིག་དོན་དམ་པ་པའི་མཆོད་པ་ལ་སོགས་པའི་བསམ་པ་མི་འཇུག་པའི་ཕྱིར་རོ། །རྒྱུ་དང་འབྲས་བུ་དག་ནི་དོན་དམ་པར་དངོས་པོ་ཉིད་དུ་ཁས་བླངས་པའི་ཕྱིར་ཕྱོགས་གཅིག་གིས་མཆོད་པ་ལ་སོགས་པའི་བསམ་པ་འཇུག་པ་ཉིད་དོ། །འཕགས་པ་སཱ་ལུ་ལྗང་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་སྲང་མདའི་མཐོན་དམན་གྱི་དཔེས་རྒྱུ་དང་འབྲས་བུ་མཆོད་པ་ཉིད་དུ་གསུངས་པ་གང་ཡིན་པ་དེ་ནི་ཆད་པར་ལྟ་བ་སྤངས་པའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་ཀུན་རྫོབ་པ་ཁོ་ན་ཡིན་པར་ལྟའི། དོན་དམ་པ་ནི་མ་


DTG107_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། དོན་དམ་པར་སྲང་མདའ་མ་གྲུབ་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་སྲང་མདའ་ཡན་ལག་ཅན་གྱི་ངོ་བོ་ཞིག་དཔེ་ཉིད་དུ་སྟོན་ན་ནི་དེ་མ་གྲུབ་སྟེ། གཅིག་ལ་ཅིག་ཅར་མཐོན་དམན་ལ་སོགས་པ་ཕན་ཚུན་འགལ་བའི་བྱ་བ་གཉིས་དང་ལྡན་པར་མི་རུང་བའི་ཕྱིར་རོ། །དེ་ནི་རྡུལ་ཕྲ་རབ་བསགས་པའི་བདག་ཉིད་དུ་ཡང་མ་གྲུབ་སྟེ། རྡུལ་རྣམས་ཆ་ཤས་མེད་པ་ཉིད་ཀྱིས་བསགས་པ་མི་རུང་བའི་ཕྱིར་རོ། །ཆ་ཤས་དང་བཅས་པ་ཉིད་ཡིན་ན་ནི་དངོས་པོ་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །འོན་ཏེ་སྲང་མདའ་རྣམ་པར་ཤེས་པ་སྣང་བའི་ངོ་བོ་ཞིག་སྟེན་ན་ནི་དེ་ཡང་ཀུན་བརྟགས་པའི་ངོ་བོ་ཁོ་ན་ཡིན་པའི་ཕྱིར་བརྫུན་པ་ཉིད་ཡིན་པས་ཇི་ལྟར་དངོས་པོ་ཡོད་པར་འགྱུར། རྣམ་པར་ཤེས་པ་ཡང་ལུས་ཅན་མ་ཡིན་པའི་ཕྱིར་སྟེང་དང་འོག་ཏུ་འགྲོ་བ་མེད་དོ། །འདིས་ནི་གྲིབ་མ་དང༌། ཉི་མ་དང༌། ཆུ་ལ་སོགས་པ་ཡང་ལན་བཏབ་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་འཕགས་པ་ལང་ཀར་གཤེགས་པ་ལ་སོགས་པའི་མདོ་ལས། རྒྱུ་དང་འབྲས་བུའི་དངོས་པོ་བཀག་པའི་ཕྱིར་སྲང་མདའ་ལ་སོགས་པའི་དཔེ་རྒྱུ་དང་འབྲས་བུའི་དངོས་པོ་ཀུན་རྫོབ་པ་ཁོ་ན་ལ་རྟོགས་པར་བྱའོ། །གང་ཡང་བཅོམ་ལྡན་འདས་ཀྱིས་འདི་ཡོད་ན་འདི་འབྱུང་ཞེས་བྱ་བ་འདིས་རྣམ་པར་རྟོག་པ་གསུམ་བོར་ཏེ། རྣམ་པར་རྟོག་པ་བཞི་པ་ཁོ་ན་ཞལ་གྱིས་བཞེས་སོ་ཞེས་སྨྲས་པ་དེ་ལ་ཡང་བརྗོད་པར་བྱ་སྟེ། ཅི་འདི་ཡོད་ན་འདི་འབྱུང་ཞེས་བྱ་བའི་བཀའ་འདི་ཁོ་ནས་ཕྱོགས་གསུམ་བསྩལ་བ་དང༌། ཕྱོགས་བཞི་པ་ཞལ་གྱིས་བཞེས་པ་བསྟན་ཏམ། འོན་ཏེ་རིགས་པས་ཡིན། གལ་ཏེ་བཀས་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། གྲིབ་མ་དང༌། མྱུ་གུ་དག་དང༌། མར་མེ་དང༌། འོད་དུས་མཉམ་པ་ཡོད་པ་དག་ཀྱང༌། མར་མེ་ལ་སོགས་པ་འདི་ཡོད་ན། འོད་ལ་སོགས་པ་འདི་འབྱུང་ངོ་ཞེས་བྱ་བའི་ཐ་སྙད་འདི་མི་འགལ་བའི་ཕྱིར་རོ། །འདི་ལྟར་སྒྲ་འདིས་ནི་འབྲས་བུ་ཡོད་པ་རྒྱུ་ཡོད་པ་ལ་རག་ལས་པ་ཡིན་ནོ་ཞེས་བྱ་བ་འདི་ཙམ་ཞིག་བསྟན་པ་ཡིན་གྱི། འབྲས་བུ་ཡོད་པའི་དུས་ན་རྒྱུ་མེད་པ་ནི་མ་ཡིན་ནོ། །དངོས་པོ་རྣམས་ཚད་མ་གཞན་གྱིས་དོན་དམ་པར་སྐད་ཅིག་མ་ཉིད་དུ་གྲུབ་ན་ཡོངས་སུ་རྟོགས་པ་དེ་ལྟ་བུ་དེར་འགྱུར་གྱི། བཀས་ནི་མ་ཡིན་ནོ། །འཇིག་རྟེན་གྱི་


DTG107_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པས་ནི་མ་ཡིན་ཏེ། འདི་ལྟར་འཇིག་རྟེན་ན་གྲིབ་མ་དང་མྱུ་གུ་ལ་སོགས་པ་དུས་མཉམ་པ་ན་ཡོད་པ་རྣམས་ཀྱང་རྒྱུ་དང་འབྲས་བུའི་དངོས་པོར་ཤེས་པ་ཉིད་དོ། །འོན་ཏེ་རིགས་པས་བྱ་བའི་ཕྱོགས་ཡིན་ན། འོ་ན་ནི་དེའི་ཚེ་བཅོམ་ལྡན་འདས་ཀྱི་བཀའ་ཉེ་བར་དགོད་པར་མི་བྱ་སྟེ། དེ་ནི་དོན་འདི་ལ་ཁུངས་མ་ཡིན་པའི་ཕྱིར་རོ། །རིགས་པ་ཁོ་ན་ཞིག་བརྗོད་པར་བྱ་དགོས་པར་འགྱུར་ན་དེ་ཡང་བརྗོད་པར་མི་ནུས་ཏེ། འདི་ལྟར་ཇི་ལྟར་རིགས་པས་རྣམ་པར་རྟོག་པ་གསུམ་མི་སྲིད་པ་དེ་བཞིན་དུ་རྣམ་པར་རྟོག་པ་བཞི་པ་ཡང་དོན་དམ་པར་མི་སྲིད་དོ་ཞེས་དེ་ནི་རྒྱས་པར་བསྟན་ཟིན་ཏོ། །གང་དག་གྲགས་པ་ལས་འདས་ཏེ། །བདག་ལ་སོགས་པའི་རྫས་རྟག་པ་དང༌། རང་དབང་ལ་སོགས་པའི་ཡོན་ཏན་ཅན་དུ་རྟོགས་པར་བྱེད་ཅིང༌། ལས་དང་འབྲས་བུ་འབྲེལ་པ་ལ་སོགས་པ་ཀུན་རྫོབ་པ་ཡང་རྣམ་པར་སེལ་བར་བྱེད་པ་དེ་དག་གི་ལྟ་བ་ཡོངས་སུ་སྤང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་རྐྱེན་ཉིད་འདི་བཙམ་སྒྱུ་མ་ལ་སོགས་པ་བཞིན་དུ་གནས་པ་ཀུན་རྫོབ་པ་ཁོ་ན་ལ་བརྟེན་ནས་འདི་ཡོད་ན་འདི་འབྱུང་ངོ་ཞེས་གསུངས་ཀྱི། བཀའ་འདི་ལས་རྣམ་པར་རྟོག་པ་གསུམ་བསྩལ་བ་དང༌། རྣམ་པར་རྟོག་པ་བཞི་པ་ལ་བརྟེན་པར་རྟོགས་པ་ནི་མ་ཡིན་ནོ། །དེ་ལྟར་ན་དོན་དམ་པར་གཞན་ལས་ཀྱང་སྐྱེ་བར་རིགས་པ་མ་ཡིན་ནོ། །དེའི་ཕྱིར་དངོས་པོ་རྣམས་ཀྱི་སྐྱེ་བ་འདི་ཐམས་ཅད་ནི་སྒྱུ་མ་འབྱུང་བ་བཞིན་དུ་མ་བརྟགས་ན་དགའ་བ་སྟེ་བརྫུན་པ་ཁོ་ན་ཡིན་ནོ། །དེ་སྐད་དུ། མ་ཞིག་པ་ལས་འབྲས་འབྱུང་དུ། །དེ་ཚེ་འབྲས་འབྱུང་ཅི་ཡང་མེད། །འོན་ཏེ་ཞིག་ལས་འབྲས་འབྱུང་ན། །དེ་ཚེ་འབྲས་བུ་གང་ལས་འབྱུང༌། །ས་བོན་འགགས་དང་མ་འགགས་ལས། །འབྲས་བུ་འབྱུང་བར་མི་སྲིད་དོ། །སྐྱེ་བ་སྒྱུ་མ་སྐྱེ་བ་བཞིན། །འདི་དག་ཐམས་ཅད་དེ་ཡིས་བརྗོད། །དེའི་ཕྱིར་སློབ་དཔོན་ཁ་ཅིག་གིས་དོན་དམ་པར་ནང་གི་སྐྱེ་མཆེད་རྐྱེན་གཞན་དག་ལས་མི་སྐྱེ་སྟེ། གཞན་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་བཤད་པ་གང་ཡིན་པའི་གཏན་ཚིགས་དེ་ཡང་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཉིད་མ་ཡིན་ཏེ། མི་མཐུན་པའི་ཕྱོགས་ལ་ཇི་སྐད་བཤད་པའི་གནོད་པ་ཅན་གྱི་ཚད་མ་སྲིད་པའི་ཕྱིར་ཡོད་པ་ནི་མི་རྟག་པ་ཉིད་སྒྲུབ་པ་


DTG107_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲའོ། །བླུན་པ་ཉིད་ལ་སོགས་པར་སྒྲུབ་པ་ལ་ནི་གཞན་ཉིད་མི་མཐུན་པའི་ཕྱོགས་ལ་གནོད་པ་ཅན་གྱི་ཚད་མ་ཅུང་ཟད་ཀྱང་མེད་པས་དེ་ལ་ནི་འདི་མ་ངེས་པ་ཉིད་དུ་འགྱུར་གྱི། སྐྱེ་བ་དགག་པ་བསྒྲུབ་པར་བྱའི། མི་མཐུན་པའི་ཕྱོགས་ལ་གནོད་པ་ཅན་གྱི་ཚད་མ་ཡོད་པ་ལ་ནི་མ་ཡིན་ནོ། །ཐ་སྙད་དུ་ནི་གཞན་ཉིད་ཙམ་གྲུབ་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཉིད་ཀྱང་མ་ཡིན་ཏེ། གཏན་ཚིགས་ལ་སོགས་པ་ཡང་དག་པའི་དངོས་པོར་གྱུར་པས་ཐ་སྙད་གདགས་པར་ནི་གང་དུ་ཡང་མ་གྲུབ་བོ་ཞེས་སྔར་བསྟན་ཟིན་ཏོ། །དེའི་ཕྱིར་ཁ་ཅིག་འདི་ལ་མ་ངེས་པ་དང༌། མ་གྲུབ་པ་ཉིད་ཀྱི་རྗོད་པར་བྱེད་པ་གང་ཡིན་པ་དེ་ནི་འབྲེལ་པ་མེད་པ་ཉིད་ཡིན་ནོ། །མུ་སྟེགས་ཅན་རྣམས་གཞན་ལ་སོགས་པའི་ཐ་སྙད་ཀྱི་རྒྱུ་ནི་དངོས་སུ་གཞན་ཉིད་ལ་སོགས་པའི་དངོས་པོ་དེ་ལྟ་བུ་ཁོ་ན་ཡིན་པར་བརྗོད་པ་དེ་དག་ལ་སློབ་དཔོན་གྱིས། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་པ་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་སུན་དབྱུང་བར་བཤད་དེ། དེའི་ཕྱིར་དེ་གཞུང་ལུགས་ཀྱིས་གཞན་ཉིད་མ་གྲུབ་པས་གཞན་ལས་མི་སྐྱེའོ་ཞེས་བསྟན་པར་འགྱུར་རོ། །གང་དག་གཞན་ལ་སོགས་པའི་སྒྲ་བརྟགས་པའི་སྤྱོད་ཡུལ་གྱི་དོན་ཅན་ཡང་བརྒྱུད་པས་དངོས་པོ་མཐར་ཐུག་པ་ཁོ་ན་རྗོད་པར་བྱེད་པ་དེ་དག་ཀྱང་དངོས་པོའི་རང་བཞིན་དུ་རྐྱེན་ལ་ཡོད་ན་སྐྱེ་བ་མ་ཡིན་ནོ་ཞེས་དགོངས་ནས་སུན་དབྱུང་བ་ཡིན་ཏེ། ཇི་ལྟར་རྐྱེན་ལ་སོགས་པ་ལ་ཡོད་ན་དོན་དམ་པར་དངོས་པོ་རྣམས་ཀྱི་རང་བཞིན་སྐྱེ་བ་མེད་པ་དེ་བཞིན་དུ་རྒྱས་པར་བསྟན་མ་ཐག་པ་ཡིན་ནོ། །དེའི་ཕྱིར་གང་གི་ཚེ་དངོས་པོ་ཐམས་ཅད་དོན་དམ་པར་གཞན་ལས་སྐྱེ་བ་མི་འཐད་པ་ཁོ་ན་ཡིན་པ་དེའི་ཚེ་རྐྱེན་ལ་སོགས་པ་ཡང་མ་སྐྱེས་པའི་ཕྱིར་མ་གྲུབ་པ་ཡིན་པས་ཡང་དག་པར་ན་གང་ལ་སྒྲ་འདི་མཐར་ཐུག་པར་འགྱུར་པ་གཞན་དུ་གྱུར་པའི་དངོས་པོ་ནི་ཅི་ཡང་མེད་དོ། །དེའི་ཕྱིར་ཡང་དག་པར་དེ་ལྟ་བུའི་ཐ་སྙད་མ་གྲུབ་ཏུ་ཟིན་ཀྱང༌། འོན་ཀྱང་དངོས་པོ་ལ་ནི་གནོད་པ་མེད་པ་ཁོ་ནའོ་ཞེས་སྨྲས་པ་གང་ཡིན་པ་དེའི་རིགས་པ་མ་ཡིན་པ་ཉིད་དོ། །གྲངས་ཅན་གཙོ་བོ་དབང་ཕྱུག་དང་བཅས་པར་སྨྲ་བ་གང་དག་དངོས་པོ་རྣམས་གཙོ་བོ་དབང་ཕྱུག་དང་བཅས་པ་ལས་སྐྱེ་བར་ཉེ་བར་བརྗོད་པ་ན་རང་དང་གཞན་ལས་དེ་ཉེ་བར་


DTG107_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་དེ་དག་གི་ཕྱོགས་ནི་སོ་སོར་བཤད་པའི་ཉེས་པས་སུན་ཕྱུང་བའི་ཕྱིར་རིགས་པ་མ་ཡིན་པ་ཉིད་དོ། །གཞན་གང་དག་རེས་འགའ་རང་དགའི་དབང་གིས་གཉི་ག་ལས་སྐྱེ་བར་བརྗོད་པར་འགྱུར་བ་དེ་དག་ཀྱང་ཉེས་པ་གཉི་གས་སུན་ཕྱུང་བའི་ཕྱིར་བསྩལ་བ་ཁོ་ན་ཡིན་ནོ། །དེའི་ཕྱིར་ཁ་ཅིག་ན་རེ་གཉི་གའི་བདག་ཉིད་ཀྱི་དངོས་པོ་ཚད་མ་དང་འགལ་བ་ནི་སུས་ཀྱང་ཅུང་ཟད་ཀྱང་ཁས་མ་བླངས་ཏེ། དེའི་ཕྱིར་ཁྱེད་ནི་དེ་ལས་སྐྱེ་བ་སུན་འབྱིན་པར་སེམས་པ་དེ་ཁོ་ནས་བདག་ཉིད་རྨོངས་ཏེ། ཚིགས་སུ་གྱུར་པ་འབའ་ཞིག་ཏུ་ཟད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་ནི་དེས་རང་དང་གཞུང་ལུགས་ཡོངས་སུ་མ་ཤེས་པ་དང༌། སྒྲའི་དོན་མ་རིག་པ་ཉིད་ཡིན་པས་དེའི་ཕྱིར་ཚིག་དེ་ནི་མཁས་པ་རྣམས་ཀྱིས་ཁྱད་དུ་གསད་པར་བྱ་བ་ཁོ་ན་ཡིན་ནོ། །གཞན་དག་ནི་ཚེར་མ་ལ་སོགས་པ་རྣོ་བ་ལ་སོགས་པའི་དཔེས་དངོས་པོ་ཐམས་ཅད་ཡང་དག་པར་རྒྱུ་མེད་པ་ཁོ་ནར་སྐྱེ་བར་ཉེ་བར་བརྗོད་དེ། དེ་ལ་དེ་དག་གི་དངོས་པོ་རྣམས་རྒྱུ་མེད་པར་སྐྱེ་བ་དོན་དམ་པ་པར་བསྒྲུབ་པར་བྱ་བ་ལ་དཔེ་མ་གྲུབ་སྟེ། དོན་དམ་པ་པར་ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་རོ། །དེ་ཀུན་རྫོབ་པར་བསྒྲུབ་པར་བྱ་བ་ལ་ཡང་མ་གྲུབ་པ་ཉིད་དེ། འདི་ལྟར་ཚེར་མ་ལ་སོགས་པ་རང་གི་ས་བོན་ལ་སོགས་པ་ལས་འབྱུང་བར་མངོན་སུམ་འདིས་རྣམ་པར་ངེས་ལ། དེ་ཉིད་ཀྱིས་དེ་དག་གི་རྣོ་བ་ལ་སོགས་པ་ཡང་ངེས་པས་གང་ཡང་རྒྱུ་མེད་པར་སྐྱེ་བ་མེད་དོ། །འདི་ལྟར་དངོས་པོ་འདི་ཐམས་ཅད་ལ་ལར་རེས་འགའ་འབྱུང་བས་ལྟོས་པ་དང་བཅས་པར་ཡོངས་སུ་ངེས་པ་ཉིད་དེ། ལྟོས་པ་མེད་པ་རྣམས་ནི་རྟག་ཏུ་ཁྱད་པར་མེད་པས་རེས་འགའ་བ་ཉིད་དུ་མི་འཐད་པའི་ཕྱིར་རོ། །དེ་དག་གི་ལྟོས་པར་བྱ་བ་གང་ཡིན་པ་དེ་ཉིད་རྒྱུ་ཡིན་ཏེ། ཕན་པ་མེད་པ་ལ་ལྟོས་པར་མི་འཐད་པའི་ཕྱིར་རོ། །དེ་ལ་ཕན་པ་ཉིད་དུ་གྲགས་པ་གང་ཡིན་པ་དེ་ཉིད་དེ་དག་གི་རྒྱུ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །རྒྱུ་མེད་པ་ཉིད་ཡིན་ན་ནི་ཁྱད་པར་མེད་པའི་ཕྱིར་ཚེར་མ་ལ་སོགས་པ་དག་ལ་རྣོ་བ་ལ་སོགས་པ་ངེས་པར་མི་འགྱུར་ཏེ། དེའི་ཕྱིར་ཐམས་ཅད་ཀྱང་ཐམས་ཅད་ཀྱི་བདག་ཉིད་དུ་འགྱུར་རོ། །ས་བོན་དང་མྱུ་གུ་ལ་སོགས་པ་རྒྱུ་དང་འབྲས་བུའི་དངོས་པོ་ཡང་འཇིག་


DTG107_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ན་མངོན་སུམ་ཁོ་ནར་གྲུབ་པའི་ཕྱིར། དམ་བཅས་པ་ལ་མངོན་སུམ་གྱིས་གནོད་པ་ཡང་ཡིན་ལ། གཞན་དག་ལ་གཏན་ཚིགས་ལས་བསྒྲུབ་པར་བྱ་བ་ལ་ངེས་པར་སྐྱེ་བར་ཁས་བླངས་པའི་ཕྱིར་རང་གི་ཚིག་དང་འགལ་བ་ཡང་ཡིན་ནོ། །དེ་ལྟ་མ་ཡིན་ན་གཏན་ཚིགས་སྦྱོར་བ་དོན་མེད་པ་ཁོ་ནར་འགྱུར་རོ། །དམ་བཅས་པ་ཙམ་གྱིས་ནི་འདོད་པའི་དོན་འགྲུབ་པ་མ་ཡིན་ཏེ། ཐམས་ཅད་ཀྱིས་ཐམས་ཅད་འགྲུབ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་རྒྱུ་མེད་པར་སྨྲ་བ་འདི་ནི་ཐ་སྙད་དུ་ཡང་མངོན་སུམ་ལ་སོགས་པས་གནོད་པའི་ཕྱིར་མཁས་པ་རྣམས་ཀྱིས་ཐག་བསྲིངས་ཏེ་སྤང་བར་བྱ་བ་ཉིད་དོ། །གཏན་ཚིགས་ལ་སོགས་པ་སྒྱུ་མ་ལ་སོགས་པ་བཞིན་དུ་གནས་པ་མ་བརྟགས་ན་དགའ་བ་ཇི་ལྟར་གྲགས་པ་མ་བཀག་པའི་ཕྱིར་སྐྱེ་བ་མེད་པར་སྨྲ་བ་ལ་ནི་མངོན་སུམ་ལ་སོགས་པའི་གནོད་པ་མེད་དོ། །ཆོས་ཅན་མ་གྲུབ་པ་ལ་སོགས་བའི་ཉེས་པ་ནི་སྔར་བསལ་བ་ཉིད་དོ། །དེ་ལྟར་ན་མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཉིད་ཀྱང་མ་ཡིན་ལ། འགལ་བ་ཉིད་ཀྱང་མ་ཡིན་ནོ། །ནམ་མཁའི་མེ་ཏོག་ལ་སོགས་པ་མ་སྐྱེས་པ་ནི་རང་བཞིན་དང་བཅས་པ་ཉིད་དུ་ཉམས་སུ་མྱོང་བ་མེད་པས་སྐྱེ་བས་དེ་དག་ལ་ཁྱབ་པའི་ཕྱིར་དེ་ཡང་དག་པར་ལྡོག་ན་དེ་ཡང་ལྡོག་པར་འགྱུར་བསམ་ངེས་པ་ཉིད་ཀྱང་མ་ཡིན་ནོ། །སྐྱེ་པ་འཇུག་པ་ནི་གཅིག་ཏུ་དེ་ལ་ཡང་དག་པར་སྒྲུབ་པར་ནུས་པ་མ་ཡིན་ཏེ། རྨི་ལམ་ལ་སོགས་པ་ན་བུ་ལ་སོགས་པ་མི་བདེན་པ་ཡང་སྐྱེ་བར་སྣང་བའི་ཕྱིར་རོ། །དེ་ནི་རྣམ་པར་ཤེས་པ་དེ་ཉིད་དེ་ལྟ་བུར་སྣང་ངོ་ཞེས་བྱ་བར་རིགས་པ་ཡང་མ་ཡིན་ལ། དེ་ལ་ཡང་དག་པར་ན་དེའི་རྣམ་པ་མི་སྲིད་པའི་ཕྱིར་རོ་ཞེས་སྔར་བསྟན་ཟིན་ཏོ། །གཞན་ནི་གཞན་གྱི་ངོ་བོར་སྣང་བར་ཡང་རིགས་པ་མ་ཡིན་ཏེ་དེ་ཉིད་དང་གཞན་ཉིད་དག་ནི་འགལ་བའི་ཕྱིར་རོ། །སྐྱེ་བ་དེས་ངོ་བོ་ཉིད་དང་བཅས་པ་ལ་ཁྱབ་ཀྱང་སྐྱེ་བ་ལ་ངེས་པར་ངོ་བོ་ཉིད་དང་བཅས་པ་ཡང་དག་པར་ནི་མི་འགྲུབ་སྟེ། ཁྱབ་པར་བྱེད་པ་ཉེ་ན་གདོན་མི་ཟ་བར་ཁྱབ་པར་བྱ་བ་ཐམས་ཅད་ཉེ་བ་ཉིད་དུ་ངེས་པ་མ་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏེ། དེ་ནི་ཐུན་མོང་ཡིན་པའི་ཕྱིར་རོ། །ཡང་དག་པར་ན་གང་ལ་ཡང་སྐྱེ་བ་འཇུག་


DTG107_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་དོ་ཞེས་ཀྱང་རབ་ཏུ་བསྒྲུབས་ཟིན་ཏོ། །གང་དག་ཡང་དངོས་པོ་རྣམས་ནི་རྐྱེན་དག་ལས་མི་སྐྱེའི། འོ་ན་ཞེ་ན། དེ་དག་གིས་གསལ་བར་བྱེད་པ་འབའ་ཞིག་ཏུ་ཟད་དེ། དེའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ་སྙམ་དུ་སེམས་པ་དེ་ཡང་སྔར་བསལ་བ་སྤྱིར་བསྩལ་བའི་ཕྱིར་སྤངས་པ་ཉིད་དོ། །གལ་ཏེ་རྐྱེན་དག་ལས་དངོས་པོ་གསལ་བར་འགྱུར་ན་རང་གི་མཚན་ཉིད་རྒྱས་པའི་ངོ་བོ་འམ། དེའི་སྒྲིབ་པ་ཡང་དག་པར་ཟད་པའི་བདག་ཉིད་དམ། དབང་པོ་ལེགས་པར་བྱེད་པའམ། ཡུལ་དེ་ལ་རྣམ་པར་ཤེས་པ་སྐྱེ་བའི་མཚན་ཉིད་གཅིག་ཏུ་འགྱུར་གྲང་ཞེས་རྣམ་པར་བརྟགས་ཏེ། དེ་ལ་རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། རྟག་པ་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་རང་གི་ངོ་བོ་མ་རྒྱས་པ་ནི་རང་གི་ངང་གིས་འཇིག་ལ་གསལ་བར་བྱེད་པའི་རྐྱེན་ལས་སོ། །ངོ་བོ་ཉིད་རྒྱས་པ་གཞན་ཞིག་སྐྱེ་བར་འགྱུར་ན་དེའི་ཚེ་དེ་ལས་རང་གི་མཚན་ཉིད་རྒྱས་པར་འགྱུར་རོ། །དེ་ལྟ་མ་ཡིན་ཏེ། རང་གི་ངོ་བོ་སྔ་མ་མ་འགགས་ན་གཅིག་ལ་རྒྱས་པ་དང་མ་རྒྱས་པ་ཕན་ཚུན་འགལ་བའི་རང་བཞིན་གཉིས་འཆོལ་པར་ཁས་བླངས་པར་འགྱུར་རོ། །རང་གི་ངོ་བོ་སྔོན་མེད་པ་ཞིག་མི་སྐྱེ་ན་ཡང་གསལ་བར་བྱེད་པའི་རྐྱེན་དོན་མེད་པར་འགྱུར་ལ། དངོས་པོ་རྣམས་ཀྱི་སྐྱེ་བ་ཡང་སྔར་རྒྱས་པར་བསྩལ་བའི་ཕྱིར་རིགས་པ་མ་ཡིན་པ་ཉིད་དོ། །སྒྲིབ་པ་ཡང་དག་པར་ཟད་པའི་བདག་ཉིད་ཀྱང་མ་ཡིན་ཏེ། མེད་པའི་ངོ་བོ་དེ་ནི་དངོས་པོ་མེད་པ་ཉིད་ཀྱིས་གང་གིས་ཀྱང་བྱེད་པར་མི་སྲིད་པའི་ཕྱིར་རོ། །དངོས་པོའི་ངོ་བོ་ལ་ཡང་བྱ་བ་སྔར་བསལ་བའི་ཕྱིར་རོ། །དེ་དོན་གཞན་དུ་གྱུར་པ་ཞིག་བྱེད་པ་ཡིན་ན་ནི་རྐྱེན་རྣམས་ཇི་ལྟར་དངོས་པོའི་གསལ་བར་བྱེད་པ་ཡིན་ན་དོན་གཞན་དུ་མ་གྱུར་པ་ནི་བྱེད་བར་མི་སྲིད་པ་ཉིད་དེ། དེ་ནི་སྔོན་ཉིད་ནས་ཡོད་པའི་ཕྱིར་རོ། །དངོས་པོ་རྟག་པ་ལ་ནི། རང་བཞིན་གྱི་ཁྱད་པར་འགའ་ཞིག་མ་བཤིག་པའམ། མ་བསྐྱེད་པར་སྒྲིབ་པར་བྱེད་པ་ནམ་ཡང་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཡུལ་དེ་ལ་རྣམ་པར་ཤེས་པ་སྐྱེ་བའི་གགས་བྱེད་པ་ཉིད་ཀྱིས་སྒྲིབ་པར་བྱེད་པར་རིགས་པ་ཡང་མ་ཡིན་ཏེ། དེ་རང་གི་ཡུལ་རྣམ་པར་ཤེས་པ་སྐྱེད་


DTG107_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

པར་ནུས་པའམ། དེའི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བའི་རང་བཞིན་ཞིག་ཡིན་ན་ནི་ཤེས་པ་རྒྱུ་མ་ཚང་བ་མེད་པ་ལ་གང་གིས་ཀྱང་གགས་བྱེད་མི་ནུས་པའི་ཕྱིར་རོ། །འོན་ཏེ་འདི་མི་ནུས་པའམ་དེའི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བའི་རང་བཞིན་མ་ཡིན་ན་ནི་དེའི་ཚེ་བདག་ཉིད་ཀྱིས་རྒྱུ་མ་ཚང་བའི་ཕྱིར་ཡུལ་དེ་ལ་རྣམ་པར་ཤེས་པ་མི་སྐྱེ་བའི་ཕྱིར་འདི་ཡུལ་དེ་ལ་རྣམ་པར་ཤེས་པ་སྐྱེ་བའི་གགས་བྱེད་པ་ཉིད་ཀྱིས་སྒྲིབ་པར་བྱེད་པར་རིགས་པ་མ་ཡིན་ནོ། །སྒྲིབ་པ་ཡང་དག་པར་ཟད་པ་བཞིན་དུ་སྐྱེ་བ་ལ་གགས་བྱེད་པ་མེད་པ་ལ་སོགས་པའི་ངོ་བོ་ཡང་བྱེད་པར་མི་རིགས་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་མི་ནུས་པའི་ཕྱིར་རམ། དེའི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བའི་རང་བཞིན་མ་ཡིན་པའི་ཕྱིར་གསལ་བར་བྱེད་པའི་རྐྱེན་དག་ནི་དེ་ལ་སྒྲིབ་པར་བྱེད་པ་ཟློག་ཏུ་ཟིན་ཀྱང༌། ཡུལ་དེ་ལ་རྣམ་པར་ཤེས་པ་སྐྱེ་བར་རིགས་པ་མ་ཡིན་པ་ཉིད་དོ། །ཇི་སྟེ་ནུས་པར་ཁས་ལེན་ན་ནི། དེའི་ཚེ་སྒྲིབ་པར་བྱེད་པ་ཡོད་ཀྱང་དེ་ལ་རྒྱུ་མ་ཚང་བ་མེད་པའི་ཕྱིར་རྣམ་པར་ཤེས་པ་རྟག་ཏུ་སྐྱེ་བར་འགྱུར་བས་གསལ་བར་བྱེད་པ་རྣམས་ཀྱི་བྱེད་པ་དོན་མེད་པ་ཡིན་ནོ། །དེ་ལྟ་བས་ན་རྟག་པ་རྣམས་ལ་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་འགའ་ཡང་སྒྲིབ་པར་བྱེད་པར་རིགས་པ་མ་ཡིན་གྱི། མི་རྟག་པ་རྣམས་ནི་རྒྱུའི་ཁྱད་པར་ཁོ་ན་རེས་འགའ་ཞིག་རྣམ་པར་ཤེས་པ་བསྐྱེད་པར་མི་ནུས་པའི་སྐད་ཅིག་མ་གཞན་སྐྱེད་པ་ཉིད་ཀྱིས་སྒྲིབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །དབང་པོ་ལེགས་པར་བྱེད་པ་ཞེས་བྱ་བའི་ཕྱོགས་ཀྱང་མ་ཡིན་ཏེ། ལེགས་པར་བྱེད་པ་དེའི་རང་གི་ངོ་བོར་གྱུར་པ་ཞིག་བྱེད་ན་ནི་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་ཏེ། སྔ་མ་བཞིན་ནོ། །ལེགས་པར་བྱེད་པ་དོན་གཞན་དུ་གྱུར་པ་ཞིག་བྱེད་ན་ནི་དེ་ལེགས་པར་བྱེད་པར་རིགས་པ་མ་ཡིན་ཏེ། དེ་ལ་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ནི་ཧ་ཅང་ཐལ་བར་འགྱུར་རོ། །དངོས་པོ་གང་ལ་གང་གིས་ཀྱང་ཅུང་ཟད་ཀྱང་བྱེད་པར་མི་སྲིད་ཅེས་སྔར་བསྟན་ཟིན་ཏོ། །དབང་པོ་ལེགས་པར་ཡིན་དུ་ཆུག་ཀྱང་གལ་ཏེ་གསལ་བར་བྱ་བའི་བདག་ཉིད་ཀྱི་དངོས་པོ་དེ་དག་ཉིད་ཀྱིས། དབང་པོ་དེའི་རྣམ་པར་ཤེས་པ་བསྐྱེད་པར་མི་ནུས་པའམ། དེའི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བའི་རང་བཞིན་ཞིག་


DTG107_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ན་ནི་དེའི་ཚེ་དེ་ལ་རྣམ་པར་ཤེས་པ་སྐྱེ་བར་མི་འགྱུར་བ་ཉིད་པས་ལེགས་པར་བྱེད་པ་དོན་མེད་པ་ཁོ་ནར་འགྱུར་རོ། །འོན་ཏེ་ནུས་པའམ་དེའི་རྣམ་པར་ཤེས་པས་རྣམ་པར་བྱ་བའི་རང་བཞིན་ཞིག་ཡིན་ན་ནི་དེའི་ཚེ་དབང་པོ་ལེགས་པར་བྱེད་པའི་སྔོན་རོལ་དུ་ཡང་དེ་ལ་རྣམ་པར་ཤེས་པ་སྐྱེ་བར་ཐལ་བས་དེ་ལེགས་པར་བྱེད་པ་དོན་མེད་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་ཡུལ་དེ་ལ་རྣམ་པར་ཤེས་པ་སྐྱེ་བའི་མཚན་ཉིད་ཀྱང་མ་ཡིན་ཏེ། འདི་ལྟར་གལ་ཏེ་གསལ་བར་བྱ་བའི་དངོས་པོ་དེ་བདག་ཉིད་ཀྱིས་མི་ནུས་པའམ། དེའི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བའི་རང་བཞིན་མ་ཡིན་ན་ནི་དེའི་ཚེ་རྣམ་པར་ཤེས་པ་དེ་བསྐྱེད་ཀྱང༌། དེ་ནི་དེའི་ཡུལ་ཉིད་དུ་མི་འགྱུར་རོ། །འོན་ཏེ་ནུས་པའམ་དེའི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བའི་རང་བཞིན་ཡིན་ན་ནི་དེའི་ཚེ་དེའི་རང་གི་ངོ་བོ་བཞིན་དུ་དེ་ཡོད་པ་ཙམ་གྱིས་རྣམ་པར་ཤེས་པ་འབྱུང་བའི་ཕྱིར་རྟག་ཏུ་ཉེ་བ་ཁོ་ན་ཡིན་པས་གསལ་བར་བྱེད་པ་རྣམས་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་ནོ། །གཞན་ཡང་ཁྱེད་ཀྱི་ལུགས་ཀྱིས་དངོས་པོའི་རིགས་ཐམས་ཅད་རྟག་ཏུ་གནས་པའི་ངོ་བོ་ཉིད་ཡིན་པས་གསལ་བ་དང༌། གསལ་བར་བྱེད་པ་དང༌། གསལ་བར་བྱ་བ་ཡང་དུས་ཐམས་ཅད་དུ་གནས་པའི་ཕྱིར་གསལ་བ་ལ་སོགས་པར་རྣམ་པར་གཞག་པར་རིགས་པ་མ་ཡིན་ཏེ། གསལ་བར་བྱེད་པ་རྣམས་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ། །དངོས་པོ་ཐམས་ཅད་དུས་ཐམས་ཅད་དུ་གསལ་བ་ལ་སོགས་པ་ཐལ་བ་ཡང་བཟློག་དཀའ་སྟེ། རྟག་ཏུ་རྒྱུ་མ་ཚང་བ་མེད་པ་ཉེ་བའི་ཕྱིར་རོ། །གཞན་ཡང་གསལ་བ་ནི་དངོས་པོ་རྟག་པ་ཁོ་ན་ལ་ཀུན་བརྟགས་པ་ཡིན་ན་རྟག་པ་ཞེས་བྱ་བ་ཡང་ནུས་པ་ཐམས་ཅད་ཀྱིས་སྟོང་པའི་ཕྱིར་དངོས་པོར་མི་འཐད་པ་ཉིད་པས་དེས་གཏན་ཚིགས་མ་ངེས་པ་ཉིད་ལྟ་ག་ལ་ཡིན། འདི་ལྟར་གང་ཞིག་ནུས་པ་ཐམས་ཅད་ཀྱིས་སྟོང་པ་དེ་ནི་དངོས་པོ་མེད་པ་ཡིན་ཏེ། དཔེར་ན་མོ་གཤམ་གྱི་བུ་ལ་སོགས་པ་ལྟ་བུ་སྟེ། དབང་ཕྱུག་ལ་སོགས་པ་རྟག་པར་འདོད་པ་མཐའ་དག་ཀྱང་དེ་བཞིན་ནོ། །དེ་ཡང་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པར་འགལ་བའི་ཕྱིར་ནུས་པ་ཐམས་ཅད་ཀྱིས་སྟོང་པ་ཉིད་དུ་སྔར་བསྟན་ཟིན་ཏོ། །དེའི་ཕྱིར་རིགས་མཐུན་པ་ལ་སྲིད་


DTG107_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པས་གཏན་ཚིགས་འདི་མ་གྲུབ་པ་ཉིད་ཀྱང་མ་ཡིན་ལ། འགལ་བ་ཉིད་ཀྱང་མ་ཡིན་ནོ། །མོ་གཤམ་གྱི་བུ་ལ་སོགས་པ་ཡང་དངོས་པོ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་མ་ངེས་པ་ཉིད་ཀྱང་མ་ཡིན་ནོ། །འདི་ལྟ་སྟེ་ནུས་པ་མ་ལུས་པ་དང་བྲལ་བ་འདི་ཁོ་ན་དངོས་པོ་མེད་པའི་མཚན་ཉིད་ཡིན་ལ། དེ་ནི་འདུས་མ་བྱས་ལ་ཡང་ཡོད་པའི་ཕྱིར་འདི་ཇི་ལྟར་དངོས་པོ་ཉིད་ཡིན། དེས་ན་གང་དག་སོ་སོར་བརྟགས་པས་འགོག་པ་ལ་སོགས་པ་ནུས་པ་ཐམས་ཅད་ཀྱིས་སྟོང་པ་མོ་གཤམ་གྱི་བུ་ལ་སོགས་པ་དང་ཁྱད་པར་མེད་པ་ལ་ཡང་དངོས་པོ་ཉིད་དུ་ཡོངས་སུ་རྟོག་པར་བྱེད་པ་དེ་དག་གི་རྟོག་པ་དེ་ནི་རིགས་པ་མ་ཡིན་པ་ཉིད་དེ། དེ་ལ་དེའི་རྒྱུ་འགའ་ཡང་མེད་པའི་ཕྱིར་རོ། །འདི་ལྟར་ཇི་སྟེ་སོ་སོར་བརྟགས་པས་འགོག་པ་ལ་སོགས་པ་དེ་འགའ་ཞིག་གི་རྣམ་པར་ཤེས་པའི་ཡུལ་ཉིད་དུ་འགྱུར་ན་ནི་དེའི་ཚེ་གདོན་མི་ཟ་བར་དེ་དེའི་རྒྱུའི་དངོས་པོར་ཁས་བླང་བར་བྱ་དགོས་ཏེ། རྒྱུ་མ་ཡིན་པ་ནི་ཡུལ་ཉིད་དུ་མི་རུང་བའི་ཕྱིར་རོ། །རྒྱུའི་ཁྱད་པར་ཁོ་ན་རང་གི་རྣམ་པར་གཏོད་པས་རྣམ་པར་ཤེས་པ་ལ་ཕན་འདོགས་པ་ཉིད་དུ་འགྱུར་བ་ན་ཡུལ་ཡིན་ནོ་ཞེས་འཛེར་ཏེ། དེ་ལྟ་ཡིན་ན་ནི་དེའི་རྟག་པ་ཉིད་ཉམས་པར་ཐལ་བ་ཡིན་ཏེ། དེ་ནི་ཐ་སྙད་དུ་ཡང་རིམ་དང་ཅིག་ཤོས་དག་གིས་དོན་བྱེད་པར་མི་འཐད་པའི་ཕྱིར་རོ། །འོན་ཏེ་དེ་ཕན་པ་མེད་བཞིན་དུ་ཡང་དེའི་ཤེས་པས་ཤེས་པར་བྱ་བའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་ཡུལ་ཉིད་དུ་རྟོག་པར་བྱེད་ན་ནི་དེའི་ཚེ་དེའི་ཤེས་པས་ཤེས་པར་བྱ་བའི་རང་བཞིན་རྗེས་སུ་འབྲང་ན་དེའི་ཤེས་པ་ཡང་དེ་འདྲ་བ་ཉིད་དུ་རྗེས་སུ་འབྲང་བའི་ཕྱིར་རྟག་པར་ཐལ་བར་འགྱུར་རོ། །ཇི་སྟེ་མི་འབྲང་ན་ནི་དེའི་རྟག་པ་ཉིད་ཉམས་པ་ཡིན་ནོ། །འོན་ཏེ་ཡང་དེ་ནི་ཐ་ན་ཐམས་ཅད་མཁྱེན་པའི་ཐུགས་ཀྱང་རུང༌། འགའི་ཡུལ་གྱི་དངོས་པོར་ཡང་ཉེ་བར་མི་འགྱུར་རོ་ཞེས་རྟོག་པར་བྱེད་ན་དེའི་ཚེ་དེ་ལ་རྟོག་པ་དང་ལྡན་པ་རྣམས་དངོས་པོ་ཡོད་པར་ཐ་སྙད་འདོགས་པར་རིགས་པ་མ་ཡིན་ཏེ། དེར་ཐ་སྙད་གདགས་པའི་རྒྱུ་དེ་ཤེས་པ་མེད་པའི་ཕྱིར་རོ། །གང་གིས་ན་དེ་ལས་རྣམ་པར་དབྱེ་བར་རྟོགས་པར་འགྱུར་བ་རི་བོང་གི་རྭ་ལ་སོགས་པ་ཉེ་བར་བརྗོད་པ་ཐམས་ཅད་དང་བྲལ་བའི་ངོ་བོ་ལས་ཀྱང་དེ་ཁྱད་པར་དུ་བརྗོད་དགོས་ཏེ། དངོས་པོ་མེད་པ་ལས་རབ་ཏུ་རྣམ་པར་མ་ཕྱེ་བའི་ངོ་བོ་ཉིད་ནི་དངོས་པོ་


DTG107_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་རྟོགས་པར་ནུས་པ་མ་ཡིན་ནོ། །དེ་ལ་བདག་ཉིད་ཀྱི་རང་གི་ངོ་བོ་འཛིན་པའི་མཚན་ཉིད་ཀྱི་ཁྱད་པར་ཡོད་དོ་ཞེས་བརྗོད་པར་ཡང་རིགས་པ་མ་ཡིན་ཏེ། དངོས་པོ་མེད་པ་ལ་ཡང་ནུས་པ་ཐམས་ཅད་དང་བྲལ་བའི་བདག་ཉིད་ཀྱི་ངོ་བོ་འཛིན་པ་ཡོད་པའི་ཕྱིར་རོ། །མོ་གཤམ་གྱི་བུ་ལ་སོགས་པ་དང་ཁྱད་པར་མེད་པ་དེ་ལྟ་བུ་ལ་ཡང་དངོས་པོ་དངོས་པོ་ཞེས་མིང་དུ་འདོགས་ན་ནི་བརྩད་པ་མེད་དོ། འོན་ཀྱང་མོ་གཤམ་གྱི་བུ་ལ་སོགས་པ་ལ་ཡང་རྒྱུ་མེད་པར་ཅི་སྟེ་མི་བརྗོད་ཅེས་ནི་སྨྲའོ། །དེ་ལྟ་བས་ན་འདི་ལྟ་སྟེ་འདུས་མ་བྱས་ཡོད་པ་ཉིད་དུ་སྨྲ་བ་འདི་ནི་བཟང་པོ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང༌། བློ་གྲོས་ཆེན་པོ་འདི་ལྟ་སྟེ་ནམ་མཁའ་དང་འགོག་པ་དང་མྱ་ངན་ལས་འདས་པ་མ་བྱས་པའི་དངོས་པོར་སྒྲོ་འདོགས་པ་ནི་ཡོད་པ་མ་ཡིན་པ་ལ་སྒྲོ་འདོགས་པའོ་ཞེས་གསུངས་སོ། །གང་གཞན་དག་རྟག་པ་དང་མི་རྟག་པ་ཉིད་ལ་སོགས་པར་བརྗོད་པར་བྱ་བ་མ་ཡིན་པ་གང་ཟག་ལ་སོགས་པས་བསྒྲུབ་པ་གཉི་ཡང་མ་ངེས་པ་ཉིད་ཡིན་ནོ་ཞེས་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ། དངོས་པོ་ཡོད་པ་ལ་ཇི་ལྟར་ཡང་བརྗོད་པར་བྱ་བ་མ་ཡིན་པ་ཉིད་མི་སྲིད་པའི་ཕྱིར་རོ། །འདི་ལྟར་རྟག་པ་དང་མི་རྟག་པ་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་དག་ནི་ཅིག་སྒྲུབ་པ་དང༌། དགག་པ་དང༌། གཞན་དགག་པ་དང༌། སྒྲུབ་པ་མེད་ན་མེད་པ་ཡིན་པའི་ཕྱིར་ཅིག་དགག་པ་གང་ཡིན་པ་དེ་ཉིད་དངོས་པོ་གཞན་སྒྲུབ་པ་ཡིན་པའི་ཕྱིར་ཇི་ལྟར་ན་དངོས་པོ་བརྗོད་པར་བྱ་བ་མ་ཡིན་ཞེས་བྱ་བ་ཉིད་ཡིན། དེ་ལྟ་མ་ཡིན་ན་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་བརྗོད་པར་བྱ་བ་མ་ཡིན་པ་ཁོ་ནར་འགྱུར་རོ། །དེ་ལྟ་བས་ན་རང་དང་གཞན་གྱིས་སྨྲས་པའི་དངོས་པོའི་བྱེ་བྲག་མ་ལུས་པ་དག་གཞོམ་པའི་ཕྱིར་བདག་ཉིད་ཆེན་པོ་རྣམས་ཀྱིས། རྡོ་རྗེའི་གཟེགས་མ་ཐོགས་པ་མེད་པ་བཞི་པོ་འདི་དག་རབ་ཏུ་གསུངས་པའི་ཕྱིར་ལམ་འདི་ཐམས་ཅད་ཀྱིས་འགལ་བར་མི་བྱ་བ་ཉིད་དེ། རང་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་ན་ཆོས་ཐམས་ཅད་ཡང་དག་པར་ན་བདག་མེད་པར་རབ་ཏུ་བསྒྲུབས་པ་ཡིན་ནོ། །དེ་ཉིད་ཀྱི་


DTG107_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བཅོམ་ལྡན་འདས་ཀྱིས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། དངོས་པོ་རྣམས་ལ་རྟག་པ་དང་མི་རྟག་པར་འཛིན་པ་བཀག་པ་ཡིན་ཏེ། དེ་བཞིན་དུ་ཁུངས་ཀྱི་མདོ་རྣམས་ཀྱང་སྔར་བསྟན་པ་ཉིད་ཡིན་ནོ། །དེ་བཞིན་དུ་གཞན་ཡང་གལ་ཏེ་གཟུགས་རྟག་གོ་ཞེས་བྱ་བར་བརྗོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་དེ་ཉིད་ཀྱང་དེ་ལྟར་ཡོད་པ་མ་ཡིན་ན་རྟག་པར་འགྱུར་བ་ལྟ་ཅི་ཞིག་སྨོས་ཀྱང་ཅི་དགོས་ཞེས་གསུངས་ཏེ། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་ཀྱི་མཐར་ཐུག་པའི་བར་དུ་སྦྱར་བར་བྱའོ། །དེ་ལྟ་བས་ན་འདིར་གང་གཞན་ལས་འབྲས་བུ་སྐྱེ་བ་ལ་ག་འགལ་བ་ཅི་ཞིག་ཡོད་ན། གང་གིས་ན་དེ་ལས་ཀྱང་འབྲས་བུ་སྐྱེ་བ་འགོག་པར་བྱེད། འདི་ལ་ནི་གནོད་པ་ཅན་གྱི་ཚད་མ་ཡང་མེད་དོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཐམས་ཅད་ཀྱང་ལན་བཏབ་པ་ཡིན་ནོ། །གང་ཡང་འབྲས་བུ་ཡོད་པ་སྐྱེ་བར་དགག་པར་བྱ་བ་ལ། ཁྱེད་ལ་གཉི་ག་ལ་གྲུབ་པའི་གཏན་ཚིགས་དང་དཔེ་མེད་དོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་ཡོད་པ་ཞེས་བྱ་བ་ཅི་ཞེས་བྱ། ཆ་ཤས་མེད་པ་ལ་ཆ་ཤས་ཀྱིས་འགྲུབ་པ་མི་སྲིད་པའི་ཕྱིར་གང་བདག་ཉིད་ཐམས་ཅད་ཀྱིས་ཡོངས་སུ་གྲུབ་པའི་ངོ་བོ་ཞིག་ཡིན་གྲང་ན། ཡོངས་སུ་གྲུབ་པའི་ངོ་བོ་གང་ཡིན་པ་དེ་ནི་གཞན་དག་གིས་སྔོན་མེད་པའི་ཁྱད་པར་བྱར་ཡོད་པ་མ་ཡིན་ནོ། །གང་ཞིག་གཞན་དག་གིས་སྔོན་མེད་པའི་ཁྱད་པར་བྱར་མེད་པ་དེ་ནི་ནམ་ཡང་གང་གིས་ཀྱང་མི་སྐྱེད་དེ། དཔེར་ན་ནམ་མཁའི་པདྨ་ལ་སོགས་པ་ལྟ་བུའོ། །ཡོད་པར་མངོན་པར་འདོད་པ་དེ་ཡང་དེ་དང་འདྲ་བའི་ཕྱིར་ཇི་ལྟར་གཏན་ཚིགས་ལ་སོགས་པ་མི་སྲིད་པ་ཡིན་ནོ། །རྣམ་པར་གཅད་པ་ཙམ་ཞིག་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་དང༌། གཏན་ཚིགས་སུ་ཡང་དེ་ལྟ་བུ་སྟོན་པའི་ཕྱིར་ལ། དེ་དག་ཀྱང་ཆོས་ཅན་དངོས་པོར་མ་གྱུར་པ་ལ་ཡང་མི་འགལ་བའི་ཕྱིར་རོ། །དེའི་ཕྱིར་གཞི་མ་གྲུབ་པ་ཉིད་ལ་སོགས་པའི་ཉེས་པ་མ་ཡིན་ཏེ། འདི་ནི་སྔར་བསྟན་ཟིན་པ་ཁོ་ནའོ། །བསྒྲུབ་པར་བྱ་བ་དང༌། སྒྲུབ་པའི་ཆོས་དག་མཐུན་པའི་ཕྱོགས་ཀྱི་རྗེས་སུ་འགྲོ་བའི་ཕྱིར་གཏན་ཚིགས་འགལ་བ་ཉིད་ཀྱང་མ་ཡིན་ནོ། །ཐ་སྙད་ཀྱི་སྒོ་ནས་ཁྱད་པར་


DTG107_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱར་ཡོད་པ་ཉིད་ཀྱིས་སྐྱེ་བ་ལ་ཁྱབ་པའི་ཕྱིར་ཁྱབ་པར་བྱེད་པ་ལོག་ན་ཁྱབ་པར་བྱ་བ་མི་སྲིད་པས་མ་ངེས་པ་ཉིད་ཀྱང་མ་ཡིན་ཏེ། འདི་ལྟར་གང་ཞིག་གཞན་དག་གིས་ཁྱད་པར་དུ་བྱེད་པ་དེ་ནི་རང་བཞིན་ཡིན་ལ། གཞན་གང་ཡིན་པ་དེ་ཇི་ལྟར་དེའི་ཡིན། སྔོན་གནས་པའི་རང་བཞིན་གང་ཡིན་པ་དེ་ནི་རྒྱུ་ཉེ་བའི་སྔོན་རོལ་ནས་གནས་པའི་ཕྱིར་དེ་ཇི་ལྟར་རྒྱུ་དག་ལས་གྲུབ་པ་ཞེས་བྱ་སྟེ། དེ་ལྟ་བས་ན་མ་ངེས་པ་ཉིད་མ་ཡིན་ནོ། །ཇི་སྟེ་གལ་ཏེ་ཁྱད་པར་དུ་བྱར་ཡོད་པ་ཉིད་ཀྱིས་སྐྱེ་བ་ལ་ཁྱབ་ན་འོ་ན་ནི་མེད་པ་སྐྱེ་བར་འགྱུར་རོ་ཞེ་ན་ཐ་སྙད་ཀྱི་སྒོ་ནས་ཡིན་དུ་ཟད་དེ། དེ་ཡང་དག་པར་ནི་མ་ཡིན་ནོ། །འདི་ལྟར་གལ་ཏེ་རང་བཞིན་གྱིས་མེད་པའི་ངོ་བོ་ཉིད་གཅིག་ཡིན་ན་དེ་ཇི་ལྟར་དུས་ཕྱིས་ཀྱང་ཡོད་པའི་ངོ་བོ་ཉིད་དུ་འགྱུར་ཏེ། ཡོད་པ་དང་མེད་པ་དག་ནི་ཕན་ཚུན་འགལ་བའི་ཕྱིར་རོ། །གང་ཞིག་གང་ཡོངས་སུ་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་ཆོས་དེ་ཇི་ལྟར་ཆོས་དེ་དང་ལྡན་པའི་ཆོས་ཅན་དང་ཉེ་བར་ལྡན་པར་འགྱུར་ཏེ། དཔེར་ན་ལུས་ཅན་མ་ཡིན་པའི་ཆོས་སུ་གཏོགས་པ་ནམ་མཁའ་ལ་ལུས་ཅན་ཉིད་ལྟ་བུའོ། །སྐྱེ་བ་ཞེས་ཡང་དག་པར་བསྒྲགས་པ་ཡོད་པའི་ངོ་བོ་ཡང་མེད་པའི་ངོ་བོ་ཉིད་ཡོངས་སུ་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པས་དེ་ཇི་ལྟར་དོན་དམ་པར་མེད་པ་དང་ཉེ་བར་ལྡན་པར་འགྱུར། གལ་ཏེ་འདི་སྙམ་དུ་མེད་པ་ཞེས་བྱ་བ་གང་ཞིག་སྐྱེ་བའི་བྱ་བ་དང་ལྡན་པས་སྐྱེ་བར་ཉེ་བར་བརྗོད་པ་ནི་ཅུང་ཟད་ཀྱང་མེད་དོ། །འོན་ཀྱང་དངོས་པོའི་བདག་ཉིད་ནུས་པ་སོ་སོར་ངེས་པའི་རྒྱུ་འགའ་ཞིག་གི་མཇུག་ཐོགས་སུ་འབྱུང་བར་ཡང་དག་པར་སྣང་བ་གང་ཡིན་པ་འདི་སྔོན་བྱུང་བར་གྱུར་པ་མ་ཡིན་པས་དེའི་རྒྱུས་འདི་མེད་པ་སྐྱེའོ་ཞེས་འཇིག་རྟེན་ན་སྐྱེ་བའི་ཁྱད་པར་དང་ལྡན་པ་ལྟ་བུར་རྣམ་པར་རྟོག་པ་དང༌། མངོན་པར་བརྗོད་པའི་མཚན་ཉིད་ཀྱི་ཐ་སྙད་འདི་རབ་ཏུ་འཇུག་གོ །ཐ་སྙད་ཀྱི་ཟུར་ཙམ་གྱིས་དངོས་པོ་ལ་གནོད་པ་ཅི་ཡང་མེད་དེ། ཁོ་བོ་ཅག་ཀྱང་མེད་པ་ཞེས་བྱ་བ་གང་ཞིག་ཡོད་པ་དང་ལྡན་པར་བརྗོད་པའི་ཆོས་གཞན་ནི་ཅུང་ཟད་ཀྱང་ཡོད་པར་མི་འདོད་དོ། །གལ་ཏེ་ཡོད་པར་འགྱུར་ན་ནི་དེའི་ཚེ་མེད་པ་ཉིད་དུ་མི་འགྱུར་བ་གང་ཞིག་ཕྱིས་འབྱུང་བའི་རང་བཞིན་དེ་ནི་གཞན་ཁོ་ན་ཡིན་ན་གཞན་གང་


DTG107_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དེ་ཇི་ལྟར་དེའི་ཡིན། དེ་ལྟ་བས་ན་མེད་པ་སྐྱེའོ་ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་རྣམས་མ་བྱུང་བ་ལས་བྱུང་བ་ཙམ་ཁོ་ན་ཞིག་སྒྲུབ་པ་འབའ་ཞིག་ཏུ་ཟད་དོ་སྙམ་དུ་སེམས་ན། དེ་ནི་རིགས་པ་མ་ཡིན་ཏེ། འདིར་ནི་དངོས་པོའི་རང་བཞིན་དཔྱད་པའི་སྐབས་ཡིན་པའི་ཕྱིར་ཏེ། བྱེད་པ་དགག་པ་ཙམ་བརྗོད་པར་འདོད་པ་ནི་མ་ཡིན་ནོ། །དེ་ལ་གལ་ཏེ་དངོས་པོ་འདི་རྒྱུ་ཉེ་བའི་སྔོན་རོལ་དུ་བྱུང་བར་གྱུར་པ་མ་ཡིན་ན་དེའི་ཚེ་དེའི་རང་བཞིན་གང་ཞིག་ཡིན་པར་བརྗོད་པར་བྱ། ཇི་སྟེ་དེའི་ཚེ་དེ་འགའ་ཡང་མེད་པ་ཉིད་ཡིན་ན་གང་གི་ཚེ་རང་བཞིན་དུ་མངོན་པར་བརྗོད་པར་བྱའོ་སྙམ་དུ་སེམས་ན། དེ་ནི་རུང་བ་མ་ཡིན་ཏེ། གལ་ཏེ་དངོས་པོའི་བདག་ཉིད་འགའ་ཡང་མེད་ན་དེའི་ཚེ་དེའི་རང་བཞིན་མེད་པ་ཁོ་ན་ཡིན་ནོ་ཞེས་གསལ་རབ་ཏུ་བརྗོད་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་འདི་མེད་པ་ཉིད་དུ་ཞེས་བྱ་བས་ཅི་ཞིག་སྨྲས་པར་འགྱུར་ཏེ། འདི་ལྟར་སྔོན་མེད་དོ་ཞེས་བྱ་བའི་དགག་པ་འདི་ནི་དངོས་པོའི་བདག་ཉིད་གང་ཕྱིས་འབྱུང་བ་དེ་ཁོ་ན་ཡིན་ལ། དེ་ཡང་སྔོན་མེད་པའི་ངོ་བོ་འདིའི་རང་བཞིན་མ་གཏོགས་པར་ཇི་ལྟར་ཉེ་བར་བརྟགས། འདི་སྔོན་བྱུང་བར་གྱུར་པ་མ་ཡིན་ནོ་ཞེས་མེད་པ་སྐྱེ་བའི་ཐ་སྙད་ཀྱི་རྒྱུ་རྐྱེན་བརྫུན་པ་འདི་ཡང་ཇི་ལྟར་ཡང་དག་པར་བརྗོད་དོ། །དེ་ལྟར་ན་མ་བྱུང་བ་ལ་འབྱུང་བར་སྒྲུབ་པ་ཡང་མེད་པ་ཡོད་པ་དང་ལྡན་པ་ཁོ་ནར་བསྒྲུབ་པར་འགྱུར་ཏེ། གཞན་མ་ཡིན་གྱི། གཞན་མ་བྱུང་བ་ལས་བྱུང་ངོ་ཞེས་བརྗོད་ན་འབྲེལ་པ་མ་ཡིན་ནོ། །དེའི་ཕྱིར་དངོས་པོ་རྣམས་སྔོན་མེད་པ་ལ་ཕྱིས་ཡོད་པར་བརྗོད་པ་དག་གི་དེ་དང་འགལ་བའི་ཆོས་ཡང་དག་པ་པ་དང་ལྡན་པར་ཁས་བླངས་པ་ཁོ་ནར་འགྱུར་རོ། །འགལ་བའི་ཆོས་དང་ལྡན་པའི་རང་བཞིན་ཡང་ཡང་དག་པར་འཐད་པ་མ་ཡིན་ཏེ། ཐམས་ཅད་ཀྱང་ཐམས་ཅད་ཀྱི་རང་བཞིན་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་གཅིག་ལ་རིམ་གྱིས་ཡོད་པ་དང་མེད་པ་མི་འགལ་བ་ཁོ་ནའོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། དུས་མཉམ་པ་ལ་ཡང་དེ་མི་འགལ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཏེ་འདི་དག་དུས་མཉམ་པར་འགལ་བ་ཉིད་ཡིན་ན་ནི་དེའི་ཚེ་རིམ་གྱིས་ཀྱང་ཅིའི་ཕྱིར་མི་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །ཆོས་ཅན་ཐ་དད་པ་ལ་ནི་མཚན་ཉིད་འགལ་བ་དག་མི་འགལ་བ་ཉིད་ཀྱིས། ཆོས་ཅན་


DTG107_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་ནི་རིམ་གྱིས་ཀྱང་མ་ཡིན་ཏེ། འདི་ལྟར་ཅིག་ཅར་ཆོས་འགལ་བ་དུ་མ་དང་ལྡན་ན་གཅིག་པ་ཉིད་ཉམས་པར་ཐལ་བར་འཇུག་པར་འགྱུར་བ་དེ་བཞིན་དུ་རིམ་གྱིས་ཀྱང་དོ་དང་ལྡན་ན་དེ་འཇུག་པར་འགྱུར་བ་ཉིད་དོ། །ད་ལྟ་མ་ཡིན་ན་གཞན་དག་གིས་གཙོ་བོ་ལ་སོགས་པ་རིམ་གྱིས་ཆེན་པོ་ལ་སོགས་པར་འགྱུར་བའི་ཚོགས་ཀྱི་ངོ་བོར་ཡོངས་སུ་འགྱུར་བའམ། མངོན་པར་གསལ་བར་ཉེ་བར་བརྟགས་པ་ལ་ཡང་གསལ་བ་དང་མི་གསལ་བ་ལ་སོགས་པ་ཆོས་འགལ་བ་དང་ལྡན་པར་ཇི་སྟེ་བརྗོད། དབང་ཕྱུག་ལ་སོགས་པ་རིམ་གྱིས་དངོས་པོ་ཉེ་བར་སྐྱེད་པར་བྱེད་པ་ལ་ཡང་ནུས་པ་དང་མི་ནུས་པ་ལ་སོགས་པ་འགལ་བར་བརྗོད་པར་ཡང་ཇི་ལྟར་འགྱུར། གང་དག་གིས་རི་དང་ལུས་དང་རྡོ་རྗེ་ལ་སོགས་པ་བརྟན་པའི་ངོ་བོ་ཉིད་དུ་ཀུན་བརྟགས་ནས་འདི་དག་གི་གནས་སྐབས་ཐ་དད་པའི་སྒོ་ནས་གྲང་བ་དང་དྲོ་བ་ལ་སོགས་པའི་ཁྱད་པར་རིམ་གྱིས་འབྱུང་བ་རྣམ་པར་འཇོག་པར་བྱེད་པ་དེ་དག་ལ་ཡང་འདི་དག་སྐད་ཅིག་མ་ཉིད་དུ་བསྒྲུབ་པར་འདོད་པ་རྣམས་ཀྱིས་ཇི་ལྟར་གྲང་བ་དང་དྲོ་བ་ལ་སོགས་པ་རིམ་གྱིས་འབྱུང་བའི་ཆོས་རྣམས་ཀྱང་འགལ་བར་རྗོད་པར་བྱེད། གལ་ཏེ་འདི་སྙམ་དུ་དངོས་པོ་རྣམས་མ་བྱུང་བ་ལས་འབྱུང་བ་དང༌། བྱུང་ནས་ཀྱང་མེད་པར་སྣང་བ་ཉིད་དེ། དེའི་ཕྱིར་གཅིག་ལ་རིམ་གྱིས་ཡོད་པ་དང་མེད་པ་དག་མི་འགལ་བ་ཉིད་དུ་རྣམ་པར་གཞག་གོ་སྙམ་དུ་སེམས་ན། དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་ཟངས་ལ་སོགས་པ་ལ་ཡང་སྲ་བ་དང༌། སྙི་བ་དང༌། གྲང་བ་དང༌། དྲོ་བ་ལ་སོགས་པ་རིམ་གྱིས་སྣང་བའི་ཕྱིར་དེ་ལ་ཡང་དེ་མི་འགལ་བ་ཉིད་དུ་ཐལ་བར་འགྱུར་རོ། །དེའི་ཕྱིར་དེའི་སྒོ་ནས་འདི་དག་བརྟན་པ་མ་ཡིན་པའི་ཕྱིར་ངོ་བོ་ཉིད་དུ་སྒྲུབ་པ་གང་ཡིན་པ་དེ་ཡང་འཐད་པར་མི་འགྱུར་རོ། །གཞན་ཡང་ཁོ་བོ་ཅག་ཀྱང་ལྟ་བ་དེ་ལྟ་བུ་ནི་སྤོང་བར་མི་བྱེད་དེ། སྒྱུ་མ་དང་རྨི་ལམ་ལ་སོགས་པ་བརྫུན་པ་ཡང་མ་བྱུང་བ་ལས་འབྱུང་བ་དང༌། བྱུང་ནས་ཀྱང་མེད་པར་སྣང་བའི་ཕྱིར་རོ། །འོན་ཀྱང་རང་བཞིན་གྱིས་ཡོད་པ་དང་མེད་པ་ལ་ནི་རིམ་གྱིས་ཀྱང་ཡོད་པ་དང་མེད་པ་འགལ་བ་ཉིད་དོ། །དེ་སྐད་དུ། གལ་ཏེ་རང་བཞིན་གྱིས་ཡོད་ན། །དེ་ནི་མེད་པ་ཉིད་མི་འགྱུར། །རང་བཞིན་གཞན་དུ་འགྱུར་བར་ནི། །ནམ་


DTG107_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འཐད་པ་མ་ཡིན་ནོ། །ཞེས་བཤད་དོ། །དེ་བཞིན་དུ་གཙུག་ལག་གི་ཚིགས་སུ་བཅད་པ། གང་ལ་ངོ་བོ་ཉིད་ནི་ཡོད་མིན་པ། །དངོས་པོ་མེད་དེ་ཇི་ལྟར་གཞན་རྐྱེན་ཅན། །ངོ་བོ་ཉིད་མེད་གཞན་གྱིས་ཅི་ཞིག་སྐྱེད། །གཏན་ཚིགས་དེ་ནི་བདེ་བར་གཤེགས་པས་བསྟན། །ཅེས་བྱ་བ་ཡིན་ནོ། །འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང༌། འདོད་ཆགས་ལ་སོགས་པ་སྔར་ཡོད་པར་ཁས་བླངས་ཏེ། ཡང་མེད་པར་ཁས་ལེན་པ་རྣམ་པར་འཇིག་པར་བྱེད་པ་ཉིད་དུ་འགྱུར་རོ། །གལ་ཏེ་རྒྱུ་དང་འབྲས་བུའི་དངོས་པོ་ཡང་དག་པ་པ་ཉིད་དུ་གྱུར་ན་དེའི་ཚེ་དེར་སྨྲ་བ་རྣམས་ཡང་དག་པའི་ལམ་གྱི་རྗེས་སུ་སོང་བའི་ཕྱིར་ལྟ་བ་དེ་ཐར་བའི་ལམ་དང་མཐུན་པ་ཁོ་ནར་འགྱུར་གྱི་མི་མཐུན་པ་ནི་མ་ཡིན་ནོ། །དེའི་ཕྱིར་འཕགས་པ་ལང་ཀར་གཤེགས་པ་ལས་གསུངས་པ་གང་ཡིན་པ་དེ་དང་ཇི་ལྟར་འགལ་བར་མི་འགྱུར་ཏེ། རྒྱུ་འབྲས་ལྟ་བ་ངན་པ་ཡིས། །མུ་སྟེགས་ཐམས་ཅད་རྣམ་པར་རྨོངས། །དེ་ཕྱིར་ཡོད་མེད་ཕྱོགས་སྨྲས་པ། །དེ་དག་ལ་ནི་ཐར་པ་མེད། །ཅིས་གང་གསུངས་པ་ཡིན་ནོ། །ཡང་དེ་ཉིད་ལས། མ་བྱུང་བ་ལས་གང་བྱུང་ཞིང༌། །བྱུང་ནས་ཀྱང་ནི་རྣམ་འཇིག་པ། །རྐྱེན་ལས་ཡོད་དང་མེད་པ་ཡང༌། །ང་ཡི་བསྟན་ལ་དེ་མི་གནས། །ཞེས་གསུངས་སོ། །དེ་ལ་རྒྱུ་དང་རྐྱེན་གྱི་ནུས་པ་ངེས་པའི་སྒོ་ནས་ཀྱང་ཡང་དག་པར་ན་མེད་པ་སྐྱེ་བར་ངེས་པར་རིགས་པ་མ་ཡིན་པ་ཉིད་དེ། རང་བཞིན་ནི་གཞན་དུ་བྱ་བར་མི་ནུས་པའི་ཕྱིར་རོ། །ནུས་པ་སོ་སོར་ངེས་པས་ནི་རང་བཞིན་འགལ་བ་ཉིད་དུ་བྱ་བར་ནུས་པ་མ་ཡིན་ཏེ། དེ་བྱེད་ན་ནི་རི་བོང་གི་རྭ་ལ་སོགས་པ་ཡང་སྐྱེ་བར་ཐལ་བར་འགྱུར་རོ་ཞེས་མཁས་པ་རྣམས་བརྗོད་དེ། དེའི་ཕྱིར་རྒྱུའི་ནུས་པ་ངེས་པའི་ཕྱིར་རྣམ་པར་གཞག་པ་ངེས་པར་འགྱུར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་འབྲེལ་པ་མེད་པ་ཡིན་ནོ། །གལ་ཏེ་འདི་དག་མེད་པ་སྐྱེ་བ་ཀུན་རྫོབ་པ་ལ་ཡང་ཇི་ལྟར་འགལ་བར་མི་འགྱུར་སྙམ་དུ་སེམས་ན། དེ་ནི་རིགས་པ་མ་ཡིན་ཏེ། དངོས་པོ་ཁོ་ན་ལ་འགལ་བ་རྣམ་པར་འཇོག་པའི་ཕྱིར་བརྫུན་པ་ལ་དེ་རྣམ་པར་འཇོག་པ་འབྲེལ་པ་མེད་པ་ཉིད་དོ། །དེ་ལྟ་མ་ཡིན་ན་རིགས་པ་དང་ལྡན་པའི་ཕྱིར་སྐྱེ་བ་དེ་དོན་དམ་པ་པ་ཁོ་ནར་འགྱུར་གྱི། ཀུན་རྫོབ་པ་ནི་


DTG107_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནོ། །གཞན་ཡང་ཁོ་བོ་ཅག་གི་དངོས་པོ་རྣམས་ཀྱི་སྐྱེ་བ་ཀུན་རྫོབ་པ་སྒྱུ་མ་ལ་སོགས་པ་བཞིན་དུ་གནས་པ་གང་ཡིན་པ་དེ་ཁོ་ན་ལ་སྒྲོ་བཏགས་པའི་རྣམ་པར་འགོག་པས་འགལ་བ་བརྗོད་པའི་སྒོ་ནས་བརྫུན་པ་ཉིད་དུ་བསྒྲུབས་ཀྱི། གཞན་ལ་ནི་མ་ཡིན་ཏེ། དེ་ནི་རྒྱས་པར་འོག་ནས་བསྟན་པར་བྱའོ། །དེ་ལྟ་བས་ན་དངོས་པོ་རྣམས་ཡོད་པ་ཡང་ཡང་དག་པ་པའི་སྐྱེ་བར་མི་འཐད་ལ། མེད་པ་ཡང་མ་ཡིན་གྱི། འདི་དག་གི་སྐྱེ་བ་སྒྱུ་མ་བཞིན་དུ་བརྫུན་པ་ཁོ་ན་རབ་ཏུ་སྟོན་པར་ཟད་དེ། དེའི་ཕྱིར་དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུ་ཁོ་ནར་རྣམ་པར་གནས་སོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་བློ་གྲོས་ཆེན་པོ་ཡོད་པ་དང་མེད་པ་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ནི་མ་སྐྱེས་པའོ་ཞེས་རྣམ་པ་དུ་མར་ཡོད་པ་དང༌། མེད་པ་སྐྱེ་བ་བཀག་པས་མ་སྐྱེས་པ་ཉིད་དུ་གསུངས་སོ། །གང་ཡང་བཅོམ་ལྡན་འདས་ཀྱིས་ཀུན་བརྟགས་པའི་ངོ་བོ་ཉིད་ཁོ་ན་ལས་དགོངས་ཏེ། ཡོད་པ་དང་མེད་པ་སྐྱེ་བ་འགལ་བར་རྣམ་པར་གཞག་གི་དེ་ཁོ་ན་ཉིད་ལས་ནི་མ་ཡིན་ནོ་ཞེས་སྨྲས་པ་དེ་ལ་ཡང་བརྗོད་པར་བྱ་སྟེ། གལ་ཏེ་དངོས་པོའི་བདག་ཉིད་དོན་དམ་པར་མ་སྐྱེས་པ་ལ་ཡང་དེ་ཁོ་ན་ཉིད་དུ་སྐྱེས་སོ་ཞེས་ཀུན་བརྟགས་པའི་ངོ་བོ་ཉིད་གང་ཡིན་པ་དེ་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་པར་འདོད་ན་ནི་དེའི་ཚེ་འདི་རིགས་པ་མ་ཡིན་ནོ། །འོན་ཏེ་དངོས་པོ་རྣམས་ཀྱི་རང་བཞིན་འདི་ནི་ཡང་དག་པར་སྐྱེས་པ་ཁོ་ན་ཡིན་མོད་ཀྱི། འོན་ཀྱང་དེ་གཟུང་བ་དང་འཛིན་པའི་རྣམ་པའི་ངོ་བོར་མ་སྐྱེས་པའི་ཕྱིར་དེ་ཉིད་དེའི་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་ནོ་སྙམ་དུ་སེམས་ན། གལ་ཏེ་དེ་ལྟ་ན་གོ་ཇི་ལྟར་ཀུན་བརྟགས་པའི་བདག་ཉིད་ཀྱིས་ཡོད་པ་དང་མེད་པ་ཡང་སྐྱེ་བར་འགལ་བ་དེ་བཞིན་དུ་དོན་དམ་པ་པའི་བདག་ཉིད་དུ་སྐྱེ་བ་དེ་ལ་ཡང་འདི་ཅི་སྟེ་འགལ་བར་མི་འགྱུར། དེ་ཁོ་ན་ཉིད་དུ་སྐྱེ་བ་ལ་ཡང་ཡོད་པ་དང་མེད་པའི་རྣམ་པ་མ་གཏོགས་པར་རྣམ་པ་གཞན་གྱི་སྒོ་ནས་སྐྱེ་བ་མེད་པའི་ཕྱིར་འདི་ནི་གྱི་ནའོ། །དེ་ཉིད་ཀྱི་ཕྱིར་འདི་ནི་གང་ཞིག་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ནི་དོན་དམ་པར་རང་བཞིན་གྱིས་སྟོང་པ་ཡིན་ཏེ། དཔེར་ན་སྒྱུ་མ་ལ་སོགས་པ་ལྟ་བུའོ། །གཏན་ཚིགས་མ་ངེས་པ་ཉིད་ཀྱང་མ་


DTG107_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། བཟློག་ན་ཇི་སྐད་བཤད་པའི་གནོད་པ་ཅན་གྱི་ཚད་མ་སྲིད་པའི་ཕྱིར་རོ། །རྒྱུ་དང་རྐྱེན་ལ་ལྟོས་ཏེ། སྐྱེ་བ་ཉིད་ཡིན་ན་ནི་རང་བཞིན་བྱས་པ་ཅན་དུ་འགྱུར་གྱི། ཡང་དག་པ་པ་ནི་མ་ཡིན་ཏེ། མ་བྱས་པ་ནི་གཞན་ལ་ལྟོས་པར་མི་འཐད་པའི་ཕྱིར་རོ། །བྱས་པ་གང་ཡིན་པ་དེ་ནི་རང་བཞིན་གྱིས་ངོ་བོ་ཉིད་དང་བཅས་པ་མ་ཡིན་ཏེ། རང་བཞིན་ནི་མི་འགྱུར་བ་ཉིད་ཀྱིས་སུས་ཀྱང་གཞན་དུ་བྱར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་ཡང་དག་པ་པ་ཉིད་ཡིན་ན་མ་བྱུང་བ་ལས་བྱུང་བ་དང༌། བྱུང་ནས་ཀྱང་མེད་པ་ཕན་ཚུན་འགལ་བའི་ཕྱིར་འབྲེལ་པ་མེད་དོ་ཞེས་སྔར་བསྟན་པ་ཡིན་ནོ། །དེ་བས་ན་མ་ངེས་པ་ཉིད་ཀྱང་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། རང་བཞིན་རྒྱུ་དང་རྐྱེན་དག་ལས། །འབྱུང་བར་རིགས་པ་མ་ཡིན་ཏེ། །རྒྱུ་དང་རྐྱེན་ལས་བྱུང་ན་ནི། །རང་བཞིན་བྱས་པ་ཅན་དུ་འགྱུར། །རང་བཞིན་དག་ནི་ཇི་ལྟ་བུར། །བྱས་པ་ཅན་ཞེས་བྱ་བར་འགྱུར། །རང་བཞིན་བྱས་པ་མ་ཡིན་པ། །ཕ་རོལ་ལ་ཡང་ལྟོས་པ་མེད། །ཅེས་བཤད་དོ། །དེ་ཉིད་ཀྱི་ཕྱིར། མདོ་ལས། དངོས་པོ་རྟག་པ་དང་མི་རྟག་པའི་ངོ་བོར་ཉེ་བར་རྟོག་པའི་ཕྱིར་མཐའ་གཉིས་སུ་ལྟ་བར་ཐལ་བར་འགྱུར་བར་བསྟན་ཏེ། དཔལ་ཕྲེང་སེང་གེའི་ང་རོའི་མདོ་ལས། ཇི་སྐད་དུ། བཅོམ་ལྡན་འདས་འདི་གཉིས་ནི་མཐའ་གཉིས་སུ་ལྟ་བ་བཞེས་བགྱི་སྟེ། འདི་ལྟ་སྟེ། ཆད་པར་ལྟ་བ་དང༌། རྟག་པར་ལྟ་བའོ། །བཅོམ་ལྡན་འདས་གལ་ཏེ་འདུས་བྱས་ཐམས་ཅད་མི་རྟག་གོ་ཞེས་བགྱི་བར་ལྟ་ན་དེ་ནི་འདིའི་ཆད་པར་ལྟ་བར་འགྱུར། །དེ་ནི་འདིའི་ཡང་དག་པ་མ་ལགས་པའི་ལྟ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་མྱ་ངན་ལས་འདས་པ་རྟག་གོ་ཞེས་བགྱི་བར་ལྟ་ན་དེ་ནི་འདིའི་རྟག་པར་ལྟ་བར་འགྱུར། དེ་ནི་འདིའི་ཡང་དག་པ་མ་ལགས་པའི་ལྟ་བར་འགྱུར་ལགས་སོ་ཞེས་གསུངས་སོ། །སློབ་དཔོན་གྱིས་ཀྱང༌། དངོས་པོ་ཡོད་པར་ཁས་ལེན་པ། །རྟག་པ་དང་ནི་ཆད་པ་ཡི། །ལྟ་བར་རབ་ཏུ་ཐལ་འགྱུར་ཏེ། །རང་བཞིན་རྟག་པའམ་མི་རྟག་འགྱུར། །ཞེས་བྱ་བ་ལ་སོགས་པ་བཤད་དོ། །དེའི་ཕྱིར་མཐུན་པའི་ཕྱོགས་ལ་སྲིད་པས་གཏན་ཚིགས་འགལ་བ་ཉིད་ཀྱང་མ་ཡིན་ཏེ། གང་ཞིག་མི་མཐུན་པའི་ཕྱོགས་ཁོ་ན་ལ་སྲིད་པ་དེ་ནི་འགལ་བར་འགྱུར་


DTG107_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། མཐུན་པའི་ཕྱོགས་ལ་སྲིད་པ་ལ་ནི་མ་ཡིན་ནོ། །སྒྱུ་མ་ལ་སོགས་པ་དངོས་པོར་འཐད་པ་ཡང་མ་ཡིན་ཏེ། དེ་ནི་ཤེས་པ་དང༌། ཤེས་བྱ་དང༌། མཚན་ཉིད་མི་མཐུན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་སྔར་བསྟན་ཟིན་ཏོ། །ཤེས་པ་དང་ཤེས་བྱ་དག་ལས་དངོས་པོའི་ངོ་བོ་གཞན་ཡང་ཡོད་པ་མ་ཡིན་ནོ། །དེ་ལ་ནམ་མཁའི་མེ་ཏོག་ལ་སོགས་པ་མ་སྐྱེས་པའི་ངོ་བོ་ཉིད་དང་བཅས་པར་མ་མཐོང་དུ་ཟིན་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཡང་དག་པའི་ངོ་བོ་ཉིད་དང་བཅས་པར་འགྱུར་རོ་ཞེས་བྱ་བ་འདི་ལ་ཡང་འབྲེལ་པ་མེད་པའི་ཕྱིར་དེའི་སྒོ་ནས་འདི་འགལ་བ་ཉིད་དུ་བསྒྲུབ་པར་མི་ནུས་ཏེ། ཁྱབ་པར་བྱེད་པ་འཇུག་པ་ནི་ཁྱབ་པར་བྱ་བ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །གང་ཡང་སྒྱུ་མ་ལ་སོགས་པ་བརྫུན་པ་ལ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་མ་གྲུབ་པ་ཁོ་ན་སྟེ། དེའི་ཕྱིར་དཔེ་སྒྲུབ་པ་མ་ཚང་བ་ཡིན་ནོ་ཞེས་སྨྲས་པ་དེ་ཡང་འབྲེལ་བ་མེད་པ་ཡིན་ཏེ། གལ་ཏེ་དོན་དམ་པ་པའི་ངོ་བོ་ཉིད་ལས་བསམས་ཏེ། སྒྱུ་མ་ལ་སོགས་པ་མ་སྐྱེས་པ་ཉིད་དུ་བརྗོད་ན་ནི་དེ་ནི་འདོད་པ་ཉིད་དེ། ཁོ་བོ་ཅག་ཀྱང་དོན་དམ་པ་པའི་སྐྱེ་བ་ལས་བསམས་ཏེ། གཏན་ཚིགས་སུ་སྟོན་པ་ནི་མ་ཡིན་གྱི། འོན་ཀྱང་གཉི་ག་ལ་གྲུབ་པ་ཇི་ལྟར་སྣང་བ་ཁོ་ན་ལས་ཡིན་ནོ། །འདི་ལྟར་གྲུབ་པའི་མཐའ་ལ་བརྟེན་ནས་གཏན་ཚིགས་དང་ཆོས་ཅན་ལ་སོགས་པ་སྟོན་པར་བྱེད་པ་ནི་མ་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །འོན་ཏེ་སྒྱུ་མ་ལ་སོགས་པ་ཐ་སྙད་དུ་ཡང་མ་སྐྱེས་སོ་ཞེས་བྱ་བར་འདོད་ན་དེ་སྐད་དུ་སྨྲ་བ་དེ་ནི་འཇིག་རྟེན་ཁོ་ན་ཟློག་པར་བྱེད་པ་ཡིན་པས་ཁོ་བོ་ཅག་ནི་འདི་བཟློག་པར་འབད་པ་མེད་དོ། །ཡིད་རྣལ་དུ་གནས་པ་སུ་ཞིག་སྒྱུ་མ་ལ་སོགས་པའི་རྐྱེན་གསང་སྔགས་དང་སྨན་ལ་སོགས་པ་མཐོང་བཞིན་དུ་ཡང་སྐྱེ་བ་མ་མཐོང་ངོ་ཞེས་སྨྲས་ཏེ། འདི་ནི་མཁས་པ་རྣམས་ཀྱི་བཞད་གད་ཁོ་ནར་འགྱུར་བས་དེའི་ཕྱིར་ཁྱད་དུ་གསད་པ་ནི་འོས་སོ། །དེ་ལྟར་ན་གཏན་ཚིགས་མ་གྲུབ་པ་ཉིད་ཀྱང་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང༌། རྐྱེན་ལས་སྐྱེས་པ་གང་ཡིན་དེ་མ་སྐྱེས། །དེ་ལ་ངོ་བོ་ཉིད་ཀྱི་སྐྱེ་བའང་མེད། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་ཏེ་བག་ཡོད་ཡིན།།


DTG107_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །འཕགས་པ་བློ་གྲོས་རྒྱ་མཚོས་བསྟན་པ་ལས་ཀྱང༌། གང་དག་རྟེན་ནས་བྱུང་དེ་དག །ངོ་བོ་ཉིད་ཀྱིས་ཅི་ཡང་མེད། །གང་དག་ངོ་བོ་ཉིད་མེད་པ། །དེ་དག་གང་དུའང་འབྱུང་བ་མེད། །ཅེས་གསུངས་སོ། །སློབ་དཔོན་གྱིས་ཀྱང༌། གང་ཞིག་རྟེན་ནས་བྱུང་བ་དེར། །དེ་ནི་ངོ་བོ་ཉིད་ཀྱིས་ཞི། །དེ་ལྟ་བས་ན་བསྐྱེད་བྱ་དང༌། །སྐྱེ་བ་ཉིད་ཀྱང་ཞི་བ་ཡིན། །ཞེས་བཤད་དོ། །ཡང་རྟེན་ཅིང་འབྲེལ་ཏེ་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་བཤད་དོ། །གང་ཡང་གལ་ཏེ་ཞིག་པ་ལ་སོགས་པའི་རྣམ་པར་རྟོག་པ་དོན་དམ་པ་པའི་སྐྱེ་བ་ལ་གནོད་པར་འགྱུར་ན་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་གནོད་པ་ཞེས་བྱ་བ་ཅི་ཞེས་བྱ། གལ་ཏེ་བརྫུན་པ་ཉིད་དུ་བསྒྲུབ་པ་ཡིན་ནོ་ཞེ་ན། དེ་ནི་ཁོ་བོ་ཅག་འདོད་པ་ཁོ་ན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་ཀུན་རྫོབ་པ་ཞེས་བྱའི། རིགས་པས་གྲགས་པ་ཉིད་ཡིན་ན་ནི་དོན་དམ་པ་པ་ཁོ་ནར་འགྱུར་གྱི། ཀུན་རྫོབ་པ་ནི་མ་ཡིན་ནོ། །འོན་ཏེ་གནོད་པ་གྲགས་པ་ནི་སེལ་བ་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། སྒྱུ་མ་ལ་སོགས་པ་ཚད་མས་གནོད་པ་བརྫུན་པའི་ངོ་བོ་ཡང་འཇིག་རྟེན་ན་མ་གྲགས་པ་ནི་མ་ཡིན་ནོ། །དེས་ན་རྣམ་པར་ཤེས་པ་འཁྲུལ་པ་དངོས་པོར་ཡོད་པ་ཁོ་ན་དེ་ལྟར་སྒྱུ་མ་ལ་སོགས་པའི་ངོ་བོར་འཇིག་རྟེན་ན་གྲགས་སོ་ཞེས་བརྗོད་པར་ཡང་རིགས་པ་མ་ཡིན་ཏེ། གཅིག་ལ་རྣམ་པ་སྣ་ཚོགས་པ་ཉིད་འགལ་བར་ཤེས་པ་ལ་སྒྱུ་མ་ལ་སོགས་པའི་ངོ་བོ་དེ་ལྟ་བུ་མི་སྲིད་པའི་ཕྱིར་ལ། འཇིག་རྟེན་ན་ཡང་དེ་དག་ཤེས་པའི་ངོ་བོ་ཉིད་དུ་མ་གྲགས་པའི་ཕྱིར་རོ། །སྒྱུ་མ་ལ་སོགས་པ་ཤེས་པའི་ངོ་བོ་ཉིད་ཡིན་དུ་ཆུག་ན་ཡང༌། འོན་ཀྱང་ཤེས་པ་ཉིད་དེ་དང་ཐ་མི་དད་པར་དེ་ལྟར་བརྫུན་པའི་རྣམ་པ་ཉེ་བར་འཛིན་པར་སྣང་བའི་ཕྱིར་དེ་དང་འདྲ་བར་དེ་ཡང་བརྫུན་པ་ཁོ་ན་ཡིན་ནོ།། དེ་ལྟ་མ་ཡིན་ན་བདེན་པ་དང་མི་བདེན་པའི་ངོ་བོ་དང་འབྲེལ་བ་དག་ཅི་ཞིག་ཡོད། དེའི་ཕྱིར་འདི་ལ་འཁྲུལ་པ་མེད་དོ། །ཇི་སྟེ་གནོད་པ་འགལ་བ་ཡིན་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། གལ་ཏེ་དེ་ལ་བདག་ཉིད་ཀྱིས་འགལ་བ་མེད་ན་ནི་དེ་ཇི་ལྟར་ཚད་མས་བྱ་བར་ནུས། འོན་ཏེ་རང་


DTG107_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

གི་འགལ་བ་ཉིད་ཡོད་པ་ཡིན་ལ། གལ་ཏེ་དེ་ཡང་ཚད་མས་སྒྲུབ་པར་བྱེད་པ་ཡིན་ནོ་ཞེ་ན། སྒྲུབ་ལ་རག་ལས་ཏེ། ཅི་ཞིག་མི་འདོད་པར་འགྱུར། གལ་ཏེ་འགལ་བ་རྣམས་སྣང་བ་ཉིད་དུ་མི་འགྱུར་རོ་ཞེ་ན། འདི་ནི་ལན་བཏབ་ཟིན་ཏོ། །གཞན་ཡང་ཤེས་བྱ་ནང་གི་ཡིན་པར་སྨྲ་བ་རྣམས་ཀྱི་ལྟར་ན་ཤེས་པ་གཉིས་མེད་པ་ལ་གཉིས་ཀྱི་རྣམ་པ་རྒྱ་མཚོ་དང༌། རི་དང༌། ས་དང་ཆུ་བོ་ལ་སོགས་པ་དེའི་ཚེ་ཡིན་པ་ཉིད་དུ་ཉེ་བར་བརྗོད་ན་ཇི་ལྟར་གཅིག་ལ་འགལ་བ་དག་སྣང་བ་རྗེས་སུ་བྱེད་པར་འགྱུར། གང་དག་ཤེས་བྱ་ནང་གི་ལ་ཡིན་པར་སྨྲ་བ་དེ་དག་གིས་ཀྱང་གདོན་མི་ཟ་བར་རྣམ་པར་ཤེས་པ་འཁྲུལ་པར་ཅུང་ཟད་ཅིག་ཀྱང་ཁས་བླང་དགོས་སོ། །དེ་ལྟ་མ་ཡིན་ན་ཐམས་ཅད་ཀྱང་དེ་ཁོ་ན་ཉིད་མཐོང་བ་ཁོ་ནར་འགྱུར་ལ་ཕྱིར་རྒོལ་བ་རྣམས་དང་རྩོད་པར་ཡང་མི་འགྱུར་རོ། །དེའི་ཕྱིར་འཆི་ལྟས་དང༌། མིག་སྔོན་དང༌། མིག་སེར་ལ་སོགས་པས་མིག་ཉམས་པ་རྣམས་ལ་ལུས་ལ་སོགས་པ་འགལ་བ་གཉིས་ལ་སོགས་པའི་ངོ་བོར་ཇི་ལྟར་སྣང་བར་འགྱུར་ཏེ། ཤེས་པའི་བདག་ཉིད་བདེན་པའི་ངོ་བོ་ལ་ནི་གང་གིས་ན་འདི་དག་དེ་ལ་སྣང་བར་འགྱུར་བ་རྣམ་པ་བརྫུན་པ་དེ་དག་འབྲེལ་པ་ཅི་ཡང་མེད་དེ། བདེན་པ་དང་མི་བདེན་པ་དག་འགལ་བའི་ཕྱིར་ལ། འགལ་བ་ཡང་ཁྱེད་ཀྱི་གཞུང་ལུགས་ཀྱིས་མི་སྣང་བའི་ཕྱིར་རོ། །དེའི་ཕྱིར་ཐམས་ཅད་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བ་ཁོ་ནར་འགྱུར་བས་ཐར་པར་འདོད་པ་རྣམས་དེ་ཁོ་ན་ཉིད་སྒོམ་པར་འབད་པ་དོན་མེད་པ་ཉིད་དུ་འགྱུར་རོ། །གལ་ཏེ་འདི་སྙམ་དུ་འཁྲུལ་པའི་རྣམ་པར་ཤེས་པ་རྣམ་པ་སྣ་ཚོགས་སུ་སྣང་བ་ལ་འགལ་བ་ཉིད་དུ་སྣང་མོད་ཀྱི། འགལ་བར་རྣམ་པར་མི་གཞག་སྟེ། དེའི་ཡུལ་ནི་དངོས་པོ་ཡིན་པའི་ཕྱིར་རོ། །དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པས་དངོས་པོ་ཉིད་དུ་ཁས་ལེན་པ་ཁོ་ན་ལ་འགལ་བ་རྗོད་པར་བྱེད་ཀྱི། བརྫུན་པར་འདོད་པ་ལ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་རྗེས་སུ་དཔག་པ་དེ་དངོས་པོའི་སྟོབས་ཀྱིས་ཞུགས་པ་ཉིད་དུ་མི་འགྱུར་རོ། །དེས་ན་རྣམ་པར་ཤེས་པ་འཁྲུལ་པ་དང་ལྡན་པའི་རྣམ་པ་བརྫུན་པ་རྣམས་ཀྱང་སྣང་བར་འགྱུར་རོ། །དེ་ལ་དེ་ཉིད་དང་གཞན་ཉིད་ལ་སོགས་པ་འགལ་བ་བརྗོད་པར་ཡང་མི་བྱེད་དོ་སྙམ་དུ་སེམས་


DTG107_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ན། གལ་ཏེ་དེ་ལྟར་ན་རྒྱུ་དང་འབྲས་བུའི་དངོས་པོ་ཀུན་རྫོབ་པ་ལ་ཡང་ཅིའི་ཕྱིར་འགལ་བརྗོད་པར་བྱེད་དེ། བརྫུན་པ་དེ་ལ་ཡང་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པའི་ཡུལ་ཉིད་མི་སྲིད་པས་འདི་ལ་ཡང་འགལ་བ་རྗོད་པར་མ་བྱེད་ཅིག །དེ་བརྗོད་ན་ཡང་གདོན་མི་ཟ་བར་ཁོ་བོ་ཅག་གི་འདོད་པ་ཁོ་ན་གྲུབ་ཀྱི། ཁྱེད་ཀྱི་ནི་མ་ཡིན་ཏེ། འདི་ལྟར་དེ་ལ་འགལ་བར་བརྗོད་པ་ཁྱེད་ཀྱིས་དེ་བརྫུན་པ་ཉིད་ཁོ་ནར་བསྒྲུབ་པར་འགྱུར་གྱི། སྣང་བ་སེལ་བ་ནི་མ་ཡིན་ཏེ། བརྫུན་པ་ཡང་གྲགས་པ་དང་མི་འགལ་བའི་ཕྱིར་རོ། །དེ་བརྫུན་པ་ཉིད་དུ་སྒྲུབ་ན་ཡང་ཁོ་བོ་ཅག་གི་ཕྱོགས་ཁོ་ནར་གཞུང་བཙུགས་པར་འགྱུར་ཏེ། འདི་ལྟར་ཁོ་བོ་ཅག་ཀྱང་རྒྱུ་དང༌། འབྲས་བུ་རྣམས་ཡུལ་དང༌། དུས་དང༌། རྒྱུ་དང༌། རྐྱེན་གྱི་ཁྱད་པར་ལ་ལྟོས་པ་ཉིད་ཡིན་ཡང་ཚད་མས་གནོད་པར་བརྫུན་པ་ཉིད་ཀྱི་ཕྱིར་ཀུན་རྫོབ་པ་ཉིད་དུ་རྣམ་པར་འཇོག་ལ། དེ་ལ་ཁྱད་ཀྱང་དེ་བཞིན་དུ་འགལ་བ་བརྗོད་པ་ཉིད་ཀྱིས་གཞན་དག་དངོས་པོར་འཛིན་པ་ཟློག་པར་བྱེད་པ་ཉིད་ཀྱིས་ཅི་ཞིག་མི་འདོད་པར་བྱས་ཏེ། འོན་ཀྱང་ཉེས་པ་མ་ཡིན་པ་བརྗོད་པ་ཉིད་ཀྱིས་ཁྱེད་ཁོ་ན་ལ་གནོད་པར་འགྱུར་རོ། །ཁོ་བོ་ཅག་ནི་འདི་ལ་ཚད་མ་འཇུག་པར་མི་བྱེད་པ་ཡང་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་འདི་ཇི་ལྟར་ཀུན་རྫོབ་པ་ཉིད་བསྒྲུབ་པར་འགྱུར། འདི་ལྟར་ཁོ་བོ་ཅག་ནི་གང་དག་རྒྱུ་དང་འབྲས་བུའི་དངོས་པོ་ཇི་ལྟར་གྲགས་པ་ཁོ་ན་ལ་ཡང་དག་པར་ཁས་བླངས་པ་དེ་དག་གི་ལོག་པར་སྒྲོ་འདོགས་པ་རྣམ་པར་བཟློག་པའི་ཕྱིར་འདི་ཁོ་ན་ལ་ཚད་མས་རབ་ཏུ་སྦྱར་གྱི། གཞན་ལ་ནི་མ་ཡིན་ནོ། །དེ་ལ་ནི་ཚད་མ་སྦྱར་ཀྱང་མངོན་སུམ་གྱིས་གནོད་པ་མི་འཇུག་སྟེ། ཚད་མས་དངོས་པོའི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་གནས་པ་སྒྲུབ་པ་ཁོ་ནར་བྱེད་ཀྱི། གྲགས་པ་སེལ་བ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་དེ་ཚད་མ་ཉིད་དུ་མི་འགྱུར་རོ། །དངོས་པོ་རྣམས་ཀྱི་ངོ་བོ་ཉིད་དོན་དམ་པ་པར་བརྟགས་པ་གང་ཡིན་པ་དེ་ལ་ཚད་མས་གནོད་ལ། དེ་ནི་མངོན་སུམ་དུ་གྲུབ་པ་ཡང་མ་ཡིན་ན། དེ་ཇི་ལྟར་དེ་ལ་གནོད་ན་མངོན་སུམ་གྱིས་གནོད་པ་ཡིན། མངོན་སུམ་གྱི་མཚན་ཉིད་ནི་མ་ནོར་བ་ཡིན་ན་མ་ནོར་བ་ནི་ཚད་མས་གནོད་པའི་ཡུལ་དུ་ཡང་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེས་ན་དམ་བཅས་པ་འདི་ལ་


DTG107_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་གྱིས་གནོད་པ་ཡང་མེད་དོ། །དེ་ལྟ་མ་ཡིན་ན་ཕྱི་རོལ་གྱི་དོན་གསལ་བར་སྣང་ཡང་མངོན་སུམ་དུ་གྲུབ་པའི་ཕྱིར་མངོན་སུམ་དང་འགལ་བས་དེ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་སྒོ་ནས་ངོ་བོ་ཉིད་མེད་པ་ཉིད་དུ་བསྒྲུབ་པར་མི་བྱ་བར་འགྱུར་རོ། །རབ་རིབ་ཅན་ལ་སོགས་པ་ལ་སྐྲ་དང༌། ཤ་སྦྲང་ལ་སོགས་པ་ཡོད་པ་མ་ཡིན་པ་སྣང་བ་ཡང་མངོན་སུམ་དང་འགལ་བའི་ཕྱིར་བརྫུན་པ་ཉིད་དུ་སུས་ཀྱང་ཁས་མི་བླང་བར་བྱ་བར་འགྱུར་རོ། །དེ་ལྟ་བས་ན་རང་དང་འཚམ་པའི་རྒྱུ་དང་རྐྱེན་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པའི་སྐྱེ་བ་འདི་ཐམས་ཅད་ནི་ཡུལ་དང་དུས་དང་རྒྱུའི་ཁྱད་པར་ལ་ལྟོས་པ་ཡིན་ཡང་སྒྱུ་མ་འབྱུང་བ་བཞིན་དུ་ཀུན་རྫོབ་པ་ཁོ་ནར་རྣམ་པར་གཞག་གོ །གང་ཞིག་ཇི་ལྟར་གྲགས་པ་བཞིན་དུ་རྣམ་པར་འཇོག་པ་ནི་གལ་ཏེ་དུས་མཉམ་པའམ། དུས་ཐ་དད་པ་རྣམ་པར་འཇོག་ཀྱང་འོན་ཀྱང་འགལ་བ་མེད་དེ། དེ་ལ་སྐད་ཅིག་མ་ཉིད་མ་ཡིན་པ་ལ་སོགས་པའི་ཉེས་པ་འཇུག་པར་ཡང་མི་འགྱུར་ཏེ། བརྫུན་པ་ལ་འགལ་བ་མི་འཇུག་པའི་ཕྱིར་རོ། །སྒྱུ་མ་དང་རྨི་ལམ་ལྟ་བུའི་ཆོས་རྣམས་ལ་ཡང་དག་པར་ན་སྐད་ཅིག་མ་ཉིད་དང༌། སྐད་ཅིག་མ་ཉིད་མ་ཡིན་པ་ལ་སོགས་པའི་ཆོས་མི་རུང་བའི་ཕྱིར་ཏེ། དེ་སྐད་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། གལ་ཏེ་གཟུགས་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་དེ་ཉིད་དོ་ལྟར་ཡོད་པ་མ་ཡིན་ན་དེ་རྟག་པའམ། མི་རྟག་པར་ལྟག་ལ་ཞིག་ཏུ་འགྱུར་ཞེས་གསུངས་ཏེ། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྒྱས་པར་བསྒྲོའོ། །གང་ཡང་གཞན་འགའ་ལས་འདུ་བྱེད་རྣམས་སྐད་ཅིག་མ་ཉིད་དུ་གསུངས་པ་དེ་ནི་བག་མེད་པ་དག་འདུ་བྱེད་དག་ལས་ཡང་དག་པར་ཡིད་འབྱུང་བར་བྱས་ནས་རིམ་གྱིས་བདག་མེད་པའི་དེ་ཁོ་ན་ཉིད་ལ་གཟུད་པའི་ཆེད་ཡིན་ཏེ། དེ་ཉིད་ཀྱི་ཕྱིར། དེ་ལྟར་ཅུང་ཟད་སྐྱེ་བ་མེད། །འདི་ལ་ཅུང་ཟད་འགག་པའམ་མེད། །སྐྱེ་བ་དང་ནི་འཇིག་པའི་ལམ། །དགོས་པའི་དོན་དུ་ཉེ་བར་སྟོན། །སྐྱེ་བ་ཤེས་པས་འཇིག་པ་ཤེས། །འཇིག་པ་ཤེས་པས་མི་རྟག་ཤེས། །མི་རྟག་ཉིད་ལ་འཇུག་ཤེས་པས། །དམ་པའི་ཆོས་ལ་


DTG107_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་ཡིན། ཞེས་བཤད་དོ། །འོན་ཏེ་འདི་སྙམ་དུ་སྒྱུ་མ་ལ་སོགས་པ་བཞིན་དུ་མྱུ་གུ་ལ་སོགས་པ་ལ་ས་བོན་ལ་སོགས་པའི་ནུས་པ་ཁས་བླངས་ན་དེའི་ཚེ་དངོས་པོ་ཁས་བླངས་པ་ཁོ་ནར་འགྱུར་ཏེ། འདི་ལྟར་ས་བོན་ལ་སོགས་པ་ཀུན་རྫོབ་ཅེས་བྱ་བ་དེ་ནི་གདོན་མི་ཟ་བར་ཉེ་བར་བརྗོད་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་རི་བོང་གི་རྭ་ལ་སོགས་པ་ལས་རྣམ་པར་ལོག་པར་ཉེ་བར་བརྗོད་དགོས་སོ། །དེ་ལྟ་མ་ཡིན་ན་ཁྱེད་ཀྱིས་ཇི་ལྟར་འཇིག་རྟེན་དང་ལུང་ལ་སོགས་པ་དང་འགལ་བ་སྤང་བར་འགྱུར། ཁོ་བོ་ཅག་ནི་ནུས་པ་མ་ལུས་པ་དང་བྲལ་བའི་མཚན་ཉིད་རི་བོང་གི་རྭ་ལ་སོགས་པ་ལས་རྣམ་པར་ལོག་པ་གང་ཡིན་པ་དེ་ཉིད་ལ་དངོས་པོ་ཞེས་བརྗོད་དོ། །གལ་ཏེ་ཁྱེད་དེ་ལ་ཡང་ཀུན་རྫོབ་ཏུ་ཡོད་པ་ཞེས་མིང་དུ་འདོགས་པར་བྱེད་ན་ནི་འགའ་མ་གུར་འདོགས་ལ་རག་སྟེ། དངོས་པོ་རྣམས་ནི་ཀུན་རྫོབ་དང་དོན་དམ་པའི་སྒྲ་དག་ཏུ་བརྗོད་ཀྱང་དོན་བྱེད་ནུས་པ་ཐ་དད་པ་ཉིད་དུ་འབྲང་བ་ནི་མེད་དོ་སྙམ་དུ་སེམས་ན། དེ་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་རྨི་ལམ་ལ་སོགས་པ་ན་གླང་པོ་དང༌། རྟ་དང༌། མེ་དང༌། ས་དང༌། ཁྱུ་མཆོག་ལ་སོགས་པ་དོན་བྱ་བ་སྣ་ཚོགས་བྱེད་པ་ཉིད་དུ་སྣང་བ་བརྫུན་པའི་དངོས་པོ་གང་དག་ལུས་ཕན་ཚུན་ཐ་དད་པའི་རྗེས་སུ་སོང་ཞིང་ཡུལ་དང་དུས་ཀྱི་གནས་སྐབས་ཐ་དད་པ་ལྟ་བུར་ཡང་དག་པར་མངོན་པ་དེ་དག་ཀྱང་ཅི་ཉེ་བར་བརྗོད་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་རི་བོང་གི་རྭ་ལ་སོགས་པ་ལས་རྣམ་པར་ལོག་པའི་ལུས་ཤིག་ཡིན་ནམ། འོན་ཏེ་མ་ཡིན། དེ་ལ་གལ་ཏེ་རྣམ་པར་ལོག་པའི་ལུས་ཤིག་ཡིན་ན་ནི་འོ་ན་ནི་དེ་དག་ཀྱང་དངོས་པོ་ཉིད་དུ་ཐལ་བར་འགྱུར་རོ། །འོན་ཏེ་རྣམ་པར་མ་ལོག་པའི་ལུས་ཤིག་ཡིན་ནོ་ཞེ་ན་ནི་དེའི་ཚེ་ཁྱེད་ཀྱི་གྲགས་པ་དང་འགལ་བ་ཇི་ལྟར་སྤོང་བར་འགྱུར། །ཇི་སྟེ་འདི་སྐད་དུ་དེ་དག་ཇི་ལྟར་སྣང་བ་དེ་བཞིན་དུ་རྣམ་པར་གནས་པའི་ངོ་བོ་ཉིད་མ་ཡིན་མོད་ཀྱི། །འོན་ཀྱང་དེ་དག་ཤེས་པའི་ངོ་བོ་ཉིད་དུ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་དངོས་པོར་ཡོད་པ་ཁོ་ནའོ་ཞེས་བརྗོད་ན་དེ་ཡང་རིགས་པ་མ་ཡིན་ཏེ། གལ་ཏེ་དེ་དག་ཤེས་པའི་ངོ་བོ་ཉིད་ཁོ་ན་ཡིན་ན་ནི་དེའི་ཚེ་ཅི་སྟེ་ལུས་ལ་སོགས་པའི་བྱེ་བྲག་གི་རྗེས་སུ་སོང་བ་ཡོད་པ་མ་ཡིན་པ་ཤིན་ཏུ་འགལ་བའི་རང་གི་ངོ་བོར་སྣང་བར་འགྱུར། གཞན་ནི་གཞན་གྱི་ངོ་བོར་སྣང་


DTG107_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

པར་རིགས་པ་མ་ཡིན་ཏེ། དེ་ཉིད་དང་གཞན་ཉིད་དག་ནི་འགལ་བའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །འདི་ལྟར་ཤེས་པའི་ངོ་བོ་ནི་ཤེལ་དག་པ་ལྟ་བུ་ཆ་ཤས་མེད་པ་ཡུལ་ན་མི་གནས་པོ་སྔོན་པོ་ལ་སོགས་པའི་ངོ་བོ་སྣ་ཚོགས་སུ་སྣང་བར་མ་གྱུར་པ་ཡིན་པར་འདོད་ན་རྨི་ལམ་ལ་སོགས་པ་ན་ནི་རྟ་དང་གླང་པོ་ཆེ་ལ་སོགས་པའི་དངོས་པོ་དག་དེའི་ངོ་བོར་ཡང་དག་པར་མ་བྱུང་སྟེ། དེ་དང་འགལ་བའི་རྣམ་པ་དང་ལྡན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དེ་ལྟར་སྣང་བ་ཉིད་དུ་མི་འགྱུར་རོ། །དེའི་ཕྱིར་ཁོ་བོ་ཅག་ནི་གང་དག་ཤེས་པའི་ངོ་བོ་ཉིད་ལས་འདས་ཏེ་ལོག་པའི་རྣམ་པར་སྣང་བ་བརྫུན་པ་ཉིད་ཀྱིས་འཇིག་རྟེན་པར་འདོད་ཅིང་ཀུན་བརྟགས་པའི་ངོ་བོ་ཉིད་དུ་ཡང་བརྗོད་པར་དེ་དག་ཁོ་ན་དངོས་པོའི་མཚན་ཉིད་དུ་འཁྲུལ་པའི་ཡུལ་ཉིད་དུ་རྗོད་པར་བྱེད་ཀྱི། ཤེས་པའི་ངོ་བོ་ཉིད་ནི་མ་ཡིན་ནོ། །དེ་ཡང་དེ་དང་ཐ་མི་དད་པའི་བདག་ཉིད་དུ་སྣང་བའི་ཕྱིར་བདེན་པའི་ངོ་བོར་མ་གྲུབ་བོ། །ཇི་སྟེ་འདི་སྐད་དུ་དངོས་པོའི་བག་ཏུ་གྲགས་པ་དེ་དག་ཀྱང་ཚད་མས་ཇི་ལྟ་བ་དེ་བཞིན་དུ་གསལ་བའི་ཕྱིར་ཡང་དག་པར་དངོས་པོའི་ངོ་བོར་རྣམ་པར་མི་གཞག་སྟེ། དཔེར་ན་གཡོར་མོའི་མི་ལ་མི་ཉིད་ལྟ་བུའོ། །ངེས་ན་ཡང་དག་པ་པོའི་དངོས་པོའི་ལུས་སུ་མ་གྱུར་པ་བརྫུན་པ་གང་ཡིན་པ་དེ་ནི་ཡང་དག་པར་ན་ཉེས་པར་བརྗོད་པ་མ་ལུས་པ་དང་བྲལ་བ་རི་བོང་གི་རྭ་ལ་སོགས་པ་ལས་ལོག་པ་དང་མ་ལོག་པ་ལ་སོགས་པའི་བསམ་པ་མི་འཇུག་པ་ཁོ་ནའོ་ཞེས་བརྗོད་ན་གལ་ཏེ་དེ་ལྟ་ན་ཀུན་རྫོབ་པའི་ངོ་བོ་ཉིད་ཇི་སྐད་དུ་ཉེ་བར་བརྗོད་པ་ཇི་སྐད་བཤད་པའི་ཚད་མས་བརྫུན་པར་ཡང་དག་པར་གྲུབ་པའི་ངོ་བོ་ལ་ཡང་དེ་བཞིན་དུ་དེ་ལྟ་བུའི་བསམ་པ་མ་བྱེད་ཅིག །སྒྱུ་མ་དང༌། རྨི་ལམ་ལ་སོགས་པ་དང་ཁྱད་པར་མེད་པ་ཚད་མས་དངོས་པོའི་ངོ་བོ་གསལ་རབ་ཏུ་གསལ་བ་དེ་ལྟ་བུ་ལ་ཡང་དོན་དམ་པར་བརྗོད་དོ་ཞེས་མིང་དུ་འདོགས་པར་བྱེད་ན་ནི་དགའ་མགུར་ཐོགས་ལ་དགའ་སྟོན་ཡང་བྱེད་ལ་རག་གོ །འོན་ཀྱང་མིང་དུ་འདོགས་པར་བྱེད་པ་ཙམ་གྱི་སྒོ་ནས་ནི་དངོས་པོ་རྣམས་ངོ་བོ་གཞན་དུ་ཉེ་བར་ལེན་པ་མེད་པས་ན་ཡང་འོར་ཅིག་ཅེས་སྨྲས་པ་གང་ཡིན་པ་དེ་དང་མཚུངས་སོ། །སློབ་དཔོན་རྣམས་ཀྱིས་ནི་གང་དག་དོན་དམ་པའི་ཚུལ་གྱིས་རྒྱ་མཚོ་ཤིན་ཏུ་ཟབ་མོ་ལ་འཇུག་པར་མི་


DTG107_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་དེ་དག་ལ་རྟག་པ་དང་ཆད་པ་ལ་སོགས་པར་ལྟ་བ་དམ་པ་མ་ཡིན་པའི་དྲི་མ་བཀྲུ་བའི་ཕྱིར་བྱིས་པའི་སྐྱེ་བོ་གཟུད་པའི་དོན་དུ་དོན་དམ་པའི་མཚན་ཉིད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་མཐུན་པ་ཇི་ལྟར་གྲགས་པ་དོན་བྱ་བ་བྱེད་པ་གང་ཡིན་པ་དེ་ནི་འདིར་དོན་དམ་པར་ཡོད་པའོ་ཞེས་བྱ་བ་འདི་བཤད་ཀྱི། གཅིག་ཏུ་ངེས་པའི་དོན་དམ་པ་ཡང་དག་པར་ཤེས་པར་བྱ་བའི་ཕྱིར་ནི་མ་ཡིན་ནོ་ཞེས་བྱ་བར་རྟོགས་པར་བྱ་སྟེ། དེ་ནི་དོན་དམ་པར་མེད་པའི་ཕྱིར་ཇི་ལྟར་སྔར་བཤད་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་རྣམ་འགྲེལ་ལས། ཇི་ལྟ་བ་དེ་ལྟ་ཡིན་དུ་ཟད་དོ་ཞེས་བཤད་དོ། །འཕགས་པ་དཔལ་ཕྲེང་སེང་གེའི་ང་རོའི་མདོ་ལས་ཀྱང༌། གང་མི་རྟག་པ་དེ་ནི་བརྫུན་པ་སླུ་བའི་ཆོས་ཅན་ནོ། །གང་བརྫུན་པ་སླུ་བའི་ཆོས་ཅན་དེ་ནི་མི་བདེན་པའོ་ཞེས་གསུངས་སོ། །ལུང་ལས་ཀྱང་དགེ་སློང་དག་འདི་ཙམ་ཞིག་ནི་བདེན་པ་ཡིན་ཏེ། དགེ་སློང་དག་འདི་ལྟ་སྟེ། མྱ་ངན་ལས་འདས་པ་སླུ་བའི་ཆོས་མེད་པའོ། །དགེ་སློང་དག་འདུ་བྱེད་ཐམས་ཅད་ནི་བརྫུན་པ་སླུ་བའི་ཆོས་སོ་ཞེས་གསུངས་སོ། །ཇི་སྟེ་གལ་ཏེ་དངོས་པོ་རྣམས་དོན་དམ་པར་ངོ་བོ་ཉིད་མེད་ཀྱང་ཡུལ་དང་དུས་ལ་སོགས་པ་ངེས་པར་སྣང་ན་ནི། དེའི་ཚེ་འོ་ན་ནི་དེའི་ཚེ་རི་བོང་གི་རྭ་ལ་སོགས་པ་ཡང་ཇི་ལྟར་སྣང་བར་མི་འགྱུར་ཞེ་ན། དེའི་ཕྱིར་འདིའི་ལན་ནི་ཁྱེད་ཀྱིས་ཀྱང་བརྗོད་དགོས་ཏེ། རབ་རིབ་ཅན་ལ་སོགས་པ་ལ་སྐྲ་ལ་སོགས་པ་བརྫུན་པ་སྣང་བ་དང་མཚུངས་པ་ལ་ཅི་སྟེ་སྐྲ་ལ་སོགས་པ་བརྫུན་པ་ཁོ་ན་སྣང་གི་རི་བོང་གི་རྭ་ལ་སོགས་པ་ནི་མ་ཡིན། འོན་ཏེ་རབ་རིབ་ལ་སོགས་པའི་རྒྱུ་དང་རྐྱེན་རྣམས་ཀྱི་ནུས་པ་སོ་སོར་ངེས་པའི་ཕྱིར་དེ་ལྟར་སོ་སོར་ངེས་པར་བརྗོད་ན་ནི་དེའི་ཚེ་དངོས་པོ་མེད་པ་ཡིན་ན་ཡང་ཇི་ལྟར་རྒྱུ་དང་རྐྱེན་རྣམས་ཀྱི་ནུས་པ་སོ་སོར་ངེས་པར་འགྱུར་ཞེས་བརྗོད་པར་འགྱུར་རོ། །འོན་ཏེ་མཐོང་བའི་ཕྱིར་དེ་བཞིན་དུ་འགྱུར་རོ་ཞེས་བརྗོད་ན་ནི་དེ་བཞིན་དུ་གཞན་ལ་ཡང་རྒྱུ་དང་རྐྱེན་གྱི་ནུས་པ་སོ་སོར་ངེས་པ་ལས་ཇི་སྟེ་དེ་ལྟར་རྣམ་པར་གཞག་པ་ལས་ངེས་པར་མི་འདོད། འདི་ཙམ་གྱིས་ནི་དངོས་པོ་ཉིད་དུ་ཐལ་བར་འགྱུར་བ་ཡང་མ་ཡིན་ཏེ། རབ་རིབ་ཅན་དག་གིས་མཐོང་བའི་སྐྲ་ལ་སོགས་པ་ལ་ཡང་དངོས་པོ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་སྔར་བཤད་ཟིན་ཏོ། །དེ་


DTG107_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་མ་ཡིན་ན་རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ལ་སོགས་པ་བརྫུན་པ་ལ་ཡང་ཇི་ལྟར་རྒྱུ་དང་རྐྱེན་རྣམས་ཀྱི་ནུས་པ་སོ་སོར་ངེས་པར་འགྱུར། །རབ་རིབ་ཅན་གྱིས་སྐྲ་ལ་སོགས་པ་ནི་ཤེས་པའི་ངོ་བོ་ཉིད་དུ་ཡང་བདེན་པར་རིགས་པ་མ་ཡིན་ནོ་ཞེས་སྔར་བཤད་པ་ཉིད་དོ། །གཞན་ཡང་ཤེས་པའི་ངོ་བོ་བདེན་པ་ཉིད་དུ་གྲུབ་པ་ཡིན་ན་ནི་སྐྲ་ལ་སོགས་པ་ཡང་དེ་དང་ཐ་མི་དད་པའི་ཕྱིར་བདེན་པ་ཉིད་དུ་རྟོགས་པར་ནུས་པར་གྱུར་བ་ཞིག་ན། དེ་ཉིད་མ་གྲུབ་སྟེ་ཇི་ལྟར་སྔར་བཤད་པ་བཞིན་ནོ། །སྐྲ་ལ་སོགས་པ་ནི་བརྫུན་པ་ཉིད་དུ་འཇིག་རྟེན་པ་དང་ཚད་མས་རབ་ཏུ་གྲུབ་པ་ཁོ་ནའོ། །དེའི་ཕྱིར་ཤེས་པ་ཡང་སྐྲ་ལ་སོགས་པ་བརྫུན་པའི་ངོ་བོ་དང་ཐ་མི་དད་པའི་ཕྱིར་དེ་དང་འདྲ་བ་ཉིད་དུ་བརྫུན་པ་ཁོ་ན་ཡིན་པས་ཇི་ལྟར་སྐྲ་ལ་སོགས་པ་དེའི་ངོ་བོར་བདེན་པ་ཉིད་དུ་འགྱུར། གང་དག་གལ་ཏེ་དངོས་པོ་ཐམས་ཅད་དོན་དམ་པར་མ་སྐྱེས་པ་ཡིན་ན་དེ་བཞིན་དུ་ཀུན་རྫོབ་ཏུ་ཡང་སྐྱེ་བར་མི་འགྱུར་རོ། །གང་དག་དོན་དམ་པར་མ་སྐྱེས་པ་དེ་དག་ལ་ཀུན་རྫོབ་ཏུ་ཡང་སྐྱེ་བ་མེད་དེ་དཔེར་ན་རི་བོང་གི་རྭ་ལ་སོགས་པ་ལྟ་བུའོ་ཞེས་ཟེར་བ་དེ་དག་གི་ཡང་སྒྱུ་མ་ལ་སོགས་པས་མ་ངེས་པ་ཡང་ཡིན་ལ། བསྒྲུབ་པར་བྱ་བ་ལས་བཟློག་ན་གནོད་པ་ཅན་གྱི་ཚད་མ་ཉེ་བར་མ་བསྟན་པའི་ཕྱིར་གཏན་ཚིགས་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡང་ཡིན་ནོ། །དཔེ་ཙམ་གྱིས་ནི་འདོད་པའི་དོན་འགྲུབ་པ་མ་ཡིན་ཏེ། གཞལ་བྱ་ཉིད་ལ་སོགས་པ་གཉི་གའི་ཕྱོགས་ལ་ཁྱབ་པ་ཉིད་ཀྱང་སྲིད་པའི་ཕྱིར་དོན་དམ་པར་མེད་པ་ཀུན་རྫོབ་ཏུ་ཡང་མེད་པ་ཉིད་ཡིན་ན་ནི་ཀུན་རྫོབ་ཀྱི་བདེན་པ་རབ་ཏུ་འཇིག་པར་ཐལ་བར་འགྱུར་ཏེ། དེའི་ཕྱིར་སུ་ཡང་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ། །ཐལ་བར་སྒྲུབ་པ་ཉིད་ཡིན་ན་ཡང་ཁྱབ་པ་མ་གྲུབ་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ། །རི་བོང་གི་རྭ་ལ་སོགས་པ་ཀུན་རྫོབ་ཏུ་ཡང་སྐྱེ་བར་མི་སྣང་བ་གང་ཡིན་པ་དེ་ནི་དེ་ལྟ་བུའི་ལས་ལ་སོགས་པའི་ཚོགས་པ་མེད་པ་ཡིན་གྱི། དོན་དམ་པའི་ངོ་བོ་ཉིད་དང་བྲལ་བས་ནི་མ་ཡིན་ཏེ། གང་གིས་ན་ངེས་པ་མེད་པར་འགྱུར་བ་དངོས་པོ་རྣམས་ཀྱི་ངོ་བོ་ཀུན་རྫོབ་པ་ཡང་རྒྱུ་དང་རྐྱེན་ཚོགས་པ་ལ་མི་ལྟོས་པ་ཉིད་དུ་ཁས་ལེན་པར་བྱེད་པ་ནི་མ་ཡིན་ནོ། །རྒྱུ་དང་རྐྱེན་


DTG107_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རག་ལས་པ་ཙམ་གྱི་སྒོ་ནས་དངོས་པོ་ཉིད་དུ་ཐལ་བ་ཡང་མ་ཡིན་ཏེ། སྒྱུ་མ་ལ་སོགས་པ་བརྫུན་པ་ཡང་རྒྱུ་དང་རྐྱེན་ཚོགས་པ་ཡོད་པ་དང༌། མེད་པ་ལས་འཇུག་པ་དང༌། ལྡོག་པ་མཐོང་བའི་ཕྱིར་རོ། །མཐོང་བ་ཙམ་གྱི་སྒོ་ནས་ནི་དངོས་པོ་དེ་བཞིན་དུ་འགྱུར་བ་ཡང་མེད་དོ་ཞེས་བསྟན་ཟིན་ཏོ། །མཁས་པ་རྣམས་ཀྱི་མུ་བཞི་པའི་སྐྱེ་བ་དང་བྲལ་བ་ཉིད་ཀྱིས་དངོས་པོ་རྣམས་དེ་ཁོ་ན་ཉིད་དུ་སྐྱེ་བ་མེད་པར་བསྒྲུབས་པས་ངོ་བོ་ཉིད་མེད་པར་གསལ་རབ་ཏུ་བསྒྲུབས་ཀྱང་ཁ་ཅིག་ཚད་མའི་ལམ་མ་རྟོགས་པ་ཉིད་ཀྱིས་གཞན་དུ་སུན་འབྱིན་པ་གང་ཡིན་པ་དེ་གསལ་བར་འདོད་ན་རེ་ཞིག་ཚད་མའི་དེ་ཁོ་ན་ཉེ་བར་བསྟན་པར་བྱ་སྟེ། གང་དག་དོན་དམ་པར་མུ་བཞི་པའི་སྐྱེ་བ་དང་བྲལ་བ་དེ་ནི་དེ་ཁོ་ན་ཉིད་དུ་ངོ་བོ་ཉིད་མེད་པ་ཁོ་ན་ཡིན་ཏེ་དཔེར་ན་ནམ་མཁའི་པདྨ་ལ་སོགས་པ་ལྟ་བུའོ། །རྩོད་པའི་གཞིར་གྱུར་པའི་དངོས་པོ་ཐམས་ཅད་ཀྱང་ཡང་དག་པར་ན་དེ་དང་འདྲ་བ་ཉིད་དོ་ཞེས་བྱ་བ་འདི་ལ་ཡང་ཁ་ཅིག་ན་རེ་གཅིག་ལས་གཅིག་མི་སྐྱེའོ་ཞེས་བྱ་བར་ཇི་ལྟར་རྟོགས། ཚད་མ་ལོག་པ་ཙམ་གྱིས་ནི་དངོས་པོའི་ངོ་བོ་ཉིད་ལྡོག་པ་མེད་དེ། དེ་ནི་དེའི་རྒྱུ་མ་ཡིན་པའི་ཕྱིར་དང༌། དེའི་བདག་ཉིད་མ་ཡིན་པའི་ཕྱིར་རོ། །འོན་ཏེ་སུ་ཡང་ཁས་མི་ལེན་པའི་ཕྱིར་དེ་དགག་པར་མཛད་དོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། ཁ་ཅིག་དབང་ཕྱུག་ལ་སོགས་པ་གཅིག་ཁོ་ན་ལས་འགྲོ་བ་སྐྱེ་བར་འདོད་པའི་ཕྱིར་རོ་ཞེས་ཟེར་ན། དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་གཅིག་ལས་གཅིག་ཁོ་ན་སྐྱེ་ན་རྟག་པའི་ངོ་བོ་ལས་སམ། མི་རྟག་པའི་ངོ་བོ་ལས་སྐྱེ་བས་འགྱུར་གྲང་ན། རེ་ཞིག་རྟག་པའི་ངོ་བོ་ལས་ནི་མ་ཡིན་ཏེ། དེ་ནི་དེ་མི་སྐྱེད་པའི་གནས་སྐབས་དང་ཁྱད་པར་མེད་པ་ཉིད་ཀྱིས་སྔོན་དང་ཕྱི་མའི་དུས་བཞིན་དུ་བར་དུ་ཡང་སྐྱེད་པར་བྱེད་པ་ཉིད་དུ་འགལ་བའི་ཕྱིར་རོ། །འོན་ཏེ་སྐྱེད་ན་ནི་དེ་བཞིན་དུ་སྔོན་དང་ཕྱི་མའི་དུས་སུ་ཡང་སྐྱེད་པར་ཐལ་བ་ཡིན་ཏེ། སྐྱེད་པར་བྱེད་པའི་རང་བཞིན་རྗེས་སུ་འབྲང་བའི་ཕྱིར་རོ། །རྗེས་སུ་མི་འབྲང་ན་ནི་དེའི་རྟག་པ་ཉིད་ཉམས་པ་ཡིན་པས་རིམ་དང་ཅིག་ཤེས་དག་གིས་འདིའི་སྐྱེད་པར་བྱེད་པ་ཉིད་རྒྱས་པར་བསལ་བ་ཡིན་ནོ། །དེའི་ཕྱིར་རེ་ཞིག་རྟག་པ་ལས་སྐྱེ་བར་རིགས་པ་མ་ཡིན་ནོ། །མི་རྟག་པ་ལས་ཀྱང་མ་ཡིན་ཏེ། དེ་ལས་ཀྱང་


DTG107_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་དུས་མཉམ་པ་དང༌། ཅིག་ཤོས་དག་ཏུ་སྐྱེ་བ་སྤྱིར་བསལ་བའི་ཕྱིར་རོ། །རྟག་པ་དང་མི་རྟག་པ་དག་ལས་མ་གཏོགས་པ་གང་ལས་དེ་སྐྱེ་བར་འགྱུར་བ་གཞན་ཡང་ཡོད་པ་མ་ཡིན་ནོ། །གཞན་དག་གིས་འགྲོ་བའི་རྒྱུ་དབང་ཕྱུག་ལ་སོགས་པའི་ངོ་བོ་ཅིག་ཁོ་ནར་ཁས་བླངས་པ་གང་ཡིན་པ་དེ་ལས་ཀྱང་དེ་དག་གི་སོ་བོ་བོ་གཅིག་ལས་འབྲས་བུ་གཅིག་ཁོ་ན་སྐྱེ་བར་ཁས་བླངས་པ་མ་ཡིན་ཏེ། འགྲོ་བ་ངོ་བོ་དུ་མ་དེའི་འབྲས་བུ་ཉིད་དུ་འདོད་པའི་ཕྱིར་རོ། །དེའི་ཕྱིར་གཅིག་ལས་གཅིག་ཁོ་ན་སྐྱེ་བ་མ་ཡིན་ནོ་ཞེས་བྱ་བའི་སྐབས་སུ་དབང་ཕྱུག་ལ་སོགས་པ་འཁྲུལ་པའི་ཡུལ་ཉིད་དུ་སྟོན་པ་གང་ཡིན་པ་དེ་ནི་འདས་སྐབས་ཀྱི་དོན་མངོན་པར་མི་ཤེས་པ་ཁོ་ན་སྒྲོགས་པར་བྱེད་པ་ཡིན་ནོ། །དབང་ཕྱུག་ལ་སོགས་པ་ནི་རྒྱུའི་དངོས་པོར་ཡང་ཡོད་པ་མ་ཡིན་ཏེ། དེ་ནི་གཞན་དག་གིས་རྟག་པའི་ངོ་བོ་ཉིད་དུ་ཉེ་བར་བརྟགས་པའི་ཕྱིར་ལ། རྟག་པ་ཡང་ནུས་པ་ཐམས་ཅད་དང་བྲལ་བ་ཉིད་དུ་སྔར་བསྒྲུབས་ཟིན་ཏོ། །འོན་ཏེ་ཡང་གཞན་དག་གིས་དེ་མི་རྟག་པ་ཁོ་ནར་ཀུན་ཏུ་རྟོག་པར་བྱེད་པ་ཡིན་ན་ནི་དེའི་ཚེ་དེ་ལས་ཀྱང་འབྲས་བུ་གཅིག་ཁོ་ན་སྐྱེ་བར་རིགས་པ་མ་ཡིན་ཏེ། འདི་ལྟར་དེ་ལས་ཇི་ལྟར་རྣམ་པ་ཐ་དད་པའི་རྒྱུད་ལ་ཡོད་པའི་འབྲས་བུ་འགའ་ཞིག་ཅུང་ཟད་སྐྱེ་བར་འགྱུར་ན་དེའི་ཚེ་དེའི་རིགས་མཐུན་པའི་སྐད་ཅིག་མ་གཞན་གྱི་ཉིང་མཚམས་སྦྱོར་བ་མེད་པའི་ཕྱིར་སྐད་ཅིག་མ་གཉིས་པ་ཁོ་ན་ལ་ཡང་དག་པར་ཆད་པར་འགྱུར་རོ། །དེ་ལྟ་ན་རྟག་ཏུ་དེའི་རིགས་མི་མཐུན་པའི་འབྲས་བུ་ཉེ་བར་བསྐྱེད་པའི་དུས་ན་སྐད་ཅིག་མ་སྔ་མ་སྔ་མ་ཐམས་ཅད་རིགས་མཐུན་པའི་སྐད་ཅིག་མ་ཕྱི་མ་ལ་ཉིང་མཚམས་སྦྱོར་བ་མེད་པ་ཉིད་ཀྱི་ཕྱིར་དབང་ཕྱུག་ཅེས་བྱ་བ་མི་རྟག་པའི་ཕྱིར་ངོ་བོ་ཡང་འགྲོ་བའི་རྒྱུར་ཉེ་བར་རྟོག་པར་འགྱུར་བ་དེ་གང་གང་ཞིག་ཡིན་པར་འགྱུར། ཇི་སྟེ་ཡང་དེ་ནི་སྐད་ཅིག་མ་དང་པོའི་ངོ་བོ་ཡིན་པའི་ཕྱིར་སྐད་ཅིག་མ་གཅིག་གི་རང་གི་ངོ་བོ་ཁོ་ནར་ཉེ་བར་བརྗོད་ན་དེ་ཡང་རིགས་པ་མ་ཡིན་ཏེ། རྒྱུ་མེད་པ་དེ་སྐྱེ་བར་མི་སྲིད་པའི་ཕྱིར་རོ། །ཡང་ན་དེ་དང་འདྲ་བ་ཁོ་ནར་འགྲོ་བ་ཐམས་ཅད་རྒྱུ་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟ་བས་ན་དེ་རྒྱུར་འགྱུར་བ་གང་ཡིན་པ་ནི་སྔོན་ནམ། ཕྱིས་ཀྱང་ཅུང་ཟད་ཀྱང་མེད་དོ། །ཡོད་ན་ནི་


DTG107_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྐད་ཅིག་མ་གཅིག་ཙམ་གྱིས་ངོ་བོ་ཉིད་ཉམས་པར་འགྱུར་རོ། །འདིའི་ཐོག་མ་མེད་པ་ཉིད་ཀྱང་སྔར་བསལ་ཟིན་ཏོ། །འོན་ཏེ་དེའི་རྒྱུ་གཞན་ཁོ་ན་ཞིག་ཉ་བར་རྟོག་ན་དེའི་ཚེ་དེ་ཉིད་དེས་བསྐྱེད་པར་བྱ་བའི་འབྲས་བུ་ཡང་ཡིན་པར་ཅི་སྟེ་མི་བརྟག །དེ་མེད་ན་འགྲུབ་པར་མི་འགྱུར་རམ། ཅི་ནས་གང་གི་ཕྱིར་འདི་རྟོག་པར་བྱེད། འོན་ཏེ་ཡང་འདི་ནི་རྒྱུད་ཐ་དད་པ་མ་ཡིན་པ་ལ་ཡོད་པའི་རྒྱུ་ཐོག་མ་མེད་པ་ནས་རྒྱུད་དེ་ཞུགས་པ་ཁོ་ན་ཡིན་གྱི། གཞན་གང་ཡང་རྒྱུད་གཞན་ལ་ཡོད་པའི་སྐྱེད་པར་བྱེད་པ་ནི་མ་ཡིན་ནོ་ཞེས་ཉེ་བར་རྟོག་པར་བྱེད་ན་དེ་ལ་ཡང་ཡང་དག་པར་ན་དུས་མ་མཉམ་པ་དང༌། ཅིག་ཤོས་དག་ཏུ་དེ་ལས་རིགས་མཐུན་པའི་སྐད་ཅིག་མ་ཡང་སྐྱེ་བར་རིགས་པ་མ་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །དེ་ཉིད་ཀྱི་ཕྱིར་དང༌། རྒྱུའི་ཐ་དད་པ་ཐ་དད་པར་བྱེད་པ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བ་འོག་ནས་འབྱུང་བའི་ཕྱིར་དེ་ལས་འབྲས་བུ་དུ་མ་སྐྱེ་བ་ཡང་རྟོགས་པར་བྱའོ། །མིག་ལ་སོགས་པ་གཞན་དག་ཀྱང་གལ་ཏེ་འབྲས་བུ་གཅིག་སྐྱེད་པར་ངེས་པར་ཁས་ལེན་ནོ། དེའི་ཚེ་ལོང་བ་དང༌། འོན་པ་ལ་སོགས་པའི་དངོས་པོར་ཐལ་བར་བཟློག་དཀའ་སྟེ། འདི་ལྟར་གང་གི་ཚེ་མིག་ལ་སོགས་པའི་དབང་པོས་རང་གི་རྣམ་པར་ཤེས་པ་ཉེ་བར་སྐྱེད་པར་བྱེད་པ་དེའི་ཚེ་དེ་ལས་རིགས་མཐུན་པའི་སྐད་ཅིག་མ་གཞན་མི་སྐྱེ་བའི་ཕྱིར་སྐད་ཅིག་མ་གཉིས་པ་ལ་ཐམས་ཅད་ལོང་བ་ལ་སོགས་པའི་དངོས་པོར་ཐལ་བར་འགྱུར་རོ། །ཇི་སྟེ་ཡང་ཚོགས་པ་ཁོ་ན་འབྲས་བུ་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་གཅིག་ལས་འབྲས་བུ་གཅིག་ཁོ་ན་མི་སྐྱེ་སྟེ། མིག་དང༌། རྣ་བ་དང༌། ཡིད་ལ་བྱེད་པ་དག་ལས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐྱེ་བ་ཡང་མཐོང་ངོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། དེ་ལྟ་ན་ནི་རྒྱུ་ཐ་དད་པ་ཐ་དད་པར་བྱེད་པ་མ་ཡིན་པར་འགྱུར་རོ། །འདི་ལྟར་བུམ་པ་ལ་སོགས་པ་སྣམ་བུ་ལ་སོགས་པ་ལས་རང་བཞིན་ཐ་དད་པ་གང་ཡིན་པ་དེ་ནི་རྒྱུའི་ཐ་དད་པས་བྱས་པ་ཡིན་གྱི། རང་བཞིན་གྱིས་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་དངོས་པོ་རྣམས་རྒྱུ་མེད་པ་ཁོ་ནར་འགྱུར་རོ། །དེ་ལ་གལ་ཏེ་རྒྱུའི་ཐ་དད་པ་ཡོད་ཀྱང་འབྲས་བུ་ཐ་དད་པར་མི་འགྱུར་ན་ནི་དེའི་ཚེ་འཁྲུལ་པའི་


DTG107_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འབྲས་བུ་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་རྒྱུའི་ཐ་དད་པ་དང་ཐ་དད་པ་མ་ཡིན་པས་བྱས་པ་མ་ཡིན་པར་འགྱུར་རོ། །ཐ་དད་པ་དང་ཐ་དད་པ་མ་ཡིན་པ་དག་ལས་གཞན་པའི་དངོས་པོ་འགའ་ཡང་མེད་པའི་ཕྱིར་ཐམས་ཅད་རྒྱུ་མེད་པར་ཐལ་བར་འགྱུར་རོ། །འདི་ལྟར་ཚོགས་པ་རྣམས་ནི་ཚོགས་པ་ཅན་དག་ལས་གཞན་མ་ཡིན་ནོ། །དེ་དག་ཚོགས་པ་ལས་ལོགས་ཤིག་ཏུ་བྱ་བར་མི་ནུས་མོད་ཀྱི། འོན་ཀྱང་རང་བཞིན་ཕན་ཚུན་ཐ་དད་ཅིང་རེ་རེས་སྐྱེད་པར་ནུས་པ་དེ་དག་ལས་འབྲས་བུ་འབྱུང་ན་ཅི་སྟེ་ཐ་མི་དད་པ་ཁོ་ན་འབྱུང་བར་འགྱུར། གལ་ཏེ་ཐམས་ཅད་འབྲས་བུ་གཅིག་ཁོ་ན་ལ་ནུས་ཀྱི་དུ་མ་ལ་ནི་མ་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། དེ་ལྟར་ན་ནི་སྐད་ཅིག་མ་རིགས་མཐུན་པའི་ཉིང་མཚམས་སྦྱོར་བའི་ཕྱིར་སྐད་ཅིག་མ་གཉིས་པ་ལ་མིག་ལ་སོགས་པའི་རྒྱུད་རྣམ་པར་ཆད་པར་འགྱུར་རོ། །གལ་ཏེ་དེ་དག་སྐད་ཅིག་མ་རིགས་མཐུན་པའི་བསྐྱེད་པར་བྱ་བ་ལ་ཡང་ནུས་པ་ཡོད་དོ་ཞེ་ན། གལ་ཏེ་དོན་གཞན་དུ་གྱུར་པ་ཞིག་ཡིན་ན་ནི་དེའི་ཕྱིར་དེའི་ཚེ་ནུས་པ་ཁོ་ན་རྒྱུར་འགྱུར་གྱི་དངོས་པོ་ནི་མ་ཡིན་ནོ། །འབྲེལ་པ་ཡང་འགྲུབ་པར་མི་འགྱུར་ཏེ། དེ་དག་ནུས་པ་ལ་ཕན་པ་མི་བྱེད་པའི་ཕྱིར་རོ། །དེ་ལ་ཕན་པ་བྱེད་ན་ནི་ནུས་པ་ཐ་དད་པ་གཞན་དང་གཞན་ལ་ལྟོས་ན་ཐུག་པ་མེད་པར་འགྱུར་རོ། །འོན་ཏེ་དེ་དག་རང་གི་ངོ་བོར་གྱུར་པ་ཁོ་ནས་ནུས་པ་ལ་ཕན་པ་བྱེད་ན་ནི་དེའི་ཚེ་འབྲས་བུ་ལ་ཡང་དེ་བཞིན་དུ་ཇི་སྟེ་མི་བྱེད། དེ་ལྟ་བས་ན་ནུས་པ་ནི་དངོས་པོའི་ངོ་བོ་ཉིད་ལས་ཐ་དད་པ་མ་ཡིན་པ་ཁོ་ནའོ། །དེའི་ཕྱིར་འདི་དག་ནུས་པ་གང་ཁོ་ནས་རིགས་མཐུན་པའི་འབྲས་བུ་ཉེ་བར་སྐྱེད་པ་དེ་ཁོ་ནས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཐུན་མོང་བ་ཡང་སྐྱེད་པའི་ཕྱིར་ཇི་ལྟར་འབྲས་བུ་འདི་དག་ཐ་དད་པར་འགྱུར། འོན་ཏེ་འབྲས་བུ་གཅིག་ནི་ཚོགས་པ་ལ་རག་ལས་པ་ཡིན་ལ། གཞན་ནི་རེ་རེ་ལ་རག་ལས་པ་ཡིན་ཏེ། དེའི་ཕྱིར་ཐ་དད་པར་འགྱུར་བ་ཁོ་ནའོ་སྙམ་ན། དེ་ཡང་རིགས་པ་མ་ཡིན་པ་ཉིད་དེ། ཚོགས་པ་ཅན་རྣམས་རེ་རེ་ཞིང་རྒྱུར་གྱུར་པའི་ཕྱིར་ཚོགས་པ་ལ་རག་ལས་པ་ཡང་རེ་རེ་ལ་རག་ལས་པ་ཁོ་ན་ཡིན་ནོ། །དེའི་ཕྱིར་རྒྱུ་ཐ་དད་པ་མ་ཡིན་པས་འབྲས་བུ་རིགས་


DTG107_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པ་དང་མི་མཐུན་པ་ཐ་དད་པ་ཉིད་དུ་མི་འགྱུར་རོ། །གང་དག་རྒྱུའི་ཐ་དད་པ་ཐ་དད་པར་བྱེད་པར་མི་འགྱུར་རོ་ཞེས་བྱ་བ་ཐལ་བའི་དོན་གང་ཡིན། གལ་ཏེ་དུམ་བུར་སྐྱེད་པར་བྱེད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཡིན་ན་ནི་དེའི་ཚེ་དངོས་པོའི་ངོ་བོ་ལ་ཆ་ཤས་མེད་པའི་ཕྱིར་ཆ་ཤས་སུ་སྐྱེ་བར་མི་འདོད་པ་ཉིད་པས་ཇི་ལྟར་ཐལ་བ་ཡིན་ཏེ། དེའི་མཚན་ཉིད་ནི་མི་འདོད་པར་བྱེད་པ་ཡིན་པའི་ཕྱིར་རོ། །འོན་ཏེ་ཁྱད་པར་དུ་བྱེད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་འདི་ཡིན་ནོ་ཞེ་ན། དེ་ནི་མ་གྲུབ་སྟེ། རྒྱུ་དག་གིས་འབྲས་བུའི་དངོས་པོ་རིགས་མི་མཐུན་པ་དུ་མ་ལས་ལོག་པ་དང་ལྡན་པ་སྐྱེད་པའི་ཕྱིར་རོ་ཞེས་ཟེར་བ་དེ་ནི་རིགས་པ་མ་ཡིན་ཏེ། གཅིག་ལ་ཆ་ཤས་སུ་སྐྱེད་པར་བྱེད་པ་ཉིད་དུ་མི་འགྱུར་རོ་ཞེས་ཐལ་བར་བརྗོད་པ་ནི་མ་ཡིན་ནོ། །འོན་ཀྱང་ཁྱེད་དངོས་པོ་རྣམས་ཀྱི་ཕན་ཚུན་ལྡོག་པས་བྱས་པའི་ཁྱད་པར་དུ་འདོད་པ་གང་ཡིན་པ་དེ་ནི་རྒྱུ་སྣ་ཚོགས་པ་ཉིད་ཀྱིས་བྱས་ལ། གལ་ཏེ་འདིར་རྒྱུ་སྣ་ཚོགས་པར་ཁས་བླངས་ཏེ་འབྲས་བུ་སྣ་ཚོགས་མ་ཡིན་པར་ཁས་ལེན་པར་བྱེད་ན་དེའི་ཚེ་འཁྲུལ་པའི་ཕྱིར་དངོས་པོ་རྣམས་ཀྱི་ཐ་དད་པ་རྒྱུའི་སྣ་ཚོགས་པ་ཉིད་ཀྱིས་བྱས་པར་མི་འགྱུར་རོ་ཞེས་ཐལ་པ་བརྗོད་དོ། །གང་ཡང་དེ་དག་གི་དངོས་པོ་རིགས་མི་མཐུན་པ་དུ་མ་ལས་ལྡོག་པར་བྱེད་པའི་མཚན་ཉིད་འབྲས་བུའི་ཁྱད་པར་ཉིད་དུ་ཉེ་བར་བརྗོད་པ་དེ་ཡང་འབྲེལ་པ་མེད་པ་ཉིད་དེ། འདི་ལྟར་གལ་ཏེ་དེ་དག་བདག་ཉིད་ཁྱད་པར་དུ་གྱུར་པ་གང་ཁོ་ནས་འབྲས་བུ་ཁྱད་པར་ཅན་ཉེ་བར་སྐྱེད་པ་ན་དེ་ནི་རིགས་མི་མཐུན་པ་དག་ལས་ལྡོག་པར་བྱེད་པ་དེ་ཉིད་ཀྱིས་རིགས་མཐུན་པའི་སྐད་ཅིག་མ་ཡང་ཉེ་བར་བསྐྱེད་ནས་ལྡོག་པར་བྱེད་པར་འགྱུར་ན་དེའི་ཚེ་དེས་བསྐྱེད་པར་བྱ་བའི་འབྲས་བུ་རིགས་མཐུན་པ་དང་མི་མཐུན་པ་དག་ཕན་ཚུན་ལྡོག་པ་ཉིད་དུ་མི་འགྱུར་ཏེ། ལྡོག་པར་བྱེད་པའི་རྒྱུ་ཐ་དད་པ་མེད་པའི་ཕྱིར་རོ། །འོན་ཏེ་རྒྱུ་དེ་དག་སོ་སོ་རང་ཉིད་ལྡོག་པར་བྱེད་པའི་ངོ་བོ་ཡིན་པའི་ཕྱིར་རིགས་མཐུན་པའི་འབྲས་བུ་ལ་ཐ་དད་པར་བྱེད་པ་ཉིད་དུ་འགྱུར་རོ་ཞེ་ན། དེའི་ཚེ་དེ་དང་འདྲ་པར་ཐུན་མོང་གི་འབྲས་བུ་ལ་ཡང་དེ་དག་ཅི་སྟེ་ཐ་དད་པར་བྱེད་པ་ཉིད་མ་ཡིན་ཏེ། དེ་ལ་ཡང་ཐམས་ཅད་རེ་རེ་ཞིང་རྒྱུར་གྱུར་པའི་ཕྱིར་རོ། །གཅིག་སྐྱེད་པར་བྱེད་པའི་རང་བཞིན་གང་ཡིན་པ་དེ་ལས་ལྡོག་པ་གཞན་དག་ནི་གཅིག་སྐྱེད།


DTG107_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པར་མི་འགྱུར་ཏེ། དེ་ནི་སྐྱེད་པར་བྱེད་པའི་རང་བཞིན་ལས་ལྡོག་པའི་ཕྱིར་དོན་གཞན་བཞིན་ནོ། །གཞན་ཉིད་ནི་དེ་སྐྱེད་པར་བྱེད་པའི་ངོ་བོ་མ་ཡིན་པའི་ཕྱིར་རོ། །ཇི་སྟེ་ཡང་དེ་དག་ཕན་ཚུན་ལྡོག་པའི་ངོ་བོ་ཡིན་མོད་ཀྱི། འོན་ཀྱང་དེ་དག་ལ་སྐྱེད་པར་བྱེད་པའི་ངོ་བོ་ལས་ལྡོག་པ་ནི་མེད་དོ། །གཞན་ལ་དེ་སྐྱེད་པར་བྱེད་པའི་ངོ་བོ་མེད་དོ་ཞེས་ནི་མི་སྨྲའི། འོན་ཀྱང་གཅིག་གིས་སྐྱེད་པར་བྱེད་པའི་ངོ་བོ་གང་ཡིན་པ་དེ་གཞན་གྱི་མ་ཡིན་ནོ་ཞེས་སྨྲའོ། །གཞན་ཡང་རང་གི་ངོ་བོ་ཁོ་ནས་སྐྱེད་པར་བྱེད་པ་ཡིན་གྱི། གཞན་གྱི་ངོ་བོས་ནི་མ་ཡིན་ཏེ། དེ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་དག་བདག་ཉིད་ཇི་ལྟ་བ་བཞིན་དུ་ཐ་དད་པ་ཡང་ཡིན་ལ་རང་གི་ངོ་བོས་སྐྱེད་པར་བྱེད་པ་ཡང་ཡིན་ནོ་ཞེས་བྱ་བ་འདི་ལ་འགལ་བ་ཅི་ཞིག་ཡོད། ངོ་བོ་ཅིག་མེད་པ་ནི་དེའི་ངོ་བོར་མི་འགྱུར་གྱི། དེ་མི་བྱ་བ་ནི་མ་ཡིན་ན། དེ་ཁོ་ནས་འབྲས་བུ་འདི་བྱ་དགོས་སོ་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཡོད་སྙམ་དུ་སེམས་ན། ལན་འདི་ནི་གྲངས་ཅན་ཁོ་ན་ལ་བརྗོད་ན་མཛེས་པར་འགྱུར་རོ། །དེ་དག་ནི་འགྲོ་བ་ཐ་དད་པ་དང་ཐ་དད་པ་མ་ཡིན་པའི་ངོ་བོ་ཁོ་ན་ཉེ་བར་བརྗོད་དོ། །དེའི་ཕྱིར་དེར་འཛིན་པ་རྣམ་པར་བཟློག་པའི་ཆེད་དུ་སློབ་དཔོན་གྱི་དངོས་པོ་རྣམས་ཐ་སྙད་ཀྱི་སྒོ་ནས་ཐ་དད་པར་སྟོན་པར་མཛད་པ་རྣམས་ཀྱིས་ཐམས་ཅད་ཉེ་བར་བརྗོད་པ་ཡིན་གྱི། འདི་གང་དག་ཡང་དག་པར་ན་རྟེན་ཅིང་འབྲེལ་བར་འབྱུང་བ་དོན་གཅིག་པ་ཡང་མ་ཡིན། དོན་ཐ་དད་པ་ཡང་མ་ཡིན་པར་འདོད་པ་དེ་དག་གི་ཕྱིར་བཤད་པ་ནི་མ་ཡིན་ཏེ། དེ་དག་གི་ལྟར་ན་སྒྱུ་མ་དང་མཚུངས་པས་ཡང་དག་པར་ན་དངོས་པོ་ཐམས་ཅད་ལ་ཐ་དད་པ་དང་ཐ་དད་པ་མེད་པའི་ངོ་བོ་ཉིད་གང་དུ་ཡང་མ་གྲུབ་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་དངོས་པོ་རྣམས་ལ་ཡང་དག་པའི་ངོ་བོ་གཉིས་ཏེ་གཅིག་ནི་སྐྱེད་པར་བྱེད་པའི་མཚན་ཉིད་ཡིན་ལ་ཅིག་ཤོས་ནི་རང་གི་ངོ་བོའི་བདག་ཉིད་ཡིན་པར་གྱུར་ན་དེའི་ཚེ་འདི་གཞན་རང་གི་ངོ་བོ་ལས་ལོག་ཀྱང་སྐྱེད་པར་བྱེད་པའི་ངོ་བོ་ལས་ལོག་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ལན་འདི་མཛེས་པར་འགྱུར་བ་ཞིག་ན། གང་གི་ཚེ་ཐམས་ཅད་སྐྱེད་པར་བྱེད་པའི་རང་གི་ངོ་བོ་ཁོ་ན་ཡིན་པ་དེའི་ཚེ་ཕན་ཚུན་ལོག་ན་དེ་སྐྱེད་པར་བྱེད་པའི་ངོ་བོ་ཉིད་ལས་ལོག་པ་ཡིན་པའི་ཕྱིར་ཇི་ལྟར་གཅིག་སྐྱེད་པར་བྱེད་པ་ཡིན་པར་འགྱུར། འོན་ཏེ་དེ་དག་གི་


DTG107_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་འདི་འདྲ་སྟེ། ཐ་དད་ཀྱང་གང་གཅིག་སྐྱེད་པར་བྱེད་པ་ཡིན་ནོ། །རང་བཞིན་ལ་ནི་བརྒལ་ཞིང་བརྟག་པར་འོས་པ་མ་ཡིན་ནོ་ཞེ་ན། རྐང་པ་བརྐྱང་སྟེ་འདུག་ན་དེ་ཁོ་ན་ཉིད་དཔྱོད་པ་ལ་རྒྱབ་ཀྱིས་ཕྱོགས་པའི་བློ་ཅན་ཐ་སྙད་ཙམ་གྱི་རྗེས་སུ་འབྲང་བ་རྣམས་དགའ་མགུར་འདུག་ལ་རག་སྟེ། གང་དག་དེ་ཁོ་ན་ཉིད་དཔྱོད་པ་ལ་ཞུགས་པའི་བློ་གྲོས་ཅན་དེ་དག་ནི་དེ་ལྟར་འདུག་པར་རིགས་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་དབང་ཕྱུག་ལ་སོགས་པ་ཡང་གཅིག་ཡིན་ཡང་རང་བཞིན་གྱི་ཁྱད་པར་དང་ལྡན་པའི་ཕྱིར་འགྲོ་བ་སྣ་ཚོགས་ཀྱི་རྒྱུར་རིམ་དང་ཅིག་ཅར་དུ་མི་འགལ་བ་ཁོ་ན་སྟེ། དེའི་ངོ་བོ་ཉིད་དེ་ལྟ་བུར་རང་བཞིན་གྱིས་གྲུབ་པ་ཡིན་ནོ། །རང་བཞིན་ལ་ནི་བརྒལ་ཞིང་བརྟག་པར་འོས་པ་མ་ཡིན་ནོ་ཞེས་དེར་སྨྲ་བ་རྣམས་དེ་སྐད་དུ་སྨྲ་བ་ལ་ལན་ཅི་ཞིག་བརྗོད་པར་བྱ། གང་ཡང་དེ་ཁོ་ནས་འབྲས་བུ་དེ་བྱ་དགོས་སོ་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཡོད་ཅེས་ཟེར་བ་དེ་ལ་ཡང་ཇི་ལྟར་མེ་ལ་རག་ལས་ཏེ་སྐྱེ་པའི་དུ་བ་བརྒྱ་བྱིན་གྱི་སྤྱི་བོ་ལས་ཀྱང་འབྱུང་ན་རྒྱུ་མེད་པ་ཉིད་དུ་ཐལ་བའི་མཚན་ཉིད་ཀྱི་རིགས་པ་བརྗོད་པ་དེ་བཞིན་དུ་འདིར་ཡང་དེ་ཉིད་ཅི་སྟེ་ཉེ་བར་མི་བརྗོད་དེ། ཐ་སྙད་ཀྱང་ཚོགས་པ་གཅིག་གི་ཁོངས་སུ་གཏོགས་པ་ནི་འབྲས་བུ་གཅིག་སྐྱེད་པར་བྱེད་པར་མི་འགལ་ལ། ཚོགས་པ་གཞན་དུ་གཏོགས་པ་རྣམས་ནི་འགལ་ལོ་ཞེས་བྱ་བ་འདི་དང་ཁྱད་པར་ཅི་ཡང་མེད་དོ། །འདི་ལ་ཡང་འདི་སྐད་དུ་མེ་ལ་སོགས་པ་དེ་ཁོ་ནས་འབྲས་བུ་དེ་བྱ་དགོས་ཀྱི། །བརྒྱ་བྱིན་གྱི་སྤྱི་བོ་ལ་སོགས་པ་གཞན་དག་གིས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཡོད། ཚོགས་པ་ཐ་དད་པ་ཡང་ཡིན་ལ་རང་གི་ངོ་བོས་སྐྱེད་པར་བྱེད་པ་ཡང་ཡིན་ནོ་ཞེས་བྱ་བ་འདི་ལ་འགལ་བ་ཅི་ཡོད་ཅེས་རྗོད་པར་འགྱུར་རོ། །དེ་ལ་ཇི་ལྟར་ཚོགས་པ་གཅིག་ལ་རག་ལས་ཏེ་སྐྱེ་བའི་འབྲས་བུ་ཚོགས་པ་གཞན་ལས་ཀྱང་སྐྱེ་བ་ཡིན་ན་དེས་བསྐྱེད་པར་བྱ་བའི་རང་བཞིན་དུ་མ་ངེས་པའི་ཕྱིར་རྒྱུ་མེད་པ་ཉིད་དུ་བརྗོད་པ་དེ་བཞིན་དུ་ཚོགས་པ་གཅིག་ལ་ཡང་དེ་ཉིད་ཀྱི་ཚེ་རྣམ་པར་ཤེས་པ་ལ་སོགས་པ་རྒྱུ་གཅིག་ལ་རག་ལས་ཏེ། སྐྱེ་བ་ཡང་དེ་དང་མཚན་ཉིད་མི་མཐུན་པའི་རྒྱུ་གཞན་ལས་སྐྱེ་བ་ཡིན་ན་ཅི་སྟེ་རྒྱུ་མེད་པ་ཉིད་དུ་ཐལ་བར་མི་བརྗོད་དེ། འོན་ཏེ་ཡང་རྒྱུ་རྣམས་བདག་ཉིད་ཇི་ལྟ་བ་བཞིན་དུ་ཉེ་བར་སྦྱོར་བས་བྱས་པའི་རང་


DTG107_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་ཁྱད་པར་མ་འཆོལ་པའི་ཕྱིར་རྒྱུའི་ཐ་དད་པ་ཐ་དད་པར་བྱེད་པ་འགལ་བ་ཉིད་དེ། འདི་ལྟར་མིག་ལ་སོགས་པ་རང་བཞིན་ཐ་དད་པ་དག་ལས་འབྲས་བུ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐྱེ་བ་ན་དངོས་སུ་ཐ་དད་པ་མ་ཡིན་ཡང་རྟོགས་པའི་བདག་ཉིད་དང་གཟུགས་ལ་སོགས་པ་ཡུལ་སོ་སོར་ངེས་པ་དང༌། དེའི་རྣམ་པར་གྱུར་པར་སྐྱེ་སྟེ། དེ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་མཚུངས་པ་དེ་མ་ཐག་པའི་རྐྱེན་ལས་རྟོགས་པའི་ངོ་བོ་ཉིད་དུ་འགྱུར་གྱི། མིག་ལ་སོགས་པ་དག་ལས་ནི་མ་ཡིན་ནོ་ཞེས་བྱ་བར་ངེས་སོ། །དེ་བཞིན་དུ་ཡུལ་ལས་ནི་དེ་དང་འདྲ་བ་ཉིད་དོ། །དབང་པོ་ལས་ནི་ཡུལ་འཛིན་པ་སོ་སོར་ངེས་པའོ། །དེ་ལྟར་ན་དབང་པོ་དང་ཡུལ་དག་ལས་ནི་རྟོགས་པའི་ངོ་བོ་ཉིད་མ་ཡིན་ལ་དབང་པོ་དང་མཚུངས་པ་དེ་མ་ཐག་པའི་རྐྱེན་དག་ལས་ཀྱང་ཡུལ་གྱི་ངོ་བོ་ཉིད་མ་ཡིན་ཡུལ་དང་མཚུངས་པ་དེ་མ་ཐག་པའི་རྐྱེན་དག་ལས་ཀྱང་ཡུལ་འཛིན་པ་སོ་སོར་ངེས་པ་མ་ཡིན་ནོ་ཞེས་རྣམ་པར་གཞག་པ་ངེས་པ་རྒྱུའི་ཐ་དད་པ་ཐ་དད་པར་བྱེད་པ་ཉིད་དུ་འགྱུར་བ་ཁོ་ན་སྟེ། རྒྱུ་ཐ་དད་པ་དག་ལས་ཁྱད་པར་ཐ་དད་པ་དག་འབྱུང་བའི་ཕྱིར་རོ་སྙམ་དུ་སེམས་ན། དེ་ཐ་སྙད་ཀྱི་སྒོ་ནས་བྱིས་པའི་སྐྱེ་བོ་ཐམས་ཅད་གཟུད་བའི་ཕྱིར་བརྗོད་ན་ནི་རིགས་པ་ཁོ་ན་ཡིན་ནོ། །དོན་དམ་པར་ནི་མ་ཡིན། འདི་ལྟར་ཁྱད་པར་གང་ཡིན་པ་དེ་དག་གལ་ཏེ་བརྟགས་པ་མ་ཡིན་པ་ཁོ་ནའམ། ལྡོག་པའི་བྱེ་བྲག་གིས་བརྟགས་པའི་ངོ་བོ་ཞིག་ཡིན་པར་འགྱུར་གྲང༌། གལ་ཏེ་ཕྱོགས་དང་པོ་ལྟར་ཡིན་ན་ནི་དེའི་ཚེ་རྣམ་པར་ཤེས་པ་དམིགས་པའི་བདག་ཉིད་ལ་སོགས་པ་དག་ལས་ངོ་བོ་ཐ་མི་དད་པའི་ཕྱིར་དེ་དང་འདྲ་བ་ཁོ་ནར་དུ་མ་ཉིད་དུ་ཐལ་བ་ཡིན་ལ། དམིགས་པའི་བདག་ཉིད་ལ་སོགས་པ་ཡང་རྣམ་པར་ཤེས་པ་ཉིད་བཞིན་དུ་གཅིག་པ་ཉིད་དུ་འགྱུར་བ་བཟློག་པར་མི་འགྱུར་རོ། །རྣམ་པར་ཤེས་པ་རྟོགས་པའི་ངོ་བོ་ཉིད་ལས་གཞན་མ་ཡིན་པའི་ཕྱིར་དེ་དང་འདྲ་བ་ཉིད་དུ་གཟུགས་ལས་མི་སྐྱེ་བ་ཉིད་དུ་ཡང་ཐལ་བར་འགྱུར་རོ། །དེ་དང་འདྲ་བ་ཉིད་ལས་ཐ་དད་པ་མ་ཡིན་པའི་ཕྱིར་ཡང་གཟུགས་ལས་སྐྱེ་བར་སྨྲས་པར་འགྱུར་རོ། །དེའི་ཕྱིར་གཅིག་ལ་དུས་གཅིག་ཏུ་ཕན་ཚུན་འགལ་བ་སྐྱེ་བ་དང་མི་སྐྱེ་བ་དག་ཇི་ལྟར་མི་འགལ། ཇི་སྟེ་ཉེས་པ་འདིར་གྱུར་ན་མི་རུང་ཞེས་ཁྱད་པར་འདི་དག་རྣམ་པར་ཤེས་པ་ལས་


DTG107_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཐ་དད་པར་གྱུར་པ་ཡིན་པ་ཁོ་ནར་རྟོག་ན་དེའི་ཚེ་རྣམ་པར་ཤེས་པ་རྒྱུ་མེད་པ་ཉིད་དུ་འགྱུར་ཏེ། གཞན་ཁོ་ན་ལ་མིག་ལ་སོགས་པ་ཉེ་བར་སྦྱོར་བའི་ཕྱིར་རོ། །དེའི་ཕྱིར་རྟག་ཏུ་ཡོད་པ་ལ་སོགས་པར་ཐལ་བ་ཡིན་ནོ། །ཇི་སྟེ་བརྟགས་པ་ཞེས་བྱ་བའི་ཕྱོགས་ཡིན་ནོ་ཞེ་ན། དེའི་ཚེ་རྣམ་པར་ཤེས་པ་རྒྱུ་མེད་པ་ཉིད་དུ་འགྱུར་ཏེ། བརྟགས་པའི་བདག་ཉིད་དག་ཁོ་ན་ལ་མིག་ལ་སོགས་པ་ཉེ་བར་སྦྱོར་བའི་ཕྱིར་རོ། །བརྟགས་པའི་བདག་ཉིད་དག་ལ་ཡང་འགའ་ཡང་ཉེ་བར་སྦྱོར་བ་མེད་པས་ཐམས་ཅད་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་དོན་དམ་པར་དུ་མ་ལས་འབྲས་བུ་གཅིག་སྐྱེ་བར་རིགས་པ་མ་ཡིན་ནོ། །གཅིག་ལས་དུ་མ་ཡང་མ་ཡིན་ཏེ། འདིར་ཡང་སྔ་མ་བཞིན་དུ་རྒྱུའི་ཐ་དད་པ་ཐ་དད་པར་བྱེད་པ་ཉིད་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་གལ་ཏེ་མིག་བདག་ཉིད་ཀྱི་ཁྱད་པར་གང་ཁོ་ནས་རིགས་མཐུན་པའི་སྐད་ཅིག་མ་སྐྱེད་པ་དེ་ཉིད་ཀྱིས་རང་གི་རྣམ་པར་ཤེས་པ་ཉེ་བར་སྐྱེ་ན་ནི་དེའི་ཚེ་རྒྱུ་ཐ་དད་པ་མ་ཡིན་ཡང་འབྲས་བུ་ཐ་དད་པའི་ཕྱིར་ཇི་ལྟར་འབྲས་བུའི་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་དག་རྒྱུ་མེད་པར་མི་འགྱུར། དེ་ལ་ནི་གང་གིས་ན་འབྲས་བུ་གཞན་སྐྱེད་པར་འགྱུར་བ་བདག་ཉིད་ཀྱི་ཁྱད་པར་གཞན་ཡང་ཡོད་པ་མ་ཡིན་ཏེ། དངོས་པོ་ཐམས་ཅད་ནི་ཆ་ཤས་མེད་པའི་ཕྱིར་རོ། །དེའི་ཕྱིར་རྒྱུས་རང་གི་ངོ་བོ་འཕོས་ནས་འབྲས་བུ་ཉེ་བར་མི་སྐྱེ་མོད་ཀྱི། འོན་ཀྱང་རྒྱུའི་བདག་ཉིད་དེ་ལ་ཁྱད་པར་མེད་པའི་ཕྱིར་དེས་བྱས་པའི་འབྲས་བུ་ལ་ཁྱད་པར་མེད་པར་མི་འགྱུར་རོ། །གཅིག་ལས་དུ་མ་སྐྱེ་བ་དང༌། དུ་མ་ལས་གཅིག་སྐྱེ་ཞེས་བྱ་བ་མཐོང་བ་མ་ཡིན་ནམ། དེའི་ཕྱིར་དེ་ཇི་ལྟར་སྤང་བར་ནུས་ཤེ་ན། འདི་ནི་རུང་བ་མ་ཡིན་ཏེ། ཁོ་བོ་ཅག་ཀྱང་འདི་མ་མཐོང་ངོ་ཞེས་ནི་མི་སྒྲུབ་པོ། །མཐོང་བ་ཙམ་ནི་ཚད་མ་ཡང་མ་ཡིན་ཏེ། རྨི་ལམ་ལ་སོགས་པ་བཞིན་དུ་བརྫུན་པ་འདི་ཐམས་ཅད་ཀྱང་སྣང་བའི་ཕྱིར་རོ། །འོན་ཀྱང་གང་དག་ཇི་ལྟར་མཐོང་བ་དེ་ཁོ་ན་ཉིད་དུ་ཁས་ལེན་པ་དེ་དག་གི་ལོག་པར་སྒྲོ་འདོགས་པ་བསལ་བའི་ཕྱིར་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཉིད་དུ་སྒྲུབ་པས་འགལ་བ་མེད་པ་ཉིད་དོ། །གཞན་ཡང་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་གང་དུ་མ་ལས་སྐྱེ་བ་མཐོང་བར་འགྱུར་བ་དོན་དམ་པ་པའི་དངོས་པོའི་ངོ་བོ་ནི་གཅིག་ཏུ་ཅུང་ཟད་ཀྱང་མ་གྲུབ་པ་ཉིད་དེ།


DTG107_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་དུས་ཐམས་ཅད་དུ་སྣ་ཚོགས་ཀྱི་རྣམ་པ་ཉིད་དུ་སྣང་བའི་ཕྱིར་རོ། །སྣ་ཚོགས་ཀྱི་ངོ་བོ་ཡང་གཅིག་པ་ཉིད་ཡིན་ན་ནི་ཐམས་ཅད་རྫས་གཅིག་པར་ཐལ་བར་འགྱུར་རོ། །གཅིག་མ་གྲུབ་པ་དེ་བསྩགས་པའི་ངོ་བོ་ཡིན་པའི་ཕྱིར་དུ་མ་གྲུབ་པ་ཁོ་ན་གཅིག་དང་དུ་མ་དོན་དམ་པའི་དངོས་པོ་སྐྱེ་བ་གང་དུ་མཐོང་བར་འགྱུར། དུ་མ་ལས་དུ་མ་སྐྱེའོ་ཞེས་བྱ་བའི་ཕྱོགས་གཞན་ཡང་ཡོད་པར་རིགས་པ་མ་ཡིན་ཏེ། འདི་ལྟར་ཇི་སྟེ་འབྲས་བུ་རེ་རེ་ལ་རྒྱུ་ཐམས་ཅད་ཀྱིས་བྱེད་ན་ནི་དེའི་ཚེ་དུ་མ་ལས་གཅིག་སྐྱེ་བའི་ཕྱོགས་ཉིད་དུ་འགྱུར་ཏེ། དེ་ལ་ཡང་ཉེས་པ་སྨྲས་ཟིན་ཏོ། །འོན་ཏེ་འབྲས་བུ་གཅིག་ཁོ་ན་ལ་རེ་རེས་ཉེ་བར་སྦྱོར་ན་ནི་དེའི་ཚེ་གཅིག་ལས་གཅིག་སྐྱེ་བའི་ཕྱོགས་ཉིད་དུ་འགྱུར་ཏེ། དེ་ལ་ཡང་སུན་དབྱུང་བ་སྨྲས་ཟིན་ཏེ། དེ་བས་ན་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །མཐའ་བཞི་ལས་མ་གཏོགས་པ་གང་ལས་སྐྱེ་བར་འགྱུར་བའི་ཕྱོགས་གཞན་ཡང་ཡོད་པ་མ་ཡིན་ནོ། །རྟག་པའི་དངོས་པོ་ཡང་ཐམས་ཅད་སྔར་བསལ་ཟིན་པས་དེ་བས་ན་མ་ངེས་པ་ཡང་མ་ཡིན་ནོ། །མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་ཡང་མ་ཡིན་ནོ། །སློབ་དཔོན་གྱིས་ཀྱང་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུའི་ངོ་བོར་གནས་པ་ལ་ཐ་སྙད་དུ་གཅིག་ལས་དུ་མ་སྐྱེ་བ་དང་དུ་མ་ལས་གཅིག་སྐྱེ་བར་ཇི་ལྟར་གྲགས་པ་བཞིན་མཐོང་བའི་ཕྱིར་དང༌། མིག་ལ་སོགས་པ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པའི་སྒོ་ནས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐྱེ་བའི་བྱེ་བྲག་རྟོགས་ནས་བྱིས་པའི་སྐྱེ་བོ་གཟུད་པའི་ཕྱིར་འབྲས་བུའི་གཏན་ཚིགས་བསྟན་པར་བྱ་བའི་ཚེ་རྒྱུ་ཐ་དད་ན་ཐ་དད་པར་འགྱུར་བར་སྨྲས་ཀྱི། དོན་དམ་པར་ནི་མ་ཡིན་པར་རིག་པར་བྱ་སྟེ། དོན་དམ་པར་དེ་མ་གྲུབ་པའི་ཕྱིར་ཇི་ལྟར་སྔར་དཔྱད་པ་བཞིན་ནོ། །དེ་བས་ན་གང་ཇི་སྐད་དུ་གང་དག་རྒྱུ་གཅིག་ལས་འབྲས་བུ་དུ་མ་སྐྱེ་བར་རིགས་པ་མ་ཡིན་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་དག་ཐམས་ཅད་ཀྱི་ལན་ཀྱང་སོ་སོར་བཏབ་ཟིན་ཏོ། །གང་དག་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ནི་མ་ངེས་པ་ལ་སོགས་པར་སྨྲ་བ་དེ་དག་གི་ལན་ཀྱང་སྔར་སྨྲས་ཟིན་ཏོ། །གང་ཡང་སྨྲ་བ་ཇི་སྟེ་དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་དང་བཅས་པ་མ་ཡིན་ན་ནི་དེའི་ཚེ་ཀུན་རྫོབ་ཏུ་ཡང་མི་འགྱུར་


DTG107_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་དག་ཐམས་ཅད་ཀྱི་ལན་ཀྱང་སྔར་སྨྲས་ཟིན་ཏོ། །གང་ཡང་སྨྲ་བ་གཅིག་དང་དུ་མ་དང་བྲལ་བའི་མཚན་ཉིད་ཀྱི་གཏན་ཚིགས་མ་གྲུབ་པ་ལ་སོགས་པ་སྨྲས་པ་དེ་དག་ཐམས་ཅད་ཀྱི་ལན་ཀྱང་སྔོན་གྱི་སློབ་དཔོན་གྱིས་བླན་ཟིན་ཏོ། །འོན་ཀྱང་ཁ་ཅིག་འདི་ལ་ཞེ་སྡང་པའི་ཕྱིར་བརྫུན་པ་ཉིད་དུ་སྐྱོན་བརྗོད་པ་དེ་ལོག་པར་རྟོགས་པ་ཡིན་པར་བརྗོད་པར་བྱའོ། །དེ་ལ་འདིར་ཐལ་བར་སྒྲུབ་ན་གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། འདི་ལྟར་ཇི་སྟེ་ཕ་རོལ་པོ་དག་གིས་དངོས་པོ་རྣམས་གཅིག་དང་དུ་མ་དང་བྲལ་བར་ཁས་མ་བླངས་སུ་ཟིན་ཀྱང༌། འོན་ཀྱང་དེས་ཁྱབ་པའི་ཆོས་ཁས་བླངས་པའི་ཕྱིར་ཤུགས་ཀྱིས་ནི་དེ་ཡང་ཁས་བླངས་པ་ཁོ་ན་ཡིན་ཏེ། དེ་ལ་རེ་ཞིག་གང་གིས་དབང་ཕྱུག་ལ་སོགས་པ་རྟག་པ་དང་གཅིག་པུའི་ངོ་བོ་ཉིད་དུ་ཀུན་བརྟགས་པ་དེ་དག་གིས་ནི་དེ་དག་འབྲས་བུ་རིམ་གྱིས་འབྱུང་བ་ལ་ཉེ་བར་སྦྱོར་བ་ཉིད་ཀྱི་ཆོས་སུ་ཁས་བླངས་པའི་ཕྱིར་ཤུགས་ཀྱིས་ན་གཅིག་གི་ངོ་བོ་ཉིད་དང་བྲལ་པ་ཡང་ཁས་བླངས་པ་ཉིད་དེ། ངོ་བོ་གཅིག་ལ་སྐྱེད་པར་བྱེད་པའི་གནས་སྐབས་དང་ཁྱད་པར་མེད་པ་ཉིད་ཀྱིས་དུས་སྔ་མ་བཞིན་དུ་དུས་ཕྱིས་ཀྱང་སྐྱེད་པར་བྱེད་པ་ཉིད་དུ་མི་རུང་བའི་ཕྱིར་རོ། །འོན་ཏེ་སྐྱེད་པར་བྱེད་པ་ཉིད་ཡིན་ན་ནི་སྔོན་གྱི་གནས་སྐབས་དང་མཚན་ཉིད་མི་མཐུན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་གཅིག་པ་ཉིད་ཉམས་པ་ཡིན་ནོ། །འདི་ནི་ཡང་དག་པར་ན་དུ་མ་ཉིད་དུ་ཡང་རིགས་པ་མ་ཡིན་ཏེ། དེ་ཁོ་ན་ཉིད་དུ་ན་དུས་མཉམ་པ་དང་ཅིག་ཤོས་དག་ཏུ་རང་དང་གཞན་གྱི་རྒྱུད་ཀྱི་ཉིང་མཚམས་སྦྱོར་བ་མེད་པར་སྔར་བསྒྲུབས་ཟིན་པའི་ཕྱིར་རོ། །གང་དག་གིས་ནམ་མཁའ་ལ་སོགས་པ་འདུས་མ་བྱས་གསུམ་པོ་ངོ་བོ་ཉིད་གཅིག་པ་འབྲས་བུ་ལ་ཉེ་བར་སྦྱོར་བ་མེད་པ་ཉིད་དུ་ཁས་བླངས་དེ་དག་གིས་ཀྱང་དེ་དག་ཤེས་པ་རིམ་གྱིས་འབྱུང་བའི་ཤེས་བྱའི་ངོ་བོ་ཉིད་དུ་ཁས་བླངས་པའི་ཕྱིར་ཤུགས་ཀྱིས་ན་ངོ་བོ་གཅིག་པ་དང་བྲལ་པ་ཀས་བླངས་པ་ཉིད་དེ། དེ་དག་ཤེས་པ་རེ་རེ་ཞིང་དེའི་ཤེས་པས་ཤེས་པར་བྱ་བའི་ངོ་བོ་ཉིད་ཐ་དད་པར་འགྱུར་པའི་ཕྱིར་རོ། །མི་འགྱུར་ན་ནི་ཁྱད་པར་མེད་པའི་ཕྱིར་སྔོན་བཞིན་དུ་ཕྱིས་ཀྱང་དེའི་ཤེས་པས་ཤེས་པར་བྱ་བའི་ངོ་བོ་ཉིད་དུ་མི་འཐད་དོ། །དེའི་ཕྱིར་འདི་དག་གཅིག་གི་ངོ་བོ་ཉིད་དུ་རིགས་པ་མ་ཡིན་ནོ། །དུ་མའི་ངོ་བོ་ཉིད་ཀྱང་མ་ཡིན་ནོ་


DTG107_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྔར་བསྒྲུབས་ཟིན་པ་ཉིད་དོ། །ཁ་ཅིག་གིས་དུས་དང་སྐྱེས་བུ་དང་གཙོ་བོ་དང་ཚངས་པ་ལ་སོགས་པ་འགྲོ་བ་སྣ་ཚོགས་པ་རྣམ་པར་གཞག་པའི་རྒྱུ་རྟག་པ་དང་ངོ་བོ་གཅིག་པར་ཀུན་བརྟགས་པ་གང་དག་ཡིན་པ་དེ་དག་ཀྱང་དེ་དག་གིས་རིམ་མམ། ཅིག་ཅར་དངོས་པོའི་ཚོགས་བདེན་པ་དང་བརྫུན་པ་སྣ་ཚོགས་ཀྱི་ངོ་བོ་ཉེ་བར་འཛིན་པ་ཉིད་ཀྱི་ཆོས་སུ་ཁས་བླངས་པའི་ཕྱིར་ཤུགས་ཀྱིས་ན་གཅིག་པ་ཉིད་དང་བྲལ་བ་ཁས་བླངས་པ་ཉིད་དེ། ངོ་བོ་ཉིད་གཅིག་པ་དག་ནི་དེ་ལྟར་འགྲོ་བ་སྣ་ཚོགས་ཀྱི་ངོ་བོ་ཉེ་བར་འཛིན་པ་ཉིད་དུ་རིགས་པ་དང་ལྡན་པ་མ་ཡིན་ནོ། །དེ་དག་གཅིག་པ་ཉིད་དུ་མ་གྲུབ་ན་དུ་མ་ཉིད་དུ་ཡང་རིགས་པ་མ་ཡིན་པ་ཁོ་ན་སྟེ། དེ་ནི་དེ་བསགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །གང་དག་གིས་གང་ཟག་ཅེས་བྱ་བའི་དངོས་པོ་རྟག་པ་དང་མི་རྟག་པའི་ངོ་བོ་དག་ཏུ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་ཀུན་བརྟགས་པར་གྱུར་པ་དེ་དག་གིས་ཀྱང༌། འདི་གཅིག་དང་དུ་མ་དང་བྲལ་བ་ཉིད་དུ་དངོས་སུ་ཁས་བླངས་པ་ཉིད་དེ། གཅིག་གི་ངོ་བོ་ཉིད་དང་ལྡན་པ་ཡང༌། རྟག་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་རིགས་པ་མ་ཡིན་ལ། ངོ་བོ་ཉིད་གཞན་དང་གཞན་དུ་ཉམས་སུ་མྱོང་བ་ཡང་སྐད་ཅིག་མ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་རིགས་པ་དང་ལྡན་པ་མ་ཡིན་ནོ། །མི་རྟག་པའི་ངོ་བོ་ལུས་དང་ས་དང་རི་ལ་སོགས་པ་བདག་གཉིད་སོ་སོར་ཡན་ལག་ཅན་གྱི་རྫས་གཅིག་པ་ཉིད་དུ་ཀུན་བརྟགས་པ་གང་ཡིན་པ་དེ་ཡང་ཡན་ལག་གི་རྫས་སུ་ཡུལ་ཐ་དད་པ་དུ་མ་ལ་ཁྱབ་པར་བྱེད་པ་ཉིད་ལ་སོགས་པའི་ཆོས་སུ་ཁས་བླངས་པའི་ཕྱིར། གཅིག་པ་ཉིད་དང་བྲལ་བར་ཁས་བླངས་པ་ཁོ་ན་སྟེ། དེ་ཡན་ལག་རེ་རེ་ལ་ངོ་བོ་ཉིད་ཐ་དད་པ་མེད་ན་ནི་དེ་ལ་ཁྱབ་པར་བྱེད་པ་ཉིད་དུ་ཡང་འཐད་པ་མ་ཡིན་ནོ། །ཆ་ཤས་མེད་པ་ལ་བསྒྲིབས་པ་དང་མ་བསྒྲིབས་པ་ལ་སོགས་པའི་ཆོས་འགལ་བ་དང་ལྡན་པར་ཡང་འཐད་པ་མ་ཡིན་ནོ། །གང་དག་གི་ལུས་ལ་སོགས་པ་རྡུལ་ཕྲན་བསགས་པ་ཙམ་ཡིན་པའི་ཕྱིར་རྡུལ་ཕྲ་རབ་རྣམས་སོ་སོ་རེ་རེ་གཅིག་པ་ཉིད་དུ་ཀུན་བརྟགས་པ་དེ་དག་གིས་ཀྱང་སྦྱོར་བ་དང་བསྩགས་པ་ལ་སོགས་པའི་ཆོས་སུ་ཁས་བླངས་པའི་ཕྱིར་ཤུགས་ཀྱིས་ན་གཅིག་པ་ཉིད་དང་བྲལ་པ་ཉིད་ཀྱང་ཁས་བླངས་པ་ཁོ་ན་ཡིན་ཏེ། ཆ་ཤས་མེད་པའི་ངོ་བོ་རྣམས་ལ་གང་


DTG107_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ན་སྦྱོར་བ་ལ་སོགས་པ་ཉམས་སུ་མྱོང་བར་འགྱུར་བ་ཕྱོགས་གཅིག་ནི་ཡོད་པ་མ་ཡིན་ལ་ཕྱོགས་གཅིག་གིས་སྦྱོར་བ་མེད་པ་རྣམས་དང་བསྩགས་པ་མེད་པ་རྣམས་ལ། ཡུལ་རྒྱས་པར་ཁེབས་པར་གནས་པར་ཡང་མི་རུང་ངོ༌། །ཡན་ལག་རྣམས་ངོ་བོ་ཉིད་གཅིག་པར་རིགས་པ་དང་ལྡན་པ་ཡང་མ་ཡིན་ཏེ། དེ་དག་ནི་ཡན་ལག་འདུས་པ་ཙམ་ཡིན་པའི་ཕྱིར་རོ། །རྡུལ་ཕྲ་རབ་དང་ཡན་ལག་ཅན་གྱི་རྫས་འདི་གཉི་ག་ཡང་དུ་མའི་ངོ་བོ་ཉིད་དུ་ཡང་རུང་བ་མ་ཡིན་ཏེ། དེ་ནི་གཅིག་འདུས་པའི་ངོ་བོ་ཡིན་པའི་ཕྱིར་གཅིག་པ་ཉིད་མ་གྲུབ་ན། དེ་ཡང་དེ་ལ་ལྟོས་ཏེ་རྣམ་པར་གཞག་པ་ཡིན་པས་མི་འགྲུབ་པའི་ཕྱིར་རོ། །དེ་ལྟར་རྒྱུ་དང་འབྲས་བུའི་རྫས་གཅིག་དང་དུ་མའི་ངོ་བོ་དང་བྲལ་བར་གྲུབ་ན་དེ་ལ་བརྟེན་ནས་ཉེ་བར་བརྟགས་པ་ཡོན་ཏན་དང༌། ལས་དང༌། སྤྱི་དང༌། ཁྱད་པར་དང༌། འདུ་བ་རྣམས་རབ་ཏུ་མི་འགྲུབ་པ་ཉིད་དེ། དེ་དག་ནི་དེའི་གཞན་གྱི་དབང་ཡིན་པའི་ཕྱིར་རོ། །དེ་ལྟར་ན་རེ་ཞིག་ཤུགས་ཀྱིས་ཤེས་བྱ་ཐམས་ཅད་གཅིག་དང་དུ་མའི་རང་བཞིན་གྱིས་སྟོང་པ་ཁོ་ནར་ཁས་བླངས་སོ་ཞེས་བསྟན་པ་ཡིན་ནོ། །ཤེས་པ་ཡང་ངོ་བོ་ཉིད་གཅིག་པར་ཉེ་བར་བརྟགས་མོད་ཀྱི། འོན་ཀྱང་དེ་ཡུལ་ངོ་བོར་སྣ་ཚོགས་འཛིན་པ་ཉིད་ཀྱི་ཆོས་སུ་ཁས་བླངས་པའི་ཕྱིར་ཤུགས་ཀྱིས་ན་ངོ་བོ་ཉིད་གཅིག་པ་དང་བྲལ་བ་ཁས་བླངས་པ་ཁོ་ན་སྟེ། འདི་ལྟར་ཤེས་པ་ནི་གདོན་མི་ཟ་བར་རྣམ་པ་དང་བཅས་པར་ཁས་བླངས་དགོས་སོ། །དེ་ལྟ་མ་ཡིན་ན་ཡུལ་གྱི་རྣམ་པས་མ་བསྒྱུར་བའི་ལུས་འདི་ཡུལ་འཛིན་པར་རྣམ་པར་གཞག་པར་མི་འཐད་པ་ཉིད་དོ། །རྣམ་པ་དང་བཅས་པ་ཉིད་དུ་ཁས་ལེན་ན་ནི་འདི་ངོ་བོ་ཉིད་གཅིག་པ་དང་བྲལ་བ་བསལ་བ་ཁོ་ནར་ཁས་བླངས་པ་ཉིད་དེ། ཤེས་པའི་ངོ་བོ་སྣ་ཚོགས་པ་ཡིན་པའི་ཕྱིར་རོ། །སྣ་ཚོགས་དང་གཅིག་པ་ཉིད་དག་ཀྱང་འགལ་བའི་ཕྱིར་ཤེས་པ་ཐམས་ཅད་དངོས་པོ་སྣ་ཚོགས་ཀྱི་ཡུལ་ཅན་དུ་ཁས་བླངས་པ་ཡིན་ཏེ། འདི་ལྟར་རྣམ་པར་ཤེས་པ་ལྔའི་ཚོགས་དག་ནི་རང་གི་སྡེ་པ་རྣམས་བསྩགས་པ་ལ་དམིགས་པ་ཁོ་ནར་འདོད་དོ། །རྣམ་པར་ཤེས་པ་དྲུག་པ་ཡང་སེམས་དང་སེམས་ལས་བྱུང་བ་ལ་དམིགས་ལ། རི་མོ་བརྐྱང་པ་ལ་སོགས་པ་ལ་ལྟ་བ་ན། རྣམ་པར་ཤེས་པ་


DTG107_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་སྣ་ཚོགས་པ་ཅན་ཉམས་སུ་མྱོང་བའི་ཕྱིར་ཤེས་པ་ཐམས་ཅད་རྣམ་པ་སྣ་ཚོགས་ཅན་དུ་རབ་ཏུ་གྲུབ་པ་ཁོ་ནའོ། །དེ་ལ་རྣམ་པ་སྣ་ཚོགས་ཉིད་གཞུང་གཟུགས་པའི་ཕྱིར་ཤེས་པ་དུ་མ་སྐྱེ་བར་རྟོག་པ་ཡང་ལེགས་པ་མ་ཡིན་ཏེ། དེ་དག་ནི་ལུས་ཅན་མ་ཡིན་པ་ཉིད་ཀྱི་ཡུལ་ལ་བཀྲམ་པ་ལྟར་གནས་པ་མེད་པའི་ཕྱིར་རོ། །དེ་ལྟར་མི་གནས་ན་ཡང་རྣམ་པ་སྣ་ཚོགས་ཉིད་འཐད་པ་མ་ཡིན་ནོ། །ཡོན་ཏན་དང་ལས་ལ་སོགས་པ་དང་ལྡན་པའི་རྫས་ལ་སོགས་པ་ཡང་ཤེས་པས་ཅིག་ཅར་འཛིན་པར་ཁས་བླངས་པའི་ཕྱིར་གཞན་དག་གིས་ཀྱང་ཤེས་པ་ཡུལ་སྣ་ཚོགས་ཅན་དུ་ཁས་བླངས་པ་ཉིད་དོ། །གང་དག་རྫས་ཀྱི་རྣམ་གྲངས་ལ་སོགས་པའི་བྱེ་བྲག་གིས་དངོས་པོ་ཐམས་ཅད་ནོར་བུ་གཟི་ལྟ་བུར་རྟོགས་པར་བྱེད་པ་དེ་དག་གིས་ཀྱང་དེའི་ཡུལ་ཅན་གྱི་སེམས་ཀྱི་ཡུལ་ཉིད་དངོས་པོའི་ངོ་བོ་དུ་མར་འདོད་པ་ཁོ་ནའོ། །གང་དག་ཡུལ་འབྱུང་བ་བཞི་གནས་པའི་བདག་ཉིད་ཁོ་ན་ཡིན་པར་ཉེ་བར་རྟོག་པར་བྱེད་པ་དེ་དག་གིས་ཀྱང་ཤེས་པ་དངོས་པོ་དུ་མའི་ཡུལ་ཅན་ཉིད་དུ་ཁས་བླངས་པ་ཉིད་དོ། །གང་དག་གི་ཡུལ་སྙིང་སྟོབས་དང༌། རྡུལ་དང༌། མུན་པའི་ངོ་བོ་ཁོ་ན་ཡིན་པར་ཁས་བླངས་པ་དེ་དག་གིས་ཀྱང་ཤེས་པའི་ཡུལ་ཉིད་དངོས་པོ་དུ་མའི་ངོ་བོ་ཡིན་པར་ཁས་བླངས་པ་ཁོ་ན་སྟེ། ཡུལ་ཉིད་དངོས་པོ་གསུམ་གྱི་བདག་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །གང་དག་ཡིད་ཀྱི་རྣམ་པར་ཤེས་པ་འདས་པ་ལ་སོགས་པའི་ཡུལ་ཅན་ནི་དམིགས་པ་མེད་པ་ཁོ་ནར་སྨྲ་བ་དེ་དག་གི་ལུགས་ཀྱིས་ཀྱང་མིང་གི་རྣམ་པ་དང་ལྡན་པའི་ཕྱིར་རྣམ་པ་གཅིག་པ་དེ་རིགས་པ་མ་ཡིན་པ་ཉིད་དེ། ཡི་གེའི་ངོ་བོ་དུ་མར་སྣང་བའི་ཕྱིར་རོ། །རྨི་ལམ་ལ་སོགས་པའི་ཤེས་པ་ཡང་སྔོན་པོ་ལ་སོགས་པ་རྣམ་པ་སྣ་ཚོགས་སྣང་བ་ཉིད་དུ་མྱོང་བའི་ཕྱིར་ངོ་བོ་ཉིད་གཅིག་པར་རིགས་པ་མ་ཡིན་པ་ཁོ་ནའོ། །འགྲོ་བ་རྣམ་པར་ཤེས་པ་ཙམ་གྱིས་ངོ་བོར་སྨྲ་བ་གང་དག་གིས་རྣམ་པར་ཤེས་པ་ཐམས་ཅད་ཕྱི་རོལ་ཡང་དག་པའི་ཡུལ་ཅན་མ་ཡིན་པའི་ཕྱིར་རང་རིག་པའི་ཕྱིར་མཐར་ཐུག་པའི་དེ་ཁོ་ནར་ཁས་བླངས་པ་དེ་དག་གིས་ཀྱང་ཐོག་མ་མེད་པ་ནས་རྣམ་པར་འཁྲུལ་པའི་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་རྣམ་པར་ཤེས་པ་ཐམས་ཅད་


DTG107_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ལ་སོགས་པ་ལོག་པ་སྣ་ཚོགས་སུ་སྣང་བར་སྐྱེ་བར་ཁས་བླངས་པའི་ཕྱིར་རྣམ་པར་ཤེས་པ་ངོ་བོ་གཅིག་པ་མ་ཡིན་པར་ཁས་བླངས་པ་ཡིན་ནོ། །དེའི་ཕྱིར་རྣམ་པར་ཤེས་པ་ཡང་ལྟ་བ་གང་ལ་ཡང་ངོ་བོ་ཉིད་གཅིག་པར་མ་གྲུབ་བོ། །དེ་མ་གྲུབ་ན་ངོ་བོ་ཉིད་དུ་ཡང་མ་གྲུབ་བོ་ཞེས་སྔར་བཤད་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་རང་གི་རྒྱུད་ཀྱིས་བསྒྲུབ་པ་ལ་ཡང་གཏན་ཚིགས་མ་གྲུབ་པ་ཉིད་མ་ཡིན་ཏེ། ཇི་སྐད་བཤད་པའི་ཚུལ་གྱིས་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་ཡང་ཆོས་ཐམས་ཅད་གཅིག་དང་དུ་མ་དང་བྲལ་བ་ཙམ་དུ་གྲུབ་པའི་ཕྱིར་རོ། །རྣམ་པར་བཅད་པ་ཙམ་ཞིག་ཡིན་པ་ལ་ནི་བསྒྲུབ་པར་བྱ་བ་དང༌། སྒྲུབ་པ་དང་རྗེས་སུ་མཐུན་པའི་ཆོས་ཅན་དངོས་པོར་གྱུར་པ་མ་ཡིན་པ་རིགས་པ་ཉིད་དོ་ཞེས་སྔར་བསྟན་ཟིན་ཏོ། །དེས་ན་རང་དང་གཞན་གྱི་གཞུང་ལུགས་ལ་གནས་པ་རྣམས་ཀྱིས་ཉེ་བར་བརྟགས་པའི་ཆོས་ཅན་ལ་ཡང་བསྒྲུབ་པའི་ཆོས་རྣམ་པར་བཅད་པ་ཙམ་གྱིས་ཇི་སྐད་བཤད་པ་གཉི་ག་ལ་གྲུབ་པ་ཉིད་དོ། །གང་ཡང་གཏན་ཚིགས་འདི་ཇི་ལྟར་གྲུབ། གལ་ཏེ་མི་དམིགས་པའི་སྒོ་ནས་ཡིན་ན་ནི་དེ་ཡང་མི་དམིགས་པ་གཞན་ལས་གྲུབ་ན་ཐུག་པ་མེད་པར་ཐལ་བ་ཡིན་ནོ། །མངོན་སུམ་གྱི་སྒོ་ནས་དམིགས་པ་མེད་པ་གྲུབ་པ་ཉིད་ཀྱང་མ་ཡིན་ཏེ། དེ་ནི་དེའི་ཡུལ་མ་ཡིན་པའི་ཕྱིར་རོ་ཞེས་སྨྲས་པ་དེ་ཡང་བསྩལ་བ་ཉིད་དེ། ཇི་སྐད་བཤད་པའི་ཚུལ་གྱིས་གཏན་ཚིགས་རབ་ཏུ་སྒྲུབ་པའི་ཕྱིར་རོ། །འདི་ལྟར་རེ་ཞིག་བདག་ལ་སོགས་པ་དབང་པོས་མི་སོད་པ་གང་དག་ཡིན་པ་དེ་དག་ནི་དེས་ཁྱབ་པ་འབྲས་བུ་རིམ་ཅན་ལ་སྦྱོར་བ་ཉིད་ལ་སོགས་པའི་ཆོས་ཁས་བླངས་པའི་ཕྱིར་གཅིག་དང་དུ་མ་དང་བྲལ་བ་ཉིད་ཀྱང་རབ་ཏུ་བསྒྲུབས་པ་ཁོ་ནའོ། །ཇི་སྟེ་ཆོས་ཅན་དེ་ཉིད་མ་གྲུབ་ན། གང་ལ་དེ་དང་བྲལ་བ་འདི་སྒྲུབ་སྙམ་དུ་སེམས་ན་དེ་ནི་རིགས་པ་མ་ཡིན་ཏེ། དངོས་པོ་དེ་ལྟ་བུའི་དགག་པ་ལ་ཐམས་ཅད་དུ་ཆོས་ཅན་བརྟགས་པ་ཁོ་ན་ཡིན་པའི་ཕྱིར་ཏེ། དེ་ཁོ་ནའི་ཆོས་མི་དམིགས་པ་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །དེ་ལྟ་མ་ཡིན་ན་ཁྱེད་ལ་ཡང་དེ་དགག་པ་དེ་ལ་གཏན་ཚིགས་དོན་བྱེད་པའི་ནུས་པ་དང་བྲལ་བའི་མཚན་ཉིད་ཇི་ལྟར་གྲུབ་ཅེས་བྱ་བའི་ཀླན་ཀར་ཇི་སྟེ་མི་འགྱུར། ཕ་རོལ་པོ་དག་


DTG107_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཀུན་བརྟགས་པའི་ཆོས་ཅན་དེ་ལ་འབྲས་བུ་རིམ་ཅན་དེ་ལྟ་བུ་ཁས་བླངས་བ་ཁོ་ནའི་ཕྱིར་དེ་ལ་ཁྱབ་པར་བྱེད་པའི་ཆོས་གྲུབ་པ་དེའི་ལུགས་ལ་བརྟེན་པ་ཉིད་ཀྱིས་ན་ཆོས་ཅན་དེ་ཀུན་བརྟགས་པ་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པའི་སྒོ་ནས་རྟོགས་ཀྱང་ཐུག་པ་མེད་པར་ཐལ་བ་མ་ཡིན་ཏེ། དེ་དག་ནི་བདག་ཉིད་ཀྱིས་ཚད་མ་ཡིན་པའི་ཕྱིར་རོ། །ཐ་སྙད་ཀྱི་སྒོ་ནས་བསྒྲུབ་པར་བྱ་བས་སྒྲུབ་པ་ལ་ཁྱབ་པ་ཡང་གྲུབ་པ་ཉིད་དོ་ཞེས་སྔར་བཤད་ཟིན་པའི་ཕྱིར་རོ། །ཆོས་ཅན་གཟུགས་ལ་སོགས་པ་ལྐོག་ཏུ་མ་གྱུར་པ་གང་དག་ཡིན་པ་དེ་དག་ཀྱང་ངོ་བོ་ཉིད་གཅིག་པ་དང་བྲལ་བ་མངོན་སུམ་ཁོ་ནར་གྱུར་པ་ཡིན་ཏེ། འདི་དག་རྟག་ཏུ་རྣམ་པ་སྣ་ཚོགས་སུ་སྣང་བ་ཉིད་ཀྱིས་བྱེ་བྲག་མེད་པར་ངོ་བོ་ཉིད་གཅིག་པར་སོ་སོར་མྱོང་བ་མེད་པའི་ཕྱིར་རོ། །ངོ་བོ་ཉིད་གཅིག་དང་བྲལ་བ་གྲུབ་ན་ངོ་བོ་ཉིད་དུ་མ་དང་བྲལ་བ་ཡང་མངོན་སུམ་ཁོ་ནར་གྲུབ་པ་ཡིན་ཏེ། དུ་མ་ཉིད་ནི་གཅིག་ཚོགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །ཐ་སྙད་ཀྱི་སྒོ་ནས་མངོན་སུམ་ལ་སོགས་པའི་ཚད་མ་མེད་པ་ཉིད་ཀྱང་མ་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །འོན་ཏེ་ཡང་དོན་དམ་པར་མེད་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཏུ་ཡང་མེད་ལ། ཅུང་ཟད་ཀྱང་མྱོང་བ་ཡང་མེད་དེ། དཔེར་ན་རི་བོང་གི་རྭ་ལྟ་བུའོ། །མངོན་སུམ་ཡང་དེ་དང་འདྲའོ་སྙམ་དུ་སེམས་ན། དེ་ཡང་འདི་ལྟར་འབྲེལ་བ་མེད་པའི་ཕྱིར་གཏན་ཚིགས་འདི་མ་ངེས་པ་ཉིད་དོ་ཞེས་པས་སྔར་ལན་བཏབ་ཟིན་པ་ཁོ་ནའོ། །ཇི་སྟེ་སྒྲོ་བཏགས་པའི་བདག་ཉིད་ཀྱི་ངོ་བོ་གང་ཡིན་པ་དེ་ནི་དེ་ཉིད་དུ་རྟོགས་པར་འགྱུར་གྱི། ཡང་དག་པར་ན་དེ་མེད་པར་ནི་མ་ཡིན་ཏེ། སྨིག་རྒྱུ་ལ་ཆུར་ཤེས་པ་ལྟ་བུའོ། །མངོན་སུམ་ཐམས་ཅད་ཀྱང་སྒྲོ་བཏགས་པའི་བདག་ཉིད་ཀྱི་ངོ་བོ་ཁོ་ན་ཡིན་པས་ཇི་ལྟར་དེས་གཅིག་དང་དུ་མས་དབེན་པ་ཉིད་རྟོགས་པར་འགྱུར་སྙམ་དུ་སེམས་ན། དེ་ནི་འདིར་སྒྱུ་མ་མཁན་གྱི་མངོན་སུམ་དང༌། རྗེས་སུ་དཔག་པའི་ཤེས་པས་མ་ངེས་པ་ཉིད་ཡིན་ཏེ། འདི་ལྟར་སྒྱུ་མ་མཁན་གྱི་ཤེས་པ་གླང་པོ་ཆེ་ལ་སོགས་པའི་རྣམ་པར་སྒྲོ་བཏགས་པ་ཅན་ཡང་ཡང་དག་པར་ན་དེའི་ངོ་བོ་ཉིད་དུ་མངོན་པར་ཞེན་པ་མེད་དོ། །དེར་མངོན་པར་ཞེན་པ་མེད་པས་ཡང་དག་པར་ན་དེས་དབེན་པ་ཉིད་རྟོགས་པ་ངེས་པར་


DTG107_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བའི་རྒྱུ་ཉིད་ཀྱིས་དེའི་ཡུལ་ཅན་དུ་རྣམ་པར་གཞག་གོ །དེ་དང་འདྲ་བར་རྟོག་པ་དང་ལྡན་པ་རྣམས་ཀྱི་མངོན་སུམ་འཁྲུལ་པའི་རྒྱུ་མཚན་ཡང་དག་པར་བསྩལ་བ་སྒྲོ་བཏགས་པའི་རྣམ་པ་ཅན་གཞན་ཡང་སྐྱེ་བ་ན་ཡང་དག་པར་དེའི་ངོ་བོ་ཉིད་དུ་མངོན་པར་ཞེན་པ་མེད་པར་ངེས་པའི་རྒྱུ་ཉིད་ཀྱིས་དེས་དབེན་པའི་ཡུལ་ཅན་དུ་རྣམ་པར་གཞག་པ་ཉིད་དོ། །དེ་བཞིན་དུ་རྗེས་སུ་དཔག་པའི་ཤེས་པ་དངོས་པོའི་སྤྱིའི་མཚན་ཉིད་ཀྱི་རྣམ་པར་སྒྲོ་བཏགས་པ་ཅན་ཡང་དངོས་པོའི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་རྟོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དེའི་ཡུལ་ཅན་ཡིན་ནོ། །དེའི་ཕྱིར་ཚད་མ་ཡིན་པས་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ། །གང་ཡང་དེ་ནི་དེའི་ཡུལ་ཅན་མ་ཡིན་པའི་ཕྱིར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་རིགས་པ་མ་ཡིན་པ་ཉིད་དེ། དངོས་པོ་རྣམས་རྟའི་རྭ་ལྟ་བུར་ཁས་བླངས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྒྱུ་མ་ལ་སོགས་པའི་ངོ་བོ་ཉིད་ལྟ་བུར་ཡིན་ཏེ། དེ་དག་ཀྱང་སྒྱུ་མ་ལ་སོགས་པ་བཞིན་དུ་མངོན་སུམ་ཁོ་ནའོ། །གཅིག་དང་དུ་མའི་རང་བཞིན་དང་བྲལ་བར་གཟུང་མོད་ཀྱི། སྐྱེ་བོ་དམ་པ་མ་ཡིན་པའི་བསྟན་བཅོས་མཉན་པ་ལ་སོགས་པ་འཁྲུལ་པའི་རྒྱུ་མཚན་གྱི་སྒྲོ་འདོགས་པ་ཉེ་བར་སྐྱེད་པ་ཁ་ཅིག་གིས་གཏན་ལ་མི་ཕེབས་ཀྱི། གཞན་དག་གིས་ནི་གཏན་ལ་ཕེབས་ན་ཇི་ལྟར་མི་དམིགས་པའི་སྒོ་ནས་གཅིག་དང་དུ་མ་དང་བྲལ་བ་ཡང་དག་པར་གྲུབ། རྣམ་པ་གཅིག་ཏུ་ན་སྣ་ཚོགས་ཀྱི་རྣམ་པ་ལ་སོགས་པའི་རྟགས་ཀྱི་སྒོ་ནས་ཐམས་ཅད་དུ་གཅིག་པ་ཉིད་དང་བྲལ་བ་གྲུབ་ན་དུ་མ་ཉིད་དང་བྲལ་བ་ཡང་གྲུབ་པ་ཡིན་ཏེ། དེ་ནི་དེའི་ཚོགས་འདི་བདག་ཉིད་ཡིན་པའི་ཕྱིར་རོ། །གཅིག་དང་དུ་མ་ཉིད་དག་གིས་ནི་རྣམ་པ་ཐམས་ཅད་ལ་ཁྱབ་སྟེ། དེ་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར་སྐྱེ་བོ་ཐ་སྙད་དུ་བུམ་པ་ལ་སོགས་པ་ཡུལ་ལ་སོགས་པ་ཡོངས་སུ་ཆད་པ་དང་འབྲེལ་པ་ཟླ་མེད་པར་གྱུར་པ། གཅིག་ཏུ་ཐ་སྙད་གདགས་སུ་རུང་བ་ཡོངས་སུ་གཅོད་པ་ན་དེ་ལས་བཟློག་པ་ཟླ་དང་བཅས་པ་ལ་སོགས་པའི་ངོ་བོ་རྣམ་པར་བཅད་ནས་ཡོངས་སུ་གཅོད་ལ། དེ་བཞིན་དུ་རྫས་ཀྱི་རིགས་དུ་མའི་ཚོགས་དངོས་པོ་དུ་མར་ཐ་སྙད་གདགས་སུ་རུང་བ་ཡོངས་སུ་གཅོད་པ་ན་ཡང་དེ་ལས་བཟློག་པ་ཟླ་མེད་པའི་རྣམ་པར་བཅད་ནས་


DTG107_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གཅོད་དོ། །གང་ཞིག་ཡོངས་སུ་གཅོད་པ་གང་རྣམ་པར་བཅད་པ་མེད་ན་མེད་པ་དེ་གཉིས་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་ནོ། །གང་དག་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་གང་ཡིན་པ་དེ་དག་ནི་རྣམ་པ་ཐམས་ཅད་ལ་ཁྱབ་པར་བྱེད་པ་དག་ཡིན་ནོ། །གང་དག་རྣམ་པ་ཐམས་ཅད་ལ་ཁྱབ་པར་བྱེད་པ་དེ་དག་ནི་ཕུང་པོ་གཞན་སེལ་བར་བྱེད་པ་དག་ཡིན་ཏེ། དཔེར་ན་ལུས་ཅན་དང་ལུས་ཅན་མ་ཡིན་པ་ལ་སོགས་པའི་བྱེ་བྲག་དག་ལྟ་བུའོ། །གཅིག་པ་ཉིད་དང་དུ་མ་དག་ཉིད་ཀྱང་དེ་དང་འདྲ་ལ་ཁྱབ་པར་བྱེད་པ་ལོག་པས་ཀྱང་ཁྱབ་པར་བྱ་བ་ལྡོག་པར་ངེས་པས་དེའི་ཕྱིར་གཏན་ཚིགས་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་མ་ཡིན་ཏེ། ཕུང་པོ་གཞན་མི་སྲིད་པའི་ཕྱིར་རོ། །དེས་ན་གང་ལ་ལ་དག་ན་རེ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་རང་ལ་མ་གྲུབ་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །དེ་བཞིན་དུ་ཆོས་ཅན་གང་ཁོ་ན་ལ་ཁྱབ་པར་བྱ་བའི་དངོས་པོ་གྲུབ་པ་དེ་ཁོ་ན་ལ་ཁྱབ་པར་བྱེད་པ་ལོག་པས་ཁྱབ་པར་བྱ་བ་ལ་ལྡོག་པར་མ་གྲུབ་བོ་ཞེས་ཟེར་བ་དེ་དག་ཐམས་ཅད་ལ་ལན་བཏབ་པ་ཁོ་ན་ཡིན་ནོ། །འདི་ལྟར་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་ལ་སོགས་པ་ཐམས་ཅད་ནི་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་ཕྱིར་གཞག་གོ་ཞེས་སྔར་བསྟན་ཟིན་ཏོ། །ཁྱབ་པར་བྱེད་པ་ཉེ་ན་གདོན་མི་ཟ་བར་ཁྱབ་པར་བྱ་བ་བྱེ་བྲག་རྟོགས་པ་ཡང་མ་ཡིན་ནོ་ཞེས་དེ་ཡང་སྔར་བསྟན་པ་ཉིད་དོ། །དེའི་ཕྱིར་ཐ་སྙད་ཀྱི་སྒོ་ནས་གཅིག་དང་དུ་མའི་ངོ་བོ་དག་གིས་ངོ་བོ་ཉིད་དང་བཅས་པ་ཙམ་ལ་ཁྱབ་མོད་ཀྱི། འོན་ཀྱང་དེ་ལས་དོན་དམ་པ་པའི་ངོ་བོ་ཉིད་དུ་ངེས་པ་ནི་མ་ཡིན་ཏེ། བུམ་པ་ལ་སོགས་པ་གཅིག་དང་དུ་མའི་རང་བཞིན་ཅན་ཀུན་རྫོབ་པ་ཡང་སྣང་བའི་ཕྱིར་རོ། །ཁྱད་པར་དུ་ན་ཁྱབ་པར་བྱེད་པ་དང་ཁྱབ་པར་བྱ་བའི་དངོས་པོ་འགྲུབ་པ་ནི་ཐ་སྙད་པའི་ཆོས་ཅན་ལ་བརྟེན་པ་ཡིན་ལ། ཁྱབ་པར་བྱེད་པ་ལྡོག་པ་ནི་དོན་དམ་པ་ལ་བརྟེན་པར་རྩོད་པའི་གཞིར་གྱུར་པའི་ཆོས་ཅན་ཐམས་ཅད་ལ་སྤྱིར་སྒྲུབ་པའི་ཕྱིར་འདི་གཉིས་ཆོས་ཅན་གཅིག་ལ་བརྟེན་པ་ཉིད་ལྟ་ག་ལ་ཡིན། ཆོས་ཅན་གཅིག་ལ་བརྟེན་པ་ཉིད་ཡིན་དུ་ཆུག་ན་ཡང༌། འོན་ཀྱང་ལྟོས་པས་ཐ་དད་པའི་ཕྱིར་ཉེས་པ་མེད་པ་ཁོ་ན་སྟེ། འདི་ལྟར་ཁྱབ་པར་བྱེད་པ་དང་


DTG107_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པར་བྱ་བའི་དངོས་པོ་གྲུབ་པ་ནི་ཐ་སྙད་ཀྱི་བདེན་པ་ལ་བརྟེན་པ་ཡིན་ལ། ཁྱབ་པར་བྱེད་པ་ལྡོག་པ་ནི་དོན་དམ་པའི་བདེན་པ་ལ་བརྟེན་པ་ཉིད་ཡིན་པས་འགལ་རེ་སྐན། གང་ཡང་བསྒྲུབ་པར་བྱ་བ་དང་སྒྲུབ་པ་དག་ཅི་མེད་པར་དགག་པའི་ངོ་བོ་ཞིག་ཡིན་ནམ། འོན་ཏེ་མ་ཡིན་པའི་ངོ་བོ་ཡིན། ཕྱོགས་དང་པོ་ལྟར་ཡིན་ན་ནི་དེ་གཉིས་གོ་བར་བྱ་བ་དང་གོ་བར་བྱེད་པ་ཉིད་དུ་འཐད་པ་མ་ཡིན་ཏེ། ངོ་བོ་མེད་པའི་ཕྱིར་དང༌། འབྲེལ་པ་མེད་པའི་ཕྱིར་དང༌། འཐད་པ་མེད་པའི་ཕྱིར་རོ། །ཉེ་བར་བརྗོད་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་གང་ཡིན་པ་དེ་ནི་ཅུང་ཟད་གོ་བར་ཡང་མི་བྱེད་ལ། གོ་བར་ཡང་མི་འགྱུར་ཏེ། དཔེར་ན་རྟའི་རྭ་ལྟ་བུའོ། །ཇི་སྐད་བཤད་པའི་བསྒྲུབ་པར་བྱ་བ་དང་སྒྲུབ་པ་དག་ཀྱང་ཉེ་བར་བརྗོད་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ཡིན་ནོ། །གང་དག་ཕན་ཚུན་འབྲེལ་བ་མེད་པ་དེ་དག་ཀྱང་གོ་བར་བྱ་བ་དང་གོ་བར་བྱེད་པའི་ངོ་བོ་མ་ཡིན་ཏེ། དཔེར་ན་རི་གངས་ཅན་དང་འབིགས་བྱེད་དག་ལྟ་བུའོ། །བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ཀྱང་ཕན་ཚུན་འབྲེལ་པ་མེད་པ་ཡིན་ནོ། །གང་དང་གང་ཞིག་ཐ་དད་པ་མེད་པའི་ངོ་བོ་དག་ལ་ཡང་གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོ་མེད་དེ། དཔེར་ན་ཤིང་དང་ཤིང་ལྗོན་པ་དག་ལྟ་བུའོ། །བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ཀྱང་ཐ་དད་པ་མེད་པ་ཡིན་ནོ། །འོན་ཏེ་མ་ཡིན་པའི་ངོ་བོ་ཞེས་བྱ་བའི་ཕྱོགས་ཡིན་ན་ནི། དེའི་ཚེ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་དངོས་པོའི་ངོ་བོ་དོན་བྱེད་པར་རུང་བར་ཁས་བླངས་པར་འགྱུར་བས་མི་འདོད་པར་འགྱུར་བ་མ་ཡིན་ནོ་ཞེས་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ། རྣམ་པར་རྟོག་པ་འདི་ནི་གཞན་གྱིས་ཀུན་བརྟགས་པ་དབང་ཕྱུག་ལ་སོགས་པ་དགག་པ་ལ་ཡང་ཐམས་ཅད་དུ་མཚུངས་པ་ཉིད་དོ། །འདི་ལྟར་དབང་ཕྱུག་ལ་སོགས་པ་དེ་ནི་གདོན་མི་ཟ་བར་ཁྱབ་བར་བྱེད་པའི་ཆོས་བཀག་པ་ཁོ་ནས་དགག་པར་བྱ་དགོས་ཏེ། ཤིན་ཏུ་ལྐོག་ཏུ་གྱུར་པ་དེ་མངོན་སུམ་དུ་དགག་པར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་ཀླན་ཀ་ཐམས་ཅད་དེར་ཡང་ཅི་སྟེ་འབྱུང་བར་མི་འགྱུར། གང་ཡང༌། དེ་ནི་གཅིག་ན་ཡུལ་མིན་ལ། །ཐ་དད་རྡུལ་དུ་དུ་མའང་མིན། །ཞེས་བྱ་བ་དང༌། དེ་བཞིན་དུ། དངོས་རྣམས་གང་དུ་རྣམ་དཔྱད་ན། །དེ་ཡི་ངོ་བོར་ཡང་


DTG107_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

དག་མེད། གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་ངོ་བོ་མེད། །ཅེས་བྱ་བ་ལ་སོགས་པས་ཕྱིའི་དོན་ལ་སོགས་པ་ཀུན་བརྟགས་པ་འགོག་པ་དེ་ལ་ཡང་ཀླན་ཀ་འདི་ཅི་སྟེ་འབྱུང་བར་མི་འགྱུར། གལ་ཏེ་ཡང་ངོ་བོ་ཉིད་མེད་པ་ལ་གོ་བར་བྱེད་པ་ཉིད་མེད་ན་དེའི་ཚེ་རྟའི་རྭ་གོ་བར་བྱེད་པ་མ་ཡིན་པ་ཉིད་ཀྱང་ཅི་སྟེ་ཉེ་བར་དགོད། ཁྱོད་ཀྱི་ཉེ་བར་བརྗོད་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་གང་ཡིན་པ་དེ་ནི་ཅུང་ཟད་ཀྱང་གོ་བར་མི་བྱེད་ཅེས་བྱ་བ་ལ་སོགས་པའི་སྦྱོར་བ་དེ་ཉིད་ལ་ཡང་བསྒྲུབ་པར་བྱ་བ་དང༌། སྒྲུབ་པར་བྱེད་པ་དགག་པའི་ངོ་བོ་དག་ཇི་ལྟར་གོ་བར་བྱ་བ་དང༌། གོ་བར་བྱེད་པའི་དངོས་པོ་ཡིན། དེ་ལྟ་བས་ན་སྦྱོར་བ་འདི་མཚོན་ཆའི་ཐབས་བསླབ་པ་ཉེས་པར་བྱེད་པ་བཞིན་དུ་རང་ལ་གནོད་པར་བྱེད་པ་ཉེ་བར་བཀོད་པ་འབའ་ཞིག་ཏུ་ཟད་པས་སྦྱོར་བ་ལ་ཏེ་པོར་མཁས་པ་ཡང་མ་ཡིན་ནོ། །ཐམས་ཅད་ཀྱི་དངོས་པོ་ཐམས་ཅད་རྟག་ཏུ་གཏན་ལ་འབེབས་པར་ཐལ་བར་འགྱུར་བའི་ཕྱིར་རྟགས་དངོས་པོར་གྱུར་པ་ཁོ་ན་གོ་བར་བྱེད་པ་ཉིད་དུ་ནི་སུ་ཡང་མི་འདོད་དེ། གདོན་མི་ཟ་བར་གང་ཡང་རུང་བ་ལ་རྟགས་གང་ཡང་རུང་བ་བཞིན་གོ་བར་བྱེད་པར་གནས་པའི་ཕྱིར་རོ། །དེ་ལྟ་བས་ན་རྟགས་ངེས་པ་ཁོ་ན་མངོན་སུམ་དུ་གོ་བར་བྱེད་པ་ཡིན་ཏེ། བསྒྲུབ་པར་བྱ་བའི་རྣམ་པ་ལ་ངེས་པ་སྐྱེད་པའི་ཕྱིར་རོ། །རྟགས་ནི་ཉེ་བར་འདོགས་པའི་སྒོ་ཁོ་ན་ནས་གོ་བར་བྱེད་པར་གཞག་གོ་ཞེས་བྱ་བར་རིག་སྟེ། དེས་ན་རྟགས་ངོ་བོ་ཉིད་མེད་པ་ཡིན་ཡང་དེའི་རྣམ་པར་ངེས་པ་ནི་འདོད་པའི་བསྒྲུབ་པར་བྱ་བའི་རྣམ་པ་གཏན་ལ་འབེབས་པ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་གོ་བར་བྱེད་པ་ཉིད་དུ་ཉེ་བར་བརྟགས་པས་ཉེས་པ་མེད་དོ། །ཐམས་ཅད་དུ་རྟགས་དངོས་པོར་གྱུར་པ་ཁོ་ན་དགོད་པ་ཡང་མ་ཡིན་ཏེ། ནམ་མཁའ་ལ་སོགས་པ་དགག་པ་ལ་རྟགས་ཉིད་བརྟགས་པ་ཁོ་ན་ཡིན་ནོ་ཞེས་སྔར་བསྟན་ཟིན་པའི་ཕྱིར་རོ། །གང་ཡང་འབྲེལ་པ་མེད་པའི་ཕྱིར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་ལ་ཡང་གལ་ཏེ་འབྲེལ་པ་དངོས་པོར་གྱུར་བ་ཞིག་གཏན་ཚིགས་ཉིད་དུ་བརྗོད་པར་འདོད་ན་ནི་དེའི་ཚེ་གཏན་ཚིགས་མ་ངེས་པ་མ་ཡིན་ཏེ། དངོས་པོ་ལ་ཡང་ལ་ལར་དེ་ལྟ་བུའི་འབྲེལ་པ་མ་གྲུབ་པའི་ཕྱིར་རོ། །དེ་ནི་གཞན་དག་གིས་གཉིས་ལ་བརྟེན་པ་ཉིད་དང༌། ངོ་བོ་ཉིད་


DTG107_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཚུན་འབྱར་བའི་རྒྱུ་ཅན་ཉིད་དུ་ཉེ་བར་བརྟགས་པའི་ཕྱིར་ལ། གྲུབ་ཟིན་པ་གཉིས་ནི་ངོ་བོ་ཉིད་ཕན་ཚུན་འབྱར་བར་འཐད་པ་ཡང་མ་ཡིན་ཏེ། རང་གི་ངོ་བོ་ཉིད་ལ་གནས་པའི་ཕྱིར་རོ། །འབྱར་ན་ནི་གཉི་ག་གཅིག་པུ་ཉིད་དུ་འགྱུར་ཏེ། དེ་ནི་འགལ་ལོ། །གཅིག་པ་ཉིད་ཡིན་ན་ནི་འདི་གཉིས་ལ་བརྟེན་པར་མི་འགྱུར་རོ། །དེ་ལ་འབྲེལ་པ་ཅན་དག་ལས་དོན་གཞན་ཡིན་ན་ནི་རང་གི་ངོ་བོ་ཉིད་ལ་གནས་པའི་ཕྱིར་ཇི་ལྟར་འབྲེལ་བའི་ངོ་བོ་ཉིད་ཡིན། དོན་གཞན་མ་ཡིན་པ་ཉིད་ཡིན་ན་ནི་འབྲེལ་པ་ཅན་ཙམ་དུ་ཟད་པའི་ཕྱིར་འབྲེལ་པ་བརྟགས་པ་ཁོ་ན་ཡིན་པར་འགྱུར་གྱི་དངོས་པོ་ནི་མ་ཡིན་ནོ། །འབྲེལ་པ་དེ་ལས་བྱུང་བའི་མཚན་ཉིད་དུ་བརྗོད་པ་གང་ཡིན་པ་དེ་ཡང་བརྟགས་པ་ཁོ་ན་ཡིན་ཏེ། རྒྱུ་དང་འབྲས་བུ་དག་ཅིག་ཅར་མི་སྲིད་པའི་ཕྱིར་རོ། །མི་ཉེ་བ་དག་ལ་ནི་འབྲེལ་པ་ཡོད་པ་མ་ཡིན་ནོ། །གཞན་ཡང་གང་གི་ཚེ་འབྲས་བུ་ཡོངས་སུ་གྲུབ་པའི་ངོ་བོ་ཡིན་པ་དེའི་ཚེ་དེ་ལྟོས་པ་མེད་པ་ཉིད་ཀྱིས་གཞན་ལ་རག་མ་ལས་པ་ཁོ་ན་ཡིན་པས་གང་དང་ཡང་འབྲེལ་པ་མེད་དོ། །དེ་ཡོངས་སུ་མ་གྲུབ་པ་ཉིད་ཡིན་ན་ཡང་རང་གི་རྒྱུ་དང་འབྲེལ་པ་ཅན་ཡིན་པའི་དུས་ན་མི་ཉེ་བའི་ཕྱིར་དེ་དང་འབྲེལ་བ་མེད་དོ། །དེ་ལྟ་བས་ན་རྟོག་པ་ཁོ་ནས་དངོས་པོ་རྣམས་སྦྱོར་བར་བྱེད་དེ། རང་གི་རྒྱུ་ལས་གྲུབ་པའི་ཕྱིར། །འབྲས་བུར་ག་ལས་མེད་ན་ཡང༌། །གྲུབ་པ་གཞན་རག་མ་ལས་པའང༌། །འབྲས་བུ་རང་གི་རྒྱུ་དག་ལས། །རྟོག་པ་ཡིས་ནི་འབྲེལ་བར་བྱེད། །འབྲས་མིན་ཇི་ལྟར་ཡང་ཅི་ཞིག །ཅེས་ཀྱང་བཤད་དོ། །དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་ཡང་ཡང་དག་པ་བ་མ་ཡིན་ཏེ། དེ་ནི་གཉིས་ལ་བརྟེན་པའི་ཕྱིར་ལ། དེའི་བདག་ཉིད་ཡིན་ན་ཡང་གཉིས་ཉིད་མི་རུང་བའི་ཕྱིར་རོ། །གཉིས་ཉིད་མེད་ན་ཡང་འབྲེལ་བ་ཅན་དག་མེད་པའི་ཕྱིར་གང་ཞིག་གང་དང་འབྲེལ་བ་ཡིན། དེ་ལྟ་བས་ན་འབྲེལ་པ་ཐམས་ཅད་རྟོག་པས་བཀོད་པའི་བདག་ཉིད་ཡིན་པའི་ཕྱིར་དངོས་པོ་མེད་པ་ལ་འཇུག་ན་ཡང་ཉམས་པ་མེད་པ་ཉིད་པས་གཏན་ཚིགས་མ་གྲུབ་པ་ཉིད་དོ། །གཞན་ཡང་གལ་ཏེ་འབྲེལ་བ་མེད་པ་ཁོ་ན་ཡིན་ན་ནི་ཇི་ལྟར་ཐ་དད་པ་མེད་པའི་ཕྱིར་ཞེས་གཏན་ཚིགས་གཞན་སྨོས་པར་བྱེད། ཐ་དད་པ་མེད་པ་ཉིད་ཡིན་ན་ནི་དེའི་བདག་ཉིད་ཀྱི་འབྲེལ་པ་


DTG107_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་བསྟན་པར་གྱུར་ཏོ། །གལ་ཏེ་དངོས་པོ་ཁོ་ན་ལ་དེའི་བདག་ཉིད་ཀྱི་འབྲེལ་པ་ཡིན་གྱི་གཞན་ལ་ནི་མ་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། དེའི་བདག་ཉིད་ནི་ཐ་དད་པ་མེད་པའི་རྣམ་གྲངས་ཡིན་པའི་ཕྱིར་ལ། དེ་ནི་ངོ་བོ་ཉིད་མེད་པ་དག་ཀྱང་བདག་མེད་པ་ཉིད་དུ་མཚུངས་པས་འགལ་བ་མེད་པ་ཁོ་ནའོ། །དེ་ལྟ་མ་ཡིན་ན་ཐ་དད་པ་མེད་པའི་ཕྱིར་ཞེས་བྱ་བ་ཡང་བརྗོད་པར་མི་བྱ་བར་འགྱུར་རོ། །དེ་ལ་ཐ་དད་པ་མེད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་གལ་ཏེ་དོན་དམ་པའི་དབང་དུ་བྱས་ནས་བརྗོད་ན་ནི་དེའི་ཚེ་མ་ངེས་པ་ཡིན་ཏེ། བྱས་པ་དང་མི་རྟག་པ་ལྟ་བུ་དོན་དམ་པར་ཐ་དད་པ་མེད་པ་ཡིན་ཡང་གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོ་མཐོང་བའི་ཕྱིར་རོ། །འོན་ཏེ་ཐ་སྙད་དུ་ཡང་འདི་ལ་ཐ་དད་པ་མེད་དོ་ཞེས་བྱ་བར་འདོད་ན་ནི་དེ་མ་གྲུབ་སྟེ། ལྡོག་པའི་བྱེ་བྲག་གིས་ཉེ་བར་བརྟགས་པའི་ཐ་དད་པ་ཡོད་པའི་ཕྱིར་རོ། །འདི་ལྟར་སྒྲ་ལ་སོགས་པའི་ཆོས་ཅན་བྱས་པ་མ་ཡིན་པ་ལ་སོགས་པ་ལས་ལོག་པ་ཉིད་དུ་ངེས་པ་ན། རྟག་པ་ལ་སོགས་པ་ལས་ལོག་པར་ངེས་པར་འགྱུར་བས་ཡང་དག་པར་ཐ་དད་པ་མེད་ཀྱང་ལྡོག་པའི་བྱེ་བྲག་ལ་ལྟོས་ནས་བྱས་པ་ཉིད་དང༌། མི་རྟག་པ་ཉིད་དག་ཐ་དད་པར་རྣམ་པར་གཞག་པར་ཉེ་བར་བརྟགས་ཏེ་གོ་བར་བྱ་བ་དང༌། གོ་བར་བྱེད་པའི་དངོས་པོ་རྣམ་པར་གཞག་གོ །དེ་བཞིན་དུ་དངོས་པོ་རྣམས་ཡང་དག་པར་ན་གཟུགས་བརྙན་ལ་སོགས་པ་བཞིན་དུ་གཅིག་དང་དུ་མའི་རང་བཞིན་ལས་ལྡོག་པ་ན་དོན་དམ་པ་པའི་ངོ་བོ་ཉིད་ལས་ཀྱང་ལྡོག་པར་ངེས་པས་དེའི་ཕྱིར་ལྡོག་པའི་བྱེ་བྲག་ལ་ལྟོས་པས་བྱས་པའི་ཐ་དད་པ་ཡོད་པའི་ཕྱིར་གོ་བར་བྱ་བ་དང༌། གོ་བར་བྱེད་པའི་དངོས་པོར་འགྱུར་རོ། །ཡང་ཇི་ལྟར་དངོས་པོ་རྟག་པ་དོན་བྱེད་པའི་ནུས་པ་ལས་ལོག་པ་ཉིད་ཀྱིས་དངོས་པོའི་ངོ་བོ་ཉིད་ལས་ལོག་པ་ཉིད་དུ་སྒྲུབ་པ་ལྟར་གཞན་ལ་ཡང་དེ་དང་འདྲ་བས་འགལ་བ་མེད་པ་ཉིད་དོ། །གང་ཡང་གལ་ཏེ་འདི་གཉིས་ཀྱིས་ཐ་དད་པ་ལྡོག་པའི་བྱེ་བྲག་གིས་བྱས་པ་ཞིག་ཡིན་ན་དེའི་ཚེ་དངོས་པོ་ཉིད་དུ་འགྱུར་ཏེ། སྔོན་པོ་དང་སེར་པོའི་བདག་ཉིད་ལྟ་བུའོ་ཞེས་སྨྲས་པ་དེ་ཡང་འབྲེལ་པ་མེད་དེ། བྱས་པ་དང་མི་རྟག་པ་ཉིད་ལ་སོགས་པས་མ་ངེས་པའི་ཕྱིར་རོ། །བྱས་པ་ཉིད་དང་མི་རྟག་པ་ཉིད་དག་


DTG107_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཐ་དད་པ་ལྡོག་པས་བྱས་ཞེས་ཏེ། འདི་ཙམ་གྱིས་དེ་གཉིས་དངོས་པོར་ནི་མི་འགྱུར་རོ། །ཇི་ལྟར་རྟག་པའི་དངོས་པོ་དག་ལ་དོན་བྱེད་པའི་ནུས་པ་དང་བྲལ་བ་དང༌། ངོ་བོ་ཉིད་མེད་པ་ལྡོག་པས་བྱས་པའི་བྱེ་བྲག་ཡོད་ཀྱང་དངོས་པོ་ཉིད་དུ་མི་འགྱུར་བ་ལྟར་གཞན་ལ་ཡང་དེ་དང་འདྲ་བས་འདི་ནི་གྱི་ནའོ། །གང་ཡང་སྔོན་པོ་དང་སེར་པོའི་བདག་ཉིད་དག་ལྟ་བུའོ་ཞེས་དཔེ་དེ་ཉིད་དུ་སྨྲས་པ་དེ་ཡང་དོན་དམ་པ་པའི་དངོས་པོའི་ངོ་བོ་ཉིད་དུ་མ་གྲུབ་པའི་ཕྱིར་རིགས་པ་མ་ཡིན་པ་ཉིད་དོ། །གང་ཡང་མ་ཡིན་པའི་ཕྱོགས་ལ་ཉེས་པ་སྨྲས་པ་དེ་ཡང་རིགས་པ་མ་ཡིན་པ་ཁོ་ན་སྟེ། མ་ཡིན་པའི་ཚུལ་དུ་བརྗོད་ཅེས་ཏེ། འདི་ཙམ་གྱིས་ནི་འགའ་ཡང་གང་དུ་ཡང་དོན་དམ་པ་པའི་དངོས་པོ་ཉིད་དུ་མ་གྲུབ་སྟེ། ནམ་མཁའ་ལ་སོགས་པ་བརྟགས་པ་ལུས་ཅན་མ་ཡིན་པ་ལ་སོགས་པའི་ཚིག་ཏུ་བརྗོད་ཀྱང་དངོས་པོ་མེད་པའི་ཕྱིར་རིགས་པ་མ་ཡིན་པ་ཉིད་དོ། །དེ་ལ་བློ་ལ་ཡོད་པའི་ཆོས་ཅན་སྔར་བཤད་པ་གང་ཡིན་པ་དེ་ཡང་མ་ཡིན་པའི་ཚུལ་གྱིས་དེ་སྐད་དུ་བརྗོད་མོད་ཀྱི། འོན་ཀྱང་འདི་ཡང་དག་པ་པའི་དངོས་པོ་ཉིད་དུ་རིགས་པ་དང་ལྡན་པ་མ་ཡིན་ནོ། །དངོས་པོ་ཡོད་པར་སྨྲ་བ་རྣམས་ལ་ཡང་གང་གིས་ན་གྲུབ་པ་སྒྲུབ་པ་ཉིད་དུ་འགྱུར་བ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་དངོས་པོ་ཡང་དག་པ་དེ་ནི་ཅུང་ཟད་ཀྱང་མེད་དེ། དེ་ནི་རྟོག་པའི་ཡུལ་ཡང་མ་ཡིན་པའི་ཕྱིར་དང༌། གཅིག་དང་དུ་མ་དག་གིས་ཀྱང་རང་བཞིན་ཐམས་ཅད་ལ་ཁྱབ་པར་སྔར་བསྒྲུབ་པའི་ཕྱིར་རོ། །དོན་དམ་པར་ངོ་བོ་ཉིད་མེད་པ་སྒྱུ་མ་ལ་སོགས་པ་དང་ཁྱད་པར་མེད་པ་དེ་ལྟ་བུ་ལ་ཡང་དངོས་པོ་ཞེས་མིང་དུ་འདོགས་ན་ནི་ཅུང་ཟད་ཀྱང་གནོད་པ་མེད་དེ། ཁྱེད་གཉིས་ལ་ཁས་བླངས་པའི་ཕྱོགས་ཉམས་པའི་སྒོ་ནས་གནོད་པ་འབའ་ཞིག་ཏུ་ཟད་དེ། དེའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་ནོ། །འགལ་བ་ཉིད་ཀྱང་མ་ཡིན་ཏེ། གཟུགས་བརྙན་ལ་སོགས་པ་མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་རོ། །གཟུགས་བརྙན་ལ་སོགས་པའི་དངོས་པོ་ནི་གཅིག་དང་དུ་མའི་རང་བཞིན་དོན་དམ་པ་པར་རུང་བ་མ་ཡིན་ཏེ། དེ་ཡང་ཡང་དག་པར་ན་ཤེས་པ་དང་ཤེས་བྱའི་ངོ་བོ་ཉིད་དུ་ཡང་དག་པར་མ་གྲུབ་བོ་ཞེས་སྔར་བསྟན་ཟིན་ཏོ། །འདི་ལྟར་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་མཚན་ཉིད་


DTG107_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཏན་ཚིགས་བདག་མེད་པར་བསྒྲུབས་པ་ལྟར་ཆོས་ཅན་དངོས་པོ་མེད་པ་ཡང་དེ་དང་འདྲ་བས་ཆོས་ཅན་ལས་བཟློག་པ་བསྒྲུབ་པའི་ཕྱིར་གཏན་ཚིགས་འགལ་བ་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེ་ནི་གཅིག་ཏུ་ཚད་མས་མངོན་པར་མི་ཤེས་པ་ཉིད་འབའ་ཞིག་ཏུ་ཟད་དེ། གལ་ཏེ་ཆོས་ཅན་དངོས་པོའི་ངོ་བོར་བསྒྲུབ་པར་འདོད་པར་འགྱུར་ན་ནི་དེའི་ཚེ་དེ་ལས་ལྡོག་པ་སྒྲུབ་པའི་ཕྱིར་གཏན་ཚིགས་འགལ་བར་ཡང་འགྱུར་བ་ཞིག་ན། གང་གི་ཚེ་དེ་ངོ་བོ་ཉིད་མེད་པ་ཉིད་དུ་གྲུབ་པ་ལ་སྒྲུབ་པར་བྱེད་པ་དེའི་ཚེ་ཇི་ལྟར་རྒོལ་བའི་འདོད་པ་གྲུབ་ཀྱང་གཏན་ཚིགས་འགལ་བ་ཉིད་དུ་འགྱུར། རང་བཞིན་མེད་པ་ཉིད་དུ་སྒྲུབ་པ་ལ་ནི་དངོས་པོའི་ངོ་བོ་ཆོས་ཅན་ཉིད་དུ་ཡང་མི་འགྱུར་ཏེ། རྗེས་སུ་མཐུན་པ་མ་ཡིན་པའི་ཕྱིར་རོ་ཞེས་སྔར་བསྟན་ཟིན་ཏོ། །དེའི་ཕྱིར་བསྒྲུབ་པར་བྱ་བ་དང་སྒྲུབ་པས་ཇི་སྐད་བཤད་པ་ལ་ཆོས་ཅན་དངོས་པོར་གྱུར་པ་མ་ཡིན་པ་ཁོ་ནར་འདོད་པའི་ཕྱིར་འདི་ལྟར་གཏན་ཚིགས་དེ་ལས་བཟློག་པ་བསྒྲུབ་པ་ཉིད་ཡིན། དངོས་པོའི་ངོ་བོ་ཉིད་དུ་སྒྲུབ་པ་ལ་ནི་དེ་ལས་བཟློག་པ་སྒྲུབ་པར་འགྱུར་རོ། །འདིའི་ཇི་ལྟར་གཏན་ཚིགས་འདི་བདག་མེད་པ་སྒྲུབ་པར་བྱེད་པ་ལྟར་ཆོས་ཅན་དངོས་པོ་མེད་པ་ཡང་དེ་དང་འདྲའོ་ཞེས་བརྗོད་པ་འདི་ཡང་འབྲེལ་པ་མེད་པ་ཡིན་ཏེ། བདག་མེད་པ་དང་དངོས་པོ་མེད་པ་དག་ལ་ནི་གང་གིས་ནི་ཆོས་གཉིས་གྲུབ་པར་བརྗོད་པས་གཏན་ཚིགས་འགལ་བ་ཉིད་དུ་བརྗོད་པར་འགྱུར་པ་ལྡོག་པས་ཀྱང་ཕན་ཚུན་ཐ་དད་པ་ཡོད་པ་མ་ཡིན་ཏེ། དེ་གཉིས་ནི་རྣམ་གྲངས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཇི་ལྟར་བདག་མེད་པ་སྒྲུབ་པར་བྱེད་པ་དེ་བཞིན་དུ་བདག་མེད་པ་སྒྲུབ་པར་བྱེད་དོ་ཞེས་སྨྲས་པར་འགྱུར་ཏེ། མངོན་པར་བརྗོད་པ་ལ་མཁས་པ་དེ་ལྟ་བུ་ལྟ་སུ་ཞིག་ལ་ཡོད་པར་འགྱུར། དེ་ལྟ་བས་ན་ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་དུ་གྲུབ་པ་ཁོ་ན་ཡིན་ནོ། །གཏན་ཚིགས་འདི་ནི་བཅོམ་ལྡན་འདས་ཉིད་ཀྱིས་བཀའ་སྩལ་ཏེ། དཔེར་ན་མེ་ལོང་ངོས་ལ་ནི། །གཅིག་དང་གཞན་ཉིད་སྤངས་པའི་གཟུགས། །སྣང་ཡང་དེ་ན་ཡོད་མིན་ལྟར། །དངོས་ལ་ངོ་བོ་ཉིད་དེ་བཞིན། །ཞེས་བཤད་པ་གང་ཡིན་པའོ། །དེའི་ཕྱིར་རང་བཞིན་མེད་པར་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་ཅུང་ཟད་ཀྱང་མེད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་ལན་བཏབ་


DTG107_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །གང་ཡང་གལ་ཏེ་རྣམ་པར་ཤེས་པ་ཡང་ཆོས་གཞན་བཞིན་དུ་ངོ་བོ་ཉིད་མེད་པ་ཡིན་ན་དེའི་ཚེ་དེ་ཡང་བརྫུན་པའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་དེ་ལས་གཞན་པའི་ཆོས་བཞིན་དུ་སྤོང་བར་བྱེད་པར་འགྱུར་རོ། །དེ་བྱེད་ན་ནི་རྣལ་འབྱོར་བ་ཡང་མེད། རྣལ་འབྱོར་པའི་ཤེས་པ་ཡང་མེད། དེས་དེ་ཁོ་ན་ཉིད་རྟོགས་པའང་མེད། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པ་ཡང་མེད། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་མེད་དེ། དེའི་ཕྱིར་རྣམ་པར་གཞག་པ་ཐམས་ཅད་ཞིག་པར་འགྱུར་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ། གལ་ཏེ་ཐལ་བ་འདི་དེ་ལས་བདེན་པར་མངོན་པར་ཞེན་པ་སྤོང་བའི་སྒོ་ནས་སྤོང་བ་ཡིན་པར་བརྗོད་པ་ཡིན་ན་ནི་དགའ་དགུར་བརྗོད་ལ་རག་གོ །དེ་ལྟར་འདོད་པའི་ཕྱིར་ཐལ་བ་ནི་མ་ཡིན་པ་ཉིད་དེ། དེའི་མཚན་ཉིད་ནི་མི་འདོད་པར་བྱེད་པ་ཡིན་པའི་ཕྱིར་རོ། །འོན་ཏེ་ཐལ་བ་རྣམ་པ་ཐམས་ཅད་དུ་ཡོངས་སུ་འདོར་བ་ཡིན་པར་བརྗོད་ན་ནི་དེའི་ཚེ་གཏན་ཚིགས་མ་ངེས་པ་ཉིད་ཡིན་ཏེ། བསྒྲུབ་པར་བྱ་བ་ལས་བཟློག་པ་གནོད་པ་ཅན་གྱི་ཚད་མ་མེད་པའི་ཕྱིར་རོ། །བརྫུན་ཞེས་ཏེ་དེ་རྣམ་པ་ཐམས་ཅད་དུ་སྤང་བར་བྱའོ་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཡང་མེད་དེ། སྒྱུ་མ་བརྫུན་པ་ཉིད་ཡིན་ཡང་དགོས་པའི་དབང་གིས་སྒྱུ་མ་མཁན་རྣམས་བཞིན་དུ་བརྟེན་པའི་ཕྱིར་རོ། །བརྫུན་པ་གང་དག་ནམ་ཡང་རང་དང་གཞན་གྱི་དོན་དུ་ཉེ་བར་སྦྱོར་བར་མི་འགྱུར་བ་དེ་དག་ནི་རྣལ་འབྱོར་པ་རྣམས་ཀྱིས་ཐམས་ཅད་དུ་ཡོངས་སུ་དོར་བའི་མཚན་ཉིད་ཀྱི་སྤང་བར་བརྗོད་དོ་ཞེས་བྱ་བར་རིགས་ཀྱི། གང་དག་མངོན་སུམ་མམ། བརྒྱུད་པས་རང་དང་གཞན་ལ་དགོས་པའི་ཡོན་ཏན་ཅན་དེ་དག་སྙིང་བརྩེ་བ་ཆེན་པོ་ཅན་གཞན་ལ་ཕན་པ་བསྐྱེད་པའི་ཐབས་ཐོབ་པ་རྣམས་ཀྱིས་ཇི་ལྟར་དུས་ཐམས་ཅད་དུ་ཡོངས་སུ་སྤོང་བར་འགྱུར། དེ་ལྟ་བས་ན་ཞིང་ཡོངས་སུ་དག་པ་དང་གཟུགས་ཀྱི་སྐུ་སྤྲུལ་པ་ལ་སོགས་པ་གང་ཅུང་ཟད་གཞན་ལ་དགོས་པ་ཉིད་དུ་འགྱུར་བ་དེ་ཐམས་ཅད་ནི་བཅོམ་ལྡན་འདས་རྣམས་ཀྱིས་ཕྱིན་ཅི་ལོག་སྤངས་པའི་སྒོ་ནས་སྤངས་ཀྱང་འཁོར་བ་ཇི་སྲིད་པར་མི་ལྡོག་པ་ཉིད་དེ། དེ་དག་གིས་སྒྱུ་མ་མཁན་བཞིན་དུ་ཐམས་ཅད་བརྫུན་པ་ཉིད་དུ་ཐུགས་སུ་ཆུད་ཀྱང༌། གཞན་ལ་ཕན་


DTG107_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐབས་ཡིན་པའི་ཕྱིར་རྣམ་པར་མི་འདོར་རོ། །འདི་དག་ལ་ཕྱིན་ཅི་ལོག་ལ་ཆགས་པ་ཡང་མེད་དེ། ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པའི་ཕྱིར་རོ། །དེ་སྐད་དུ་འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ཀྱང༌། དཔེར་ན་སྒྱུ་མའི་མཁན་པོ་འགའ། །སྒྱུ་མ་ཐར་པར་བྱ་ཕྱིར་བརྩོན། །གང་ཕྱིར་དཔེ་འདི་སྔོན་ཤེས་པས། །སྒྱུ་མ་ལ་ནི་འདི་མི་ཆགས། །དེ་བཞིན་སྲིད་གསུམ་སྒྱུ་མ་ལྟར། །རྫོགས་པའི་བྱང་ཆུབ་མཁས་པས་མཁྱེན། །འགྲོ་བའི་དོན་དུ་གོ་བགོས་ཏེ། །འགྲོ་བ་སྔ་ནས་མཁྱེན་པ་ཡིན། །ཞེས་གསུངས་སོ། །དངོས་པོ་ཉིད་ཁོ་ན་བླང་བའི་རྒྱུ་ཡང་མ་ཡིན་ལ། དངོས་པོ་མེད་པ་ཉིད་ཡོངས་སུ་དོར་བའི་རྒྱུ་ཡང་མ་ཡིན་ཏེ། འདི་ལྟར་ཉན་ཐོས་དངོས་པོའི་འདུ་ཤེས་ཅན་རྣམས་ཀྱང་བདེན་པ་དང་པོ་གཉིས་ནི་རྣམ་པར་སྤོང་ལ། བདེན་པ་གསུམ་པ་ནི་དངོས་པོ་མེད་ཀྱང་ལེན་ཏོ། །རྣལ་འབྱོར་པ་ཐུགས་རྗེས་ནོན་པའི་ཡིད་ཀྱིས་གཞན་གྱི་དོན་གྱི་ཆེད་དུ་གླང་པོ་ཆེ་ལ་སོགས་པ་བརྫུན་པ་སྤྲུལ་པ་ཡང་རྣམ་པ་སྣ་ཚོགས་བསྒྲུབ་བོ། །དེ་ལ་སྙིང་བརྩེ་བ་ཆེན་པོས་གཞན་གྱི་དབང་གིས་གཞན་ལ་ཕན་པ་དང་བདེ་བ་མ་ལུས་པའི་ཐབས་བྱས་པ། ཤེས་རབ་ཀྱི་སྣང་བ་ཕུལ་དུ་ཕྱིན་པས་ཀུན་ཏུ་རྨོངས་པའི་མུན་པ་མ་ལུས་པར་བསལ་བ། གཞན་ལ་ཕན་པར་བཞེད་པའི་བློ་གྲོས་དང་ལྡན་པ་རྣམས་ནི་ཕྱིན་ཅི་ལོག་མ་ལུས་པར་སྤངས་ཀྱང་སྔོན་གྱི་སྨོན་ལམ་གྱི་དབང་གིས་སེམས་ཅན་དང༌། ལས་དང༌། ཉོན་མོངས་པ་དང༌། ནམ་མཁའི་མཐར་ཐུག་པ་ཇི་ཙམ་པར་གནས་པར་འདོད་པ་ཁོ་ནའོ། །འདི་ལྟར་དངོས་པོ་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པ་ཁོ་ན་ཡིན་ཡང་སྒྱུ་མ་བཞིན་དུ་རང་གི་རྒྱུ་དང་རྐྱེན་ཚོགས་པའི་གཞན་གྱི་དབང་ཁོ་ན་ལས་འབྱུང་ངོ༌། །རྒྱུ་དང་ལྡན་པ་ཞེས་དེ་དག་དངོས་པོ་ཡོད་པར་འགྱུར་བ་ནི་མ་ཡིན་ཏེ། རྗེས་སུ་འགྲོ་བ་མ་གྲུབ་པའི་ཕྱིར་དང༌། སྒྱུ་མ་ལ་སོགས་པས་ཀྱང་འཁྲུལ་པའི་ཕྱིར་རོ། །བརྫུན་པ་ཡང་གང་ཞིག་ལ་རང་དང་འཚམ་པའི་རྒྱུ་རྒྱུད་པ་མེད་པ་དེ་ནི་ཐ་སྙད་དུ་ཡང་འབྱུང་བ་མེད་དོ་ཞེས་སྔར་བཤད་ཟིན་ཏོ། །དེའི་ཕྱིར་ཇི་ལྟར་སྒྱུ་མ་ལ་སོགས་པ་རང་གི་རྒྱུ་ཚོགས་པའི་གཞན་གྱི་དབང་གིས་འབྱུང་བ་དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་ཡེ་ཤེས་ལ་སོགས་པའི་སྒྱུ་མ་མ་བརྟགས་ན་དགའ་བ་དག་


DTG107_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འབྱུང་བ་ཁོ་ནའོ། །དེ་ལ་རྣལ་འབྱོར་པའི་ཡེ་ཤེས་ལ་སོགས་པའི་སྒྱུ་མའི་རྒྱུ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་ཇི་ལྟ་བའི་རྗེས་སུ་མཐུན་པ་ཡིན་ནོ། །བཅོམ་ལྡན་འདས་རྣམས་ཀྱིས་མི་གནས་པའི་མྱ་ངན་ལས་འདས་པའི་རྒྱུ་ནི་མདོར་ན་ཐུགས་བརྩེ་བ་དང༌། ཤེས་རབ་དག་ཡིན་ཏེ། དེ་དག་ཐུགས་བརྩེ་བས་ནི་མྱ་ངན་ལས་འདས་པ་དེ་གཅིག་པུ་ཞི་བར་ཐུགས་སུ་ཆུད་ཀྱང་ཉན་ཐོས་ལ་སོགས་པ་བཞིན་དུ་མངོན་སུམ་དུ་མི་མཛད་དོ། །ཤེས་རབ་ཀྱིས་ནི་ཀུན་ནས་ཉོན་མོངས་པ་མ་ལུས་པའི་རྒྱུ་ཀུན་ཏུ་རྨོངས་པའི་གོ་སྐབས་ཐག་བསྲིངས་པའི་ཕྱིར་འཁོར་བར་གཏོགས་པའི་ཉེས་པའི་དྲི་མས་མ་སྔགས་པའི་སྒོ་ནས་འཁོར་བར་མི་ལྟུང་བས་འདི་དག་གཉི་ག་ལ་མི་གནས་པར་གྲུབ་པ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པར་རྒྱུ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་རྒྱུ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཞེས་བྱ་སྟེ། དེ་དང་བྲལ་བ་རྣམས་ཉན་ཐོས་ལ་སོགས་པའི་སར་ལྟུང་བའི་ཕྱིར་ཏེ། ཇི་སྐད་དུ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་སྟོང་པ་ཉིད་དང་མཚན་མ་མེད་པ་ཡོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་ཐབས་ལ་མཁས་པས་ཡོངས་སུ་མ་ཟིན་པ་དེ་དག་ནི་ཡང་དག་པའི་མཐའ་མངོན་སུམ་དུ་བྱས་ན་ཉན་ཐོས་སམ། རང་སངས་རྒྱས་སུ་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །སྣང་བ་དང་བཅས་པའི་ཡེ་ཤེས་ལ་སོགས་པས་ནི་འཇིག་རྟེན་ཇི་ལྟ་བ་བཞིན་དུ་གཟིགས་ཏེ། དེ་ཡང་འདི་ལྟར་རྣལ་འབྱོར་པའི་ཏིང་ངེ་འཛིན་མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་དངོས་པོའི་རིགས་ཇི་ལྟར་སྣང་བ་མ་ལུས་པ་ལག་མཐིལ་དུ་སྐྱུ་རུ་རའི་འབྲུ་བཞག་པ་བཞིན་དུ་དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པའི་རྣམ་པར་རྣམ་པ་ཐམས་ཅད་མངོན་སུམ་ཁོ་ནར་ཐུགས་སུ་ཆུད་དོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་རྣམ་པར་གཞག་གོ །རྣལ་འབྱོར་པ་རྣམས་ཀྱིས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དམ་པ་སྤྲོས་པ་ཐམས་ཅད་དང་བྲལ་བ། ཆོས་མ་ལུས་པ་སྣང་བ་མེད་པ། ཡང་དག་པའི་དོན་བསྒོམ་པ་རབ་ཀྱི་མཐའ་ལས་སྐྱེས་པ་གང་ཡིན་པ་དེས་ནི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པར་འགྱུར་བར་སྤྲུལ་པ་བཞིན་དུ་ཐ་


DTG107_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

སྙད་དུ་ཐམས་ཅད་ཡོད་པའི་ཕྱིར་དངོས་པོའི་རིགས་ཇི་ལྟར་ཐམས་ཅད་མཁྱེན་པ་ལ་སོགས་པའི་རྣམ་པར་གཞག་པ་ཞིག་པ་མེད་དེ་དོན་དམ་པར་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་མ་ལས། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་ལགས་ན་དེ་བཞིན་གཤེགས་པ་དང་སྤྲུལ་པ་ཡང་ཁྱད་པར་ཅི་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱད་པར་ཅི་ཡང་མེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཕྲིན་ལས་མཛད་པ་གང་ཡིན་པ་དེ་སྤྲུལ་པ་ཡང་བྱེད་དེ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཀྱང་དེ་བཞིན་གཤེགས་པའི་སྤྲུལ་པ་ལ་སོགས་པ་བྱེད་དོ། །སྤྲུལ་པ་ལ་ནི་འབྱུང་བའམ། ཡོངས་སུ་མྱ་ངན་ལས་འདས་པ་འགའ་ཡང་མེད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་མོས་པར་བྱས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བཤད་དོ། །གང་ཡང་གཟུགས་ལ་སོགས་པ་ནི་ཡུལ་དང་དུས་དང་གནས་སྐབས་ཐ་དད་པའི་སྒོ་ནས་མངོན་སུམ་དུ་གསལ་རབ་ཏུ་སྣང་བའི་ཕྱིར་ངོ་བོ་ཉིད་དང་བཅས་པར་ངེས་ཏེ། དེའི་ཕྱིར་རེ་ཞིག་དང་པོར་དམ་བཅས་པ་ལ་མངོན་སུམ་གྱི་གནོད་པ་ཡིན་ནོ་ཞེས་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ། ཡུལ་དང་དུས་ལ་སོགས་པ་ཐ་དད་པའི་སྒོ་ནས་སྣང་བ་ཙམ་ཁོ་ནས་ནི་མངོན་སུམ་ཉིད་དུ་རིགས་པ་མ་ཡིན་ཏེ། རྨི་ལམ་ལ་སོགས་པ་ན་ཡང་དེ་ལྟར་སྣང་བའི་ཕྱིར་རོ། །དངོས་པོ་རྣམས་ནི་དོན་དམ་པར་ངོ་བོ་ཉིད་མེད་པར་སྒྲུབ་པར་འདོད་ལ། དོན་དམ་པ་པའི་ངོ་བོ་ཉིད་ནི་མངོན་སུམ་དུ་མ་གྲུབ་པོ་ཞེས་སྔར་བསྟན་ཟིན་ཏོ། །གཞན་ཡང་གལ་ཏེ་ནོར་བའི་མངོན་སུམ་ལ་སྣང་བའི་ཕྱིར་ཞེས་ཏེ། མངོན་སུམ་གྱིས་གནོད་པར་འདོད་ན་ནི་དེ་གནོད་པ་མ་ཡིན་པ་ཉིད་དེ། འདི་རབ་རིབ་ཅན་ལ་སོགས་པའི་མངོན་སུམ་གྱིས་མིག་ལམ་དུ་གནས་པས་དམིགས་པ་ཟླ་བ་གཅིག་ལ་སོགས་པ་ལ་གནོད་པར་ནི་རིགས་པ་མ་ཡིན་ནོ། །འོན་ཏེ་མ་འཁྲུལ་པའི་མངོན་སུམ་ལ་སྣང་བའི་ཕྱིར་ཞེས་བྱ་བར་འདོད་ན་དེ་ནི་མ་གྲུབ་པ་ཡིན་ཏེ། ཚུ་རོལ་མཐོང་བ་རྣམས་ཀྱི་མངོན་སུམ་ནི་དེ་ཁོ་ན་ཉིད་ཀྱི་དོན་ལ་མ་འཁྲུལ་པ་མེད་དོ་ཞེས་སྔར་བསྟན་ཟིན་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང༌། མིག་དང་རྣ་བ་སྣ་ཡང་


DTG107_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མ་མིན། །ལྕེ་དང་ལུས་དང་སེམས་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །འདི་ལྟར་དབང་པོ་འདི་དག་ཚད་མིན་ཏེ། །ངོ་བོ་ཉིད་ཀྱིས་བེམས་པོ་ལུང་མ་བསྟན། །དེ་ཕྱིར་མྱ་ངན་འདས་པའི་ལམ་འདོད་གང༌། །དེས་ནི་འཕགས་པའི་ལམ་གྱིས་བྱ་བ་བྱོས། །ཞེས་བཤད་དོ། །དེ་ལྟ་བས་ན། དེ་བཞིན་གཤེགས་པའི་མངོན་སུམ་ཉིད་འབའ་ཞིག་དོན་དམ་པ་ལ་མ་འཁྲུལ་པ་ཡིན་ནོ། །དེ་དག་གིས་ནི་ཡང་དག་པའི་དངོས་པོ་ཅུང་ཟད་ཀྱང་མ་དམིགས་ཏེ། ཇི་སྐད་དུ་རབ་འབྱོར་འདི་ལྟར་སྐྱེས་བུ་རྨོངས་པ་ལོང་བ་མིག་མེད་པ་དེ་དག་ནི། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་བར་གང༌། དེ་བཞིན་གཤེགས་པའི་སྤྱན་ལྔས་མ་དམིགས་པ་དེ་ལ་ཡོད་པར་འདོད་དོ་ཞེས་བྱ་བ་རྒྱས་པར་གསུངས་པ་ལྟ་བུའོ། །གང་ཡང་དམ་བཅས་པ་ལ་རྗེས་སུ་དཔག་པས་གནོད་པ་ཡང་ཡིན་ནོ་ཞེས་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ། རྗེས་སུ་དཔག་པ་ལས་དངོས་པོའི་ངོ་བོ་ཉིད་ཡང་དག་པ་ནི་ཅུང་ཟད་ཀྱང་མ་གྲུབ་སྟེ། ཚད་མས་གནོད་པ་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །འཇིག་རྟེན་ན་དུ་བ་ལ་སོགས་པའི་རྟགས་ལས། མེ་ལ་སོགས་པར་ངེས་པ་གང་ཡིན་པ་དེ་ཡང་མི་ལ་སོགས་པ་ཡང་དག་པ་པའི་ཡུལ་ཡང་མ་ཡིན་ཏེ། རྨི་ལམ་ན་ཡང་ངེས་པ་དེ་ལྟ་བུ་སྲིད་པའི་ཕྱིར་ཏེ། ཡང་དག་པ་པའི་མེ་དང་དུ་བ་ལ་སོགས་པ་སྔར་བཀག་པས་གང་ཡང་མེད་པའི་ཕྱིར་དང༌། དངོས་པོ་ཀུན་རྫོབ་པ་སྒྱུ་མ་བཞིན་དུ་རྒྱུ་དང་རྐྱེན་ལ་ལྟོས་པ་ཡང་ཡོད་པའི་ཕྱིར་རོ། །དེའི་ཕྱིར་རེས་འགའ་བ་ཉིད་མི་འགལ་བ་ཁོ་ན་སྟེ། གང་དག་དངོས་པོ་རྣམས་རྒྱུ་མེད་པ་ཁོ་ནར་སྐྱེ་བར་ཁས་ལེན་པ་དེ་དག་ལ་ངེས་འགའ་བ་ཉིད་འགལ་གྱི། སྐྱེ་བ་རྒྱུ་དང་བཅས་པར་སྨྲ་བ་རྣམས་ལ་ནི་མ་ཡིན་ནོ། །དོན་དམ་པར་ནི་སྐྱེ་བ་མེད་པའི་ཕྱིར་རེས་འགའ་བ་ཉིད་མ་གྲུབ་པ་ཁོ་ནའོ། །གང་ཡང་སུམ་ཅུ་རྩ་གསུམ་པའི་གྲོང་ཁྱེར་གང་དག་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་མི་འགལ་བ་ཁོ་ན་སྟེ། ཐ་སྙད་དུ་ཐམས་ཅད་ཡོད་པའི་ཕྱིར་རོ། །དངོས་པོ་རྣམས་རུས་སྦལ་གྱི་སྤུ་ལ་སོགས་པ་བཞིན་དུ་གཏན་མེད་པའི་ངོ་བོར་དམ་བཅའ་བ་ནི་


DTG107_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྒྱུ་མ་དང་རྨི་ལམ་ལ་སོགས་པའི་ངོ་བོ་ཉིད་ལྟ་བུ་སྟེ། དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ཀྱང༌། བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་དམ་བཅའ་བར་མི་བྱའོ། །འོ་ན་ཅི་ཞེ་ན། བློ་གྲོས་ཆེན་པོ་སྣང་བ་དང་མི་སྣང་བའི་མཚན་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུར་བསྟན་པར་བྱའོ་ཞེས་གསུངས་སོ། །དེ་ལ་མདོའི་དོན་ནི་འདི་སྣང་བའི་མཚན་ཉིད་ནི་ཐ་སྙད་དུའོ། །མི་སྣང་བའི་མཚན་ཉིད་ནི་དོན་དམ་པ་ཁོ་ནའོ་ཞེས་བྱ་བར་མངོན་ནོ། །དེ་ཡང༌། ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད། །དམ་པའི་དོན་དུ་ཡོད་མ་ཡིན། །ཆོས་རྣམས་ངོ་བོ་ཉིད་མེད་པ། །དམ་པའི་དོན་དུ་ཉེ་བར་བསྟན། །ཅེས་གསུངས་སོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ཐ་སྙད་ལ་བརྟེན་ཏེ་བཤད་པས་འགལ་བ་མེད་དོ། །དེ་སྐད་དུ་བཅོམ་ལྡན་འདས་མ་ལས་ཀྱང་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འཇིག་རྟེན་གྱི་བརྟགས་པ་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའི། དོན་དམ་པར་ནི་གང་བྱང་ཆུབ་པར་བྱ་བའི་ཕྱིར་སྤྱོད་པར་འགྱུར་བ་གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པ་ཡང་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ལ། དེ་བཞིན་དུ་ཁམས་བཅོ་བརྒྱད་དང༌། རེག་པ་དྲུག་དང༌། ཚོར་བ་དྲུག་དང༌། ཁམས་དྲུག་དང༌། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། སྟོང་པ་ཉིད་དང༌། དྲན་པ་ཉེ་བར་གཞག་པ་རྣམས་དང༌། ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། བདེན་པ་རྣམས་དང༌། བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པ་རྣམས་དང༌། རྣམ་པར་ཐར་པའི་སྒོ་རྣམས་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང༌། མངོན་པར་ཤེས་པ་རྣམས་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་རྣམས་དང༌། སོ་སོ་ཡང་


DTG107_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་རིག་པ་རྣམས་དང༌། ཐུགས་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང༌། འབྲས་བུ་བཞི་དང༌། ལམ་གྱི་རྣམ་པ་ཤེས་པ་ཉིད་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མེད་དེ། ཆོས་འདི་དག་ཐམས་ཅད་ནི་འཇིག་རྟེན་གྱི་ཐ་སྙད་ལ་བརྟེན་ནས་བརྟགས་ཀྱི། དོན་དམ་པར་ནི་མ་ཡིན་ནོ་ཞེས་གསུངས་སོ། །གང་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་གང་ཡིན་པའི་ཆོས་འདི་དག་ཐམས་ཅད་ནི་ཡང་དག་པར་ལྡན་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན་ཏེ། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། མཚན་ཉིད་མེད་པ་སྟེ། དེ་དག་ནི་དེ་བཞིན་གཤེགས་པས་སེམས་ཅན་རྣམས་གཟུང་བའི་དོན་དུ་འཇིག་རྟེན་གྱི་ཐ་སྙད་དུ་བརྗོད་པ་འབའ་ཞིག་ཏུ་ཟད་ཀྱི། དོན་དམ་པར་ནི་མ་ཡིན་ནོ་ཞེས་གསུངས་སོ། །ཡང་འཇིག་རྟེན་གྱི་ཀུན་རྫོབ་ཏུ་ཐོབ་པ་དང༌། མངོན་པར་རྟོགས་པ་དང་འགྲོ་བ་ལྔའི་བྱེ་བྲག་ཀྱང་སྔོན་གྱི་དོན་དམ་པར་ནི་མ་ཡིན་ནོ། །དོན་དམ་པར་ནི་ལས་ཀྱང་མེད། ལས་ཀྱི་རྣམ་པར་སྨིན་པ་ཡང་མེད། ཀུན་ནས་ཉོན་མོངས་པ་ཡང་མེད། རྣམ་པར་བྱང་བ་ཡང་མེད། སྐྱེ་བ་ཡང་མེད། འགག་པ་ཡང་མེད་དོ་ཞེས་གསུངས་སོ། །དེའི་ཕྱིར་འདི་ལྟར་བཅོམ་ལྡན་འདས་ཀྱིས། དོན་དམ་པར་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ལ་སོགས་པ་འདི་ཐམས་ཅད་བཀག་པའི་ཕྱིར་ལ། ཐ་སྙད་དུ་ནི་ཞལ་གྱིས་བཞེས་པས་དེ་བཞིན་དུ་མ་བཀག་པའི་ཕྱིར་ཁས་བླངས་པ་ལ་གནོད་པ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་གཞན་དུ་ཇི་ལྟར་རྨི་ལམ་ན་སྦྲུལ་མཐོང་ནས་བརྒྱལ་བ་དང་དེ་དང་བྲལ་བཞིན་དུ་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དག་བརྫུན་པ་ཁོ་ནར་བརྗོད་དོ། །བདེན་པ་བཞི་ལ་སྐུར་པ་འདེབས་པའི་ཉེས་པ་ཡང་མེད་དེ། བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོ་ལས་གཞན་དུ་རྣམ་པར་བཤད་པའི་ཕྱིར་ཏེ། འཕགས་པ་ཚངས་པས་ཞུས་པ་ལས། ཇི་སྐད་དུ་སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་ནི་འཕགས་པ་རྣམས་ཀྱི་བདེན་པ་ནི་མ་ཡིན་ནོ། །ཚངས་པ་འོན་ཀྱང་སྡུག་བསྔལ་སྐྱེ་བ་མེད་པ་གང་ཡིན་པ་འདི་ནི་འཕགས་པ་རྣམས་ཀྱི་བདེན་པ་ཡིན་ནོ། །ཀུན་འབྱུང་ཀུན་དུ་འབྱུང་བ་མེད་པ་གང་ཡིན་པ་


DTG107_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་འཕགས་པ་རྣམས་ཀྱི་བདེན་པ་ཡིན་ནོ། །ཤིན་ཏུ་འགགས་པ་དག་ལ་སྐྱེ་བ་མེད་ཅིང་འགགས་པ་མེད་པ་གང་ཡིན་པ་འདི་ནི་འཕགས་པ་རྣམས་ཀྱི་བདེན་པ་ཡིན་ནོ། །ཆོས་ཐམས་ཅད་གཉིས་སུ་མེད་པར་མཉམ་ཞིང་ལམ་བསྒོམས་པ་གང་ཡིན་པ་འདི་ནི་འཕགས་པ་རྣམས་ཀྱི་བདེན་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་དོན་དམ་པར་སྡུག་བསྔལ་ལ་སོགས་པའི་བདེན་པ་ཡོད་པ་མ་ཡིན་གྱི། ཉན་ཐོས་རྣམས་ཀྱི་དབང་དུ་མཛད་ནས་འཁོར་བ་ལས་ཡིད་འབྱུང་བར་བྱ་བའི་ཕྱིར་དང༌། གང་ཟག་ལ་བདག་མེད་པའི་དེ་ཁོ་ན་ཉིད་ཙམ་ལ་གཟུད་པའི་ཕྱིར་ལ། དེ་མི་རྟག་པ་ལ་སོགས་པའི་ངོ་བོར་བསྟན་པ་འབའ་ཞིག་ཏུ་ཟད་ཀྱི། བདག་མེད་པ་གཉི་ག་བསྟན་པའི་དབང་དུ་མཛད་པ་ནི་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །གང་ཡང་བསྐྱེད་པར་བྱ་བ་དང༌། སྐྱེད་པར་བྱེད་པའི་དངོས་པོའི་ངོ་བོ་ཉིད་ནི་གནག་རྫིའི་ཆུང་མ་ཡན་ཆད་ཀྱི་སྐྱེ་བོ་ལ་གྲགས་པས་དེའི་ཕྱིར་གྲགས་པས་གནོད་པ་ཡང་ཡིན་ནོ་ཞེས་སྨྲས་པ་དེ་ཡང་འབྲེལ་པ་མེད་པ་ཡིན་ཏེ། དོན་དམ་པའི་ངོ་བོ་ཉིད་ལ་སོགས་པ་སྐྱེ་བོ་ཕལ་པ་ལ་མ་གྲགས་པའི་ཕྱིར་རོ། །དེ་གྲགས་ན་ནི་དེ་དག་སྐྱེ་བོ་ཕལ་པ་ཉིད་དུ་ཡང་མི་འགྱུར་རོ། །རྨི་ལམ་ལ་སོགས་པ་བཞིན་དུ་བརྫུན་པའི་ངོ་བོ་ཡང་གྲགས་པར་སྲིད་པའི་ཕྱིར་རོ། །གྲགས་པ་ནི་མངོན་སུམ་དང་རྗེས་སུ་དཔག་པ་དག་ལས་ཚད་མ་གཞན་ཡང་མ་ཡིན་ནོ། །དེའི་ཁོངས་སུ་འདུས་ན་ནི་དེ་དང་འགལ་བ་ཡོངས་སུ་སྤངས་པས་དེས་གནོད་པ་ཡང་ཡོངས་སུ་སྤངས་པ་ཡིན་ནོ། །གང་ཡང་གཞན་དག་ངེས་པ་སྐྱེད་པར་འདོད་ནས་གཏན་ཚིགས་སྦྱོར་བར་འདོད་པས་དེ་ལས་ངེས་པ་སྐྱེ་བར་ཁས་བླངས་པའི་ཕྱིར་རང་གི་ཚིག་དང་འགལ་བ་ཡང་ཡིན་ནོ་ཞེས་སྨྲས་པ་དེ་ཡང་མི་འགལ་བ་ཉིད་དེ། ངེས་པ་བསྐྱེད་པར་བྱ་བའི་ཕྱིར་གཏན་ཚིགས་སྦྱོར་བ་ཡང་དེ་ལས་ངེས་པ་དོན་དམ་པར་སྐྱེ་བར་ཁས་བླངས་པར་ནི་མི་འགྱུར་རོ། །འོ་ན་ཅི་ཞེ་ན། སྐྱེས་པ་ཙམ་ཡིན་གྱི། སྐྱེ་བའི་ཁྱད་པར་ནི་མ་ཡིན་ནོ། །འདིར་ནི་དོན་དམ་པའི་སྐྱེ་བ་བཀག་པས་དངོས་པོ་རྣམས་དོན་དམ་པར་ངོ་བོ་ཉིད་མེད་པར་བསྒྲུབ་པར་འདོད་ཀྱི། སྐྱེ་བ་ཙམ་བཀག་པས་ནི་མ་ཡིན་ནོ། །དེའི་ཕྱིར་གཏན་ཚིགས་ལས་ངེས་པ་དོན་དམ་པར་སྐྱེ་བ་མེད་ཀྱང་གཟུགས་ལས་གཟུགས་བརྙན་བཞིན་དུ་ཀུན་རྫོབ་པའི་སྐྱེ་བ་མི་འགལ་བ་ཁོ་ན་ཡིན་པས་དམ་བཅས་


DTG107_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

པ་རང་གི་ཚིག་དང་འགལ་བ་མ་ཡིན་ནོ། །གང་ཡང་བཅོམ་ལྡན་འདས་ཀྱིས། མིག་གི་རྣམ་པར་ཤེས་པ་དང་ལྡན་པས་སྔོན་པོ་ཤེས་ཀྱི། སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པ་དེར་ཡང་དབང་པོའི་ཡུལ་ཐ་སྙད་པ་ལས་དགོངས་ནས་འདི་གསུངས་ཏེ། གཞན་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ཞེས་བྱ་བ་ལ་སོགས་པས་དབང་པོ་དྲུག་ཚད་མ་ཡིན་པར་བཀག་པའི་ཕྱིར་ཏེ། སྔར་བསྟན་ཟིན་ཏོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལས་ཀྱང༌། གཟུགས་ལ་སོགས་པའི་ཡུལ་བཀག་པའི་ཕྱིར་རོ། །འཇིག་རྟེན་གྱི་ཀུན་རྫོབ་ཏུ་ཐམས་ཅད་བསྟན་ཏོ་ཞེས་བཅོམ་ལྡན་འདས་ཉིད་ཀྱིས་དགོངས་པ་རབ་ཏུ་བསྟན་པའི་ཡང་ཕྱིར་རོ། །དམིགས་པ་ཅན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་མེད་དོ་ཞེས་ཀྱང་གསུངས་ལ། དམིགས་པ་དང་མི་དམིགས་པ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བླང་བར་བྱ་བ་དང༌། དོར་བར་བྱ་བ་ཡང་ཉེ་བར་བསྟན་ཏེ། བཅོམ་ལྡན་འདས་མ་ལས་ཇི་སྐད་དུ། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་དམིགས་པ་ལགས། ཇི་ཙམ་གྱིས་ན་མི་དམིགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ཙམ་དུ་གཉིས་ཡིན་པ་དེ་ཙམ་དུ་དམིགས་པ་ཡིན་ནོ། །གཉིས་མེད་པ་ནི་མི་དམིགས་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་གཉིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རབ་འབྱོར་ཇི་ཙམ་དུ་མིང་དང་གཟུགས་དང༌། ཇི་ཙམ་དུ་རྣ་བ་དང་སྒྲ་དང་ཞེས་བྱ་བ་ནས་སངས་རྒྱས་ཀྱི་བར་ཇི་ཙམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང༌། སངས་རྒྱས་ཞེས་བྱ་བ་འདི་ནི་གཉིས་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །ཡང་གཉིས་སུ་འདུ་ཤེས་པ་ལ་ནི་རྗེས་སུ་མཐུན་པའི་བཟོད་པ་ཡང་མེད་ན་ཞེས་གསུངས་སོ། །འཕགས་པ་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་ལས་ཀྱང་ཆོས་ཐམས་ཅད་ནི་དམིགས་པ་མེད་པ་སྟེ། དེ་ལ་ནི་ལྟ་བ་མི་འབྱུང་ངོ་ཞེས་གསུངས་སོ། །དེ་ལྟ་བས་ན་ཐ་སྙད་པའི་མིག་ལ་སོགས་པ་ལས་དགོངས་ཏེ། བདག་ཉིད་ལྟ་བ་པོ་ནས་ཤེས་པ་པོའི་བར་ཡིན་ནོ་ཞེས་གྲགས་པ་ལ་སོགས་པར་ལྟ་བ་དགག་པའི་ཕྱིར་གང་ཟག་ལ་བདག་མེད་པ་ཙམ་ལ་གཟུད་པའི་དགོངས་པས་མིག་ལ་སོགས་པ་བསྟན་ཏོ། །གང་གིས་ན་འདི་དག་ཐམས་ཅད་དུ་ཡང་མི་སྣང་བར་འགྱུར་བ་ནམ་མཁའི་ཨུཏྤལ་ལ་ཡོད་པའི་སྔོན་པོ་ལ་


DTG107_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་བཞིན་དུ་སྔོན་པོ་ལ་སོགས་པའི་གཟུགས་སྣང་བ་ཀུན་རྫོབ་པ་ཡང་གཏན་མེད་པ་ནི་མ་ཡིན་ནོ། །གང་ཡང་གང་ཅུང་ཟད་ཀུན་འབྱུང་བའི་ཆོས་ཅན་དེ་ཐམས་ཅད་ནི་འགོག་པའི་ཆོས་ཅན་ནོ་ཞེས་བྱ་བའི་རྗེས་སུ་དཔག་པ་འདིས་དངོས་པོ་རྣམས་ཡང་དག་པར་ནི་སྐད་ཅིག་མར་གནས་པའི་ཆོས་ཅན་དུ་གྲུབ་བོ་ཞེས་བྱ་བར་ཉེ་བར་བསྟན་ཏོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་རྟོགས་པའི་སྒོ་ནས་བདག་མེད་པ་ལ་འཇུག་པའི་ཕྱིར་ཉན་ཐོས་རྣམས་ཀྱི་དབང་དུ་མཛད་ནས་གང་ཟག་ལ་བདག་མེད་པ་ལ་གཞུག་པའི་དགོངས་པས་གསུངས་ཀྱི། དེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་མཛད་ནས་ཆོས་ཀྱི་དེ་ཁོ་ན་ཉིད་ཟབ་མོའི་གཏམ་ལ་བརྟེན་ནས་གསུངས་པ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདུ་བྱེད་རྣམས་ཡང་དག་པར་སྐྱེ་བ་དང་འཇིག་པའི་ངོ་བོར་ཡང་དག་པར་རྗེས་སུ་ལྟ་བ་དང་ཉེ་བར་སྟོན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་ཉེ་བར་བཅོས་པ་ཡིན་ནོ་ཞེས་གསུངས་ལ། འདུས་བྱས་དང་འདུས་མ་བྱས་ལ་སོགས་པའི་མཐའ་གཉིས་དང་བྲལ་བ་ནི་དེ་དག་གི་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ལམ་ཡིན་ནོ་ཞེས་ཉེ་བར་བསྟན་ཏོ། །དེ་བཞིན་གཤེགས་པས་འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ནི་སྐྲག་པའི་གནས་ཡོངས་སུ་སྤང་པའི་ཕྱིར་ཐ་སྙད་ཀྱི་དབང་གིས་སྐྱེ་བ་དང་འགག་པའི་ཆོས་རྣམས་བཤད་དོ་ཞེས་གསུངས་སོ། །སློབ་དཔོན་གྱིས་ཀྱང༌། སྐྱེ་བ་དང་ནི་འཇིག་པའི་ལམ། །དགོས་པའི་དོན་དུ་ཉེ་བར་བསྟན། །ཞེས་བཤད་དེ། འདི་ནི་སྔར་བསྟན་ཟིན་པ་ཉིད་དོ། །ཡང༌། ཇི་ལྟར་སྒྱུ་མ་རྨི་ལམ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་ལྟ་བར། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པར་བཤད། །ཅེས་བཤད་དོ། །འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས་ཀྱང༌། སྔོན་གྱི་མཐའ་སྟོང་ཕྱི་མའི་མཐའ་ཡང་སྟོང༌། །སྐྱེ་དང་གནས་དང་འཇིག་པའི་དངོས་པོ་སྟོང༌། །འདི་ནི་དངོས་པོ་ཡོད་མིན་མེད་པའང་མིན། །ཆོས་རྣམས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང༌། །ཞེས་གསུངས་སོ། །འདུ་བྱེད་རྣམས་ཀྱི་སྐད་ཅིག་ལ་ཉིད་གང་ཡིན་པ་དེ་ལ་ཡང་དག་པ་མ་ཡིན་ནོ་ཞེས་བསྟན་ཏེ། འཕགས་པ་ལག་བཟངས་ཀྱིས་ཞུས་པ་ལས། ཇི་སྐད་དུ། དེ་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་དུས་གསུམ་ཡང་རབ་ཏུ་ཤེས་ཏེ། དེ་ལ་འདུ་


DTG107_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་འདས་པ་གང་དག་འགགས་པ་འདི་ནི་འདས་པའི་དུས་ཞེས་བྱའོ། །མ་འོངས་པ་གང་དག་མ་བྱུང་བ་དེའི་མ་འོངས་པའི་དུས་ཞེས་བྱའོ། །ད་ལྟར་གྱི་གང་དག་སོ་སོར་བྱུང་བ་འདི་ནི་ད་ལྟར་གྱི་དུས་ཞེས་བྱའོ། །དེ་ལ་ད་ལྟར་བྱུང་བའི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་གང་ཡིན་པ་དེ་ནི་མི་གནས་ཤིང་གནས་པ་མེད་དོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ནི་སྐད་ཅིག་ལས་ཕན་ཚུན་དུ་མི་གནས་སོ། །སྐད་ཅིག་མ་གང་ཡིན་པ་དེ་ནི་སྐྱེ་བའི་དུས་ཀྱང་གཞན། གནས་པའི་དུས་ཀྱང་གཞན། འགག་པའི་དུས་ཀྱང་གཞན་ཏེ། སྐད་ཅིག་མ་དེ་ནི་མི་གནས་ཤིང་གནས་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །འདིས་ནི་སྐད་ཅིག་མ་བརྟགས་པའི་ངོ་བོ་ཁོ་ནའོ་ཞེས་ཉེ་བར་བསྟན་ཏེ། ཐོག་མ་དང༌། བར་དང༌། ཐ་མ་ཐ་དད་པའི་བདག་ཉིད་དུ་ཉེ་བར་བསྟན་པའི་ཕྱིར་རོ། །སློབ་དཔོན་གྱིས་ཀྱང་འདི་དག་རྗེས་སུ་མཐུན་པ་ཁོ་ནར་བཤད་དེ། ཇི་ལྟར་སྐད་ཅིག་མཐའ་ཡོད་ལྟར། །ཐོག་མ་དབུས་ཀྱང་བརྟག་པར་གྱིས། །སྐད་ཅིག་གསུམ་གྱི་བདག་ཉིད་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་བྱ་བ་ཡིན་ནོ། །གང་ཡང་བཅོམ་ལྡན་འདས་ཀྱིས། དུ་བ་ལས་ནི་མེར་ཤེས་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པ་དེ་ཡང་མདོ་གཞན་ལས། མེ་དང་དུ་བ་ལ་སོགས་འབྱུང་བ་ལ་སོགས་པ་ཚོགས་པ་ཡང་དག་པ་པ་སྤྱིར་བཀག་པའི་ཕྱིར་ཡང་དག་པ་པའི་དོན་གྱི་དབང་དུ་མཛད་པ་མ་ཡིན་ནོ་ཞེས་སྔར་བསྟན་པ་ཉིད་དེ། འཕགས་པ་ལང་ཀར་གཤེགས་པ་ལས་ཇི་སྐད་དུ། གང་ཕྱིར་འདུས་ལས་མ་གཏོགས་པའི། །དངོས་པོ་བློ་ཡིས་མི་ཟིན་པ། །དེ་ཡི་ཕྱིར་ན་མ་སྐྱེས་ཤིང༌། །ངོ་བོ་མེད་པར་ང་སྨྲའོ། །དངོས་པོ་གཅིག་དང་གཞན་ཉིད་དུ། །ཇི་ལྟར་བྱིས་པས་རྣམ་བརྟགས་ལྟར། །འདུས་ལས་གཞན་མིན་མ་ཡིན་ཏེ། །གཞན་ཡང་གནས་པ་ཡོད་མ་ཡིན། །ཞེས་བཤད་པ་ལྟ་བུའོ། །འཕགས་པ་སྟུག་པོ་བཀོད་པ་ལས་ཀྱང༌། ཕུང་པོ་མེད་ཅིང་ཁམས་ཀྱང་མེད། །ཆོས་ཀུན་མཚན་ཉིད་མེད་པ་སྟེ། །ཕྲ་རབ་རྡུལ་དུ་རྣམ་གཞིགས་ན། །དེ་དག་དེ་བཞིན་གནས་པ་མེད། །ས་དང་ཆུ་ལ་སོགས་པའི་དངོས། །རྟོགས་པ་ཅན་གྱི་སྐྱེ་བོས་བརྟགས། །ཞེས་གསུངས་སོ། །ཡང༌། ཕྲ་རབ་རྡུལ་དུ་རྣམ་ཕྱིན། །དངོས་པོ་ཕྲ་རབ་ཀྱང་མི་གནས། །ཞེས་


DTG107_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །དེའི་ཕྱིར་ས་ལ་སོགས་པ་བརྟགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དེ་འདུས་པའི་ངོ་བོ་མེ་ལ་སོགས་པ་ཡང་བརྟགས་པའི་ངོ་བོ་ཁོ་ན་ཡིན་པས་མེ་དང་དུ་བ་ལ་སོགས་པ་བརྟགས་པ་ཅན་དང༌། བརྟགས་པའི་ངོ་བོར་བསྟན་པ་ཀུན་རྫོབ་པ་ཁོ་ན་ཡིན་གྱི། ཡང་དག་པ་པ་ནི་མ་ཡིན་ནོ། །ཆོས་མངོན་པ་ལ་སོགས་པ་ལས། རྒྱུའི་རྐྱེན་ལ་སོགས་པ་བཤད་པ་གང་ཡིན་པ་དེ་དག་ཀུན་རྫོབ་ཁོ་ན་ཡིན་གྱི། ཡང་དག་པ་པ་ནི་མ་ཡིན་ཏེ། དོན་དམ་པར་འགའ་ཡང་སྐྱེ་བ་མེད་ན་དེ་དག་རྒྱུ་མེད་པ་ཉིད་དུ་མི་འཐད་པ་ཡིན་ཏེ། ཇི་སྐད་དུ་སྔར་བསྟན་པ་ཡིན་ནོ། །ཕུང་པོ་ལ་སོགས་པ་བསྟན་པ་གང་དག་ཡིན་པ་དེ་དག་ཀྱང་ཐ་སྙད་ཀྱི་བདེན་པ་ལ་བརྟེན་ནས་ཡིན་ནོ་ཞེས་སྔར་བཤད་ཟིན་པ་ཉིད་དོ། །འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ཀྱང༌། བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐ་སྙད་དུ་བསྟན་པ་རྣམ་པ་བཅུར་རྟོགས་པར་བྱ་སྟེ། རྣམ་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་བསྟན་པ་དང༌། ཁམས་བསྟན་པ་དང༌། སྐྱེ་མཆེད་བསྟན་པ་དང༌། སེམས་ཅན་བསྟན་པ་དང༌། ལས་བསྟན་པ་དང༌། སྐྱེ་བ་བསྟན་པ་དང༌། རྒ་བ་བསྟན་པ་དང༌། འཆི་བ་བསྟན་པ་དང༌། ཤི་བ་ཉིང་མཚམས་སྦྱོར་བ་བསྟན་པ་དང༌། དེ་རབ་ཏུ་ཞི་བར་བྱ་བའི་ཕྱིར་མྱ་ངན་ལས་འདས་པ་བསྟན་པ་ཐ་སྙད་དུ་བསྟན་པའོ་ཞེས་གསུངས་སོ། །རང་དང་གཞན་གྱི་གཞུང་ལུགས་ལ་གནས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་ཀྱི་དོན་དུ་ཉེ་བར་བརྟགས་པ་ཕུང་པོ་ལ་སོགས་པ་ཐམས་ཅད་ཀྱང་དོན་དམ་པར་ན་སྐྱེ་བ་མེད་པ་ལ་སོགས་པར་རབ་ཏུ་བསྒྲུབས་པས་དེའི་ཕྱིར་གྲུབ་པ་སྒྲུབ་པ་ཉིད་མ་ཡིན་ནོ། །གང་ཡང་དེའི་ཚེ་དངོས་པོ་ཁས་བླངས་པ་ཁོ་ནར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་སྔར་ལན་བཏབ་ཟིན་པ་ཉིད་དོ། །གང་ཡང་ཀུན་རྫོབ་ཅེས་བྱ་བ་འདི་ནི་ཅི་ཡིན་གལ་ཏེ་ཐམས་ཅད་མེད་པ་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། ཕན་ཚུན་འགལ་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་པ་གང་ཡིན་པ་དེ་ཡང་རིགས་པ་མ་ཡིན་ཏེ། ཀུན་རྫོབ་ནི་རི་བོང་གི་རྭ་བཞིན་དུ་ཐམས་ཅད་མེད་པའི་ངོ་བོ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དངོས་པོ་ཡང་དག་པ་ངོ་བོ་ཉིད་མེད་པ་དག་ལ་ཡང་དེ་ལས་བཟློག་པའི་རྣམ་པར་སྒྲོ་འདོགས་པར་འཁྲུལ་པའི་བློ་གང་ཡིན་པ་དེ་ནི་ཀུན་རྫོབ་ཅེས་བྱ་སྟེ།


DTG107_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

འདིའམ་འདིས་དེ་ཁོ་ན་ཉིད་ཀུན་ཏུ་སྒྲིབ་པ་ལྟ་བུར་བྱེད་འགེགས་པ་ལྟ་བུར་བྱེད་པའི་ཕྱིར་རོ། །དེ་སྐད་དུ་མདོ་ལས་ཀྱང༌། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །རང་བཞིན་མེད་ལ་འཁྲུལ་པ་གང༌། །དེ་ནི་ཡང་དག་ཀུན་རྫོབ་འདོད། །ཅེས་གསུངས་སོ། །དེ་ལས་བྱུང་བའི་ཕྱིར་དེས་ཉེ་བར་བསྟན་པའི་དངོས་པོ་བརྫུན་པ་ཐམས་ཅད་ནི་ཀུན་རྫོབ་པ་ཁོ་ནའོ་ཞེས་བྱའོ། །དེ་ཡང་ཐོག་མ་མེད་པའི་འཁྲུལ་པའི་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་བྱུང་ལ། དེས་ཀྱང་སྲོག་ཆགས་ཐམས་ཅད་ལ་ཡང་དག་པར་དངོས་པོའི་ངོ་བོ་ཉིད་ལྟ་བུར་ཉེ་བར་སྟོན་པར་འགྱུར་ཏེ། དེའི་ཕྱིར་དེ་དག་གི་བསམ་པའི་དབང་གིས་དངོས་པོ་བརྫུན་པའི་ངོ་བོ་ཐམས་ཅད་ནི་ཀུན་རྫོབ་ཏུ་ཡོད་པ་ཁོ་ནའོ་ཞེས་བྱའོ། །འདི་དག་ཡང་དག་པར་དངོས་པོའི་ངོ་བོ་ཉིད་ཀྱང་མ་ཡིན་ཏེ། ཇི་ལྟར་སྣང་བ་དེ་ཁོ་ན་ཉིད་མ་ཡིན་པའི་ཕྱིར་རོ། །རི་བོང་གི་རྭ་བཞིན་དུ་གཏན་མེད་པའི་ངོ་བོ་ཉིད་ཀྱང་མ་ཡིན་ཏེ། མ་བརྟགས་ན་དགའ་བའི་དམ་པར་སྣང་བའི་ཕྱིར་རོ། །ཇི་སྐད་བཤད་པའི་ཀུན་རྫོབ་པ་ནི་དངོས་པོའི་ངོ་བོ་ཉིད་ཀྱང་མ་ཡིན་ཏེ། ཕྱིན་ཅི་ལོག་པའི་རྣམ་པར་ཉེ་བར་འཛིན་པར་སྣང་བའི་ཕྱིར་རོ། །དེ་ཉིད་དང་ནི་གཞན་ཉིད་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱིས་དེ་ཉིད་གཞན་ཉིད་དུ་འགྱུར་བར་འགལ་བར་འགྱུར་རོ་ཞེས་སྔར་བསྟན་ཟིན་པའི་ཕྱིར་རོ། །དེ་གཏན་མེད་པའི་ངོ་བོ་ཉིད་ཀྱང་མ་ཡིན་ཏེ་སྣང་བའི་ཕྱིར་རོ། །དེའི་ཕྱིར་དངོས་པོ་ཐམས་ཅད་ནི་ཡོད་པ་དང་མེད་པ་གཉི་གའི་ངོ་བོ་ལས་འདས་པ་ཡིན་ནོ། །དེས་ན་དངོས་པོ་དང་དངོས་པོ་མེད་པ་གཉི་གའི་ངོ་བོ་ལ་བརྟེན་པའི་ཀླན་ཀ་གང་ཡིན་པ་དེ་དག་ཐམས་ཅད་གནས་པ་མེད་པ་ཉིད་དེ། དངོས་པོ་ཁོ་ན་ལ་གཅིག་བསྒྲུབ་པ་དང༌། དགག་པ་ཅིག་ཤོས་དགག་པ་དང༌། བསྒྲུབ་པ་མེད་ན་མེད་པ་ཡིན་པའི་ཕྱིར་གཉི་ག་མ་ཡིན་པའི་ངོ་བོ་ཉིད་འགལ་གྱི། །དངོས་པོ་མེད་པ་ལ་ནི་མ་ཡིན་ནོ། །དེ་ལ་ནི་ངོ་བོ་ཉིད་གཅིག་ཀྱང་མ་གྲུབ་པས་གཉི་ག་མ་ཡིན་པའི་ངོ་བོར་རྣམ་པར་གཞག་པའི་ཕྱིར་ཏེ། དེའི་ཕྱིར་གཉི་ག་མ་ཡིན་པའི་ཕྱོགས་ལ་འགལ་བ་མེད་དོ། །ལྟོས་པའི་བྱེ་བྲག་གིས་ནུས་པ་དང་མི་ནུས་པ་ལ་སོགས་པ་འགལ་བ་ཡང་མི་སྲིད་པ་ཉིད་དེ། མི་ནུས་པ་ལ་སོགས་པ་ནི་དོན་དམ་པའི་བདེན་པ་ལ་བརྟེན་ནས་རྣམ་པར་བཞག་ལ། ནུས་པ་ལ་སོགས་པ་ནི་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་རྣམ་པར་


DTG107_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་གོ །སྒྱུ་མའི་སྐྱེས་བུ་ལ་སོགས་པ་བཞིན་དུ་དངོས་པོ་ཐམས་ཅད་ལ་རྣམ་པར་ཤེས་པ་འཁྲུལ་པའམ། མ་འཁྲུལ་པས་རྣམ་པར་གཞག་པའི་ངོ་བོ་ཉིད་ཀྱིས་གོ་རིམས་བཞིན་དུ་བདེན་པ་གཉིས་རྣམ་པར་དབྱེ་བ་རྣམ་པར་གཞག་སྟེ། འདི་ལྟར་སྒྱུ་མའི་སྐྱེས་བུ་ལ་སོགས་པ་ལ་འཁྲུལ་པའི་རྣམ་པར་ཤེས་པ་དང་ལྡན་པའི་མི་དག་གིས་གཞག་པའི་ངོ་བོ་ཇི་ལྟ་བ་དེ་བཞིན་དུ་དངོས་པོ་ཐམས་ཅད་ལ་ཡང་བརྫུན་པའི་རྣམ་པ་ཅན་གྱི་ཤེས་པས་སྒྲོ་བཏགས་པའི་ངོ་བོ་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པའོ་ཞེས་ཐ་སྙད་གདགས་ལ། སྒྱུ་མའི་སྐྱེས་བུ་ལ་སོགས་པ་དེ་ཉིད་ལ་རྣམ་པར་ཤེས་པ་མ་འཁྲུལ་པ་ཅན་དག་གིས་གཞག་པའི་ངོ་བོ་ཇི་ལྟ་བ་དེ་བཞིན་དུ་དངོས་པོ་ཐམས་ཅད་ལ་ཡང་དག་པའི་ཚད་མ་ཡོངས་སུ་གཏན་ལ་ཕབ་པའི་ངོ་བོ་གང་ཡིན་པ་དེ་ནི་དོན་དམ་པའི་བདེན་པ་ཡིན་ནོ། །དེའི་ཕྱིར་སྒྱུ་མ་ལ་སོགས་པའི་ཐ་སྙད་བཞིན་དུ་ལྟོས་པའི་བྱེ་བྲག་གིས་བདེན་པ་གཉིས་ལ་བརྟེན་པའི་ཐ་སྙད་འདི་ཐམས་ཅད་མི་འགལ་ལོ། །གདོན་མི་ཟ་བར་དེ་ལྟར་ཁོང་དུ་ཆུད་པར་བྱའོ། །དེ་ལྟ་མ་ཡིན་ན་རབ་རིབ་ཅན་ལ་སོགས་པས་དམིགས་པའི་སྐྲ་ལ་སོགས་པ་དང༌། རྣམ་པར་ཤེས་པར་སྨྲ་བ་རྣམས་ཀྱི་གཉིས་ཀྱི་རྣམ་པ་ལ་ཡང་ཀླན་ཀ་འདི་ཐམས་ཅད་ཅི་སྟེ་འབྱུང་བར་མི་འགྱུར་ཏེ། འདི་ལྟར་གལ་ཏེ་སྐྲ་ལ་སོགས་པ་འདི་དག་དོན་དམ་པར་མེད་པ་ཁོ་ན་ཡིན་ན་དེ་ཇི་ལྟར་ཡོད་པ་ལྟ་བུར་སྣང་ཞིང༌། ཇི་ལྟར་ཡུལ་དང༌། དུས་དང༌། གནས་སྐབས་སོ་སོར་ངེས་པ་ཡོངས་སུ་འཛིན་པར་འབྱུང་བ་ལྟ་བུར་ཤེས་པར་འགྱུར། གཅིག་ལ་ནི་སྐྱེ་བ་དང་མི་སྐྱེ་བ་ལ་སོགས་པ་དང༌། ཡོད་པ་དང་མེད་པ་ཕན་ཚུན་འགལ་བ་རིགས་པ་མ་ཡིན་ནོ། །དེ་ལ་ཇི་ལྟར་སྐྲ་ལ་སོགས་པ་དང༌། གཉིས་ལ་འཁྲུལ་པ་དང་མ་འཁྲུལ་པའི་ཤེས་པར་རྣམ་པར་གཞག་པའི་ངོ་བོ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ལ་བརྟེན་ནས་ཀུན་རྫོབ་ཏུ་བདེན་ཞིང་དོན་དམ་པ་པར་མེད་དོ་ཞེས་བྱ་བ་ལ་སོགས་པ་རྣམ་པར་གཞག་ལ་ལྟོས་པའི་བྱེ་བྲག་ཅན་མི་འགལ་བ་ལྟར་དངོས་པོ་ཐམས་ཅད་ལ་ཡང་དེ་དང་འདྲ་བས་འདི་ནི་ཀླན་ཀར་མི་རུང་ངོ༌། །གང་ཡང་ཀུན་རྫོབ་ཏུ་སྐྱེ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ་ཡང་དོན་ནི་འདི་ཡིན་པར་བརྗོད་པར་འདོད་དེ། གང་གི་ཕྱིར་ཀུན་རྫོབ་འཁྲུལ་པའི་ངོ་བོ་ཇི་སྐད་བཤད་


DTG107_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

པས་དངོས་པོ་རྣམས་ཡང་དག་པར་སྐྱེ་བ་མེད་ཀྱང༌། སྐྱེ་བ་ལྟ་བུར་ཉེ་བར་སྟེན་པར་བྱེད་པ་དེའི་ཕྱིར་དེ་དག་གི་བསམ་པའི་དབང་གིས་དངོས་པོ་རྣམས་ཀུན་རྫོབ་ཏུ་སྐྱེའོ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །ཞེས་གསུངས་སོ། །གང་ཡང་དོན་དམ་པར་སྐྱེ་བ་མེད་ཅེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ་ཡང་དོན་ནི་འདི་ཡིན་པར་འདོད་དེ། ཡང་དག་པའི་ཐོས་པ་དང༌། བསམས་པ་དང༌། བསྒོམས་པ་ལས་བྱུང་བའི་ཤེས་པ་ཐམས་ཅད་ནི་ཕྱིན་ཅི་མ་ལོག་པའི་ཡུལ་ཅན་ཡིན་པའི་ཕྱིར་དོན་དམ་པ་ཞེས་བྱ་སྟེ། འདིའི་དོན་དམ་པ་ཡིན་པའི་ཕྱིར་རོ། །མངོན་སུམ་དང་བརྒྱུད་པས་བྱས་པའི་ཁྱད་པར་ནི་ཡོད་དེ། དེ་དག་གི་དབང་གིས་དངོས་པོ་འདི་དག་ཐམས་ཅད་མ་སྐྱེས་པ་ཁོ་ནར་ཤེས་སོ། །དེས་ན་འདི་སྐད་དུ་དོན་དམ་པར་སྐྱེ་བ་མེད་དོ་ཞེས་བྱ་བ་ནི་འདི་དག་ཡང་དག་པར་ཤེས་པས་སྐྱེ་བར་མ་གྲུབ་པོ་ཞེས་བྱ་བ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །དེ་ལྟ་བས་ན་གཉི་གར་ཡང་བརྗོད་པ་མ་འབྲེལ་པ་ཉིད་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཁྱེད་ཀྱིས་ཀྱང་མདོའི་ཚིག་དངོས་པོ་ཐམས་ཅད་དོན་དམ་པར་མ་སྐྱེས་སོ་ཞེས་བྱ་བ་ལ་སོགས་པ་ཡང་ཇི་ལྟར་གྲང༌། ཁྱེད་ཀྱིས་བདེན་པ་གཉིས་ལ་བརྟེན་པའི་ཐ་སྙད་ཀྱང་ཇི་ལྟར་འགྱུར་ཏེ། གལ་ཏེ་ཚིག་གི་དོན་ངེས་པར་ལེགས་པར་མ་ཟིན་པར་གཞན་དག་སུན་འབྱིན་པ་བརྫུན་ཉིད་ཉེ་བར་རྗོད་པར་བྱེད་ན་ནི་མངོན་པར་བརྗོད་པར་འབྲེལ་པ་མེད་པ་ཉིད་དུ་གསལ་རབ་ཏུ་མངོན་ནོ། །གང་ཡང་གལ་ཏེ་མ་བརྟགས་པ་རྟོགས་པ་མེད་པ་ཙམ་ཡིན་ན་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་འབྲེལ་པ་མེད་པ་ཡིན་ཏེ། འདི་ལྟར་བསམས་པ་ལས་བྱུང་བའི་ཤེས་རབ་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པས་ངེས་པར་སེམས་པ་ལ་ཞུགས་པ་ཚད་མ་ཡང་དག་པའི་སྟོབས་ལས་བྱུང་བ་དང༌། དེ་བཞིན་དུ་བསྒོམས་པ་ལས་བྱུང་བ་ཡང་བརྟགས་པ་ཞེས་བྱ་སྟེ། དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དུ་མཐུན་པར་དཔྱོད་པའི་ཕྱིར་དང༌། དེའི་རྒྱུ་མཐུན་པ་ཡིན་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ཀྱི་དོན་ལ་རྒྱབ་ཀྱིས་ཕྱོགས་པ་བརྫུན་པའི་རྣམ་པ་ཉེ་བར་འཛིན་པའི་ཤེས་པ་ཐམས་ཅད་ནི་དེ་ལས་བཟློག་པའི་ཕྱིར་མ་བརྟགས་པ་ཞེས་བྱའི། རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་ཀྱང་མ་ཡིན་ལ། རྟོག་པ་མེད་པ་ཙམ་ཡང་མ་ཡིན་ནོ། །དེ་བས་ན་དེ་རབ་ཏུ་གྲགས་པའི་ངོ་བོ་ཡིན་པའི་ཕྱིར་དངོས་པོ་བརྫུན་


DTG107_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོ་བོ་ཐམས་ཅད་ནི་ཀུན་རྫོབ་པ་ཞེས་བྱའོ། །དེས་ན་བརྟགས་པ་མ་ཡིན་པའི་ངོ་བོ་ཡིན་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་ཀྱང་མ་ཡིན་ཞིང་རྗེས་སུ་དཔག་པས་གྲགས་པའི་དོན་སྤོང་བ་ཡང་མ་ཡིན། དངོས་པོའི་ངོ་བོ་ཉིད་ཁས་ལེན་པ་ཡང་མ་ཡིན་ལ། འདིར་མེད་པར་དགག་པར་བརྗོད་པར་འདོད་པ་ཡང་མ་ཡིན་ནོ། །དེ་ལྟ་བས་ན་སུན་འབྱིན་པ་འདི་ནི་བྱིས་པའི་སྐྱེ་བོ་ཀུན་ཏུ་རྨོངས་པར་བྱ་བའི་ཕྱིར་ཚིག་ཙམ་ཉེ་བར་བཀོད་པ་སྨྲ་བ་འབའ་ཞིག་ཏུ་ཟད་པས་དེ་ནི་མཁས་པ་རྣམས་ཡོངས་སུ་ཚིམ་པར་བྱེད་པ་མ་ཡིན་ནོ། །གང་ཡང་འོན་ཏེ་ཀུན་རྫོབ་འཇིག་རྟེན་གྱི་གྲགས་པ་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་ཉེས་པ་མེད་དེ། འཇིག་རྟེན་ཐམས་ཅད་ལ་གྲགས་པའི་དོན་ཐམས་ཅད་ཀུན་རྫོབ་ཉིད་དུ་འདོད་པའི་ཕྱིར་རོ། །དེ་ཡང་དོན་ཐམས་ཅད་དབང་པོ་ཐམས་ཅད་ཀྱི་སྤྱོད་ཡུལ་ཡང་མ་ཡིན་ཏེ། ཁ་ཅིག་གིས་འགའ་ཁོ་ན་མཐོང་བའི་ཕྱིར་རོ། །དེའི་ཕྱིར་ལས་དང་འབྲས་བུ་ལ་སོགས་པ་རྣམ་པར་གཞག་པ་རྣམ་པ་ཐམས་ཅད་སོ་སོར་ངེས་པ་ཤིན་ཏུ་ལྐོག་ཏུ་གྱུར་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོ་ནས་ཡིན་ལ་གཞན་ནི་ཤེས་པ་ཕལ་པས་ཀྱང་མ་ཡིན་ནོ། །བསྟན་བཅོས་བྱེད་པ་ཁ་ཅིག་གིས་གྲགས་པ་ལས་འདས་ཏེ། དངོས་པོ་རྣམས་བརྟག་པ་ལ་སོགས་པའི་ངོ་བོར་ཉེ་བར་བརྟགས་པ་གང་ཡིན་པ་དེ་ནི་ལོག་པའི་ཀུན་རྫོབ་ཏུ་ཡོད་ཅེས་བྱ་སྟེ། དེ་ནི་གྲགས་པར་ཡང་མེད་པའི་ཕྱིར་རོ། །གང་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་དང་རྗེས་སུ་མཐུན་པ་རབ་ཏུ་བརྟགས་པ། དཔེར་ན། འདིར་ནི་བདག་གམ་སེམས་ཅན་མེད། །ཆོས་འདི་རྒྱུ་དང་བཅས་པ་ཡིན། །ཞེས་བྱ་བ་ལྟ་བུ་དེ་ནི་ཡང་དག་པའི་ཀུན་རྫོབ་ཏུ་ཡོད་ཅེས་བྱའོ། །དེས་ན་དངོས་པོ་ཐམས་ཅད་གཅིག་ལ་བསྟན་བཅོས་བྱེད་པ་རྣམས་ཀྱིས་ངོ་བོ་དུ་མར་སྒྲོ་བཏགས་ཀྱང་དངོས་པོ་ནི་ངོ་བོ་ཉིད་ཕན་ཚུན་འགལ་བར་མི་འགྱུར་རོ། །གང་ཡང་འོན་ཏེ་ཀུན་རྫོབ་ཀྱི་དོན་སྒྱུ་མའི་དོན་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་མི་བདེན་པའི་དོན་ནི་སྒྱུ་མའི་དོན་ཉིད་དུ་འདོད་པའི་ཕྱིར་ཉེས་པ་མེད་དེ་གཏན་མེད་པའི་ངོ་བོ་ཉིད་ནི་མ་ཡིན་ནོ། །དེས་ན་འདི་ལ་སྔར་བཤད་པའི་ཉེས་པ་ཡང་མེད་ལ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་སྐུར་པ་འདེབས་པའི་ཉེས་པ་ཡང་མེད་དེ། དེ་ནི་


DTG107_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བསྩལ་ཟིན་པའི་ཕྱིར་རོ། །སྒྱུ་མའི་དོན་འཁྲུལ་པའི་ཤེས་པའི་ངོ་བོ་ཡིན་ཡང་ཤེས་པ་དངོས་པོ་ཉིད་དུ་ཐལ་བ་མ་ཡིན་ཏེ། དེ་ནི་བརྫུན་པའི་རྣམ་པ་ཉེ་བར་འཛིན་པར་སྣང་བའི་ཕྱིར་ལ། བདེན་པ་དང་བརྫུན་པ་དག་ཀྱང་ཕན་ཚུན་འགལ་བའི་ཕྱིར་རོ། །དེས་ན་བརྫུན་པའི་ངོ་བོ་ཡང་བདེན་པ་ཉིད་དུ་འགྱུར་བའི་ཕྱིར་ཤེས་པ་འཁྲུལ་པ་ཉིད་དུ་ཡང་མི་འགྱུར་ལ། སྣ་ཚོགས་ཀྱི་ངོ་བོ་ཉིད་དུ་ཡང་མི་འགྱུར་ཏེ། གཅིག་ལ་ངོ་བོ་ཉིད་དུ་འགལ་བའི་ཕྱིར་རོ། །མི་བདེན་པའི་ངོ་བོ་ཡང་བརྫུན་པའི་ཕྱིར་འཁྲུལ་པ་ཉིད་ཡིན་ན་ནི་ཤེས་པ་བདེན་པ་ཉིད་དུ་མི་འགྱུར་ཏེ། དེ་གཉིས་ནི་བདག་ཉིད་ཐམས་ཅད་ཀྱིས་ཕན་ཚུན་ཐ་དད་པ་མེད་པའི་ཕྱིར་དང༌། གཅིག་ལ་ཆ་ཤས་དང་ཆ་ཤས་ཅན་གྱི་དངོས་པོ་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་ཤེས་པ་ཡང་བརྫུན་པའི་ངོ་བོ་ཡིན་པའི་ཕྱིར་འདི་ཤེས་བྱ་ནང་གི་ཡིན་པའི་ལུགས་ལས་ཁྱད་པར་ཆེའོ། །གང་ཡང་ཇི་སྟེ་ཀུན་རྫོབ་སྒྲ་ཙམ་ཞིག་ཡིན་ན་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་ཕྱོགས་སྔ་མ་རང་གི་ལུགས་ཀྱིས་ཉེ་བར་བརྟགས་པ་ཡིན་པའི་ཕྱིར་རིགས་པ་མ་ཡིན་པ་ཉིད་དེ། བདེ་བར་གཤེགས་པ་ནི་གང་གི་ལུགས་ཀྱང་འགྲོ་བ་སྒྲ་ཙམ་ཁོ་ནའོ་ཞེས་བྱ་བ་མེད་དོ། །མདོ་ལས། འདི་དག་ཐམས་ཅད་མིང་ཙམ་སྟེ། །འདུ་ཤེས་ཙམ་ལ་རབ་ཏུ་གནས། །རྗོད་པར་བྱེད་ལ་མ་གཏོགས་པར། །བརྗོད་པར་བྱ་བ་ཡོད་མ་ཡིན། །ཞེས་གསུངས་པ་དེ་ལ་ཡང་གང་དག་རྗོད་པ་ཡང་དངོས་པོར་གྱུར་པ་ཁོ་ན་ཡིན་ལ་བརྗོད་པར་བྱ་བ་ཡང་དེ་ལས་གཞན་དུ་གྱུར་པ་ཉེ་བར་རྟོག་པར་བྱེད་པ་དེ་དག་གི་ལུགས་དགག་པའི་ཕྱིར་རྗོད་པ་དང་བརྗོད་པར་བྱ་བ་དག་རྟོག་པ་ལ་གནས་པ་ཉིད་ཁོ་ན་ཉེ་བར་བསྟན་ཏེ། འདུ་ཤེས་ཙམ་ལ་གནས་པའོ་ཞེས་གསུངས་པ་ཡིན་ནོ། །འདུ་ཤེས་ནི་འདིར་རྟོགས་པའི་བདག་ཉིད་ཡིན་པར་བཤད་དོ། །དེ་ལ་གནང་བའི་མིང་ནི་རྗོད་པར་བྱེད་པ་ཉིད་ཡིན་ལ། དོན་ནི་བརྗོད་པར་བྱ་བ་ཉིད་ཡིན་པས་དེའི་ཕྱིར། རྗོད་པར་བྱེད་པ་མ་གཏོགས་པར། །བརྗོད་པར་བྱ་བ་ཡོད་མ་ཡིན། །ཞེས་གསུངས་སོ། །རྟོག་པ་ཅན་གྱི་ཤེས་པ་ལ་སྣང་བའི་རྗོད་པ་ཁོ་ན་མིང་གི་སྒྲར་དགོངས་ཀྱི། རྣ་བའི་རྣམ་པར་ཤེས་པ་ལ་གྲགས་པའི་སྒྲ་ནི་མ་ཡིན་ཏེ། དེ་ནི་རྗོད་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ཙམ་ཉིད་དུ་ཟད་ན་ནི་ཐམས་ཅད་གཟུགས་ལ་སོགས་པ་སྣ་ཚོགས་སུ་


DTG107_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བར་ཡང་མི་འགྱུར་ལ། ཕུང་པོ་ལ་སོགས་པ་རྣམ་པར་གཞག་པར་ཡང་མི་འགྱུར་རོ། །མདོ་ལས་ཀྱང་དོན་དམ་པའི་བདེན་པ་བསྟན་པས་ཤུགས་ཀྱིས་ན་ཤེས་པ་དང༌། ཤེས་བྱ་དང༌། རྗོད་པ་ལ་སོགས་པ་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པ་ཁོ་ནར་གསུངས་ཀྱི། སྒྲ་ཙམ་ནི་མ་ཡིན་ཏེ། འཕགས་པ་བདེན་པ་གཉིས་བསྟན་པ་ལས་ཇི་སྐད་དུ། ལྷའི་བུ་གཞན་ཡང་དོན་དམ་པར་ན་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་ཡང་དག་པར་འདས་ཏེ། ཁྱད་པར་མེད་པ། མ་སྐྱེས་པ། མ་འགགས་པ། བརྗོད་པར་བྱ་བ་དང༌། རྗོད་པ་དང༌། ཤེས་བྱ་དང༌། ཤེས་པ་དང་བྲལ་བའོ་ཞེས་གསུངས་པ་ལྟ་བུ་སྟེ། འདི་ལས་ནི་ཤུགས་ཀྱིས་ན་ཤེས་པ་དང༌། ཤེས་བྱ་དང༌། རྗོད་པ་ལ་སོགས་པ་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པ་ཁོ་ནའོ་ཞེས་ཉེ་བར་བསྟན་ཏེ། ཀུན་རྫོབ་ཀྱི་བདེན་པ་ནི་དོན་དམ་པའི་བདེན་པ་ལས་བཟློག་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་དག་ཉིད་ཀྱི་ཕྱིར། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས་ཀྱང༌། འདི་དང་རྗེས་སུ་མཐུན་པར་འཇིག་རྟེན་གྱི་ཐ་སྙད་ཤེས་པ་དང༌། ཤེས་བྱའི་བདག་ཉིད་དང༌། ཡི་གེ་དང་སྒྲར་བསྟན་པ་བརྗོད་པའི་བདག་ཉིད་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའི། །རྗོད་པ་དང༌། བརྗོད་པར་བྱ་བ་ཙམ་ཁོ་ན་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་དོ་ཞེས་དོན་དམ་པ་ཀུན་རྫོབ་ལས་བཟློག་པའི་ཡུལ་དུ་བསྟན་པ་ཇི་ལྟར་འཐད་པར་འགྱུར། དེ་ལ་གལ་ཏེ་དོན་དམ་པར་བསྟན་པར་བྱ་བའི་དོན་དངོས་པོར་གྱུར་པ་མེད་པའི་ཕྱིར་ལེགས་པར་བཤད་པ་ལ་སོགས་པ་རྣམ་པར་དབྱེ་བར་ཡང་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཀླན་ཀ་ཚོལ་ན་དེའི་ཚེ་གྲུབ་པ་སྒྲུབ་པ་ཉིད་དོ། །ཆོས་ཐམས་ཅད་ནི་དེ་བཞིན་ཉིད་དུ་རོ་གཅིག་པའི་ཕྱིར་རོ། །དེ་བཞིན་ཉིད་ལ་ནི་རྣམ་པར་དབྱེ་བ་འགའ་ཡང་མེད་དེ། དེས་ན་ལེགས་པར་བཤད་པ་དང༌། ལེགས་པར་བཤད་པ་མ་ཡིན་པ་དག་དེ་ཁོ་ན་ཉིད་ཀྱི་ངོ་བོར་རྣམ་པར་དབྱེ་བ་མེད་ཀྱང་ཉེས་པ་མེད་དོ། །འོན་ཏེ་ཐ་སྙད་དུ་ཡང་རྣམ་པར་དབྱེ་བ་མེད་དོ་ཞེས་རྒོལ་ན་ནི་དེ་མ་གྲུབ་སྟེ། འདི་ལྟར་རེ་ཞིག་དེ་བཞིན་གཤེགས་པའི་བཀའ་མངོན་སུམ་དང་བརྒྱུད་པས་དོན་དམ་པ་རྗོད་པར་བྱེད་པ་དང༌། ལུས་ཅན་རྣམས་ལ་ཕན་པ་དང་བདེ་བ་སྐྱེད་པར་བྱེད་པ་གང་


DTG107_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དེ་ནི་ལེགས་པར་བཤད་པ་ཡིན་ལ། བཟློག་པ་ནི་ལེགས་པར་བཤད་པ་མ་ཡིན་པས་དེ་གཉིས་ཀྱི་ཁྱད་པར་གྲུབ་པ་ཉིད་དོ། །ཁྱེད་ཀྱི་ལྟར་ན་ཡང་མིང་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དུ་ཉེ་བར་བརྗོད་པའི་ཕྱིར་ལེགས་པར་བཤད་པ་དང༌། ཅིག་ཤོས་དག་རྣམ་པར་དབྱེ་བ་ཇི་ལྟར་གཞག་སྟེ། དེ་ལ་ཁྱེད་ཀྱི་ལེན་གང་ཡིན་པ་ཁོ་བོ་ཅག་གི་ཡང་དེ་ཁོ་ན་ཡིན་པས་འདི་ནི་གྱི་ནའོ། །གང་ཡང་ཇི་སྟེ་སྒྲའི་དོན་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ། ཀུན་རྫོབ་སྒྲའི་དོན་ཁོ་ན་ནི་མ་ཡིན་ནོ། །འོན་ཀྱང་སྒྲའི་དོན་ཀྱང་ཡིན་ནོ་ཞེས་བསྟན་ཏེ། དངོས་པོ་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པ་ལ་བརྗོད་པར་བྱ་བ་ལ་སོགས་པ་སྒྱུ་མ་ལ་སོགས་པ་བཞིན་དུ་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། ཇི་ལྟར་སྒྱུ་མའི་མི་མང་པོ་དག་ལ་མི་མི་སྐྱེ་ཞེས་བྱ་བའི་སྒྲའི་དོན་སྤྱིའི་རྣམ་པ་ཅན་གྱི་ངོ་བོ་རྣམ་པར་འཇོག་པ་དེ་བཞིན་དུ་དངོས་པོ་དོན་དམ་པར་ངོ་བོ་ཉིད་མེད་པ་དག་ལ་ཡང་ཅི་སྟེ། རྣམ་པར་མི་གཞག །ཁྱད་པར་དངོས་པོར་གྱུར་པ་ཁོ་ན་ལ་སྒྲའི་དོན་སྤྱིའི་རྣམ་པ་ཅན་གྱི་ངོ་བོར་འགྱུར་དགོས་སོ་ཞེས་བྱ་བ་འདི་ལ་རྒྱུ་ཅུང་ཟད་ཀྱང་མེད་དེ། སྔ་ན་མེད་པ་ལ་སོགས་པའི་ཁྱད་པར་དངོས་པོར་མ་གྱུར་པ་ལ་ཡང་མེད་པ་ཞེས་སྤྱིར་ཐ་སྙད་འདོགས་པ་མཐོང་བའི་ཕྱིར་རོ། །གང་ཡང་བདེ་བ་ལ་སོགས་པ་གང་དག་སོ་སོ་རང་གིས་རིག་པར་བྱ་བ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ། བདེ་བ་ལ་སོགས་པ་ཐམས་ཅད་ཀུན་རྫོབ་ཀྱི་ཁོངས་སུ་འདུས་པའི་ཕྱིར་ཏེ། ཇི་སྐད་དུ་སྔར་བཤད་པ་བཞིན་ནོ། །དངོས་པོ་ཁོ་ན་བསྟན་དུ་མེད་པའི་ངོ་བོར་འགྱུར་རོ་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཡང་མེད་དེ། སྐྲ་ཤད་དང་ཟླ་བ་གཉིས་པ་ལ་སོགས་པ་བརྫུན་པ་ཡང་བརྗོད་དུ་མེད་པའི་ངོ་བོ་ཉིད་དུ་མཐོང་བའི་ཕྱིར་རོ། །མདོ་ལས་ཀྱང་རྗོད་པ་དང༌། །བརྗོད་པར་བྱ་བའི་ངོ་བོ་ཁོ་ན་ཀུན་རྫོབ་ཀྱི་བདེན་པར་བཤད་པ་ནི་མ་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །དེའི་ཕྱིར་མདོ་དེའི་ཁུངས་མདོ་ཉིད་ཀྱང་སྔར་བཤད་ཟིན་ཏོ། །གང་ཡང་དོན་དམ་པ་ལ་ཡང་ཐལ་བ་ཁོ་ནའོ་ཞེས་སྨྲས་པ་དེ་ཡང་དེ་ལྟར་འདོད་པའི་ཕྱིར་ཐལ་བ་ཉིད་མ་ཡིན་ཏོ། དེའི་མཚན་ཉིད་ནི་མི་འདོད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དོན་དམ་པར་སྒྲོ་བཏགས་པའི་ངོ་བོ་བརྗོད་པ་ནི་ཀུན་རྫོབ་ཁོ་ནར་འགྱུར་ཏེ། དེ་ནི་སྤྲོས་པ་ཐམས་


DTG107_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལས་འདས་པའི་ཕྱིར་རོ། །དེ་སྐད་དུ་མདོ་ལས་ཀྱང༌། འཇམ་དཔལ་དོན་དམ་པའི་བདེན་པ་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གལ་ཏེ་དོན་དམ་པར་དོན་དམ་པའི་བདེན་པ་ལུས་དང་ངག་དང་ཡིད་ཀྱི་ཡུལ་གྱི་ངོ་བོར་གྱུར་ན། དེ་དོན་དམ་པའི་བདེན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོའི། ཀུན་རྫོབ་ཀྱི་བདེན་པ་ཁོ་ནར་འགྱུར་རོ། །ལྷའི་བུ་གཞན་ཡང་དོན་དམ་པར་ན་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་འདས་པའོ་ཞེས་རྒྱས་པར་གསུངས་སོ། །དེ་དག་ལ་དངོས་པོའི་བག་ཆགས་ཀྱང་སྔར་བཀག་པས་དེའི་ཕྱིར་ཀུན་རྫོབ་ཁོ་ནའི་ཁོངས་སུ་འདུས་པའི་ཕྱིར་གཞན་དུ་ཁ་བསྐང་མི་དགོས་སོ། །གལ་ཏེ་ཚད་མས་དངོས་པོ་མེད་པར་བསྒྲུབས་པ་སྒྱུ་མ་ལ་སོགས་པ་དང་ཁྱད་པར་མེད་པ་དེ་ལྟ་བུ་ལ་ཡང་རང་དགས་དོན་དམ་པར་ཡོད་དོ་ཞེས་མིང་དུ་འདོགས་པར་བྱེད་ན་ནི་དགའ་མགུར་ཐོགས་ལ་དགའ་སྟོན་ཡང་བྱེད་ལ་རག་གོ །རང་དགའི་འདོད་པ་ཙམ་གྱི་རྗེས་སུ་བྱེད་པས་གཞག་པ་ཙམ་གྱི་སྒོ་ནས་ནི་དངོས་པོ་རྣམས་དེ་ལྟ་བུར་འགྱུར་བར་འབྲང་བ་མེད་དོ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དང༌། རང་གིས་རིག་པར་བྱ་བ་ཉིད་ནི་དངོས་པོ་ཉིད་ཀྱི་རྒྱུ་ཡང་མ་ཡིན་ཏེ། སྒྱུ་མ་དང་སྐྲ་ཤད་ལ་སོགས་པས་འཁྲུལ་པའི་ཡང་ཕྱིར་ལ། གང་དུ་ཡང་འབྲེལ་པ་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་རྟེན་ཅིང་འབྲེལ་པར་མི་འབྱུང་བ་ལ་དངོས་པོ་ཉིད་མ་མཐོང་ངོ་ཞེ་ན། མ་མཐོང་དུ་ཟིན་ཀྱང༌། གཞན་ལ་དེར་འགྱུར་དགོས་སོ་ཞེས་བྱ་བ་འདི་ལ་འབྲེལ་པ་ཅི་ཡང་མེད་དེ། ཁྱབ་པར་བྱེད་པ་ཤིང་ཉིད་ཡོད་པས་ཤིང་ཤ་པ་གདོན་མི་ཟ་བར་ཡོད་པ་ནི་མ་ཡིན་ནོ། །དེའི་ཕྱིར་བདེན་པ་ལ་སོགས་པ་ཕྱིན་ཅི་མ་ལོག་པར་མ་གྲུབ་པས་བརྩད་པ་མེད་པ་མ་ཡིན་ནོ། །གང་ཡང་ཇི་སྟེ་སྐད་ཅིག་ལས་ཕན་ཆད་དུ་མི་གནས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲ་བ་དེ་ཡང་མི་འདོད་པར་འགྱུར་བ་མ་ཡིན་ཏེ། རང་བཞིན་ནི་གཞན་དུ་འགྱུར་བར་མི་འཐད་པའི་ཕྱིར་དང༌། དངོས་པོ་རྣམས་ཡང་དག་པ་པ་ཉིད་ཡིན་ན་གནས་པ་དང་མི་གནས་པ་ཕན་ཚུན་འགལ་བ་མི་འཐད་དོ་ཞེས་སྔར་བསྟན་ཟིན་ཏོ། །དེའི་ཕྱིར་གཡོ་བ་ཉིད་དངོས་པོ་རྣམས་རང་བཞིན་གྱིས་ངོ་བོ་ཉིད་མེད་པར་ཡོངས་སུ་སྟོན་པར་བྱེད་པས་དེ་དག་ཀུན་རྫོབ་ཀྱི་ངོ་བོ་ཉིད་དུ་རྗོད་པར་བྱེད་དོ། །


DTG107_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་གཡོ་བའི་དོན་ཉིད་ཡིན་ན་ནི་མི་འདོད་པར་བསྒྲུབ་པ་མ་ཡིན་ནོ། །དངོས་པོ་གཡོ་བའི་བདག་ཉིད་དེ་དག་ཐམས་ཅད་ལ་སྒྱུ་མ་ལ་སོགས་པ་བཞིན་དུ་རང་བཞིན་གྱིས་ངོ་བོ་ཉིད་མེད་པའི་མཚན་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་ལ། དེ་ཡང་དེ་བཞིན་གཤེགས་པ་རྣམས་བྱུང་བ་དང་མ་བྱུང་བ་དག་ཏུ་ཡང་དུས་ཐམས་ཅད་དུ་གནས་པའི་ཕྱིར་རྟག་པ་ཡིན་པས་གྲུབ་པ་སྒྲུབ་པ་ཉིད་མ་ཡིན་ནོ། །གང་ཡང་ཇི་སྟེ་མི་བདེན་པའི་དོན་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་བདེན་པའི་སྒྲའི་དོན་མངོན་པར་མི་ཤེས་པ་ཁོ་ནས་གླེངས་པ་ཡིན་ཏེ། འདི་ལྟར་འཁྲུལ་པའི་བློ་ནི་ཀུན་རྫོབ་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །དེ་ནི་བརྫུན་པའི་རྣམ་པ་ཉེ་བར་འཛིན་པར་སྣང་བའི་ཕྱིར་མི་བདེན་པ་ཞེས་བྱའོ། །དེ་ཡང་ཡང་དག་པར་བདེན་པ་མ་ཡིན་ཡང་བདེན་པའི་ངོ་བོ་ལྟ་བུར་གྲགས་པས་དེའི་ཕྱིར་དེ་དག་གི་བསམ་པའི་དབང་གིས་དེ་ལ་བདེན་པའོ་ཞེས་མིང་དུ་འདོགས་པ་མཛད་དོ། །གང་གི་ཚེ་ཤེས་པ་དང་ཤེས་བྱ་ལ་སོགས་པ་ཐམས་ཅད་ཀུན་རྫོབ་བོ་ཞེས་བརྗོད་པ་དེའི་ཚེ་ཡང་འཇིག་རྟེན་ལ་གྲགས་པའི་ངོར་བདེན་པ་ཞེས་བྱའི། ཡང་དག་པའི་ཡེ་ཤེས་ཀྱི་ངོར་ནི་མ་ཡིན་ཏེ། དེའི་ཕྱིར་ལྟོས་པའི་བྱེ་བྲག་གིས་སྒྲ་ཙམ་བཀོད་པའི་ཕྱིར་བདེན་པ་དང་བདེན་པ་མ་ཡིན་པ་དག་ཕན་ཚུན་འགལ་བ་ཉིད་མ་ཡིན་ནོ། །ཀུན་རྫོབ་ནི་ལོག་པའི་རྣམ་པར་སྣང་བའི་ཕྱིར་དངོས་པོ་ཉིད་དུ་ཁས་ལེན་པ་ཡང་མ་ཡིན་ཏེ། དེ་ཉིད་ནི་གཞན་དུ་མི་འགྱུར་རོ་ཞེས་སྔར་བསྟན་ཟིན་ཏོ། །དེས་རྣམ་པར་གཞག་པ་འགྲོ་བ་བརྫུན་པ་ཡང་དེ་དག་གི་བསམ་པའི་དབང་གིས་བདེན་པ་ཞེས་བྱ་སྟེ། དེའི་ཕྱིར་ཀུན་རྫོབ་གདོན་མི་ཟ་བར་དངོས་པོ་ཉིད་དུ་ཁས་བླང་བར་བྱ་དགོས་སོ་ཞེས་སྨྲས་པ་གང་ཡིན་པ་དེ་ནི་རིགས་པ་མ་ཡིན་པ་ཉེས་པས་དམ་བཅས་པ་བོར་བས་ཡིན་ནོ། །གང་ཡང་ཀུན་རྫོབ་ཚད་མ་འམ། ཚད་མ་མ་ཡིན་པར་འགྱུར་གྲང༌། གལ་ཏེ་འདི་ཚད་མ་ཡིན་ན་ནི་ཇི་ལྟར་ཀུན་རྫོབ་ཡིན། འོན་ཏེ་ཚད་མ་མ་ཡིན་ན་ནི་ཇི་ལྟར་འདི་ལས་བདག་མེད་པ་འགྲུབ་ཅེས་སྨྲས་པ་གང་ཡིན་པ་དེ་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་ཇི་ལྟར་རྗེས་སུ་དཔག་པའི་ཤེས་པ་སྤྱིའི་རྣམ་པ་བརྫུན་པ་ཉེ་བར་འཛིན་པར་ཞུགས་པས་ཀུན་རྫོབ་པའི་ངོ་བོ་ཉིད་ཡིན་ཡང་མངོན་པར་འདོད་པའི་དོན་བྱེད་པ་ཐོབ་པར་བྱེད་པ་ཉིད་ཀྱིས་ཚད་མར་འདོད་པ་དེ་བཞིན་དུ་ཀུན་རྫོབ་


DTG107_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཡང་རང་གི་ངོ་བོས་བརྫུན་པ་ཡིན་ཡང་ཚུལ་བཞིན་དུ་ཐོས་པ་དང་བསམ་པ་ལ་སོགས་པའི་རྒྱུ་བརྒྱུད་པ་ལས་འོངས་པའི་ཕྱིར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དོན་ལ་མི་སླུ་བ་ཉིད་ཀྱིས་ཚད་མ་ཞེས་བྱའོ། །དེ་ལས་བཟློག་པ་ནི་ཚད་མ་མ་ཡིན་ནོ། །ཚད་མ་ལ་སོགས་པ་རྣམ་པར་གཞག་པ་འདི་ཐམས་ཅད་ནི་ཐ་སྙད་ཀྱི་སྒོ་ཁོ་ན་ནས་ཡིན་ནོ་ཞེས་སྔར་བསྒྲུབས་པས་དེའི་ཕྱིར་འདི་ནི་གྱི་ནའོ། །གང་ཡང་གདོན་མི་ཟ་བར་ཀུན་རྫོབ་ཀྱི་ས་བོན་རྣམ་པར་ཤེས་པ་ལ་སོགས་པ་དོན་དམ་པར་ཡོད་པར་ཁས་བླངས་དགོས་སོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ། གལ་ཏེ་འདིའི་རྒྱུ་ཙམ་ཞིག་རབ་ཏུ་བསྒྲུབ་ན་ནི་དེའི་ཚེ་གྲུབ་པ་སྒྲུབ་པ་ཡིན་ཏེ། འདིའི་རྒྱུ་རང་དང་མཐུན་པ་ཀུན་རྫོབ་པ་ཐོག་མ་མེད་པ་འདོད་པ་ཉིད་པས་འདི་རྒྱུ་མེད་པ་ཉིད་དུ་དམ་བཅའ་བ་ནི་མ་ཡིན་ནོ། །འོན་ཏེ་འདིའི་ས་བོན་དོན་དམ་པ་ཞིག་རབ་ཏུ་བསྒྲུབ་ན་ནི་དེའི་ཚེ་གང་དུ་ཡང་དེ་དང་རྗེས་སུ་འགྲོ་བ་མ་གྲུབ་པས་མ་ངེས་པ་ཉིད་ཡིན་ཏེ། ཤིང་ལ་སོགས་པ་ཀུན་རྫོབ་ཐམས་ཅད་ཉེ་བར་ལེན་པའི་རྒྱུ་སྔ་མ་སྔ་མ་དང་མཐུན་པ་མ་བརྟགས་ན་དགའ་བ་ཁོ་ན་ལས་འབྱུང་བར་མཐོང་བའི་ཕྱིར་རོ། །དེའི་ཕྱིར་གཏན་ཚིགས་འགལ་བ་ཡང་མ་ཡིན་ཏེ། གནོད་སྦྱིན་དང་མཐུན་པ་ཁོ་ནའི་གཏོར་མ་ཡིན་པས་ཀུན་རྫོབ་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཁོ་ནར་བསྒྲུབས་ཟིན་ཏོ། །དེ་ལྟ་མ་ཡིན་ན་འདི་ཇི་ལྟར་ཀུན་རྫོབ་ཏུ་འགྱུར། འདི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ན་ནི་ས་བོན་ཡང་རང་དང་མཐུན་པ་དང་དངོས་པོར་གྱུར་པ་མ་ཡིན་པ་ཁོ་ནར་རིགས་ཀྱི། །དངོས་པོ་ནི་མ་ཡིན་ཏེ། དེ་ནི་དེ་དང་འགལ་བའི་ཕྱིར་དང༌། མ་གྲུབ་པའི་ཕྱིར་དང༌། ཚད་མས་གནོད་པའི་ཕྱིར་འདི་ནི་གྱི་ནའོ། །གང་ཡང་དངོས་པོའི་ངོ་བོ་ཉིད་ཁས་ལེན་ན་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་གང་གིས་ན་དངོས་པོའི་ངོ་བོ་དོན་དམ་པར་ཁས་ལེན་ན་བདེན་པ་གཉིས་རྣམ་པར་དབྱེ་བ་འགྲུབ་པར་འགྱུར་པ་རྗེས་སུ་འགྲོ་བ་ནི་གང་དུ་ཡང་མ་གྲུབ་སྟེ། དངོས་པོའི་ངོ་བོ་དོན་དམ་པ་པ་ནི་མེད་ཀྱང་གཟུགས་ལ་སོགས་པ་མ་བརྟགས་ན་གྲུབ་པ་དག་ལ་ཇི་ཙམ་དུ་སྐྱེ་བ་ལ་སོགས་པར་སྒྲོ་བཏགས་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་བར་རྣམ་པར་བཞག་ལ་སྐྱེ་བ་མེད་པ་ལ་སོགས་པ་ཡང་དག་


DTG107_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚད་མས་ཀུན་ཏུ་གཏན་ལ་ཕབ་ཅིང་སྒྲོ་མ་བཏགས་པ་གང་ཡིན་པ་དེ་ནི་དོན་དམ་པའི་བདེན་པ་ཞེས་བྱའོ། །དེའི་ཕྱིར་དངོས་པོའི་ངོ་བོ་དོན་དམ་པར་མེད་ཀྱང་བདེན་པ་གཉིས་རྣམ་པར་གཞག་པར་འགྱུར་བ་ཉིད་པས་འདི་ནི་གྱི་ནའོ། །གང་ཡང་གལ་ཏེ་དོན་དམ་པ་གྱི་ན་ཞིག་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་འབྲལ་བ་མེད་པ་ཡིན་ཏེ། འདི་ལྟར་ཆོས་དང་གང་ཟག་ལ་བདག་མེད་པའི་མཚན་ཉིད་ཀྱི་ངོ་བོ་དེ་ཁོ་ན་ཉིད་ནི་རིགས་པ་དང་ལྡན་པས་དམ་པ་ཡིན་ཞིང་དོན་ཀྱང་དེ་ཡིན་ཏེ། དོན་དུ་གཉེར་བ་རྣམས་ཀྱི་སྒྲིབ་པ་སྤང་བར་བྱ་བའི་ཆེད་དུ་དོན་དུ་གཉེར་བར་བྱ་བ་ཡིན་པའི་ཕྱིར་དང༌། ཡེ་ཤེས་དམ་པ་ཕྱིན་ཅི་མ་ལོག་པའི་དོན་ཏེ་ཡུལ་ཡིན་པའི་ཕྱིར་དོན་དམ་པ་ཞེས་བྱའོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་དེའི་ཡུལ་ཅན་གང་ཡིན་པ་དེ་ཡང་ཚིག་གི་དོན་གཞན་དུ་སྦྱོར་བའི་སྒོ་ནས་དེར་ཐ་སྙད་གདགས་སོ། །ཐོས་པ་དང༌། བསམས་པ་དང༌། བསྒོམས་པ་ལས་བྱུང་བའི་ཤེས་རབ་དེའི་རྗེས་སུ་མཐུན་པ་གང་ཡིན་པ་དེ་ཡང་གདགས་པས་དེ་སྐད་དུ་བརྗོད་དོ། །དེ་ལ་གང་གི་ཕྱིར་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཀྱི་དོན་དམ་པ་སྒོམ་པར་བྱེད་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀུན་ནས་ཉོན་མོངས་པ་མ་ལུས་པར་སྤོང་ཞིང་གོང་ནས་གོང་དུ་ཤེས་རབ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་ཐོབ་པར་འགྱུར་བ་དེའི་ཕྱིར་དོན་ཆེན་པོ་སྒྲུབ་པར་བྱེད་པས་དམ་པའི་སྒྲར་བརྗོད་པར་བྱ་བར་འོས་པ་ཉིད་དོ། །དེ་ཡང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དམ་པ་རྟོག་པའི་དྲ་བ་མ་ལུས་པ་དང་བྲལ་བ། ཆོས་ཐམས་ཅད་སྣང་བ་མེད་པས་མི་དམིགས་པར་སོ་སོ་རང་གིས་རིག་པར་འགྱུར་གྱི། དམིགས་པར་ནི་མི་ཡིན་ཏེ། ཇི་སྐད་དུ། ལྷའི་བུ་དོན་དམ་པའི་བདེན་པ་ནི་ཇི་ཙམ་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཡུལ་ལས་ཀྱང་འདས་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །འདིས་ནི་ཡུལ་གྱི་དངོས་པོ་ལས་ཡང་དག་པར་འདས་པ་ཉིད་དུ་བསྟན་པའི་ཕྱིར་དེ་དམིགས་པས་མཐོང་བ་འགོག་པར་བྱེད་དོ། །ཡེ་ཤེས་ཀྱི་བདག་ཉིད་དོན་དམ་པའི་མཚན་ཉིད་དུ་བཤད་པ་གང་ཡིན་པ་དེ་ཡང་ཡོན་ཏན་ཕུན་སུམ་ཚོགས་པ་མ་ལུས་པའི་གཞི་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་དོན་དམ་པ་ནི་དོན་ཆེན་པོ་སྒྲུབ་པར་བྱེད་པ་ཉིད་ཡིན་པས་དེའི་ཕྱིར་གྱི་ན་མ་ཡིན་ནོ། །གཞན་ཡང་གལ་ཏེ་དོན་


DTG107_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་གྱི་ན་ཞིག་ཡིན་ན་དེའི་ཚེ་ཇི་ལྟར་མྱ་ངན་ལས་འདས་པ་དོན་དམ་པ་ཉིད་ཡིན་ཏེ། དེ་ལ་དངོས་པོའི་ངོ་བོ་ཡང་དག་པ་བ་ཅི་ཡང་མི་སྲིད་པས་དེར་ཡང་ཀླན་ཀ་འདི་ཐམས་ཅད་ཀྱིས་ཇི་སྟེ་བརྫི་བར་མི་འགྱུར། དེའི་ཕྱིར་དེ་ལ་ཁྱེད་ཀྱི་ལན་གང་ཡིན་པ་དེ་ཁོ་བོ་ཅག་གི་ཡང་ཡིན་པས། མཚུངས་པ་ཉིད་དོ། །གང་ཡང་དངོས་པོ་རྣམས་དོན་དམ་པར་མེད་དོ་ཞེས་བརྗོད་པ་དེར་ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་དོན་དམ་པ་ཁོ་ནའི་དབང་དུ་མཛད་ནས། དེ་ལས་དགོངས་ཏེ་མེད་དོ་ཞེས་བཤད་པ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་དོན་དམ་པ་མེད་དོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱིས་རྣམ་པར་དཔྱད་ན་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཡང་གལ་ཏེ་ཀུན་རྫོབ་དང་དོན་དམ་པ་དག་གཅིག་པར་འདོད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ་ཡང་བཅོམ་ལྡན་འདས་ཉིད་ཀྱིས་བཤད་པའི་ཕྱིར་དེ་ཁོ་ན་ཉིད་ཀྱིས་དོན་གྱི་མཚན་ཉིད་ཀྱི་དོན་དམ་པ་དང༌། འདུས་བྱས་ཀྱི་མཚན་ཉིད་ཀྱི་ཀུན་རྫོབ་དང་ལྷན་ཅིག །ཅིག་པ་ཡང་མ་ཡིན་ཞིང་ཐ་དད་པར་ཡང་མི་འདོད་དེ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། ཇི་སྐད་དུ། གལ་ཏེ་དོན་དམ་པའི་མཚན་ཉིད་འདུ་བྱེད་དག་ལས་གཞན་མ་ཡིན་པར་གྱུར་ན་ནི་དེའི་ཚེ་སོ་སོའི་སྐྱེ་བོ་ཐམས་ཅད་བདེན་པ་མཐོང་བར་འགྱུར་ཏེ། དེའི་ཕྱིར་ཐམས་ཅད་མྱ་ངན་ལས་འདས་པའམ། སངས་རྒྱས་ཉིད་ཐོབ་པར་འགྱུར་ཞིང་ཇི་ལྟར་འདུས་བྱས་ཀྱི་མཚན་ཉིད་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་གྱུར་པ་དེ་བཞིན་དུ་དོན་དམ་པ་ཡང་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་འགྱུར་ལ། ཇི་ལྟར་དོན་དམ་པར་འདུ་བྱེད་ཐམས་ཅད་ལ་ཁྱད་པར་མེད་པ་དེ་བཞིན་དུ་འདུ་བྱེད་ཀྱི་མཚན་ཉིད་ཐམས་ཅད་ཀྱང་ཁྱད་པར་མེད་པར་འགྱུར་བ་ཞིག་ན། འདུ་བྱེད་ཐམས་ཅད་ནི་མཚན་ཉིད་ཐ་དད་པའི་ཕྱིར་ཁྱད་པར་མེད་པ་ཡང་མ་ཡིན་ནོ། །རྣལ་འབྱོར་པ་རྣམས་ཀྱི་དོན་ཇི་ལྟར་ཐོབ་པ་ལ་སོགས་པའི་འོག་ཏུ་དོན་དམ་པ་ཚོལ་བ་ཡང་རུང་བར་མི་འགྱུར་ཏེ། དེ་ལྟ་བས་ན་དོན་དམ་པའི་མཚན་ཉིད་ནི་འདུ་བྱེད་དག་ལས་གཞན་མ་ཡིན་པ་ཡང་མ་ཡིན་ནོ། །གཞན་པ་ཡང་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་བདེན་པ་མཐོང་བ་རྣམས་ཀྱི་འདུ་བྱེད་ཀྱི་མཚན་མ་ཟིལ་གྱིས་མི་ནོན་པར་འགྱུར་ཏེ། དེའི་ཕྱིར་རྣལ་འབྱོར་པ་འདུ་བྱེད་ཀྱི་མཚན་མ་ཟིལ་གྱིས་མ་ནོན་པས་མཚན་མའི་འཆིང་བ་ལས་མ་གྲོལ་བར་ཡང་འགྱུར་ལ། མཚན་མའི་འཆིང་བ་ལས་


DTG107_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྲོལ་བས་གནས་ངན་ལེན་གྱི་འཆིང་བ་ལས་ཀྱང་མ་གྲོལ་བར་འགྱུར་རོ། །དེ་ལས་མ་གྲོལ་བ་ནི་མྱ་ངན་ལས་འདས་པ་གྲུབ་པ་དང༌། བདེ་བ་བླ་ན་མེད་པ་ཡང་རྟོགས་པར་མི་འགྱུར་རོ། །གཞན་ཡང་གལ་ཏེ་དོན་དམ་པའི་མཚན་ཉིད་འདུ་བྱེད་ཀྱི་མཚན་ཉིད་དག་ལས་གཞན་ཡིན་ན་དེའི་ཚེ་དོན་དམ་པའི་མཚན་ཉིད་འདུ་བྱེད་དག་གི་སྤྱིའི་མཚན་ཉིད་དུ་ཡང་མི་འགྱུར་ལ། དོན་དམ་པའི་མཚན་ཉིད་འདུ་བྱེད་དག་བདག་མེད་པ་ཙམ་དང༌། ངོ་བོ་ཉིད་མེད་པ་ཙམ་དུ་ཡང་མི་འགྱུར་ལ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་མཚན་ཉིད་དུས་གཅིག་ཏུ་མཚན་ཉིད་སོ་སོར་གྲུབ་པར་ཡང་འགྱུར་རོ། །དེ་བས་ན་དོན་དམ་པའི་མཚན་ཉིད་ནི་དུང་ལ་སོགས་པའི་དཀར་པོ་ཉིད་ལ་སོགས་པ་བཞིན་དུ་འདུ་བྱེད་རྣམས་དང་དེ་ཉིད་དང༌། གཞན་ཉིད་དག་ཏུ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དོ་ཞེས་གསུངས་པ་ལྟ་བུའོ། །དངོས་པོ་ཁོ་ན་ལ་དེ་ཉིད་དང་གཞན་ཉིད་ཀྱི་རྣམ་པར་རྟོག་པ་སྲིད་པའི་དོན་དམ་པ་སྤྱིའི་མཚན་ཉིད་ནི་དངོས་པོའི་ངོ་བོ་མེད་པའི་ཕྱིར་དེ་ཉིད་དང༌། གཞན་ཉིད་དག་ཏུ་བརྗོད་པར་བྱ་བ་མ་ཡིན་པ་ཁོ་ན་སྟེ། དངོས་པོ་ཡོད་ན་དེ་ཉིད་དང་གཞན་ཉིད་དུ་རྟོགས་པ་སྲིད་པར་འགྱུར་གྱི། དངོས་པོའི་ངོ་བོ་ཉིད་མེད་པ་དག་ལ་དེ་མི་སྲིད་པ་ཉིད་པས་འགལ་བ་མེད་པ་ཁོ་ནའོ། །ཡེ་ཤེས་ཀྱི་བདག་ཉིད་ཀྱི་དོན་དམ་པ་ཡང་ཀུན་རྫོབ་དང་ལྷན་ཅིག་དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱི་དོན་དམ་པའི་རྣམ་པར་གཅིག་པ་ཉིད་དུ་འདོད་པ་ཁོ་ན་སྟེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་དུ། བཅོམ་ལྡན་འདས་ཅི་ལགས། འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་ལགས། དོན་དམ་པ་ཡང་གཞན་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་ལ། དོན་དམ་པ་ཡང་གཞན་པ་ནི་མ་ཡིན་ཏེ། འཇིག་རྟེན་གྱི་ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་གང་ཡིན་པ་དེ་ཉིད་དོན་དམ་པའི་དེ་ཁོ་ན་ཉིད་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །ཡེ་ཤེས་ཀྱི་བདག་ཉིད་ཀྱི་དོན་དམ་པ་ནི་སྒྱུ་མ་ལ་སོགས་པ་དང་ཁྱད་པར་མེད་པའི་ཕྱིར་ཡང་དག་པའི་ཀུན་རྫོབ་ཀྱི་ངོ་བོ་ཉིད་ཀྱང་ཡིན་ལ། དེ་ཁོ་ན་ཉིད་རྟོགས་པ་དང་མཐུན་པའི་ཕྱིར་དོན་དམ་པའི་ངོ་བོ་ཉིད་ཀྱང་ཡིན་པས་ལྟོས་པའི་བྱེ་བྲག་གིས་གཅིག་ལ་གཉིས་ཀའི་ངོ་བོ་ཉིད་ཀྱང་མི་འགལ་ལོ། །གང་ཡང་ཁྱོད་ཀྱི་ལྟར་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ཡང་


DTG107_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བར་དཀའོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ། ལྟ་བ་འདི་ཁོ་ན་ལ་ཡང་ཚོགས་ཡོངས་སུ་རྫོགས་པར་རིག་པའི་ཕྱིར་རོ། །འདི་ལྟར་ཡང་དག་པའི་ལྟ་བས་ཀུན་ནས་བསླང་བའི་སྦྱིན་པ་ལ་སོགས་པ་ཁོ་ན་རྒྱུ་ཡོངས་སུ་དག་པ་ལས་བྱུང་བའི་ཕྱིར་འབྲས་བུ་ཁྱད་པར་ཅན་དང་འདོད་པ་མངོན་པར་གྲུབ་པར་བྱེད་པར་འགྱུར་གྱི། ཕྱིན་ཅི་ལོག་གིས་ཀུན་ནས་བསླང་བ་ནི་མ་ཡིན་ཏེ། ལོག་པའི་ལྟ་བས་ཀུན་ནས་བསླང་བའི་ཚུལ་ཁྲིམས་ཀྱི་ཡན་ལག་ལ་སོགས་པ་བཞིན་ནོ། །དོན་དམ་པར་ནི་སྦྱིན་པ་ལ་སོགས་པའི་དངོས་པོ་འགའ་ཡང་མེད་པའི་ཕྱིར་དེར་དམིགས་པ་ནི་ཕྱིན་ཅི་ལོག་ཁོ་ན་ཡིན་ཏེ། སྨིག་རྒྱུ་ལ་ཆུར་དམིགས་པ་བཞིན་ནོ། །དེའི་ཕྱིར་དེས་ཀུན་ནས་བསླང་བའི་ཕ་རོལ་ཏུ་ཕྱིན་པའི་རྩོམ་པ་ཐམས་ཅད་ཀྱང་བདག་དང་བདག་གིར་ཕྱིན་ཅི་ལོག་གིས་ཀུན་ནས་བསླང་བའི་སྦྱིན་པ་ལ་སོགས་པ་བཞིན་དུ་རྒྱུ་རྣམ་པར་མ་དག་པ་ཀུན་ནས་བསླང་བའི་ཕྱིར་ཤིན་ཏུ་སྟོབས་ཆུང་བ་ཡིན་ནོ། །སྦྱིན་པ་ལ་སོགས་པ་དམིགས་པའི་རིག་བྱར་གྱུར་པ་མི་དམིགས་པ་ནི་ཡང་དག་པའི་དོན་ཡུལ་ཡིན་པའི་ཕྱིར་སྨིག་རྒྱུ་ལ་ཆུར་མི་དམིགས་པ་བཞིན་དུ་ཕྱིན་ཅི་མ་ལོག་པ་ཡིན་ནོ། །དེའི་ཕྱིར་དེས་ཀུན་ནས་བསླང་བའི་སྦྱིན་པ་ལ་སོགས་པ་ཡང་འབྲས་བུ་ཆེན་པོར་འགྱུར་ཏེ། རྒྱུ་རྒྱས་པས་ཀུན་ནས་བསླང་བའི་ཕྱིར་ས་བོན་གྲུང་པོས་མངོན་པར་བསྒྲུབས་པའི་མྱུ་གུ་ལ་སོགས་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་མི་དམིགས་པ་ལ་ཡང་དག་པར་བརྟེན་པའི་སྦྱིན་པ་ལ་སོགས་པ་ནི་ཡང་དག་པའི་ལྟ་བས་ཀུན་ནས་བསླང་བའི་ཕྱིར་མཁས་པ་རྣམས་ཤིན་ཏུ་དང་བ་བསྐྱེད་པར་འགྱུར་གྱི། གཞན་ནི་མ་ཡིན་ནོ། །གང་གིས་ན་སྦྱིན་པ་ལ་སོགས་པ་ལ་མི་འཇུག་པའི་ཕྱིར་བསོད་ནམས་མེད་པར་འགྱུར་བ་སྦྱིན་པར་བྱ་བ་ལ་སོགས་པ་གཅིག་ཏུ་མེད་པ་ཉིད་ཀྱང་མ་ཡིན་ཏེ། ཀུན་རྫོབ་ཏུ་ཐམས་ཅད་ཡོད་པའི་ཕྱིར་རོ། །དུས་ཐམས་ཅད་དུ་མི་དམིགས་པ་ཡང་མ་ཡིན་ཏེ། ཏིང་ངེ་འཛིན་གྱི་གནས་སྐབས་མ་ཡིན་པ་ན་སྒྱུ་མ་བཞིན་དུ་དེ་དག་དམིགས་པའི་ཕྱིར་རོ། །དེའི་ཚེ་ན་ནི་མོས་པ་ལས་བྱུང་བའི་མི་དམིགས་པར་རྣམ་པར་གཞག་སྟེ། དེ་སྐད་དུ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པས་སྦྱིན་པ་གཏོང་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་


DTG107_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་གཏོང་ཞིང་སྦྱིན་པ་ཡོངས་སུ་གཏོང་བ་ན་སྦྱིན་པ་ལ་སྒྱུ་མའི་བློ་ཁོ་ན་ཉེ་བར་གནས་པར་འགྱུར་རོ་ཞེས་རྒྱས་པར་གསུངས་སོ། །དེའི་ཕྱིར་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པས་སྒྱུ་མ་ལ་སོགས་པར་མོས་པའི་སྒོ་ནས་དོན་དུ་གཉེར་བ་རྣམས་ལ། སྲས་ལ་སོགས་པ་ཡོངས་སུ་བཏང་བས་མི་འགལ་བ་ཉིད་དོ། །མཉམ་པར་གཞག་པའི་གནས་སྐབས་ན་ནི་སྦྱིན་པ་ལ་སོགས་པ་ཤིན་ཏུ་མི་དམིགས་པ་ཁོ་ནའོ། །དེའི་ཚེ་ན་ནི་དེ་དག་འཇུག་པ་ལ་མི་བརྟེན་ཏེ། ཏིང་ངེ་འཛིན་གྱི་དུས་ན་སྦྱིན་པ་ལ་སོགས་པ་བཏང་སྙོམས་སུ་བྱས་པའི་ཕྱིར་རོ། །འོན་ཀྱང་སྦྱོར་བ་དང་མཇུག་གི་གནས་སྐབས་ན་ནི་དེ་དག་འཇུག་སྟེ། དེ་ཉིད་ཀྱི་ཕྱིར་འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང༌། དགེ་སློང་དག་བྱང་ཆུབ་སེམས་དཔའ་ངེས་སྦྱིན་པའི་ངོ་བོ་ཉིད་ཀྱང་དམིགས་པར་མི་བྱ་ལ། སྦྱིན་པ་མི་སྦྱིན་པར་ཡང་མི་བྱའོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལས། སྟོང་པ་ཉིད་ལ་མོས་པ་མི་དམིགས་པ་ལ་བརྟེན་པའི་སྦྱིན་པ་ལ་སོགས་པའི་འབྲས་བུ་ཆེ་བ་ཉིད་དང༌། ཡོངས་སུ་དག་པ་ཉིད་དུ་གསུངས་ཏེ། ཇི་སྐད་དུ་རབ་འབྱོར་འདི་ཇི་སྙམ་དུ་སེམས། ཤར་ཕྱོགས་ཀྱི་ནམ་མཁའ་ཚད་གཟུང་བར་སླའམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་ཞིག་མི་དམིགས་པར་སྦྱིན་པ་བྱིན་པ་དེའི་བསོད་ནམས་ཀྱི་ཚད་ཀྱང་གཟུང་བར་སླ་བ་མ་ཡིན་ནོ་ཞེས་བྱ་བའི་བར་དུ་གསུངས་པ་ལྟ་བུའོ། །སྦྱིན་པའི་སྒྲ་ནི་འདིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ཡིན་པར་བཞེད་དེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཅེས་འབྱུང་བའི་ཕྱིར་རོ། །འཕགས་པ་དཀོན་མཆོག་འབྱུང་གནས་ལས་ཀྱང༌། བྱང་ཆུབ་སེམས་དཔའ་བློ་གྲོས་རབ་ཏུ་ཞི་བ་བྱང་ཆུབ་ཀྱི་ཆེད་དུ་སྤྱོད་པས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པར་བྱ་སྟེ། སྦྱིན་པ་ཡང་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པར་བྱའོ། །ལེན་པ་ཡང་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པར་བྱའོ། །ཡོན་གནས་ཀྱང་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པར་བྱའོ། །བསྔོ་བ་ཡང་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པར་བྱའོ། །གང་


DTG107_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

སྔོ་བར་བྱེད་པ་དེ་ཡང་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པར་བྱའོ། །གང་དུ་སྔོ་བར་བྱེད་པ་དེ་ཡང་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྦྱིན་པ་ནི་སྦྱིན་པའི་ངོ་བོ་ཉིད་ཀྱིས་སྟོང་ངོ༌། །དེ་བཞིན་དུ་ལེན་པ་དང༌། ཡོན་གནས་དང༌། སྦྱིན་པའི་འབྲས་བུ་དང༌། ཡོངས་སུ་བསྔོ་བ་དང༌། བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པ་ལ་ཡང་སྦྱར་བར་བྱ་སྟེ། དེ་ལྟར་ན་སྟོང་པ་ཉིད་ལ་མོས་པ་དེ་ནི་བསམ་པ་ཚད་མེད་པའི་སྒོ་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་འགྱུར་ཏེ། སྦྱིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་ཡང་འཐོབ་ལ། རྫབ་རྫུབ་མ་ཡིན་པར་ཡང་འགྱུར་རོ་ཞེས་བྱ་བ་རྒྱས་པར་གསུངས་སོ། །དེ་ལྟར་ན་མི་དམིགས་པ་ལ་ཡང་དག་པར་བརྟེན་པའི་སྦྱིན་པ་ལ་སོགས་པ་ནི་འབྲས་བུ་ཆེ་བའི་ཕྱིར་དང༌། ཡོངས་སུ་དག་པའི་ཕྱིར་འབྲས་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལག་མཐིལ་ན་ཡོད་པ་དང་འདྲ་བས་དེའི་ཕྱིར་དམིགས་པ་ཅན་གྱི་གོ་སྐབས་ཐག་བསྲིངས་པ་ཁོ་ན་ཡིན་ནོ། །གང་ཡང་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་བྱ་བ་འདི་ལ་དོན་གང་ཡིན་པར་འདོད། གལ་ཏེ་བདག་ཉིད་ཀྱིས་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་ཡིན་ན་ནི་དེའི་ཚེ་གྲུབ་པ་སྒྲུབ་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ་ཡང་བདག་ཉིད་ཀྱིས་མེད་པ་ཁོ་ནའི་ཕྱིར་ངོ་བོ་ཉིད་མེད་པ་ཉིད་དུ་རྣམ་པར་བཞག་ན་ཡང་འགལ་བ་ཡང་མ་ཡིན་ལ། གྲུབ་པ་སྒྲུབ་པ་ཉིད་ཀྱང་མ་ཡིན་ཏེ། དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཡང་དག་པ་པ་ཉིད་ཡིན་ན་ནི་གཞན་ལ་ལྟོས་ནས་ཡོད་པ་དང་སྔ་ན་མེད་པ་ཡང་མི་འཐད་དེ། ཡོད་པ་དང་མེད་པ་དག་ནི་གཅིག་ལ་རིམ་གྱིས་ཀྱང་འགལ་བའི་ཕྱིར་རོ། །དེའི་ཕྱིར་དངོས་པོ་འདི་དག་ནི་ཡང་དག་པར་ན་སྒྱུ་མ་བཞིན་དུ་གཞན་ལ་རག་ལས་པའི་ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཁོ་ན་ཡིན་ནོ། །ངོ་བོ་ཉིད་ནི་བྱས་པ་ཉིད་དུ་རིགས་པ་མ་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །འདི་དག་ཡང་དག་པར་ན་གཞན་ལས་ཀྱང་ཡོད་པ་མ་ཡིན་ཏེ། འདི་ཡང་སྔར་རབ་ཏུ་བསྒྲུབས་ཟིན་པའི་ཕྱིར་ཇི་ལྟར་གྲུབ་པ་སྒྲུབ་པ་ཉིད་ཡིན། ཐ་སྙད་དུ་ནི་འདི་དག་གཞན་ལ་ལྟོས་པའི་བདག་ཉིད་དུ་འཇུག་པའི་ཕྱིར་རྟག་ཏུ་ཡོད་པ་ལ་སོགས་པར་ཐལ་བ་ཡང་མ་ཡིན་ནོ། །དེ་ལྟར་ན་དངོས་པོ་རྣམས་རང་བཞིན་གྱིས་ངོ་བོ་ཉིད་དང་བཅས་པ་ཡིན་ན་རང་གི་


DTG107_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཀྱིས་ཡང་མེད་པ་དང༌། དེ་བཞིན་དུ་རང་གི་ངོ་བོ་ཉིད་ལ་གནས་པ་མི་འཐད་པ་ཁོ་ན་སྟེ། འགལ་བའི་ཕྱིར་རོ། །དངོས་པོའི་ངོ་བོ་ཡང་དག་པར་ཡོད་པ་གཅིག་ལ་ནི་ཡོད་པ་དང་མེད་པ་དང༌། གནས་པ་དང༌། མི་གནས་པ་ལ་སོགས་པ་ཕན་ཚུན་འགལ་བའི་ཆོས་དང་ལྡན་པར་རིགས་པ་མ་ཡིན་ནོ།། དེས་ན་འདི་དག་རང་གི་བདག་ཉིད་ཀྱིས་མེད་པའི་ཕྱིར་དང༌། རང་གི་ངོ་བོ་ལ་མི་གནས་པའི་ཕྱིར་ངོ་བོ་ཉིད་མེད་པ་ཉིད་དུ་གསལ་རབ་ཏུ་མངོན་པས་གྲུབ་པ་སྒྲུབ་པ་ཉིད་ག་ལ་ཡིན། ཀུན་བརྟགས་པའི་བདག་ཉིད་ཀྱི་ངོ་བོ་ཉིད་མེད་པ་ཡིན་ན་ཡང་གྲུབ་པ་སྒྲུབ་པ་ཉིད་མ་ཡིན་ནོ་ཞེས་སྔར་བསྒྲུབས་ཟིན་ཏེ། ཚད་མས་གནོད་པ་ཉིད་ཀུན་བརྟགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དངོས་པོ་རྣམས་ཀྱི་སྐྱེ་བ་ཡང་ཡང་དག་པར་ན་ཚད་མས་གནོད་པ་ཉིད་ཡིན་པ་དེ་ཡང་ཀུན་བརྟགས་པའི་ངོ་བོ་ཉིད་དུ་རིགས་ཀྱི། གཟུང་བ་དང་འཛིན་པའི་ངོ་བོ་ཁོ་ན་ནི་མ་ཡིན་ནོ། །འཕགས་པ་ཡེ་ཤེས་དམ་པའི་སྤྱོད་ཡུལ་དངོས་པོའི་རང་གི་མཚན་ཉིད་ཡང་དག་པ་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་སྔར་རིགས་པ་དང་ལུང་དག་གིས་བསྟན་ཟིན་ཏོ། །ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ལ་སོགས་པ་རྣམ་པར་གཞག་པ་ཡང་དངོས་པོའི་རང་གི་མཚན་ཉིད་ཡང་དག་པ་པ་ལ་བརྟེན་པར་གང་དུ་ཡང་ཡང་དག་པར་མ་གྲུབ་སྟེ། བཅོམ་ལྡན་འདས་ཉིད་ཀྱིས་འདི་ཐ་སྙད་ཀྱི་བདེན་པ་ལ་བརྟེན་པར་རྣམ་པར་གཞག་ཅེས་བཤད་ཟིན་ཏོ། །གང་ཡང་གལ་ཏེ་དངོས་པོ་ཐམས་ཅད་དང་པོ་མ་སྐྱེས་པའི་ཕྱིར་མ་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ་ཡང་གྲུབ་པ་སྒྲུབ་པ་ཉིད་ལ་སོགས་པའི་ཉེས་པ་མ་ཡིན་ཏེ། འདི་ལྟར་ཆོས་ཐམས་ཅད་དོན་དམ་པར་གཟོད་མ་ནས་སོ་སོར་ཞི་བའི་ཕྱིར་མ་སྐྱེས་པ་ཉིད་དུ་འདོད་ཀྱི། འཁོར་བ་ཐོག་མ་མེད་པ་ཉིད་ཙམ་གྱི་ཕྱིར་ཡང་མ་ཡིན་ལ། སྔོན་འགགས་པ་ཡིད་མི་སྐྱེ་བའི་ཕྱིར་ཡང་མ་ཡིན་ནོ། །སྔོན་མེད་པའི་ཆོས་མི་སྐྱེ་པའི་ཕྱིར་ཡང་མ་ཡིན་ནོ། །ཡང་ན་བཅོམ་ལྡན་འདས་ཀྱིས་བྱིས་པའི་སྐྱེ་བོའི་སྐྲག་པ་ཡོངས་སུ་སྤང་པའི་ཕྱིར་རྣམ་པ་འདི་དག་གིས་ཀྱང་དངོས་པོ་རྣམས་སྐྱེ་བ་མེད་པ་ལ་སོགས་པར་བསྟན་པ་ཡིན་དུ་ཆུག་ཀྱང༌། འདི་དག་ཁོ་ནས་ནི་མ་ཡིན་ནོ་ཞེས་བྱ་བར་ངེས་པར་བཟུང་སྟེ། རང་དང་གཞན་ལ་སོགས་པ་ལས་སྐྱེ་བ་མེད་པར་ཡང་སྔར་བསྟན་ཟིན་པའི་ཕྱིར་རོ། །ཀུན་བརྟགས་པའི་བདག་ཉིད་


DTG107_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། བདག་ཉིད་མི་སྐྱེ་བ་ཡིན་ན་ཡང་གྲུབ་པ་སྒྲུབ་པ་ཉིད་མ་ཡིན་ནོ་ཞེས་ད་གཟོད་བསྟན་པ་ཉིད་ཡིན་ནོ། །སྒྱུ་མ་ལ་སོགས་པ་བཞིན་དུ་ཐ་སྙད་པའི་སྐྱེ་བ་ཁས་བླངས་པས་རྣམ་པ་ཐམས་ཅད་དུ་སྐྱེ་བ་མེད་པའི་ཕྱིར་སྐྱེ་བ་མེད་པར་ཁས་ལེན་པ་ཡང་མ་ཡིན་ལ། ཡང་དག་པ་པ་ཡང་མ་ཡིན་པས་དེའི་ཕྱིར་མཐོང་བ་ལ་སོགས་པ་དང་འགལ་བ་མ་ཡིན་ནོ། །ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ངོ་བོ་ཉིད་མེད་པའི་མཚན་ཉིད་དུ་རོ་གཅིག་པའི་ཕྱིར་དེ་བཞིན་ཉིད་ཀྱི་རྣམ་པ་ཁོ་ནར་ཁྱད་པར་སྐྱེ་བ་མེད་པས་སྐྱེ་བ་མེད་པར་ཁས་བླངས་ཀྱང༌། གྲུབ་པ་སྒྲུབ་པ་ཉིད་མ་ཡིན་ནོ། །འཇིག་རྟེན་ན་གྲགས་པའི་ངོ་བོ་ཉིད་ལས་བསམས་ནས་ཁྱད་པར་སྐྱེ་བ་མེད་པར་རྗོད་པ་ཡང་མ་ཡིན་པས་མཐོང་བ་ལ་སོགས་པ་དང་འགལ་བ་ཡང་མ་ཡིན་ནོ། །དངོས་པོ་རྣམས་བྱ་བའི་མཚན་ཉིད་ཀྱི་སྐྱེ་བ་དང་བྲལ་བའི་ཕྱིར་དང༌། དབང་ཕྱུག་ལ་སོགས་པས་མ་སྐྱེས་པའི་ཕྱིར་སྐྱེ་བ་མེད་པར་ཁས་བླངས་ཀྱང་དེ་ཙམ་ཁོ་ནས་ནི་མ་ཡིན་ཏེ། ཇི་སྐད་དུ་སྔར་བཤད་པ་ལྟ་བུ་ཡིན་པས་དེའི་ཕྱིར་མི་འདོད་པར་འགྱུར་བ་མ་ཡིན་ནོ། །གང་ཡང་མདོ་སྡེ་མང་པོ་དང་འགལ་བ་གཞན་ཡང་སྣང་ངོ་ཞེས་སྨྲས་པ་དེ་ཐམས་ཅད་ཀྱང་ལན་བཏབ་ཟིན་ཏོ། །གང་ཡང་ཐེག་པ་གསུམ་སྒྲུབ་པའི་ཕྱིར། སྒྲུབ་པའི་བྱེ་བྲག་གིས་དཔགས་པའི་དད་པའི་བྱེ་བྲག་ལས་རིགས་ཀྱི་བྱེ་བྲག་རྗེས་སུ་དཔག་པར་བསྟན་པ་དེ་ཡང་ཐེག་པ་གསུམ་བསྒྲུབ་པར་ནུས་པ་མ་ཡིན་ཏེ། ཐེག་པའི་བྱེ་བྲག་དཔག་ཏུ་མེད་པར་སྒྲུབ་པའི་ཕྱིར་རོ། །འདིས་ནི་གང་གིས་ན་ཐེག་པ་གསུམ་ཁོ་ན་འགྲུབ་པར་འགྱུར་བ་རིགས་དཔག་ཏུ་ཡོད་པ་གསུམ་ཞིག་ངེས་པར་རྟོགས་པར་འགྱུར་བ་ནི་མ་ཡིན་ཏེ། དེ་ལས་རིགས་ཀྱི་བྱེ་བྲག་དཔག་ཏུ་མེད་པར་ཤེས་པར་འགྱུར་བའི་ཕྱིར་རོ། །མདོ་ལས་ཀྱང༌། དེ་སྐད་དུ་འབྱུང་བས་དེའི་ཕྱིར་ཐེག་པའི་བྱེ་བྲག་དཔག་ཏུ་མེད་པར་ཐལ་བར་འགྱུར་རོ། །སེམས་ཅན་རྣམས་ལ་ནི་གང་གིས་ན་རིགས་ཀྱི་བྱེ་བྲག་རྗེས་སུ་དཔག་པ་ངེས་པར་འགྲུབ་པར་འགྱུར་བ་སྒྲུབ་པ་དང་ལྡན་པ་དང་དད་པའི་བྱེ་བྲག་ངེས་པར་ཡང་མི་སྣང་སྟེ། མ་ངེས་པར་སྒྲུབ་པའི་ཕྱིར་རོ། །འདི་ལྟར་རེས་འགའ་གང་དག་གཞན་ལ་ཕན་པའི་བསམ་པ་གཅིག་པུ་ལ་ཞུགས་པར་སྣང་བ་དེ་དག་ཉིད་ཡང་མི་དགེ་བའི་གྲོགས་པོ་དང་ཕྲད་པ་ལ་སོགས་པའི་སྒོ་ནས་རྒྱུ་མེད་པ་ཁོ་ནར་གཞན་སྡུག་


DTG107_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་བར་མངོན་པར་དགའ་བར་ཀུན་ཏུ་སྣང་ངོ༌། །དེ་བཞིན་དུ་གང་དག་རྒྱུ་མེད་པ་ཁོ་ནར་གཞན་སྡུག་བསྔལ་བར་མངོན་པར་དགའ་བར་ཀུན་ཏུ་དམིགས་པ་དེ་དག་ཀྱང་དགེ་བའི་བཤེས་གཉེན་དང་ཕྲད་པ་ལ་སོགས་པའི་སྒོ་ནས་ཡང་གཞན་ལ་ཕན་པའི་བསམ་པ་གཅིག་པུ་ལ་ཞུགས་པར་ཡང་སྣང་བ་ཉིད་དོ། །གང་དག་རང་ལ་ཕན་པ་དང༌། བདེ་བ་ཅུང་ཟད་ཙམ་ལ་ཡིད་ཆགས་ཤིང་གཞན་ལ་འཁུ་བར་ཀུན་ཏུ་དམིགས་པ་དེ་དག་ཀྱང༌། གཞན་ལ་འཁུ་བར་འདོད་པ་ལོག་པར་ཡང་དམིགས་སོ། །དེ་བཞིན་དུ་གང་དག་རང་ལ་ཕན་པ་ཕུན་སུམ་ཚོགས་པ་སྒྲུབ་པ་ལྷུར་ལེན་ཅིང༌། གཞན་ལ་གནོད་པར་དགའ་བར་སྣང་བ་དེ་དག་ཀྱང༌། གཞན་ལ་ཕན་པ་གཅིག་པུ་ལ་ཞུགས་པར་ཡང་སྣང་ངོ༌། །གང་དག་འཁོར་བའི་བདེ་བ་ཙམ་འདོད་ཅིང༌། བསོད་ནམས་དག་བྱེད་པར་མཐོང་བ་དེ་དག་ཀྱང༌། སྲིད་པའི་བདེ་བ་འདོད་པ་ལས་རྣམ་པར་ལོག་ཅིང་ཡང་དེ་དག་བྱེད་པར་ཡང་སྣང་ངོ། །དེ་ལྟ་བས་ན་སྒྲུབ་པ་མ་ངེས་པར་སྣང་བ་ལས་དད་པ་མ་ངེས་པར་རྗེས་སུ་དཔག་ལ། དེར་རྗེས་སུ་དཔག་པ་ལས་རིགས་ཀྱི་བྱེ་བྲག་ཀྱང་མ་ངེས་པའི་ངོ་བོ་ཉིད་དུ་ཤེས་སོ། །དེའི་ཕྱིར་རིགས་ཀྱི་བྱེ་བྲག་མ་ངེས་པའི་ཕྱིར་ཇི་ལྟར་འདི་ལས་ཐེག་པ་གསུམ་ངེས་པར་འགྲུབ། སེམས་ཅན་གྱི་ཁམས་སྣ་ཚོགས་པར་བསྟན་པས་ཀྱང་རིགས་ཀྱི་བྱེ་བྲག་ངེས་པ་ཤེས་པར་ནི་མི་འགྱུར་རོ། །མངོན་པར་རྟོགས་པའི་རིགས་ལྔ་འབྱུང་བ་གང་དག་ཡིན་པ་དེ་དག་ཀྱང་ཐང་ཅིག་ངེས་པ་ལས་དགོངས་ཏེ་གསུངས་ཀྱི། གཏན་དུ་བའི་ཕྱིར་ནི་མ་ཡིན་ནོ། །མདོ་དེ་ཉིད་ལས་ཀྱང་དེ་བཞིན་དུ་རིགས་གཏན་དུ་བ་མ་ཡིན་པར་བསྟན་ཏེ། བློ་གྲོས་ཆེན་པོ་འདོད་པ་ཅན་དགེ་བའི་རྩ་བ་ཐམས་ཅད་སྤངས་པ་ཡང་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བརྒྱ་ལ་རེས་འགའ་ཞིག་ན་ཡང་དགེ་བའི་རྩ་བ་རྣམས་སློང་བར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་ཆེན་པོ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་ངོ་ཞེས་གང་གསུངས་པ་ཡིན་ནོ། །དེའི་ཕྱིར་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་གཞན་དག་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་པ་ལ་སོགས་པར་འགྱུར་པ་ཁོ་ནའོ་ཞེས་བྱ་བར་ཤེས་པར་བྱའོ། །གང་ཡང་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལ་སོགས་པ་ལས་ཐེག་པ་གསུམ་


DTG107_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་དེ་ཡང་ཁུངས་མ་ཡིན་པ་ཉིད་དེ། དེ་བཞིན་གཤེགས་པ་རྣམས་ནི་འཇིག་རྟེན་གྱི་ཁམས་སྣ་ཚོགས་དག་ཏུ་ཐེག་པ་སྣ་ཚོགས་བསྟན་པའི་སྒོ་ནས་ཆོས་བསྟན་པ་ལ་འཇུག་གི །ཐེག་པ་གསུམ་གྱི་སྒོ་ཁོ་ན་ནས་ནི་མ་ཡིན་ནོ། །དེ་སྐད་དུ་འཕགས་པ་སྡོང་པོས་བརྒྱན་པ་ལས་ཀྱང༌། འཇིག་རྟེན་གྱི་ཁམས་དཔལ་རྣམ་པར་སྣང་བྱེད་ན་དེ་བཞིན་གཤེགས་པ་ཀུན་ཏུ་ཡེ་ཤེས་རིན་པོ་ཆེའི་འོད་ཟེར་དཔལ་གྱི་ཡོན་ཏན་ཏོག་གི་རྒྱལ་པོས་མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ་སེམས་ཅན་དཔག་ཏུ་མེད་པ་དག་ནི་ཉན་ཐོས་ཀྱི་ས་ལ་བཀོད་དོ། །སེམས་ཅན་དཔག་ཏུ་མེད་པ་དག་ནི་ངེས་པར་འབྱུང་བའི་བྱང་ཆུབ་ལ་བཀོད་དོ། །སེམས་ཅན་དཔག་ཏུ་མེད་པ་དག་ནི་དབང་པོ་ཡོངས་སུ་དག་པ་རབ་ཏུ་བསྒོམ་པས་ངེས་པར་འབྱུང་བའི་བྱང་ཆུབ་ལ་བཀོད་དོ། །སེམས་ཅན་དཔག་ཏུ་མེད་པ་དག་ནི་དྲི་མ་མེད་པའི་རྒྱལ་མཚན་ཕ་རོལ་གནོན་པའི་བྱང་ཆུབ་ལ་བཀོད་དོ། །སེམས་ཅན་དཔག་ཏུ་མེད་པ་དག་ནི་རང་སངས་རྒྱས་ཀྱི་ས་ལ་བཀོད་དོ། །སེམས་ཅན་དཔག་ཏུ་མེད་པ་དག་ནི་སྤོབས་པའི་ཤུགས་ཀྱིས་ངེས་པར་འབྱུང་བའི་བྱང་ཆུབ་ལ་བཀོད་དོ། །སེམས་ཅན་དཔག་ཏུ་མེད་པ་དག་ནི་ཆོས་ཐམས་ཅད་ལ་སྤོབས་པས་ངེས་པར་འབྱུང་བའི་བྱང་ཆུབ་ལ་བཀོད་དོ། །སེམས་ཅན་དཔག་ཏུ་མེད་པ་དག་ནི་རྫུ་འཕྲུལ་ཐམས་ཅད་དུ་སོང་ཞིང་ཐེག་པའི་ཚུལ་ཐ་དད་པས་ངེས་པར་འབྱུང་བའི་བྱང་ཆུབ་ལ་བཀོད་དོ། །སེམས་ཅན་དཔག་ཏུ་མེད་པ་དག་ནི་སྦྱོར་བ་དང་སྤྱོད་པ་ཚད་མེད་པ་དག་ལ་ཡང་དག་པར་གཞོལ་བས་ངེས་པར་འབྱུང་བའི་བྱང་ཆུབ་ལ་བཀོད་དོ། །སེམས་ཅན་དཔག་ཏུ་མེད་པ་དག་ནི་ཏིང་ངེ་འཛིན་ལ་འཇུག་པས་ངེས་པར་འབྱུང་བའི་བྱང་ཆུབ་ལ་བཀོད་དོ། །སེམས་ཅན་དཔག་ཏུ་མེད་པ་དག་ནི་དམིགས་པའི་ཡུལ་ཡོངས་སུ་དག་པ་སྙིང་པོའི་ཚུལ་གྱིས་ངེས་པར་འབྱུང་བའི་བྱང་ཆུབ་ལ་བཀོད་དོ། །སེམས་ཅན་དཔག་ཏུ་མེད་པ་དག་ནི་བྱང་ཆུབ་སེམས་དཔའི་སར་སེམས་བསྐྱེད་དུ་བཅུག་གོ །སེམས་ཅན་དཔག་ཏུ་མེད་པ་དག་ནི་བྱང་ཆུབ་སེམས་དཔའི་ལམ་ལ་བཀོད་དོ་ཞེས་བྱ་བ་རྒྱས་པར་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་བྱིས་པ་རྣམས་གཟུང་པའི་ཕྱིར་ཐེག་པའི་བྱེ་བྲག་རྣམ་པར་གཞག་པར་བསྟན་གྱི། ངེས་པའི་དོན་ནི་མ་ཡིན་ནོ་ཞེས་བཤད་དེ། འཕགས་པ་ལང་ཀར་


DTG107_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ལས་ཇི་སྐད་དུ། ལྷ་ཡི་ཐེག་དང་ཚངས་པའི་ཐེག །དེ་བཞིན་དུ་ནི་ཉན་ཐོས་དང༌། །དེ་བཞིན་གཤེགས་དང་རང་རྒྱལ་གྱི། །ཐེག་པ་འདི་དག་ངས་བཤད་དེ། །ཇི་སྲིད་སེམས་ནི་འབྱུང་བའི་བར། །ཐེག་པ་རྣམས་ལ་ཐུག་པ་མེད། །སེམས་ནི་ཡོངས་སུ་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་བ་མེད། །ཐེག་པ་གཅིག་ཏུ་ང་སྨྲ་སྟེ། །ཐེག་པ་རྣམ་གཞག་ཡོད་མ་ཡིན། །བྱིས་པ་རྣམས་ནི་ཡོངས་དྲང་ཕྱིར། །ཐེག་པ་ཐ་དད་ངས་བཤད་དོ། །ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་འཕགས་པ་དམ་པའི་ཆོས་པདྨ་དཀར་པོ་ལ་སོགས་པ་ལས། ཐེག་པ་གཅིག་ཏུ་བསྟན་པ་དྲང་བའི་དོན་མ་ཡིན་ཏེ། དེ་སྐད་དུ་དེ་ལ་ཤཱ་རིའི་བུ་གཞན་ཡང་གང་གི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སྙིགས་མ་ལྔའི་དུས་སེམས་ཅན་རྣམས་དྲི་མ་མང་ཞིང་དགེ་བའི་རྩ་བ་ཆུང་བར་གྱུར་པ་ན། འབྱུང་བ་དེའི་ཚེ་ཐབས་མཁས་པས་ཐེག་པ་གཅིག་པོ་དེ་ཉིད་ཐེག་པ་གསུམ་དུ་བསྟན་པས་སྟོན་ཏོ་ཞེས་གསུངས་སོ། །ཡང་ཤཱ་རིའི་བུ་ང་ལ་དད་པར་གྱིས་ཤིག །ང་ལ་ཡིད་ཆེས་པར་གྱིས་ཤིག །ངེས་པར་ཟུང་ཤིག །ཤཱ་རིའི་བུ་དེ་བཞིན་གཤེགས་པ་ལ་ནི་བརྫུན་གསུང་བ་མི་མངའོ། །ཤཱ་རིའི་བུ་ཐེག་པ་ནི་འདི་གཅིག་ཁོ་ནར་ཟད་དེ། འདི་ལྟ་སྟེ་སངས་རྒྱས་ཀྱི་ཐེག་པའོ་ཞེས་གསུངས་སོ། །ཡང། མི་མཁས་གང་དག་དམན་ལ་མངོན་དགའ་ཞིང༌། །སངས་རྒྱས་བྱེ་བ་མང་ལ་སྤྱད་མ་སྤྱད། །འཁོར་བ་ལ་ཆགས་ཤིན་ཏུ་སྡུག་བསྔལ་བ། །དེ་དག་རྣམས་ལ་མྱ་ངན་འདས་པ་བསྟན། །སངས་རྒྱས་ཡེ་ཤེས་རབ་ཏུ་རྟོགས་བྱའི་ཕྱིར། །ཐབས་ནི་རང་བྱུང་གིས་ནི་མཛད་འགྱུར་གྱི། །དེ་དག་རྣམས་ལ་ཁྱེད་ཅག་སངས་རྒྱས་སུ། །འགྱུར་རོ་ཞེས་ནི་ནམ་ཡང་མི་གསུང་ངོ༌། །ཅི་ཕྱིར་ཞེ་ན་སྐྱོབ་པ་དུས་ལ་གཟིགས། །དལ་བ་གཟིགས་ནས་དེ་ཡི་འོག་ཏུ་གསུངས། །དལ་བ་དེ་ནི་དེ་ལྟར་ཇི་ཞིག་ལྟར། །ཐོབ་པས་དེ་ཕྱིར་ཡང་དག་ངེས་འདིར་བཤད། །སངས་རྒྱས་ཡེ་ཤེས་རབ་ཏུ་རྟོགས་བྱའི་ཕྱིར། །འཇིག་རྟེན་དུ་ནི་མགོན་པོ་གཅིག་པུ་འབྱུང༌། །ཐེག་པ་གཅིག་སྟེ་ཐེག་པ་གཉིས་པ་མེད། །སངས་རྒྱས་ཐེག་པ་དམན་པས་ཁྲིད་མི་མཛད། །གང་ལ་སངས་རྒྱས་རང་བྱུང་བདག་ཉིད་གང༌། །རབ་ཏུ་གནས་ཤིང་རྟོག་ལམ་གང་ཅི་འདྲ། །སྟོབས་དང་བསམ་གཏན་རྣམ་པར་ཐར་དང་དབང༌། །དེ་ཉིད་ལ་ནི་


DTG107_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས་འགོད་དོ། །རྡུལ་བྲལ་བྱང་ཆུབ་ཁྱད་པར་ཅན་རེག་ནས། །གལ་ཏེ་ང་ཡིས་ཐེག་པ་དམན་པ་ལ། །སེམས་ཅན་འགའ་ཞིག་བཀོད་པར་གྱུར་ན་ཡང༌། །ང་ལ་སེར་སྣའི་ཉེས་འགྱུར་ལེགས་མ་ཡིན། །ཐེག་པ་གཅིག་སྟེ་གཉིས་པ་ཡོད་མ་ཡིན། །གསུམ་པའང་ནམ་ཡང་ཡོད་མིན་འཇིག་རྟེན་ན། །སྐྱེས་བུ་མཆོག་རྣམས་ཐབས་ཀྱི་ཐེག་པ་གང༌། །སྣ་ཚོགས་ཉེ་བར་སྟོན་པར་མཛད་མ་གཏོགས། །ཞེས་བཤད་དོ། །དེ་ལ་བྱིས་པའི་སྐྱེ་བོ་ཁྱིམ་ཀུན་ཏུ་འབར་བ་ན་གནས་པ་གདོན་པའི་ཐབས་སུ་གཞན་པའི་ཁྱད་པར་ཉེ་བར་བསྟན་པའི་དཔེ་དང༌། དེ་བཞིན་དུ་འདྲོན་པའི་སྐྱེ་བོ་རིན་པོ་ཆེའི་གླིང་ན་གནས་པ་ལྡོག་པར་བྱ་བའི་ཐབས་གཞན་འབྲོག་དགོན་པའི་དབུས་སུ་གྲོང་ཁྱེར་སྤྲུལ་པ་ཉེ་བར་སྟོན་པའི་དཔེས་ཐེག་པ་གསུམ་བསྟན་པ་ཐབས་ཀྱི་བསྟན་པ་ཉིད་དུ་སྟོན་པར་མཛད་པ་བཅོམ་ལྡན་འདས་ཀྱིས་དྲང་བའི་དོན་དུ་གསུངས་ཏེ། འཕགས་པ་བདེན་པ་པོའི་ལེའུ་ལས་ཀྱང༌། འཇམ་དཔལ་སངས་རྒྱས་ཀྱི་ཞིང་དེ་ནི་ཐེག་པ་གཅིག་གིས་ངེས་པར་འབྱུང་བའི་ཕྱིར་ཐེག་པའི་སྙིང་པོ་དང་ལྡན་པར་འགྱུར་རོ། །ང་ལ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་འཇོག་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་འདུ་ཤེས་ཐ་དད་པ་དང་བྲལ་བའི་ཕྱིར་རོ། །འཇམ་དཔལ་གལ་ཏེ་དེ་བཞིན་གཤེགས་པ་ཁ་ཅིག་ལ་ནི་ཐེག་པ་ཆེན་པོ་སྟོན་པར་འགྱུར་ལ། ཁ་ཅིག་ལ་ནི་རང་སངས་རྒྱས་ཀྱི་ཐེག་པ། ཁ་ཅིག་ལ་ནི་ཉན་ཐོས་ཀྱི་ཐེག་པ་སྟོན་པར་གྱུར་ན། དེ་ནི་དེ་བཞིན་གཤེགས་པའི་ཐུགས་ཡོངས་སུ་མ་དག་པར་ཡང་འགྱུར་ཞིང༌། མངོན་པར་ཞེན་པའི་ཉེས་པར་ཡང་འགྱུར། ཐུགས་རྗེ་ཆེན་པོ་ཉི་ཚེ་བར་ཡང་འགྱུར་ལ། འདུ་ཤེས་ཐ་དད་པར་ཡང་འགྱུར། ཆོས་ལ་སློབ་དཔོན་གྱིས་དཔེ་མཁྱུད་བྱས་པར་ཡང་འགྱུར། འཇམ་དཔལ་གཞན་ཡང་ང་ནི་སེམས་ཅན་རྣམས་ལ་ཆོས་གང་དང་གང་སྟོན་པ་དེ་དག་ཐམས་ཅད་བྱང་ཆུབ་ལ་གཞོལ་བ། ཐེག་པ་ཆེན་པོ་ལ་འབབ་པ། ཐམས་ཅད་མཁྱེན་པ་ཉིད་འདྲེན་པར་བྱེད་པ། ཕྱོགས་གཅིག་ཐོབ་པར་བྱེད་པ་སྟེ། འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་ང་ལ་ཐེག་པ་རྣམ་པར་གཞག་པ་མེད་དོ། །འཇམ་དཔལ་ཐེག་པ་རྣམ་པར་


DTG107_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་པ་ཞེས་བྱ་བ་འདི་ནི་ཐམས་ཅད་མཁྱེན་པས་ས་རྣམ་པར་གཞག་པར་མཛད་པ་ཡིན། འདི་ནི་གང་ཟག་རྣམ་པར་གཞག་པར་མཛད་པ་ཡིན། ཚོགས་ཆུང་ངུ་དང༌། ཚོགས་ཚད་མེད་པ་རྣམ་པར་གཞག་པ་ཡིན་གྱི། ཆོས་ཀྱི་དབྱིངས་ཐ་དད་པ་མེད་པའི་ཕྱིར་ཐེག་པ་ལ་ནི་ཐ་དད་པ་མེད་དོ། །འདི་ནི་འཇུག་པའི་སྒོ་བསྟན་པ་ཡིན་ཏེ། འཇུག་པ་བསྟན་པ་ཡང་ཀུན་རྫོབ་ཡིན་གྱི། དོན་དམ་པ་ནི་མ་ཡིན་པས་ཐེག་པ་ནི་གཅིག་ཏུ་ཟད་དེ། གཉིས་པ་ནི་མེད་དོ་ཞེས་གསུངས་སོ། །འཕགས་པ་དཔལ་ཕྲང་སེང་གེའི་ང་རོའི་མདོ་ལས་ཀྱང༌། ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་དང༌། ཐེག་པ་གསུམ་པོ་འདི་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་ཡིན་ཏེ། ཐེག་པ་གཅིག་རྟོགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་གསུངས་སོ། །དེའི་ཕྱིར་ཐེག་པ་གཅིག་བསྟན་པ་དགོངས་པ་ཅན་ཉིད་ཡིན་པར་ཉེ་བར་རྗོད་པར་བྱེད་པས་ཆོས་ཀྱི་དབྱིངས་ལ་སོགས་པའི་མཚན་ཉིད་དུ་ཐེག་པ་མཚུངས་པའི་ཕྱིར་ཐེག་པ་གཅིག་པ་ཉིད་དུ་སྨྲས་པ་གང་ཡིན་པ་དེ་ནི་མཁས་པ་རྣམས་ཀྱིས་འཕགས་པ་དམ་པའི་ཆོས་པདྨ་དཀར་པོ་ལ་སོགས་པ་ལས་འབྱུང་བ་དང༌། གཅིག་ཁོ་ནར་མི་མཐུན་པར་འགྱུར་རོ་ཞེས་བྱ་བར་ངེས་པར་གཟུང་གི །དེ་ལྟ་བུ་ལ་དགོངས་ཏེ། བསྟན་པ་ནི་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཀྱང༌། འཕགས་པ་ཆོས་བཅུ་པ་ལ་སོགས་པ་ལས། ཐེག་པ་གསུམ་བསྟན་པ་ཐབས་ཀྱི་ངོ་བོ་ཉིད་འབའ་ཞིག་ཡིན་པར་བསྟན་པའི་ཕྱིར་གདུལ་བའི་སྐྱེ་བོ་ལ་ཐེག་པ་གཅིག་བསྟན་པ་དགོངས་པ་བསྟན་ཏོ་ཞེས་གསུངས་པ་འབའ་ཞིག་ཏུ་ཟད་དོ། །ཐེག་པ་གསུམ་བསྟན་པ་འདི་ནི་བཅོམ་ལྡན་འདས་རྣམས་ཀྱི་ཐབས་ཡིན་གྱི། བདེན་པ་ནི་མ་ཡིན་ནོ་ཞེས་བྱ་བར་ཤེས་པ་ནི་གདུལ་བྱ་རྣམས་ནི་དེ་ལ་ཞུགས་པར་མི་ནུས་སོ། །མདོ་སྡེའི་རྒྱན་ལས་ཀྱང༌། འདི་དང་མཐུན་པར་ཐེག་པ་གཅིག །བསྟན་པ་དགོངས་པ་ཅན་ཡིན་ནོ། །ཞེས་བསྟན་ཏོ། །གང་ཡང་ཉན་ཐོས་རྣམས་བག་ལ་ཉལ་ཆད་ན་སྐྱེ་བ་ཡང་གཏན་དུ་ཡང་དག་པར་ཆད་པས་འདི་དག་སྐྱེ་བ་དུ་མ་བརྒྱུད་པས་བསྒྲུབ་པར་བྱ་བ་སངས་རྒྱས་ཉིད་དུ་ལྟ་ག་ལ་འགྱུར་ཞེས་སྨྲས་པ་དེ་དང་དེ་དག་གི་སྐྱེ་བ་གཏན་དུ་


DTG107_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་ཆད་པར་མ་གྲུབ་པའི་ཕྱིར་རིགས་པ་མ་ཡིན་ཏེ། འཕགས་པ་དཔལ་ཕྲེང་སེང་གེའི་ང་རོའི་མདོ་ལས་ཇི་སྐད་དུ། དགྲ་བཅོམ་པ་ལ་ཡང་འཇིགས་པ་མཆིས་ཏེ། དེས་སྐྲག་པའི་དགྲ་བཅོམ་པ་དང༌། རང་སངས་རྒྱས་རྣམས་ཀྱང་བཅོམ་ལྡན་འདས་ཁོ་ན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་ལྟ་ལགས་པས་ཉན་ཐོས་དགྲ་བཅོམ་པ་དང༌། རང་སངས་རྒྱས་རྣམས་ཀྱང་སྐྱེ་བའི་ལྷག་མ་དང་བཅས་པའི་ཆོས་ཅན་ལགས་ཏེ། བཅོམ་ལྡན་འདས་དེ་དག་གི་སྐྱེ་བ་ཟད་པ་མ་ལགས་ཏེ། སྐྱེ་བ་མཆིས་ལགས་སོ། །བཅོམ་ལྡན་འདས་དེ་དག་ནི་ལྷག་མ་དང་བཅས་པ་ལགས་ཀྱི། སྐྱེ་བ་པས་ནི་མ་ལགས་སོ། །བཅོམ་ལྡན་འདས་དེ་དག་གི་ལས་ཡོངས་སུ་རྫོགས་པ་མ་ལགས་ཏེ། དེ་དག་ལ་ནི་བགྱི་བ་མང་དུ་མཆིས་སོ། །དེ་དག་ལ་ནི་གང་དག་མ་སྤངས་ན་མྱ་ངན་ལས་འདས་པའི་དབྱིངས་ལས་ཐག་རིང་དུ་གྱུར་པ་སྤང་བར་བགྱི་བའི་ཆོས་ཀྱང་མང་དུ་མཆིས་སོ་ཞེས་གསུངས་པ་ལྟ་བུའོ། །གང་ཡང་དེ་དག་གི་སྐྱེ་བ་ཟད་དོ་ཞེས་བྱ་བ་ལ་སོགས་པ་ཟད་པ་དང༌། མི་སྐྱེ་བ་ཤེས་པ་འབྱུང་བ་དེ་ཡང་མདོ་དེ་ཉིད་ལས་དྲང་བའི་དོན་ཡིན་པར་བཤད་དེ། ཇི་སྐད་དུ་བཅོམ་ལྡན་འདས་དགྲ་བཅོམ་པ་དང༌། རང་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བ་ལ་སོ་སོར་རྟོག་པ་མཐར་ཐུག་པའི་ཡེ་ཤེས་དང༌། དབུགས་འབྱིན་པའི་རྗེས་སུ་དྲན་པ་བཞི་པོ་གང་དག་ལགས་པ་དེ་དག་ནི་དགོངས་པ་ཅན་ཏེ། ཟག་པ་དང་བཅས་པ་དྲང་བའི་དོན་རྣམ་པར་ཕྱེ་སྟེ་ལུང་བསྟན་པར་བགྱི་བ་ལགས་སོ། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། འཆི་འཕོ་བ་ནི་འདི་གཉིས་ལགས་ཏེ། རྣམ་པར་ཆད་པའི་འཆི་འཕོ་བ་དང༌། བསམ་གྱིས་མི་ཁྱབ་པར་ཡོངས་སུ་སྒྱུར་བའི་འཆི་འཕོ་བའོ། །དེ་ལ་བཅོམ་ལྡན་འདས་རྣམ་པར་ཆད་པའི་འཆི་འཕོ་བ་ནི་སེམས་ཅན་ཉིང་མཚམས་སྦྱོར་བ་དང་བཅས་པ་རྣམས་ཀྱི་ལགས་སོ། །བཅོམ་ལྡན་འདས་དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དབང་ཐོབ་པ། ཡིད་ཀྱི་ལུས་ཅན་རྣམས་ཀྱི་འཆི་འཕོ་བ་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྒྱུར་བ་ལགས་སོ། །བཅོམ་ལྡན་འདས་འཆི་འཕོ་བ་ནི་འདི་གཉིས་ལས་རྣམ་པར་ཆད་པའི་འཆི་འཕོ་བའི་དབང་དུ་བགྱིས་ཏེ། དགྲ་


DTG107_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པ་དང༌། རང་སངས་རྒྱས་དག་གི་སྐྱེ་བ་ཟད་དོ་སྙམ་པའི་ཤེས་པ་འབྱུང་བ་ལགས་སོ་ཞེས་བྱ་བ་རྒྱས་པར་གསུངས་པ་ལྟ་བུའོ། །དེ་གཉིས་ལས་འདི་དག་ལ་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་ཅན་ཟག་པ་མེད་པ་ལས་ཀྱི་རྒྱུ་ལས་བྱུང་བའི་སྐྱེ་བ་ཡོད་དོ་ཞེས་འབྱུང་སྟེ། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་ཉེ་བར་ལེན་པའི་རྐྱེན་ཅན་ཟག་པ་དང་བཅས་པའི་ལས་ཀྱི་རྒྱུ་ལས་བྱུང་བའི་སྲིད་པ་གསུམ་འབྱུང་བ་དེ་བཞིན་དུ་བཅོམ་ལྡན་འདས་དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིད་ཀྱི་ལུས་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་ཅན་ཟག་པ་མེད་པའི་ལས་ཀྱི་རྒྱུ་ལས་བྱུང་བ་སྐུ་གསུམ་འབྱུང་ངོ་ཞེས་རྒྱས་པར་གསུངས་པ་ཡིན་ནོ། །འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང༌། དེ་དག་ཁམས་གསུམ་ལས་འདས་པ་ཡིན་ཡང་ཟག་པ་མེད་པའི་ཁམས་ལ་རྣམ་པར་གནས་ཏེ། དེའི་ཕྱིར་སངས་རྒྱས་རྣམས་ཀྱིས་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཡང་སྐྱེ་བ་ལ་དབང་ཐོབ་པའི་སྒོ་ནས་ཚོགས་གཉིས་ཡོངས་སུ་བཀང་སྟེ། སངས་རྒྱས་ཉིད་ཐོབ་པར་འགྱུར་རོ་ཞེས་བསྟན་པ་ཁོ་ན་སྟེ། བློ་གྲོས་ཆེན་པོ་གང་གི་ཚེ་དེ་དག་ཆོས་ལ་བདག་མེད་པ་རྟོགས་ནས་ཉེས་པའི་བག་ཆགས་ཐམས་ཅད་སྤངས་པར་གྱུར་པ་དེའི་ཚེ་བག་ཆགས་ཀྱི་ཉེས་པ་ཏིང་ངེ་འཛིན་གྱིས་མྱོས་པ་མེད་པའི་ཕྱིར་ཟག་པ་མེད་པའི་དབྱིངས་ནས་སད་དེ། ཡང་འཇིག་རྟེན་ལས་འདས་པའི་དབྱིངས་སུ་གཏོགས་པའི་ཚོགས་ཡོངས་སུ་རྫོགས་པར་བྱས་ཏེ། ཆོས་ཀྱི་སྐུའི་ངོ་བོ་ཉིད་བསམ་གྱིས་མི་ཁྱབ་པ་ཐོབ་པར་འགྱུར་རོ། །དཔེར་ན་ཤིང་ནི་རྒྱ་མཚོ་རུ། །དབའ་རླབས་ཀྱིས་ནི་རབ་གཡེངས་པ། །དེ་བཞིན་ཉན་ཐོས་རྨོངས་པ་ཡང༌། །མཚན་ཉིད་ཀྱིས་ནི་རབ་ཏུ་གཡེངས། །དེ་དག་ཉོན་མོངས་བག་ཆགས་འབྲེལ། །ཀུན་ནས་ལྡང་དང་ལྡན་མ་ཡིན། །ཏིང་ངེ་འཛིན་གྱི་མྱོས་པས་མྱོས། །ཟག་པ་མེད་པའི་ཁམས་ལ་གནས། །དེ་ལ་མཐར་ཐུག་ཡོད་མིན་ཞིང༌། །ཕྱིར་ལྡོག་པ་ཡང་ཡོད་མ་ཡིན། །ཏིང་ངེ་འཛིན་གྱི་ལུས་ཐོབ་ནས། །བསྐལ་པའི་བར་དུ་མི་སད་དོ། །དཔེར་ན་སྐྱེས་བུ་མྱོས་པ་ནི། །མྱོས་འགྱུར་མེད་ན་སངས་པ་ལྟར། །དེ་བཞིན་དེ་དག་ང་ཡི་སྐུ། །སངས་རྒྱས་ཆོས་ཞེས་བྱ་བ་འཐོབ། །ཅེས་གང་གསུངས་པ་ཡིན་ནོ། །འདི་ལ་ཤིང་དང་


DTG107_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོའི་དཔེས་ནི་འཁོར་བའི་རྒྱ་མཚོར་མི་བྱིང་བར་བསྟན་ཏོ། །དེ་དབའ་རླབས་ཀྱི་དཔེས་ནི་ཆོས་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པའི་དབང་གིས་གཅིག་ཏུ་ཡོངས་སུ་མྱ་ངན་ལས་འདས་པ་མ་ཡིན་ནོ་ཞེས་བསྟན་ཏོ། །ཉོན་མོངས་བག་ཆགས་འབྲེལ་ཞེས་བྱ་བ་ལ་སོགས་པས་ཀྱང་མ་རིག་པའི་བག་ཆགས་ཀྱི་སའི་འཆིང་བ་ལས་ནི་མ་གྲོལ་གྱི། ཉོན་མོངས་པ་ཀུན་ནས་ལྡང་བ་ཙམ་ལས་གྲོལ་ལོ་ཞེས་བསྟན་ཏོ། །དེ་ལ་མཐར་ཐུག་ཡོད་མིན་ཞིང༌། །ཞེས་བྱ་བ་ལ་སོགས་པས་ཀྱང་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཞུགས་པ་ཡང་མ་ཡིན་ལ། འཁོར་བའི་རྒྱ་མཚོར་འཁྱམས་པ་ཡང་མ་ཡིན་གྱི། ཟག་པ་མེད་པའི་ཏིང་ངེ་འཛིན་དང་ལྡན་པའི་ཕྱིར་ཟག་པ་མེད་པའི་དབྱིངས་ལ་བསྐལ་པའི་བར་དུ་ཡང་གནས་པ་འབའ་ཞིག་ཏུ་ཟད་དེ། དེ་ལས་ལངས་ནས་ནི་ཚོགས་ཡོངས་སུ་རྫོགས་པར་བྱས་ནས་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་བར་ལེགས་པར་རབ་ཏུ་བསྟན་པ་ཡིན་ནོ། །གང་ཡང་འཕགས་པ་ལང་ཀར་གཤེགས་པ་ལ་སོགས་པ་ལས། སྦྲུལ་པའི་ཉན་ཐོས་ཀྱི་དབང་དུ་མཛད་ནས་ཉན་ཐོས་ལུང་བསྟན་པར་མཛད་དོ་ཞེས་གསུངས་པ་དེ་ཡང་སེམས་ཅན་དམན་པ་ལ་མོས་པ་སྐྲག་པ་སྤང་བའི་ཕྱིར་དང༌། ཐེག་པ་གསུམ་བསྟན་པ་ཐབས་ཉིད་བསྟན་པའི་ཆེད་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །དེ་ལྟ་མ་ཡིན་ན་གོང་དུ་བཤད་པ་ཐམས་ཅད་དང་འགལ་བ་ཁོ་ནར་འགྱུར་རོ། །ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་ལས་ཀྱང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་ཐམས་ཅད་ཀྱིས་ཆོས་བསྟན་པ་ནི་ཕྱིར་མི་ལྡོག་པའི་འཁོར་ལོར་མཉམ་པ་ཉིད་ཀྱིས་མཉམ་མོ། །དེ་ལ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ནི་དམན་པ་ལ་མོས་པ་སྙིགས་མ་ལྔའི་དུས་ན་བྱུང་བ་སྟེ། ཐེག་པ་གཅིག་བསྟན་པ་ལ་མི་འཇུག་མི་མོས་པས། སེམས་ཅན་དེ་དག་རིགས་པ་འདིས་སངས་རྒྱས་ཉིད་ལ་གཏད་དོ་ཞེས་གསུངས་སོ། །གལ་ཏེ་དགྲ་བཅོམ་པ་རྣམས་ཟག་པ་ཟད་པ་ཉིད་ཀྱིས་ཉིང་མཚམས་སྦྱོར་བ་མེད་པའི་ཕྱིར། སྐྱེ་བ་དུ་མ་བརྒྱུད་པས་བསྒྲུབ་པར་བྱ་བའི་སངས་རྒྱས་ཉིད་དུ་མི་འགྱུར་ན། དེའི་ཚེ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་འགྱུར་བའི་དགྲ་བཅོམ་པ་ལ་ཡང་ཉིད་མཚམས་སྦྱོར་བ་མེད་པའི་ཕྱིར།


DTG107_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

དེར་མི་འགྱུར་རོ། །འོན་ཏེ་སྨོན་ལམ་གྱི་སྟོབས་དང༌། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཉིང་མཚམས་སྦྱོར་བར་འདོད་ན་ནི་གཞན་དག་ལ་ཡང་དེ་བཞིན་དུ་ཅིའི་ཕྱིར་མི་འདོད། དེ་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང༌། གཞན་ཡང་དེ་དག་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལྟར་ན་རྗེས་སུ་ཡི་རང་གི །ང་ནི་དེ་དག་གི་དགེ་བའི་རྩ་བའི་བར་ཆད་མི་བྱེད་དེ། ཆོས་ཁྱད་པར་ཅན་དག་པས་ཆོས་ཁྱད་པར་ཅན་ལྷག་པར་དམིགས་པར་བྱའོ་ཞེས་གསུངས་སོ། །དེ་ལ་གལ་ཏེ་དེ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྣོད་མ་ཡིན་པར་གྱུར་ན། དེའི་ཚེ་ཇི་ལྟར་ང་ནི་དེ་དག་གི་དགེ་བའི་རྩ་བའི་བར་ཆད་མི་བྱེད་དོ་ཞེས་གསུངས་སོ། །གཏན་མི་སྲིད་པ་ལ་ནི་བར་ཆད་མི་སྲིད་དོ། །གནས་སྐབས་ཀྱི་བྱེ་བྲག་ངེས་པ་ལས་དགོངས་ནས་དགྲ་བཅོམ་པ་ཞི་བའི་བགྲོད་པ་གཅིག་པ་ཉིད་དུ་གསུངས་པ་འབའ་ཞིག་ཏུ་ཟད་ཀྱི། དུས་ཐམས་ཅད་དུ་ངེས་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །དེ་སྐད་དུ་འཕགས་པ་དམ་པའི་ཆོས་པདྨ་དཀར་པོ་ལས་ཀྱང༌། དགེ་སློང་ངམ་དགེ་སློང་མ་གང་ལ་ལ་ཞིག་དགྲ་བཅོམ་པ་ཉིད་དུ་ཁས་འཆེ་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་ཡོངས་སུ་མི་འཛིན་པར་བདག་ནི་སངས་རྒྱས་ཀྱི་ཐེག་པ་ལ་རེ་བ་མེད་དོ་ཞེས་སྨྲ་ཞིང༌། བདག་གི་ལུས་ཀྱི་མྱ་ངན་ལས་འདས་པའི་མཐའ་ནི་འདི་ཙམ་དུ་ཟད་དོ་ཞེས་སྨྲ་ན། ཤཱ་རིའི་བུ་མངོན་པའི་ང་རྒྱལ་ཅན་ཡིན་པར་ཤེས་པར་བྱའོ་ཞེས་གསུངས་སོ། །གང་ཡང་དགྲ་བཅོམ་པ་ནི་ཉོན་མོངས་པ་ཟད་པའི་ཕྱིར་ཉིད་མཚམས་སྦྱོར་བ་རྣམ་པ་ཐམས་ཅད་དུ་མེད་དེ། དེ་ཁོ་ནར་ཟད་དོ། །ཉན་ཐོས་བདེན་པ་མཐོང་བ་གང་ཡིན་པ་དང༌། ཕྱིར་མི་འོང་བ་འདོད་པའི་འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་རིགས་ཅན་ཡིན་པའི་ཕྱིར་དེ་གཉིས་ཁོ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། བསམ་གྱིས་མི་ཁྱབ་པའི་ཡོངས་སུ་སྒྱུར་བའི་སྐྱེ་བ་དང་ཡང་དེ་གཉིས་ཁོ་ན་དང་ལྡན་ནོ་ཞེས་ཟེར་བ་དེ་ཡང་འཕགས་པ་དཔལ་ཕྲེང་སེང་གེའི་ང་རོའི་མདོ་དང༌། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། འཕགས་པ་ཆོས་བཅུ་པ་


DTG107_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་མདོ་ལས་འབྱུང་བ་དང་འགལ་བ་སྟེ། དེ་དག་ལས་ནི་དགྲ་བཅོམ་པ་ཁོ་ན་ཉིང་མཚམས་སྦྱོར་བར་ཉེ་བར་བསྟན་གྱི། ཕྱིར་མི་འོང་བ་དག་ནི་མ་ཡིན་ནོ། །དེ་བཞིན་དུ་འཕགས་པ་དཔལ་ཕྲེང་སེང་གེའི་ང་རོའི་མདོ་ནི་སྔར་བཤད་ཟིན་ཏོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང༌། དེས་དགྲ་བཅོམ་པ་ཉིད་ཐོབ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་ན་སྐྱེ་བ་མ་མཆིས་པར་ཇི་ལྟར་ཐོབ་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་ནི་མཁྱེན་བཞིན་དུ་འདི་སྐྱེ་བར་ལུང་བསྟན་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ང་ནི་ལས་དང་ཉོན་མོངས་པའི་དབང་དུ་སོང་བའི་སྐྱེ་བ་འདོགས་པར་མི་མཛད་ཀྱི། འོན་ཀྱང་འདིའི་སྐྱེ་བ་བསམ་གྱིས་མི་ཁྱབ་པའི་མྱ་ངན་ལས་འདས་པར་བསྔོ་བ་ཡིན་པར་འདོགས་པར་མཛད་དོ་ཞེས་གསུངས་སོ། །འཕགས་པ་ཆོས་བཅུ་པ་ལས་ཀྱང༌། བཅོམ་ལྡན་འདས་ཉན་ཐོས་ཟག་པ་མ་མཆིས་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡང་དག་པར་ཆད་པ་རྣམས་རིགས་མཆིས་སུ་ལགས་ཀྱང༌། ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེའི་ཕྱིར་དཔེ་ཉོན་ཅིག །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་བུ་ཞིག་བཟོའི་གནས་ཐམས་ཅད་སློབ་པར་འགྱུར་ལ། དེ་ཡང་དབང་པོ་རྟུལ་ལ་དབང་པོ་རྣོ་བ་མ་ཡིན་པས་ཕྱིས་བསླབ་པར་བྱ་བ་གང་ཡིན་པ་དེ་ནི་སྔར་སློབ། སྔར་བསླབ་པར་བྱ་བ་གང་ཡིན་པ་དེ་ནི་ཕྱིས་སློབ་པར་འགྱུར་ན་རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། འོན་ཀྱང་གཞི་དེས་དེ་རྒྱལ་པོའི་བུ་མ་ཡིན་ནོ་ཞེས་བྱ་བར་བརྗོད་དམ། གསོལ་པ་བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བདེ་བར་གཤེགས་པ་དེ་ལྟ་མ་ལགས་ཏེ། རྒྱལ་པོའི་བུ་ཞེས་བརྗོད་པར་བགྱི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དབང་པོ་རྟུལ་པོ་རིགས་དང་ལྡན་པ་སྔར་བསྒོམ་པའི་ལམ་གྱིས་ཉོན་མོངས་པ་ཟད་པར་བྱེད་ཅིང༌། ཕྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་


DTG107_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

འཚང་རྒྱ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །གང་ཡང་འགྲོ་བ་འདི་ཀུན་སངས་རྒྱས་འགྱུར་བ་སྟེ། །ཞེས་བྱ་བ་འདིའི་དོན་ནི་སྐྱེ་བོ་ཉེ་བ་ལ་ལྟོས་ཏེ་དགོངས་པ་ཡིན་ནོ་ཞེས་བྱ་བར་རྣམ་པར་འཆད་པར་བྱེད་པ་དེ་ཡང་རང་དགའ་ཙམ་གྱིས་ཉེ་བར་བརྟགས་པ་ཡིན་པའི་ཕྱིར་རིགས་པ་མ་ཡིན་པ་ཉིད་དེ། འགྲོ་བ་མ་ལུས་པ་རུང་བ་ཉིད་དུ་གཟིགས་ནས་དེ་སྐད་དུ་གསུང་བར་འགྱུར་ན་ཡང་དེའི་ཚེ་འགལ་བ་ཅི་ཞིག་ཡོད་དེ། དེ་སྐད་དུ་འཕགས་པ་དཀོན་མཆོག་སྤྲིན་ལ་སོགས་པ་ལས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་པའི་མཚན་བརྗོད་པ་ཐོས་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་ས་བོན་བསྐྲུན་པའི་ཕྱིར་སེམས་ཅན་ཐམས་ཅད་ཁྱད་པར་མེད་པར་ཕྱིར་མི་ལྡོག་པ་ཉིད་དུ་ལུང་བསྟན་གྱི། སྐྱེ་བོ་ཉེ་བ་ལ་ལྟོས་པ་ནི་མ་ཡིན་ནོ། །དེའི་ཕྱིར་གང་གིས་བརྗོད་པ་ཐོས་པ་དང༌། ཉན་པ་དང༌། ཉན་པར་འགྱུར་བ་དེ་དག་ལ་ཡང་ཕྱིར་མི་ལྡོག་པའི་ས་བོན་ཡོད་པ་ཉིད་དེ། ཁྱེད་ཀྱང་དྲི་མ་རྣམས་ནི་གློ་བུར་བ་ཡིན་པའི་ཕྱིར་སེམས་རང་བཞིན་གྱིས་འོད་གསལ་བར་འདོད་དེ། དེའི་ཕྱིར་འགྲོ་བ་མ་ལུས་པ་དེར་རུང་བ་ཉིད་པས་དེ་ལས་དགོངས་ཏེ་དེ་སྐད་དུ་བཤད་པར་རིགས་པ་ཉིད་དེ། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་བྱ་བ་འདིས་ཀྱང༌། ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་རུང་བ་ཉིད་དུ་ཡོངས་སུ་བསྟན་ཏེ། དེ་བཞིན་གཤེགས་པའི་སྒྲ་ནི་ཆོས་ཀྱི་དབྱིངས་གང་ཟག་དང་ཆོས་ལ་བདག་མེད་པའི་མཚན་ཉིད་རང་བཞིན་གྱིས་འོད་གསལ་བ་ཡིན་པར་བརྗོད་པར་བཞེད་པའི་ཕྱིར་རོ། །དེ་སྐད་དུ་བསྟན་པས་ནི་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རང་བཞིན་ཉིད་དུ་ཡོངས་སུ་བསྟན་པ་ཡིན་ནོ། །གཞན་ཡང་ཐེག་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ལམ་དེ་ཁོ་ན་ཉིད་ཤེས་པའི་བདག་ཉིད་ལ་བྱ་སྟེ། འདི་ནས་འགྲོ་བའི་ཕྱིར་རོ། །དེ་ཁོ་ན་ཉིད་ཤེས་པ་ཁོ་ནས་ཐར་པ་ཐོབ་པར་འགྱུར་གྱི། གཞན་གྱིས་ནི་མ་ཡིན་ནོ། །དེ་ཁོ་ན་ཉིད་དེ་ཡང་གཅིག་ཁོ་ནར་ཟད་དེ། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ལྟ་བ་ཐ་དད་ཀྱང་དངོས་པོའི་དེ་ཁོ་ན་ཉིད་དུ་མའི་བདག་


DTG107_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་འབྲང་བ་ནི་མེད་དོ། །དེའི་ཕྱིར་དེ་ཁོ་ན་ཉིད་ངོ་བོ་ཉིད་གཅིག་པའི་ཡུལ་ཅན་གྱི་ཡེ་ཤེས་ཀྱང་ངོ་བོ་ཉིད་གཅིག་པ་ཁོ་ན་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་ཁོ་ན་ཉིད་ཡང་དག་པར་ཐུགས་སུ་ཆུད་པ་རྣམས་ཀྱི་ཡེ་ཤེས་གང་ཡིན་པ་དེ་ཡང་དེ་ཁོ་ན་ཉིད་མངོན་སུམ་དུ་བྱེད་པའི་ཡུལ་ཅན་ཡིན་ཏེ། རྣམ་པ་ཐམས་ཅད་དུ་ཀུན་ཏུ་རྨོངས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཉི་ཚེ་བའི་ཤེས་པ་དག་གིས་ནི་དེ་ཁོ་ན་ཉིད་རྟོགས་པར་མི་འགྱུར་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ནི་ཐམས་ཅད་དེ་ཁོ་ན་ཉིད་མཐོང་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་ཆོས་དང་གང་ཟག་ལ་བདག་མེད་པའི་དེ་ཁོ་ན་ཉིད་མངོན་སུམ་པའི་ཡེ་ཤེས་གང་ཡིན་པ་དེ་ཉིད་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ཡང་དག་པའི་ལམ་ཡིན་གྱི། གཞན་ནི་མ་ཡིན་པ་དེའི་ཕྱིར་ཐེག་པ་ནི་གཅིག་ཁོ་ནར་ཟད་དོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་ལམ་གཞན་གྱིས་ཐར་པ་མེད་ཅེས་བསྟན་ཏེ། འཕགས་པ་ལང་ཀར་གཤེགས་པ་ལས། ཇི་སྐད་དུ་བློ་གྲོས་ཆེན་པོ་གཞན་དག་ནི་ཆོས་ཐམས་ཅད་རྒྱུ་ལ་རག་ལས་པར་མཐོང་ནས་མྱ་ངན་ལས་འདའོ་སྙམ་དུ་བློ་འབྱུང་སྟེ། བློ་གྲོས་ཆེན་པོ་ཆོས་ལ་བདག་མེད་པ་མཐོང་བ་མེད་པས་ཐར་པ་ནི་མེད་དོ། །བློ་གྲོས་ཆེན་པོ་འདི་ནི་ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པའི་རིགས་ཅན་གྱི་ངེས་པར་འབྱུང་བ་མ་ཡིན་པ་ལ་ངེས་པ་འབྱུང་བའི་བློ་ཡིན་ཏེ། བློ་གྲོས་ཆེན་པོ་འདི་ལ་ལྟ་བ་ངན་པ་བཟློག་པའི་ཕྱིར་རྣལ་འབྱོར་དུ་བྱའོ་ཞེས་གསུངས་པ་ལྟ་བུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང༌། རབ་འབྱོར་གཉིས་ནི་དངོས་པོ་ཡིན་ནོ། །གཉིས་སུ་མེད་པ་ནི་དངོས་པོ་མེད་པ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་གཉིས་ཞེས་བགྱི་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་སུ་འདུ་ཤེས་པ་ནི་གཉིས་ཡིན་ནོ། །དེ་བཞིན་དུ་ཕུང་པོ་དང༌། ཁམས་དང༌། རེག་པ་དང༌། ཚོར་བ་དང༌། ཁམས་དྲུག་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། བསམ་གཏན་དང༌། གཟུགས་མེད་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། བདེ་བ་དང༌། སེམས་ཅན་ལ་སོགས་པར་འདུ་ཤེས་


DTG107_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཞེས་རྒྱས་པར་བསྟན་ནས། ཇི་ཙམ་དུ་འདུ་ཤེས་པ་དེ་ཙམ་དུ་གཉིས་ཡིན་ནོ། །ཇི་ཙམ་དུ་གཉིས་ཡིན་པ་དེ་ཙམ་དུ་དངོས་པོ་ཡིན་ནོ། །ཇི་ཙམ་དུ་དངོས་པོ་ཡིན་པ་དེ་ཙམ་དུ་འཁོར་བ་ཡིན་ནོ། །ཇི་ཙམ་དུ་འཁོར་བ་ཡིན་པ་དེ་ཙམ་དུ་སེམས་ཅན་རྣམས་ཡོངས་སུ་མི་འགྲོལ་ལོ། །དེ་ལྟ་བས་ན་རྣམ་གྲངས་འདིས་འདི་ལྟར་གཉིས་སུ་འདུ་ཤེས་པ་ལ་རྗེས་སུ་མཐུན་པའི་བཟོད་པ་ཡང་མེད་པར་རིག་པར་བྱའོ་ཞེས་གསུངས་སོ། །འཕགས་པ་བདེན་པ་གཉིས་ལ་འཇུག་པ་ལས་ཀྱང༌། ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ནི་དངོས་པོར་མངོན་པར་ཞེན་པ་ཡིན་པའི་ཕྱིར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྒོམ་པ་ཁོ་ནས་ཉོན་མོངས་པ་སྤོང་གི་ལམ་གཞན་གྱིས་ནི་མ་ཡིན་ནོ་ཞེས་བསྟན་ཏེ། འཇམ་དཔལ་ཇི་ལྟར་ན་ཉོན་མོངས་པ་རྣམས་འདུལ་བར་འགྱུར། ཇི་ལྟར་ན་ཉོན་མོངས་པ་རྣམས་ཡོངས་སུ་ཤེས་པར་འགྱུར། འཇམ་དཔལ་གྱིས་སྨྲས་པ། དོན་དམ་པར་ཆོས་ཐམས་ཅད་ཤིན་ཏུ་མ་སྐྱེས་ཤིང་མ་བྱུང་བའི་དངོས་པོ་དག་ལ། ཀུན་རྫོབ་ཏུ་ཡོད་པ་མ་ཡིན་པ་ལས་ཕྱིན་ཅི་ལོག་སྟེ། ཡོད་པ་མ་ཡིན་པ་ལས་ཕྱིན་ཅི་ལོག་པ་དེ་ལས་ཀུན་ཏུ་རྟོག་པ་དང༌། རྣམ་པར་རྟོག་པ་འབྱུང་ངོ༌། །ཀུན་ཏུ་རྟོག་པ་དང༌། རྣམ་པར་རྟོག་པ་དེ་ལས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འབྱུང་ངོ༌། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དེ་ལས་བདག་ཏུ་སྒྲོ་འདོགས་པ་འབྱུང་ངོ༌། །བདག་ཏུ་སྒྲོ་འདོགས་པ་དེ་ལས་ལྟ་བ་ཀུན་ནས་དཀྲིས་པ་འབྱུང་ངོ༌། ལྟ་བ་ཀུན་ནས་དཀྲིས་པ་དེ་ལས་ཉོན་མོངས་པ་རྣམས་འབྱུང་ངོ༌། །ལྷའི་བུ་གང་གིས་ཆོས་ཐམས་ཅད་དོན་དམ་པར་ཤིན་ཏུ་མ་སྐྱེས་པ་དང༌། མ་བྱུང་བར་རབ་ཏུ་ཤེས་པ་མེད་པའི་ཚུལ་གྱིས་རབ་ཏུ་ཤེས་པ་དེ་ནི་དོན་དམ་པར་ཕྱིན་ཅི་ལོག་པ་མ་ཡིན་ནོ། །གང་ཞིག་དོན་དམ་པར་ཕྱིན་ཅི་མ་ལོག་པ་དེ་ནི་ཀུན་ཏུ་མི་རྟོག་རྣམ་པར་མི་རྟོག་གོ །གང་མི་རྟོག་ཀུན་ཏུ་མི་རྟོག་པ་དེ་ནི་ཚུལ་བཞིན་དུ་ཞུགས་པ་ཡིན་ནོ། །གང་ཚུལ་བཞིན་དུ་ཞུགས་པ་དེ་ནི་དོན་དམ་པར་ཡོད་པ་མ་ཡིན་པ་ལ་སྒྲོ་འདོགས་པར་མི་འགྱུར་རོ། །གང་དོན་དམ་པར་ཡོད་པ་མ་ཡིན་པ་ལ་སྒྲོ་འདོགས་པར་མི་འགྱུར་བ་དེ་ལ་ལྟ་བ་ཀུན་ནས་ལྡང་བར་མི་འགྱུར་ཏེ། དོན་དམ་པར་མྱ་


DTG107_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ལས་འདས་པར་ལྟ་བ་ཀུན་ནས་ལྡང་བའི་བར་དུ་ཡང་མི་འགྱུར་རོ། །སྐྱེ་བ་མེད་པ་ལ་གནས་པ་དེ་ཉིད་ཀྱི་ཉོན་མོངས་པ་རྣམས་མཐོང་བ་མེད་པའི་ཚུལ་གྱིས་ཤིན་ཏུ་མཐོང་བར་བལྟ་སྟེ། འདི་ནི་ཉོན་མོངས་པ་འདུལ་བ་ཞེས་བྱའོ། །ལྷའི་བུ་གང་གི་ཚེ་ཉོན་མོངས་པ་རྣམས་སྣང་བ་མེད་པའི་ཤེས་རབ་དང་ཡེ་ཤེས་ཀྱིས་དོན་དམ་པར་ཤིན་ཏུ་སྟོང་པ་དང༌། ཤིན་ཏུ་མཚན་མ་མེད་པ་དང༌། དོན་དམ་པར་དངོས་པོ་རྣམས་ཤིན་ཏུ་མ་སྐྱེས་ཤིང་མ་བྱུང་བར་རབ་ཏུ་ཤེས་པ་མེད་པའི་ཚུལ་གྱིས་རབ་ཏུ་ཤེས་པ་དེའི་ཚེ་ལྷའི་བུ་ཉོན་མོངས་པ་རྣམས་རབ་ཏུ་ཤེས་པ་མེད་པའི་ཚུལ་གྱིས་ཡོངས་སུ་ཤེས་པ་ཡིན་ནོ། །ལྷའི་བུ་འདི་ལྟ་སྟེ་དཔེར་ན་གང་སྦྲུལ་གྱི་རིགས་འདོན་པ་དེས་ནི་དུག་ཞི་བར་བྱེད་དོ། །ལྷའི་བུ་གང་ཞིག་ཉོན་མོངས་པ་རྣམས་ཀྱི་རིགས་རབ་ཏུ་ཤེས་པ་དེ་ནི་ཉོན་མོངས་པ་རྣམས་ཤིན་ཏུ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་ཞི་བར་འགྱུར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཉོན་མོངས་པ་རྣམས་ཀྱི་རིགས་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ཆོས་ཐམས་ཅད་ཤིན་ཏུ་མ་སྐྱེས་ཤིང་མ་བྱུང་བའི་དངོས་པོ་དག་ལ་ཀུན་ཏུ་རྟོག་པ་གང་ཡིན་པ་འདི་ནི་ཉོན་མོངས་པ་རྣམས་ཀྱི་རིགས་ཡིན་ནོ་ཞེས་གང་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་གང་ངེས་པར་ལེགས་པའི་གྲོང་ཁྱེར་དུ་འཇུག་པར་འགྱུར་བ་ནི་དངོས་པོ་མ་ལུས་པ་སྟོང་པ་ཉིད་དུ་སྒོམ་པ་འདི་ཁོ་ནར་ཟད་པས་དེའི་ཕྱིར་དེ་དོན་དུ་གཉེར་བ་བདག་ལེགས་སུ་དགའ་བ་རྣམས་ཀྱིས་ལམ་ངན་པ་ལ་རྣམ་པར་རྟོག་པ་ཐག་བསྲིངས་ཏེ་སྤངས་ནས་དེ་ཉིད་བདག་ཉིད་ཆེན་པོ་རྣམས་ཀྱིས་རིགས་པ་དང༌། ལུང་གི་སྒྲོན་མའི་ཚོགས་ཀྱིས་གསལ་རབ་ཏུ་བརྗོད་པའི་ཕྱིར་དང༌། སྐྱེ་བོ་མཁས་པའི་འགྲོ་བ་མ་ལུས་པས་བརྗོད་ཅིང་རྗེས་སུ་བགྲོད་པའི་ཕྱིར་གུས་པར་རྟག་ཏུ་བསྟེན་པར་བྱའོ། །དེ་བས་ན་ཐེག་པ་གཅིག་པ་ཉིད་དང༌། ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་དུ་གྲུབ་པ་ཁོ་ན་ཡིན་ནོ། །བསྟན་བཅོས་དབུ་མ་སྣང་བ་ཞེས་བྱ་བ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་རྫོགས་སོ།། །།མཁན་པོ་ཤཱི་ལེན་དྲ་བོ་དྷི་དང་ལོ་ཙཱ་བ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ།


DTG107_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཏཏྭཱ་ལོ་ཀ་ན་ནཱ་མ་པྲ་ཀ་ར་ཎཾ། བོད་སྐད་དུ། དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཡང་དག་བདུད་རྩི་ཤིན་ཏུ་བརྙེས་ནས་ཅི་བཞེད་གསོལ། །སྐྱེ་ཤི་མི་མངའ་གོ་འཕང་བརྙེས་ཏེ་ཐུགས་རྗེ་ཡིས། །འགྲོ་བ་ཀུན་ལ་དེ་དག་ཐོབ་མཛད་བཞུགས་པ་གང༌། །དེ་ལ་བཏུད་ནས་ཡང་དག་དེ་ཉིད་རྟོགས་པར་བྱ། །གང་ཕྱིར་འགྲོ་བ་འདི་དག་ཀུན། །རྨོངས་པའི་ངོ་བོ་ཞགས་པས་བཅིངས། །ཡང་དག་རྟོགས་པས་ཐར་པ་ཞེས། །མཁས་པ་རྣམས་ནི་རབ་ཏུ་གསུངས། །ཐར་པ་འདོད་པ་རྣམས་ཀྱིས་ནི། །དོན་མེད་རྩོད་པ་འདིར་མི་བྱ། །འགའ་ཞིག་རྨོངས་པ་མེད་པ་ནི། །དམན་པའི་དངོས་དག་མི་ཚོལ་ལོ། །སྐྱེ་བ་སྡུག་བསྔལ་རྩ་བ་བས། །དེ་ནི་དམན་པ་ཉིད་དུ་བཤད། །ཐོག་མ་མེད་པའི་མི་ཤེས་པ། །དེ་ཡང་རྩ་བར་མཁས་པས་བསྟན། །རྒྱུ་ལ་རག་ལས་སྐྱེ་བའི་ཕྱིར། །གཉེན་པོ་དག་ཀྱང་ཡོད་པའི་ཕྱིར། །ཡེ་ཤེས་སྣང་བ་བྱུང་བ་ན། །མུན་པ་བཞིན་དུ་དེ་སྤོང་ངོ༌། །མི་ཤེས་རང་བཞིན་རྨོངས་པ་ནི། །སྤང་དགོས་དེ་བས་གུས་པ་ཡིས། །ཡང་དག་སྣང་བ་སྐྱེད་པའི་ཕྱིར། །ཐར་པ་འདོད་པས་མཆོག་བརྩོན་བྱ། །གཟུགས་ལ་སོགས་པ་གསལ་འདི་དག །བྱིས་པ་ཀུན་ལ་གྲགས་པ་གང༌། །དེ་ཉིད་ཇི་སྟེ་ཡང་དག་ན། །ལུས་ཅན་ཐམས་ཅད་གྲོལ་བར་འགྱུར། །མཁས་པ་རྣམས་ཀྱི་ང་རྒྱལ་ཅན། །ཀུན་གྱིས་དེ་འདིར་མཐོང་ན་ནི། །ཡང་དག་སོ་སོར་སྨྲ་བ་བས། །རྩོད་པ་སྣ་ཚོགས་མི་འགྱུར་རོ། །འཆད་པ་པོ་དག་རྣམས་ལ་ཡང༌། །ཕན་།ཚུན་འགལ་བ་སྲིད་པའི་ཕྱིར། །གཞན་གྱི་མན་ངག་ཙམ་གྱིས་ན། །ཡང་དག་གཏན་ལ་ཕེབས་པའང་མེད། །གཅིག་ལ་གཅིག་ནི་མི་ཐུན་ཞིང༌། །བདག་ཉིད་ངོ་བོ་ཕན་ཚུན་དུ། །འགལ་ཞིང་དུ་ནི་ཡང་དག་པ། །དུ་མ་ཉིད་དུ་འགྱུར་མི་སྲེད། །དེ་བས་རྟོགས་ལྡན་རྣམས་ཀྱིས་ནི། །རང་གི་རིགས་པས་དེ་དཔྱོད་ལ། །ལུང་དང་རིགས་པ་ལྡན་པ་ཡིས། །བརྟན་པོར་གྱུར་ནས་བསྒོམས་པར་བྱ། །གཟུགས་ལ་སོགས་པའི་དངོས་པོ་རྣམས། །ཡང་དག་ཉིད་དུ་ཁས་ལེན་གང༌། །དེ་དག་ལས་ནི་འགྲུབ་པ་ཡི། །


DTG107_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མ་ཡོད་དང་མེད་པ་དཔྱད། །ཡོད་དང་མེད་པའི་ཐ་སྙད་ནི། །ཚད་མ་ལ་བརྟེན་མཁས་པ་རྣམས། །དེ་མེད་གྱུར་ན་དེ་དག་གིས། །རྟོགས་པ་ལྡན་པ་སྤངས་པ་ཡིན། །འདོད་པ་ཙམ་ལས་དབྱུང་ཕྱིར་དང༌། །དེ་ལས་བཟློག་པའི་དོན་གྱིས་ཀྱང༌། །དེ་ཡང་མི་འགྲུབ་ཐལ་འགྱུར་ཕྱིར། །ཚིག་ཙམ་གྱིས་ཀྱང་དེ་མི་འགྲུབ། །ཚད་མ་རྗེས་སུ་འགྲོ་བ་དང༌། །ལྡོག་པ་གཉིས་ཀྱིས་ཡང་དག་པར། །ཐ་སྙད་དག་ལ་ཁྱབ་ན་ཡང༌། །དངོས་པོར་སྨྲ་བ་ལེགས་པར་གནས། །རྟག་པ་ལ་སོགས་དག་གིས་ཀྱང༌། །སྒྲ་ལ་ཁྱབ་པར་ཐལ་འགྱུར་ཕྱིར། །འདི་ལྟར་ལྡོག་པ་འབའ་ཞིག་ལས། །ཁྱབ་པ་གྲུབ་པ་མ་ཡིན་ནོ། །དེས་ནའང་རྗེས་སུ་འགྲོ་མེད་ན། །ལྡོག་པ་དེ་ནི་ཡོད་མིན་ཏེ། །དེ་དངོས་རྗེས་སུ་མི་འབྲང་གང༌། །དེ་ལྡོག་ཅན་དུ་དེ་མི་འགྱུར། །དེ་བས་ཁྱབ་པར་འདོད་པ་ཡིན། །ངེས་པར་རྗེས་སུ་འགྲོ་བར་འདོད། །དེ་གྲུབ་ན་ཡང་ཚད་མ་ལས། །དངོས་པོ་གཏན་དུ་གྲུབ་པ་ཡིན། །འདི་ལྟར་གང་ན་ཡོད་ཅེས་པའི། །ཐ་སྙད་ཚད་མ་ཡོད་པ་ཡི། །རྗེས་སུ་འབྲང་དེ་གར་བསྒྲུབས་ན། །ངེད་ཀྱི་དངོས་པོ་དེ་ཉིད་གྲུབ། །ཁྱབ་པ་དེ་ནི་གྲུབ་ན་ཡང༌། །ཡང་དག་དངོས་པོ་ངེས་མི་འགྲུབ། །འདི་ལྟར་ཁྱབ་བྱེད་ཡོད་པ་ལས། །ཁྱབ་བྱ་ཐམས་ཅད་མངོན་པ་མེད། །ཤིང་ཤ་པ་དང་སེང་ལྡེང་སོགས། །འདི་ལྟར་ཤིང་ཉིད་ཀྱིས་ཁྱབ་ཀྱང༌། །དེ་ཙམ་གྱིས་ན་དེ་དག་ཅི། །དེ་ལས་ངེས་པར་འགྲུབ་འགྱུར་རམ། །དེ་བཞིན་ཚད་མ་འཇུག་ན་ཡང༌། །དངོས་པོ་ཡོད་པའི་ཐ་སྙད་འདི། །ཡང་དག་དོན་གྱི་ཡུལ་ཅན་དུ། །ཁྱེད་ལ་ངེས་པར་འགྲུབ་པ་མེད། །བསྟན་པ་འདི་ནི་ནོར་པ་སྟེ། །ཤིང་ནི་སེང་ལྡེང་ལ་སོགས་ལ། །ཐུན་མོང་ཡིན་པས་དེ་ལས་ནི། །བྱེ་བྲག་གསལ་བར་རྟོག་མི་འགྱུར། །ཚད་མ་དག་གི་དངོས་པོ་ཡིས། །ངོ་བོ་འདས་ནས་འཇུག་པ་མེད། །གཞན་དུའང་རབ་ཏུ་འཇུག་ན་ནི། །དེ་ནི་ཚད་མར་མི་རུང་ངོ༌། །འདི་ལྟར་དངོས་པོ་ཚད་མས་ཁྱབ། །དེ་ཡིས་ཐ་སྙད་ལ་ཡང་ཁྱབ། །དངོས་པོ་ཁྱབ་པའི་ཚད་མས་བྱུང༌། །དེ་ཡང་གཞན་དུ་མི་འཇུག་གོ །འཇིག་རྟེན་ཀུན་རྫོབ་བདེན་དོན་གྱི། །ཡུལ་ཅན་དག་ཀྱང་སྲིད་པའི་ཕྱིར། །དེ་ཕྱིར་ཡང་དག་དངོས་པོ་ཡིས། །ཚད་མ་ཁྱབ་པར་མི་འགྲུབ་པོ། །ཇི་སྟེ་ཡང་དག་དངོས་པོ་ལ། །ཚད་མ་ཐམས་ཅད་ཡོང་


DTG107_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནི། །ཀུན་གྱིས་ཡང་དག་ཉིད་མཐོང་ཕྱིར། །འཕགས་པའི་ལམ་ནི་དགོས་པ་མེད། །འབད་པ་མ་བྱས་གྲོལ་བའི་ཕྱིར། །ཐར་འདོད་རྣམས་ཀྱི་ཚངས་སྤྱོད་དང༌། །བསྙེན་གནས་ལ་སོགས་དོན་མེད་དེ། །ཉོན་མོངས་སྐྱེས་པ་ཁོ་ནར་ཟད། །རྣལ་འབྱོར་པ་ཡིས་མངོན་སུམ་ལས། །གཞན་གྱི་དབང་པོའི་ཤེས་ཁྱད་མེད། །རབ་ཏུ་གྲུབ་པའི་དོན་དག་ལ། །ཡང་དག་རྟོགས་འདོད་རྩོད་མི་འགྱུར། །ཚད་མའི་མཚན་ཉིད་བསྟན་བཅོས་དག །རབ་ཏུ་བྱེད་པ་དོན་མེད་ཅིང༌། །ཕན་ཚུན་དག་ཏུ་འགལ་བ་ཡི། །མཚན་ཉིད་དག་ཀྱང་བྱེད་མི་འགྱུར། །བདག་དང་གཞན་གྱི་གྲུབ་པའི་མཐའ། །ཕན་ཚུན་ཐ་དད་མེད་པར་འགྱུར། །ཚད་མ་ཀུན་གྱི་ཚད་མ་ཉིད། །བདག་ཉིད་ལ་ནི་གྲུབ་པར་ཐལ། །དོན་དམ་པ་ཡི་དངོས་པོ་ཡི། །ངོ་བོ་འདས་ནས་མི་འཇུག་སྟེ། །གཞན་དུའང་ཚད་མ་འཇུག་ན་ནི། །དེ་ནི་ཇི་ལྟར་ཚད་མ་ཉིད། །རྨི་ལམ་སོགས་བཞིན་བརྫུན་པ་ཉིད།། འདོད་པའི་དོན་ལ་མི་སླུ་ཕྱིར། །འཇིག་རྟེན་དངོས་ལ་ཚད་མ་ཡོད། །ཐ་སྙད་དུ་ནི་བརྗོད་པར་བྱ། །དེ་ཉིད་ཇི་སྟེ་དོན་དམ་ཡིན། །མིང་ཙམ་ཟད་པ་བཟློག་མེད་དེ། །རང་དགའ་དག་གིས་བྱུང་བ་ལ། །དེ་ནི་སུ་ཞིག་ཟློག་པར་བྱེད། །འོན་ཀྱང་རྨི་ལམ་བྱེད་པ་ནི། །བརྫུན་པའི་དངོས་པོ་རྣམས་ལ་ཡང༌། །འདོད་པའི་དོན་བྱེད་སྒྲུབ་ནུས་པ། །འདི་ལྟར་དམིགས་ཤིང་སྣང་ཡིན་ན། །དེ་ཡང་དོན་དམ་ཅིར་མི་འདོད། །འགལ་བ་པ་ཡི་ཕྱིར་ཞེ་ན། །དེ་བཞིན་གཞན་དུ་གཉིད་སད་ལ། །དེ་དང་མཐུན་ན་ཅི་ཕྱིར་འདོད། །དེ་ལ་མི་སླུ་བ་དག་ཀྱང༌། །མ་སད་པ་དང་གཉི་ག་མཐུན། །སད་པ་དག་གིས་སླུ་བྱེད་པ། །གཉི་ག་ཡང་ནི་མཐུན་པ་ཉིད། །རྫོགས་སངས་རྒྱས་ཀྱིས་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་རབ་ཏུ་བསྟན། །དབང་པོ་ལྔ་པོ་དེ་དག་གི །དངོས་པོ་ཅུང་ཟད་མཐོང་བ་མེད། །ཇི་སྟེ་དོན་བྱེད་ནུས་པ་ཡི། །སྣང་བ་ཙམ་ཡང་མི་འདོད་ན། །འཁྲུལ་པའི་ཕྱིར་ན་འདི་དག་ནི། །དོན་དམ་ཉིད་ཀྱི་མཚན་ཉིད་མིན། །རྨི་ལམ་དག་ན་དངོས་པོའི་དོན། །ཤེས་པའི་ངོ་བོ་ཉིད་མ་ཡིན། །ཤེལ་སྒོང་བཞིན་དུ་དག་པ་ཡི། །ཤེས་པ་ཡིན་ཞེས་ཉེ་བར་བརྗོད། །སྔོན་པོ་ལ་སོགས་གཟུགས་སྣ་ཚོགས། །དེ་ལ་དེ་ནི་གང་ནས་འོངས། །འཁྲུལ་པས་ཡིན་ནའང་འཁྲུལ་འདི་ཅི། །


DTG107_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པ་མེད་པ་ཉིད་ཅེ་ནའང༌། །དེ་ལས་དེ་ཉིད་ཡིན་ཞེས་པ། །མཆོག་ཏུ་དེ་ནི་ལེགས་པར་བཤད། །འོན་ཏེ་སྔ་མའི་རྣམ་པར་ཤེས། །ཤེས་པ་ཕྱི་མའི་རྒྱུ་ཡིན་ན། །འཁྲུལ་པ་དེ་ནི་དེ་དག་ལས། །རྒྱུ་མེད་པར་ནི་ཇི་ལྟར་འབྱུང༌། །སྔོན་པོ་ལ་སོགས་དེ་འབྱུང་ན། །འབྱུང་ལ་རག་སྟེ་འོན་ཀྱང་ནི། །ཤེས་དང་ཐ་དད་མ་ཡིན་ཕྱིར། །ཇི་ལྟར་གཅིག་ལ་སྣ་ཚོགས་ཉིད། །རྣམ་པར་ཤེས་པ་དུ་མའང༌། །འབྱུང་བར་རྟག་ཏུ་རིགས་པ་མིན། །ལུས་མེད་ཡུལ་ན་མི་གནས་ཕྱིར། །ཡུལ་ན་བཀྲམ་སྟེ་འདུག་པ་མེད། །དེ་ལ་དེ་ནི་སྣ་ཚོགས་པ། །བརྫུན་པ་ཉིད་ཅེས་འདོད་ན་ཡང༌། །བརྫུན་དང་ཅིག་ཤོས་འགལ་བ་དག །གཅིག་པོ་ཉིད་དུ་ཇི་ལྟར་རུང༌། །བརྫུན་པ་རྣམས་ཀྱང་རྒྱུ་དག་ལས། །འབྱུང་བར་ཇི་སྟེ་འདོད་ན་ནི། །བདེན་པ་གཉིས་ཀྱི་མཚན་ཉིད་དག །དངོས་པོ་གཞན་ལ་ཅི་ཞིག་ཡོད། །རང་དང་དབྱེར་མེད་སྣ་ཚོགས་པའི། །སྔོ་སོགས་བརྫུན་པའི་རང་བཞིན་ན། །རྣམ་པར་ཤེས་པའང་བརྫུན་ཉིད་དུ། །ཅིའི་ཕྱིར་གསང་སྟོན་བརྗོད་མི་བྱ། །ཤེས་པའི་རྣམ་པ་སྣ་ཚོགས་རྣམས། །ཇི་སྟེ་དེའི་བདག་མ་ཡིན་ཏེ། །གཞན་ཡིན་དེ་ལ་དེ་བཞིན་དུ། །ཇི་ལྟར་སོ་སོར་སྣང་བར་འགྱུར། །གཞན་ཡང་གང་དེ་སྔོ་ལ་སོགས། །འདི་དག་བརྫུན་པ་ཉིད་བརྗོད་ན། །དེ་ཉིད་མཚན་ཉིད་འཁྲུལ་པ་ཡི། །ཡུལ་དང་མ་གྱུར་མ་ཡིན་ནམ། །རྨི་ལམ་དག་ལ་དེ་ལས་གཞན། །ཁྱེད་ཀྱི་འདོད་པའི་དོན་བསྒྲུབ་ཅིང༌། །གང་གིས་མཚན་ཉིད་འཁྲུལ་པར་ནི། །མི་འགྱུར་གཟུང་དུ་ཡོད་མ་ཡིན། །ཇི་སྟེ་དོན་བྱེད་རུང་བ་ལ། །དེ་དག་ཁོང་དུ་ཆུད་པ་དེ། །དེ་ཚེ་ཡང་དག་རྟོགས་པར་འགྱུར། །གང་གི་ངོ་བོ་རྟོགས་པས་ནི། །རྣལ་འབྱོར་སྲིད་པར་འཁྱམས་ལས་གྲོལ། །འདིར་ནི་དེ་ཉིད་དོན་དམ་དུ། །རྟག་པའི་ཡུལ་དུ་བྱ་བ་ཡིན། །འགྲོ་བ་གྲོལ་ལ་ཐོབ་འགྱུར་ཞིང༌། །ཐམས་ཅད་ཐར་པར་ཐལ་བའི་ཕྱིར། །དངོས་ཙམ་རབ་ཏུ་གྲུབ་པ་ལས། །འདོད་པའི་དོན་བྱེད་རུང་བ་མིན། །དེ་བས་འདོད་དོན་མི་སླུ་བ། །ཚད་མའི་མཚན་ཉིད་ཡིན་ནོ་ཞེས། །འཇིག་རྟེན་པ་ལའང་རབ་གྲུབ་ཕྱིར། །ཐུན་མོང་ཡིན་པར་གནས་པ་ཡིན། །དེས་ན་ཡོད་པའི་ཐ་སྙད་སོགས། །ཁྱབ་པ་ཡིན་ཡང་ཡང་དག་དོན། །འགྲུབ་མིན་ཇི་


DTG107_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དེ་ལས་ནི། །དངོས་པོར་སྨྲ་བ་ལེགས་པར་གནས། །ཚུ་རོལ་མཐོང་བ་ཐམས་ཅད་ཀྱི། །སེམས་ནི་དེ་ལ་ནོར་བའི་ཕྱིར། །ཡང་དག་དངོས་པོ་ཅུང་ཟད་ཀྱང༌། །མངོན་སུམ་དག་གིས་གྲུབ་པ་མེད། །རྟོག་དང་བྲལ་ལ་མ་འཁྲུལ་པ། །མངོན་སུམ་ཞེས་ནི་དེ་བརྗོད་ལ། །ཚུ་རོལ་མཐོང་བ་ཀུན་གྱིས་ཀྱང༌། །ཡང་དག་མཚན་ཉིད་འཁྲུལ་པ་མེད། །ཡང་དག་མངོན་སུམ་རྟོགས་པ་དེ། །ཇི་ལྟར་ཚུ་རོལ་མཐོང་ཞེས་བྱ། །ཆ་ཤས་འཁྲུལ་མེད་རང་བཞིན་ན། །དབང་པོའི་རྣམ་པར་ཤེས་པ་དག །སྤྱི་དོན་ཡིན་ཕྱིར་ཉེར་བརྗོད་ཕྱིར། །རང་གི་མཚན་ཉིད་སྤྱོད་ཡུལ་མིན། །ཇི་སྟེ་གཞན་ལས་བཟློག་པ་ཡི། །སྤྱི་དེ་ཡུལ་ཞེས་མི་བརྗོད་ན། །གཞན་དུ་གཅིག་གི་དངོས་པོ་ལ། །ཇི་ལྟར་ཆ་ཤས་རྟག་ཏུ་ཡོད། །སྒྲ་ལ་སོགས་པའི་ཆོས་ཅན་ལ། །ཚད་མ་གཞན་དག་མི་སླུ་ཕྱིར། །མངོན་སུམ་རྟོགས་པའི་བདག་ཉིད་ལས། །ཡང་དག་རྣམ་པར་ངེས་པ་མེད། །རང་གི་མཚན་ཉིད་རྣམ་པ་ཀུན། །འདི་དག་གཟུང་ཉིད་མ་ཡིན་ནམ། །འོན་ཀྱང་ཟིན་དང་བྲལ་བའི་ཕྱིར། །རྣམ་པ་ཐམས་ཅད་ངེས་པ་མེད། །དོན་དུ་གཉེར་དང་གོམས་འདུས་ལས། །སོགས་པའང་དེ་ཡི་རྒྱུ་ཡིན་ཕྱིར། །འདི་ལྟར་མྱོང་བ་ཞེས་བྱ་བས། །ངེས་པར་སྐྱེ་བར་མི་སྲིད་དོ། །རྣམ་པ་ཐམས་ཅད་གཟུང་ན་ཡང༌། །གང་ན་དོན་དུ་གཉེར་སོགས་རྒྱུ། །མེད་པ་དེ་ན་ཕྱིན་ཅི་ལོག །འཁྲུལ་པའི་ས་བོན་དག་ལས་སྐྱེ། །རྗེས་སུ་དཔག་པ་རྣམས་ཀྱིས་ནི། །སྒྲོ་འདོགས་དེ་ཙམ་ཉི་ཚེ་ཞིག །བསམ་པ་བསྒྲུབ་པར་བྱ་ཡིན་གྱི། །མངོན་སུམ་སྤྱོད་ཡུལ་དངོས་པོ་མིན། །རྣམ་པ་ཐམས་ཅད་ངེས་པ་དག །ཇི་སྟེ་དེ་ལས་མ་སྐྱེས་ན། །དེ་ནི་གཟུང་བ་ཡིན་ནོ་ཞེས། །གནའ་ཆུང་རྣམས་ཀྱིས་རྐྱལ་བར་བགྱིས། །མཚན་མ་རྣམས་ནི་གཞན་དག་ལས། །ཡང་དག་དངོས་པོ་གྲུབ་ན་ནི། །མངོན་སུམ་དེས་ནི་རྣམ་པ་ཀུན། །གཟུང་ཞེས་བྱ་བའི་རིགས་པ་མཉམ། །མ་གྲུབ་ན་ཡང་རྣམ་ངེས་པ། །དེར་མ་སྐྱེས་པར་གཟུང་ངོ་ཞེས། །ཁྱོད་ཀྱི་ཐ་མལ་སེམས་ཀྱིས་ནི། །བརྗོད་པར་ཇི་ལྟར་རིགས་པ་ཡིན། །དོན་བྱེད་པ་རྣམས་སྣང་བ་ཡི། །ཤེས་པས་ཀྱང་ནི་འཁྲུལ་པའི་ཕྱིར། །གཟུང་བ་ཉིད་དུ་ངེས་མིན་ཏེ། །ཇི་ལྟར་སྔར་ནི་བཤད་པ་བཞིན། །འགའ་


DTG107_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཏུ་ནི་ཡང་དག་དངོས། །ཇི་སྟེ་ལན་འགའ་མཐོང་གྱུར་ན། །དོན་བྱེད་པས་ནི་དེ་བསྒྲུབ་ཅེས། །རྣམ་པར་ངེས་པ་དེ་དག་རིགས། །ཕ་རོལ་མ་ཡིན་མཐོང་རྣམས་ཀྱིས། །གང་ཚེ་ལན་འགའ་དེ་གཅིག་ཀྱང༌། །མཐོང་བ་མེད་པས་དེ་བས་ན། །རྣམ་པར་ངེས་པས་ཇི་ལྟར་བྱ། །སྤྲུལ་པ་རྣམས་ཀྱང་སྣ་ཚོགས་པའི། །དོན་རྣམས་བྱ་བ་བྱེད་པར་བརྗོད། །གཟུགས་བརྙན་ལ་སོགས་ལ་ཡང་མཐོང༌། །དེའི་ཕྱིར་ངེས་པར་གྱུར་པ་མེད། །ཕྱི་རོལ་དོན་ཐོབ་མཚན་ཉིད་ཀྱི། །མི་སླུ་བ་ནི་དོན་གྲུབ་མེད། །འདི་ལྟར་སྣང་བ་ངོ་བོ་ནི། །རྨི་ལམ་སོགས་པ་ལ་ཡང་ཡོད། །ཤེས་པ་ལྔ་ལ་ཁྱད་མེད་པའི། །གཞན་ལས་ཇི་ལྟར་ངེས་པ་ཡིན། །ཡུལ་ནི་ཐ་དད་ཡིན་ཕྱིར་ཡང༌། །དེ་སྒྲུབ་དོན་ལ་མི་སླུ་མེད། །སྔར་མྱོང་བ་ལ་མི་སླུ་བ། །སྐད་ཅིག་པ་ལ་ཤིན་ཏུ་དཀོན། །སྐད་ཅིག་མ་ཡིན་རྣམས་ལ་ཡང༌། །གང་ན་དོན་བྱེད་ཡོད་མི་སྲིད། །ཇི་སྟེ་རྟོགས་པར་བྱེད་པ་རྣམས། །ཐ་དད་མེད་པར་ཞེན་པ་ཡིས། །འདོད་ན་གཉིས་ལ་གཅིག་དོན་ཏེ། །བརྟགས་པ་འདི་ཡིན་གང་དག་མིན། །རང་གི་མཚན་ཉིད་ཇི་བཞིན་དུ། །ཇི་སྟེ་དབང་པོས་མ་བཟུང་ན། །དེ་ཚེ་ཡུལ་དེ་ངེས་པ་ཞེས། །དེ་ནི་ཇི་ལྟར་རིགས་པ་ཡིན། །ཡུལ་གྱི་དོན་ལ་མངོན་སུམ་དག །ཇི་སྟེ་སྒྲོ་འདོགས་སྲིད་ན་ཡང༌། །རང་གི་མཚན་ཉིད་དངོས་པོ་ལ། །དེ་ནི་ཇི་ལྟར་ཚད་མ་ཡིན། །དེ་བས་དེ་ཡིས་སེམས་ཀྱིས་ནི། །ཡང་དག་དངོས་པོ་རྟོགས་མེད་ཀྱིས། །སྨིག་རྒྱུ་བཞིན་དུ་གང་དག་གིས། །འདི་ལ་སྒྲོ་འདོགས་བྱེད་པར་འགྱུར། །སྒྲོ་འདོགས་པ་ཡིས་ཐམས་ཅད་དུ། །སེམས་ཀྱི་རྐེད་པས་གཏུགས་པ་དག །ཟླ་བ་གཉིས་སོགས་མངོན་སུམ་གྱི། །ཤེས་པ་དག་དང་ཅི་མི་མཚུངས། །གང་ཚེ་རྟག་ཏུ་ཡང་དག་ཉིད། །ལོག་པར་སྒྲོ་འདོགས་མུན་པས་གཡོགས། །མངོན་སུམ་མི་སླུ་ཡིན་པ་ལས། །རྣམ་པར་ངེས་པ་དེ་ནི་མེད། །གཞན་ཡང་དངོས་པོའི་ངོ་བོ་ཉིད། །རྟག་པའམ་མི་རྟག་གཅིག་ཏུ་འགྱུར། །ཕན་ཚུན་སྤངས་ཏེ་གནས་པའི་ཕྱིར། །ཕུང་པོ་གསུམ་པ་ཡོད་པ་མིན། །ཕན་ཚུན་ཡོངས་སུ་སྤངས་ལ་སོགས། །འགལ་བ་རབ་ཏུ་གྲུབ་བྱའི་ཕྱིར། །ཇི་སྟེ་ཚད་མས་ཁས་ལེན་ན། །


DTG107_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ངེད་ཀྱི་དངོས་པོ་འགལ་བ་གྲུབ། །དེ་ནི་རིགས་ཏེ་ཚད་མ་ཡིས། །དངོས་པོ་རྣམས་ཀྱི་སྤྱི་འགྲུབ་ཕྱིར། །ཁྱབ་པར་དངོས་པོ་མི་འགྲུབ་ཅེས། །གོང་དུ་རབ་ཏུ་བསྒྲུབས་པ་ཡིན། །དངོས་པོ་རྣམས་ཀྱི་འགལ་བ་ནི། །ཐ་སྙད་པ་ཡི་ཚད་མ་ཉིད། །འདི་ལ་བརྟེན་ནས་བརྗོད་པས་ན། །དེ་ཕྱིར་ཡང་དག་རྟོགས་པ་མིན། །འདི་ལྟར་མར་མེ་ལ་སོགས་པ། །སྐྱེ་ཞིང་འཇིག་པའི་ཆོས་ཅན་རྣམས། །བརྟེན་པའི་རྣམ་པས་རྣམ་གཅད་པས། །འགལ་བར་རྟོགས་པ་རྣམས་ལ་ལྟོས། །གང་ཚེ་རྣམ་པ་རྣམ་གཅད་པ། །མེད་ན་མེད་པར་ངེས་པ་ཡིས། །ཆོས་དེ་གང་ཡིན་དེ་གཉིས་ནི། །མཚན་ཉིད་ཀྱིས་ནི་འགལ་བར་འདོད། །སྐྱེ་འཇིག་དག་དང་འབྲེལ་པ་ནི། །སྒྱུ་མ་ལ་སོགས་ལ་ཡང་ཡོད། །དེ་ཙམ་གྱིས་ན་དེ་དག་ཅི། །ཡང་དག་དངོས་པོ་ཉིད་ཡིན་ནམ། །ཤེས་པའི་རྣམ་པ་ནོར་ཕྱིར་དང༌། །ཕྱི་རོལ་དོན་ཡང་མ་གྲུབ་ཕྱིར། །མར་མེ་ལ་སོགས་རྣམས་ལ་ཡང༌། །ཡང་དག་དངོས་པོ་ཅུང་ཟད་མེད། །དེ་ལྟ་བས་ན་འཇིག་རྟེན་གྱི། །དོན་ལ་བརྟེན་ནས་འགལ་བ་དག །དོན་དམ་ཉིད་ལ་འཇུག་བྱའི་ཕྱིར། །རིགས་པ་ཤེས་པ་རྣམས་ཀྱིས་གཞག །དེ་བཞིན་གཞན་ཡང་འགལ་བ་དག །ཐ་སྙད་ཡིན་པར་ཤེས་པར་བྱོས། །ཡང་དག་དངོས་པོ་ཉིད་ལ་ནི། །འགལ་བ་ཉིད་ནི་འགའ་ཡང་མེད། །ཚད་མའི་མཚན་ཉིད་འདི་དག་ཀྱང༌། །ཡང་དག་ཉིད་ལ་འཇུག་བྱའི་ཕྱིར། །ཐ་སྙད་པ་ནི་ཡིན་ནོ་ཞེས། །བསྟན་པ་དེ་ཕྱིར་འདོད་པར་གྱིས། །གཞན་དུ་བྱིས་པ་གནག་རྫི་སོགས། །བུད་མེད་རྣམས་ལ་གྲགས་པ་ཉིད། །མན་ངག་མེད་པར་དུ་སོགས་ལས། །ཅི་ཕྱིར་མེ་སོགས་ཕྱོགས་ངེས་འགྱུར། །ཐ་སྙད་རྣམས་ལ་མ་བརྟེན་ན། །ཐབས་གཞན་དག་ལ་བརྟེན་བྱས་ཀྱང༌། །རང་དང་གཞན་གྱིས་ཡང་དག་པ། །རྣམ་པར་དབྱེ་བར་ནུས་པ་མིན། །རྟགས་དང་རྟགས་ཅན་འགལ་བ་དང༌། །དེ་བཞིན་ཁྱབ་བྱ་ཁྱབ་བྱེད་པ། །ཡང་དག་དོན་ལ་མ་བརྟགས་ཀྱི། །དོན་དམ་པ་ལ་འཇུག་བྱའི་ཕྱིར། །ཇི་ལྟར་འཇིག་རྟེན་གྲགས་པ་ལ། །བརྟེན་ནས་དེ་བཞིན་བསྒྲུབ་བྱ་དང༌། །སྒྲུབ་བྱེད་འདི་དག་གནས་པར་ནི། །དེ་བས་ཐམས་ཅད་བརྗོད་པ་ཡིན། །དེ་བས་ཁྱབ་དང་འགལ་ལ་སོགས། །མ་གྲུབ་


DTG107_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་གང་རྒོལ་བ། །དེ་དག་ཐམས་ཅད་འཁྱམ་པ་ཞེས། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། །གཏན་དུ་མ་གྲུབ་གང་ཡིན་པ། །དེ་ལ་བརྒལ་བར་རིགས་པ་ཡིན། །ཡང་དག་བརྟེན་ནས་རྩོད་པ་ནི། །མི་འདོད་ཐལ་བར་འགྱུར་བ་མེད། །དེ་ལ་མི་རྟག་དངོས་པོའི་བདག །ཡང་དག་མངོན་སུམ་ཤེས་པ་མེད། །རྒྱུ་དང་འབྲས་བུ་རྟོགས་གྲུབ་ན། །དེ་ནི་རབ་ཏུ་འགྲུབ་པ་ཡིན། །གཞན་གྱི་བདག་ཉིད་འབྲས་བུ་དང༌། །རྒྱུར་གྱུར་པ་ལ་རྣམ་ཤེས་ཀྱི། །གང་ཕྱིར་འཛིན་པར་མི་རིགས་ན། །མངོན་སུམ་ཉིད་དུ་དེ་མ་གྲུབ། །རྣམ་པར་ཤེས་པ་འདྲ་ཙམ་གྱིས། །གཞན་དག་ཤེས་པ་མ་ཡིན་ཏེ། །དེ་ལྟ་ཡིན་ན་འདྲ་བ་ཀུན། །ཕན་ཡོན་རིགས་པ་ཉིད་དུ་འགྱུར། །འདྲ་གང་ཤེས་པའི་ངོ་བོ་ཞེས། །བྱེ་བྲག་རུང་བ་མ་ཡིན་ཏེ། །རང་གི་ངོ་བོ་གནས་པ་ཡི། །ཤེས་བྱ་ཁྱབ་པའི་བདག་པོར་རུང༌། །ཤེས་པའི་ངོ་བོ་བྱེ་བྲག་གིས། །བདག་ཉིད་ཉེ་བར་གནས་ན་ཡང༌། །དེ་ལྟ་ཡིན་ཡང་མི་ཕན་ཕྱིར། །གཞན་དག་ཇི་ལྟར་འཛིན་པར་འགྱུར། །འདྲ་བ་ཤེས་པའི་ངོ་བོའི་ཕྱིར། །ཇི་སྟེ་རིགས་པར་འགྱུར་ན་ཡང༌། །ཟླ་བ་ལ་སོགས་ལྟ་བ་ན། །ཕན་ཚུན་དེ་ཤེས་ཅིས་མ་གྱུར། །དེ་ལས་བྱུང་བ་ཡིན་ན་ཞེས། །དེ་ལྟར་ཁྱད་པར་གཞན་དག་ཀྱང༌། །ཇི་སྟེ་རྗོད་པར་བྱེད་ན་ནི། །འོན་ཀྱང་འདོད་པ་སྒྲུབ་མི་བྱེད། །དངོས་པོ་རྣམས་ཀྱིས་དོན་བྱེད་པ། །རང་གི་དངོས་དང་འབྲེལ་པས་ན། །སྐྱེས་བུ་འདོད་པའི་རྗེས་འབྲངས་པའི། །བྱེ་བྲག་རྣམས་ལས་ཇི་ལྟར་འགྱུར། །རྣམ་ཤེས་དེ་ལས་བྱུང་ན་ཡང༌། །རང་གི་ངོ་བོར་དེ་གནས་ལས། །ཇི་ལྟར་གཞན་ལས་མངོན་སུམ་དུ། །བྱེད་ཅེས་བྱ་བ་འདི་ཡང་སྨྲོས། །གཞན་གྱི་ངོ་བོ་མངོན་སུམ་དུ། །གྲུབ་ན་དེ་དང་འདྲ་བ་དང༌། །དེ་ལས་བྱུང་བ་འགྲུབ་པར་འགྱུར། །དེས་ནི་བྱེ་བྲག་གྲུབ་པ་མེད། །མཚུངས་པའི་དོན་སྟོབས་བྱུང་བ་ཡི། །རྣམ་ཤེས་དེ་མ་ཐག་པ་དང༌། །དེ་འདྲ་དེ་ལས་བྱུང་བའི་ཕྱིར། །ཤེས་པ་རིགས་པར་ཐལ་བར་འགྱུར། །སེམས་ལ་ཀུན་ཏུ་སྣ་ཚོགས་པའི། །རྣམ་པ་འདི་དག་སྣང་བའི་ཕྱིར། །ཆ་ཤས་ཅན་གྱི་ངོ་བོ་དང༌། །འདྲ་བ་འབྲེལ་པ་མ་ཡིན་ནོ། །སྣ་ཚོགས་པ་ཡང་གཅིག་པ་མིན། །


DTG107_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་ཡོན་ཏན་སྣ་ཚོགས་མེད། །རྟེན་ལ་འཛིན་པ་མེད་པར་ནི། །འདི་ལ་འཛིན་པ་མི་སྣང་ངོ༌། །སྣ་ཚོགས་རྣམ་པས་དབེན་པ་ཡི། །རྟེན་ནི་སོ་སོར་སྣང་བ་མེད། །གཞན་ཡང་རབ་རིབ་ལྟས་ངན་དང༌། །མིག་སེར་སོགས་པས་ཉམས་པའི་མིག །གང་ཕྱིར་དངོས་པོ་གཅིག་ལ་ཡང་ཉེ་རིང་ལ་སོགས་བྱེ་བྲག་གིས། །མི་མཐུན་རྣམ་པར་མྱོང་བ་ཡིས། །ཤེས་པ་དག་ཀྱང་སྣང་བ་ཡིན། །དེ་ལ་དེ་དག་དེ་སྙེད་ཀྱི། །དངོས་པོ་ཐ་དད་ཡོད་པ་མིན། །མི་མཐུན་ཆོས་ཅན་གཅིག་ཡིན་ན། །ཐམས་ཅད་གཅིག་པར་ཐལ་བར་འགྱུར། །གཅིག་ན་ལྷན་ཅིག་སྐྱེ་བ་དང༌། །འཇིག་དང་གནས་པ་ཅན་དུ་འགྱུར། །དེ་ཕྱིར་འདྲ་བ་མ་གྲུབ་སྟེ། །དོན་མེད་པར་ཡང་སྣང་བ་ཡིན། །རྨི་ལམ་སོགས་ན་སྔོ་སོགས་ཀྱི། །ངོ་བོ་སྣང་བའི་མྱོང་བ་དང༌། །འཁྲུལ་པར་འགྱུར་བ་དེ་ཡི་ཕྱིར། །འདི་ལས་གཞན་རིག་འགྲུབ་པ་མེད། །ཆུང་བའི་ངོ་བོའང་དོན་མིན་ཏེ། །དེ་ཤེས་སོ་སོར་མྱོང་མེད་ཕྱིར། །གཅིག་པུ་ཕྲ་བ་དེ་སྣང་བའི། །རྣམ་པ་སེམས་ཀྱིས་མྱོང་བ་མེད། །རེ་རེ་དག་ནི་ཚོགས་པ་ཡི། །ཡུལ་ཉིད་ཡིན་པར་ཁས་བླངས་སུ། །རྟག་ཏུ་གོང་བུའི་ངོ་བོ་ཡི། །སྣང་བའི་ཤེས་པ་མྱོང་བ་ཡིན། །འདུས་པ་ཅན་ལས་འདུས་པ་ཡིན། །མཚན་ཉིད་ཐ་དད་ཡོད་པ་མིན། །བརྟགས་པའང་དངོས་པོ་མེད་པའི་ཕྱིར། །ཇི་ལྟར་དེ་ནི་སོ་སོར་སྣང༌། །ཇི་སྟེ་ཕྲ་བའི་དངོས་འཛིན་ནི། །བར་མེད་གནས་པ་གང་གིས་འཛིན། །རགས་པ་འཁྲུལ་པ་ཡིན་ན་ཡང༌། །ཇི་ལྟར་འདི་དག་ཚད་མ་ཡིན། །ཡིད་ལ་ཡོད་ན་ཇི་ལྟར་འདིའི། །རྣམ་པ་གསལ་བར་སྣང་བ་ཡིན། །དབང་པོའི་ཡུལ་ན་རྡུལ་ཕྲན་རྣམས། །རྟག་ཏུ་འཛིན་པ་མེད་པར་འགྱུར། །དེ་ཡི་ངོ་བོ་སྣང་བ་ཡི། །ཤེས་པ་རྟག་ཏུ་མ་སྐྱེས་ཕྱིར། །དེ་བས་དེ་འཛིན་སྔར་གྱུར་པའི། །འཁྲུལ་པ་འགྲུབ་པར་མི་འགྱུར་རོ། །ཇི་སྟེ་ཚད་མ་གཞན་དག་ལས། །རྡུལ་ཕྲན་གྲུབ་པར་གྱུར་ན་ནི། །དེ་འཛིན་སྔ་མར་གྱུར་པ་ཡིས། །རགས་པའི་རྣམ་པའི་སེམས་སུ་འགྱུར། །གང་ཕྱིར་དེ་ཉིད་མ་གྲུབ་སྟེ། །ཚད་མས་ཀྱང་ནི་རབ་ཏུ་བཙལ། །རྨི་ལམ་སོགས་ནའང་ཕྲ་མེད་པར། །རགས་པར་འཁྲུལ་པ་སྣང་བ་ཡིན། །རིང་བའི་དོན་ལ་ཆུང་ངུ་ཡང༌། །ཆེན་པོ་ཉིད་དུ་ཉེ་བར་


DTG107_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས། །དེ་བས་དེ་འཛིན་ལས་འདི་མིན། །རི་མོ་བརྐྱང་བ་མཐོང་བ་ཡི། །རྣམ་པ་ཇི་སྟེ་ཡང་དག་ན། །རྣམ་པར་ཤེས་པ་གཅིག་པ་ཡང༌། །དེ་དང་འདྲ་བར་སྣ་ཚོགས་འགྱུར། །ལུས་མེད་ཕྱིར་ན་རྣམ་པར་ཤེས། །ཡུལ་ལ་བཀྲམ་སྟེ་སྐྱེ་མི་སྲིད། །དེ་ཕྱིར་རྣམ་ཤེས་དུ་མ་རུ།། རྟོག་པ་ལེགས་པ་མ་ཡིན་ནོ། །ཤེས་པ་གཅིག་དང་ཐ་མི་དད། །རྣམ་པ་སྣ་ཚོགས་འགྱུར་བ་མེད། །ཐ་དད་གྱུར་ན་རྣམ་པ་དང༌། །ཤེས་པར་འབྲེལ་པ་མེད་པར་འགྱུར། །རྣམ་པའང་ཇི་སྟེ་རྣམ་པ་བཅས། །རྟོག་པར་བྱེད་པ་ནས་མེད་དོ། །དེ་ལྟར་རྣམ་པ་གཞན་དང་གཞན། །སུས་ཀྱང་མྱོང་བ་མ་ཡིན་ནོ། །ཇི་སྟེ་རྣམ་པ་མེད་ན་ནི། །ཤེས་པ་རྣམ་བཅས་རྟོག་དོན་མེད། །ཐ་དད་ཐ་དད་མེད་མ་རྟོགས། །ཕུང་པོ་གཞན་ཡང་རིགས་པ་མིན། །འོན་ཏེ་དོན་གྱི་རྣམ་སྣང་བ། །བརྫུན་པ་ཉིད་དུ་འདོད་ན་ཡང༌། །ཇི་ལྟར་བརྫུན་པ་འདི་དག་གིས། །གཞན་གྱི་དངོས་པོ་འགྲུབ་པར་འགྱུར། །ཇི་སྟེ་བརྫུན་པ་མངོན་སུམ་དུ། །གསལ་བར་རབ་ཏུ་མྱོང་ན་ནི། །མངོན་སུམ་པ་ཡི་དངོས་པོ་ཡང༌། །དེ་ཚེ་ཡང་དག་ཉིད་མ་ཡིན། །གཞན་ཡང་ཇི་སྟེ་འདྲ་བའི་དོན། །བདག་ཉིད་ཐམས་ཅད་ཀྱིས་ཡིན་ན། །དོན་བཞིན་ཤེས་པ་བླུན་པ་ཡི། །ངོ་བོར་འགྱུར་པ་གང་གིས་བཟློག །རྣལ་འབྱོར་པ་དག་གྲོལ་བ་ཡང༌། །གཞན་གྱི་ཕྱག་སོགས་མཐོང་བ་ན། །དེ་བཞིན་ཕྱག་སོགས་ལྡན་པར་འགྱུར། །གཉི་གའང་ཆ་ཤས་མེད་པའི་ཕྱིར། །ཆ་གཅིག་གིས་ནི་འདྲ་བ་མིན། །ཆ་ཤས་བཅས་པ་མ་གྲུབ་ན། །ཡང་དག་དངོས་པོ་ཅི་ཞིག་འགྲུབ། །འོན་ཏེ་བཟློག་པའི་བྱེ་བྲག་གིས། །ཆ་ཤས་རྟོག་པར་བྱེད་ན་ཡང༌། །བརྟགས་པ་ཡིན་ཕྱིར་འདྲ་བ་ནི། །གནས་པ་མེད་པ་ཉིད་དུ་འགྱུར། །ཐམས་ཅད་དུ་ཡང་བདག་རྟོགས་པའི། །དེ་ཡི་རྣམ་པ་མྱོང་བའི་ཕྱིར། །འདྲ་བ་ཡོད་ཀྱང་ཕྱི་རོལ་ལ། །ཤེས་པ་སོ་སོར་མྱོང་བ་མེད། །མི་འཛིན་པ་ཡི་དུས་ན་ནི། །ཡུལ་འདི་ཡོད་པ་མ་ཡིན་ནོ། །མཉམ་པའི་དུས་ན་རྒྱུ་མིན་ཕྱིར། །རྒྱུ་མ་ཡིན་དང་ཡུལ་ཡང་མིན། །གནས་པ་ཡིན་དུ་ཟིན་ན་ཡང༌། །རྣམ་པ་གཉིས་པ་མྱོང་བ་མེད། །མྱོང་བ་ཡོད་པར་གྱུར་ན་ཡང༌། །དེ་ལ་བརྒལ་ཞིང་བརྟག་པ་མཚུངས། །འདྲ་བ་དེ་མྱོང་གང་


DTG107_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ། །དེ་ཉིད་ཕྱི་རོལ་མྱོང་བ་ཡང༌། །ཉེ་བར་བརྟགས་པ་ཡིན་པའི་ཕྱིར། །དེ་ནི་ཡང་དག་ཉིད་མ་ཡིན། །ཉེ་བར་བརྟགས་པ་ཙམ་གྱིས་ནི། །དོན་བྱེད་འདོད་པའི་གྲུབ་པ་མེད། །བྲམ་ཟེའི་བུ་ལ་མེ་བཏགས་པས། །འདི་ལྟར་འཚེད་ལ་སྦྱོར་བ་མེད། །དོན་ནི་ཡོངས་སུ་མ་མཐོང་ཕྱིར་དེ་དང་འདྲ་བར་འགྲུབ་པ་མེད། །བྱེད་རྒྱུ་ཡིན་ནའང་འབྲས་བུ་ལ། །འདྲ་བ་བསྐྱེད་པའི་མ་ཡིན་ཏེ། །གཟུགས་སྣང་བ་ཡི་རྣམ་ཤེས་ཀྱི། །འོན་ཏེ་སྒྲ་རིག་བྱུང་བ་དང༌། །སྔོན་པོ་ལ་སོགས་སྣང་བ་ན། །མིག་ལ་སོགས་པས་མ་ངེས་འགྱུར། །རྣམ་པར་དག་ལས་དོན་གྲུབ་པ། །དེ་ནི་རྗེས་སུ་དཔག་ཡིན་ན། །རྨི་ལམ་ལ་སོགས་འཁྲུལ་པའི་ཕྱིར། །དོན་གྱིས་དེ་ལ་ཁྱབ་པའང་མེད། །གཞན་དུ་དབང་པོ་དྲུག་པོ་དག །ཚད་མ་སོ་སོར་འགོག་ཕྱིར་དང༌། །ཤིན་ཏུ་ཆུང་བའི་གཟུགས་སོགས་ཀྱིས། །སྔོན་པོ་ལ་སོགས་མ་གྲུབ་ཕྱིར། །མིག་གི་རྣམ་ཤེས་ལྡན་པ་ཡིས། །སྔོན་པོ་ཤེས་ཀྱི་སྔོན་པོའི་མིང༌། །ཤེས་པ་མིན་ཞེས་གསུངས་པ་གང༌། །ད་ནི་ཐ་སྙད་བརྟེན་པ་ཡིན། །གཟུགས་ལ་སོགས་པའི་དངོས་པོ་རྣམས། །ཡང་དག་མིན་ཞེས་ངས་བཤད་པས། །སེམས་ཅན་རྣམས་ནི་དྲང་བའི་ཕྱིར། །ཐ་སྙད་དུ་ནི་བསྟན་པ་ཡིན། །སྣང་བས་སྟོང་པའི་ཤེས་པས་ཀྱང༌། །གཞན་རིག་པ་ནི་རིགས་པ་མིན། །དེ་ནི་ཁྱད་པར་མེད་པའི་ཕྱིར། །དོན་ནི་ངེས་པ་མེད་པར་འགྱུར། །གང་ཕྱིར་ཉེ་བ་ཙམ་དག་གིས། །གཞན་རིག་དེ་རུ་འགྱུར་ན་ནི། །དེ་ནི་ཀུན་ལ་འདྲ་བའི་ཕྱིར། །ཐམས་ཅད་རིག་པར་ཅིས་མི་འགྱུར། །ཐམས་ཅད་དོན་ཀུན་མཐོང་འགྱུར་ཏེ། །འདི་ལྟར་སྣ་ཚོགས་བློ་ལྡན་གྱིས། །ཡུལ་དུ་གཟུགས་ལ་སོགས་པ་རྣམས། །བྱེ་བྲག་མེད་ཕྱིར་ཅིས་མི་འགྱུར། །འོན་ཏེ་ཡང་ནི་ཡུལ་འགའ་ཡིས། །བློ་དག་ཤིན་ཏུ་བསྐྱེད་བྱས་ནས། །ཡོད་ཅེས་ཁས་ལེན་བྱེད་ན་ནི། །འདྲ་བ་སླར་ཡང་འོངས་པ་ཡིན། །རྟོགས་པའི་ངོ་བོ་ཐ་དད་མེད། །འདྲ་བ་དག་ལས་གཞན་ཅི་ཡོད། །ཤེས་པ་གང་ཡིན་རྟོགས་ཡིན་ན། དེ་ལའང་ཉེས་པ་གོང་དུ་བསྟན། །ངེས་འབྱུང་བྱེ་བྲག་ཡོད་ན་ཡང༌། །མ་ཡིན་དབང་པོའང་དེ་དང་འདྲ། །ཤེས་པའི་དུས་ན་འདི་མེད་ན། །རྒྱུ་ལས་ཇི་ལྟར་རབ་ཏུ་མྱོང༌། །ཚོགས་པ་


DTG107_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་རག་ལས་ཉིད། །ཇི་སྟེ་བྱེ་བྲག་རྟོགས་བྱེད་ན། །སེམས་དང་སེམས་བྱུང་ཚོགས་པ་ཡི། །མིག་ལ་སོགས་པའང་དེ་དང་འདྲ། །ཚོགས་པ་གཅིག་ལའང་རག་ལས་ཀྱང༌། །དབང་པོ་ལ་སོགས་རྟོགས་མེད་དེ། །ཡུལ་མ་ཡིན་ཕྱིར་ཞེ་ན་ཡང༌། །དེ་འདིར་སྤྱོད་ཕྱིར་མི་རུང་ངོ༌། །ཡུལ་ཉིད་ཡིན་པ་གྲུབ་ན་ནི། །ལན་འདི་རབ་ཏུ་འགྲུབ་པར་འགྱུར། །མཚན་ཉིད་འཁྲུལ་པ་ཡིན་པའི་ཕྱིར། །དེ་ཉིད་མ་གྲུབ་བརྗོད་པ་ཡིན། །རྟོགས་བྱ་དང་ནི་ཡུལ་གཉིས་ལ། །བྱེ་བྲག་འགའ་ཡང་ཡོད་མིན་ཏེ། །བསྒྲུབ་བྱ་སྒྲུབ་བྱེད་འགོག་དེ་གཉིས། །དེ་ཕྱིར་བྱེ་བྲག་ཡོད་པ་མིན། །གང་ཕྱིར་ཡུལ་མིན་དེ་བས་ནི། །འདི་ནི་ཡུལ་དུ་མི་འགྱུར་ཞེས། །དངོས་པོ་རྣམ་པར་དག་པ་ཡི། །སྨྲ་བ་ཤེས་པ་གཞན་སུ་ཡོད། །གཞན་དུ་སྣང་བའི་ཤེས་པ་ཡིས། །འཛིན་པར་རིགས་པ་མ་ཡིན་ཏེ། །དེ་ལྟ་ཡིན་ན་ཡུལ་གྱི་ཕྱིར། །ཤེས་པ་ངེས་པར་མི་འགྱུར་རོ། །སྔོ་སོགས་ངོ་བོ་སྣང་བ་ཡི། །ཡུལ་དུ་སྒྲ་ལ་སོགས་གྱུར་ཏེ། །ཐམས་ཅད་ཀྱིས་ནི་ཡུལ་ཐམས་ཅད། །རྣམ་པར་ཤེས་པར་ཐལ་བར་འགྱུར། །དངོས་སུ་གཞན་གྱི་ངོ་བོ་ལ། །མངོན་སུམ་སོ་སོར་མྱོང་མེད་ན། །དེ་དང་མཚན་ཉིད་མི་མཐུན་སྣང༌། །དེ་ཤེས་པར་ནི་ཇི་ལྟར་འགྱུར། །ཡུལ་གྱི་ཆེད་དུ་དུས་ཀུན་དུ། །འདིར་ཡང་ཕན་པ་མི་བྱེད་དེ། །མི་སྣང་བ་དང་གཞན་དུ་སྣང༌། །ཕྱོགས་གཉིས་སྔ་མ་བཞིན་དུ་མཚུངས། །ཅུང་ཟད་བྱེད་པ་མེད་ན་ཡང༌། །འཛིན་པར་རྟོག་པ་རིགས་པ་མིན། །གཞན་ལ་དངོས་ཀྱིས་སྟོང་ན་ནི། །བརྗོད་པ་འཐད་པ་མ་ཡིན་ནོ། །དེས་དབེན་དེ་ཡི་རྣམ་པ་ཡི། །མངོན་སུམ་གཉིས་ཀྱིས་རྒྱུ་འབྲས་ཀྱི། །དངོས་པོ་རྣམ་པར་ངེས་པ་འདི། །དེ་ཕྱིར་ཡང་དག་ཉིད་མ་ཡིན། །འདི་ནི་འདི་ལས་འབྱུང་ངོ་ཞེས། །གནག་རྫི་ཡན་ཆད་ཇི་ལྟར་འགྱུར། །གྲགས་ཡིན་ནའང་ཡིན་དུ་ཟད། །བྲགས་པ་དེ་དག་གསལ་བ་མེད། །དེ་འདོད་རྣམས་ལ་སྐབས་འདིར་ནི། །ཡང་དག་ཆེད་དུ་དཔྱད་བ་བྱེད། །ཇི་སྟེ་གྲགས་པ་འགོག་བྱེད་ན། །རྣམ་པར་དཔྱད་པ་རྒྱུན་ཆད་འགྱུར། །གང་དག་གྲགས་པའི་དངོས་པོ་ལ། །འགོག་པར་བྱེད་པ་རབ་ཏུ་གླེན། །དེ་དག་


DTG107_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ངེས་འགལ་འགྱུར། །ཟླ་བ་རི་བོང་ཅན་འགོག་བཞིན། །གྲགས་པ་འདི་ཅི་འདྲེན་པའམ། །བདེན་པ་མིན་ཞེས་ངེས་བྱའི་ཕྱིར། །རབ་ཏུ་གྲགས་པ་ཙམ་གྱིས་ནི། །ཡང་དག་མིན་ཞེས་ཉེ་བར་བསྒྲུབས། །བརྫུན་པའམ་རྨི་ལམ་ལ་སོགས་ན། །འབྱུང་བ་འདི་དག་ཡོངས་སུ་ངེས། །བདེན་པ་ཉིད་ནི་ལོག་ན་ཡང༌། །གང་ཚེ་དེ་ནི་མི་ལྡོག་པ། །དེ་ཚེ་ཡང་དག་རྣམ་དག་པ། །དེ་ཡི་འགལ་བར་ཇི་ལྟར་འགྱུར། །རྒྱུ་དང་འབྲས་བུ་མངོན་སུམ་དུ། །ཇི་སྟེ་མྱོང་བ་མ་ཡིན་ན། །འདི་ལས་འདི་ནི་འབྱུང་ངོ་ཞེས། །ཇི་ལྟར་དྲན་པ་འབྱུང་བ་ཡིན། །རྨི་ལམ་ན་ཡང་བརྫུན་པ་ཡི། །འབྲས་བུ་ལ་སོགས་དངོས་མྱོང་ཕྱིར། །དྲན་པ་འདི་ནི་དེ་ན་སྣང༌། །དེ་ལས་དངོས་པོ་རྣམ་ངེས་མེད། །འོན་ཏེ་དྲན་པའི་རྟགས་དག་ལས། །རྗེས་སུ་མྱོང་བ་རྣམས་ངེས་པ། །སྤྱིར་ནི་རབ་ཏུ་སྒྲུབ་བྱེད་ན། །དེ་ཚེ་སྒྲུབ་པ་སྒྲུབ་པ་ཡིན། །འབྲས་བུ་ལ་སོགས་དོན་དམ་པའི། །ཡུལ་ནི་རྗེས་སུ་མྱོང་བར་ཡང༌། །ཇི་སྟེ་སྒྲུབ་པར་བྱེད་འདོད་ན། །རྗེས་སུ་འགྲོ་བ་མེད་པའི་ཕྱིར། །དེ་ནས་དེ་ནི་གྲུབ་པ་མེད། །སྣང་བཅས་ལ་སོགས་རྣམས་ཤེས་ཀྱིས། །དོན་ལ་འཛིན་པ་དེས་བཟློག་པ། །ཁྱེད་ཀྱིས་བྱས་པ་མ་ཡིན་ནམ། །གྲོགས་ཀྱིས་བསྟངས་པས་ངོ་བོ་འཕེལ། །རྒྱུ་དང་འབྲས་བུའི་དངོས་པོ་ནི། །རྟག་ཏུ་རྣམ་ཤེས་བདག་ཉིད་ཉིད། །བདག་ཉིད་རིག་པའི་ངོ་བོ་ཡི། །མངོན་སུམ་དག་གིས་རྣམ་པར་ངེས། །ཡང་དག་ཇི་བཞིན་དུས་ཀུན་དུ། །དེ་མྱོང་མེད་ཕྱིར་དེ་མི་རིགས། །ཁྱེད་ནི་ཇི་ལྟར་མྱོང་བ་དེར། །ཡང་དག་ཉིད་དུའང་འདོད་པ་མེད། །དེ་ལྟར་གཟུང་དང་འཛིན་པ་ཡི། །རྣམ་པ་ཡོད་པ་མ་ཡིན་འདོད། །རྟག་ཏུ་དངོས་པོ་ཡོད་པ་ཡི། །ཤེས་པ་དེ་བཞིན་དེ་མྱོང་མེད། །དེ་ལྟ་མིན་ན་འགྲོ་བ་ཀུན། །རྟག་ཏུ་དེ་ཉིད་མཐོང་བར་འགྱུར། །ཡང་དག་གོམས་བྱ་ཆེད་དུ་དེ། །ཐར་འདོད་རྐང་སྨྱང་འདུག་ལ་རག །གཅིག་ལ་རྣམ་པ་གཉིས་འགལ་ཕྱིར། །ཇི་ལྟར་མྱོང་བའི་གཟུང་བ་དང༌། །འཛིན་པའི་རྣམ་སྣང་དེ་བཞིན་དུ། །ཡང་དག་ཉིད་ནི་མ་ཡིན་ནོ། །གནས་ངན་ལེན་གྱི་བག་ཆགས་ལས། །ཇི་སྟེ་འཁྲུལ་པའི་རྟགས་བྱུང་ན། །འཁྲུལ་པ་ཉིད་དུ་དེ་སྣང་བ། །འདི་ནི་


DTG107_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་གྲུབ་པ་མེད། །འདི་ལྟར་མ་འཁྲུལ་མཚན་ཉིད་ནི། །མངོན་སུམ་ཉིད་དུ་ཉེ་བར་བརྗོད། །རྟག་ཏུ་བདག་ལ་འཁྲུལ་པ་མེད། །ཇི་ལྟར་མངོན་སུམ་ཉིད་དུ་འགྱུར། །གསལ་བར་གནས་ཀྱི་ངོ་བོར་ནི། །དེ་ནི་རང་སྣང་ཉིད་ཡིན་ཕྱིར། །རང་གི་མ་འཁྲུལ་གང་གྱུར་པ། །དེ་ལས་འཁྲུལ་པ་ཐ་དད་མེད། །ཇི་སྟེ་འཁྲུལ་པ་ཐ་དད་གྱུར། །གཉིས་ཀྱི་ངོ་བོ་དེ་གསལ་བར། །དེ་ཡང་རང་གི་གནས་ཡིན་ན། །ཇི་ལྟར་དེ་ནི་ཤེས་པར་བྱ། །ཇི་སྟེ་ཤེས་པ་དེ་ནི་ཡིད། །གཉིས་ཀྱི་རྣམ་པར་རྣམ་རྟོག་པ། །དེ་ལ་འཁྲུལ་པ་འབྱུང་ན་ནི། །གཉིས་སུ་འཛིན་པ་གསལ་མི་འགྱུར། །ཡིད་ཀྱི་འཁྲུལ་པ་དོན་གཞན་དུ། །འདྲ་བ་བོར་ནས་འགྲོ་བ་མེད། །གང་གིས་དེ་ནི་འཁྲུལ་འགྱུར་བ། །གཉིས་དང་གཉིས་མིན་མཚུངས་ཅི་འགྱུར། །གང་དུ་འགའ་ཡིས་ཆུང་ཟད་ཀྱང༌། །ལན་འགའ་མཐོང་བ་མ་ཡིན་ན། །གཞན་གྱི་འདྲ་བ་མཐོང་ཕྱིར་ཏེ། །དེ་ལ་འཁྲུལ་པར་ཇི་ལྟར་འགྱུར། །འོན་ཏེ་འོག་མ་མེད་པ་ཡི། །ས་བོན་གནས་ངན་ལེན་སྨིན་ལས། །འཁྲུལ་ན་འདྲ་བ་མཐོང་མེད་པར། །རང་ལས་སྐྱེས་པ་འདི་ཉིད་ཡིན། །དེ་ལྟ་ཡིན་ནའང་དེ་ཡི་ཚེ། །འཁྲུལ་པ་དོན་གཞན་བརྟག་མི་རིགས། །ཤེས་པ་ཐམས་ཅད་རང་ཉིད་ཀྱིས། །རང་གི་ས་བོན་དག་ལས་འཁྲུལ། །འཁྲུལ་པའི་ས་བོན་ལས་བྱུང་བ། །ཐམས་ཅད་ཡིན་པར་ཁྱེད་ཀྱང་འདོད། །དེ་ཕྱིར་ཕ་རོལ་མིན་མཐོང་བའི། །ཤེས་ཀུན་འདི་ལྟར་རང་ལས་འཁྲུལ། །དེ་ཕྱིར་མངོན་སུམ་ཉིད་འདི་ཡི། །གཉིས་མིན་གང་དག་གྲུབ་པ་མེད། །དེ་མ་གྲུབ་ན་དེ་ཡི་ཕྱིར། །རྒྱུ་འབྲས་དེ་ཉིད་གྲུབ་པ་མེད། །ཇི་སྟེ་གཉིས་ནི་འཁྲུལ་འགྱུར་ཀྱང༌། །རྟག་ཏུ་རྟོགས་པའི་ངོ་བོ་དེ། །མ་འཁྲུལ་པ་དག་ཁོ་ནར་ནི། །མངོན་སུམ་ལས་གྲུབ་མ་ཡིན་ནམ། །རྟོགས་པའི་ངོ་བོ་ཉིད་ན་སྤྱིར། །ཡུལ་ལ་ཉེ་བར་རྗོད་བྱེད་པ། །དེ་ལྟར་མངོན་སུམ་ཡིན་གྱུར་ཀྱང༌། །རང་གི་མཚན་ཉིད་སྤྱོད་ཡུལ་མིན། །སྤྱི་ཡི་མཚན་ཉིད་མ་གཏོགས་པར། །འདི་ལྟར་རྟོགས་པའི་ངོ་བོ་མེད། །གང་ཡང་ཐུན་མོང་མ་ཡིན་པའི། །ངོ་བོ་དེ་ནི་གཉིས་སུ་སྣང༌། །རིགས་མི་མཐུན་པ་རྣམས་གསལ་བས། །ཁྱད་པར་ཁོ་ན་སྤྱི་ཉིད་ཡིན། །དེ་ཡང་བརྫུན་པའི་རང་བཞིན་


DTG107_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ན། །ཁྱེད་ཀྱི་སྤྱི་ཡང་ག་ལ་ཡོད། །དངོས་པོ་རྣམས་ཀྱི་ཡོད་པ་ཉིད། །བདེན་ཡིན་གཞན་ནི་བརྫུན་ཞེས་པ། །རིག་བྱེད་མཐར་ནི་སྨྲ་བ་ཡི། །གྲུབ་མཐའ་གསལ་བར་བརྗོད་པར་འགྱུར། །གཞན་དུ་དེ་དག་ཤེས་པ་ཅན། །སྤྱི་ཡི་མཚན་ཉིད་སྐྱེས་བུར་རིགས། །རྟག་པ་གཅིག་ཡིན་བྱེ་བྲག་རྣམས། །དེ་ནི་ཐམས་ཅད་ནོར་བར་ནི། །ལྟ་བ་དེ་དག་ངན་པ་ཡིན། །ཐམས་ཅད་བཅིངས་དང་གྲོལ་འགྱུར་ཏེ། །གཅིག་ནི་བཅིངས་དང་གྲོལ་བ་ན། །ཐམས་ཅད་དུ་ཡང་ཅིས་མི་འགྱུར། །འཆི་དང་སྐྱེ་དང་གནས་པ་དང༌། །གཉིད་ལོག་སད་དང་གླེན་ལ་སོགས་ཐམས་ཅད་བྱེ་བྲག་མེད་པའི་ཕྱིར། །ཅིག་ཅར་ཁོ་ནར་རབ་ཏུ་འགྱུར། །གཞན་ཡང་རྟོགས་པའི་ངོ་བོ་ཡི། །མཚན་ཉིད་མཁས་པས་བསྟན་པ་ནི། །སྣང་བ་གཞན་ལ་མི་ལྟོས་པར། །གང་ཞིག་རང་ཉིད་རྟག་ཏུ་སྣང༌། །དེ་ལྟར་ཡིན་ན་གཉིས་སྣང་བ། །རང་ཉིད་རབ་ཏུ་གསལ་བའི་ཕྱིར། །རྟོག་པའི་ངོ་བོས་གཟུང་བ་ཡི། །བདག་ཉིད་རྟག་ཏུ་གནས་པ་ཡིན། །དེ་ནི་རྟག་ཏུ་བརྫུན་ཉིད་ཀྱི། །རིགས་ཀྱི་ཁྱིམ་དུ་འཇུག་པ་འདི། །ཁྱད་པར་མེད་པ་བདག་ཉིད་དག །ངེས་པར་པང་དུ་བླངས་ནས་འཇུག །ཇི་སྟེ་རྟོགས་པའི་ངོ་བོ་ཉིད། །བརྫུན་པའི་ངོ་བོ་ཉིད་ཡིན་ན། །རྣལ་འབྱོར་སྤྱོད་གཞན་དེ་བཞིན་ནོ། །དེ་ནི་སྤོང་བྱེད་མ་ཡིན་ནམ། །མ་སྤངས་ཕྱིན་ཅི་ལོག་འགྱུར་ཞིང༌། །སྤངས་པས་རྣལ་འབྱོར་ཅན་དུ་འགྱུར། །རྣལ་འབྱོར་མངོན་སུམ་རིག་བྱ་བ། །ཡང་དག་དེ་ཡིན་མི་རིགས་ན། །སངས་རྒྱས་རྣམས་ཀྱི་གནས་པ་ཡི། །མྱ་ངན་འདས་པའང་མི་འགྲུབ་ཅིང། །རྣམ་པ་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་རིང་དུ་སྤངས་པ་ཡིན། །དེ་ལྟ་ཡིན་ན་ཐལ་སྒོ་ནས། །ཇི་སྟ་དེ་ལ་བདེན་ཞེན་སྤོངས། །སྒྲུབ་ན་དེ་བཞིན་འདོད་པའི་ཕྱིར། །འདོད་པ་ཁོ་ན་རབ་ཏུ་བསྒྲུབས། །འོན་ཏེ་དངོས་པོ་ཐམས་ཅད་དུ། །མེད་པའི་མཚན་ཉིད་དེ་སྒྲུབ་ན། །མི་མཐུན་ཕྱོགས་ལས་མ་ལོག་ཕྱིར། །གཏན་ཚིགས་མ་ངེས་ཉིད་དུ་འགྱུར། །བརྫུན་པ་ཡིན་ཞེས་ཐམས་ཅད་དུ། །གཏང་བར་འོས་པ་མ་ཡིན་ནོ། །སྒྱུ་མ་རྣམས་ནི་བརྫུན་ཉིད་ཀྱང༌། །དེ་བྱེད་པ་རྣམས་ཉེ་བར་བརྟེན། །བདག་དང་གཞན་གྱི་དོན་རྣམས་ལ། །ནམ་ཡང་མཁོ་བར་མི་འགྱུར་གང༌། །


DTG107_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཐམས་ཅད་ཡོངས་བཏང་ཞིང༌། །སྤོང་བ་ཉིད་དུ་རིགས་པ་ཡིན། །བདག་གཞན་དོན་གྱི་རྣམ་པ་ལ། །མཁོ་བའི་ཡོན་ཏན་གང་ཡིན་པ། །མཁས་ཤིང་སྙིང་རྗེའི་བདག་ཉིད་ཀྱིས། །དེ་དག་ཇི་ལྟར་སྤོང་བར་བྱེད། །དེ་ཕྱིར་ཇི་སྲིད་གཞན་དོན་ལ། །ཉེ་བར་མཁོ་བར་འགྱུར་བ་རྣམས། །སྤངས་ཀྱང་སངས་རྒྱས་རྣམ་དག་ནི། །དེ་དག་ཐམས་ཅད་ཟློག་པ་མེད། །ཐམས་ཅད་སྒྱུ་མ་བྱས་འདྲ་ཞེས། །བརྫུན་པ་ཉིད་དུ་དེ་དག་ཤེས། །ཡང་དག་ཇི་བཞིན་རྟོགས་པའི་ཕྱིར། །དེ་དེ་ཕྱིན་ཅི་ལོག་པ་མེད། །དངོས་པོ་ཉིད་དུ་བླང་བ་དང༌། །དངོས་པོ་མེད་པ་དོར་བ་ཡི། །རྒྱུད་ནི་ངེས་པ་མ་ཡིན་ཏེ། །འདི་ལ་འཁྲུལ་པ་དེ་ལྟར་སྣང༌། །ཉན་ཐོས་པ་ལ་སོགས་པ་དག །དངོས་པོར་ལྟ་བ་རྣམས་ཀྱིས་ནི། །སྡུག་བསྔལ་ཀུན་ཀྱང་གཏོང་བར་བྱེད། །འགོག་པ་དངོས་པོ་མེད་པའང་ལེན། །སྙིང་རྗེས་ཁྲིད་པའི་རྣལ་འབྱོར་རྣམས། །གཞན་དོན་བྱ་བའི་ཆེད་དུ་ནི། །གླང་པོ་ལ་སོགས་བརྫུན་པ་ཡང༌། །སྤྲུལ་པ་རབ་ཏུ་བྱེད་པ་ཡིན། །དེ་བཞིན་གཞན་ལ་ཕན་པར་བཞེད། །ཐབས་དང་ཤེས་རབ་བརྟེན་པ་ཡི། །སངས་རྒྱས་རྣམས་ནི་ཕྱིན་ཅི་ལོག །སྤངས་ཀྱང་བཞུགས་པར་བཞེད་པ་ཡིན། །དེ་བཞིན་བརྫུན་པའི་ངོ་བོ་ཡང༌། །རྒྱུ་མེད་ཅན་འབྱུང་གང་ནའང་མེད། །སྒྱུ་མ་སོགས་པ་བརྫུན་ཡིན་ཡང༌། །ཚོགས་པ་རྣམས་ལས་འབྱུང་བར་སྣང༌། །སྒྱུ་མ་ལ་སོགས་འཁྲུལ་པའི་ཕྱིར། །རྗེས་སུ་འགྲོ་བའང་མ་གྲུབ་ཕྱིར། །རྒྱུ་དང་ལྡན་པ་ཡིན་ཞེས་ཏེ། །དངོས་པོ་ཡོད་པར་འགྱུར་བའང་མེད། །གང་ཞིག་ཐོག་མ་མེད་པ་ནས། །ཀུན་རྫོབ་ཏུ་ཡང་གཅིག་ནས་གཅིག །རྒྱུ་མེད་གྱུར་པ་དེ་དག་ནི། །བརྫུན་པར་ཡང་ནི་འབྱུང་བ་མེད། །དེ་བས་རང་རྒྱུ་ཚོགས་པ་ཡི། །སྣ་ཚོགས་རྣམ་པར་འབྲེལ་པ་ལས། །སྒྱུ་མ་ཇི་ལྟར་རབ་ཏུ་འབྱུང༌། །རྣལ་འབྱོར་སྒྱུ་མའང་དེ་བཞིན་ནོ། །རྣལ་འབྱོར་ཡེ་ཤེས་དག་གི་རྒྱུ། །རང་གི་བསོད་ནམས་ཡེ་ཤེས་ཚོགས། །མི་གནས་མྱ་ངན་འདས་པ་ནི། །བློ་ལྡན་སྙིང་རྗེ་ཤེས་རབ་ཡིན། །འགྲོ་བ་མ་ལུས་སྒྱུ་མ་བཞིན། །གནས་པར་ཤེས་རབ་དག་གིས་རིག །རྨོངས་བྱེད་སྒྱུ་མའི་མཁན་


DTG107_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདྲ། །སྔོན་གྱི་སྨོན་ལམ་རྣམས་ཀྱི་མཐུས། །ཆུ་ནང་པདྨ་འདམ་གྱིས་ལྟར། །སྲིད་པའི་སྐྱོན་གྱིས་ཡོང་མི་གོས། །དཔག་མེད་རྨད་བྱུང་བསམ་མི་ཁྱབ། །མ་ལུས་ཡོན་ཏན་ཕ་རོལ་ཕྱིན། །ཇི་སྲིད་འཁོར་བ་འདི་དག་ན། །འགྲོ་བ་མ་ལུས་དོན་སྒྲུབ་ཕྱིར། །ཐུབ་པ་ཐུགས་རྗེ་ཆེན་པོ་ཡིས། །གཞན་ལ་རག་ལུས་བཞུགས་པ་ཡིན། །དེ་བས་སྟོང་པ་ཉིད་བརྟེན་པ། །མ་ལ་བྱ་བ་བཞིན་དུ་གསུངས། །དེ་ལྷུང་འགྱུར་བ་དགག་པའི་ཕྱིར། །ཐབས་ལའང་བརྟེན་པར་བྱ་བ་ཡིན། །རྣམ་པ་མ་ལུས་ཐམས་ཅད་དང༌། །འགྲོ་བ་གསུམ་པོ་དག་ལ་ཡང༌། །དོན་དམ་ཀུན་རྫོབ་ངོ་བོ་ཉིད། །ཇི་ལྟར་སྣང་བཞིན་མངོན་སུམ་སྟེ། །འཇིག་རྟེན་པ་དག་མངོན་སུམ་ནི། །ཇི་ལྟར་སྣང་བཅས་སྣང་མེད་ཤེས། །དེ་བཞིན་ནུས་པ་བསམ་ཡས་ཕྱིར། །རིག་སྟེ་དེ་བས་ཐམས་ཅད་མཁྱེན། །ཡང་དག་དོན་བསྒོམས་ལས་བྱུང་བའི། །ཡེ་ཤེས་དེ་ནི་རྣམ་མི་རྟོག །ཆོས་རྣམས་སྣང་མེད་གང་ཡིན་པ། །དེས་ན་ཡང་དག་ཡེ་ཤེས་བརྗོད། །དེས་ན་བདག་ཉིད་ཆེན་པོ་ཡི། །མི་གནས་མྱ་ངན་འདས་པ་གྲུབ། །རྣལ་འབྱོར་ཀུན་ཤེས་ཡང་དག་ཤེས། །རྣམ་པར་གཞག་པ་འགལ་བ་མེད། །རྟོགས་པའི་ངོ་བོ་གང་ཡིན་བདེན། །གཉིས་ཀྱི་རྣམ་པ་གཞན་དག་མིན། །འདོད་པ་དེ་ནི་སྔར་བཤད་པའི། །སྐྱོན་དུ་རབ་ཏུ་འགྱུར་བ་ཡིན། །རྣལ་འབྱོར་སྤྱོད་པ་པ་རྣམས་ནི། །འདི་ལྟར་གཉིས་སྣང་ཐ་དད་མེད། །ཤེས་པའི་ངོ་བོ་སྤོང་བར་ཡང༌། །དེ་ལས་གཞན་བཞིན་ཅིས་མི་བྱེད། །ཇི་སྟེ་གནོད་པ་མེད་པའི་ཕྱིར། །ཁྱེད་ཅག་དེ་ནི་མི་བྱེད་ན། །ཡང་དག་དོན་དང་དབྱེར་མེད་པས། །གཉིས་པོའང་བྱ་བར་མི་འགྱུར་རོ། །ཆོས་ལ་བདག་མེད་བསྒོམ་པ་རྣམས། །དོན་མེད་འགྱུར་ཏེ་གཉིས་ལས་གཞན། །ཀུན་བརྟགས་ཆོས་ནི་ཡོད་པ་མིན། །འོན་ཏེ་གང་ཞིག་ཉོན་མོངས་ཅན།། གཉིས་ཀྱི་ངོ་བོ་ལུང་མ་བསྟན། །དེ་དང་རྟོགས་པའི་ངོ་བོ་དག །བཅས་ཏེ་རྣལ་འབྱོར་པ་རྣམས་སྤོང༌། །བདེན་པར་སྒྲོ་འདོགས་སྤངས་པའི་ཕྱིར། །སྐྱོབ་པ་རྣམས་ཀྱིས་ཡོངས་བཏང་ཡང༌། །རྣམ་པར་དག་ནའང་གཉིས་སྣང་བ། །འགྲོ་ལ་ཕན་དང་བདེ་བྱེད་དེ། །སྔོན་གྱི་སྨོན་ལམ་


DTG107_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས་དག་ལས། །ཐུགས་རྗེ་གོམས་པ་རྣམས་ཀྱིས་འབྱུང༌། །གང་ཕྱིར་དེ་ལྟར་ཁོ་ན་ཡིན། །དེ་བས་རྣལ་འབྱོར་ལ་སོགས་འགྲུབ། །རྟག་ཏུ་ཐུབ་པ་མི་རྟོག་པར། །ཡིད་བཞིན་ནོར་བུ་བཞིན་བཞུགས་ཏེ། །འགྲོ་བ་མ་ལུས་ཕན་མཛད་པར། །གང་དག་སྨྲ་བ་དེ་ལ་ཡང༌། །གཉིས་པོ་དག་གི་རྣམ་པ་ལས། །རྟོག་པའི་ངོ་བོ་དབྱེར་མེད་པའི། །རང་གི་ངོ་བོ་དེས་སྤངས་ཀྱང༌། །བཟློག་པ་མེད་པ་ཁོ་ན་ཡིན། །འོན་ཀྱང་སྨོན་ལམ་མཐུ་རྣམས་དང༌། །ཚོགས་ཀྱི་ཤུགས་ཀྱིས་ཐུབ་པ་ནི། །འཁྲུལ་པ་མ་ལུས་རྣམ་སྤངས་ན། །དྲི་མེད་བསྟན་པ་གཉིས་སུ་མེད། །ཡེ་ཤེས་དག་པ་འབྱུང་བ་དེ། །རྟག་ཏུ་ཡིད་བཞིན་ནོར་བུ་བཞིན། །སྐལ་བ་ཇི་བཞིན་མ་ལུས་དོན། །བྱ་བ་མཛད་པ་ཐམས་ཅད་མཁྱེན། །གྲུབ་ཅེས་བརྗོད་པ་དེ་བས་ན། །ཐམས་ཅད་མཁྱེན་སོགས་རྣམ་པར་གནས། །དེ་ལྟ་ཡིན་ན་ཐུབ་པ་ཡི། །གཉིས་སུ་གནང་བ་བརྫུན་ཡིན་ཡང༌། །ཇི་སྟེ་འདོད་ན་བྱང་ཆུབ་ཀྱང༌། །དབྱེར་མེད་དེ་བཞིན་འདོད་པར་གྱིས། །བརྫུན་པ་དག་ནི་རབ་སྤངས་ཀྱང༌། །ཐུབ་པའི་ཐབས་ཀྱི་མཐུ་རྣམས་ལས། །འབྱུང་ན་དེ་ཚེ་བྱང་ཆུབ་ཀྱི། །བདེན་པར་མངོན་ཞེན་གང་ཞིག་ཡིན། །མི་རྟོག་ཡེ་ཤེས་གང་ཡིན་པ། །དེ་ཡོད་པ་ནི་སེལ་མི་བྱེད། །འོན་ཀྱང་ཡང་དག་དངོས་པོ་ཉིད། །དེ་ནི་འགྲུབ་པར་ཉིད་མི་འགྱུར། །རྣམ་པར་མི་རྟོག་ག་ལས་འགྲུབ། །གཉིས་སུ་རྣམ་རྟོག་སྤངས་པ་ཡིས། །རྣམ་པར་མི་རྟོག་དེ་འདོད་ནའང༌། །རང་གི་དངོས་ལ་རྣམ་རྟོག་འདི། །གང་གིས་བརྩལ་བ་སྨྲ་བར་གྱིས། །དེ་ལ་སུན་ནི་མ་ཕྱུང་བར། །རྣམ་པར་རྟོག་དེས་སྤོང་བ་མེད། །དངོས་པོར་འཛིན་པ་སངས་རྒྱས་ཀྱིས། །མཐའ་ཉིད་དུ་ནི་རབ་ཏུ་བསྟན། །སྐྱོབ་པའི་མ་འདྲེས་ཆོས་རྣམས་དང༌། །དེ་བཞིན་བྱམས་པ་ཐུགས་རྗེ་སོགས། །གསུངས་པ་གང་ཡིན་དེ་དག་ནི།། མི་རྟོག་འདི་ཡིན་བསྒྲུབ་པར་དཀའ། །ཇི་སྟེ་འདུལ་བ་དེ་བཞིན་དུ། །སོ་སོར་སྣང་ཞེས་རྣམ་རྟོག་ན། །སངས་རྒྱས་རྣམས་ཀྱི་ཡོན་ཏན་ཀུན། །ཀུན་བརྟགས་ཉིད་དུ་ཐལ་བར་འགྱུར། །གནས་སྐབས་ཀུན་ཏུ་རྟག་པར་ཡང༌། །རྟོག་བཅས་མི་རྟོག་པའང་རུང༌། །ཡོང་ཡེ་བསམ་


DTG107_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་ནུས་ཕྱིར། །རྣམ་པ་ཀུན་ནས་ཐམས་ཅད་རིག །དེ་ནི་སྐལ་བ་ཇི་བཞིན་དུ། །ལུས་ཅན་ཀུན་གྱི་འདོད་པའི་དོན། །སྒྲུབ་པར་བྱེད་ཅེས་འཆད་ན་ནི། །ཐམས་ཅད་འགལ་བ་མེད་པ་ཡིན། །རྟོགས་པའི་ངོ་བོ་ཡང་དག་པ། །དེ་བས་མངོན་སུམ་གྲུབ་པ་མེད། །རྒྱུ་དང་འབྲས་བུ་དེ་དག་ཀྱང༌། །དེ་མ་གྲུབ་ན་དེ་འགྲུབ་མེད། །ཐ་དད་དུས་ཀྱི་བདག་ཉིད་གཉིས། །དེས་ནི་སོ་སོར་མི་མྱོང་ཕྱིར། །རང་རིག་པ་ཡི་མངོན་སུམ་ལས། །རྒྱུ་དང་འབྲས་བུ་རྟོགས་པ་མེད། །བདག་ཉིད་གཅིག་གི་ངོ་བོའི་ཕྱིར། །གཉིས་ཀྱི་ངོ་བོ་ཉིད་མི་སྲིད། །དེ་ནི་ལྟོས་པས་ཐ་དད་ནའང༌། །ཀུན་བརྟགས་ཡིན་གྱིས་ཡང་དག་མིན། །ལྟོས་པར་བྱ་བ་ཐ་དད་ཕྱིར། །རང་རིག་པ་ཡིས་འཛིན་པ་མེད། །དེ་མ་བཟུང་ན་དེ་མི་འགྲུབ། །ལྟོས་པ་དེ་ཡང་ཀུན་བརྟགས་ཡིན། །རྒྱུ་དང་འབྲས་བུ་འཛིན་པ་ནི། །སོ་སོར་རབ་ཏུ་རྟོགས་པ་ལས། །རྣམ་པར་རྟོག་དེ་མཚམས་སྦྱར་ནས། །དེ་གཉིས་གསལ་གྲུབ་མ་ཡིན་ནམ། །དེ་མི་རིགས་ཏེ་རྣམ་རྟོག་ཀྱང༌། །རང་རིག་པ་ཡི་མཐར་ཐུག་པས། །གཞན་དངོས་ལན་འགའང་མ་མཐོང་ན། །དེ་ན་ཇི་ལྟར་མཚམས་སྦྱོར་བྱེད། །སེམས་ཅན་དག་ནི་ཐམས་ཅད་ཀྱང༌། །རང་གི་ངོ་པོ་རྟོགས་ཕྱིར་དང། །དྲན་པའང་བདག་ཉིད་མཐར་ཐུག་ཕྱིར། །དེ་ལ་དྲན་པའང་མི་འགྲུབ་བོ། །གཞན་དུ་འཛིན་པའི་དོན་དག་ནི། །གཞན་དུ་སྦྱར་བར་མི་རིགས་སོ། །རྒྱུ་རྐྱེན་དག་ལ་མ་གཏོགས་པར། །རྒྱུ་ནི་མ་བརྟགས་ཡོད་པ་མིན། །གཞན་གྱིས་འབྲས་བུ་ཙམ་ལ་འཛིན། །དེ་བཞིན་རྒྱུ་ཙམ་གཞན་གྱིས་འཛིན། །གཉི་ག་ཅིག་ཅར་མྱོང་མེད་ན། །ལོང་བས་གཉིས་སྦྱོར་བྱེད་དམ་ཅི། །ཅི་ཙམ་འབྲས་བུ་མི་སྣང་ཞིང༌། །རྒྱུ་ཡང་འགའ་ཡིས་མ་ཡིན་པ། །དེ་སྲིད་བདག་ནི་འབྲས་བུ་ལས། །སོགས་པའི་ངོ་བོ་དེས་མྱོང་མེད། །ཆུ་སོགས་རྣམ་པའི་རྣམ་པར་ཤེས།། འདས་མ་ཐག་ཏུ་མེ་སོགས་ཀྱིས། །རྣམ་པར་འབྱུང་བ་ཤེས་པ་དང༌། །དུ་བའི་ཤེས་ལས་མེ་བློ་མཐོང༌། །དེ་ཕྱིར་མེ་ལས་དུ་བ་དང༌། །ས་བོན་ཉིད་ལས་མྱུ་གུ་ཞེས། །བྱ་བ་ལ་སོགས་རྒྱུ་འབྲས་ཀྱི། །ངེས་པ་འགྲུབ་པ་མེད་པར་འགྱུར། །གཞན་ལས་ཀྱང་ནི་དུ་བ་དག །འབྱུང་ཕྱིར་དུ་བ་


DTG107_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་ལས། །མེར་སྣང་བ་ཡིན་རྣམ་པར་ཤེས། །རྗེས་སུ་དཔག་པའང་མི་འགྲུབ་པོ། །མེ་དང་དུ་བའི་བློ་གཉིས་དག །འདྲ་བར་འབྱུང་བ་ངེས་ཡོད་ན། །དུ་བ་ཁོ་ན་རྟགས་ཡིན་གྱི། །མེ་མ་ཡིན་དེ་ཅི་ཡི་ཕྱིར། །ཇི་ལྟར་དུ་བའི་བློ་དག་གིས། །བག་ཆགས་གསལ་བར་སད་བྱས་ཏེ། །མེ་བློ་རྟོགས་བྱེད་དེ་བཞིན་དུ། །མེ་བློའང་དེ་ལ་ཇི་སྟེ་མིན། །དེ་ལྟར་ཀུན་ལས་ཤེས་པ་ཀུན། །འབྱུང་བ་དག་ནི་མཐོང་བའི་ཕྱིར། །ཀུན་གྱི་རྟགས་སུ་ཀུན་གྱུར་པས། །ཀྱེ་མའོ་གོ་བྱེད་གནས་པ་ཡིན། །དེ་བས་རེ་ཞིག་མངོན་སུམ་ལས། །རྒྱུ་འབྲས་རྟོགས་ཕ་ཡང་དག་པ། །ཡོད་པ་མ་ཡིན་དེས་ན་འདི། །མངོན་སུམ་གཉིས་ནི་ངེས་པ་མེད། །དེ་གཉིས་དང་ནི་རྟགས་འགྱུར་ཡང༌། །འབྲེལ་པ་རབ་ཏུ་མ་གྲུབ་ཕྱིར། །རྗེས་སུ་དཔག་པ་དག་ལས་ཀྱང༌། །རྒྱུ་འབྲས་དངོས་པོ་གྲུབ་པ་མེད། །རྟགས་དང་འབྲེལ་པ་ངེས་པ་ནི། །མངོན་སུམ་ཉིད་དུ་གྲུབ་མེད་དེ། །དེ་གཉིས་ལྐོག་ཏུ་འགྱུར་བའི་ཕྱིར། །སྔར་ནི་ཇི་ལྟར་བཤད་པ་བཞིན། །གནས་པ་མེད་པར་འདི་ཐལ་ཕྱིར། །རྗེས་སུ་དཔག་པས་ཀྱང་མི་རིགས། །འབྲེལ་པ་ངེས་པ་མེད་པ་ཡི། །རྟགས་ལས་དེ་དངོས་མེད་པའང་མེད། །རྟགས་ཀྱང་མངོན་སུམ་ཉིད་དུ་ནི། །གྲུབ་པ་མ་ཡིན་དེ་དངོས་བཞིན། །རྗེས་སུ་དཔག་པས་མི་འགྲུབ་སྟེ། །དེ་བཞིན་འདིར་ཡང་གནས་པ་མེད། །ཇི་སྟེ་རྒྱུ་འབྲས་དངོས་པོ་ཡི། །ཡོད་པ་སྒྲུབ་པར་བྱེད་ན་ནི། །དེ་ཚེ་གཏན་ཚིགས་ཐམས་ཅད་དག །ཉེས་པ་གསུམ་ལས་ལྡོག་པ་མེད། །འདི་ལྟར་ཡོད་པ་བསྒྲུབ་པའི་ཕྱིར། །དངོས་པོ་རྣམས་ཀྱི་ཆོས་ཀྱིས་སམ། །དངོས་པོ་མེད་དང་གཉི་གའི་འམ། །གཉིས་མིན་ཆོས་ཀྱི་གཏན་ཚིགས་གང༌། །དངོས་མ་གྲུབ་ན་དེ་ལ་བརྟེན། །དངོས་པོའི་ཆོས་ནི་གྲུབ་པ་མེད། །དེ་ལས་བཟློག་པ་བསྒྲུབ་པའི་ཕྱིར། །མེད་པའི་ཆོས་ནི་འགལ་བར་འགྱུར། །གཉི་གའི་ཆོས་ནི་མ་ངེས་ཏེ། །གཉེན་པོ་ལ་ཡང་ཡོད་པའི་ཕྱིར། །གཉིས་མིན་ཆོས་ཀྱི་ངོ་བོ་དག །ཡིད་ཀྱིས་ཀྱང་ནི་རིག་པ་མེད། །འོན་ཏེ་ཡོད་པ་མི་སྒྲུབ་ཀྱི། །དེ་གཉིས་འབྲེལ་པ་ཅན་སྒྲུབ་ནི། །སྒྲུབ་པ་དེ་ཡང་རིགས་པ་ཡིན། །དེ་ལྟ་མིན་ན་གཏན་ཚིགས་ཀུན། །གཞི་མ་གྲུབ་པར་ཐལ་


DTG107_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར། །རང་གི་ངོ་བོ་དེ་ཉིད་ཀྱང༌། །གྲུབ་པ་མེད་པར་སྔར་བསྟན་ཟིན། །གཞན་ཡང་འབྲས་དེ་གྲུབ་བྱའི་ཕྱིར། །རྒྱུ་ལ་ནུས་པ་ཡོད་པ་མིན། །དེ་གྲུབ་ན་ནི་འགྲུབ་འགྱུར་ན། །གྲུབ་ན་རྒྱུ་དེས་ཅི་ཞིག་བྱ། །དེ་བས་གཅིག་ལ་གཅིག་བརྟེན་ནས། །དེ་གཉིས་གྲུབ་པར་འགྱུར་བ་ཡིན། །བདག་ཉིད་རབ་ཏུ་མ་གྲུབ་པར། །གཞན་གྱི་སྐྱབས་སུ་འགྱུར་བ་མེད། །དུ་བ་ལས་ནི་མེ་ཤེས་ཏེ། །ཆུ་སྐྱར་ལས་ནི་ཆུར་ཤེས་ཞེས། །བྱ་བ་ལ་སོགས་འབྲས་བུ་གང༌། །གསུངས་པ་དེ་ནི་ཐ་སྙད་བརྟེན། །ཡང་དག་དུ་ཡང་དུས་ལ་སོགས། །མདོ་སྡེ་གཞན་ལས་བཀག་ཕྱིར་དང༌། ཡང་དག་ཉིད་ཀྱི་དངོས་དེ་ནི། །རིགས་པས་ཀྱང་ནི་མི་འགྲུབ་བོ། །དེ་གྲུབ་བྱ་ཕྱིར་རང་གཞན་གྱི། །གཏན་ཚིགས་ཀྱང་ནི་བརྟག་མེད་དེ། །གཞི་ནི་རབ་ཏུ་མ་གྲུབ་པས། །རང་ཉིད་དེ་ནི་མ་གྲུབ་ཕྱིར། །གཞི་ཡོད་ན་ཡང་གྲུབ་བྱའི་ཕྱིར། །སྤྱི་རུ་རབ་ཏུ་སྒྲུབ་བྱེད་པ། །ཐ་སྙད་དུ་ནི་འདོད་པའི་ཕྱིར། །འདི་ལྟར་གྲུབ་པ་སྒྲུབ་པ་ཡིན། །རྒྱུ་དང་འབྲས་བུའི་དངོས་པོ་འདི། །ཡང་དག་ཉིད་དུ་གྲུབ་བྱའི་ཕྱིར། །གཏན་ཚིགས་འདི་ཡི་རྗེས་འགྲོ་བ། །མ་གྲུབ་བརྒལ་ཞིང་བརྟག་པ་མཚུངས། །སྐྱེ་བའི་ཆོས་ཅན་གང་ཡིན་པ། །དེ་ཀུན་འཇིག་པའི་ཆོས་ཅན་ཞེས། །བྱ་བ་ལ་སོགས་སྐྱེ་འཇིག་ཉིད། །མདོ་སྡེ་ལས་ན་གསུངས་པ་གང༌། །དེ་ནི་གང་ཟག་བདག་མེད་ཙམ། །ཡང་དག་ཉིད་ལ་འཇུག་བྱའི་ཕྱིར། །ཉན་ཐོས་པ་ཡི་དབང་དུ་གསུངས། །ཟབ་མོའི་གཏམ་ལ་བརྟེན་པ་མིན། །ཆོས་རྣམས་ཀུན་གྱི་ཡང་དག་ཉིད། །སྐྱེ་དང་འཇིག་པའི་ཆོས་ཉིད་དུ། །རྗེས་སུ་མཐོང་བ་དེ་དག་གི །ཤེས་རབ་གཟུགས་བརྙན་ཡིན་པར་གསུངས། །དེ་ཡོད་ན་ནི་ཡོད་མིན་ཞེས། །དེ་གྲུབ་བྱ་ཕྱིར་བརྗོད་པ་ཡང༌། །བསྒྲུབ་བྱ་སྒྲུབ་པར་བྱེད་པ་གཉིས། །དེ་ལ་བྱེ་བྲག་མངོན་པ་མེད། །འོན་ཏེ་རབ་ཏུ་རྨོངས་རྣམས་ཀྱིས། །ཐ་སྙད་རུང་བར་བྱ་བ་སྟེ། །བསྒྲུབ་པར་བྱ་བདེ་བས་ན། །དམ་བཅས་ཕྱོགས་གཅིག་འགྱུར་བ་མེད། །རྒྱུ་དང་འབྲས་བུའི་ཆོས་ཅན་ལ། །ཡང་དག་མངོན་སུམ་གྲུབ་ན་ནི། །ཐ་སྙད་དེ་ནི་བསྒྲུབ་ལ་རག །དེ་ཡང་མ་གྲུབ་སྔར་བསྟན་ཟིན། །དེ་ཡི་ཐ་སྙད་ཙམ་དག་ནི། །བསྒྲུབས་སུ་ཟིན་ཀྱང་ཡང་དག་པའི། །དངོས་པོ་མི་


DTG107_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་དེ་ཡིས་འདིར། །ཁྱབ་པ་གང་དུའང་མ་གྲུབ་བོ། །གཞན་ཡང་དེ་ཡི་དུས་ན་ནི། །འགྲོ་བ་མ་ལུས་ཡོད་ན་ཡང༌། །འབྲས་བུ་ཡོད་པ་ཡིན་པའི་ཕྱིར། །དེ་ཡི་འབྲས་བུར་བསྒྲུབ་པ་ལ། །མ་ངེས་པ་ཡི་གཏན་ཚིགས་འགྱུར། །ཇི་ལྟར་དེ་ཡོད་ན་ནི་མཐོང༌།། དེ་མེད་གྱུར་ན་མ་མཐོང་བ། །དེ་བཞིན་མཚུངས་པའི་དུས་རྣམས་ཀྱི། །ཡོད་དང་མེད་པའང་དེ་དང་མཚུངས། །དེ་ནི་གྲུབ་པར་བྱ་བའི་ཕྱིར། །རྒྱུ་དང་འབྲས་བུ་རྒྱུན་རྣམས་ལ། །བརྟེན་ཏེ་རྗེས་འགྲོ་ལྡོག་པ་ཉིད། །ངེས་པ་བརྗོད་པ་མ་ཡིན་ནམ། །སྐད་ཅིག་པ་ནི་མ་གཏོགས་པར། །གང་ཡང་རྒྱུ་དང་འབྲས་བུ་ཉིད། །གང་དུའང་སྨན་པ་ཁ་ཅིག་གིས། །ནམ་ཡང་གཟུང་བར་ནུས་པ་མེད། །རྒྱུ་དང་འབྲས་བུའི་དངོས་པོ་ཡི། །ཡང་དག་པ་ནི་སྤྱད་པ་ཡི། །སྐབས་འདི་ཡིན་ཏེ་སྐད་ཅིག་ལས། །གཞན་དུ་རྒྱུན་ནི་ཡང་དག་མེད། །སྐད་ཅིག་པ་ཉིད་འབྲས་བུ་དང༌། །རྒྱུ་ཡང་ཡང་དག་ཡིན་གྲང་ན། །དེ་མ་གྲུབ་ན་རྒྱུ་འབྲས་ཀྱི། །ཡང་དག་ཉིད་ནི་ཇི་ལྟར་འགྲུབ། །འོན་ཏེ་ཡང་ནི་རྒྱུན་གཅིག་པར། །འབྱུང་བ་རྣམས་ལ་དེ་སྒྲུབ་ཀྱི། །སྐད་ཅིག་རྒྱུན་ནི་ཐ་དད་པར། །འབྱུང་བ་རྣམས་ལ་མ་ཡིན་ན། །ཐ་སྙད་དེ་ཡང་མཐོང་ནས་ནི། །དེ་ཚེ་དེ་ནི་སྒྲུབ་ལ་རག ། རྒྱུ་དང་འབྲས་བུར་རྟོགས་པ་ཡི། །དངོས་པོ་ཞིག་ན་གང་དུ་བསྒྲུབ། །ཇི་སྟེ་དེ་དང་འདྲ་བ་ཡི། །གཞན་གྱི་དངོས་ལ་སྒྲུབ་བྱེད་ན། །ཤིན་ཏུ་ཐལ་བར་འགྱུར་བ་སྟེ། །ཡང་དག་དངོས་དེ་འགྲུབ་པ་མེད། །མི་དམིགས་པ་ཡི་གཏན་ཚིགས་ཀྱིས། །དངོས་པོ་དེ་ནི་ངེས་མེད་དེ། །གང་ཕྱིར་དེ་ཡིས་ཡོད་མི་སྒྲུབ། །འགོག་པ་ཁོ་ན་སྒྲུབ་པར་བྱེད། །མངོན་སུམ་ཉིད་དང་མི་དམིགས་པས། །རྒྱུ་དང་འབྲས་བུ་སྒྲུབ་བྱེད་ཅེས། །གང་སྨྲས་འདིར་ནི་མངོན་སུམ་ལས། །མ་གཏོགས་མི་དམིགས་ཡོད་པ་མིན། །སློབ་དཔོན་རྣམས་ཀྱི་སྒྲུབ་པ་དེ། །ཐ་སྙད་དུ་ན་གསུངས་པ་དག །དེ་ནི་སྒྲུབ་བྱེད་ཁོ་ན་ཞེས། །རྒྱས་པར་རབ་ཏུ་བསྟན་པ་ཡིན། །མཐོང་བའི་མཚན་ཉིད་ཡིན་པ་དག །མ་མཐོང་བ་ལས་གང་ན་ཡོད། །གང་དུ་སྣང་དེ་རྗེས་འགྲོ་ལས། །གང་དེ་འབྲས་བུ་ཡིན་ནོ་ཞེས། །རྒྱུ་དང་འབྲས་བུ་ཉིད་བསྒྲུབ་པར། །བརྗོད་པ་དེ་ལ་ཐེ་ཚོམ་ནི། །ལྡོག་


DTG107_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་དེ་གཞན་དག་གི །རྒྱུ་ལས་ཡིན་པར་དོགས་པའི་ཕྱིར། །དེ་ན་དེ་ཡོད་པས་སམ་ཅི། །འོན་ཏེ་རྒྱང་རིང་གཞན་གྱིས་སམ། །མི་སྣང་འདྲེ་ལ་སོགས་པས་སམ། །ཞེས་ནི་ཐེ་ཚོམ་འབྱུང་བར་འགྱུར། །ཟླ་བ་ལ་སོགས་རིང་གནས་པ། །རྒྱུར་ནི་ཁས་མི་ལེན་པའང་མེད། །འདྲེ་ལ་སོགས་པ་འབབ་ལ་སོགས། །བྱེད་པ་དག་ཀྱང་མེད་དམ་ཅི། །མ་མཐོང་ཙམ་ལས་འདི་དག་གི །སྔ་ནས་ཡོད་པ་ཉིད་འགོག་གི །གཞན་དག་རྒྱུ་ཉིད་ཡིན་གྲུབ་པ། །དེ་ལ་གང་གིས་ཟློག་པར་བྱེད། །དེ་ན་ཡོད་ན་གང་ཡོད་པར། །འགྱུར་བ་ཉིད་ནི་དེ་དག་ཀྱང༌། །འདོད་རྒྱལ་བར་ཡང་སྲིད་པར་ནི། །དོགས་པ་དེ་བཞིན་འབྱུང་བར་འགྱུར། །འདོད་རྒྱལ་ཉིད་ནི་མི་སླུ་བ། །གང་གིས་སྐད་ཅིག་མང་པོ་ལས། །འོན་ཏེ་རྟག་པར་ངེས་པ་དེ། །ཅུང་ཟད་ཡོད་པ་མ་ཡིན་ནོ། །ལན་ཅིག་མཐོང་བའི་དོན་རྣམས་ཀྱང༌། །གཞན་དུ་སྣང་བ་མ་ཡིན་ཏེ། །གཞན་དུ་མཐོང་ལ་གཞན་དག་ལ། །བརྟགས་པར་རིགས་པ་མ་ཡིན་ནོ། །གཞན་དག་ཡོད་ལས་གང་ཕྱིར་ཕྱིར། །གང་མི་འབྱུང་བ་དེ་དག་ནི། །དེ་ནི་འབྲས་བུ་ཡིན་པར་སྨྲས། །ལྡོག་པའི་སྒོ་ནས་འབྲས་བུ་དེ། །སྒྲུབ་པ་གང་ཡིན་དེ་ལ་ཡང༌། །གཞན་དག་མེད་པར་གྱུར་པས་ན། །དེ་མ་བྱུང་ཞེས་དོགས་པའི་ཕྱིར། །ཐེ་ཚོམ་དེ་བཞིན་གནས་པ་ཡིན། །གཞན་དག་ནུས་པ་ཡོད་པ་ཡི། །རྒྱུ་ཞེས་བྱེ་བྲག་ཡོད་པའི་ཕྱིར། །དེ་ནི་གཞན་དག་ལོག་པར་ནི། །དོགས་པ་མེད་ཅེས་འདོད་ན་ཡང༌། །དེ་ནི་མི་རིགས་རྒྱུ་དེ་ཉིད། །བྱེ་བྲག་ཡོད་པར་ག་ལས་གྲུབ། །གཞན་གྱིས་ཡང་ནི་རྒྱུ་ཡི་ཞེས། །འདི་ནི་རྗོད་པར་ཡང་བྱེད་ཅིང༌། །དེ་དག་ལོག་ཉིད་ཅེ་ན་ཡང༌། །དེ་ཚེ་དེ་ནི་གནས་པ་མེད། །དེས་ན་མ་ངེས་པ་ཡི་ཕྱིར། །བྱེ་བྲག་གྲུབ་པ་མ་ཡིན་ནོ། །རྒྱུ་འབྲས་ཅི་ཞེས་ཐེ་ཚོམ་ཟ། །མ་གྲུབ་ཅེས་ཏེ་གྲུབ་བྱའི་ཕྱིར། །དེ་དག་ཉིད་ལ་ཀུན་བརྟེན་ནས། །གྲུབ་པར་རྟོག་པ་ངོ་མཚར་ཆེ། །དེ་ལྟར་རྗེས་སུ་དཔག་པས་ཀྱང༌། །རྒྱུ་དང་འབྲས་བུ་གྲུབ་པ་མེད། །སྐྱེ་བ་རྨི་ལམ་སྐྱེ་བཞིན་ཞེས། །དེ་ཡི་ཕྱིར་ན་མཁས་པས་བརྗོད། །རྟག་པའི་ངོ་བོ་བདག་ཉིད་ཀྱང༌། །མངོན་སུམ་ཉིད་དུ་རྟོག་པ་མེད། །བདག་སོགས་ཤེས་པ་གང་དུ་ཡང༌། །ཐ་སྙད་དུ་ཡང་མྱོང་མེད་


DTG107_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །དེ་ནི་རྟག་ཏུ་མ་བྲལ་ལ། །དེ་ཡོད་ཙམ་ལས་ཤེས་པ་འབྱུང༌། །དེ་རྟོག་རྣམས་ཀྱིས་དུས་རྟག་ཏུ། །དེ་ཡི་བདག་ཉིད་བཞིན་ཡོད་འགྱུར། །ཕན་པ་དག་ནི་མི་བྱེད་ན། །ཡུལ་དུ་བརྟགས་པར་མི་རིགས་ཏེ། །དེ་རྟོག་བྱེད་ནའང་ཉེས་པ་འདིར། །སྔ་མ་བཞིན་དུ་ལྡོག་པ་མེད། །དེ་ཡི་རྣམ་ཤེས་རྗེས་འབྲང་ན། །དེ་དང་འབྲེལ་ཕྱིར་དེ་བདག་བཞིན། །ཤེས་པ་དེ་ཡང་རྟག་ཡོད་འགྱུར། །ཡུལ་ཉིད་ལ་ནི་ཤེས་པ་དེ། །ཇི་སྟེ་རྟག་ཏུ་མི་འབྲང་སྟེ། །དེ་ལྟ་མིན་ན་དེ་ཤེས་པའི། ཤེས་བྱའི་ངོ་བོར་འགྱུར་བ་མེད། །དེ་ཡོད་སྒྲུབ་ལ་སྔ་མ་བཞིན། །གཏན་ཚིགས་ཀུན་ནི་ཐམས་ཅད་དུ། །ཉེས་པ་གསུམ་གྱི་སྐྱོན་ཆགས་ཕྱིར། །རྗེས་སུ་དཔག་པས་ཀྱང་མི་འགྲུབ། །རིམ་མམ་ཅིག་ཅར་འཇུག་པ་ཡི། །སྐྱེད་པ་ཉིད་ནི་མི་སྲིད་ན། །དེས་ན་རྟག་པའི་འབྲས་བུ་ལས། །འདི་ཡོད་ངེས་པ་མ་ཡིན་ནོ། །རྗེས་སུ་འགྲོ་དང་ལྡོག་ཉིད་ཀྱི། །རྒྱུ་དང་འབྲས་བུ་འགྲུབ་ཡིན་ན། །དེ་ན་མ་བྲལ་ཡོད་ན་ཡང༌། །ལན་འགའ་རྟག་ཏུ་མེད་པའི་ཕྱིར། །བདག་ལ་སོགས་པ་གང་དུ་ཡང༌། །འབྲས་བུ་བདེ་སོགས་རྗེས་འགྲོ་མེད། །བདེ་བ་ལ་སོགས་ལོག་པ་ཡང༌། །རྟག་པ་རྣམས་ལ་མི་སྲིད་དོ། །མི་ཤེས་རྨོངས་པས་བརྟགས་པ་ཡིས། །བདེ་ལ་སོགས་པས་དེ་སྒྲུབ་ཏུ། །དེ་བས་འབྲས་བུ་མ་གྲུབ་ཕྱིར། །འབྲས་བུ་དག་ལས་དེ་ངེས་མེད། །ཆོས་ཅན་དག་ནི་མ་གྲུབ་ན། །རང་བཞིན་གཏན་ཚིགས་འདིར་མི་སྲིད། །ཡོད་པ་ཉིད་བསྒྲུབ་བྱ་ཡིན་ཕྱིར། །མི་དམིགས་པ་ཡང་རུང་བ་མིན། །དེ་ལྟར་ཡང་ནི་དངོས་པོ་ནི། །ཚད་མ་དག་ལས་གྲུབ་པ་མེད། །ཚད་མ་གཉིས་ལས་མ་གཏོགས་པའི། །ཚད་མ་གཞན་ཡང་ཡོད་པ་མིན། །དོན་ནི་གྲུབ་པར་བྱ་བའི་ཕྱིར། །ཕྱི་རོལ་གཏན་ཚིགས་ཡོད་མིན་ནམ། །འདི་ལྟར་ཐ་མ་ལ་མིག་ལ་སོགས། །སྔོན་པོ་ལ་སོགས་སྣང་བ་གང༌། །དེ་ནི་རྒྱུ་གཞན་འདྲ་བ་ལས། །སྐྱེས་སོ་ཞེས་ནི་རྟོག་པར་བྱེད། །ཤེས་པའི་རྣམ་པའི་ངོ་བོའི་ཕྱིར། །ཤེས་པ་བཞིན་དུ་སླུ་བ་མེད། །སྐྱེ་བ་ཡང་དག་སྒྲུབ་པའི་ཕྱིར། །འདིར་ནི་དཔེ་འགྲུབ་མེད་པ་ཡིན། །ཀུན་རྫོབ་ཏུ་ཡང་མ་འབྲེལ་ཕྱིར། །མ་ངེས་པ་ཡི་གཏན་ཚིགས་འགྱུར། །རྒྱུ་ཡིས་རང་དང་འདྲ་བ་དག །འབྲས་བུ་ལ་བསྐྱེད་ངེས་མེད་དེ། །ཤིང་སོགས་


DTG107_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་མི་མཐུན་པའི། །མེ་ཏོག་ལ་སོགས་སྣ་ཚོགས་སྲིད། །རྒྱུ་གཞན་གྱིས་ནི་ཙམ་བསྒྲུབས་ཀྱང༌། །ཕྱིར་རོལ་དོན་ནི་མི་འགྲུབ་སྟེ། །ཁྱད་པར་དུ་ནི་དེ་དག་གི །རྗེས་འགྲོ་གང་དུའང་མ་གྲུབ་པོ། །རྟོགས་པའི་ངོ་བོ་ལས་གཞན་པ། །གཟུང་བའི་རྣམ་པ་སྔོ་ལ་སོགས། །ཡང་དག་མེད་པས་བསྒྲུབ་བྱ་དང༌། །དཔེ་ཡི་ཆོས་ཅན་ཐ་དད་མེད། །མི་སླུ་བར་ཡང་ཕྱི་རོལ་དོན། །ཕྲད་པ་ཇི་སྟེ་འདོད་ན་ནི། །དེ་ཚེ་ཉིད་བསྒྲུབ་བྱ་ཡིན་ཕྱིར། །དེ་ཚེ་གཏན་ཚིགས་མ་གྲུབ་ཉིད། །དོན་བྱེད་པ་དག་སྣང་ཙམ་གྱིས། །ངོ་བོ་ཇི་སྟེ་འདོད་ན་ནི། །རྨི་ལམ་དག་ན་དོན་མེད་ཀྱང༌། །དེ་བཞིན་མཐོང་ཕྱིར་མ་ངེས་འགྱུར། །ལྡོག་པ་ལས་ཀྱང་ཕྱི་རོལ་དོན། །འགྲུབ་པར་རིགས་པ་མ་ཡིན་ཏེ། །རྗེས་སུ་འགྲོ་བ་མེད་པར་ཡང༌། །ལྡོག་པ་ནམ་ཡང་འགྲུབ་པ་མེད། །ནུས་པ་བྲལ་མ་ཐག་ཏུ་ཡང༌། །ལྡོག་པ་ཉིད་དུ་རབ་གྱུར་པ། །གང་དུའང་ཤེས་པ་དོན་རྟོགས་པའི། །རྗེས་སུ་འགྲོ་བ་འགྲུབ་པ་མེད། །གཞན་དག་ནུས་པ་ཡོད་ན་ནི། །ཤེས་པ་ལོག་པ་མེད་པ་ཉིད། །གྲུབ་དང་མ་གྲུབ་ཐེ་ཚོམ་ཕྱིར། །འོན་ཀྱང་དོན་ནི་གྲུབ་པ་མེད། །བདག་ནི་ཤེས་འདི་མ་སྐྱེས་པ། །དེ་མ་ཐག་དང་བྲལ་བས་སམ། །འོན་ཏེ་དོན་དང་བྲལ་བ་ཞེས། །ཐེ་ཚོམ་དག་ཀྱང་འབྱུང་བར་འགྱུར། །རྒྱུ་ལྡན་གཞལ་བྱ་ཉིད་སོགས་ཀྱིས། །ཕྱི་རོལ་དོན་སྒྲུབ་སྐྱོན་ཆགས་པར། །མུ་སྟེགས་རྣམས་ཀྱིས་སྨྲས་པ་གང༌། །དེ་ནི་ཚུལ་འདིས་རིག་པར་གྱིས། །དེ་ལྟར་ཕྱི་རོལ་དོན་དག་ནི། །རྗེས་སུ་དཔག་ལས་གྲུབ་པ་མེད། །ཤེས་པ་སྨྲ་བའི་ཤེས་པ་ཡང༌། །ཡང་དག་པ་ནི་ཡོད་པ་མིན། །ཤེས་པ་གཉིས་སུ་མེད་པ་དེ། །རྟག་ཏུ་དབང་པོ་ལས་འདས་ཕྱིར། །རྟགས་ཀྱིས་འདི་ནི་རྣམ་ངེས་པའི། །འབྲེལ་པ་ཡང་ནི་ཡོད་པ་མིན། །གཉིས་སུ་མེད་པའི་ཆོས་ཅན་ལ། །རང་བཞིན་ཉིད་ནི་བསྒྲུབ་བྱའི་ཕྱིར། །འདི་ལྟར་རང་བཞིན་ཞེས་བྱའི་རྟགས། །འདི་སྒྲུབ་པ་ལ་ཡོད་པ་མིན། །གཉིས་སུ་མེད་པའི་ཤེས་པ་ལ། །རྒྱུ་དང་འབྲས་བུ་མ་གྲུབ་ཕྱིར། །དེས་ན་འབྲས་བུ་ཞེས་བྱ་བའི། །རྟགས་ནི་གང་ཡང་སྲིད་པ་མེད། །གཉིས་སུ་མེད་ལ་མ་གཏོགས་པར། །འབྲས་བུར་ཁྱེད་འདོད་ཅུང་ཟད་མེད། །དེ་ཉིད་སྒྲུབ་པར་བྱེད་པའི་ཕྱིར། །ཁྱེད་ཀྱི་དེ་ཡང་མ་གྲུབ་བོ། །གཉིས་


DTG107_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གྲུབ་པ་གང་ཡིན་པའང༌། །འབྲས་བུ་ཡང་དག་ཉིད་མེད་དེ། །དེ་ནི་རྟག་ཏུ་མ་སྐྱེས་ཕྱིར། །རྟ་ཡི་རྭ་ལ་སོགས་པ་བཞིན། །འགོག་པའི་ཡུལ་ཅན་ཉིད་དུ་ནི། །དེ་ནི་མཁས་པས་བརྗོད་པའི་ཕྱིར། །དེ་ཡོད་སྒྲུབ་པར་བྱེད་པ་ལ། །མི་དམིགས་པ་ཡང་རིགས་པ་མིན། །དགའ་དང་གདུང་བའི་རང་བཞིན་སོགས། །དེ་ནི་གསལ་བར་དེས་བཟུང་ཕྱིར། །རྣམ་ཤེས་མཚན་ཉིད་ཆོས་ཅན་ནི། །བྱིས་པ་ཡན་ཆད་གྲུབ་མིན་ནས། །དེ་ལའང་གཉིས་ཀྱི་ངོ་བོ་ནི། །འགལ་ཕྱིར་དེ་ནི་དབེན་པར་དུ། །བསྒྲུབ་བྱ་གྲང་བའི་ངོ་བོ་ཡི། །དྲོ་བ་ཇི་ལྟར་དབེན་པ་བཞིན། །གང་ཡང་གང་གི་ངོ་བོ་གསལ། །གཟུང་བ་དང་ནི་འཛིན་པ་ཡང༌། །གཅིག་དང་དུ་མ་བྲལ་ཕྱིར་དང༌། །དེ་མེད་པར་དེ་དེ་མེད་ཕྱིར། །དེ་ཕྱིར་ཤེས་པ་གཉིས་མེད་གྲུབ། །ཁྱེད་ཅག་གཉིས་པོ་དབེན་པ་ཙམ། །ཇི་སྟེ་སྒྲུབ་པར་འདོད་ན་ནི། །དེ་ནི་གྲུབ་པ་སྒྲུབ་ཡིན་ཏེ། །གང་ཕྱིར་བདེན་པ་ཉིད་མི་འདོད། །ཡིན་པས་སྒོ་ནས་ཤེས་པ་ལ། །གཉིས་ཀྱི་རྣམ་པ་དབེན་པ་ཉིད། །སྒྲུབ་ན་འདིར་ཡང་འདོད་པ་དང༌། །མི་འགལ་ཕྱིར་ན་གྲུབ་པ་སྒྲུབ། །དོན་དམ་ཉིད་དུ་མ་སྐྱེས་པའི། །རྣམ་ཤེས་བདག་ཉིད་ཆོས་ཅན་ལ། །གཉིས་ཀྱི་རྣམ་པ་དབེན་པ་ཉིད། །འདོད་ན་ཡང་དག་གང་ཞིག་ཡིན། །ཇི་སྟེ་གཉིས་མེད་ངོ་བོ་དང༌། །དངོས་པོ་ཉིད་དུའང་རྟོགས་བྱེད་ཅིང༌། །ཤེས་པ་གཉི་ག་སྒྲུབ་འདོད་ན། །དེ་ལྟར་རྗེས་འགྲོ་འདིར་མི་འགྲུབ། །དཔེ་ནི་བསྒྲུབ་བྱས་སྟོང་པ་སྟེ། །ཀུན་ཏུ་བརྟགས་པ་བརྗོད་པའི་ཕྱིར། ཡང་དག་པ་ཡི་དངོས་པོ་ཉིད། །དྲོ་བའི་རེག་པ་གྲུབ་པ་མེད། །ཕྱི་རོལ་དོན་གྱི་ངོ་བོ་རུ། །དྲོ་བའི་རེག་པ་འདོད་ན་ཡང༌། །དེ་ནི་གཉི་གར་མ་གྲུབ་ཅེས། །བརྟག་པ་ཅི་ག་མ་བྱས་སམ། །གྲང་དྲོའི་རག་གཉིས་རྣམ་ཤེས་ཀྱི། །རྣམ་པའི་ངོ་བོར་འདོད་ན་ནི། །ཤེས་པ་གཅིག་ལའང་སྣང་བའི་ཕྱིར། །ཡང་དག་ཉིད་དུ་འགལ་བ་མེད། སྒྲུབ་པར་བྱེད་པས་སྟོང་པ་ཡི། །དཔེ་འདི་ཡིན་པ་དེ་ཡིས་མངོན། །མ་བརྟགས་པ་ཡི་ངོ་བོ་ལ། །དཔེར་བྱེད་ནའང་འདོད་གྲུབ་མེད། །འོན་ཏེའང་གཉིས་ཀྱི་ངོ་བོ་ཉིད། །བྲལ་བར་གྲུབ་པའི་དོན་གྱིས་ན། །ཤེས་པའི་དངོས་པོ་ཉིད་ཀྱང་ནི། །རབ་ཏུ་གྲུབ་ཅེས་སེམས་ན་ནི། །འབྲེལ་བ་རབ་ཏུ་མ་


DTG107_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པས། །དེ་མི་རིགས་ཏེ་དངོས་པོ་ཡིས། །གཉིས་ཀྱི་རྣམ་པ་དབེན་པ་ལ། །ཁྱབ་པ་གང་དུའང་མ་གྲུབ་བོ། །གང་དང་གང་ན་གཉིས་མེད་པ། །དེ་དང་དེ་ན་དངོས་ཡོད་པར། །འདི་ལ་འབྲེལ་བ་བྱ་བའི་ཕྱིར། །མི་མཐུན་ཕྱོགས་སེལ་ཚད་མ་མེད། །ནམ་མཁའི་མེ་ཏོག་ལ་སོགས་དང༌། །གཉིས་དེ་ཉིད་ཀྱིས་མ་ངེས་འགྱུར། །གནས་པ་མེད་པར་ཐལ་བའི་ཕྱིར། །གཉིས་ལ་གཞན་གཉིས་ཡོད་པ་མིན། །གཉིས་དང་གཉིས་མེད་ངོ་བོ་དག །ཇི་སྟེ་འགལ་བ་ཡོད་ན་ནི། །གཅིག་ཏུ་གནས་པར་མི་འགྱུར་ཏེ། །གྲང་དང་དྲོ་བ་དེ་གཉིས་བཞིན། །འོན་ཏེ་མ་རིག་དབང་གིས་ན། །དེ་ལ་གཉིས་ནི་བརྫུན་པ་སྣང༌། །དེས་ན་འགལ་བ་མེད་ཡིན་ཏེ། །དངོས་པོ་ཉིད་ལ་དེ་བཞག་ཕྱིར། །ཇི་སྟེ་འགལ་བ་མེད་ཉིད་ན། །ཇི་སྟེ་དེར་ནི་འདིར་ལ་གནོད། །འགལ་བ་མེད་པ་ཅན་དག་ལ། །དྲོ་ལ་གྲང་བཞིན་གནོད་མི་སྲིད། །བདེན་དང་བདེན་མིན་ངོ་བོ་དག །ཇི་ལྟར་འགལ་བ་ཉིད་མི་འགྱུར། །བརྫུན་པ་ཉིད་དུ་ཇི་ལྟར་སྣང༌། །བརྫུན་པའི་ངོ་བོ་སྣང་ཡིན་ན། །ཤེས་པ་ཡང་ནི་བརྫུན་པར་འགྱུར། །དེ་ལྟ་མིན་ན་འགལ་བ་དེ། །སྣང་བའི་ངོ་བོར་ཇི་ལྟར་འགྱུར། །བརྫུན་པ་ཡིན་ནའང་གང་དུ་གཉིས། །གནོད་པར་འགྱུར་བའི་ཆོས་ཅན་དུ། །སྤྱི་ཡི་མཚན་ཉིད་གྲུབ་པ་མེད། །དེས་ན་གཏན་ཚིགས་མ་གྲུབ་ཉིད། །གཉིས་ཀྱི་རྣམ་ཤེས་ཁོ་ན་ནི། །དེ་ཉིད་རང་གསལ་བ་ཡི་ཕྱིར། །གཉིས་སུ་སྣང་བ་མ་གཏོགས་པར། །ཆོས་ཅན་ཉིད་ནི་ཡོད་པ་མིན། །གཅིག་དང་དུ་མ་དབེན་པའི་ཕྱིར། །གཟུང་བ་ཇི་ལྟར་སྟོང་པ་ཉིད། །ཤེས་པའང་དེ་ལས་དབྱེར་མེད་པ། །དེ་བཞིན་སྟོང་པ་ཉིད་དུ་གནོད། །ངོ་བོ་ཉིད་ཀྱིས་སྟོང་པ་ཡང༌། །ཇི་ལྟར་རྣམ་པར་སྣང་བར་ནི། །འགལ་བ་མེད་པ་དེ་བཞིན་གཞན། །ཤེས་པ་ལ་སོགས་ཇི་བཞིན་འགལ། །རྣམ་པར་ཤེས་པ་གཉིས་ཡོད་པ། །ཆ་ཤས་གཉིས་ནི་མི་རིགས་ཕྱིར།། མདོ་སྡེ་པ་ལ་སོགས་པ་ཡིས། །ཡང་དག་ཉིད་དུ་འདོད་པ་མེད། །གཉིས་སུ་མེད་པའི་རྣམ་ཤེས་ལ། །ཕྱི་རོལ་དོན་ཡང་མི་འགལ་ཕྱིར། །དེས་ན་གཉིས་མེད་ངོ་བོ་ཉིད། །སྒྲུབ་ན་ཅི་ཞིག་བསྒྲུབས་པར་འགྱུར། །ཇི་སྟེ་ཚད་མ་གཞན་དག་གིས། །ཕྱི་རོལ་གནོད་པར་བརྗོད་ན་ནི། །རྣམ་


DTG107_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པའང་དེ་བཞིན་དུ། །རབ་ཏུ་གནོད་པར་ཅིས་མི་འདོད། །གཅིག་དང་དུ་མ་བྲལ་བའི་ཕྱིར། །དོན་ནི་སྣ་ཚོགས་ངོ་བོ་དག །ཇི་ལྟར་ཡང་དག་མི་རིགས་པ། །དེ་བཞིན་རྣམ་ཤེས་ཀྱང་འདོད་ཀྱིས། །དེ་བས་ཚད་མས་གྲུབ་པ་ཡིས། །དོན་དམ་དངོས་པོ་ཡོད་མ་ཡིན། །དེས་ན་རྟོག་དང་ལྡན་རྣམས་ཀྱིས། །ཡོད་པའི་ཐ་སྙད་འདིར་མི་རིགས། །གནོད་པར་བྱེད་པའང་ཡོད་པའི་ཕྱིར། །འདི་ལ་ཀུན་དུ་ཐེ་ཚོམ་ཡོད། །དངོས་པོར་མེད་པ་སྨྲ་བར་ཡང༌། །ཚད་མ་མེད་པར་མི་རིགས་སོ། །འདི་ལྟར་དངོས་པོ་ཀུན་དབེན་པ། །མངོན་སུམ་དག་གིས་རྟོགས་པ་མེད། །དེ་ཡི་སྟོབས་ཀྱིས་འབྱུང་བའི་ཕྱིར། །དོན་དེ་དངོས་པོ་ཉིད་ལ་ཡིན། །གཞན་ཡང་གཞན་གྱིས་དབེན་པ་ཡི། །ཕྱོགས་ལ་སོགས་པ་འཛིན་ན་ནི། །དེ་ལས་གཞན་པས་དབེན་པ་ཉིད། །མངོན་སུམ་དག་གིས་རྟོགས་པ་ཡིན། །དངོས་པོ་གང་ཞིག་རྣམ་བརྟགས་ན། །དངོས་པོ་ཀུན་གྱིས་དབེན་པ་ཉིད། །མངོན་སུམ་ཉིད་དུ་རྟོགས་འགྱུར་བ། །དངོས་པོ་མེད་པར་སྨྲ་བ་ལའང༌། །ཐམས་ཅད་ནང་དུ་དེ་འདུས་ཕྱིར། །ཆོས་རྣམས་ཀུན་གྱི་དངོས་པོ་ཡིས། །དབེན་པ་ཅི་ཡང་ཡོད་པ་མིན། །དེ་ལྟ་མ་ཡིན་དམ་བཅས་ཉམས། །ཐམས་ཅད་དངོས་པོ་མེད་ཡིན་ན། །བསྒྲུབ་བྱ་དཔེ་ཡི་ཆོས་ཅན་དང༌། །གཏན་ཚིགས་ལ་སོགས་མ་གྲུབ་ཕྱིར། །རྗེས་སུ་དཔག་པས་རིག་པ་མེད། །གཞན་ཡང་རང་བཞིན་འབྲས་བུ་ཡི། །གཏན་ཚིགས་གཉིས་ཀྱི་དེ་མི་སྒྲུབ། །དེ་གཉིས་དངོས་པོ་ཉིད་སྒྲུབ་སྟེ། །དངོས་པོ་མེད་པར་འགལ་བ་ཉིད། །མ་སྐྱེས་ངོ་བོའི་ཆོས་ཡིན་ན། །དེ་ཡི་གཏན་ཚིགས་གང་འགྱུར་བ། །འབྲས་བུ་དང་ནི་རང་བཞིན་དག །གང་ཡང་ཡོད་པ་མ་ཡིན་ནོ། །ཡུལ་དང་དུས་སོགས་བྱེ་བྲག་གིས། །སྔོ་དང་བདེ་སོགས་ངོ་བོ་བཞིན། །དངོས་པོ་རྣམས་ནི་དམིགས་པའི་ཕྱིར། །མི་དམིགས་པ་ཡང་གྲུབ་པ་མེད། །གཞན་ཡང་གཞན་གྱིས་དབེན་པའི་དོན། །མངོན་སུམ་རྟོགས་པ་ཡོད་ན་ནི། །དེ་ལ་གཞན་དོན་དབེན་པ་ཡི། །ཐ་སྙད་བསྒྲུབ་པ་རབ་ཏུ་བྱེད། །རང་བཞིན་མི་དམིགས་པ་དག་གིས། །ཐམས་ཅད་དབེན་པར་མི་འགྱུར་ཏེ། །དེས་ན་བདག་ཉིད་མི་དམིགས་པས། །རེ་ཞིག་དེ་ནི་


DTG107_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་མི་བྱེད། །ཁྱབ་བྱ་ཁྱབ་པར་བྱེད་པ་ཡི། །དངོས་པོ་ལ་སོགས་གྲུབ་ཡིན་ན། །ཁྱབ་བྱ་ལ་སོགས་དགག་པ་ལ། །ཁྱབ་བྱེད་མི་དམིགས་ལ་སོགས་སྦྱོར། །ཆོས་རྣམས་ཀུན་གྱི་རང་བཞིན་ནི། །ཁྱབ་པར་བྱ་ལ་སོགས་གྲུབ་པར། །འགའ་དང་ལྷན་ཅིག་ཅི་སྟེ་ངེས། །དེ་ཚེ་དངོས་པོར་བཅས་པ་ཡིན། །ཆོས་རྣམས་མ་ལུས་དངོས་མེད་པར། །སྒྲུབ་ན་དཔེ་ནི་ཡོད་པ་མིན། །ཉི་ཚེ་བ་དག་རབ་བསྒྲུབ་ན། །མི་འདོད་པར་ནི་འགྱུར་བ་མེད། །དངོས་པོ་མེད་པ་བསྒྲུབ་པ་ལ། །དངོས་པོའི་ཆོས་ཀྱི་གཏན་ཚིགས་འགལ། །མེད་པའི་ཆོས་ཀྱང་འབྲེལ་པ་མེད། །གཉིས་ལ་བརྟེན་པ་འཁྲུལ་པར་འགྱུར། །ཆོས་རྣམས་ཐམས་ཅད་བདག་མེད་པ། །སྐྱེས་བུ་ཀུན་གྱི་མངོན་སུམ་གྱིས། །རྟོགས་པ་མེད་ཅེས་བྱ་བ་འདིར། །ཁྱོད་ལ་མཚན་མ་ཅི་ཞིག་ཡོད། །དེ་ནི་འགལ་བར་བྱ་བ་ལ། །རང་གི་དམིགས་པ་ལོག་པ་ཡང༌། །མ་ངེས་ཕྱིར་ན་ཐམས་ཅད་ཀྱིས། །དམིགས་པ་ལོག་པར་ངེས་པ་མེད། །རབ་རིབ་ཅན་བཞིན་གཟུགས་ལ་སོགས། །བརྫུན་པ་རྣམས་ནི་མཐོང་བའི་ཕྱིར། །ཡང་དག་པ་ཡི་དངོས་པོའི་དོན། །མངོན་སུམ་འགའ་ཡང་གྲུབ་པ་མེད། །ཡང་དག་དོན་བསྒོམས་རབ་མཐའ་ལས། །བྱུང་བའི་ཡེ་ཤེས་ཡང་དག་པའི། །དོན་གྱི་ཡུལ་ཅན་ཡིན་འདོད་ཀྱི། །དམིགས་པའི་སྟོབས་ཀྱིས་བྱུང་བ་མིན། །དེ་དག་ཁོ་ན་དོན་དམ་པ། །མཐོང་བ་གང་ཡིན་མཐོང་མེད་ཡིན། །འགྲོ་བའི་ཆོས་རྣམས་ཤེས་རབ་ཀྱི། །ཐམས་ཅད་ཇི་བཞིན་མཐོང་བ་མིན། །ཆོས་ཀུན་སྣང་མེད་གང་ཡིན་ཏེ། །འཇིག་རྟེན་འདས་པའི་འདས་པ་ཡི། །ཡེ་ཤེས་དེ་ཉིད་ཆོས་རྣམས་ལ། །མཐོང་བ་མེད་པར་ཉེ་བར་བརྗོད། །ཆོས་རྣམས་མ་ལུས་ཇི་བཞིན་དུ། །བསྒོམས་པའི་སྟོབས་ཀྱིས་བྱུང་བའི་ཕྱིར། །དངོས་པོ་མེད་པ་མ་ཡིན་ཡང༌། །དེ་ནི་འཁྲུལ་པ་གང་ཡང་མེད། །རྣལ་འབྱོར་དེ་ཡི་རྟོགས་དེ་ནི། །སོ་སོར་རང་རིག་བསམ་མི་ཁྱབ། །ད་ནི་ཀུན་དུ་གསལ་བྱ་བར། །ནུས་པ་དག་ལ་ཡོད་པ་མིན། །འཁྲུལ་པ་གང་ཡིན་འཁྲུལ་ཉིད་དུ། །ཇི་ལྟ་བཞིན་དུ་དེ་ཀུན་རྟོགས། །དེ་ཡང་དེས་ན་འདི་དག་ལ། །མ་འཁྲུལ་པ་ཡིས་བརྗོད་པ་ཡིན། །ཡང་དག་པ་ལས་ལྡོག་མེད་དོ། །དངོས་རྣམས་ཡང་དག་མེད་


DTG107_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཡང༌། །རང་གི་ཚོགས་ལས་རྣལ་འབྱོར་པའི། །ཤེས་པ་བྱུང་ཞེས་སྔར་བསྒྲུབས་ཟིན། །དངོས་པོ་མེད་པར་སྨྲ་བ་ཡིས། །སྒྱུ་མ་དང་ནི་རྨི་ལམ་མཚུངས། །དངོས་པོ་རྣམས་ལ་རྗོད་བྱེད་ཀྱི། །རི་བོང་རྭ་དང་འདྲ་བར་མིན། །ལས་དང་ཉོན་མོངས་དབང་གིས་ན། །དེ་ལྟར་སྲིད་པའི་འཁོར་ལོ་འབྱུང༌། །རང་གི་ཚོགས་ལས་རྣལ་འབྱོར་པའི། །ཤེས་པའི་འཁོར་ལོ་དེ་བཞིན་འབྱུང༌། །དེ་ནི་སྟེའུ་དང་ཙན་དན་མཉམ། །ཤེས་རབ་ཐུགས་རྗེ་དྲི་མ་མེད། །ཆོས་ཀུན་ཕྱིན་ཅི་མ་ལོག་པར། །མཁས་པ་རྣམས་ནི་བཞུགས་པ་ཡིན། །དེ་དག་ཁོ་ནས་ཡང་དག་པ། །མངོན་སུམ་རྟོགས་ཀྱིས་གཞན་དག་ནི། །ལུང་དང་རིགས་པའི་རྗེས་འབྲངས་ནས། །རིགས་པའི་ལམ་ལ་མཁས་པ་ཡིན། །ཁ་ཅིག་ཏུ་ནི་དངོས་པོ་འགའ། །དོན་གཞན་གྱིས་ནི་དབེན་པ་དག །འཛིན་པ་ཡོད་ན་སྟོང་པ་ཉིད། །མངོན་སུམ་རྟོགས་པ་གང་ཡིན་པ། །དངོས་པོ་རྣམས་ཀྱིས་གཅིག་ལ་གཅིག །སྟོང་པ་ཉིད་དེ་ཡོད་པར་འདོད། །ཆོས་རྣམས་དེ་ཡིས་སྟོང་པ་ཅན། །མཚན་ཉིད་སྟོང་པ་ཉིད་མ་ཡིན། །རང་དང་སྤྱི་ཡི་མཚན་ཉིད་དུ། །ཇི་ལྟར་གཞག་པ་དེ་དག་ནི། །ཡང་དག་ཡོད་པ་མ་ཡིན་པས། །དེས་ན་ཆོས་ཀུན་ངེས་མེད་འདོད། །གཅིག་ལ་གཅིག་གིས་སྟོང་པ་ཉིད། །བརྟགས་པ་ཡིན་གྱི་ཡང་དག་མིན། །སྒྱུ་མ་ལ་སོགས་མཚུངས་པ་ལ། །གཞན་གྱིས་དབེན་པ་ཡང་དག་མེད། །རྨི་ལམ་བཞིན་དུ་དངོས་པོ་ཀུན། །ཕན་ཚུན་དབེན་པ་བཞིན་དུ་སྣང༌། །དེ་ཡི་དབང་གིས་འདི་དག་གི །གཅིག་ལ་གཅིག་གིས་སྟོང་པ་ཉིད། །བརྟགས་ཡིན་དེའི་ཕྱིར་རང་བྱུང་གིས། །ཐ་ཆད་སྤངས་པ་ཁོ་ནར་གསུངས། །དེ་བས་དེ་ལ་བརྟེན་ནས་ནི། །སུན་འབྱིན་པ་ནི་རིགས་པ་མིན། །མཚན་ཉིད་སྟོང་ཉིད་གང་ཡིན་པ། །དེ་ནི་ཆོས་ལ་བརྟགས་པ་མིན། །རྣལ་འབྱོར་པ་ཡིས་ཤེས་པ་ཡིས། །དེ་ཡང་ཇི་ལྟར་བསྟན་བཞིན་རྟོགས། །གོམས་པར་བྱས་ན་བརྫུན་པ་ཡང༌། །ཤིན་ཏུ་གསལ་བར་སྣང་བ་ཡིན། །དེ་བས་ཡང་དག་བསྒོམ་བྱས་ན། །རྣམ་པར་གསལ་བའི་ཡེ་ཤེས་འབྱུང༌། །གསལ་ཞིང་མི་སླུ་ལ་སོགས་པའི། །རྣལ་འབྱོར་ཡེ་ཤེས་གང་ཡིན་པ། །དེ་ནི་མངོན་སུམ་མཚན་ཉིད་གྲུབ། །དེར་གྱུར་དེ་ཕྱིར་ཚད་མ་ཡིན། །ཚད་


DTG107_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལྡན་པའི་ཡུལ་ཉིད་ཀྱིས། །མི་སླུ་ལ་སོགས་ཕྱི་ནས་འཆད། །དེས་ན་བློ་དང་ལྡན་པ་ཡི། །རྣལ་འབྱོར་ཤེས་པ་སྤང་མི་རིགས། །ཇི་སྟེ་ཡང་དག་ཉིད་བརྟེན་ནས། །ཆོས་ཅན་ལ་སོགས་མ་གྲུབ་པར། །གླེང་བར་བྱེད་ན་དེ་ཡི་ཚེ། །མི་འདོད་གྱུར་པ་མེད་བསྟན་ཟིན། །དེ་ལྟར་དོན་དམ་ཉིད་དུ་ན། །ཁྱོད་ཀྱི་སུན་འབྱིན་པ་དག་ཀྱང༌། །གནས་ཐོད་པ་ནི་དེར་མེད་དེ། །མཁའ་ལ་དབྱུ་གུས་རྡེག་པ་བཞིན། །དེ་ལྟ་ཡིན་ཡང་ཐ་སྙད་དུ། །སུན་འབྱིན་ལ་སོགས་རབ་གྲུབ་ཕྱིར། །ཁྱེད་ཀྱིས་སུན་འབྱིན་སྨྲས་པ་དང༌། །དེ་བཞིན་ངེད་ཀྱིས་ཚད་མ་སོགས། །མཁས་པས་ཇི་ལྟར་བསྟན་པ་བཞིན། །ཐ་སྙད་ཁོ་ནར་དེ་དག་བསྟན། །གཟུང་དང་འཛིན་པ་རིག་པ་དག །མེད་ཀྱང་ཇི་ལྟར་སྣང་འདི་ལ། །དཔག་པར་བྱ་དང་དཔོག་པ་ཡི། །འབྲས་བུ་གནས་པར་བྱེད་པ་ཡིན། །དེ་ལྟ་མིན་ན་དངོས་གཅིག་ལ། །སྣ་ཚོགས་ངོ་བོ་སྣང་བ་ཡི། །རྣམ་པ་ཇི་ལྟར་བདེན་འགྱུར་ཏེ། །གཅིག་པ་ཉིད་དེ་ཉམས་པར་འོང༌། །ཆོས་དང་ཆོས་ཅན་རྣམ་གཞག་དང༌། །ཐ་དད་ཐ་དད་མིན་ཅི་འདྲ། །ཡང་དག་ཉིད་དོན་མ་བརྟགས་ཀྱི། །འཇིག་རྟེན་འདི་ལྟར་གྲགས་པ་ལ། །དེ་བཞིན་དེ་ལ་བརྟེན་ནས་ནི། །བསྒྲུབ་བྱ་སྒྲུབ་བྱེད་རབ་གནས་པ། །དོན་དམ་ཉིད་ལ་འཇུག་བྱའི་ཕྱིར། །མཁས་པས་བརྟགས་པ་ཡིན་ཞེའོ། །འོན་ཀྱང་ཇི་སྟེ་དོན་དམ་པར། །ཚད་མ་ལ་སོགས་མེད་ན་ནི། །ཐ་སྙད་དུ་ཡང་དེའི་འཇུག་པ། །འཇིག་པ་མིན་ཞེས་ཁྱེད་སེམས་ན། །བློ་དེ་ངན་ཏེ་གང་དག་གིས། །དེ་ལྡོག་པ་ན་འདི་ལྡོག་པ། །ཡང་དག་ངོ་བོ་ཐ་སྙད་ལ། །ཁྱབ་པར་ངེས་པ་མ་ཡིན་ནོ། །རྨི་ལམ་ལ་སོགས་དེ་བཞིན་དུ། །བརྫུན་པ་ཡིན་ཡང་འདི་དག་སྣང༌། །སྤྲུལ་པ་ཉིད་ཀྱིས་འགོག་ལ་སོགས། །ཇི་ལྟ་བ་བཞིན་འདོད་པ་ཡིན། །ཇི་སྟེ་ཆོས་ལ་སོགས་པ་ལ། །དོན་དམ་གྲགས་པའི་ཡིན་ན་ནི། །དེ་ཚེ་འདི་ལ་ཅི་ཕྱིར་རྩོད། །གཏན་ཚིགས་རྣམས་ཀྱིས་བསྒྲུབ་ཅི་དགོས། །ཇི་སྟེ་ངེད་ལ་གཏན་ཚིགས་དང༌། །ཆོས་ཅན་ལ་སོགས་མ་གྲུབ་ན། །ཁྱེད་ཀྱིས་གང་གིས་སྒྲུབ་པ་སྨྲོས། །དེ་འགྲུབ་འདོད་པའི་རྗེས་འབྲང་མིན། །ཇི་ལྟར་ཆོས་ཅན་མ་གྲུབ་པར། །འགྱུར་བ་ངེད་ལ་ཁྱེད་བྱེད་པ། །དེ་བཞིན་ངེད་ཀྱང་ཁྱེད་ཅག་གི །དངོས་པོ་མ་གྲུབ་སྒྲུབ་པར་བྱེད། །ཚད་མས་གྲུབ་པ་ཡིན་ན་ནི། །


DTG107_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་ཁས་བླངས་རུང་བར་འདོད། །དཔྱོད་པ་འཇུག་པའི་སྔ་རོལ་དུ། །གྲུབ་པའི་མཐའ་ནི་གང་ཡང་མེད། །དེ་བས་དཔྱོད་པའི་དུས་ན་ནི། །གྲུབ་མཐའ་རྟེན་ནི་འགའ་མེད་ན། །དེ་ཡི་སྒོ་ནས་ཆོས་ཅན་སོགས། །མ་གྲུབ་རྩོད་པར་སུ་ཞིག་བྱེད། །རང་ལ་གྲུབ་མཐའ་རྣམ་ངེས་ནས། །གཞན་དག་རྟོགས་པར་བྱ་བའི་ཕྱིར། །འཇུག་པ་མིན་ནམ་དེ་བས་ན། །གྲུབ་མཐའ་ཁས་ལེན་སྔ་ནས་གནས། །རྒོལ་བ་རང་ལ་རྣམ་ངེས་བཞིན། །གཞན་གྱི་ངེས་པ་བསྐྱེད་འདོད་པས། །དེ་ཚེ་གཏན་ཚིགས་དཔེ་དག་ནི། །རབ་ཏུ་སྦྱོར་བ་མ་ཡིན་ནམ། །རང་ལ་དེ་ངེས་བྱེད་པ་ན། །གྲུབ་མཐའ་ཁས་ལེན་སྔར་མ་ཡིན། །དེ་བཞིན་གཞན་རྟོག་དེ་བྱེད་པ། །ལུང་ལ་ཇི་ལྟར་རྟེན་པར་འགྱུར། །ཐ་སྙད་དུ་ཡང་ཆོས་ཅན་སོགས། །འགའ་ཡང་གང་ལ་མ་གྲུབ་པ། །དེ་ཚེ་ཆོས་ཅན་མ་གྲུབ་སོགས། །རྩོད་པར་སྦྱོར་བ་རིགས་པ་ཡིན། །མི་འཁྲུག་པ་ཡི་གཏན་ཚིགས་ཀྱིས། །བསྒྲུབ་པར་བྱ་བའི་དོན་གྲུབ་ཀྱང༌། །གྲུབ་མཐའ་ཁས་བླང་དགོས་ཕྱིར་རོ། །མི་འགྲུབ་ཅེས་པ་གཞུང་རེ་ཆེ། །དེ་བས་གྲུབ་མཐའ་ལས་གྲུབ་པའི། །ཆོས་ཅན་ལ་བརྟེན་མཁས་མི་བྱེད། །དེ་ལྟ་བུ་ཡི་རྣམ་པ་ནི། །ཀུན་ལ་ཕན་ཚུན་མ་གྲུབ་ཕྱིར། །གཞི་མ་གྲུབ་པའི་གཏན་ཚིགས་དང༌། །དེ་བཞིན་བསྒྲུབ་བྱ་རྗེས་འགྲོ་མེད། །རྒོལ་བ་དེ་དང་སླར་རྒོལ་བ། །གཉི་ག་ལ་ཡང་འབྱུང་བར་འགྱུར། །སྒྲ་སོགས་ཆོས་ཅན་བདེ་གཤེགས་པས། །འབྱུང་བ་ལས་གྱུར་ལ་སོགས་པར། །ཇི་ལྟར་འདོད་པ་དེ་བཞིན་དུ། །གྲངས་ཅན་གཞན་སོགས་དེ་འདོད་མེད། །དེ་བས་གཞུང་ལུགས་ཀྱིས་བསྐྱེད་པའི། །བྱེ་བྲག་ཆོས་ཅན་རྣམ་གསལ་ནས། །གནག་རྫི་ཡན་ཆད་གྲགས་པ་ལ། །བརྟེན་ནས་ཚད་མ་ལ་སོགས་པ། །ཡང་དག་རྟོགས་པར་འདོད་པ་ཡི། །མཁས་པ་ཀུན་གྱིས་དེ་སྐད་བརྗོད། །དེ་བཞིན་བདག་གི་གཟུགས་སྒྲ་དང༌། །རོ་ལ་སོགས་པ་གྲགས་པ་ལ། །ཇི་ལྟར་འཇིག་རྟེན་གྲགས་པ་ཡི། །རྟོག་པར་བྱེད་པའི་གཏན་ཚིགས་ཀྱིས། །དོན་དམ་པ་ལ་འཇུག་བྱའི་ཕྱིར། །ཡང་དག་བསམ་པ་རྒྱས་པར་བྱེད། །དེས་ན་གྲུབ་མཐའ་ལས་གྲུབ་པའི། །ཆོས་ཅན་དག་ལ་བརྟེན་ནས་ནི། །གཞི་མ་གྲུབ་པ་ལ་སོགས་པ། །རྒོལ་བ་


DTG107_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་དེ་འབྲེལ་མེད། །གཞན་ཡང་དངོས་པོ་ངོ་བོ་ནི། །ཡིན་པའི་སྒོ་ནས་གང་དུ་སྒྲུབ། །དེ་ལ་ཆོས་ཅན་དངོས་པོ་ཡི། །ངོ་བོ་ཡིན་ཞེས་བརྩལ་བའི་རིགས། །དེ་མ་གྲུབ་ན་བསྒྲུབ་བྱ་བ། །རབ་ཏུ་གྲུབ་པའི་བགེགས་བྱེད་ཕྱིར། །གཞི་མ་གྲུབ་པ་ལ་སོགས་པའི། །སྐྱོན་ཡང་དེར་ནི་རྗོད་པར་བྱེད། །རྟག་པ་ལ་སོགས་སྒྲོ་བཏགས་པའི། །དངོས་པོའི་ཆོས་ནི་དགག་པ་ལ། །བསྒྲུབ་པར་བྱ་དང་འགལ་བ་ཡི། །ཆོས་ཅན་དངོས་གྱུར་ཅི་སྟེ་འདོད། །བསྒྲུབ་བྱའི་ཆོས་དང་རྗེས་མཐུན་པ། །རིགས་པ་ཤེས་པས་ཆོས་ཉིད་དུ། །རྟག་ཏུ་བྱེད་པ་དེ་ཡི་ཕྱིར། །མཁས་པས་རང་གི་ཆོས་ཅན་སྨོས། །དངོས་པོ་མེད་པ་ཉིད་ཀྱི་ཆོས། །བསྒྲུབ་བྱའི་བདག་ཉིད་རྗེས་མཐུན་པའི། །དངོས་པོ་མེད་ཉིད་ཆོས་ཅན་ཡིན། །དེ་བས་འདི་མ་གྲུབ་པ་མིན། །འདི་ལྟར་ནམ་མཁའ་ལ་སོགས་པའི། །རྟག་པ་ཉིད་སོགས་དགག་པ་ལ། །ཅིག་ཅར་སྒྲ་སོགས་རྒྱུ་ཡིན་ཉིད།། གཏན་ཚིགས་རིགས་པ་ཤེས་པས་སྨྲས། །ལྡོག་པ་ཙམ་གྱིས་ངོ་བོ་ཡི། །གཏན་ཚིགས་ལ་སོགས་དེར་གྲུབ་པས། །དངོས་མེད་ངོ་བོའི་ཆོས་ཅན་ལ། །འདོད་པ་འགྲུབ་པའི་བགེགས་ཡོད་མིན། །དེ་བཞིན་སྒྱུ་མ་ལ་སོགས་པའི། །ངོ་བོ་དངོས་པོ་ཐམས་ཅད་ལ། །བྱིས་པ་དངོས་པོ་ཉིད་ལ་སོགས། །སྒྲོ་འདོགས་བྱེད་པ་གང་མི་མཁས། །དེ་དག་ཡང་དག་འཇུག་བྱའི་ཕྱིར། མཁས་པ་རྣམས་ཀྱིས་ཐ་སྙད་དུ། །རྒྱུ་དང་འབྲས་བུའི་དངོས་སོགས་ལ། །ཁྱབ་པར་བྱེད་པ་བཀག་ཕྱིར་དང༌། །ནུས་པ་ལ་སོགས་བཀག་པ་ཡིས། །དངོས་པོ་ཉིད་སོགས་སྒྲོ་བཏགས་པ། །དེ་ལྟ་མིན་ན་གཞན་དག་གིས། །བརྟགས་པའི་རྟག་པ་ལ་སོགས་པའི། །དངོས་པོ་དགག་པ་ཇི་ལྟར་བྱ། །རེ་ཞིག་ཡོད་པ་ཚད་མ་ཡིས། །དགག་པར་ནུས་པ་མ་ཡིན་ནོ། །དེ་བས་དགག་པར་མི་བྱ་ནའང༌། །གཏམ་གྱི་རྒྱུན་དེ་ཆད་པར་འགྱུར། །གཅིག་མིན་དུ་མ་ཡིན་པས། །ཡུལ་གྱི་རྡུལ་ཕྲན་ཤིན་ཏུ་ཆུང༌། །དེ་ལ་སོགས་པ་ཕྱི་རོལ་དོན། །ཇི་ལྟར་དགག་པ་བརྗོད་པར་བྱ། །སྐད་ཅིག་མ་ཡིན་ཡོད་པ་ཡིན། །རིམ་དང་རིམ་མིན་དེ་འགལ་ཏེ། །ནུས་པ་བཀག་པའི་སྒོ་དག་ནས། །མུ་སྟེགས་ངན་པས་བརྟགས་པ་ཡི། །རྟག་པའི་དངོས་པོ་དགག་པ་དང༌། །


DTG107_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ལ་སོགས་དགག་པ་ལ། །གཞི་མ་གྲུབ་པ་ཉིད་ཀྱི་སྐྱོན། །ཐལ་བར་སྒྲུབ་པ་ཉིད་ཡིན་པས། །ཇི་སྟེ་དེ་འདིར་མི་འབྱུང་ན། །ཚད་མ་མེད་ན་དེ་ཡི་ཚེ། །མེད་པའི་ཐ་སྙད་འདིར་མི་འགྱུར། །ཐལ་བའང་ཚད་མ་ཡིན་ན་ནི། །འདི་ལ་དེ་སྐྱོན་ཅིར་མི་འབྱུང༌།། རང་དགའི་དབང་གིས་ཕུལ་རྟག་ཏུ། །རིགས་པར་ལྡན་པ་མ་ཡིན་ནོ། །འོན་ཏེ་ཡང་ནི་དེ་ལ་བཞི། །བློ་ཡོད་པ་ཉིད་ཆོས་ཅན་ཡིན། །ཕྱི་དང་གཙོ་བོ་ལ་སོགས་པས། །དེ་ལ་བསྐྱེད་བྱ་ཉིད་འགོག་ན། །དེ་ལྟར་ཡིན་ན་དེ་དགག་ཕྱིར། །ནུས་པ་སྟོང་པ་ཉིད་དང་ནི། །གཅིག་དང་དུ་མ་བྲལ་ལ་སོགས། །དེ་ལྟ་ཇི་ལྟར་ཚད་མ་འགྲུབ། །གཏན་ཚིགས་རང་ཉིད་མ་གྲུབ་པར། །དེ་ལ་བསྒྲུབ་བྱ་སྒྲུབ་མི་བྱེད། །གྲུབ་ནའང་དེ་བཞིན་བློ་ཉིད་ཀྱང༌། །རང་བཞིན་མེད་པར་ཅེས་མི་འགྱུར། །སོ་སོར་བརྟགས་པའི་འགོག་ལ་སོགས། །ཇི་སྟེ་བྱེད་རྒྱུར་ཀུན་བརྟགས་པ། །དེ་དགག་པ་ལ་ཇི་ལྟར་བློ། །ཆོས་ཅན་ཉིད་དུ་བརྟགས་པར་བྱ། །ཕྱི་དང་གཙོ་བོ་ལ་སོགས་པས། །དེ་ལ་བསྐྱེད་བྱ་ཉིད་བཀག་ཀྱང༌། །ཕྱི་རོལ་ལ་སོགས་སྟོང་པ་ཉིད། །ཇི་ལྟར་གཅིག་ཏུ་འགྲུབ་པར་འགྱུར། །འོན་ཏེ་ཐོག་མ་མེད་པ་ཡི། །རང་གི་ས་བོན་ལས་བྱུང་བ། །རྣམ་རྟོག་མཐར་གཏུགས་བློ་ལ་ཡོད། །ཆོས་ཅན་ལ་བརྟེན་གཙོ་སོགས་འགོག །ཕྱི་རོལ་བཞིན་དུ་ཕྱི་རོལ་སོགས། །ཐ་དད་མེད་བཞིན་དེ་ལ་རྟོག །གཅིག་དང་དུ་མ་དབེན་པ་དང༌། །ནུས་པ་མེད་པ་བཞིན་དུ་མཐོང༌། །ཤིན་ཏུ་དངོས་མེད་དེ་གྲུབ་ན། །ཕྱི་རོལ་ལ་སོགས་སྟོང་ཉིད་འགྲུབ། །བསྒྲུབ་པར་བྱ་དང་སྒྲུབ་བྱེད་པ། །གཞི་གཅིག་པ་ཡང་ཡོད་པ་ཡིན། །ཕྱི་རོལ་ལ་སོགས་ཀུན་བརྟགས་པའི། །རང་བཞིན་དེ་ནི་རབ་ཏུ་འགོག །དེ་ཉིད་དགག་པར་བྱ་བའི་ཕྱིར། །སྒྲུབ་པ་ལ་སོགས་བྱེད་པ་མིན། །རྗེས་སུ་དཔག་པ་ལ་སོགས་པའི། །ཐ་སྙད་ཐམས་ཅད་དེར་བརྟེན་ཏེ། །དོན་དམ་ཉིད་ལ་འཇུག་བྱའི་ཕྱིར། །རིགས་པ་སྨྲ་བ་རྣམས་ཀྱིས་བྱས། །ཇི་སྟེ་བརྫུན་པ་ཀུན་བརྟགས་པའི། །ཆོས་ཅན་ལ་ཡང་ཐ་སྙད་འདི། །འདོད་ན་ཅི་ཕྱིར་དེད་ཅག་ལ། །ཆོས་ཅན་མ་གྲུབ་ལ་སོགས་རྒོལ། །ཇི་ལྟར་ཁྱོད་ཀྱི་བློ་ལ་ཡོད། །ཆོས་ཅན་དངོས་པོ་མེད་ཡིན་ཡང༌། །གཙོ་བོ་ལ་


DTG107_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བརྟགས་པ་རྣམས། །རབ་ཏུ་འགོག་པར་བྱེད་པ་ལ། །གཞི་མ་གྲུབ་པ་ཉིད་སྐྱོན་དུ། །འགལ་བ་མེད་པས་མི་འགྱུར་ན། །དེ་བཞིན་ངེད་ཀྱང་གཟུགས་སྒྲ་དང༌། །རོ་ལ་སོགས་པའི་གྲགས་པ་ལ། །སྒྱུ་མ་རྨི་ལམ་དང་མཚུངས་པར། །ཤེས་པར་བྱེད་པར་འདོད་པ་ཡིན། །བརྟགས་པ་ལ་སོགས་སྒྲོ་བཏགས་པའི། །དངོས་པོའི་ཆོས་ནི་འགོག་བྱེད་ལ། །དངོས་པོའི་ངོ་བོ་རྣམས་བཀག་ཀྱང༌། །ཇི་ལྟར་བརྟགས་པའི་ཆོས་ཅན་དག །སྣང་བའི་ཕྱིར་ན་མ་གྲུབ་མིན། །གཟུགས་ལ་སོགས་པའང་དེ་བཞིན་ལྟོས། །དེ་ལའང་མི་དམིགས་ལ་སོགས་པ། །ཇི་ལྟར་ཁྱེད་ནི་བསྒྲུབ་པར་འདོད། །ངེད་ཀྱང་དེ་བཞིན་འདིར་ཡིན་ཏེ། །ཇི་ལྟར་སྲིད་པར་སྒྲུབ་པར་བྱེད། །ཡང་དག་ཉིད་དུ་ཆོས་རྣམས་ནི། །སྐྱེ་བ་མེད་ཀྱང་ཐ་སྙད་དུ། །འབྲས་བུའང་རང་བཞིན་མེད་དམ་ཅི། །གང་གིས་དེ་གཉིས་མེད་པར་གྱུར། །ཡང་དག་ཁོ་ནའི་འབྲས་བུ་དང༌། །རང་བཞིན་གྱི་ནི་གཏན་ཚིགས་ཀྱིས། །བྱ་བ་ཡིན་ཞེས་བྱ་བ་འདིར། །འགྲེལ་པ་འགའ་ཡང་གྲུབ་པ་མེད། །གཟུགས་བརྙན་བརྫུན་པ་ཡིན་ཡང་ན། །འབྲས་བུའི་གཏན་ཚིགས་ཅིར་མི་འདོད། །ཀུན་དུ་བརྟགས་པ་ཉིད་བརྫུན་གྱི། །རང་བཞིན་ཇི་སྟེ་སྒྲུབ་བྱེད་མིན། །བརྟགས་ལ་མི་དམིགས་པ་ཡི་ཆོས། །སློབ་དཔོན་གྱིས་ཅི་མ་སྨྲས་སམ། །དེ་བཞིན་འདིར་ཡང་ཅི་འདོད་པར། །བཀོད་པའི་དབྱེ་བས་གཏན་ཚིགས་གྱུར། །རང་བཞིན་ཁོ་ནའི་ནང་དུ་ནི། །གང་ཕྱིར་གཏན་ཚིགས་ཐམས་ཅད་འདུས། །སྦྱོང་བ་དགོད་པའི་བྱེ་བྲག་གིས། །དེ་ནི་རབ་ཏུ་སྤྲོས་པར་ཟད། །ཕྱོགས་ཀྱི་ཆོས་ཡིན་དེའི་ཆ་ཡིས། །ཁྱབ་པར་གྱུར་པ་ཁོ་ན་ནི། །གཏན་ཚིགས་མཚན་ཉིད་མདོར་ཡིན་ཏེ། །དེ་བས་མཁས་པ་རྣམས་ཀྱིས་བཤད། །ཆོས་རྣམས་མ་ལུས་བདག་མེད་ཉིད། །སྒྲུབ་པར་བྱེད་ཕྱིར་དེ་རྒྱས་པར། །མི་འཁྲུལ་པ་ཡི་གཏན་ཚིགས་དག །ཇི་ལྟར་རིགས་པས་ཕྱིས་འདིར་བཤད། །ཕྱིན་ཅི་ལོག་གི་བློ་རྣམས་ཀྱི། །དམིགས་པ་ཡང་དག་མཐོང་ཡིན་ནམ། །ཡང་དག་དོན་ནི་གྲུབ་བྱའི་ཕྱིར། །ཚད་མ་རྗོད་པར་བྱེད་དམ་ཅི། །དང་པོ་རེ་ཞིག་མ་ངེས་ཏེ། །འགལ་བ་དག་ཀྱང་མཐོང་བ་ཡིན། །རབ་རིབ་ཅན་གྱིས་སྐྲ་ལ་སོགས། །མཐོང་བ་བདེན་པར་གྱུར་པ་


DTG107_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །གཉིས་པ་ཡང་ནི་ཚད་མ་དང༌། །ལུང་ལས་གྲུབ་པ་མ་ཡིན་ནོ། །ཆོས་རྣམས་མ་མཐོང་གང་ཡིན་པ། །ཡང་དག་ཤེས་པར་བསྟན་མ་ཐག །མངོན་སུམ་ལས་ནི་གྲུབ་པ་ཡི། །དངོས་པོ་མེད་ཅེས་ཉེར་བསྟན་ཟིན། །དེས་ན་དངོས་པོའི་ཡང་དག་པ། །དམིགས་པར་གྲུབ་པ་མ་ཡིན་ནོ། །གཅིག་ལ་གཅིག་ནི་སྟོང་པ་ཉིད། །ཐ་སྙད་ཡིན་གྱིས་ཡང་དག་པ། །མ་ཡིན་ཞེས་པ་དེ་ཡི་ཕྱིར། །དངོས་པོ་ཐམས་ཅད་མཁྱེན་མི་འགྲུབ། །ཁྱབ་བྱ་ཁྱབ་བྱེད་དངོས་ལ་སོགས། །ཐ་སྙད་ལ་ནི་ཤིན་ཏུ་འགྲུབ། །དོན་དམ་པ་ལ་འཇུག་བྱའི་ཕྱིར། །མཁས་པ་དེ་ལ་རྟེན་མི་བྱེད། །རྒྱུ་དང་འབྲས་བུའི་དངོས་ལ་སོགས། །ཇི་ལྟར་མཐོང་བ་བཞིན་དུ་འདོད། །ཆོས་རྣམས་ཀུན་གྱི་ངོ་བོ་ལ། །ཁྱབ་པར་བྱེད་པ་ཡང་དག་མིན། །ཡང་དག་ཉིད་དུ་དེ་ལོག་ན། །སྒྱུ་མ་ལ་སོགས་ལྟར་བརྟགས་པར། །དངོས་པོ་རྣམས་ཀྱི་དོན་དམ་པའི། །ངོ་བོ་ཉིད་ནི་ལྡོག་པར་འགྱུར། །འབྲེལ་པ་ཤིན་ཏུ་གྲུབ་བྱའི་ཕྱིར། །མངོན་སུམ་ཇི་སྟེ་འདོད་ན་ནི། །དེ་ཡང་མཚན་ཉིད་མ་འཁྲུལ་པ། །རྗེས་སུ་དཔག་པ་ཇི་ལྟར་གསལ། །དེ་དག་ཉིད་ལས་འབྲེལ་པ་རྙེད། །དེ་ཉིད་ཇི་སྟེ་སེལ་ན་ནི། །རྩ་བ་མེད་ཕྱིར་རང་དེ་ཡང༌། །མེད་པས་ཚད་མ་མེད་པར་འགྱུར། །མཐོང་བ་ལ་སོགས་ཐ་སྙད་ཀྱི། །དེ་ཡི་ངོ་བོ་མི་འགོག་ཕྱིར། །མངོན་སུམ་ཉིད་ནི་སེལ་བ་མིན། །བརྟགས་པ་དག་ནི་འགོག་པར་བྱེད། །ཀུན་རྫོབ་དོན་ནི་མི་སླུའི་ཕྱིར། །དེ་ནི་འཁྲུལ་པ་མེད་པར་བཤད། །ཡང་དག་མ་མཐོང་མངོན་སུམ་ནི། །ཡང་དག་ཡུལ་ལ་མ་འཁྲུལ་མེད། །གང་ལ་མ་འཁྲུལ་དེ་སེལ་མིན། །གང་དུ་སེལ་བ་དེར་དེ་མིན། །མ་འཁྲུལ་དོན་ནི་གཞན་ཡིན་ལ། །ཇི་ལྟར་དེ་ནི་རབ་ཏུ་སེལ། །རྗེས་དཔག་འབྲེལ་པ་མངོན་སུམ་ལས། །ཡང་དག་དོན་དུ་ཐོབ་པ་མེད། །ཀུན་རྫོབ་སྒོ་ནས་འདི་ཐོབ་པ། །དེ་ལ་རྗེས་ནི་སེལ་བ་མིན། །ཐ་སྙད་སྒོ་ནས་དེ་དག་ལ། །འབྲེལ་པ་ཐོབ་ནས་ཡང་དག་པར། །བརྟགས་པའི་དངོས་པོ་སེལ་བྱེད་ན། །རྨོངས་པས་ཅི་ཞིག་བརྩད་དུ་ཡོད། །གང་ཡང་འབྲེལ་པ་མངོན་སུམ་ལས། །ཐོབ་ནས་ཐོབ་པའི་གནས་དག་ཀྱང༌། །དེ་ལ་དེ་ཡིས་སེལ་ན་ཡང༌། །སེལ་བར་འདོད་དེ་ཅི་ཞིག་གནོད། །འདི་ལྟར་འགྲོ་བ་རྣམས་ཀྱི་ཆོས། །རྣམ་པར་བརྟགས་པ་


DTG107_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ནི། །ཡང་དག་རྣམ་འབྱེད་ཡེ་ཤེས་ཀྱི། །མེ་ཡི་ཤིང་དུ་གྱུར་པར་འདོད། །ཤིང་ལས་བྱུང་བའི་མེ་བཞིན་དུ། །ལོག་པའི་ཤིང་དེ་རབ་བསྲེགས་ནས། །རབ་འབྱོར་འབར་བར་བཞིན། །རྣམ་རྟོག་ཞི་བ་ཐོབ་པར་འགྱུར། །དེ་ཕྱིར་ཤིང་གཉིས་རུལ་པ་ལས། །བྱུང་བའི་མེ་ཡི་དཔེ་དག་གིས། །ཡང་དག་སོ་སོར་རྟོགས་པ་ཡི། །འབྲས་བུ་ཆེན་པོར་ཐུབ་པས་གསུངས། །རྩ་བ་མེད་པ་དེ་ཡི་ཕྱིར། །ཇི་སྟེ་ཡང་དག་ཤེས་པ་ཡི། །རྗེས་སུ་དཔག་པ་རྣམ་རྟོག་འདི། །ཕྱིས་ལྡོག་གྱུར་ན་གྲུབ་པ་སྒྲུབ། །མངོན་སུམ་རྩ་བ་ཐ་སྙད་དུའང༌། །ཇི་སྟེ་མེད་པ་ཡིན་ན་ནི། །དེ་ཚེ་རྗེས་སུ་དཔག་པ་ཡི། །འབྲེལ་པ་དེ་ལས་ཇི་ལྟར་རྙེད། །ཐ་སྙད་དུའང་འདི་དག་རྣམས། །མེད་པ་ཉིད་དུ་ཐལ་འགྱུར་པ། །མངོན་སུམ་སེལ་བའང་འདི་ལ་ནི། །ནུས་པའི་རྒྱུ་ནི་ཅི་ཞིག་ཡོད། །རྒོལ་དང་སླར་རྒོལ་གང་ཡིན་པའི། །རྩོད་པའི་གནས་སུ་རབ་གྱུར་པ། །དེ་ལ་བསྒྲུབ་བྱ་གྲུབ་བྱའི་ཕྱིར། །ཆོས་རྣམས་མ་ལུས་བདག་མེད་ལ། །ཇི་སྟེ་རྩོད་པར་གྱུར་ན་ཡང༌། །འོན་ཀྱང་སྒྱུ་མ་ལ་སོགས་པའི། །དཔེ་ཉིད་སྒྲུབ་བྱེད་དེ་ལ་ཡོད། །ཅི་སྟེ་སྒྱུ་མ་ལ་སོགས་པའང༌། །དངོས་པོ་ཉིད་དུ་ཡོད་དོགས་ན། །ནམ་མཁའི་མེ་ཏོག་ལ་སོགས་དང༌། །མོ་གཤམ་བུ་ཡང་ཅི་མི་སྙེད། །གང་དུ་ཤེས་པ་ཅུང་ཟད་འགའ། །ངེས་པར་འཁྲུལ་པ་འདོད་བྱ་དགོས། །དེ་ལྟ་མིན་ན་འགའ་ཡང་ནི། །གང་དུའང་བསླུས་པ་མེད་པར་འགྱུར། །ཐམས་ཅད་དངོས་མེད་བསྒྲུབ་བྱའི་ཕྱིར། །དེ་ལ་སྣང་བའི་ངོ་བོ་གང༌། །བརྫུན་པ་ཉིད་དུ་འདོད་པ་དག །དེ་དག་ཁོ་ན་དཔེར་བྱེད་དོ། །ཉི་ཚེ་བ་ཡི་རྩོད་པ་ལའང༌། །དེ་ལ་དངོས་འཛིན་ལྡོག་པའི་ཕྱིར། །ཇི་ལྟར་བསྟན་པ་ཁོ་ན་བཞིན། །དཔེར་ནི་ཐམས་ཅད་གྲུབ་པ་ཡིན། །སྒྲུབ་པར་བྱེད་པ་འཁྲུལ་པས་ན། །ཕ་རོལ་པོ་ཡི་འདོད་པའི་དོན། །སེལ་བར་བྱེད་དོ་ཇི་ལྟར་ན། །མི་འདོད་ཐལ་བར་འགྱུར་བ་ཡིན། །རྨི་ལམ་ལ་སོགས་དཔེ་འགྲུབ་ཅིང༌། །ཇི་ལྟར་ངེས་ལ་གཏན་ཚིགས་ཀྱིས། །བསྒྲུབ་བྱ་སྒྲུབ་བྱེད་ལ་ཁྱབ་པ། །དེ་ལྟར་དངོས་པོར་སྨྲ་ལ་མིན། །ཕྱོགས་སུ་གཅིག་པའི་དངོས་ཉིད་དམ། །ཐམས་ཅད་དངོས་པོར་སྒྲུབ་ན་ཡང༌། །དངོས་པོར་སྨྲ་བ་རྣམས་ལ་ནི། །གཉི་གར་གྲུབ་པའི་དཔེ་ཡོད་མིན། །བདག་མེད་སྐད་ཅིག་ལ་སོགས་པ། །སྒྲུབ་པ་ལ་ཡང་མེད་


DTG107_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཅི། །རྒོལ་ཏེ་ངན་པ་ཉི་ཚེ་ཡིས། །ངེད་ལ་བྱ་བ་ཅི་ཞིག་ཡོད། །དངོས་ཡོད་དངོས་མེད་གཉི་ག་ཡི། །ཆོས་ནི་ཡོད་པ་བསྒྲུབ་པ་ལ། །མ་གྲུབ་ལ་སོགས་སྐྱོན་སྒོ་ནས། །མཁས་པ་རྣམས་ཀྱིས་སུན་དབྱུང་སྨྲས། །མི་འཁྲུལ་བ་ཡི་སྒོ་དག་ནས། །ཁྱབ་བྱེད་ལ་སོགས་བཀག་པ་ཡིས། །དངོས་པོ་མེད་ཆོས་ཅིར་བསྒྲུབ་ན། །དེ་ལ་མ་འབྲེལ་ཅི་ཞིག་ཡོད། །ཡོད་པ་ཡིན་ན་དངོས་མེད་པར། །རེ་ཞིག་སྒྲུབ་པར་ནུས་པ་མེད། །བརྫུན་དེ་བསྒྲུབ་པར་མི་བྱ་ནའང༌། །གང་དུ་རབ་ཏུ་བསྒྲུབ་པར་བྱ། །མི་སྒྲུབ་ན་ཡང་གཞན་དག་གིས། །དེ་ལ་བདག་སོགས་བརྟགས་པ་ཡིས། །དངོས་པོ་དགག་པ་ཁྱེད་ཅག་གི །ཚད་མ་མེད་པ་ཇི་ལྟར་འགྲུབ། །དངོས་པོའི་བདག་ཉིད་ཡང་དག་གང༌། །འགའ་ཡང་གང་དུ་མ་གྲུབ་ན། །གང་གིས་དེ་ནི་རྒྱུར་བརྗོད་པའི། །དངོས་པོའི་ཆོས་ནི་ག་ལ་ཡོད། །དངོས་པོ་གྲུབ་པ་མ་ཡིན་ན། །དངོས་པོ་མེད་པའང་འགའ་མི་འགྲུབ། །དངོས་པོ་གཞན་དུ་གྱུར་པ་ཉིད། །དངོས་མེད་མཚན་མ་སྨྲ་གཞན་མིན། །དེ་ཡི་ཆོས་ཀྱང་མི་འགྲུབ་ཅིང༌། །གཉིས་ལ་བརྟེན་པའང་ཡོད་པ་མིན། །གཉིས་ལ་གྲུབ་པ་དེ་ཡི་ཕྱིར། །གཉིས་མིན་གཏན་ཚིགས་སྲིད་པའང་མེད། །དངོས་དང་དངོས་མེད་རྣམ་བྲལ་ཆོས། །རྨི་ལམ་ལ་སོགས་བཞིན་དུ་སྣང༌། །དེ་ཕྱིར་ཆོས་ཀུན་དེ་དག་གིས། །རང་དང་མཐུན་པ་སྒྲུབ་བྱེད་ཡིན། །ཇི་ལྟར་བདག་སོགས་དངོས་མེད་ཉིད། །ནུས་དང་བྲལ་བ་ལ་སོགས་པས། །ཁྱེད་ཅག་རྣམས་ཀྱིས་སྒྲུབ་པར་བྱེད། །ངེད་ཀྱིས་འང་དེ་བཞིན་ཀུན་དུ་ཡིན། །ཡང་དག་ཉིད་དུ་འདོད་པ་ཡིས། །དངོས་པོར་འདི་ལྟར་རྣམ་གཉིས་ཏེ། །རྟག་དང་མི་རྟག་གཉི་ག་ལའང༌། །གནོད་པར་བྱེད་པའི་ཚད་མ་ཡོད། །ཡང་དག་ཉིད་དུ་བརྟགས་པ་ཡི། །མི་རྟག་པ་ལ་སྐྱེ་བས་ཁྱབ། །འདི་ལྟར་སྐྱེ་མེད་ངོ་བོ་ལ། །སྐྱེ་དང་འཇིག་པའི་ཆོས་ཉིད་མེད། །སྐྱེ་བ་རྣམས་ཀྱི་སྐྱེ་འཇིག་པའི། །ཆོས་ཉིད་ཚད་མ་ལས་གྲུབ་ནའང༌། །མི་རྟག་བདག་ཉིད་གྲུབ་མོད་ཀྱི། །དངོས་པོ་ཡིན་ཞེས་མི་རྟག་སྟེ། །བུ་ལ་སོགས་པ་བརྫུན་པ་ཡང༌། །སྐྱེ་སོགས་རྨི་ལམ་མཐོང་བའི་ཕྱིར། །འཇིག་དང་སྐྱེ་བའི་ཆོས་ཉིད་ལས། །དངོས་པོ་ཉིད་ཀྱིས་ཁྱབ་པ་མེད། །དེ་བས་མི་རྟག་ངོ་བོ་ལ། །སྐྱེ་བས་ཁྱབ་པ་ཡིན་མོད་ཀྱི།།


DTG107_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་རྣམས་ཀྱིས་ཡང་དག་ཉིད། །འགའ་ཡང་འགྲུབ་པ་མ་ཡིན་ཏེ། །ཁྱབ་པར་བྱེད་པ་ཡོད་པ་ལས། །ཁྱབ་བྱ་མ་ལུས་ངེས་འགྱུར་མེད། །ཇི་ལྟར་སྣང་བ་འདི་དག་ལ། །ཁྱབ་པ་ཡིན་ཞེས་ཉེ་བར་བརྗོད། །ཡང་དག་ཉིད་དུ་སྐྱེ་མེད་ན། །མི་རྟག་རྗེས་འབྲེལ་དངོས་པོ་ལ། །ཡང་དག་ཉིད་དུ་ཀུན་བརྟགས་པ། །དེ་ནི་ལོག་པ་ཁོ་ནར་འགྱུར། །དེ་ལོག་པ་ན་དེ་ལྡོག་པར། །ཇི་སྟེ་དེ་ལྟར་ངེས་མེད་ན། །དེ་ལྟར་མིག་ན་སྐྱེ་བ་ཡི། །མི་རྟག་ཁྱབ་པར་མི་འགྱུར་རོ། །རང་གཞན་གཉི་ག་རྒྱུ་མེད་ལས། །སྐྱེ་བ་གསལ་བ་གང་ཡིན་པ། །ཡང་དག་ཉིད་དུ་དེ་དངོས་མེད། །མོ་གཤམ་བུ་ལ་སོགས་པ་བཞིན། །དེ་བཞིན་འདུས་བྱས་དངོས་པོ་ཀུན། །འདིར་ནི་ཡང་དག་ཉིད་དུ་ན། །སྒྱུ་མ་རྨི་ལམ་ལྟ་བུ་སྟེ། །དེ་བས་འདུས་བྱས་ཀུན་རིག་བྱ། །གྲངས་ཅན་ལ་སོགས་དེ་དག་གིས། །རང་ཉིད་ལས་ཀྱི་དངོས་པོ་རྣམས། །སྐྱེ་བར་བརྟགས་ཏེ་རྒྱུ་དག་ལས། །འབྲས་བུ་ཐ་དད་མེད་པར་འདོད།། དེ་ནི་མི་རིགས་བདག་ཉིད་ཀྱི། །དངོས་པོ་སྐྱེད་པར་བྱེད་པ་འདི། །མ་གྲུབ་པ་ཡི་སྐྱེད་བྱེད་དམ། །གྲུབ་པས་ཡིན་ཞེས་རྣམ་པར་བརྟག །མ་གྲུབ་པ་རང་ཉིད་མེད་ཡིན་ན། །དེ་ཚེ་གང་ཞིག་ཅི་ཞིག་སྐྱེད། །མོ་གཤམ་ནུ་མ་འཐུང་བའི་བུ། །རང་གི་བདག་ཉིད་སྐྱེད་པ་མེད། །གྲུབ་པ་ཡིན་ནའང་དབྱེ་མེད་ཕྱིར། །བདག་ཉིད་སྐྱེད་ཕུང་བྱེད་དེ་མེད། །འདི་ལྟར་བདག་ཉིད་གྲུབ་ན་ཡང༌། །དེ་ཚེ་དེས་སྐྱེད་ཅི་ཞིག་ཡོད། །ཕན་པ་ཉེ་བར་བྱེད་ན་ནི། །སྐྱེད་བྱེད་བསྐྱེད་པ་ཉིད་དུ་གྲགས། །རང་གི་ངོ་བོ་གྲུབ་ན་འདིའི། །རྒྱུ་མཚན་རྣམ་གཞག་ཅི་ཞིག་ཡོད། །དངོས་མེད་པར་ཡང་རབ་སྨྲ་ན། །སེམས་པ་ཅན་ལའང་ཅིར་མི་འདོད། །བསྐྱེད་བྱ་སྐྱེད་བྱེད་ཉིད་གང་གིས། །རང་བཞིན་འབའ་ཞིག་ཡིན་པར་བརྗོད། །སེམས་པ་ཅན་བཞིན་རང་ཡོད་ཕྱིར། །ནང་གི་སྐྱེ་མཆེད་རྣམས་ཀྱང་ནི། །སྐྱེ་བ་མིན་ཞེས་ཕ་རོལ་ལ། །རབ་ཏུ་ཐལ་དོན་དེ་ཕྱིར་སྨྲས། །དེས་ན་སེམས་པ་ཅན་དཔེར་བླངས། །ཐལ་བའི་དོན་ནི་སྨྲས་པ་ལ། །ཐལ་དོན་ཡོངས་སུ་མ་ཤེས་ནས། །མ་གྲུབ་པར་ཡང་རྒོལ་བར་བྱེད། །འགལ་བར་རབ་ཏུ་བརྗོད་པའི་ཕྱིར། །གཞན་ལ་གྲུབ་པ་རྗེས་བསླབ་སྟེ། །ཐལ་བར་བསྒྲུབ་པར་རིགས་པ་ཡིན། །རང་ལ་གྲུབ་ལ་ཐལ་བྱེད་མིན། །དེས་ན་དེ་ལ་མ་གྲུབ་དང༌། །འགལ་


DTG107_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉིད་དུ་རྒོལ་བྱེད་པ། །དེ་ཡི་མི་ཤེས་སྡུག་པོ་ཡི། །མཐུ་ཡིས་བརྗོད་པ་ཁོ་ནར་ཟད། །འོན་ཏེ་གྲུབ་ཀྱང་བདག་དངོས་ལ། །ཕན་པར་བྱེད་པ་ཡོད་ན་ཡང༌། །དེ་ལས་ཕན་པ་ཐ་དད་ན། །རང་ལས་ཇི་ལྟར་སྐྱེ་བ་ཡིན། །འདིས་ན་ཕན་པའང་དུས་རྟག་ཏུ། །རང་གི་བདག་ཉིད་བཞིན་གྲུབ་ན། །ཇི་ལྟར་དེ་ཡིད་དེ་བྱེད་པའི། །རྒྱུ་མཚན་དེར་ནི་བརྗོད་བྱ་དགོས། །རྒྱུ་དང་འབྲས་བུ་ཞེས་བྱ་བའི། །རྣམ་པར་གཞག་འདི་ག་ལས་འགྱུར། །ཇི་སྟེ་འདི་ནི་དབྱེར་མེད་ན། །རྣམ་གྲངས་སུ་ནི་བརྗོད་པ་མིན། །གསལ་བའམ་ཡོངས་སུ་འགྱུར་བ་ནི། །དེ་རྣམས་གཞག་པའི་རྒྱུ་ཡིན་ནའང༌། །དེ་ལས་དེ་གཉིས་ཐ་དད་ན། །རང་ལས་སྐྱེ་བར་རིགས་པ་མིན། །ཐ་མི་དད་པ་ཉིད་ཡིན་ནའང༌། །རྒྱུ་དང་འབྲས་བུའང་འཚོལ་བར་འགྱུར། །གསལ་དང་མི་གསལ་ལ་སོགས་ཆོས། །འགལ་བ་དུས་གཅིག་ཇི་ལྟར་རུང༌། །ཆ་ཤས་ཐ་དད་ཡོད་ན་ཡང༌། །གཅིག་ལ་ཆ་ཤས་ག་ལ་ཡོད། །ཐ་དད་ཐ་དད་མི་འགལ་བ། །དངོས་པོ་གཅིག་ལ་ཇི་ལྟར་རུང༌། །དངོས་པོ་གཅིག་ནི་དགག་ན་ཡང༌། །གཉིས་པ་སྒྲུབ་པ་མེད་པར་བྱེད། །དེས་ན་གཉིས་མིན་ཕྱོགས་ལ་ཡང༌། །དངོས་པོ་བརྟག་པར་མི་བྱའོ། །སྔོན་གྱི་ངོ་བོ་མ་བོར་བར། །དེ་ནི་གསལ་བ་ཡོངས་འགྱུར་བར། །ཇི་སྟེ་འགྱུར་ན་གནས་སྐབས་རྣམས། །ཐམས་ཅད་དུ་ཡང་འདྲེས་པར་འགྱུར། །བུམ་པ་ལ་སོགས་སྣང་བ་ཡང༌། །མི་སྣང་འགྱུར་ཞིང་བྱིས་སོགས་ལ། །རྒན་པའང་དམིགས་འགྱུར་སྔ་མ་བཞིན། །རྟག་ཏུ་གཉི་ག་ཡོད་པར་འགྱུར། །ཇི་སྟེ་འགལ་བའི་ཆོས་རྣམས་ཀྱང༌།། གཅིག་ཏུ་འདོད་ན་དེ་ཡི་ཚེ། །སེམས་ཅན་ལས་ལ་གཙོ་བོ་དང༌། །མི་རྣམས་ཐ་དད་ཇི་ལྟར་འགྱུར། །དེ་ལྟར་གཅིག་ཏུ་འདོད་པ་ཡང༌། །ཇི་སྟེ་བཟློག་པར་མི་བྱ་ན། །ཅིག་ཅར་སྐྱེ་དང་ཐར་ལ་སོགས། །ཁྱེད་ཀྱི་ཀུན་འགྱུར་མིན་ནམ་ཅི། །ཇི་སྟེ་ཕྱི་ནས་བོར་ན་ནི། །རང་ལས་སྐྱེ་བ་ཉམས་པར་འགྱུར། །སྔོན་པོར་བ་ལས་ཐ་དད་ཕྱིར། །རྟག་ཏུ་དེ་ཉིད་གསལ་བ་ཡིན། །ཡུལ་དང་དུས་ལ་སོགས་པ་ཡི། །གནས་སྐབས་ངེས་པ་འདི་སྣང་ན། །རང་ཉིད་ལས་ནི་སྐྱེ་བ་ཡི། །དངོས་ལ་གཏན་ཚིགས་ཅི་ཞིག་ཡོད། །ལྟོས་པ་མེད་ཕྱིར་ཕོམ་རིལ་དུ། །རྟག་ཏུ་གསལ་བ་མེད་པར་འགྱུར། །རྒྱུ་


DTG107_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་ནི་ལྟོས་ནས་ནི། །རྟག་ཏུ་དངོས་པོ་ཐམས་ཅད་ནི། །རང་གི་དངོས་ལ་གནས་པས་ན། །རྟག་པར་གནས་ཕྱིར་སྐྱེ་དོན་མེད། །གསལ་དང་ཡོངས་སུ་འགྱུར་བ་མེད། །རྟག་རྣམས་ངོ་བོ་གཅིག་པའི་ཕྱིར། །གསལ་དང་ཡོངས་སུ་འགྱུར་བ་མེད། །དངོས་པོ་མ་བརྟགས་པ་རྣམས་ནི། །ཤིན་ཏུ་གནས་པ་མེད་པ་ཡིན། །དེ་ཉིད་དང་ནི་གཞན་ཉིད་དག །ཕན་ཚུན་སྤངས་ཏེ་གནས་པའི་ཕྱིར། །ཡོངས་སུ་འགྱུར་བ་གཞན་གྱུར་པ། །དེ་ནི་དེ་ཡིན་ཇི་ལྟར་འགྱུར། །གསལ་བར་གཞན་དུ་འགྱུར་བ་ཡང༌། །རྟག་པར་གྱུར་པ་ཡིན་པར་བརྗོད། །འགལ་བའི་ཆོས་དང་འདྲེས་གྱུར་པར། །འདིར་ཡང་འཇིག་པ་བཞིན་དུ་འགྱུར། །གང་ཞིག་ཕྱི་ནས་བྱུང་བའི་ཆོས། །དངོས་པོ་དེ་ནི་གཞན་མིན་ནམ། །གང་ཞིག་གཞན་གྱི་དངོས་པོ་དེ། །དེ་ཡི་མིང་དུ་ཇི་ལྟར་འགྱུར། །ཇི་སྟེ་ཆོས་དེ་སྔ་ན་ཡོད། །ཅི་ཡི་ཕྱིར་ན་དེ་མི་སྣང༌། །ཅི་སྟེ་མི་སྣང་ངོ་བོ་འདི། །ཕྱི་ནས་ཅི་ཕྱིར་འདི་སྣང་ཡིན། །སྒྲིབ་ནའང་སྣང་ཤར་དེ་ཡི་ཚེ། །འོ་མ་ལ་ཞོ་ཅིས་མ་མཐོང༌། །དེ་ནི་རྣམ་པར་འདྲེས་པར་ལྟོས། །ཞོ་ལས་ཐ་དད་མ་ཡིན་ཕྱིར། །འོ་མའང་བསྒྲིབས་པ་ཉིད་དུ་འགྱུར། །ཕྱི་ནས་ཞོ་ལ་སྒྲིབ་པ་ཡང༌། །སྔ་མ་བཞིན་དུ་ཐལ་བར་འགྱུར། །དེ་བས་གསལ་དང་འགྱུར་སྒོ་ནས། །རང་ལ་སྐྱེ་བར་ཕ་རོལ་པོས། །བརྟག་པ་གང་དེ་དག་གི །རྨོངས་པ་ཆེན་པོའི་རློམ་པ་ཡིན། །གཞན་ལས་ཀྱང་ནི་དངོས་པོ་རྣམས། །ཡང་དག་སྐྱེ་བར་རིགས་མིན་ཏེ། །གཞན་ལས་འགྱུར་ན་རྟག་པའམ། །མི་རྟག་པ་ལས་དེ་འགྱུར་གྲང༌། །རིམ་དང་ཅིག་ཅར་འཇུག་པ་ཡིས། །རྟག་པ་སྐྱེད་པར་བྱེད་པ་མེད། །དེ་བས་དངོས་རྣམས་སྐྱེ་མེད་པ། །མཁའ་ཡི་མེ་ཏོག་སོགས་བཞིན་རིགས། །རྟག་པར་རང་ཉིད་ནུས་ན་ཡང༌། །དེ་ནི་གཞན་ལ་ཅི་ཕྱིར་ལྟོས། །བྱར་མེད་པ་ནི་འདི་ཡིན་ན། །གཞན་ལ་ལྟོས་པ་གང་ཡང་མེད། །དེ་བས་འདི་ནི་ལྟོས་མེད་ཕྱིར། །རིམ་གྱིས་སྐྱེད་པར་བྱེད་མི་རིགས། །རྒྱུ་རྣམས་མ་ཚང་མེད་པའི་ཕྱིར། །འབྲས་བུ་སྐྱེ་བའམ་རིགས་མི་དམིགས། །ཐམས་ཅད་ཅིག་ཅར་སྐྱེད་ནས་ནི། །ཇི་སྟེ་ཕྱི་ནས་མི་སྐྱེད་ན། །ཕྱི་མ་བཞིན་དུ་ནུས་མེད་ཕྱིར། །སྔར་ཡང་སྐྱེད་པ་མ་ཡིན་འགྱུར། །རང་ལས་མེད་པའི་ནུས་


DTG107_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །རང་གི་ངོ་བོ་རྗེས་འབྲང་ན། །སྔ་མ་བཞིན་དུ་སྐྱེད་བྱེད་པ། །རྟག་པར་འགྱུར་གྱི་ལྡོག་མི་འགྱུར། །ཐ་སྙད་དུ་ཡང་ནུས་མེད་ཕྱིར། །དེ་བས་རྟག་པའི་དངོས་དོན་མེད། །དངོས་པོ་དེ་ཡི་མཚན་ཉིད་ནི། །ནུས་པ་ཡིན་ཞེས་མཁས་པ་སྨྲ། །མི་རྟག་པ་ཡང་ཞིག་པ་ལས། །མེད་ཕྱིར་དངོས་པོ་སྐྱེ་མི་རིགས། །ཡོད་པ་ལས་ཀྱང་མི་རིགས་ཏེ། །འདས་པ་རྣམས་ཡང་ཡོད་པ་མིན། །བྱེད་པ་ཞིག་ཕྱིར་དེ་ཡིན་ནའང༌། །འདས་པ་རང་གི་དངོས་པོ་མེད། །གཞན་དག་ཞིག་པར་གྱུར་པའི་ཕྱིར། །གཞན་དག་འདས་པར་ཇི་ལྟར་རིགས། །ཇི་སྟེ་བྱིས་པ་གཞན་ཞིག་པས། །བྱེད་པའང་འཇིག་པར་འགྱུར་ན་ནི། །གནས་པ་མེད་པ་ཡིན་པའི་ཕྱིར། །བྱེད་པ་རྣམས་ལ་མཐའ་མེད་འགྱུར། །འོན་ཏེ་བྱེད་པ་རང་ཁོ་ན། །ཞིག་པ་ཉིད་དུ་རྟོག་ན་ནི། །དངོས་པོ་རྣམས་ཀྱང་དེ་བཞིན་དུ། །རྣམ་པར་འཇིག་པར་ཅིར་མི་འགྱུར། །ཐ་དད་ན་ནི་དངོས་པོ་དང༌། །བྱེད་པར་འབྲེལ་པ་མི་གཉིས་འགྲུབ། །གཅིག་པ་ཡིན་ན་བྱེད་པ་བཞིན། །དངོས་པོ་རང་ཉིད་ཞིག་པར་ཡོད། །བྱེད་པའང་འདས་པ་ཉིད་ཡོད་པར། །དངོས་པོ་བཞིན་དུ་ཐལ་བར་འགྱུར། །བྱེད་པ་བརྗོད་དུ་མེད་ཡིན་ནའང༌། །བརྟག་པར་འགྱུར་གྱི་ཡང་དག་མིན། །མ་འོངས་མ་ཞིག་པ་ལས་ཀྱང། །འབྲས་བུ་སྐྱེ་བར་མི་རིགས་ཏེ། །དེ་ཡི་རང་བཞིན་མ་ཐོབ་ཕྱིར། །མོ་གཤམ་བུ་ལས་ཇི་བཞིན་ནོ། །ཇི་ལྟར་དངོས་པོའི་ཞིག་པ་ཉིད། །བྱེད་པའི་དབང་གིས་མི་རིགས་པ། །དེ་བཞིན་མ་འོངས་དངོས་པོ་ཡང༌། །དེ་ཡི་དབང་གིས་རྟག་ཏུ་མེད། །དེ་ལྟར་ལས་ཀྱང་འབྲས་མིན་ཏེ། །དུས་གཅིག་རྣམ་པར་རྟོག་ན་ནི། །རྒྱུ་བཞིན་ཡོངས་སུ་གྲུབ་པའི་ཕྱིར། །དེ་ལྟ་མིན་ན་དུས་གཅིག་མིན། །ཐ་དད་དུས་ཀྱང་འབྲས་བུ་ནི། །ཇི་སྟེ་མ་འོངས་པ་ནས་སྔ། །དེ་ཚེ་དེ་ལྟར་མི་རིགས་པར། །དེ་ནི་སྔ་རོལ་ཉེ་བར་བསྟན། །སྐད་ཅིག་གཞན་གྱིས་བར་བཅད་ནས། །ཕྱི་ནས་འབྱུང་ནའང་དེ་ཡི་ཚེ། །འདས་པ་དག་ལས་དེ་འབྱུང་བས། །དེ་ཡང་སྔར་བསལ་ཟིན་པ་ཡིན། །འོན་ཏེ་བར་ནི་མ་ཆོད་པར། །འབྲས་བུ་འབྱུང་ན་དེ་ཡི་ཚེ། །རྒྱུ་དང་འབྲས་བུ་གཉི་ག་ཡང༌། །དུས་གཅིག་ཁོ་ནར་འགྱུར་བ་ཡིན། །འོན་ཏེའང་སྐད་ཅིག་ཉིད་ཀྱིས་ན། །འབྲས་བུའི་དུས་ན་རྒྱུ་མི་གནས། །ཅིག་ཅར་འགྱུར་


DTG107_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཐལ་བར་ནི། །དེ་ཕྱིར་རིགས་པ་མ་ཡིན་ཏེ། །འཇིག་དང་སྐྱེ་བ་དུས་མཉམ་པ། །སྲང་མདའི་མཐོ་དམན་བཞིན་དུ་ཡིན། །དེས་ན་རྒྱུ་དང་འབྲས་བུ་གཉིས། །དུས་གཅིག་ཉིད་དུ་འགྱུར་བ་མེད། །ཇི་ལྟར་ཆུ་བོ་དྲག་པོའི་རྒྱུན། །གང་ཚེ་ཆུ་གཞན་ནུས་པ་ན། །དེ་ཚེ་ཆུ་གཞན་འབབ་པ་ཡིན། །དེ་བཞིན་འཇིག་དང་སྐྱེ་བུས་མཉམ། །གང་ཚེ་རང་གི་སྔ་མ་འདོར། །དེ་ཚེ་ཅིག་ཤོས་འོང་བ་ཡིན། །ཇི་ལྟར་གྲིབ་མས་ཉི་མའི་ཡུལ། །སེལ་བའི་དངོས་པོའི་གནས་སྐབས་དང༌། །དངོས་དང་བར་དག་མ་ཆོད་པར། །འཇིག་པར་ཇི་ལྟར་འགྱུར་ཡང་ན། །དུས་གཅིག་འགྱུར་བ་མ་ཡིན་པ། །དེ་བཞིན་འབྲས་བུ་ལྟ་བར་གྱིས། །རྒྱུ་དང་འབྲས་བུ་ཉིད་ཀྱི་ཚུལ། །མ་བརྟགས་པར་ནི་གྲུབ་པ་ཡིན། །ཇི་སྟེ་འདོད་རྒྱལ་འདི་སྨྲ་ན། །གཞན་དག་ལ་ནི་སྨྲ་ལ་རག །སྐབས་འདི་ཉིད་ནི་ཡང་དག་པའི། །དོན་ལ་རྣམ་པར་དཔྱད་པ་ཡིན། །ཞི་བ་མོར་དཔྱོད་པར་མཁས་པ་ལ། །འདོད་རྒྱལ་སྨྲ་བར་རིགས་པ་མིན། །འདི་ལྟར་བར་ནི་མ་ཆོད་པར། །འབྲས་བུ་ཡིན་ཞེས་ཁྱེད་ཀྱིས་བརྗོད། །མཁས་པ་རྣམས་ཀྱིས་དེ་དག་བརྗོད། །རྣམ་པར་དཔྱོད་ན་ཕྱོགས་མེད་བྱ། །བར་མེད་པར་ནི་འདོད་ན་ཡང༌། །དེ་ཚེ་རྒྱུ་དང་འབྲས་བུ་དག །དུས་གཅིག་འགྱུར་བ་མ་གཏོགས་པར། །གཞན་དུ་འགྱུར་བར་ཡོད་དམ་ཅི། །རྣམ་པར་ཆད་པར་བྱེད་དུས་དེ། །ཐུང་བའམ་དབུས་ན་མེད་ན་ནི། །རང་གི་ཞིབ་མོའི་མི་དག་གིས། །དེ་ཉིད་ཚུལ་དེ་རྟོགས་ཏེ་སྨྲོས། །འདི་ལྟར་བདག་ཉིད་ཀུན་གྱིས་ནི། །དེ་གཉིས་ཇི་ལྟར་བར་མ་ཆད། །སྐད་ཅིག་པ་རྣམས་དུས་གཅིག་ཕྱིར། །བསྐལ་པའང་སྐད་ཅིག་ཙམ་དུ་འགྱུར། །དེ་ཚེ་ཐམས་ཅད་ཀུན་རྫོབ་ཏུ། །འགྱུར་བ་ཉེ་བར་བསྟན་ཟིན་ཏོ། །བར་མེད་འཇུག་པའི་རྒྱུན་དག་ལ། །དབུས་ན་གནས་པའི་སྐད་ཅིག་གི །བདག་ཉིད་དང་ནི་སྔ་མ་རུ། །བར་ཆད་མེད་པ་ཉིད་ཡིན་ལ། །གང་གིས་འདོད་པ་དེ་ཉིད་ཀྱང༌། །དེ་དང་འོག་མར་ཡང་ཡིན་ན། །དེ་ཚེ་མ་སྐྱེས་འདས་པ་ཡི། །སྐད་ཅིག་རྣམས་ཀྱིས་དབུས་གནས་པའི། །སྐད་ཅིག་དང་ནི་དུས་གཅིག་ལ། །བཟློག་མེད་འོན་ཏེ་བདག་ཉིད་ལ། །གཞན་གྱིས་བར་ནི་མ་ཆོད་ན། །སྐད་ཅིག་གཅིག་ཉིད་ཉམས་པར་འགྱུར། །འབྲས་བུའི་


DTG107_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ན་རྒྱུ་མེད་ཕྱིར། །མེད་དང་ལྷན་ཅིག་ཐམས་ཅད་དུ། །བར་མ་ཆོད་པའི་བསམ་པ་ཉིད། །མི་རིགས་སྙམ་དུ་སེམས་ན་ཡང༌། །ཁྱེད་ཀྱིས་དེ་ནི་མི་རིགས་ཏེ། །རྒྱུ་དང་འབྲས་བུ་གཉིས་བར་ན། །དུས་གཞན་ཡོད་པར་མི་འདོད་ན། །དེ་ཚེ་མེད་པ་དེ་མི་རུང། །དེ་གཉིས་བར་ནི་མ་ཆོད་པར། །ཁྱེད་ཅག་མངོན་མི་འདོད་ནའང༌། །རྒྱུ་དང་བར་མེད་འབྲས་བུ་ཞེས། །རྨོངས་ཏེ་ཅི་ཞིག་རྗོད་པར་བྱེད། །རེག་དང་བར་ནི་མ་ཆོད་དང༌། །མཇུག་ཐོགས་དང་ནི་བར་མེད་པ། །རྣམ་གྲངས་ཡིན་ཏེ་ནམ་དུ་ཡང༌། །དོན་གྱི་དབྱེ་བ་འགའ་ཡང་མེད། བར་མེད་ཡིན་པར་མངོན་འདོད་ནའང༌། །དེ་ཅི་བདག་ཉིད་ཀུན་གྱིས་སམ། །དེ་ཉིད་ཕྱོགས་གཅིག་གིས་འདོད་ཅེས། །དེ་ཚེ་བསམ་པར་མི་འགྱུར་རམ། །གཉི་གའང་སྐྱོན་འདིར་འགྱུར་བ་ནི། །སྔར་ནི་ཉེ་བར་བསྟན་ཟིན་ཏོ། །རྣམ་པ་གཉིས་ལ་མ་གཏོགས་པར། །བར་མེད་ཚུལ་ནི་ཡོད་པ་མིན། །རྒྱུ་དང་མ་ཆོད་པར་ཡོད་པ། །འབྲས་བུ་ཡིན་ཞེས་ཉེར་བརྗོད་ལ། །དེ་ཡང་བར་ཆད་མེད་པར་ནི། །མ་ཡིན་ཞེས་པ་དགེ་བར་གསུངས། །འབྲས་བུའི་ཚེ་ན་རྒྱུ་མེད་ནའང༌། །དེ་ནི་གང་ལས་འབྱུང་བར་འགྱུར། །མེད་ན་ད་ལྟར་མ་ཡིན་ཕྱིར། །ཞིག་པ་ལས་ནི་སྐྱེ་བར་འགྱུར། །ཡོད་ན་བར་ཆད་མེད་ལ་སོགས། །དེ་ཚེ་བསམ་པར་ཅིར་མི་འགྱུར། །དེ་ལྟ་མིན་ན་མ་ཞིག་ལས། །འབྲས་བུ་ཁྱེད་ནི་ཇི་ལྟར་འདོད། །འབྲས་བུ་སྐྱེ་བའི་དུས་ན་ནི། །རྒྱུ་ཡོད་འདོད་པ་མ་ཡིན་ནམ། །དེ་ཡོད་དུས་ན་དེ་དག་ནི། །ཞིག་པའི་ཕྱིར་ན་གནས་པ་མེད། །དེས་ན་མ་ཞིག་པ་དག་ལས། །འབྲས་བུ་ཡིན་ནའང་སྐྱེ་བ་ལས། །ཡོད་པ་ཐ་དད་མེད་པ་ཉིད། །སྐྱེ་བ་བསྐྱེད་བྱ་ཡིན་པའི་ཕྱིར། །དེ་ཚེ་འབྲས་བུ་རྒྱུ་མེད་འགྱུར། །དེ་གཉིས་ཕན་པ་མི་བྱེད་ཕྱིར། །འབྲས་བུ་བསྐྱེད་ཅེས་བྱ་བ་ཡི། །འབྲེལ་པ་འདི་ཡང་འགྲུབ་མི་འགྱུར། །དེ་བས་ཡོད་པ་ཁོ་ན་ལ། །འབྲས་བུ་སྐྱེ་ཞེས་བརྗོད་པ་ཡིན། །དེ་ཡི་དུས་ན་རྒྱུ་ཡོད་ཕྱིར། །དེ་གཉིས་དུས་ནི་གཅིག་པར་འགྱུར། །ཡང་དག་བརྟགས་ན་སྲང་མདའ་ཡི། །དཔེ་ཡང་གྲུབ་པ་མ་ཡིན་ཏེ། །ཆ་ཤས་ཅན་གྱི་ངོ་བོ་དང༌། །ཆུང་དུ་བསགས་པ་འདི་མི་རིགས། །གཅིག་ལ་འགལ་བའི་ལས་རྣམས་ནི། །འཐད་པ་མེད་


DTG107_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཆ་ཅན་མེད། །ཆ་ཤས་མེད་པའི་རྡུལ་ཕྲན་ཡང༌། །བསགས་པར་རུང་བ་མ་ཡིན་ནོ། །ཤེས་པ་སྣང་བའི་ངོ་བོ་ཡི། །སྲང་མདའི་དོན་དམ་ཉིད་དུ་ན། །ལུས་ཅན་མིན་ན་མཐོན་དམན་དུ། །འགྱུར་བ་མ་གྲུབ་རྣམ་པ་ཡང༌། །བརྫུན་པའི་ཕྱིར་ན་དེ་མི་སྲིད། །དེ་བཞིན་རྒྱུ་འབྲས་དངོས་པོ་འདི། །ཀུན་རྫོབ་ཡིན་པར་བསྒྲུབས་པར་གྱུར། །ཡང་དག་ཉིད་ནི་དེ་མ་ཡིན། །དེ་བཞིན་དྲི་མ་ཆུང་ལ་སོགས། །ཡང་དག་པར་ནི་གྲུབ་པ་མེད། །དེ་དང་ཆོས་ནི་མཐུན་པའི་ཕྱིར། །རྒྱུ་འབྲས་ཡང་དག་ཉིད་མི་འགྲུབ། །བདག་ཉིད་ཀུན་དང་ཕྱོགས་གཅིག་གིས། །བར་མེད་རྣམ་པར་དཔྱོད་པ་ན། །ཕྱོགས་གཅིག་ཉིད་དང་ཆ་ཤས་ཀྱི། །སྐྱོན་འགྱུར་འདིར་ཡང་མཚུངས་པ་ཡིན། །དངོས་མ་གྲུབ་ན་དངོས་མེད་པའང༌། །གང་དུ་འགའ་ཡང་གྲུབ་པ་མེད། །དེས་ན་ཞིག་པའི་དཔེ་དག་ནི། །དེ་སྒྲུབ་པ་ལ་མི་རིགས་སོ། །འདི་ལ་ཡང་ནི་དེ་བཞིན་དུ། །བར་ཆད་མེད་པ་དཔྱད་ན་ནི། །དུས་གཅིག་ཉིད་དང་ཆ་ཤས་བཅས། །ཐལ་བར་འགྱུར་བ་བཟློག་ཏུ་མེད། །སྐད་ཅིག་མ་ལས་རིང་དུ་འདི། །དངོས་མེད་ཉི་ཚེ་ཟད་ཡིན་གྱི། །འདི་དང་བར་ནི་མེད་པ་འདི། །ཞིག་ཅེས་བྱ་བ་གང་ཡིན་མེད། །དེས་ན་བར་ཆད་མེད་སོགས་འདིར། །དེ་བཞིན་བསམ་པ་འཇུག་པ་མེད། །བར་མ་ཆོད་པར་འབྲས་བུ་དག །ཡོད་ན་བསམ་པར་རིགས་པ་མིན། །དེས་ན་འདི་ལ་གཞན་དག་ལས། །སྐྱེ་མི་རིགས་ཞེས་གནོད་བྱེད་པ། །གཞན་ཕྱིར་ཞེས་པ་ཡོད་པ་བཞིན། །མཁས་པ་རྣམས་ཀྱིས་གཏན་ཚིགས་རིགས། །གང་དུ་བསྒྲུབ་པར་འདོད་པ་ལ། །མི་མཐུན་ཕྱོགས་ལ་གནོད་བྱེད་མེད། །དེ་དག་ལ་ནི་གཞན་ཉིད་ཀྱིས། །གླེན་པ་ལ་སོགས་སྒྲུབ་མི་ནུས། །སྐྱེ་བ་དགག་པར་བསྒྲུབ་བྱ་ལ། །མི་མཐུན་ཕྱོགས་ལ་གནོད་བྱེད་པ། །ཇི་སྐད་སྨོས་བཞིན་ཡོད་པ་ཉིད། །འདིར་ལྡོག་པ་ལ་ཐེ་ཚོམ་མེད། །གཞན་ཉིད་ལ་སོགས་སྒྲ་རྣམས་ནི། །གང་དག་དངོས་པོའི་རྒྱུ་རྐྱེན་འདོད། །དེ་ལ་སུན་འབྱིན་སྨྲས་པ་ནི། །དངོས་པོ་རྣམས་ཀྱི་ཞེས་སོགས་ཡིན། །སྒྲ་དེའི་དོན་ནི་བརྟགས་ཡིན་ཡང༌། །དངོས་པོའི་མཐར་ཐུག་གང་དག་འདོད། །དེ་ལ་རྒྱུ་མཚན་བདུན་པ་ཡིས། །སྐྱེ་དོན་ཉེས་པ་རིག་པར་བྱ། །གཞན་དུ་གྱུར་པ་ཡོད་


DTG107_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །རྐྱེན་ལ་དོན་དམ་ཉིད་དུ་ན། །རིགས་པ་མིན་ཏེ་ཇི་སྐད་དུ། །རྒྱས་པར་དེ་བཞིན་བསྟན་པ་ཡིན། །གང་ཚེ་དངོས་པོ་ཐམས་ཅད་ནི། །ཡང་དག་ཉིད་དུ་སྐྱེ་མེད་ན། །དེ་ཚེ་སྒྲ་དེའི་མཐར་ཐུག་པ། །གཞན་ཉིད་འགྲུབ་པ་མ་ཡིན་ནོ། །གཙོ་བོ་དབང་ཕྱུག་བཅས་སོགས་ལས། །དངོས་རྣམས་སྐྱེ་བ་བརྗོད་པའི་ཕྱིར། །གཉིས་ལས་སྐྱེ་བར་འདོད་པར་ནི། །གང་དག་རྣམ་པར་མི་མཁས་པར། །གང་དག་རེས་འགའ་རྣམ་གཉིས་སམ། །གཅིག་གི་ངོ་བོར་རྟོག་པ་ནི། །སོ་སོར་མོས་པའི་ཉེས་པ་ཡིས། །དེ་དང་གཞན་ཀུན་སུན་ཕྱུང་ཟིན། །ཁ་ཅིག་ཚེར་མ་ལ་སོགས་པའི། །རྣོ་སོགས་དཔེ་ནི་འབའ་ཞིག་གིས། །སྐྱེ་བ་ཐམས་ཅད་ཡང་དག་པར། །རྒྱུ་མེད་ཁོ་ནར་རྣམ་སྨྲ་བ། །སྐྱེ་བ་ཡང་དག་སྒྲུབ་པ་ལ། །དཔེ་ནི་རབ་ཏུ་མ་གྲུབ་པོ། །ཀུན་རྫོབ་ཏུ་ཡང་ཁས་ལེན་ན། །འདི་ལྟར་མངོན་སུམ་ལ་སོགས་འགལ། །རྗེས་སུ་དཔག་དང་ལྡོག་པར་ནི། །མངོན་སུམ་དག་གིས་རྣམ་ངེས་པ། །ས་བོན་སོགས་ལས་མྱུ་གུ་སོགས། །སྐྱེ་བའི་མངོན་སུམ་ཞེས་པ་གནོད། །གང་ཕྱིར་རང་གི་ས་བོན་ལས། །ཚེར་མ་ལ་སོགས་སྐྱེ་བ་ཉིད། །རྣོ་སོགས་དེ་ཉིད་ལས་ཡིན་པས། །དེས་ན་དཔེ་ནི་གྲུབ་པ་མེད། །དེ་དག་རེས་འགའ་ཁ་ཅིག་ཏུ། །འབྱུང་བ་ཡོངས་སུ་ངེས་པ་ནི། །ལྟོས་དང་བཅས་པར་སྐྱེ་བ་སྟེ། །ལྟོས་བྱ་དེ་དག་རྒྱུར་འདོད་དོ། །རྒྱུ་ནི་ཕན་པར་བྱེད་པ་སྟེ། །ཕན་པ་མེད་པ་ལྟོས་བྱ་མིན། །ཕན་པ་མེད་ལ་བརྟེན་ན་ནི། །རེས་འགའ་བ་དག་རིགས་པ་མིན། །རྒྱུ་ལ་ངེས་པ་ཡོད་པའི་ཕྱིར། །འབྲས་བུ་ངེས་པར་འགྱུར་བ་ཡིན། །རྒྱུ་མེད་ན་ནི་ཅི་ཡི་ཕྱིར། །ཚེར་མེད་ལ་སོགས་རྣོ་སོགས་ངེས། །དངོས་པོ་རྣམས་ནི་རྒྱུ་མེད་པར། །ངེས་པར་སྐྱེད་པར་འདོད་པ་ཡིས། །ཁྱོད་ནི་གཏན་ཚིགས་སྦྱོར་བྱེད་པ། །དོན་མེད་ཁོ་ནར་འགྱུར་བ་ཡིན། །དེ་བས་རྒྱུ་མེད་སྨྲ་བ་འདི། །མངོན་སུམ་ལ་སོགས་ཚད་མ་ཡིས། །ཀུན་རྫོབ་ཏུ་ཡང་འགལ་བ་ཡིན། །དེ་ཕྱིར་མཁས་པ་རྣམས་ཀྱིས་སྤང༌། །དངོས་པོ་ཇི་ལྟར་གྲགས་པ་ཡི། །རྒྱུ་ལ་སོགས་པ་མི་འགོག་ཕྱིར། །དེས་ནི་སྐྱེ་བ་མི་སྨྲ་ལ། །མངོན་སུམ་ལ་སོགས་འགལ་བ་མེད། །མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར། །དེ་ཕྱིར་


DTG107_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཚིགས་མ་གྲུབ་མེད། །འགལ་མེད་མ་ངེས་འདི་ཡང་མེད། །གང་ཕྱིར་ཚུལ་ནི་གཞན་མེད་ལ། །བདག་དང་གཞན་སྨྲས་དངོས་པོ་ཡི། །བྲག་ནི་མ་ལུས་གཞོམ་པའི་ཕྱིར། །བཞི་ཆར་ཕྱིར་ནི་མི་ལྡོག་པའང༌། །རྡོ་རྗེ་ཕྲ་མོ་དེ་འདི་ཡིན། །རང་གི་དངོས་པོ་ཡང་དག་པ། །རྟག་པའི་ངོ་བོའང་གང་ན་མེད། །དེ་ནི་ནུས་པས་སྟོང་པའི་ཕྱིར། །ཀུན་ཏུ་རྟ་ཡི་རྭ་བཞིན་ནོ། །ནུས་པ་ཐམས་ཅད་སྟོང་པ་ཉིད། །དེ་ནི་གོང་དུ་བསྟན་པ་ཡིན། །ནུས་མེད་དངོས་པོ་ཡིན་ན་ནི། །མཁའ་ཡི་མེ་ཏོག་ཀྱང་དེར་འགྱུར། །ནུས་པ་དག་དང་བྲལ་བ་ལས། །དངོས་མེད་མཚན་ཉིད་གཞན་ཡོད་མིན། །ནམ་མཁའི་མེ་ཏོག་ལ་སོགས་དང༌། །རྟག་པའང་ཡོད་པས་དེ་དངོས་མིན། །ཇི་སྟེ་དངོས་པོ་ཀུན་རྫོབ་ཏུའང༌། །ནུས་དང་བྲལ་བར་གྱུར་ན་ནི། །གཞན་དུ་འགར་ནི་དངོས་པོ་དང༌། །དངོས་མེད་དབྱེ་བ་འདིར་མི་འགྱུར། །དེ་བས་དངོས་པོ་ཐམས་ཅད་ཀྱི། །རང་བཞིན་མེད་པ་གང་ཡིན་པ། །ཡང་དག་ཉིད་དུ་དེ་རིག་བྱ། །དྲི་ཟའི་གྲོང་ཁྱེར་ལ་སོགས་བཞིན། །གང་ཕྱིར་ཡང་དག་དོན་དགག་སྒྲུབ། །མངོན་སུམ་ལ་སོགས་གནོད་པ་མེད། །མངོན་སུམ་རྗེས་སུ་དཔག་པ་ཡིས། །དངོས་པོ་གྲུབ་མེད་ཅེས་བསྒྲུབས་ཟིན། །སྐྱེ་བ་སྒྱུ་མ་སྐྱེ་བ་བཞིན། །གང་ཕྱིར་ཀུན་རྫོབ་ཉིད་དུ་ཡོད། །དེ་ཕྱིར་འཇིག་རྟེན་ལུང་དང་ནི། །འགལ་བ་འཇུག་པ་མེད་པ་ཡིན། །ཇི་སྟེ་ཡང་དག་སྐྱེ་བ་ལ། །ཚད་མ་གནོད་བྱེད་ཡིན་ན་ནི། །སྦྱོར་བ་འདོད་པས་འགྱུར་བ་མེད། །མངོན་སུམ་གནོད་པའི་ཚུལ་དག་གིས། །ཇི་སྟེ་དེ་འདིར་མི་སྦྱར་ན། །འགར་ནི་གནོད་པར་བྱར་རུང་ཕྱིར། །དེ་ཚེ་གཏན་ཚིགས་འདིར་མི་རུང༌། །སྣང་བཅས་ལ་སོགས་རྣམ་ཤེས་ཀྱིས། །ཇི་ལྟར་རྒྱུ་དང་འབྲས་བུ་ཡི། །ཡང་དག་གང་ཡིན་མི་འགྲུབ་པ། །དེ་བཞིན་ཀུན་རྫོབ་ཀྱང་མི་འགྲུབ། །གནོད་བྱེད་བྱ་བ་དེ་འདིར་ནི། །གང་ཞིག་བརྫུན་པར་རྟོགས་པའོ། །དེ་ཡིས་དེ་ནི་འདོད་ཉིད་པས། །མི་འདོད་པར་ནི་བསྒྲུབས་པ་མེད། །དེ་བས་བརྫུན་ཉིད་ཡིན་པའི་ཕྱིར། །འདི་ནི་ཀུན་རྫོབ་ཡིན་པར་འདོད། །དེ་ནི་རིགས་པར་ལྡན་ཡིན་ན། །དོན་དམ་ཉིད་དུ་འགྱུར་བ་ཡིན། །གནོད་པ་གྲགས་པ་སེལ་ཅེ་ན། །དེ་ནི་མི་རིགས་ཚད་མ་ཡིན། །གནོད་ཀྱང་སྒྱུ་མ་ལ་སོགས་པ། །གསལ་བ་འཇིག་


DTG107_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་མ་གྲགས་མིན། །ཇི་སྟེ་བརྫུན་ན་འཇིག་རྟེན་ལ། །གང་དུ་ཅུང་ཟད་སྣང་མེད་པ། །དེ་ཚེ་ཡང་དག་མཐོང་བའི་ཕྱིར། །ཀུན་གྱིས་དེ་ཉིད་མཐོང་བར་འགྱུར། །ཚད་མ་གང་ཡང་བརྫུན་ཞེས་པའི། །ཐ་སྙད་བྱར་ཡང་མེད་པར་འགྱུར། །གནོད་པར་འཇུག་པ་མ་ཡིན་ལ། །གང་ཡང་ནོར་བ་མེད་པ་ཡིན། །འོན་ཏེ་གནོད་པ་འགལ་ཡིན་ན། །དེ་ནི་ཚད་མས་ཇི་ལྟར་བྱེད། །དེ་ཡིས་བརྗོད་ན་བརྗོད་ལ་རག །འདོད་ཡིན་དེ་ལས་དེ་ཅིར་འགྱུར། །འདི་ཡིས་སྣང་བར་མི་འགྱུར་ནའང༌། །སྔོན་ཆད་དེ་ནི་ཇི་ལྟར་ཡིན། །སྔོན་ཆད་འདི་ནི་མེད་ན་ཡང༌། །གང་ལ་འགལ་བ་རྗོད་པར་འགྱུར། །འགལ་བ་མེད་པས་འགལ་བརྗོད་པས། །དེ་ནི་འཇིགས་སམ་ཅི་ཞིག་ན། །གང་ཕྱིར་འགལ་བ་བརྗོད་ན་ནི། །དེ་ནི་འདི་རུ་ལྡོག་པ་ཡིན། །ཤེས་པར་སྨྲ་བས་གཉིས་པོ་དག །འགལ་བ་ཉིད་དུ་བརྗོད་བྱས་ཀྱང༌། །གཉིས་སུ་མེད་ལ་སྣང་གྱུར་པ། །ཇི་ལྟར་སེམས་ཅན་གསལ་བཅས་ཡིན། །ཟླ་བ་གཉིས་དང་མགལ་མེ་ཡི། །འཁོར་ལོ་ལ་སོགས་ནོར་པ་ལ། །རྟོག་གེ་བ་ཡིས་འགལ་བརྗོད་ཀྱང༌། །སྣང་བ་ལོག་པར་འགྱུར་བའང་མེད། །འོན་ཏེ་འདི་སྙམ་བརྫུན་པ་རྣམས། །འགལ་ཡང་འགལ་བར་མི་གཞག་སྟེ། །འཁྲུལ་པ་དེ་ན་སེམས་ལ་ནི། །རྣམ་པ་རྣམས་ནི་སྣང་བ་ཡིན། །དངོས་པོ་མཐུ་ཡིས་བྱུང་བ་ཡི། །ཚད་མས་རྣམ་པར་འགལ་བར་ནི། །དངོས་པོ་ཉིད་ལ་རྗོད་བྱེད་ཀྱི། །དེ་མི་སྲིད་ཕྱིར་བརྫུན་ལ་མིན། །དེ་ལྟ་ཡིན་ན་ཀུན་རྫོབ་ཏུ། །སྐྱེ་བ་ལ་ནི་ཅི་ཡི་ཕྱིར། །ཁྱེད་ཀྱིས་འགལ་བརྗོད་པར་བྱེད། །འདིར་ཡང་དེ་བཞིན་མ་བྱེད་ཅིག ། འཇིག་རྟེན་གྲགས་པ་ཁོ་ན་ཡིན། །དོན་ལ་ཚད་མ་འཇུག་པའི་ཕྱིར། །ངེད་ཀྱིས་ཀྱང་ནི་ཁ་ཅིག་ཏུ། །གཞན་དུ་ཚད་མས་སྦྱར་བ་མེད། །ཇི་ལྟར་གྲགས་པའི་དངོས་པོ་རྣམས། །གང་དག་ཉིད་དུ་ཁས་ལེན་གང༌། །དེ་གཞུང་སོ་སོར་དགག་པའི་ཕྱིར། །དངོས་པོ་ཐམས་ཅད་རྣམ་པར་དཔྱད།། དེ་དག་ཇི་བཞིན་དཔྱད་ན་ནི། །ཡང་དག་ཉིད་དུ་དེ་མི་གནས། །དེ་ཚེ་བརྫུན་པར་རབ་ཏུ་འགྲུབ། །ཐམས་ཅད་སྒྱུ་མའི་རང་བཞིན་བཞིན། །ཡང་དག་ཉིད་ཀྱིས་དངོས་པོ་དེ། །མངོན་སུམ་དུ་ནི་གྲུབ་པ་མེད། །དེ་ལ་ཚད་མས་གནོད་ན་ཡང༌། །ཇི་ལྟར་མངོན་སུམ་གནོད་པ་ཡིན། །དེ་ཕྱིར་ཇི་ལྟར་


DTG107_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་ཡི། །སྐྱེ་བའི་དངོས་པོ་གནས་པ་ཡིན། །མཐུན་པའམ་མི་མཐུན་པའང་རུང༌། །སྒྱུ་མ་བཞིན་དུ་འགལ་བ་མེད། །འདིར་ནི་སྐད་ཅིག་མ་ཡིན་སོགས། །ཐལ་བར་འགྱུར་ཞེས་བརྩད་མི་རིགས། །བརྫུན་པ་འདི་ནི་མི་འཇུག་ཅེས། །དེ་ནི་སྔ་ལོགས་ཉེ་བར་བསྟན། །སྒྱུ་མ་རྨི་ལམ་མཚུངས་པ་ཡི། །དངོས་ལ་དེ་ནི་མི་སྲིད་ཕྱིར། །སྐད་ཅིག་སྐད་ཅིག་མ་ཡིད་ཉིད། །བརྟགས་པ་ཡིན་གྱི་ཡང་དག་མིན། །དེ་ཕྱིར་རྟགས་སོགས་དངོས་པོ་ཡི། །གཟུགས་ལ་སོགས་ལ་ལྟ་བ་ནི། །ཤེས་རབ་དག་ལ་སྤྱོད་མིན་གྱི། །ཤེས་རབ་གཟུགས་བརྙན་ཡིན་ཞེས་གསུངས། །བག་མེད་པ་ཡི་བྱིས་པ་རྣམས། །འདུ་བྱེད་དག་ལ་ཡིད་དབྱུང་ཕྱིར། །བདག་མེད་ཉིད་ལ་འཇུག་བྱའི་ཕྱིར། །སྐད་ཅིག་པ་ཉིད་བསྟན་པ་ཡིན། །འོན་ཏེ་ཇི་སྟེ་ཀུན་རྫོབ་ཏུ། །དངོས་པོ་སྐྱེ་བར་འདོད་ན་ནི། །དངོས་པོ་ཁས་བླངས་ཁོ་ན་ཡིན། །མིང་ལ་དབྱེ་བ་ཡོད་དུ་ཟད། །འདི་ལྟར་རི་བོང་རྭ་ལ་སོགས། །བརྗོད་དུ་མེད་ལས་རྣམ་ལོག་པར། །ས་བོན་ལ་སོགས་དེང་འདོད་བྱ། །དེ་ལྟ་མིན་ན་མཐོང་དང་འགལ། །གང་ཡང་ནུས་པ་མ་ལུས་དང༌། །བྲལ་ཞིང་བརྗོད་དུ་མེད་པ་ལས། །རྣམ་པར་ལོག་ཅེས་བྱ་བར་བགྲང༌། །དེ་ཉིད་ངེས་ཀྱིས་དངོས་པོར་བགྲང༌། །རྨི་ལམ་ལ་སོགས་དག་ན་ནི། །གླང་པོ་ལ་སོགས་བརྫུན་པར་སྣང༌། །བརྗོད་དུ་མེད་ལས་རྣམ་ལོག་པ། །དེ་ཅི་ཡིན་ནམ་མ་ཡིན་སྨྲོས། །རྣམ་ལྡོག་ཇི་སྟེ་དངོས་ཉིད་ན། །དེ་དག་བརྫུན་པ་ཉིད་མི་འགྱུར། །མ་ཡིན་ན་ཡང་དེ་ཡི་ཚེ། །དེ་ལ་གྲགས་གནོད་ཇི་ལྟར་སྤངས། །ཤེས་པའི་ངོ་བོ་དང་མི་མཐུན། །ལུས་ཅན་རྣམས་ལ་སྣང་བའི་ཕྱིར། །ཤེས་པའི་ངོ་བོར་དེ་དག་ནི། །དངོས་པོ་ཉིད་ཅེས་བྱར་མི་རུང༌། །གཞན་དུ་སྣང་བ་ཇི་ལྟར་ན། །གཞན་གྱི་ངོ་བོ་ཡིན་པར་འགྱུར། །དེ་དང་མཚན་ཉིད་མི་མཐུན་པའི། །ངོ་བོ་གང་དེ་ཉིད་འདིར་དཔེ། །ཇི་སྟེ་ཡང་ནི་འདི་སྙམ་དུ། །དེ་དག་དངོས་པོའི་བག་བཞིན་དུ། །གསལ་བར་སྣང་བ་འོན་ཀྱང་ནི། །ཚད་མས་གནོད་པའི་ངོ་བོའི་ཕྱིར། །བརྫུན་པ་ཁོ་ནར་སྣང་བའི་ཕྱིར། །དངོས་པོའི་ངོ་བོར་མི་གཞག་གོ །དེས་ན་རི་བོང་རྭ་སོགས་ལས། །རྣམ་ལྡོག་ལ་སོགས་འདིར་ནི་བསམ། །གཞན་ཡང་དེ་ནི་སྣང་བའི་ཕྱིར། །མེད་ལས་ཐ་དད་མེད་པ་མིན། །


DTG107_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བརྫུན་པའི་ངོ་བོར་སྣང་བའི་ཕྱིར། །ཐ་དད་པར་ཡང་རིགས་པ་མིན། །དེ་ལྟ་ཡིན་ན་ཀུན་རྫོབ་དངོས། །སྒྱུ་མ་སོགས་ལས་དབྱེར་མེད་ལ། །ཚད་མས་གནོད་པ་ཡིན་པ་ལའང༌། །ལྡོག་པ་ལ་སོགས་ཇི་སྟེ་བསམ། །དངོས་དང་དངོས་མེད་ངོ་བོ་ཡི། །རྣམ་ལྡོག་ཐམས་ཅད་རྣམ་འཁྲུལ་པའི། །རྣམ་པ་བཞིན་ཡིན་དེ་དག་ལ། །ལྡོག་དེ་ལ་སོགས་ཇི་ལྟར་བསམ། །དངོས་པོའི་རང་བཞིན་ཉིད་གྲུབ་ན། །དེ་ཕྱིར་རྣམ་ལྡོག་ཉིད་དུ་འགྱུར། །ཚད་མས་གནོད་པ་ཡིན་པའི་ཕྱིར། །དེ་མ་གྲུབ་ཅེས་སྔར་བསྟན་ཟིན། །རྒྱུ་དང་རྐྱེན་ནི་ཚོགས་པ་ཡི། །མཐུ་ལས་སོ་སོར་སྣང་བའི་ཕྱིར། །རྣམ་མི་ལྡོག་པའི་ངོ་བོ་ཉིད། །གཅིག་ཏུ་དེ་ཕྱིར་ཡོད་པ་མིན། །རྒྱུ་དང་རྐྱེན་ཉིད་ཚོགས་པ་ལ། །སྒྱུ་མ་ལ་སོགས་ལྟོས་གྱུར་ཀྱང༌། །དེ་ཙམ་གྱིས་ནི་དངོས་ཉིད་དུ། །དེ་ལ་ཡོངས་སུ་བརྟག་མི་རིགས། །ཇི་ལྟར་གྲགས་པའི་དངོས་པོ་རྣམས། །དེ་ནི་ལྟོས་དང་བྱས་པས་བཤད། །ཡང་དག་ཉིད་མིན་ཇི་ལྟར་སྔར། །རྒྱས་པར་རབ་ཏུ་བསྒྲུབས་པ་ཡིན། །རྒྱུ་དང་འབྲས་བུའི་དངོས་པོ་དང༌། །ཀུན་རྫོབ་ཏུ་ནི་རབ་གྲུབ་ཕྱིར། །དེ་ནི་ཇི་ལྟར་གྲུབ་ཡིན་ཞེས། །རྣམ་པར་དཔྱད་པ་འདིར་མི་རིགས། །ཐ་སྙད་བྱེད་པ་རྣམས་ཀྱིས་ནི། །ཇི་ལྟར་གྲགས་པའི་དངོས་པོའི་དོན། །དེ་བཞིན་གཟུང་བར་བྱ་བ་ཡིན། །ཐར་འདོད་རྣམས་ཀྱིས་ཡང་དག་དཔྱད། །དོན་དམ་ཉིད་དུ་གང་མེད་པ། །ཐ་སྙད་དུ་ནི་ཡོད་པ་མིན། །དེ་དག་མེད་པ་ཉིད་གྱུར་པ། །རྟ་ཡི་རྭ་ལ་སོགས་པ་བཞིན། །དེ་བཞིན་ཇི་སྟེ་དངོས་པོ་རྣམས། །ཡང་དག་ཉིད་དུ་མེད་གྱུར་པ། །དེ་དག་ཀུན་རྫོབ་ཏུ་ཡང་མེད། །ཅེ་ན་དེ་ནི་རིགས་ལྡན་མིན། །འདི་ལྟར་བདེན་པའི་དངོས་པོ་ནི། །ལྡོག་ན་ཀུན་རྫོབ་དངོས་པོ་ཡང༌། །ལྡོག་པར་འགྱུར་ཞེས་བྱར་ནི་འདིར། །འབྲེལ་པ་གང་ཡང་ཡོད་པ་མིན། །བདེན་དང་བརྫུན་གཉིས་འགལ་བའི་ཕྱིར། །དེ་ཡི་བདག་ཉིད་ཡོད་པ་མིན། །དེ་ཡི་ཕྱིར་ན་བདེན་པ་ལས། །བརྫུན་པའི་ངོ་བོ་སྐྱེ་བ་མེད། །སྒྱུ་མ་ལ་སོགས་དག་ལ་ནི། །བདེན་པའི་ངོ་བོ་སྤངས་པ་སྣང༌། །དེ་ལྟ་མིན་ན་ཇི་ལྟར་དེ། །བརྫུན་པ་ཉིད་དུ་རྣམ་པར་གནས། །དོན་དམ་པ་ཡི་ངོ་བོ་ཉིད། །སྤངས་པ་ཉིད་ནི་ཀུན་རྫོབ་ཀྱི། །དངོས་པོའི་ངོ་བོར་འདོད་ཡིན་ན། །ཇི་ལྟར་དེ་མེད་ན་དེ་མེད། །ཇི་སྟེ་དོན་དམ་པར་ཡོད་ཀྱིས།།


DTG107_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྟེ་ཀུན་རྫོབ་དེ་མེད་ན། །དེ་བཞིན་ཀུན་གྱིས་ཡང་དག་མཐོང༌། །ཀུན་རྫོབ་རྣམ་པར་འཇིག་པར་འགྱུར། །གང་ཡང་རི་བོང་རྭ་ལ་སོགས། །ཀུན་རྫོབ་ཏུ་ཡང་མི་སྐྱེ་བ། །དེ་ནི་དེ་འདྲའི་ས་ལ་སོགས། །ཚོགས་པ་མེད་པ་ཁོ་ནས་ཡིན། །རྒྱུ་ཚོགས་ཡོད་པ་མ་ཡིན་ན། །སྒྱུ་མ་ཡང་ནི་འབྱུང་མི་འགྱུར། །དེ་ཡོད་ན་ནི་འདི་འབྱུང་བའི། །དངོས་པོ་ཉིད་ནི་ཀུན་རྫོབ་ཡིན། །དངོས་པོ་རྣམས་ཀྱི་རང་བཞིན་ནི། །མེད་པར་མཐུན་ན་ཇི་ལྟར་འགར། །རེས་འགའ་ཁ་ཅིག་སྐྱེ་བར་འགྱུར། །ཀུན་དུ་ཐམས་ཅད་ཇི་སྟེ་མིན། །རབ་རིབ་དག་གིས་འཁྲུགས་པའི་མིག །མཐུན་པ་དག་ལ་བརྫུན་སྣང་ན། །སྐྲ་སོགས་སོ་སོར་སྣང་བ་ཡང༌། །ངེས་པའི་རྒྱུ་མཚན་ཅི་ཞིག་ཡོད། །དེ་ལ་རབ་རིབ་རྒྱུ་ཡིན་ནའང༌། །དེ་ནི་བརྫུན་དུ་ཇི་ལྟར་འགྱུར། །དངོས་པོ་མེད་ལ་ཁྱེད་ཅག་ནི། །རྒྱུ་རྣམས་ཡོད་པར་འགར་མི་འདོད། །སྒྲ་ལ་སོགས་པ་བརྫུན་པ་ལའང༌། །ཇི་སྟེ་ངེས་པའི་རྒྱུ་ཡོད་པར། །བརྗོད་ན་ཀུན་རྫོབ་དངོས་པོ་ལའང༌། །ཅི་ཡི་ཕྱིར་ནི་བརྗོད་མི་བྱེད། །རྒྱུ་མེད་ཅན་དུ་མི་སྐྱེ་བར། །ཇི་སྟེ་འདོད་ན་དེ་ཡི་ཚེ། །དེ་ལྟ་ཡིན་ན་ཐལ་འགྱུར་བ། །ཅི་ཕྱིར་ཐམས་ཅད་ཀུན་དུ་མིན། །རྒྱུ་དང་རྐྱེན་ནི་ཚོགས་པ་ཅན། །ངེས་པའི་སྒྲ་ལ་སོགས་པ་ཡང༌། །ཇི་ལྟར་དངོས་པོ་ཉིད་མིན་པ། །དེ་བཞིན་ཀུན་རྫོབ་པ་ལའང་ལྟོས། །དེ་ནི་ཤེས་པའི་ངོ་བོ་ཡི། །དངོས་པོ་ཉིད་དུ་རིགས་ལྡན་མིན། །དེ་དང་མཚན་ཉིད་མི་མཐུན་ཕྱིར། །ཞེས་བྱ་བ་ནི་སྔར་བསྟན་ཟིན། །ཤེས་པ་དངོས་པོའི་རང་བཞིན་དུ། །གྱུར་ན་དེ་དང་དབྱེར་མེད་པའི། །སྐྲ་ལ་སོགས་ཡང་དངོས་ཉིད་ཅེས། །བརྗོད་པ་ཡང་ནི་མཛེས་པ་ཡིན། །དེ་ཡང་མཚན་མས་མ་གྲུབ་ཅིང༌། །གནོད་པ་ཡོད་པར་ཉེ་བར་བསྒྲུབས། །དངོས་པོ་མེད་པར་གྲགས་པ་ཡི། །སྐྲ་སོགས་བདེན་པར་ཇི་ལྟར་འགྱུར། །རང་ལ་ངེས་པ་ཡོད་པ་བཞིན། །གཞན་ལ་ངེས་པ་བསྐྱེད་འདོད་པས། །སྐྱེ་བ་སོ་སོར་འགོག་པ་འདི། །མི་རིགས་ཤེ་ནའང་དེ་མི་རིགས། །ངེས་པ་སྐྱེད་པ་ཙམ་དག་གིས། །གཏན་ཚིགས་ཁས་ལེན་པ་ཡིན་གྱི། །བྱེ་བྲག་མ་ཡིན་བྱེ་བྲག་ཏུ། །འདི་ལྟར་དངོས་པོ་སྐྱེ་བ་ལ། །ཡང་དག་ཡོངས་སུ་བརྟགས་པ་ཡི། །སྐྱེ་བ་འདིར་ནི་འགོག་བྱེད་ཀྱི། །སྒྱུ་མ་བཞིན་དུ་ཀུན་རྫོབ་ནི། །ནམ་ཡང་མི་འགྲུབ་མ་ཡིན་ནོ། །


DTG107_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

དས་ན་སྐྱེ་བ་བཀག་གྱུར་ཀྱང༌། །བསྒྲུབ་པར་བྱ་ལ་ངེས་འབྱུང་བ། །གཟུགས་ལས་གཟུགས་བརྙན་ཇི་བཞིན་དུ། །ཀུན་རྫོབ་ཏུ་ནི་ཡོད་མིན་པ། །ཇི་སྟེ་ཤེས་སོགས་དངོས་ཡོད་པ། །མི་འདོད་ན་ཡང་ཀུན་རྫོབ་ནི། །རྒྱུ་མེད་པར་ནི་མི་རིགས་ཕྱིར། །གང་དུ་བདག་དང་ཆོས་འདི་འདོགས། །འོན་ཏེ་ཡང་ནི་རྒྱུ་བརྗོད་ན། །དེ་ཉིད་དངོས་པོ་གྲུབ་པ་ཡིན། །ཀུན་ནས་ཉོན་མོངས་རྣམ་བྱང་དུ། །འགྱུར་བའི་རྒྱུ་ཡང་ཅི་ཞིག་ཡིན། །ཀུན་རྫོབ་རྣམས་ཀྱི་རྒྱུ་ཙམ་ཞིག །རབ་ཏུ་བསྒྲུབ་ནའང་གྲུབ་པ་སྒྲུབ། །འདི་ཡི་ས་བོན་ཀུན་རྫོབ་ཏུ། །རང་དང་རྗེས་སུ་མཐུན་པར་འདོད། །ཇི་སྟེ་དངོས་ཡོད་དེ་སྒྲུབ་ན། །དེ་དང་རྗེས་སུ་འགྲོ་བ་མེད། །ཤིང་ལ་སོགས་ལ་གྲུབ་པ་ནི། །ཀུན་རྫོབ་ཁོ་ནར་ཀུན་དུ་གྲུབ། །རང་གི་རྒྱུ་ལ་ལྟོས་པར་ནི། །མ་བརྟགས་ཤིན་ཏུ་གྲུབ་པ་ཡིན། །གང་ཕྱིར་ཀུན་དུ་ཀུན་རྫོབ་ནི། །གནོད་སྦྱིན་རྗེས་མཐུན་གཏོར་མ་བཞིན། །བརྫུན་པའི་དངོས་པོ་དེ་ལ་ནི། །ཇི་སྟེ་དངོས་པོ་ཡོད་དོ་ཞེས། །མིང་དུ་བརྗོད་ན་མིང་ལ་ནི། །བརྩད་པ་ནམ་ཡང་ཡོད་པ་མིན། །ཇི་ལྟར་རྨི་ལམ་སྤྲུལ་གདུག་པས། །ཟིན་དེ་བརྒྱལ་དང་དེ་བྲལ་ལྟར། །ཀུན་ནས་ཉོན་མོངས་རྣམ་བྱང་ཡང༌། །དེ་བཞིན་འདོད་ཀྱི་ཡང་དག་མིན། །སྐྱེ་བ་དང་ནི་འགག་པ་དང༌། །ཀུན་ནས་ཉོན་མོངས་རྣམ་བྱང་སོགས། །འཕགས་པ་ཤེས་རབ་ཕ་རོལ་ཏུ། །ཕྱིན་སོགས་ལ་བརྗོད་ཐ་སྙད་ཡིན། །དོན་དམ་པ་ཡི་དངོས་པོ་དང༌། །རབ་ཏུ་འབྲལ་བ་མ་གྲུབ་ན། །དེ་མེད་པ་ཡི་ཉོན་མོངས་སོགས། །དངོས་པོ་མེད་པར་རིགས་པ་མིན། །མ་བརྟགས་རབ་ཏུ་དགའ་རྣམས་ཀྱིས། །ཤིན་ཏུ་འཇུག་དང་ལྡོག་པ་ལས། །རྨོངས་ལ་སོགས་ལ་ཉོན་མོངས་དང༌། །རྣམ་པར་བྱང་ལ་རྣམ་པར་གནས། །ཀུན་རྫོབ་ཉིད་དུ་ཐམས་ཅད་ཡོད། །དམ་པའི་དོན་དུ་མེད་མིན་ནམ། །དངོས་དང་དངོས་མེད་ལ་སོགས་པའི། །ཆོས་རྣམས་གཅིག་ལ་ཇི་ལྟར་འཐད། །ཀུན་རྫོབ་ཅི་ཡིན་བརྗོད་བྱ་དགོས། །ཐ་སྙད་ལས་བྱུང་བློ་ཡིན་ན། །དེ་ལྟར་གྱུར་ན་བློ་ཙམ་སྟེ། །རྣམ་རིག་ཙམ་ཉིད་གྲུབ་པ་ཡིན། །སྒྲ་ནི་ཀུན་རྫོབ་ཡིན་ནའང༌། །ལེགས་བཤད་ཉེས་བཤད་དབྱེ་མེད་འགྱུར། །སྒྲ་ལས་ཐམས་ཅད་གྲུབ་པའི་ཕྱིར། །ཕོངས་པ་འགའ་ཡང་མེད་པར་འགྱུར། །


DTG107_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྟེ་སྒྲ་དོན་ཅི་ཡིན་ན། །ཁྱབ་པར་མེད་པར་ཇི་ལྟར་རུང༌། །གང་ཡང་བསྟན་དུ་མེད་པའི་དོན། །མྱོང་བ་དེ་དག་ཇི་ལྟར་འདོད། །སོ་སོར་རང་གིས་མྱོང་བའི་ཕྱིར། །བདེ་བ་ལ་སོགས་ཀུན་རྫོབ་མིང༌། །དངོས་པོ་བག་ཙམ་ཡོད་པའི་ཕྱིར། །དེ་དག་དོན་དམ་པ་ཡང་མིན། །ཀུན་རྫོབ་དང་ནི་དོན་དམ་ལས། །ཁྱོད་ཀྱི་ཕུང་པོ་གཞན་ཡང་མེད། །བདེ་བ་ལ་སོགས་དེ་དག་ནི། །རང་གི་ངོ་བོ་ཅི་ཡིན་སྨྲོས། །དེ་ཡང་སྒྲོ་བཏགས་ངོ་བོ་ཡིས། །བརྗོད་ཕྱིར་ཇི་སྟེ་ཀུན་རྫོབ་ཡིན། །ཡང་དག་པ་ཡང་དེ་བཞིན་དུ། །ཀུན་རྫོབ་ངོ་བོ་ཉིད་དུ་འགྱུར། །ཀུན་རྫོབ་དག་ནི་ཆང་ཆུང་ཡང། །དངོས་པོར་ཁས་ནི་བླང་བྱ་དགོས། །དེས་ན་འདི་ཀུན་བདེན་ཡིན་གྱི། །དེ་ལྟར་མིན་ན་ཇི་ལྟར་འདོད། །ཀུན་རྫོབ་དངོས་པོ་ཡིན་ན་ཡང༌། །མིང་ལ་བརྩད་པ་འགའ་ཡང་མེད། །དངོས་པོ་མེད་ན་དེ་དག་ནི། །དངོས་པོ་ཡོད་པར་ཇི་ལྟར་བརྗོད། །འོན་ཏེ་མེད་དོན་དེ་ཡིན་ན། །དེར་འགལ་བདེན་ཉིད་ཇི་ལྟར་རུང༌། །འདི་ནི་སྒྱུ་མའི་དོན་ཡིན་ནའང༌། །སྒྱུ་མ་ཇི་སྟེ་མེད་འགལ་བ། །འོན་ཏེ་རྣམ་ཤེས་འཁྲུལ་ཡིན་ན། །དེ་ཉིད་རྣམ་པར་རིག་ཙམ་ཉིད། །མིང་ཙམ་ཉིད་ལ་དབྱེ་བ་ཡོད། །ཇི་སྟེ་ཀུན་རྫོབ་དག་པའི་དོན། །བློ་ཡིས་རྣམ་པར་དཔྱད་པ་ན། །རང་གི་ངོ་བོ་གནས་མེད་དོ། །མ་བརྟགས་རབ་ཏུ་གྲུབ་པ་ཡི། །དངོས་པོ་ཀུན་རྫོབ་སྨྲ་བ་རྣམས། །ཇི་སྟེ་མ་བརྟགས་ཡིན་པར་བསྒྲུབ། །མངོན་སུམ་ངེས་འགྱུར་དེ་ཡང་ནི། །རང་གི་མཚན་ཉིད་ལས་ལ་མིན། །དེ་ལྟར་གྱུར་ན་བརྩད་དུ་མེད། །རྗེས་སུ་དཔག་པས་རབ་གྲུབ་པའི། །དོན་ནི་སྤང་བ་བྱས་པར་གྱུར། །མེད་པ་དགག་པ་ཡིན་ན་ཡང༌། །ཡོད་པར་དེ་ལ་ཇི་ལྟར་འགྲུབ། །མ་བརྟགས་འཇིག་རྟེན་སྨྲ་ཡིན་ནའང༌། །ལས་དང་འབྲས་བུ་ཇི་ལྟར་ཡོད། །འདི་ལྟར་འཇིག་རྟེན་ལ་མ་གྲུབ། །དེ་དག་བསྟན་བཅོས་ལས་རྟེན་གྲུབ། །བསྟན་བཅོས་བྱེད་པའང་འཇིག་རྟེན་ནའང༌། །དེ་ཚེ་ཅི་ཞིག་ཡོངས་སུ་སྤངས། །དེ་ལས་ཕན་ཚུན་འགལ་བ་དག །གྲུབ་པར་ཇི་ལྟར་འདོད་པར་བྱ། །དོན་དམ་ཅི་ཡང་མ་ཡིན་ནའང༌། །གང་གིས་དོན་གྱིས་དེ་ལྟར་འདོད། །དེ་བཟུང་བར་ཡང་ཇི་ལྟར་བྱ། །འདི་ཡི་དོན་ཀྱང་ཇི་ལྟར་བསྒྲུབ། །རེ་ཞིག་དོན་དེ་དམ་པ་མིན། །དམ་པའི་དོན་


DTG107_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དེ་མ་ཡིན། །དེ་ཡི་དོན་ཀྱང་དམ་པ་མིན། །དོན་དམ་ཇི་ལྟར་འདོད་པར་བྱ། །དོན་དམ་ཀུན་རྫོབ་གཅིག་ཡིན་ན། །རྣམ་པར་དབྱེ་བ་མེད་པར་འགྱུར། །ཐ་དད་འགྱུར་ན་གཉི་ག་ཡང༌། །དངོས་པོ་ཡོད་པར་ཐལ་བར་འགྱུར། །འདི་ལ་ཐོག་མར་རྒོལ་བ་དེ། །སྨྲ་བ་ཀུན་ལ་འདྲ་བ་སྟེ། །རབ་རིབ་ཅན་གྱིས་དམིགས་པ་ཡི། །སྒྲ་ལ་སོགས་པའང་འབྱུང་བར་འགྱུར། །འདི་ལྟར་དེ་ཡང་བརྫུན་པའི་ཕྱིར། །དོན་དམ་པར་ནི་ཡོད་པ་མིན། །ཤེས་པ་སོ་སོར་དེ་སྣང་ཕྱིར། །དེ་ཡི་ལུགས་ཀྱིས་ཡོད་པའང་ཡིན། །དེ་འདིར་ཡོད་དང་མེད་པ་ཉིད། །ཇི་ལྟར་གཅིག་ལ་མི་འགལ་བ། །ལྟོས་ནས་དབྱེ་བ་དེ་བཞིན་དུ། །ཀུན་རྫོབ་ལ་ཡང་རུང་བ་ཡིན། །ཇི་ལྟར་གཉིས་སུ་མེད་པ་ལ། །གཟུང་དང་འཛིན་པ་འགལ་མེད་དང༌། །ཇི་ལྟར་གཉིས་ཀྱི་རྣམ་པ་ཡི། །ཡོད་མེད་ལ་སོགས་ངོ་བོ་ཉིད། །དེ་བཞིན་འདི་དག་ཐ་སྙད་དུ། །ཐམས་ཅད་བདེན་པ་ཉིད་བརྟེན་ནས། །བསྟན་པ་ཡིན་གྱི་ཡང་དག་པར། །ཡོད་མེད་ལ་སོགས་ཆོས་ཉིད་མིན། །རྣམ་པར་ཤེས་པས་དོན་བཞག་པའི། །ངོ་བོ་འཁྲུལ་པ་ཡིན་པའི་ཕྱིར། །བདེན་པ་གཉིས་ཀྱི་དབྱེ་བ་ཡང༌། །སྒྱུ་མའི་སྐྱེས་བུ་བཞིན་དུ་གནས། །ཇི་ལྟར་སྒྱུ་མའི་སྐྱེས་བུ་ཡི། །ངོ་བོ་འཁྲུལ་པ་ཤེས་པས་བརྟགས། །དེ་བཞིན་དངོས་དོན་ཐམས་ཅད་ཀྱི། །དངོས་པོ་ཀུན་རྫོབ་ཡོད་པར་འདོད། །ཇི་ལྟར་དེར་ནི་རང་གི་དངོས། །འཁྲུལ་དང་བྲལ་བའི་ཤེས་པས་བཞག །དེ་བཞིན་དུ་ནི་དངོས་རྣམས་ཀྱི། །ངོ་བོ་ཡང་དག་ཉིད་དུ་བརྗོད། །དེ་བས་རྟོག་པའི་བྱེ་བྲག་གིས། །ཆུང་མ་ལ་སོགས་འདོད་པ་བཞིན། །དེ་བཞིན་བདེན་པ་གཉིས་བརྟེན་པ། །ཐ་སྙད་དུ་ནི་འགལ་བ་མེད། །དངོས་པོ་དག་ལ་ཡང་དག་པའི། །ངོ་བོ་ཉིད་དུ་ཚད་མས་བསྒྲུབས། །དེ་གྲུབ་ན་ནི་བཟློག་པ་ལས། །ཀུན་རྫོབ་ངོ་བོ་འགྲུབ་པ་ཉིད། །ཡང་དག་པ་དང་ཀུན་རྫོབ་ཀྱི། །ངོ་བོ་དེས་ན་གྲུབ་པའི་ཕྱིར། །ལྟོས་ནས་དབྱེ་བ་ཤིན་ཏུ་འགྲུབ། །དེ་བས་ཐ་སྙད་ཀྱང་དེ་བཞིན། །དེ་དག་རྣམས་ཀྱི་བློ་གང་གིས། །ཡང་དག་ངོ་བོ་སྒྲིབ་བྱེད་དེ། །ཀུན་རྫོབ་ཡིན་ཞིང་བརྟགས་པ་ཀུན། །དེ་ལ་བྱུང་ཕྱིར་ཀུན་རྫོབ་པའོ། །ཤེས་པ་དངོས་པོ་མེད་ཡིན་ཡང༌། །དངོས་སམ་


DTG107_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་འཁྲུལ་པའི་ཕྱིར། །དེ་གཞག་ཕྱིར་ན་ཀུན་རྫོབ་པ། །ཆུ་ལ་སོགས་པ་བཞིན་དུ་འདོད། །རྣམ་པ་བརྫུན་པ་དེ་དག་ཀྱང༌། །རང་ཉིད་སྣང་བ་ཡིན་པས་ན། །བརྫུན་ཕྱིར་དེ་བས་མ་གྲུབ་སྟེ། །དེས་ན་རྣམ་རིག་ཉིད་དུ་བདེན། །ལང་ཀའི་མདོ་དང་གཞན་དག་ལས། །དངོས་པོའི་ངོ་བོ་མེད་པ་ལ། །འཁྲུལ་པ་ཀུན་རྫོབ་ཡིན་པར་གསུངས། །སྒྲ་ཡང་ཐ་སྙད་པ་ཡིན་ཏེ། །འགྲོ་ཀུན་སྒྲ་ཉིད་ཡིན་པའི་ཚིག །སངས་རྒྱས་པ་ལ་གང་ནའང་མེད། །སྒྲ་ཉིད་ཁོ་ན་ཀུན་རྫོབ་ཏུ། །དེ་ནི་ཁྱེད་ཀྱི་རང་དགའ་ཡིན། །ལེགས་བཤད་ཉེས་བཤད་དབྱེ་བ་ནི། །ཇི་སྟེ་ཡང་དག་འདོད་བསམས་ཏེ། །རྒོལ་བ་གནོད་སྦྱིན་སྟོང་ཉིད་ལ། །འདི་ལྟར་དབྱེ་བ་འདོད་པ་མེད། །ཀུན་རྫོབ་ཅེ་ནའང་ཕྱུགས་རྫི་མོའི། །སྐྱེ་བ་ཀུན་ལ་ལེགས་བཤད་དང༌། །ཉེས་བཤད་དབྱེ་བའང་རབ་གྲགས་ཕྱིར། །དེ་ནི་སོ་སོར་ཇི་ལྟར་དགག །ལུས་ཅན་རྣམས་ལ་ཚིག་གང་ཞིག །ཕན་དང་བདེ་བར་ཉེར་བརྟགས་པ། །ལེགས་བཤད་དེ་ཡིན་ཐ་སྙད་དུ། །བཟློག་ན་ཉེ་བར་བཤད་པ་ཡིན། །མིང་ནི་བརྟགས་པའི་དངོས་པོ་ཡིས། །བསྡུས་པ་རྗོད་པར་བྱེད་པའི་ཕྱིར། །གང་དག་རྗོད་པའི་དངོས་པོ་ནི། །ངོ་བོ་ཉིད་དུ་མི་འདོད་པ། །དེ་ཡི་ལེགས་བཤད་ཉེས་བཤད་པ། །རབ་ཏུ་དབྱེ་འདི་ཇི་ལྟར་རུང༌། །དེ་ཡི་ལན་འདིར་གང་ཡིན་པ། །དེ་ནི་བདག་གི་ལན་ཀྱང་ཡིན། །ཇི་ལྟར་སྣང་བ་དེ་དག་ནི། །རྒྱུ་དང་བཅས་པས་བྱུང་བའི་ཕྱིར། །སྒྲ་ཙམ་ལས་ནི་དངོས་པོ་རྣམས། །ཡོད་པ་ཉིད་དུ་སུ་ཁས་ལེན། །བསྟན་དུ་མེད་པའི་དངོས་པོ་ཡི། །ངོ་བོ་སྒྱུ་མ་ལ་སོགས་འདྲ། །དངོས་པོ་མེད་པ་ཉིད་ཀྱིས་ན། །དེ་དག་བརྟགས་པ་ཉིད་དུ་བརྗོད། །སྒྱུ་མའི་མིང་ནི་མང་པོ་དག །ཇི་ལྟར་སྤྱི་ཞེས་བྱ་བ་སྲིད། །དོན་དམ་པ་ཡི་དངོས་པོ་ཡི། །ངོ་བོ་ལ་ཡང་དེ་བཞིན་ལྟོས། །ཇི་སྟེ་དངོས་པོ་བྱེ་བྲག་ཉིད། །སྒྲ་དོན་ཡིན་གྱི་གཞན་མིན་ན། །སྔ་མ་མེད་པ་ལ་སོགས་པ། །ཡོང་ཡེ་བརྗོད་དུ་མེད་པར་འགྱུར། །མ་བརྟགས་གཅིག་པུ་དགའ་བའི་ཕྱིར། །བདེ་བ་ལ་སོགས་ངོ་བོ་ཀུན། །དེ་ལྟར་མདོ་ལས་བརྗོད་པས་ན། །ཀུན་རྫོབ་ཁོ་ནར་འདོད་པ་ཡིན། །བསྟན་དུ་མེད་པའི་ངོ་བོ་དག །ཇི་སྟེ་དངོས་པོ་ཉིད་


DTG107_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ན། །ཟླ་བ་གཉིས་དང་སྐྲ་ཤད་འཛིངས། །བརྗོད་དུ་མེད་པ་ཉིད་མི་འགྱུར། །སྤྱི་ཡི་ངོ་བོར་སྒྲོ་བཏགས་ཏེ། །རྗོད་པར་བྱེད་པ་ཡིན་པའི་ཕྱིར། །དོན་དམ་སྤྲོས་དང་བྲལ་བ་ཡང༌། །ཀུན་རྫོབ་པ་དེར་གྱུར་པ་ཡིན། །ཕྱིན་ཅི་ལོག་དུ་སྣང་བའི་ཕྱིར།། ཀུན་རྫོབ་རྣམས་ཀྱི་དངོས་ཉིད་མེད། །དེ་ཡི་རང་བཞིན་ཁོ་ན་ནི། །གཞན་དུ་འགྱུར་བར་ཇི་ལྟར་རུང༌། །ཚངས་ལ་སོགས་པའི་ཡོངས་འགྱུར་བར། །མུ་སྟེགས་ཅན་གྱི་བརྟགས་པ་ལ། །ཞེ་སྣང་བྱ་བ་ཅི་ཡོད་ན། །གང་ཕྱིར་དེ་དག་སོ་སོར་འགོང༌། །དེ་ཕྱིར་ལོག་པར་སྣང་བའི་ཕྱིར། །དངོས་པོའི་ངོ་བོར་ཡང་མི་རིགས། །སོ་སོར་སྣང་ཕྱིར་རྟའི་རྭ་བཞིན། །དངོས་པོའི་ངོ་བོ་གཏན་མེད་མིན། །དེས་ན་ཡོད་པ་བཞིན་སྣང་བ། །སྒྱུ་མའི་གླང་པོ་ལ་སོགས་བཞིན། །དེ་ཡིས་བསམ་པའི་དབང་གིས་ན། །དེ་དག་ཡོད་ཡིན་ཡང་དག་མིན། །བརྫུན་པའི་རྣམ་པར་སྣང་བའི་ཕྱིར། །མི་བདེན་ཀུན་རྫོབ་ཡིན་པར་འདོད། །དེས་གཞག་པ་ཡི་ངོ་བོ་ནི། །དེ་ལས་བྱུང་ཕྱིར་བདེན་པར་བརྗོད། །ཤེས་དང་ཤེས་བྱར་བརྗོད་ལ་སོགས། །ཐ་སྙད་གང་ཚེ་ཀུན་རྫོབ་ཡིན། །དེ་ཚེ་གྲགས་པའི་ངོར་བྱས་ནས། །དེ་ནི་མེད་པ་ཉིད་དུ་བརྗོད། །མིང་ཙམ་སྒྲོ་བཏགས་ཡིན་པའི་ཕྱིར། །མིང་ནི་ཇི་ལྟར་འགལ་བ་ཡིན། །སྒྱུ་མའི་དོན་ནི་མེད་དོན་ཀྱང༌། །གཏན་དུ་དབེན་པ་ཉིད་མ་ཡིན། །རྣམ་པར་རིག་པའང་བརྫུན་ཉིད་དུ། །སྔར་ནི་ཉེ་བར་བསྒྲུབས་པ་ཡིན། །དེ་ལྟ་མིན་ལ་དེ་དག་ལས། །འཁྲུལ་པའི་ངོ་བོར་ཇི་ལྟར་འགྱུར། །ཡང་དག་ཉིད་དུ་མི་གནས་ཤིང༌། །གནས་པའང་ཡིན་ན་འགལ་མི་འགྱུར། །དངོས་པོ་རྣམས་ཀྱི་རང་བཞིན་ནི། །ནམ་ཡང་གཞན་དུ་འགྱུར་མི་རིགས། །ཇི་སྟེ་གཡོ་ཡོད་ཀུན་རྫོབ་ཀྱང༌། །དངོས་རྣམས་རང་བཞིན་མེད་པར་ནི། །གཡོ་བ་ཉིད་ཀྱིས་དེ་དག་སྟོན། །དེས་ན་མི་འདོད་སྨྲས་མི་འགྱུར། །ཡང་དག་དཔྱོད་པའི་ཤེས་རབ་ནི། །བརྟགས་ཡིན་དེ་ལས་ཕྱིར་བཟློག་པའི། །རྣམ་པར་ཤེས་པ་ཐམས་ཅད་ནི། །དེ་ལས་གཞན་མ་བརྟགས་པའོ། །དེ་ལ་གྲགས་པའི་སྒོ་ནས་ནི། །དངོས་པོ་ཐམས་ཅད་ཀུན་རྫོབ་བརྗོད། །རྣམ་པར་བརྟགས་ན་ཡང་དག་པ། །དེ་ནི་གྲུབ་པར་


DTG107_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་མེད། །མ་བརྟགས་ཡིན་པར་གྲུབ་ན་ཡང༌། །དེ་ཕྱིར་མི་རྟོག་ཉི་ཚེ་ནི། །འཛིན་པ་མེད་ཅིང་རྗེས་དཔག་ལས། །རྣམ་ངེས་སོ་སོར་སེལ་བ་མིན། །འདིར་ནི་མེད་པར་དགག་ཡིན་ཏེ། །དེས་ན་སུན་འབྱིན་འདོད་པ་མེད། །ཐོམ་ཆོལ་སྒྲ་ཙམ་ཡིན་པའི་ཕྱིར། །བྱིས་པ་རྨོངས་བྱེད་ཁོ་ནར་ཟད། །འཇིག་རྟེན་གྲགས་པ་ཁོ་ནའི་དོན། །ཀུན་རྫོབ་ཡིན་ཡང་འགའ་ཞིག་གིས། །འགའ་ཞིག་རྟོགས་ཕྱིར་མཐའ་དག་ནི། །ཀུན་གྱི་སྤྱོད་ཡུལ་མ་ཡིན་ནོ། །དེས་ན་ཤིན་ཏུ་ལྐོག་གྱུར་དོན། །རྣལ་འབྱོར་ཤེས་པའི་སྤྱོད་ཡུལ་ཡིན། །ཅིག་ཤོས་ཀྱིས་ནི་ཤེས་པ་མེད། །དེ་ཡི་ཤེས་ལ་བརྟན་དགོས་པས། །བསྟན་བཅོས་བྱེད་ལ་གྲགས་པ་ཡི། །དངོས་པོའང་ངེད་ཀྱི་ཀུན་རྫོབ་ཡིན། །དེ་ལྟ་མིན་ན་ཆོས་ཀུན་ལ། །སྟོང་པས་ཁྱབ་པར་མི་འགྱུར་རོ། །གང་དུ་གྲགས་པ་ལས་འདས་ཏེ། །དངོས་པོའི་ངོ་བོ་རྟག་ལ་སོགས། །དེ་དག་རྣམས་ཀྱིས་བརྟགས་པ་དེ། །ལོག་པའི་ཀུན་རྫོབ་ཉིད་དུ་འདོད། །དེས་ན་དངོས་པོའི་ཅིག་ཤོས་ནི། །ཡང་དག་ཀུན་རྫོབ་ཡིན་པར་སྨྲ། །ཕན་ཚུན་དུ་ནི་འགལ་བ་ཉིད། །གཅིག་ལ་དུས་གཅིག་འགྱུར་མི་སྲིད། །རིགས་པར་ལྡན་པའི་ཡང་དག་ཉིད། །དམ་པའི་ཡིན་ཞིང་དམ་པ་ཡི། །ཤེས་པའི་དོན་ཞེས་མཁས་པ་ཡིས། །དོན་དམ་པར་ནི་མངོན་པར་སྨྲས། །དེ་ཡི་ཡུལ་ལ་ཤེས་པ་གང༌། །དེ་ཡིས་གཞན་གྱི་དོན་གྱིས་ན། །དོན་དམ་ཡིན་ཏེ་དེ་བཞིན་གཞན། །ཡང་དག་རྗེས་མཐུན་ཤེས་རབ་ཀྱང༌། །ཡང་དག་སྒོམ་པར་བྱེད་པ་ཡིན། །སྒྲིབ་དང་བྲལ་བ་རྟོགས་པར་འགྱུར། །གང་ཕྱིར་དེས་ན་དོན་ཆེན་པོ། །དེ་དག་སྒྲུབ་པར་བྱེད་པར་འདོད། །ཆོས་ཀུན་སྣང་བ་མེད་པ་ཡི། །ཤེས་པ་རྟོགས་པ་མ་ལུས་པའི། །སྤྲོས་དང་བྲལ་བ་ཉིད་ཀྱིས་ནི། །དེ་དག་རྟོགས་ཞེས་བརྗོད་པ་ཡིན། །ཡེ་ཤེས་བདག་ཉིད་ཡང་དག་པའང༌།། ཡོན་ཏན་ཕུན་སུམ་ཚོགས་ཀུན་གྱི། །གནས་དེ་ཡིན་པར་ངོ་ཆེན་པོར། །འདོད་ལ་དེ་ཡང་སྒྲུབ་པར་བྱེད། །དོན་དམ་ཅི་ཡང་མེད་ཅེ་ན། །མྱ་ངན་འདས་པ་དོན་དམ་པར། །མི་འགྱུར་དེ་ལ་དངོས་པོ་ཡི། །ངོ་བོ་ཅི་ཡང་ཡོད་པ་མིན། །དེར་ཡང་ཁྱོད་ཀྱི་རྒོལ་བ་ཀུན། །ཅི་ཡི་ཕྱིར་ན་


DTG107_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་མི་འགྱུར། །དེ་ལ་ཁྱོད་ཀྱི་ལན་གང་ཡིན། །ངའི་ཡང་དེ་འདི་ཡིན་པར་འགྱུར། །བདག་མེད་རང་བཞིན་མེད་པ་ཡི། །མཚན་ཉིད་ཡང་དག་ཡིན་པར་བརྗོད། །ཇི་སྟེ་ཆོས་ལ་ཐ་དད་འགྱུར། །དེ་ཚེ་ཆོས་ལ་ཡོད་པ་མིན། །ཆོས་རྣམས་ལས་ནི་ཐ་དད་པའི། །ཡང་དག་སོ་སོར་རྟོགས་པའི་ཕྱིར། །རྣལ་འབྱོར་པ་རྣམས་ཆོས་ལ་ནི། །ཕྱིན་ཅི་ལོག་དང་བྲལ་མི་འགྱུར། །ཐ་དད་ཡིན་ནའང་དེ་ཡི་ཚེ། །ཀུན་གྱིས་ཡང་དག་མཐོང་བར་འགྱུར། །ཐུན་མོང་དུའང་མ་གྱུར་ཅིང༌། །རྟག་ཏུ་ཉོན་མོངས་ཅན་དུ་འགྱུར། །དེ་བས་བརྗོད་དུ་མེད་པ་ཞེས། །རང་བྱུང་རང་ཉིད་ཀྱིས་བཤད་པས། །ཐ་དད་ཐ་དད་མ་ཡིན་པར། །རྟོག་པ་རིགས་པ་མ་ཡིན་ནོ། །དངོས་པོ་ཡོད་དེ་དེ་ཉིད་དང༌། །གཞན་སོགས་རྟོག་པ་རུང་བར་འགྱུར། །དངོས་པོ་མེད་ན་ཇི་ལྟར་གང༌། །གང་གིས་གཞན་ལ་སོགས་པར་འགྱུར། །དངོས་དང་དངོས་མེད་ལ་སོགས་པའི། །སྤྲོས་པ་མ་ལུས་བྲལ་ཞིང་ཞི། །རང་གི་རྟོགས་པ་དེ་ཁོ་ན། །ཐ་དད་ལ་སོགས་སྤངས་པར་བསྟན། །དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་རྫོགས་སོ།།

ཆོས་ཐམས་ཅད་རང་བཞིན་མེད་པར་གྲུབ་པ།


DTG107_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་རང་བཞིན་མེད་པར་གྲུབ་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དངོས་པོ་རྣམས་ལ་ཕྱིན་ཅི་ལོག་གི་བློ་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་མ་ལུས་པར་རྒྱས་པར་འགྱུར་བས་དེའི་ཕྱིར་དེ་དག་ལ་ཀུན་ནས་ཉོན་མོངས་པ་མ་ལུས་པ་མཐའ་དག་གཅོད་པའི་རྒྱུ་ཕྱིན་ཅི་མ་ལོག་པ་བསྟན་པའི་ཕྱིར་འདི་བརྩམ་མོ། །དེ་ལ་རེ་ཞིག་གང་དག་དོན་དམ་པར་དངོས་པོ་རྣམས་ཀྱི་རང་བཞིན་བརྗོད་པ་ན། ཡང་དག་པར་དེ་དག་རང་བཞིན་དང་བཅས་པར་རྗོད་པར་བྱེད་དེ། དེ་དག་གི་ཕྱིན་ཅི་ལོག་ཡིན་པ་ཁོ་ནར་བསྟན་པའི་ཕྱིར། རིགས་པ་དང་ལུང་དག་གིས་དངོས་པོ་རྣམས་ཀྱི་སྐྱེ་བ་དཔྱད་པར་བྱའོ། །གལ་ཏེ་འདི་སྙམ་དུ་མྱུ་གུ་ལ་སོགས་པའི་སྐྱེ་བ་ས་བོན་ལ་སོགས་པའི་རྐྱེན་ཅན་གནག་རྫི་ཡན་ཆད་ལ་གྲགས་པ་ཁོ་ན་ཡིན་ན། དེ་ལ་དཔྱད་པར་བྱ་ཅི་དགོས། དངོས་པོའི་བདག་ཉིད་གཏན་ལ་ཕབ་པ་ལ་ནི་རྟོག་པ་དང་ལྡན་པ་རྣམས་དཔྱད་པར་རུང་བ་མ་ཡིན་ཏེ།


DTG107_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་དང༌། རྟོག་པ་དང་མི་ལྡན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ་སྙམ་དུ་སེམས་ན། དེ་ནི་རིགས་པ་མ་ཡིན་ཏེ། ཚད་མས་གཏན་ལ་མ་ཕབ་པའི་ཕྱིར་དང༌། གྲགས་པ་ཡང་ལོག་པར་སྲིད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་རང་ལ་གྲགས་པའི་དོར་བྱས་ཏེ་འཇུག་པ་རྣམས་སུ་ཡང་གང་ལ་ཡང་སླུ་བར་མི་འགྱུར་རོ། །དེ་ལ་དཔེར་ན་འཇིག་པ་ཡང་རྒྱུ་དང་ལྡན་པ་ཉིད་དུ་གྲགས་ལ། གཟུགས་ལ་སོགས་པ་ཡང་ཕྱི་རོལ་གྱི་དོན་ཉིད་དུ་གྲགས་སུ་ཟིན་ཀྱང༌། དཔྱད་པ་བྱས་ན་ཚད་མས་གནོད་པ་སྲིད་པ་དེ་བཞིན་དུ་འདི་ལ་ཡང་གྲགས་པ་བརྫུན་པའི་ངོ་བོ་ཡང་སྲིད་པས་དཔྱད་པར་བྱ་བར་རུང་བ་ཉིད་དོ། །དེ་ལ་ལུང་རིགས་པ་དང་བྲལ་བ་ནི་རྟོག་པ་དང་ལྡན་པ་རྣམས་རངས་པར་མི་འགྱུར་ལ། རིགས་པས་བརྟན་པོར་བྱས་པའི་ལུང་ཡང་དོན་གཞན་དུ་དྲང་བར་མི་ནུས་པས་དེའི་ཕྱིར་རེ་ཞིག་རིགས་པས་དཔྱད་པར་བྱའོ། །སྦྱོར་བ་ནི་གང་དང་གང་དག་ཡང་དག་པར་རང་དང་གཞན་དང་གཉི་ག་ལས་སྐྱེ་བ་དང༌། རྒྱུ་མེད་པ་ལས་སྐྱེ་བ་དང་བྲལ་བ་དེ་དག་ནི་ཡང་དག་པར་ན་རང་བཞིན་མེད་པ་ཡིན་ཏེ། །དཔེར་ན་ནམ་མཁའི་པདྨ་ལ་སོགས་པ་བཞིན་ནོ། །རང་དང་གཞན་གྱི་སྐྱེ་བོས་སྨྲས་པ་འདི་དག་ཀྱང་དེ་དང་འདྲ་བས་དོན་གྱིས་ན་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ཏེ། སྐྱེ་བས་དངོས་པོ་རང་བཞིན་ལ་ཁྱབ་པར་བྱེད་པའི་ཕྱིར་རོ། །འདི་ལ་དམ་བཅས་པ་ལ་མངོན་སུམ་གྱིས་གནོད་པ་ཡང་མི་བསམ་སྟེ། དོན་དམ་པར་རང་བཞིན་མེད་པ་ཉིད་དུ་སྒྲུབ་པར་བྱེད་པའི་ཕྱིར་རོ། །དངོས་པོ་རྣམས་རང་བཞིན་དང་བཅས་པ་ཉིད་དུ་དོན་དམ་པར་ཡོད་པར་མངོན་སུམ་དུ་གྲགས་པ་ནི་མ་ཡིན་ཏེ། འདི་ལྟར་རེ་ཞིག་ཕྱི་རོལ་གྱི་དོན་དམ་པ་པ་ཡིན་པར་འདོད་པ་ཡན་ལག་ཅན་གྱི་ངོ་བོའམ། རྡུལ་ཕྲ་རབ་བསགས་པའི་བདག་ཉིད་གཅིག་ཡིན་གྲང་ནི། །དེ་གཉི་གའི་ངོ་བོ་ཡང་མངོན་སུམ་དུ་རིགས་པ་མ་ཡིན་ཏེ། ལག་པ་ལ་སོགས་པ་ཡན་ལག་སྣང་བ་མ་གཏོགས་པ་ཡན་ལག་ཅན་སྣང་བ་ཉམས་སུ་མྱོང་བ་ཡང་མེད་ལ། རྡུལ་ཕྲ་རབ་རྣམས་ཀྱང་རགས་པ་དང་རྣམ་པ་གཅིག་ཏུ་སྣང་བ་ཅན་གྱི་ཤེས་པའི་ཡུལ་དུ་རུང་བ་མ་ཡིན་ཏེ། དེ་དང་རྣམ་པ་མི་འདྲ་བའི་ཕྱིར་རོ། །


DTG107_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱ་ནང་གི་ཡིན་པར་སྨྲ་བ་གང་དག་གཉིས་མེད་པའི་རྣམ་པར་ཤེས་པ་ཉིད་དེ་ཁོ་ན་ཡིན་ནོ་ཞེས་ཟེར་བ་དེ་དག་གི་ལྟ་བ་ལ་ཡང་དེ་མངོན་སུམ་དུ་མ་གྲུབ་སྟེ། དུས་ཐམས་ཅད་དུ་གཟུང་བ་དང་འཛིན་པར་སྣང་བའི་ཤེས་པ་ཉམས་སུ་མྱོང་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཐམས་ཅད་དེ་ཁོ་ན་མཐོང་བ་ཁོ་ནར་འགྱུར་ཏེ། དེས་ན་ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་འཕགས་པའི་ལམ་བསྐྱེད་པའི་འབད་པ་དོན་མེད་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་སེམས་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །འདི་ལྟར་དབང་པོ་འདི་དག་ཚད་མིན་ཏེ། །ངོ་བོ་ཉིད་ཀྱི་བེམས་པོ་ལུང་མ་བསྟན། །དེ་ཕྱིར་མྱ་ངན་འདས་པའི་ལམ་འདོད་གང༌། །དེས་ནི་འཕགས་པའི་ལམ་གྱི་བྱ་བ་བྱོས། །ཞེས་གསུངས་སོ། །གལ་ཏེ་དངོས་པོ་ཐམས་ཅད་རང་བཞིན་མེད་པ་ཉིད་ཡིན་ན། འོ་ན་ནི་དེའི་ཚེ་དེ་དག་ཡུལ་དང་དུས་ལ་སོགས་པ་ངེས་པར་སྔོན་པོ་དང༌། ཕྱ་ལེ་བ་ལ་སོགས་པའི་ངོ་བོར་སྣང་བ་ཇི་ལྟར་མི་འགལ་ཞེ་ན། མ་ཡིན་ཏེ། འཁྲུལ་པའི་རྣམ་པར་ཤེས་པ་ལ་སྣང་བའི་གཟུགས་བཞིན་དུ་བརྫུན་པ་ཡང་སྣང་བའི་ཕྱིར་རོ། །ཇི་ལྟར་འཁྲུལ་པའི་རྣམ་པར་ཤེས་པ་ལ་སྣང་བའི་རྣམ་པ་རྣམས་དོན་དམ་པར་རང་བཞིན་མེད་པ་ཡིན་ཡང༌། ཡུལ་དང་དུས་ལ་སོགས་པ་ངེས་པར་སྣང་བ་ལྟར་གཞན་དག་ཀྱང་དེ་དང་འདྲ་བས་མི་འགལ་བ་ཉིད་དོ། །གང་དེ་ལྟར་སྣང་བར་འགྱུར་བ་ཟླ་བ་གཉིས་ལ་སོགས་པ་ཕྱི་རོལ་གྱི་དོན་དེ་ལྟ་བུ་དེ་ཡང་མེད་ལ། ཡུལ་དང་དུས་གཞན་ན་ཡོད་པའི་དོན་ཡང་ཡུལ་དང་དུས་ལ་སོགས་པ་སྣང་བ་དང་འབྲེལ་བའི་ངོ་བོ་ཉིད་མེད་ན། གང་གིས་ན་འདི་དེའི་ངོ་བོར་སྣང་ངོ་ཞེས་བྱ་བར་འགྱུར། གཞན་ནི་གཞན་གྱི་ངོ་བོར་སྣང་བ་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་དོན་དམ་པ་ཐམས་ཅད་ཀྱང་རྣམ་པར་ཤེས་པ་ཐམས་ཅད་ཀྱི་ཡུལ་དུ་འགྱུར་རོ། །གང་གིས་ན་སྣང་བར་འགྱུར་བའི་ངོ་བོ་གཞན་ཡང་དེ་ལ་མེད་དེ། དུ་མར་ཐལ་བར་འགྱུར་བའི་ཕྱིར་རོ། །ཟླ་བ་གཉིས་ལ་སོགས་པ་དེ་ཤེས་པའི་ངོ་བོར་བདེན་པ་ཉིད་དུ་


DTG107_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པ་མ་ཡིན་ཏེ། ཤེས་པ་གཅིག་དང་ཐ་མི་དད་པའི་ངོ་བོ་ཉིད་ཡིན་པར་ཤེས་པའི་རང་གི་ངོ་བོ་བཞིན་སྣ་ཚོགས་མ་ཡིན་ངོ་བོ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རམ། དེ་དང་ཤེས་པ་ཐ་མི་དད་པའི་ཕྱིར་དེའི་རང་གི་ངོ་བོ་བཞིན་སྣ་ཚོགས་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཡུལ་ལ་བཀྲམ་པ་ལྟར་འདུག་པར་ཡོངས་སུ་འཛིན་པར་སྣང་བའི་རྣམ་པ་སྣ་ཚོགས་ཉིད་ཡིན་པར་གཞུང་གཟུགས་པའི་ཕྱིར་ཤེས་པ་དུ་མ་སྐྱེ་བར་རྟོགས་པ་ཡང་ལེགས་པ་མ་ཡིན་ཏེ། ཤེས་པ་རྣམས་ནི་ལུས་མེད་པ་ཉིད་ཀྱི་ཕྱིར་ཡུལ་ལ་བཀྲམ་པ་ལྟར་འདུག་པར་ཡོངས་སུ་འཛིན་པ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་དོན་དམ་པར་ན་དེ་དག་ཤེས་པའི་ངོ་བོ་ཉིད་དུ་ཡང་མི་སྲིད་དོ། །འོན་ཀྱང་འདི་དག་ཡུལ་དང་དུས་ལ་སོགས་པ་ངེས་པར་ཡང་སྣང་སྟེ། དེ་ལྟ་བས་ན་དངོས་པོ་ཐམས་ཅད་དོན་དམ་པའི་རང་བཞིན་དང་བྲལ་བ་ཡིན་ཡང་སྣང་བ་མི་འགལ་བ་ཉིད་པས་དམ་བཅས་པ་ལ་མངོན་སུམ་གྱི་གནོད་པ་མེད་དོ། །གལ་ཏེ་འདི་སྙམ་དུ་མངོན་སུམ་གྱིས་གནོད་པ་མེད་དུ་ཟིན་ཀྱང་རང་གི་ཚིག་དང་འགལ་བ་ཉིད་ནི་གསལ་རབ་ཏུ་དམིགས་པ་ཁོ་ན་སྟེ། འདི་ལྟར་གཞན་དག་ལ་ངེས་པ་སྐྱེད་པར་འདོད་དེ། གཏན་ཚིགས་སྨྲ་བས་གཏན་ཚིགས་ཀྱིས་ངེས་པ་སྐྱེ་བར་ཁས་བླངས་པའི་ཕྱིར་ངེས་པ་ནི་རང་བཞིན་དང་བཅས་པ་ཁས་བླང་བར་འགྱུར་རོ། །དེ་ལྟ་མ་ཡིན་ན་གཏན་ཚིགས་སྦྱོར་བ་དོན་མེད་པ་ཁོ་ནར་འགྱུར་རོ། །ཁས་བླངས་པ་འདིས་ན་རང་བཞིན་མེད་པ་ཉིད་དུ་དམ་བཅས་པ་ལ་གནོད་པས་ངའི་མ་ནི་མོ་གཤམ་ཡིན་ནོ་ཞེས་བྱ་བ་བཞིན་དུ་རང་གི་ཚིག་དང་འགལ་བར་གསལ་རབ་ཉིད་དོ་སྙམ་དུ་སེམས་ན། དེ་ཡང་རིགས་པ་མ་ཡིན་ཏེ། ངེས་པ་བསྐྱེད་པའི་ཕྱིར་གཏན་ཚིགས་སྦྱོར་མོད་ཀྱི། དེས་ངེས་པ་དོན་དམ་པར་སྐྱེ་བར་ཁས་བླངས་བར་ནི་མི་འགྱུར་རོ། །འོན་ཀྱང་སྐྱེ་བ་ཙམ་ཁས་བླངས་བར་འགྱུར་གྱི། སྐྱེ་བའི་ཁྱད་པར་ནི་མ་ཡིན་ནོ། །དོན་དམ་པའི་སྐྱེ་བ་བཀག་པས་ནི་འདིར་དོན་དམ་པ་པར་རང་བཞིན་མེད་པར་སྒྲུབ་པར་འདོད་མོད་ཀྱི། སྐྱེ་བ་ཙམ་བཀག་པས་ནི་མ་ཡིན་ནོ། །དེའི་ཕྱིར་གཏན་ཚིགས་ཀྱིས་ངེས་པ་དོན་དམ་པར་སྐྱེ་བ་མེད་ཀྱིས་ཀྱང་གདོང་ལས་གཟུགས་བརྙན་བཞིན་


DTG107_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཀུན་རྫོབ་པའི་སྐྱེ་བ་མི་འགལ་བ་ཉིད་པས་དམ་བཅས་པ་ལ་ཡང་རང་གི་ཚིག་དང་འགལ་བ་མེད་དོ། །ངེས་པ་ཀུན་རྫོབ་པ་དེ་ཡང་དོན་དམ་པ་རྟོགས་པའི་གཏན་ཚིགས་སུ་ཚད་མ་ཉིད་དུ་འདོད་པས་ཉེས་པ་མེད་དོ། །འདིས་ནི་ལས་དང་འབྲས་བུར་འབྲེལ་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་སྟོན་པར་བྱེད་པའི་ལུང་དང་འགལ་བའི་ལན་ཡང་བཏབ་པ་ཡིན་ཏེ། ལས་དང་འབྲས་བུར་འབྲེལ་པ་ལ་སོགས་པ་ཀུན་རྫོབ་པ་ཁས་བླངས་བའི་ཕྱིར་རོ། །ཀུན་རྫོབ་པའི་ངོ་བོ་ཉིད་ཡིན་ཡང་བརྒལ་ཞིང་བརྟག་པ་མཚུངས་པ་མ་ཡིན་ཏེ། དེ་བརྟག་མི་བཟོད་པ་ཉིད་ཀྱི་ཕྱིར་ཀུན་རྫོབ་པ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དེ་དོན་དམ་པའི་ངོ་བོ་ཁོ་ནར་འགྱུར་གྱི། ཀུན་རྫོབ་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་སོགས་པའི་རྟགས་དང༌། དོན་དམ་པའི་རང་བཞིན་དུ་འབྲེལ་པ་གང་དུ་ཡང་མ་གྲུབ་པས་རྗེས་སུ་དཔག་པས་གནོད་པ་ཡང་མི་སྲིད་དོ། །དེས་ཕྱིར་ཀུན་ནས་ཉོན་མོངས་པ་ལ་སོགས་པ་རྒྱུ་ཙམ་ཞིག་ཏུ་སྒྲུབ་ན་ནི་གྲུབ་པ་སྒྲུབ་པ་ཉིད་ཡིན་ཏེ། དེ་ཀུན་རྫོབ་པའི་རྒྱུ་ཡིན་པར་ཁས་ལེན་པའི་ཕྱིར་རོ། །མིང་ལ་ནི་བརྩད་པ་མེད་དེ། བརྫུན་པ་ཡང་གྲགས་པར་བསྒྲུབ་པའི་ཕྱིར་དང༌། ཚད་མས་ཀྱང་གནོད་པའི་ཕྱིར་རོ། །འཕགས་པ་ལང་ཀར་གཤེགས་པ་ལས། བྱང་ཆུབ་སེམས་དཔའ་དངོས་པོ་ཐམས་ཅད་རང་བཞིན་མེད་དོ་ཞེས་དམ་བཅས་པར་མི་བྱའོ་ཞེས་བསྟན་པ་གང་ཡིན་པ་དེ་ཡང་གཅིག་ཁོ་ནར་རང་བཞིན་མེད་པར་དམ་འཆའ་བ་དགག་པ་ཡིན་པར་ལྟ་སྟེ། ཀུན་རྫོབ་པའི་རང་བཞིན་ཁས་ལེན་པའི་ཕྱིར་གཅིག་ཁོ་ན་དགག་པ་ནི་རིགས་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་མངོན་སུམ་ལ་སོགས་པས་གནོད་པར་ཐལ་བར་འགྱུར་བའི་ཡང་གསལ་རབ་ལ། དེ་ལྟ་བུ་རང་བཞིན་མེད་པ་ཉིད་དུ་སྒྲུབ་པར་བྱེད་པའི་ཚད་མ་ཡང་ཅུང་ཟད་ཀྱང་མེད་དོ། །དམ་བཅས་པ་ཙམ་གྱིས་ཀྱང་འདོད་པའི་དོན་འགྲུབ་པ་མ་ཡིན་ཏེ། ཐམས་ཅད་ཀྱི་ཐམས་ཅད་དུ་འགྲུབ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་དོན་དམ་པའི་རང་བཞིན་དགག་པར་བྱའི། སྤྱིར་ནི་མ་ཡིན་ནོ། །དེ་བས་ཀྱང་དེ་ཉིད་ལས།


DTG107_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གྲོས་ཆེན་པོ་སྣང་བ་དང་མི་སྣང་བའི་མཚན་ཉིད་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་དངོས་པོ་ཐམས་ཅད་རང་བཞིན་མེད་དོ་ཞེས་དམ་བཅའ་བར་མི་བྱའི། བློ་གྲོས་ཆེན་པོ་འོན་ཀྱང་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་དང་འདྲའོ་ཞེས་བསྟན་པར་བྱའོ་ཞེས་གསུངས་ཏེ། དེ་ལ་མདོའི་དོན་ནི་སྣང་བའི་མཚན་ཉིད་ནི་ཀུན་རྫོབ་ཏུའོ། །མི་སྣང་བའི་མཚན་ཉིད་ནི་དོན་དམ་པར་རོ་ཞེས་བྱ་བར་མངོན་ནོ། །དེའི་ཕྱིར་དེ་ལྟར་རེ་ཞིག་དམ་བཅས་པའི་དོན་མི་འགལ་བ་ཡིན་ནོ། །གཏན་ཚིགས་མ་གྲུབ་པ་ཉིད་དུ་ཡང་དོགས་པར་མི་བྱ་སྟེ། འདི་ལྟར་རེ་ཞིག་དངོས་པོ་རྣམས་རང་ལས་སྐྱེ་བར་ནི་རིགས་པ་མ་ཡིན་ཏེ། རང་གི་ངོ་བོ་ཡོད་པ་དང་མེད་པ་བདག་ཉིད་ཀྱི་རྒྱུར་མི་འཐད་པའི་ཕྱིར་རོ། །དངོས་པོའི་རྒྱུ་རང་གི་ངོ་བོ་ཡིན་ན། ཡོད་པའམ་མེད་པ་ཞིག་ཡིན་གྲང་ན། རེ་ཞིག་ཡོད་པ་ནི་མ་ཡིན་ཏེ། དེ་ལ་ཅུང་ཟད་ཀྱང་བྱར་མེད་པའི་ཕྱིར་རི་འབིགས་བྱེད་དང་གངས་ཅན་བཞིན་ནོ། །གང་གི་ཚེ་དངོས་པོའི་རང་གི་ངོ་བོ་གྲུབ་པ་དེའི་ཚེ་ཉིད་ན་དེ་དང་ཐ་མི་དད་པའི་ཕྱིར་དངོས་པོ་ཡང་གྲུབ་ཟིན་པས་དེ་ལས་རྒྱུའི་བྱ་བ་མེད་དེ། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གང་གྲུབ་ན་གང་ཞིག་མི་འགྲུབ་པ་དེ་ནི་དེའི་རང་གི་ངོ་བོ་ཡིན་པར་ཡང་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཐ་དད་པ་མ་ཡིན་ན་ཡང་རྒྱུ་དང་འབྲས་བུའི་དངོས་པོར་རིགས་པ་མ་ཡིན་ཏེ། དེ་གཉིས་ཀྱི་རྒྱུ་ནི་ཐ་དད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དེའི་རྒྱུ་མེད་པའི་ཕྱིར་འདི་ནི་འབྲས་བུའོ་འདི་ནི་རྒྱུའོ་ཞེས་དེའི་ཐ་སྙད་མ་འཆོལ་བར་འདོགས་པར་མི་འགྱུར་གྱི། རྒྱུ་དང་འབྲས་བུ་ཞེས་མིང་བཏགས་པ་འབའ་ཞིག་ཏུ་འགྱུར་བར་ཟད་དེ། མིང་ལ་ནི་བརྩད་པ་མེད་དོ། །ཅི་སྟེ་གནས་སྐབས་ཐ་དད་པ་རྒྱུ་ཡིན་པར་རྟོག་པར་བྱེད་ན། གལ་ཏེ་དེ་ལྟ་ན་འོ་ན་ནི་རང་གི་ངོ་བོ་ཁོ་ན་རྒྱུར་མི་འགྲུབ་སྟེ། གནས་སྐབས་རྣམས་དང་གནས་པོ་ཐ་མི་དད་པའི་ཕྱིར་རོ། །གནས་སྐབས་ཐ་དད་པར་ཁས་ལེན་ན་ནི་དེ་དང་འདྲ་བར་གནས་པོ་ཡང་ཐ་དད་པར་འགྱུར་ཏེ། དེའི་ཕྱིར་རྣ་ཆ་གདུབ་ཀོར་ལ་སོགས་པ་རྒྱུའི་གནས་སྐབས་ཀྱི་གསེར་གྱི་རྫས་ཀྱང་གཞན་ཁོ་ན་ཡིན་ལ། དཔུང་རྒྱན་ལ་སོགས་པ་འབྲས་


DTG107_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་གནས་སྐབས་ཀྱི་ཡང་གཞན་ཁོ་ན་ཡིན་ན། རང་གི་ངོ་བོ་ཁོ་ན་རྒྱུར་ཇི་ལྟར་འགྱུར། ཅི་སྟེ་གནས་པོ་དང་འདྲ་ན་ནི་གནས་སྐབས་གཉིས་ཀྱང་གཅིག་པའི་ངོ་བོར་འགྱུར་ཏེ། དེའི་ཕྱིར་ཉེས་པ་སོ་ན་འདུག་པ་ཁོ་ན་ཡིན་ནོ། །དེ་ལྟ་མ་ཡིན་ན་གནས་པོ་དང་གནས་སྐབས་རྣམས་ཐ་དད་པ་ཁོ་ནར་འགྱུར་ཏེ། དེ་གྲུབ་པ་དང་བདེ་བ་གཅིག་པ་མ་ཡིན་པའི་ཕྱིར་རོ། །ཡང་ཐ་དད་པར་ཁས་ལེན་ན་ནི་གནས་སྐབས་དག་ཁོ་ན་རྒྱུ་དང་འབྲས་བུར་འགྱུར་གྱི། རང་གི་ངོ་བོ་ནི་མ་ཡིན་ནོ། །དེ་ལྟ་བས་ན་ངོ་བོ་ཉིད་འདྲ་བ་གཞན་དང་གཞན་འབྱུང་བས་བསླུས་པ་ནི་གསེར་ལ་སོགས་པ་དེ་ཉིད་འདི་ཡིན་ནོ་ཞེས་ཐ་སྙད་འདོགས་ཀྱི། དེ་ཉིད་གཞན་དུ་འགྱུར་བ་མཐོང་ནས་ནི་མ་ཡིན་ནོ། །དེ་ཉིད་ནི་གཞན་དུ་མི་འགྱུར་ཏེ། དེ་ཁོ་ན་དང་གཞན་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར་དངོས་པོའི་དེ་ཁོ་ན་ནི་ཡོངས་སུ་གཅོད་པ་ན་གཞན་ཉིད་རྣམ་པར་བཅད་ནས་ཡོངས་སུ་གཅོད་ལ་གཞན་ཉིད་ཀྱང་དེ་ཉིད་རྣམ་པར་བཅད་ནས་ཡོངས་སུ་གཅོད་དོ། །དེ་ལས་བཟློག་པའི་རྣམ་པར་བཅད་ན་ནི་ཡོངས་སུ་གཅོད་པ་མ་ཡིན་པ་ཁོ་ནར་འགྱུར་རོ། །གང་རྣམ་པར་བཅད་པ་མེད་པར་གང་ཡོངས་སུ་གཅོད་པ་མེད་པ་དེ་གཉིས་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་ལ། གང་དག་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པ་དེ་དག་ཀྱང་ཆོས་ཅན་གཅིག་ལ་ཅིག་ཅར་འདུར་མི་རུང་བ་སྟེ། དཔེར་ན་ལུས་དང་ལུས་མེད་པ་ཐ་དད་པ་ལྟ་བུའོ། །དེ་ལྟ་མ་ཡིན་ན་ཐམས་ཅད་རྫས་གཅིག་ཁོ་ནར་འགྱུར་ཏེ། དེས་ན་ལྷན་ཅིག་སྐྱེ་བ་དང་འཇིག་པར་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་དེ་ཉིད་གཞན་དུ་འགྱུར་ཞེས་བྱ་བ་འདིར་རྨོངས་པ་རབ་ཏུ་མང་པོས་སྤུངས་བསྐྱེད་པར་ཟད་དོ། །གཞན་ཡང་ཡོངས་སུ་འགྱུར་བ་ཞིག་ཡིན་ན། ངོ་བོ་སྔ་མ་ཡོངས་སུ་བོར་ནས་སམ། ཡོངས་སུ་མ་བོར་ནས་འགྱུར་གྲགས་དེ་བཞིན་དུ་ཆོས་དག་གམ། ཆོས་ཅན་ཞིག་འགྱུར་གྲང་ཞེས་རྣམ་པར་བརྟག་སྟེ། དེ་ལ་གལ་ཏེ་ཡོངས་སུ་བོར་ནས་ཞེས་བྱ་བའི་ཕྱོགས་ཡིན་ན་ནི་དེའི་ཚེ་དངོས་པོ་ནི་ཆ་ཤས་མེད་པ་ཡིན་པའི་ཕྱིར་སྔ་མའི་ངོ་བོ་ནི་བདག་


DTG107_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཐམས་ཅད་ཀྱིས་རྣམ་པར་ཞིག་ན་རྗེས་སུ་འགྲོ་བ་ཅན་གྱི་ངོ་བོ་ཉིད་འགའ་ཡང་མེད་པར་འགྱུར་བ་ག་ལ་ཡོད། འོན་ཏེ་ཡོངས་སུ་མ་བོར་ནས་ཞེས་བྱ་བའི་ཕྱོགས་ཡིན་ན་ན་དེའི་ཚེ་གནས་སྐབས་འཆོལ་བར་འགྱུར་ཏེ། དེས་ན་རྒན་པོ་ལ་སོགས་པའི་གནས་སྐབས་ནའང་བུས་བ་ལ་སོགས་པའི་གནས་སྐབས་དམིགས་པར་འགྱུར་རོ། །ཆོས་དག་ཀྱང་འགྱུར་བར་རིགས་པ་མ་ཡིན་ཏེ། དེ་དག་ནི་དེ་དང་ཐ་མི་དད་པ་ཉིད་པས་ཆོས་ཅན་ནི་རང་གི་ངོ་བོ་བཞིན་དུ་ངོ་བོ་གཅིག་པའི་ཕྱིར་ལ། ཆོས་ཅན་ཡང་དེ་དང་ཐ་མི་དད་པ་ཉིད་པས་ཆོས་ཀྱི་རང་གི་ངོ་བོ་བཞིན་དུ་སྐྱེ་བ་དང་འཇིག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཆོས་དང་ཆོས་ཅན་དག་ཐ་དད་པ་ཁོ་ནར་འགྱུར་ཏེ། དེའི་ཚེ་ཆོས་སྔ་མ་ནི་རྒྱུ་མེད་པ་ཁོ་ནར་འཇིག་ལ། སྔོན་མེད་པའི་ཆོས་ནི་འབྱུང་བས་གང་ཞིག་འབྱུང་བར་འགྱུར། ཐ་དད་པ་ཡིན་ན་ཆོས་དང་ཆོས་ཅན་གྱི་དངོས་པོར་ཡང་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཆོས་ཅན་ཡང་འགྱུར་བ་མ་ཡིན་ཏེ། དེ་ནི་ཁྱོད་ཀྱི་ལུགས་ཀྱིས་དུས་ཐམས་ཅད་དུ་ངོ་བོ་གཅིག་པ་ཡིན་པའི་ཕྱིར་རོ། །དེ་ཉིད་གཞན་དུ་འགྱུར་བར་མི་རིགས་པར་ཡང་སྔར་བསྒྲུབས་ཟིན་ཏོ། །གཞན་ཡང་གལ་ཏེ་ཆོས་ཅན་དེ་རང་བཞིན་གྱིས་བརྟན་པ་ཡིན་ན། དེའི་ཚེ་དེ་ཇི་ལྟར་གཞན་དུ་འགྱུར། ནམ་མཁའ་ལ་སོགས་པ་ལྟ་བུ་ངོ་བོ་གཅིག་པ་ནི་རང་གི་ངོ་བོ་སྔ་མ་མ་བོར་བར་གཞན་དུ་འགྱུར་བར་རིགས་པ་མ་ཡིན་ཏེ། མི་བརྟན་པའི་ངོ་བོ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འོ་ན་མི་བརྟན་པའི་བདག་ཉིད་ཡིན་ན་ནི། དེའི་ཚེ་གཡོ་བའི་རང་བཞིན་ཅན་ཡིན་པས་རྒྱུ་མེད་པར་འཇིག་པར་འགྱུར་གྱི། དེ་ཕྱི་མར་མི་གནས་པའི་ཕྱིར་གཞན་དུ་ནི་མི་འགྱུར་རོ། །དེ་ལྟ་བས་ན་འགྱུར་བར་སྨྲ་བ་འདི་ནི་བཟང་པོ་མ་ཡིན་ནོ། །དེ་ལྟ་ན་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར། རང་གི་ངོ་བོ་ཡོད་པ་ཡང་བདག་ཉིད་ཀྱི་རྒྱུའི་དངོས་པོར་ཡོད་པ་མ་ཡིན་ནོ། །མེད་པ་ཡང་མ་ཡིན་ཏེ། དེ་ཡང་ནུས་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ཡིན་པས་ཅུང་ཟད་མི་བྱེད་པའི་ཕྱིར་རོ། །མེད་པའི་མཚན་ཉིད་ནི་འདི་ཁོ་ན་ཡིན་ཏེ། འདི་ལྟར་ནུས་པ་ཐམས་ཅད་དང་བྲལ་བའོ། །གང་ཞིག་ནུས་པའི་ནོར་མ་ལུས་པ་དང་བྲལ་བ་


DTG107_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ཇི་ལྟར་ཕན་འདོགས་པར་ནུས་ཏེ། ཕན་པའི་རྒྱུ་ནི་ནུས་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་གྲངས་ཅན་ལ་སོགས་པས་དངོས་པོ་རྣམས་རང་སྐྱེ་བར་ཡོངས་སུ་བརྟགས་པ་དེ་རིགས་པ་མ་ཡིན་ནོ། །གཞན་ལས་ཤེས་བྱའི་ཕྱོགས་ཀྱང་རིགས་པ་མ་ཡིན་ཏེ། འདི་ལྟར་གཞན་ལས་སྐྱེ་བར་འགྱུར་ན། རྟག་པའམ་མི་རྟག་པའམ། གཉི་གའམ་གཉི་ག་མ་ཡིན་པ་ལས་འགྱུར་གྲང་ཞེས་བརྟག་སྟེ། རེ་ཞིག་རྟག་པའི་དངོས་པོ་ཅི་ཡང་མེད་པའི་ཕྱིར་རྟག་པ་ལས་ནི་མ་ཡིན་ནོ། །རྟག་པའི་དངོས་པོ་དེར་ཡོངས་སུ་བརྟག་ན། དོན་བྱེད་ནུས་པ་ཞིག་ལ་རྒྱུར་ཡོངས་སུ་བརྟག་སྟེ། དཔེར་ན་གཞན་དག་གིས་བདག་ལ་སོགས་པ་བདེ་བ་ལ་སོགས་པའི་རྒྱུར་ཡོངས་སུ་བརྟགས་པ་ལྟ་བུ་ཞིག་གམ་མི་ནུས་པ་ཞིག་པ་སྟེ། དཔེར་ན་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་ནམ་མཁའ་ལ་སོགས་པ་གསུམ་ནུས་པ་མེད་པ་ཁོ་ན་ལ་དངོས་པོ་ཉིད་དུ་ཡོངས་སུ་བརྟགས་པ་ལྟ་བུ་ཞིག་ཡིན་གྲང་ན། དེ་ལ་དོན་བྱེད་ནུས་པ་གང་ཡིན་པ་དེ་ནི་རྟག་པ་ཡིན་པར་རིགས་པ་མ་ཡིན་ཏེ། རྟག་པ་ནི་ཀུན་རྫོབ་ཏུ་ཡང་རིམ་དང་ཅིག་ཤོས་དག་གིས་དོན་བྱེད་པ་མི་འཐད་པའི་ཕྱིར་རོ། །རྒྱུ་ནུས་པ་ཐོགས་པ་མེད་པ་ཡིན་ན་ཡང་རེས་འགའ་ཡང་འབྲས་བུ་མི་སྐྱེད་པར་མི་འགྲུབ་ལ། འབྲས་བུ་རྒྱུ་མ་ཚང་བ་མེད་པ་ཅན་ཡིན་ན་ནམ་ཡང་མི་སྐྱེ་བར་མི་འགྱུར་ན། གང་གིས་ན་རིམ་གྱིས་དོན་བྱ་བ་བྱེད་པར་འགྱུར། གཞན་དག་གིས་ཕོགས་དབྱུང་དུ་མེད་པ་ནི་ལྟོས་པ་ཅི་ཡང་མེད་ན། གང་གིས་ན་ལྷན་ཅིག་བྱེད་པའི་རྐྱེན་ལ་ལྟོས་ནས་རེས་འགའ་འབྲས་བུ་བསྐྱེད་པར་མི་འགྱུར་རོ་ཞེས་བྱ་བར་རིགས་པར་འགྱུར། གཞན་ཡང་བྱ་བ་བྱེད་པའི་དུས་ན་དེའི་ལྷན་ཅིག་བྱེད་པའི་རྐྱེན་ཐམས་ཅད་ཉེ་བའི་རང་བཞིན་གང་ཡིན་པ་དེ་ཉིད་ལྷན་ཅིག་བྱེད་པའི་རྒྱུ་དང་བྲལ་བའི་དུས་སུ་རྗེས་སུ་འབྲང་བར་འདོད་ན་ནི་དེའི་ཚེ་དེ་དང་འབྲེལ་པའི་རང་བཞིན་རྗེས་སུ་འབྲང་བས་ནན་གྱིས་མགུལ་ནས་ལྕགས་ཐག་གིས་དམ་རབ་ཏུ་བཏགས་པ་འདྲ་བར་འདོད་པའི་དུས་བཞིན་དུ་རྟག་ཏུ་ལྷན་ཅིག་བྱེད་པའི་རྐྱེན་རྣམས་དང་ཉེ་བའི་རང་བཞིན་དུ་འགྱུར་ཏེ། དེའི་ཕྱིར་ལྷན་ཅིག་བྱེད་པ་དང་མི་འབྲལ་བ་ཉིད་དུ་འགྱུར་རོ། །འབྲས་བུ་ཡང་ལྟོས་པར་རིགས་པ་མ་ཡིན་ཏེ། མེད་


DTG107_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་དཔེར་ན་རི་བོང་གི་རྭ་ལྟ་བུའོ། །དེ་དང་འབྲེལ་པའི་རང་གི་ངོ་བོ་འཐོབ་པའི་ཕྱིར་བློས་ཡོངས་སུ་བརྟགས་པ་ལ་ལྟོས་ནས་མེད་པ་ལ་ཡང་བློས་རྣམ་པར་གཞག་མོད་ཀྱི། དེ་ལྟ་ན་ཡང་དེ་མངོན་པར་འགྲུབ་པར་བྱ་བ་ལ་དེས་རྒྱུ་ནུས་པ་ཐོགས་པ་མེད་པ་གང་ཡིན་པ་དེ་ཉིད་ལ་ཕན་འདོགས་པར་ལྟོས་པར་བྱའི། གཞན་ལ་ནི་མ་ཡིན་ནོ། །དེའི་ཕྱིར་འབྲས་བུས་རྟོག་པར་འདོད་པའི་དངོས་པོ་རྟག་ཏུ་ཕན་འདོགས་པ་ཉིད་དུ་ཉེ་བར་ནུས་པ་ཐོགས་པ་མེད་པ་དེ་ཉིད་བོར་ནས་གཞན་ལ་ལྟོས་ཅི་དགོས་ཏེ། དེས་འདི་ལ་གནོད་པ་བྱས་པའམ། གཞན་དག་གིས་འདི་ལ་ཕན་བཏགས་པ་ནི་ཅུང་ཟད་ཀྱང་མེད་དོ། །གཞན་ཡང་འབྲས་བུ་ལྷན་ཅིག་བྱེད་པའི་རྐྱེན་རྣམས་ལ་ལྟོས་ལ་ནི་རག་ན་འོན་ཀྱང་དབང་ཕྱུག་ལ་སོགས་པ་རྒྱུ་གང་ཡིན་པ་དེ་ནུས་པ་ཐོགས་པ་མེད་པ་ཡིན་ན་གོ་ལྟོས་ཅི་དགོས། གང་གིས་ན་དེ་སྐྱེར་མི་འདོད་པ་བཞིན་དུ་ཡང་ནན་གྱིས་དྲངས་ཏེ་སྐྱེད་པར་མི་བྱེད། དེ་ལྟ་ན་དེས་བདག་ཉིད་ཀྱི་མཐུ་ཉེ་བར་བརྟན་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །དེ་ལྟ་བས་ན་འབྲས་བུ་མེད་པ་ལྟོས་པར་རིགས་པ་མ་ཡིན་ནོ། ཡོད་པ་ཡང་མ་ཡིན་ཏེ། དེ་ནི་རང་གི་ངོ་བོ་མཐའ་དག་ཐོབ་པ་ཉིད་ཀྱིས་ཐམས་ཅད་ལ་རེ་བ་མེད་པའི་ཕྱིར་རོ། །གལ་ཏེ་འདི་སྙམ་དུ་དེ་གཉིས་ཐ་དད་པ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་པའི་ཕྱིར་འབྲས་བུ་རྒྱུའི་ཆོས་ཐམས་ཅད་ཀྱི་རྗེས་སུ་བྱེད་པ་ནི་མ་ཡིན་ནོ། །དེའི་ཕྱིར་གདོན་མི་ཟ་བར་དེ་གཉིས་རྣམ་པ་འགའ་ཞིག་གིས་ཐ་དད་པར་འགྱུར་རོ། །དེས་ན་རིམ་མ་ཡིན་པ་ལས་ཀྱང་འབྲས་བུ་རིམ་ཅན་མི་འགལ་བ་ཉིད་དོ་སྙམ་དུ་སེམས་ན། དེ་ནི་རིགས་པ་མ་ཡིན་ཏེ། ཁོ་བོ་ཅག་ཀྱང་འབྲས་བུ་རྒྱུའི་ཆོས་ཐམས་ཅད་ཀྱི་རྗེས་སུ་བྱེད་དོ་ཞེས་ནི་མི་ཟེར་རོ། །འོན་ཀྱང་རེ་ཞིག་གདོན་མི་ཟ་བར་འབྲས་བུས་རྒྱུ་ལ་ཡོད་པའི་རྗེས་སུ་འགྲོ་བ་དང༌། ལྡོག་པའི་ནི་རྗེས་སུ་བྱ་དགོས་ཏེ། རྒྱུ་དང་འབྲས་བུའི་དངོས་པོའི་རྒྱུ་ནི་དེ་ཙམ་དུ་ཟད་པའི་ཕྱིར་རོ།། འབྲས་བུ་འགའ་ཡང་རྒྱུ་རྟག་པར་འདོད་པ་ལ་ཡོད་པའི་ལྡོག་པའི་རྗེས་སུ་བྱེད་པ་ནི་མེད་དོ། །རྟག་པ་ལ་ལྡོག་པ་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ནི་རྟག་པ་ཁོ་ནར་འགྱུར་གྱི། རྟག་པ་ནི་མ་ཡིན་ནོ། །རྗེས་སུ་འགྲོ་བའི་བྱེད་པའི་རྗེས་སུ་བྱེད་པ་ཡང་མ་ཡིན་ཏེ། དེ་རིལ་གྱིས་ཉེ་ཡང་རེས་འགའ་འབྲས་


DTG107_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མི་འབྱུང་བའི་ཕྱིར་རོ། །གང་ཞིག་གང་ལ་ཡོད་པའི་རྗེས་སུ་འགྲོ་བའི་རྗེས་སུ་མི་བྱེད་པ་དེ་ན་དེའི་འབྲས་བུར་རིགས་པ་མ་ཡིན་ཏ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་རེ་ཞིག་རྟག་པས་རིམ་གྱིས་དོན་བྱེད་པར་མི་ནུས་སོ། །ཅིག་ཅར་ཡང་མ་ཡིན་ཏེ། ཕྱིས་བྱ་བ་བྱེད་པའི་རང་བཞིན་དེ་ལྟ་བུའི་རྗེས་སུ་འབྲང་ན་འབྲས་བུ་སྐྱེ་བ་དང་བྲལ་བར་མི་རུང་བའི་ཕྱིར་སྔ་མ་བཞིན་ནོ། །རྗེས་སུ་མི་འབྲང་ན་ནི་དེའི་རྟག་པ་ཉིད་ཉམས་སོ། །རིམ་དང་ཅིག་ཅར་དག་ལས་གཞན་པ་གང་གིས་དོན་བྱེད་པར་འགྱུར་བའི་རྣམ་པ་གཞན་ནི་མེད་དེ། དེ་གཉིས་ནི་ཕན་ཚུན་རྣམ་པར་བཅད་པ་མེད་ན་ཡོངས་སུ་གཅོད་པ་མེད་པ་ཉིད་ཀྱིས་ཕན་ཚུན་སྤངས་ཏེ། གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ནུས་པ་མ་ལུས་པས་སྟོང་པ་དངོས་པོ་ཉིད་དུ་རིགས་པ་ཡང་མ་ཡིན་ཏེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ནི་མོ་གཤམ་གྱི་བུ་ལ་སོགས་པ་ཡང་དངོས་པོ་ཉིད་དུ་ཐལ་བར་འགྱུར་རོ། །དེའི་ཕྱིར་དངོས་པོ་མེད་པར་ཐ་སྙད་གདགས་པའི་རྒྱུ་ཅི་ཡང་མ་གྲུབ་པས་དངོས་པོ་མེད་པར་ཆུང་ཟད་ཀྱང་འགྲུབ་པར་མི་འགྱུར་རོ། །དེ་མ་གྲུབ་ན་དངོས་པོ་ཡང་མི་འགྲུབ་སྟེ། དེ་མི་མཐུན་པའི་ཕྱོགས་རྣམ་པར་གཅད་པ་མ་གྲུབ་པའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་ལས་མ་ལོག་པའི་རང་བཞིན་ནི་ཅུང་ཟད་ཀྱང་རང་གི་ངོ་བོ་ཡོངས་སུ་གཅད་པར་མི་ནུས་སོ། །དེ་ལྟ་བས་ན་དོན་བྱེད་པའི་ནུས་པ་དང་བྲལ་བ་ཁོ་ན་རི་བོང་གི་རྭ་ལ་སོགས་པའི་ངོ་བོའི་མཚན་ཉིད་ཡིན་ལ། །དེ་ལས་བཟློག་པ་ནི་དངོས་པོའི་མཚན་ཉིད་དོ་ཞེས་བྱ་བར་རིགས་སོ། །དེས་ན་རི་བོང་གི་རྭ་ལ་སོགས་པ་དང་ཁྱད་པར་མེད་པར་སོ་སོར་བརྟགས་པའི་འགོག་པ་ལ་སོགས་པ་ལ་རྟོགས་པ་དང་ལྡན་པ་རྣམས་དངོས་པོར་ཐ་སྙད་འདོགས་པར་རིགས་པ་མ་ཡིན་ཏེ། དེའི་རྒྱུ་མེད་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་སོ་སོར་བརྟགས་པའི་འགོག་པ་ལ་སོགས་པ་དེ་འགའ་ཞིག་གི་ཤེས་པའི་ཡུལ་དུ་འགྱུར་ན་ནི། དེའི་ཚེ་དེའི་གདོན་མི་ཟ་བར་དེའི་རྒྱུའི་དངོས་པོར་ཁས་བླངས་དགོས་ཏེ། རྒྱུ་མ་ཡིན་པ་ལ་རྒྱུ་ཡུལ་ཉིད་མེད་པའི་ཕྱིར་རོ། །རྒྱུའི་ཁྱད་པར་ཁོ་ན་རང་གི་རྣམ་པར་འཇོག་པས་རྣམ་པར་ཤེས་པ་ལ་ཕན་པ་བྱེད་པ་ན་ཡུལ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟ་མ་ཡིན་ན་ནི་རྟག་པ་དེའི་རྟག་


DTG107_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཉམས་པར་འགྱུར་ཏེ། གང་དུ་ཡང་རིམ་དང་ཅིག་ཅར་དག་གི་རྒྱུར་མི་རུང་བའི་ཕྱིར་རོ། །འོན་ཏེ་ཕན་མི་འདོགས་བཞིན་དུ་ཡང་རྣམ་པར་ཤེས་པའི་ཡུལ་དུ་རྟོག་ན་ནི་དེའི་རྣམ་པར་ཤེས་པའི་རང་བཞིན་རྣམ་པ་ཐམས་ཅད་དུ་རྗེས་སུ་འབྲང་བས་དེའི་རྣམ་པར་ཤེས་པ་ཡང་དེའི་རང་བཞིན་དང་འདྲ་བར་རྟག་པར་རྗེས་སུ་འབྲང་བའི་ཕྱིར་རྟག་པར་ཐལ་བར་འགྱུར་རོ། །རྗེས་སུ་མི་འབྲང་ན་ནི་དེའི་རྟག་པ་ཉིད་ཉམས་པར་ཐལ་བ་བཟློག་དཀའོ། །འོན་ཏེ་ཐ་ན་ཐམས་ཅད་མཁྱེན་པའི་ཐུགས་ཀྱང་རུང་འགའི་ཡུལ་གྱི་དངོས་པོར་ཡང་ཉེ་བར་མི་འགྲོའོ་ཞེས་རྟོག་པར་བྱེད་ན། དེའི་ཚེ་མཁས་པ་རྣམས་དེ་ལ་དངོས་པོར་ཐ་སྙད་འདོགས་པར་རིགས་པ་མ་ཡིན་ཏེ། རྣམ་པ་ཤེས་པ་དེར་ཐ་སྙད་གདགས་པའི་རྒྱུ་མེད་པའི་ཕྱིར་རོ། །དེ་རི་བོང་གི་རྭ་ལ་སོགས་པ་ཤིན་ཏུ་མེད་པ་ལས་ཀྱང་གང་གིས་ན་དེ་ལས་ཐ་དད་པར་བསྒྲུབ་པར་བྱ་བ་ཁྱད་པར་བྱ་དགོས་ཏེ། དངོས་པོ་མེད་པ་ལས་རྣམ་པར་མ་ཕྱེ་བའི་རང་བཞིན་ནི་དངོས་པོ་ཉིད་དུ་རྟོགས་པར་མི་ནུས་སོ། །དེའི་ཁྱད་པར་བདག་གི་ངོ་བོ་འཛིན་པ་ཡོད་དོ་ཞེས་བརྗོད་པར་ཡང་རིགས་པ་མ་ཡིན་ཏེ། དངོས་པོ་མེད་པ་ལ་ཡང་ནུས་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ཀྱི་བདག་གི་ངོ་བོ་འཛིན་པ་ཡོད་པའི་ཕྱིར་རོ། །མོ་གཤམ་གྱི་བུ་ལ་སོགས་པ་དང་ཁྱད་པར་མེད་པ་དེ་ལྟ་བུ་དེ་ལ་ཡང་དངོས་པོ་ཞེས་མིང་དུ་འདོགས་ན་མིང་ལ་ནི་བརྩད་པ་མེད་དོ། །འོན་ཀྱང་རྟོག་པ་དང་ལྡན་པ་དོན་བྱེད་པ་དོན་དུ་གཉེར་བས་དངོས་པོའི་རང་གི་ངོ་བོ་དཔྱོད་པར་བྱེད་པ་དེ་དག་ནི་ཤིན་ཏུ་མི་དམིགས་པའི་རང་བཞིན་ནུས་པ་ཐམས་ཅད་ཀྱིས་སྟོང་པས་མོ་གཤམ་གྱི་བུ་ལ་སོགས་པ་དང་ཁྱད་པར་མེད་པ་དེ་ལྟ་བུ་དེ་ལ་ཐ་སྙད་གདགས་པའི་རྒྱུ་མེད་པའི་ཕྱིར་དངོས་པོ་རྣམ་པར་འཇོག་པ་ནི་ལེགས་པ་མ་ཡིན་ནོ་ཞེས་ཟེར་རོ། །སྨྲས་པ། དོན་བྱེད་ནུས་པ་མ་ཡིན་ལ། །དེའི་དོན་གཉེར་བས་དཔྱད་ཅི་ཕན། །མ་ནིང་གཟུགས་བཟང་མི་བཟང་ཞེས། །འདོད་ལྡན་རྣམས་ཀྱིས་བརྟགས་ཅི་ཕན། །དེ་ལྟར་ན་རྟག་པ་ཉིད་ཀྱིས་དངོས་པོ་ཅི་ཡང་མེད་པས་རྟག་པ་ལས་སྐྱེ་བ་རིགས་པ་མ་ཡིན་ནོ། །མི་རྟག་པ་ལས་ཀྱང་མ་ཡིན་ཏེ། འདི་ལྟར་མི་རྟག་པ་ལས་འབྲས་བུ་སྐྱེ་བ་ན་རྒྱུ་འདས་པ་ལས་སྐྱ་སྟེ། དཔེར་ན་བྱེ་བྲག་ཏུ་སྨྲ་བ་རྣམས་


DTG107_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རྣམ་པར་སྨིན་པའི་རྒྱུ་འདས་པ་ལས་ཀྱང་འབྲས་བུ་ཉེ་བར་བརྗོད་པ་ལྟ་བུའམ། མ་འོངས་པ་ལས་ཏེ། དཔེར་ན་དེ་དག་ཉིད་ཀྱིས་མ་འོངས་པའི་སྐྱེ་བ་ནི་བསྐྱེད་པར་བྱ་བ་སྐྱེད་པ་ཡིན་ནོ་ཞེས་ཉེ་བར་བརྟགས་པ་ལྟ་བུའམ། ད་ལྟར་གྱི་ལས་སྐྱེའོ་ཞེས་བྱ་བའི་ཕྱོགས་ཤིག་ཡིན་གྲང་ན། དེ་ལ་རེ་ཞིག་འདས་པ་ལས་ཞེས་བྱ་བའི་ཕྱོགས་ནི་རུང་བ་མ་ཡིན་ཏེ། འདས་པའི་དངོས་པོ་ཡོད་པ་མེད་པའི་ཕྱིར་རོ། །འདས་པ་ཞེས་བྱ་བ་ཅི་ཞེས་བྱ། རང་གི་ངོ་བོ་ལས་མ་ཉམས་པའམ། རང་གི་ངོ་བོ་ལས་ཉམས་པ་ཡིན་གྲང༌། དེ་ལྟ་མ་ཡིན་ན་ད་ལྟར་བཞིན་དུ་རང་གི་ངོ་བོ་མ་ཉམས་པའི་ཕྱིར་ཇི་ལྟར་འདས་པ་ཡིན། གང་རང་གི་ངོ་བོ་ཉམས་པའི་བདག་ཉིད་དེ་ཡང་མེད་པའི་རང་བཞིན་ཡིན་པའི་ཕྱིར་འབྲས་བུ་ཇི་ལྟར་བསྐྱེད་དེ། དོན་བྱེད་པ་ནི་རང་གི་ངོ་བོ་ལ་རག་ལས་པའི་ཕྱིར་རོ། །འོན་ཏེ་བྱེད་པ་ཞིག་པ་ལས་འདས་པ་ཞེས་བྱ་བའི་རང་གི་ངོ་བོ་ཉམས་པའི་དབང་གིས་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ཡང་དེའི་བྱེད་པ་ཞིག་པ་ལས་འབྲས་བུ་སྐྱེ་བར་རིགས་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ། འབྲས་བུ་སྐྱེད་ན་ཇི་ལྟར་ཞིག་པར་འགྱུར། འབྲས་བུ་གཅིག་ལ་དངོས་པོའི་ངོ་བོ་གཅིག་གིས་རིམ་གྱིས་འཕེལ་བ་དང༌། རབ་ཏུ་སྐྱེད་པའི་མཐུ་ཐ་དད་པར་རིགས་པ་མ་ཡིན་ན། གང་གི་ཕྱིར་འབྲས་བུ་འཕེན་པ་ཙམ་བྱེད་པར་འགྱུར་གྱི། རབ་ཏུ་བྱེད་པ་མ་ཡིན། ཁྱད་པར་མེད་པའི་ཕྱིར་དེ་འཕེན་པའི་དུས་ཁོ་ན་རབ་ཏུ་སྐྱེད་པར་ཡང་འགྱུར་རོ། །དེ་ལྟ་མ་ཡིན་ན་ནི་ཕྱིས་ཀྱང་སྔ་མ་དང་ཁྱད་པར་མེད་པའི་ཕྱིར་རབ་ཏུ་སྐྱེད་པར་མི་འགྱུར་རོ། །གཞན་ཡང་བྱེད་པ་ཞེས་བྱ་བ་དེ་གལ་ཏེ་ནུས་པའི་ངོ་བོའམ། བྱ་བའི་ངོ་བོ་ཞིག་ཡིན་པར་འགྱུར་གྲང༌། རེ་ཞིག་གལ་ཏེ་གཉི་ག་དོན་གཞན་ཡིན་ན་ནི། དེའི་ཚེ་ཇི་ལྟར་རེ་ཞིག་ཅེས་བརྗོད་པར་བྱ། གལ་ཏེ་རང་གི་ངོ་བོ་ཞིག་པའི་ཕྱིར་ན་ནི་དེའི་ཚེ་རྟག་ཏུ་དངོས་པོ་ཐམས་ཅད་ཡོད་པར་སྨྲ་བ་ཉམས་པར་ཡང་འགྱུར་རོ། །དོན་གཞན་དེ་ཞིག་ན་ཡང་དངོས་པོའི་རང་གི་ངོ་བོ་མི་གཡོ་བ་འཇིག་པར་འགྲུབ་པར་མི་འགྱུར་ཏེ། ལྷ་སྦྱིན་ཤི་བར་གྱུར་བས་མཆོད་སྦྱིན་རང་གི་ངོ་བོ་ལས་མ་ཉམས་པའི་ངོ་བོ་ཡང་འཆི་བ་ནི་མེད་དོ། །འོན་ཏེ་བྱེད་པའི་ཕྱིར་རོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། ཐུག་པ་


DTG107_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་ཐལ་བར་འགྱུར་བའི་ཕྱིར་བྱེད་པ་ལ་བྱེད་པ་གཞན་ནི་མེད་དེ། དེ་ལ་ཡང་བརྒལ་ཞིང་བརྟགས་པ་མཚུངས་པའི་ཕྱིར་རོ། །དེའི་ཕྱིར་འགའ་ཡང་འཇིག་པར་མི་འགྲུབ་བོ། །བྱེད་པ་དོན་གཞན་པ་ཉིད་ཡིན་ན་ནི་དངོས་པོའི་རྒྱུ་ཉིད་དུ་མི་འགྱུར་ཏེ། བྱེད་པ་ཁོ་ན་ལས་འབྲས་བུ་སྐྱེ་བའི་ཕྱིར་རོ། །དེའི་ཕྱིར་དངོས་པོ་མེད་པ་ཉིད་དུ་ཐལ་བར་འགྱུར་ཏེ། དངོས་པོའི་མཚན་ཉིད་ནི་དོན་བྱེད་ནུས་པའི་ཕྱིར་རོ། །བྱེད་པ་དོན་གཞན་དུ་གྱུར་པ་གཉི་གའི་ངོ་བོ་དེ་ཡང་འབྲས་བུ་སྐྱེད་པ་ན་གལ་ཏེ་བྱེད་པའི་རང་གི་ངོ་བོར་གྱུར་པ་ཁོ་ནས་སྐྱེད་པར་འདོད་ན་ནི་དེའི་ཚེ་དངོས་པོ་ཡང་བྱེད་པའི་རང་གི་ངོ་བོར་གྱུར་པ་ཁོ་ནས་འབྲས་བུ་སྐྱེད་པར་འགྱུར་ན་དོན་གཞན་བརྟགས་པས་ཅི་ཞིག་བྱ། འོན་ཏེ་གཞན་དུ་གྱུར་པས་སྐྱེད་དོ་ཞེ་ན། དེའི་ཚེ་དེ་ལ་ཡང་བྱེད་པ་གཞན་དུ་རྟོག་ན་ཐུག་པ་མེད་པར་འགྱུར་བའི་ཕྱིར་གང་གི་ཡང་རྒྱུ་ཉིད་དུ་མི་འགྲུབ་པོ། །དངོས་པོ་ཕན་པར་བྱེད་པ་མ་ཡིན་པའི་ཕྱིར་འདིའི་བྱེད་པ་འདི་ཡིན་ནོ་ཞེས་བྱ་བ་ཡང་མ་འགྲུབ་སྟེ་འབྲེལ་པ་ནི་ཐམས་ཅད་དུ་ཕན་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །འོན་ཏེ་ཡང་དེ་ལ་དངོས་པོ་ཕན་འདོགས་པ་ཉིད་དུ་ཁས་ལེན་ན་ནི་དེའི་ཚེ་དངོས་པོ་བྱེད་པའི་བདག་ཉིད་དུ་གྱུར་པའི་དབང་གིས་བྱེད་པ་ལ་ཕན་འདོགས་ན་དེའི་ཚེ་ཅིའི་ཕྱིར་འབྲས་བུ་ལ་དེ་ལྟར་ཕན་འདོགས་པར་མི་བྱེད། གང་གིས་ན་བྱེད་པ་དོན་གཞན་དུ་ཉེ་བར་བརྟག །བྱེད་པ་དངོས་པོ་ཡོད་པ་ཙམ་ལ་རག་ལས་པ་ཡིན་ན་ཡང་རྟག་ཏུ་རྒྱུ་རིལ་གྱིས་ཉེ་བའི་ཕྱིར་འཇིག་པ་འགྲུབ་པར་ཡང་མི་འགྱུར་རོ། །འོན་ཏེ་དོན་གཞན་དུ་གྱུར་པས་ཕན་འདོགས་ན་ནི་དེའི་ཚེ་དེ་དང་དེར་འབྲེལ་པར་ཡང་མི་འགྲུབ་སྟེ། དེའི་ཚེ་བྱེད་པ་རྣམས་ཁོ་ན་རྒྱུད་མར་སྦྱོར་བའི་ཕྱིར་དངོས་པོ་ནི་གྱི་ན་འདུག་པ་ཉིད་དུ་འགྱུར་རོ། །བྱེད་པ་བྱ་བའི་ངོ་བོ་ཡིན་པར་ཡང་སྐད་ཅིག་མ་རྣམས་ནི་སྐྱེས་མ་ཐག་ཏུ་མི་གནས་པའི་ཕྱིར་རིགས་པ་མ་ཡིན་པ་ཁོ་ན་ལ་སྐད་ཅིག་མ་མ་ཡིན་པ་རྣམས་ཀྱང་རྟག་ཏུ་ངོ་བོ་གཅིག་པར་གནས་པའི་ཕྱིར་ནམ་མཁའ་བཞིན་དུ་བྱ་བ་དང་འབྲེལ་པར་རིགས་པ་མ་ཡིན་པ་ཉིད་པས་བྱ་བ་ཞེས་བྱ་བ་གང་ལ་ཡང་མེད་དོ། །དེ་ལྟ་བས་ན་རང་གི་ངོ་བོ་ཙམ་ཁོ་ནས་སོ་སོར་ངེས་པའི་འབྲས་བུ་ཉེ་བར་སྐྱེད་པ་ན་རང་གི་རྒྱུ་རྐྱེན་གྱིས་ངེས་པར་བྱས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དངོས་པོའི་རང་གི་ངོ་བོ་ཁོ་ན་ལ་ནུས་པ་དང་བྱ་བ་ལ་


DTG107_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་སྒྲར་བརྗོད་ཀྱི། དོན་གཞན་ནི་མ་ཡིན་ནོ། །དངོས་པོ་དང་ཐ་མི་དད་པའི་བྱེད་པ་གཉི་གའི་ངོ་བོ་དེ་ཞིག་སྟེ་རང་གི་ངོ་བོ་ཉམས་པའི་མཚན་ཉིད་གཅིག་ཡིན་ན་དངོས་པོ་ཡང་དེ་དང་ཐ་མི་དད་པས་རང་གི་ངོ་བོ་ཉམས་ན་ཇི་ལྟར་འདས་པ་ཡོད་པ་ཉིད་དུ་འགྲུབ། བྱེད་པ་ཡང་དེ་དང་ཐ་མི་དད་པའི་ཕྱིར་དངོས་པོའི་རང་གི་ངོ་བོ་བཞིན་དུ་མི་འཇིག་པར་ཐལ་བར་འགྱུར་བས་བྱེད་པ་ཞིག་པར་མི་འགྲུབ་པོ། །འོན་ཏེ་བྱེད་པ་དེ་ཉིད་དང་གཞན་དག་ཏུ་བརྗོད་པར་བྱ་བ་མ་ཡིན་པར་རྟོག་ན། དེའི་ཚེ་འདི་བརྟགས་པའི་ཡོད་པ་ཉིད་ཡིན་པས་དངོས་པོ་མེད་པའི་ཕྱིར་དེའི་དབང་གིས་དུས་གསུམ་རྣམ་པར་གཞག་པ་དོན་དམ་པ་པར་མི་འགྲུབ་པོ། །དངོས་པོ་ནི་རྣམ་པ་གང་གིས་ཀྱང་བརྗོད་པར་བྱ་བ་མ་ཡིན་པར་རིགས་པ་མ་ཡིན་ཏེ། ཐམས་ཅད་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་འདས་པའི་དངོས་པོ་མེད་པའི་ཕྱིར་འདས་པ་ལས་འབྲས་བུ་སྐྱེ་བ་མ་ཡིན་ནོ། །མ་འོངས་པ་ལས་ཀྱང་མ་ཡིན་ཏེ། མ་འོངས་པ་ཞེས་བྱ་བ་ནི་བདག་གི་རང་གི་ངོ་བོར་མ་རེད་པ་ལ་བྱའོ། །དེ་ལྟ་མ་ཡིན་ཏེ། ད་ལྟར་བཞིན་དུ་རང་གི་ངོ་བོ་མི་གཡོ་བར་འཛིན་ན། ཇི་ལྟར་མ་འོངས་པ་འགྲུབ་པར་འགྱུར། བདག་གི་དེ་ཁོ་ནར་མ་རེད་པ་གང་ཡིན་པ་དེ་ལས་ནི་ནམ་མཁའི་པདྨ་ལ་སོགས་པ་བཞིན་དུ་འབྲས་བུ་སྐྱེ་བར་རིགས་པ་དང་ལྡན་པ་མ་ཡིན་ནོ། །འོན་ཏེ་བྱེད་པ་མ་ཐོབ་པས་མ་འོངས་པ་ཞེས་བྱ་བ་ནི་དེའི་ཚེ་དེ་ལས་འབྲས་བུ་སྐྱེ་བར་ཡང་ཤིན་ཏུ་ཡང་མི་རིགས་ཏེ། བྱེད་པ་མ་ཐོབ་པའི་ཕྱིར་རོ། །རྟག་ཏུ་དངོས་པོ་ཐམས་ཅད་ཡོད་པ་ཉིད་ཡིན་ན་དེ་འཐོབ་པའི་རྒྱུ་རྣམས་མ་ཚང་བ་མེད་པའི་ཕྱིར་ཅིའི་ཕྱིར་རེས་འགའ་ལ་ལས་བྱེད་པ་མི་འཐོབ་པར་མི་འགྱུར། བྱེད་པོ་དངོས་པོ་གཞན་དུ་རིགས་པ་མ་ཡིན་ནོ་ཞེས་ནི་དཔྱད་ཟིན་ཏོ། །དོན་གཞན་མ་ཡིན་པ་ཉིད་ཡིན་ཡང་གི་ངོ་བོ་ཡང་དེ་དང་ཐ་མི་དད་པའི་ཕྱིར་བྱེད་པ་བཞིན་དུ་མ་ཐོབ་པ་ཉིད་དུ་ཐལ་བར་འགྱུར་བས་མ་འོངས་པ་ཡོད་པ་ཉིད་དུ་མི་འགྲུབ་པར་འགྱུར་པའམ། བྱེད་པ་ཡང་དེ་དང་ཐ་མི་དད་པ་ཉིད་ཀྱིས་དངོས་པོའི་རང་གི་ངོ་བོ་བཞིན་མ་ཐོབ་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་བྱེད་པ་མ་ཐོབ་པ་ཉིད་མི་འགྲུབ་པར་འགྱུར་རོ། །དེ་ལྟ་བས་ན་མ་


DTG107_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

འོངས་པ་ཡང་དངོས་པོ་མེད་པའི་ཕྱིར་དེ་ལས་འབྲས་བུ་སྐྱེ་བར་རིགས་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་འབྲས་བུ་རྒྱུ་མེད་པ་ཁོ་ནར་ཐལ་བར་འགྱུར་ཏེ། དེ་ལ་འོག་ནས་འབྱུང་བའི་ཉེས་པ་ཡོད་དོ། །ད་ལྟར་གྱི་ལས་ཞེས་བྱ་བའི་ཕྱོགས་ཀྱང་རུང་བ་མ་ཡིན་ཏེ། འདི་ལྟར་དེ་ལས་འབྲས་བུ་སྐྱེ་བ་ན་དུ་མ་ལས་གཅིག་གམ། དུ་མ་ཞིག་སྐྱེ་བར་འགྱུར་བའམ། གཅིག་ལས་དུ་མའམ། གཅིག་སྐྱེ་བར་འགྱུར་བའམ། འབྲས་བུ་དུ་མ་གཅིག་གི་རང་གི་ངོ་བོ་དེ་ཡང་རྒྱུ་དང་དུས་མཉམ་པའམ། དུས་ཐ་དད་པ་ཞིག་ཏུ་སྐྱེ་བར་འགྱུར་གྲང་ཞེས་རྣམ་པར་བརྟག་སྟེ། དེ་ལ་གལ་ཏེ་ཕྱོགས་དང་པོ་ལྟར་ཡིན་ན་ནི་དེའི་ཚེ་རྒྱུའི་ཐ་དད་པ་ཐ་དད་པར་བྱེད་པར་འགྱུར་པ་མ་ཡིན་ཏེ། འདི་ལྟར་བུམ་པ་ལ་སོགས་པ་རས་ཡུག་ལ་སོགས་པ་ལས་རང་བཞིན་ཐ་དད་པ་གང་ཡིན་པ་དེ་ནི་རྒྱུའི་ཐ་དད་པས་བྱས་པ་ཡིན་གྱི། རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རང་བཞིན་གྱིས་ནི་མ་ཡིན་ནོ། །དེ་ལ་གལ་ཏེ་རྒྱུ་ཐ་དད་པ་མེད་ཀྱང་འབྲས་བུ་ཐ་དད་པར་འགྱུར་ན་ནི་དེའི་ཚེ་འཁྲུལ་པའི་ཕྱིར་འབྲས་བུའི་ཐ་དད་པ་མ་ཡིན་པ་ནི་རྒྱུའི་ཐ་དད་པ་དང་ཐ་དད་པ་མ་ཡིན་པར་བྱས་པར་མི་འགྱུར་རོ། །ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ལས་མ་གཏོགས་པའི་དངོས་པོ་འགའ་ཡང་མེད་པས་ཐམས་ཅད་རྒྱུ་མེད་པ་ཅན་ཁོ་ནར་ཐལ་བར་འགྱུར་རོ། །ཅི་སྟེ་ཡང་བདག་ཉིད་ཇི་ལྟ་བའི་རྒྱུ་རྣམས་ཀྱིས་ཉེ་བར་སྦྱར་བར་བྱས་པའི་རང་གི་ངོ་བོའི་ཁྱད་པར་མ་འཆོལ་བའི་ཕྱིར་རྒྱུའི་ཐ་དད་པ་ཐ་དད་པ་ཁོ་ནར་བྱེད་པ་ཡིན་ཏེ། འདི་ལྟར་མིག་ལ་སོགས་པ་རང་གི་ངོ་བོ་ཐ་དད་པ་དག་ལས་འབྲས་བུ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐྱེ་བ་ན་དངོས་སུ་ཐ་དད་པ་མ་ཡིན་ཡང་རྟོགས་པའི་བདག་ཉིད་དང༌། སོ་སོར་ངེས་པའི་ཡུལ་ཅན་དང༌། ཡུལ་གྱི་རྣམ་པ་ཉེ་བར་གྱུར་པ་སྐྱེ་ལ། དེ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་མཚུངས་པ་དེ་མ་ཐག་པའི་རྐྱེན་ལས་རྟོགས་པའི་ངོ་བོ་ཁོ་ན་སྐྱེའི། མིག་ལ་སོགས་པ་དག་ལས་ནི་མ་ཡིན་ནོ་ཞེས་བྱ་བར་ངེས་ལ། དེ་བཞིན་དུ་ཡུལ་ལས་ནི་དེ་དང་འདྲ་བ་ཉིད་དབང་པོ་ལས་ནི་ཡུལ་སོ་སོར་ངེས་པར་འཛིན་པ་ཞེས་བྱ་བ་འདི་ཡང་ཡོངས་སུ་ངེས་སོ། །དེ་ལྟར་ཡུལ་ལས་ནི་རྟོགས་པའི་ངོ་བོ་ལ་སོགས་པ་མ་ཡིན་ལ། མཚུངས་པ་དེ་མ་ཐག་པའི་རྐྱེན་ལས་ནི་ཡུལ་གྱི་ངོ་བོ་ཉིད་


DTG107_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་མ་ཡིན། དབང་པོ་ལས་ཀྱང་མ་ཡིན་པས་རྒྱུའི་ཐ་དད་པ་ནི་ཐ་དད་པར་བྱེད་པ་ཉིད་ཁོ་ན་ཡིན་ཏེ། རྒྱུ་ཐ་དད་པ་དག་ལས་ཁྱད་པར་ཐ་དད་པ་དག་འབྱུང་བའི་ཕྱིར་རོ་སྙམ་དུ་སེམས་ན། དེ་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་ཁྱད་པར་གང་ཡིན་པ་དེ་དག་གལ་ཏེ་བརྟགས་པ་མ་ཡིན་པ་ཁོ་ན་ཞིག་གམ། ལྡོག་པའི་བྱེ་བྲག་གིས་བརྟགས་པའི་ངོ་བོ་ཁོ་ན་ཞིག་ཏུ་འགྱུར་གྲང་ན། དེ་ལ་གལ་ཏེ་ཕྱོགས་དང་པོ་ལྟར་ན་ནི་དེའི་ཚེ་དམིགས་པའི་བདག་ཉིད་ལ་སོགས་པ་ལས་ཐ་དད་པ་མ་ཡིན་པའི་ཕྱིར་དེ་དང་འདྲ་བར་དུ་མ་ཉིད་དུ་ཐལ་བའམ། དམིགས་པའི་བདག་ཉིད་ལ་སོགས་པ་ཡང་རྣམ་པར་ཤེས་པ་བཞིན་དུ་གཅིག་པ་ཉིད་དུ་བཟློག་ཏུ་མི་རུང་ལ། རྣམ་པར་ཤེས་པ་ཡང་རྟོགས་པའི་ངོ་བོ་ལས་གཞན་མ་ཡིན་པའི་ཕྱིར། དེ་དང་འདྲ་བར་གཟུགས་ལས་མི་སྐྱེ་བར་ཐལ་བའམ། འདྲ་བ་ཉིད་ལས་གཞན་མ་ཡིན་པའི་ཕྱིར་གཟུགས་ལས་སྐྱེ་བར་ཡང་སྨྲ་བར་འགྱུར་རོ། །དེའི་ཕྱིར་དངོས་པོ་གཅིག་ལ་དུས་གཅིག་ཏུ་སྐྱེ་བ་དང་མི་སྐྱེ་བ་ཕན་ཚུན་འགལ་བ་དག་ཇི་ལྟར་མི་འགལ། ཅི་སྟེ་ཉེས་པ་འདིར་འགྱུར་དུ་འོང་ཞེས་ཏེ་ཁྱད་པར་དེ་དག་རྣམ་པར་ཤེས་པ་ལས་དོན་གཞན་པ་གྱུར་པ་ཁོ་ནའོ་ཞེས་རྟོག་ན་ནི་དེའི་ཚེ་རྣམ་པར་ཤེས་པ་རྒྱུ་མེད་པ་ཅན་དུ་འགྱུར་ཏེ། མིག་ལ་སོགས་པ་གཞན་ཁོ་ན་ལ་ཉེ་བར་སྦྱོར་བའི་ཕྱིར་རོ། །དེའི་ཕྱིར་རྟག་པར་ཡོད་པ་ལ་སོགས་པར་ཐལ་བར་འགྱུར་རོ། །འོན་ཏེ་རྟག་པ་ཞེས་བྱ་བའི་ཕྱོགས་ཡིན་ན་ནི་དེའི་ཚེ་ཡང་རྣམ་པར་ཤེས་པ་རྒྱུ་མེད་པ་ཅན་ཁོ་ནར་འགྱུར་ཏེ། བརྟགས་པའི་བདག་ཉིད་ཁོ་ན་ལ་མིག་ལ་སོགས་པར་སྤྱོད་པའི་ཕྱིར་རོ། །བརྟགས་པའི་བདག་ཉིད་ལ་ཡང་འགའ་ཡང་ཉེ་བར་སྦྱོར་བ་མེད་པས་ཐམས་ཅད་རྒྱུ་མེད་པ་ཅན་དུ་ཐལ་བར་འགྱུར་རོ། །དུ་མ་ལས་དུ་མ་སྐྱེ་ཞེས་བྱ་བའི་ཕྱོགས་ཀྱང་རུང་བ་མ་ཡིན་ཏེ། མར་མེ་ལ་སོགས་པ་གཅིག་ལས་ཀྱང་རྣམ་པར་ཤེས་པ་ལ་སོགས་པ་འབྲས་བུ་དུ་མ་སྐྱེ་བར་མཐོང་བའི་ཕྱིར་དང༌། མིག་ལ་སོགས་པ་དུ་མ་ལས་ཀྱང་རྣམ་པར་ཤེས་པ་ལ་སོགས་པའི་དོན་གཅིག་སྐྱེ་བར་གྲགས་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་འབྲས་བུ་ཐམས་ཅད་ལ་རྒྱུ་དུ་མ་ཞིག་གིས་བྱེད་ན་ནི་འབྲས་བུ་རེ་རེ་ཡང་དུ་མ་ལས་སྐྱེ་བའི་


DTG107_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དེ་ཉིད་རྒྱུའི་ཐ་དད་པ་ཐ་དད་པར་བྱེད་པ་མ་ཡིན་པར་འགྱུར་ཏེ། ཉེས་པ་སྔ་མ་དང་འདྲའོ། །འོན་ཏེ་འབྲས་བུ་རེ་རེ་ཁོ་ན་ལ་རེ་རེ་ཁོ་ན་ཞིག་ཉེ་བར་སྦྱོར་ན་ནི་དེའི་ཚེ་གཅིག་ལས་གཅིག་ཁོ་ན་སྐྱེ་བར་ཁས་བླངས་པར་འགྱུར་ཏེ། དེ་ལས་ཡང་འོག་ནས་འབྱུང་བའི་ཉེས་པ་ཡོད་པས། འདི་ནི་ཕྱོགས་གཞན་དུ་སྨྲས་པ་མ་ཡིན་ནོ། །དོན་དམ་པར་གཅིག་ལས་དུ་མ་སྐྱེ་ཞེས་བྱ་བའི་ཕྱོགས་ཀྱང་རུང་བ་མ་ཡིན་ཏེ། སྔ་མ་བཞིན་དུ་རྒྱུའི་ཐ་དད་པ་ཐ་དད་པར་བྱེད་པ་ཉིད་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་གལ་ཏེ་མིག་བདག་ཉིད་ཀྱི་ཁྱད་པར་གང་གིས་རིགས་མཐུན་པའི་སྐད་ཅིག་མ་སྐྱེད་པར་བྱེད་པ་དེ་ཉིད་ཀྱིས་རང་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་ན་ནི་དེའི་ཚེ་རྒྱུ་ཐ་དད་པ་མེད་ཀྱང་འབྲས་བུ་ཐ་དད་པའི་ཕྱིར་ཇི་ལྟར་འབྲས་བུའི་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་དག་ཏུ་རྒྱུ་མེད་པ་ཅན་དུ་མི་འགྱུར། དེ་ལ་གང་གིས་ན་འབྲས་བུ་གཞན་སྐྱེད་པར་འགྱུར་བ་བདག་ཉིད་ཀྱི་ཁྱད་པར་གཞན་ཡང་མེད་དེ། དངོས་པོ་ཐམས་ཅད་ནི་ཆ་ཤས་མེད་པའི་ཕྱིར་རོ། །དེས་ན་རྒྱུ་རང་གི་ངོ་བོ་འཕོས་ནས་འབྲས་བུ་ཉེ་བར་བསྐྱེད་པ་མ་ཡིན་མོད་ཀྱི། འོན་ཀྱང་རྒྱུའི་བདག་ཉིད་དེ་ལ་ཁྱད་པར་མེད་པའི་ཕྱིར་དེས་བྱས་པའི་འབྲས་བུ་ཡང་ཁྱད་པར་ཡོད་པར་མི་འགྱུར་རོ། །གཅིག་ལས་གཅིག་སྐྱེའོ་ཞེས་བྱ་བའི་ཕྱོགས་ཀྱང་རུང་བ་མ་ཡིན་ཏེ། ཐམས་ཅད་ལོང་བ་དང་འོན་པ་ལ་སོགས་པའི་དངོས་པོར་ཐལ་བར་འགྱུར་རོ། །འདི་ལྟར་གལ་ཏེ་གང་གི་ཚེ་མིག་གི་དབང་པོ་ལ་སོགས་པས་རང་གི་རྣམ་པར་ཤེས་པ་ཉེ་བར་སྐྱེད་པར་བྱེད་པ་དེའི་ཚེ་རིགས་མཐུན་པའི་སྐད་ཅིག་མ་གཞན་གྱི་རྒྱུན་ཆགས་པར་མི་བྱེད་ན། དེའི་ཚེ་སྐད་ཅིག་མ་གཉིས་པ་ལ་ཐམས་ཅད་ལོང་བ་ལ་སོགས་པར་ཐལ་བར་འགྱུར་རོ། །དུས་མཉམ་པ་ཞེས་བྱ་བའི་ཕྱོགས་ཀྱང་རུང་བ་མ་ཡིན་ཏེ། འབྲས་བུ་སྐྱེ་བའི་སྔོན་རོལ་ན་རྒྱུ་ཡང་མེད་པ་ཉིད་པས་རི་བོང་གི་རྭ་དང་འདྲ་བ་ཁོ་ནར་ནུས་པ་དང་མི་ལྡན་པའི་ཕྱིར་རོ། །གང་གི་ཚེ་བདག་གི་ངོ་བོ་ཉིད་ཐོབ་པ་ཉིད་ཀྱིས་ནུས་པ་ཡིན་པ་དེའི་ཚེ་ནི་འབྲས་བུ་ཡང་རྒྱུ་དང་དུས་མཉམ་པར་ཡོད་པ་ཉིད་ཀྱི་ཕྱིར་གྲུབ་པ་ཁོ་ན་ཉིད་ཡིན་པས་དེ་ལ་དེས་ཅུང་ཟད་ཀྱང་བྱར་མེད་པའི་ཕྱིར་རྒྱུར་ཐ་སྙད་གདགས་པར་རིགས་པ་མ་ཡིན་ཏེ། དཔེར་ན་འབྲས་བུར་འདོད་


DTG107_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཉིད་རྒྱུའི་དངོས་པོ་མ་ཡིན་པ་བཞིན་ནོ། །དེ་ལྟ་མ་ཡིན་ན་རྒྱུ་དང་འབྲས་བུའི་དངོས་པོར་རྣམ་པར་གཞག་པར་ཇི་ལྟར་མ་འཆོལ་བར་རྟོགས་པར་འགྱུར་རོ། །དུས་ཐ་དད་པ་ཞེས་བྱ་བའི་ཕྱོགས་ཀྱང་རུང་བ་མ་ཡིན་ཏེ། དུས་ཐ་དད་པ་ཉིད་ཡིན་ན་ཡང་འབྲས་བུ་རྒྱུ་བས་སྔ་བའམ་འཕྱི་བ་ཞིག་ཏུ་འགྱུར་གྲང༌། རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། དེ་ལྟ་ན་ནི་མ་འོངས་པ་ཁོ་ན་ལས་འབྲས་བུ་སྐྱེ་བར་འདོད་པར་འགྱུར་རོ། །མ་འོངས་པ་ཞེས་བྱ་བའི་དངོས་པོ་ནི་མེད་དོ་ཞེས་དེ་ནི་སྔར་དཔྱད་ཟིན་ཏོ། །དེ་ནི་ཕྱོགས་གཉིས་པ་ཡང་མ་ཡིན་ཏེ། འདི་ལྟར་ཕྱིས་འབྲས་བུ་སྐྱེ་བ་ན་སྐད་ཅིག་མས་ཆོད་པའམ་མཆོད་པ་ཞིག་ཏུ་སྐྱེ་གྲང༌། གལ་ཏེ་ཆོད་ནས་སྐྱེ་ན་ནི་དེའི་ཚེ་འདས་པ་ཁོ་ན་ལས་སྐྱེ་བར་ཁས་བླངས་པར་འགྱུར་ཏེ། དེ་ཡང་རིགས་པ་མ་ཡིན་ཏེ་ཞེས་སྔར་ཁོང་དུ་ཆུད་པར་བྱས་ཟིན་ཏོ། །མཆོད་པར་ཞེས་བྱ་བ་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་སྐད་ཅིག་མ་སྔ་མ་དང་ཕྱི་མ་གཉིས་མཆོད་པ་ཞིག་ཡིན་གྲང་ན། ཕྱོགས་གཅིག་གིས་སམ། བདག་ཉིད་ཐམས་ཅད་ཀྱིས་མཆོད་པར་འགྱུར་གྲང༌། རེ་ཞིག་ཕྱོགས་གཅིག་ནི་མ་ཡིན་ཏེ། སྐད་ཅིག་མ་དག་ལས་ཆ་ཤས་མེད་པ་ཉིད་ཀྱིས་ཕྱོགས་གཅིག་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དུས་ཀྱི་མཐའི་མཚན་ཉིད་སྐད་ཅིག་མ་ཡིན་པར་མི་འགྱུར་རོ། །བདག་ཉིད་ཐམས་ཅད་ཀྱིས་ཀྱང་མ་ཡིན་ཏེ། དུས་མཉམ་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དུས་མཉམ་པ་ནི་རྒྱུ་དང་འབྲས་བུའི་དངོས་པོ་མེད་དོ་ཞེས་སྔར་བསྟན་ཟིན་ཏོ། །སྐད་ཅིག་མ་གཉིས་བདག་ཉིད་ཐམས་ཅད་ཀྱིས་མཆོད་ན་ནི་གོང་བུ་རྡུལ་ཕྲ་རབ་ཙམ་ཉིད་དུ་ཐལ་བ་བཞིན་དུ་བསྐལ་པ་ཡང་སྐད་ཅིག་མ་ཉིད་དུ་ཐལ་བ་བཟློག་དཀའ་སྟེ། ཇི་ལྟར་རྡུལ་ཕྲ་རབ་རྣམས་བདག་ཉིད་ཐམས་ཅད་ཀྱིས་སྦྱོར་བ་ཡིན་ན། རྡུལ་ཕྲ་རབ་ཐམས་ཅད་ཀྱི་བདག་ཉིད་ཐམས་ཅད་ཀྱིས་གཅིག་ཏུ་ཞུགས་པའི་ཕྱིར་གོང་བུ་རྡུལ་ཕྲ་རབ་ཙམ་ཉིད་དུ་ཐལ་བར་འགྱུར་བ་དེ་བཞིན་དུ་སྐད་ཅིག་མ་རྣམས་བདག་ཉིད་ཐམས་ཅད་ཀྱིས་མཆོད་པ་ཡིན་ན་ནི་སྐད་ཅིག་མ་ཐམས་ཅད་སྐད་ཅིག་མ་གཅིག་ཁོ་ནའི་ནང་དུ་ཞུགས་པའི་ཕྱིར་སྐལ་པ་ཡང་སྐད་ཅིག་མ་ཙམ་ཉིད་དུ་ཐལ་བར་བཟློག་དཀའོ། །གལ་ཏེ་རྒྱུ་དང་འབྲས་བུ་དག་


DTG107_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་ཡིན་ན་ཡང་དུས་གཅིག་པ་ཉིད་དུ་མི་འགྱུར་ཏེ། དཔེར་ན་དངོས་པོ་དང་ཞིག་ནས་མེད་པ་དག་ལྟ་བུ་དང༌། དཔེར་ན་གྲིབ་མ་དང་ཉི་མ་དག་མཆོད་པ་ཡིན་ཡང་ཡུལ་གཅིག་པ་ཉིད་མ་ཡིན་པ་ལྟར་རྒྱུ་དང་འབྲས་བུ་དག་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ལ་སོགས་པ་དཔེར་རྗོད་པར་བྱེད་ན། དཔེ་དེ་དག་ནི་ཁོ་བོ་ཅག་ལ་མ་གྲུབ་སྟེ། ཐམས་ཅད་དོན་དམ་པར་མ་སྐྱེས་པ་ཉིད་པས་དེ་ལ་ཡང་བརྒལ་ཞིང་བརྟགས་པ་མཚུངས་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་ཞིག་ནས་མེད་པ་དང༌། དངོས་པོར་ལྷན་ཅིག་བདག་ཉིད་ཐམས་ཅད་ཀྱིས་མཆོད་ན་ནི་དེའི་ཚེ་དུས་མཉམ་པར་ཐལ་ཏེ། དེའི་ཕྱིར་གཅིག་ལ་ཅིག་ཅར་དངོས་པོ་དང་དངོས་པོ་མེད་པ་ཕན་ཚུན་འགལ་བ་དག་ཏུ་འགྱུར་རོ། །འོན་ཏེ་ཕྱོགས་གཅིག་གིས་ཡིན་ན་ནི་དེའི་ཚེ་ཆ་ཤས་དང་བཅས་པ་ཉིད་དུ་བཟློག་དཀའོ། །མེད་པ་ཞེས་བྱ་བ་ནི་གང་གིས་ན་ལྷན་ཅིག་མཆོད་པ་ལ་སོགས་པའི་བསམ་པ་འཇུག་པར་འགྱུར་བ་ཡོངས་སུ་གྲུབ་པ་ཅི་ཡང་མེད་དེ། འདི་ནི་བློས་ཀུན་བརྟགས་པའི་བདག་ཉིད་འབའ་ཞིག་ཁོ་ན་ཡིན་པར་ཟད་པས་དངོས་པོའི་མཇུག་ཐོགས་སུ་འབྱུང་ངོ་ཞེས་སྐད་ཅིག་ལས་ཕན་ཚུན་དུ་དངོས་པོའི་རང་གི་ངོ་བོ་དག་གནས་པ་དགག་པའི་ཕྱིར་རྣམ་པར་གཞག་གི་དོན་དམ་པར་ནི་མ་ཡིན་ནོ། །དོན་དམ་པར་ནི་ཁྱེད་རྒྱུའི་མཇུག་ཐོགས་སུ་འབྲས་བུ་འབྱུང་ངོ་ཞེས་བྱ་བར་འདོད་དེ། དེས་ན་དེ་ལ་མཆོད་པ་ལ་སོགས་པའི་བསམ་པ་འཇུག་པ་ཉིད་དོ། །ཁོ་བོ་ཅག་གི་ལྟར་ན་ནི་དེ་ཁོ་ན་ཉིད་མཐའ་གཉི་ག་དང་བྲལ་བའི་ཕྱིར་དོན་དམ་པར་ན་དེ་དངོས་པོ་ཡང་མ་ཡིན་ལ་དངོས་པོ་མེད་པར་ཡང་མ་གྲུབ་ན་དེ་ཇི་ལྟར་དེ་གཉིས་དཔེ་ཉིད་དུ་འགྲུབ་པར་འགྱུར། འདིས་ནི་གྲིབ་མ་དང་ཉི་མའི་དཔེར་ཡང་གསལ་བ་ཡིན་ཏེ། འདི་ལྟར་གྲིབ་མ་དང་ཉི་མ་རྡུལ་ཕྲ་རབ་བསགས་པའི་བདག་ཉིད་ཆ་ཤས་ཅན་གྱི་ངོ་བོ་དག་གལ་ཏེ་བདག་ཉིད་ཐམས་ཅད་ཀྱིས་མཆོད་ན་ནི་དེའི་ཚེ་ཡུལ་གཅིག་པ་ཉིད་དུ་ཐལ་བར་འགྱུར་རོ། །འོན་ཏེ་ཕྱོགས་གཅིག་གིས་ཡིན་ན་ནི་དེའི་ཚེ་ཆ་ཤས་དང་བཅས་པ་ཉིད་དུ་ཐལ་བས་བརྒལ་ཞིང་བརྟག་པར་མཚུངས་སོ། །རྣམ་པར་ཤེས་པ་སྣང་བའི་ངོ་བོ་དག་ཡིན་ན་ཡང་དེ་གཉིས་བརྫུན་པའི་ཕྱིར་མཆོད་པ་ལ་སོགས་པའི་


DTG107_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་མི་འཇུག་པ་ཉིད་དེ། དེའི་ཕྱིར་ཡང་དཔེར་ཡང་མ་གྲུབ་པ་ཉིད་དོ། །སྲང་མདའི་མཐོན་དམན་གྱི་དཔེ་གང་ཡིན་པ་དེ་ཡང་དོན་དམ་པར་མ་གྲུབ་སྟེ། འདི་ལྟར་རེ་ཞིག་སྲང་མདའ་ཞེས་བྱ་བ་ཆ་ཤས་ཅན་གྱི་རྫས་གཅིག་པུ་ནི་མ་གྲུབ་སྟེ། གཅིག་ལ་གྱེན་ཐུར་དུ་འགྲོ་བ་ལ་སོགས་པ་ཕན་ཚུན་འགལ་བའི་བྱ་བ་གཉིས་དང་ལྡན་པ་མི་རུང་བའི་ཕྱིར་རོ། །དུ་མར་དབྱེ་ན་ཡང་རྡུལ་ཕྲ་རབ་ཏུ་དབྱེ་གྲང་ན། རྡུལ་ཕྲ་རབ་དེ་དག་ཀྱང་ཤར་དང་བྱང་ལ་སོགས་པའི་ཕྱོགས་ཆ་ཐ་དད་པར་ཡོངས་སུ་འཛིན་པར་གནས་པར་ཁས་བླངས་པའི་ཕྱིར་ཕྱོགས་ཐ་དད་པ་ཡང་ཁས་བླངས་པ་ཡིན་ཏེ། དེ་ལྟ་བུ་དེ་དག་གི་དོན་དམ་པར་ཡོད་པར་མ་གྲུབ་པོ། །བཅོམ་ལྡན་འདས་ཀྱི་སཱ་ལུ་ལྡང་པ་ལ་སོགས་པའི་མདོ་ལས། ཆད་པར་ལྟ་བ་ཡོངས་སུ་སྤང་བའི་ཕྱིར་སྲང་མདའི་མཐོན་དམན་གྱི་དཔེ་བསྟན་པ་གང་ཡིན་པ་དེ་ཡང་རྒྱུ་དང་འབྲས་བུའི་ཀུན་རྫོབ་པ་ལ་བལྟ་བར་བྱའི། དོན་དམ་པ་ལ་ནི་མ་ཡིན་ཏེ། དེ་ལྟར་མ་གྲུབ་པའི་ཕྱིར་རོ། །ཇི་སྟེ་སྲང་རྣམ་པར་ཤེས་པ་སྣང་བ་ཙམ་གྱི་ངོ་བོ་ཉིད་དུ་སྟོན་ན་ནི་དེའི་ཚེ་རྣམ་པར་ཤེས་པ་ལུས་ཅན་མ་ཡིན་པ་ཉིད་ཀྱིས་དོན་དམ་པར་ན་མཐོ་བ་ལ་སོགས་པའི་བྱ་བ་མི་སྲིད་པ་ཉིད་ཡིན་ན་ཇི་ལྟར་དཔེ་གྲུབ་པར་འགྱུར། རྣམ་པར་ཤེས་པ་ཡང་དོན་དམ་པར་ན་གཉིས་སུ་མེད་པ་ཉིད་ཡིན་པ་ལས་གཉིས་སུ་སྣང་བ་བརྫུན་པའི་ཕྱིར་དེ་སྣང་བའི་སྲང་ཡང་བརྫུན་པ་ཁོ་ན་ཡིན་ལ། ཇི་ལྟར་སྲང་དོན་དམ་པར་ཡོད་པར་འགྲུབ་པར་འགྱུར། དེ་ལྟ་བས་ན་ཇི་ལྟར་ཡང་གཞན་ལས་སྐྱེ་བར་མི་འགྲུབ་བོ། །སློབ་དཔོན་རྣམས་ཀྱིས་ནི་རྒྱུ་དང་འབྲས་བུ་ཀུན་རྫོབ་པ་གྲུབ་པ་ཁོ་ན་ལས་ཀུན་རྫོབ་ཏུ་གཅིག་ལས་དུ་མ་སྐྱེ་བ་དང༌། དུ་མ་ལས་ཀྱང་གཅིག་སྐྱེ་བ་གཟིགས་པའི་ཕྱིར་མིག་ལ་སོགས་པ་ཇི་ལྟར་གྲགས་པ་རྣམས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་བྱེ་བྲག་ཏུ་འབྱེད་པ་ཉིད་དུ་ཉེ་བར་དྲངས་ནས་བྱིས་པའི་སྐྱེ་བོ་གཟུང་བའི་ཕྱིར་འབྲས་བུའི་གཏན་ཚིགས་གཞུང་གཟུགས་པར་རྒྱུའི་ཐ་དད་པ་ཐ་དད་པར་བྱེད་པ་ཉིད་དུ་བཤད་ཀྱི། དོན་དམ་པར་ནི་མ་ཡིན་ནོ་ཞེས་རྟོགས་པར་བྱ་སྟེ། དོན་དམ་པར་དེ་མ་གྲུབ་


DTG107_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །གྲངས་ཅན་ལ་སོགས་པ་གང་དག་མྱུ་གུ་ལ་སོགས་པའི་རྒྱུ་ས་དང་ཆུ་དང་ས་བོན་ལ་སོགས་པ་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་མཐོང་ནས་དོན་དམ་པར་རང་དང་གཞན་ལས་སྐྱེ་བར་རྟོགས་པར་བྱེད་པ་དེ་དག་གི་ཡང་གཉི་གའི་ཕྱོགས་ལ་བཤད་པའི་ཉེས་པ་སུན་དབྱུང་བའི་ཕྱིར་རྟོག་པ་འདི་ཡང་བཟང་པོ་མ་ཡིན་ནོ། །གང་དག་རི་མོ་མཁན་ལ་སོགས་པའི་བྱེད་པ་མེད་པར་རྨ་བྱ་ལ་སོགས་པའི་སྒྲོ་བཀྲ་བ་ཉིད་ལ་སོགས་པ་མཐོང་བའི་ཕྱིར་དངོས་པོ་ཐམས་ཅད་རྒྱུ་མེད་པ་ཅན་ཉིད་དུ་རྗོད་པར་བྱེད་པ་དེ་དག་གི་ཕྱོགས་ཀྱང་དངོས་པོ་རྣམས་རེས་འགའ་བར་མཐོང་བའི་ཕྱིར་དང༌། ཡུལ་དང་དུས་དང་རྫས་ལ་སོགས་པ་རྒྱུ་ཁྱད་པར་ཅན་ལ་ལྟོས་པ་མཐོང་བའི་ཕྱིར་རིགས་པ་མ་ཡིན་ནོ། །ལྟོས་པ་མེད་པ་ལས་ནི་རེས་འགའ་བ་ཉིད་དུ་རིགས་པ་མ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པའི་དུས་གཉིས་ཁྱད་པར་མེད་པའི་ཕྱིར་རྟག་ཏུ་དངོས་པོ་ཡོད་པའམ། དངོས་པོ་མེད་པར་འགྱུར་རོ། །རྨ་བྱ་ལ་སོགས་པའི་དཔེ་གང་ཡིན་པ་དེ་ཡང་དངོས་པོ་རྣམས་རྒྱུ་མེད་པར་སྐྱེ་བ་དོན་དམ་པར་བསྒྲུབ་པར་བྱ་བ་ལས་མ་གྲུབ་པ་ཉིད་དེ། དོན་དམ་པར་ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་ཀུན་རྫོབ་པ་ཡིན་ན་ནི་དཔེ་བསྒྲུབ་པར་བྱ་བ་མ་ཚང་བ་ཡིན་ཏེ། འདི་ལྟར་ཡུལ་དང་དུས་དང་རྫས་ལ་སོགས་པའི་ཁྱད་པར་གང་ལ་ལྟོས་ནས་དཔེ་དེ་དག་གྲུབ་པ་ཉིད་དེ། དེ་དག་གི་རྒྱུ་ཡིན་པས་དཔེ་བསྒྲུབ་པར་བྱ་བ་མ་ཚང་བ་ཉིད་དོ། །དེ་བས་ན་དེ་ལ་རི་མོ་མཁན་གྱི་བྱ་བ་ལ་སོགས་པ་མེད་དོད་ཀྱི། འོན་ཀྱང་དེ་དག་རྒྱུ་མེད་པ་ཉིད་ནི་མ་ཡིན་ཏེ། དེ་དག་རང་གི་རྒྱུ་དག་ཁོ་ན་ལས་སྐྱེ་བའི་ཕྱིར་རོ། །དངོས་པོའི་ནུས་པ་རྣམས་སོ་སོར་ངེས་པའི་ཕྱིར་ཐམས་ཅད་ལས་ཐམས་ཅད་སྐྱེ་བ་ཡང་མ་ཡིན་ནོ། །མེ་དང་དུ་བ་ལ་སོགས་པ་ཡང་མངོན་སུམ་དང་མི་དམིགས་པ་དག་གིས་རྒྱུ་དང་འབྲས་བུའི་དངོས་པོར་གྲུབ་པའི་ཕྱིར་དམ་བཅས་པ་ལ་མངོན་སུམ་གྱིས་གནོད་པ་ཡང་ཡོད་ལ། དངོས་པོ་རྣམས་རེས་འགའ་བ་ཉིད་ཀྱིས་ལྟོས་པ་དང་བཅས་པ་ཉིད་དུ་གྲུབ་པའི་ཕྱིར་རྗེས་སུ་དཔག་པས་གནོད་པ་ཡང་ཡོད་དོ། །གཏན་ཚིགས་ལས་བསྒྲུབ་པར་བྱ་བ་ལ་ངེས་པ་སྐྱེ་བར་ཁས་བླངས་པའི་ཕྱིར་དམ་བཅས་པ་ལ་རང་གི་


DTG107_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་དང་འགལ་བ་ཡང་ཡོད་དོ། །དེ་ལྟ་མ་ཡིན་ན་གཏན་ཚིགས་ཀྱི་སྦྱོར་བ་དོན་མེད་པ་ཁོ་ནར་འགྱུར་རོ། །དམ་བཅས་པ་ཙམ་གྱིས་ནི་འདོད་པའི་དོན་འགྲུབ་པ་མ་ཡིན་ཏེ། ཐམས་ཅད་ཀྱི་ཐམས་ཅད་འགྲུབ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་གཏན་ཚིགས་མ་གྲུབ་པ་ཉིད་མ་ཡིན་ནོ། །ཅི་སྟེ་ཁྱོད་ལ་བཞི་པོ་བསྒྲུབ་པར་བྱ་བའི་ཆོས་ཅན་མ་གྲུབ་པའི་ཕྱིར་གཏན་ཚིགས་གཞི་མ་གྲུབ་པ་ཡིན་ནོ་སྙམ་དུ་སེམས་ན་དེ་ཡང་དག་པ་མ་ཡིན་ནོ། །གྲུབ་པའི་མཐའ་ལ་རྟེན་པའི་ཆོས་ཅན་གྱི་ཁྱད་པར་ཉ་བར་བཟུང་ནས་བསྒྲུབ་པ་རྗོད་པ་ནི་མ་ཡིན་ཏེ། ཆོས་ཅན་དེ་ལྟ་བུ་རྒོལ་བ་གཉི་ག་ལ་ནི་གང་དུ་ཡང་མ་གྲུབ་པའི་ཕྱིར་རོ། །གྲུབ་ན་ནི་གྲུབ་པར་བྱ་བ་ཡང་གྲུབ་པ་ཉིད་པས་རྩོད་པར་མི་འགྱུར་རོ། །འོན་ཀྱང་གནག་རྫི་ཡན་ཆད་ལ་གྲགས་པའི་དངོས་པོ་དག་ལ་རབ་ཏུ་སྨྲ་བ་ཐམས་ཅད་ཀྱི་བསྒྲུབ་པར་བྱ་བ་དང༌། བསྒྲུབ་པའི་བསམ་པའི་འཇུག་པ་ཉིད་པས་ཁོ་བོ་ཅག་ལ་ཉེས་པ་མེད་དོ། །ཁོ་བོ་ཅག་གིས་ནི་སྒྲུབ་པ་འདི་གང་གིས་ན་འདིའི་ཆོས་ཅན་དངོས་པོར་གྱུར་པ་བཙལ་བར་གྱུར་པ་བསྒྲུབ་པའི་ངོ་བོར་བཤད་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དགག་པའི་ངོ་བོ་ཡིན་ཏེ། དེ་ཡང་དངོས་པོ་མེད་པ་ལ་ལེགས་པར་རབ་ཏུ་གྲུབ་པས་ཇི་ལྟར་ན་གཏན་ཚིགས་མ་གྲུབ་པ་ཉིད་དུ་འགྱུར། མ་ངེས་པ་ཉིད་ཀྱང་མ་ཡིན་ཏེ། སྔར་རྟག་པའི་དངོས་པོ་ཐམས་ཅད་བསལ་བས་དེ་ཡོངས་སུ་སྤང་བའི་ཕྱིར་རོ། །རྟག་པ་དང་མི་རྟག་པ་ཉིད་དག་ཏུ་བརྗོད་པར་བྱ་བ་མ་ཡིན་པའི་གང་ཟག་གིས་མ་ངེས་པ་ཉིད་དག་ཀྱང་མ་ཡིན་ཏེ། དངོས་པོར་ཡོད་པ་ལ་བརྗོད་པར་བྱ་བ་མ་ཡིན་པ་མི་སྲིད་པའི་ཕྱིར་རོ། །འདི་ལྟར་རྟག་པ་དང་མི་རྟག་པ་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་དག་ནི་གཅིག་ལ་བསྒྲུབ་པ་དང་དགག་པ་དག་ནི་ཅིག་ཤོས་བསྒྲུབ་པ་དང༌། དགག་པ་མེད་ན་མེད་པ་ཡིན་པའི་ཕྱིར་ཅིག་ཤོས་དགག་པ་གང་ཡིན་པ་དངོས་པོ་གཞན་སྒྲུབ་པ་ཡིན་ན་ཇི་ལྟར་བརྗོད་པར་བྱ་བ་མ་ཡིན་ཞེས་བྱ་བ་དངོས་པོར་འགྱུར། དེ་ལྟ་མ་ཡིན་ན་ཁྱད་པར་མེད་པའི་ཕྱིར་དངོས་པོ་ཐམས་ཅད་བརྗོད་པར་བྱ་བ་མ་ཡིན་པར་འགྱུར་རོ། །དེའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་ནོ། །གང་དག་དངོས་པོ་


DTG107_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རྐྱེན་དག་ལས་སྐྱེ་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གསལ་བ་ཁོ་ནས་ཏེ། དེས་ན་གཏན་ཚིགས་མ་ངེས་པ་ཁོ་ནའོ་སྙམ་དུ་སེམས་པ་དེ་ཡང་སྙིང་པོ་མ་ཡིན་པ་ཉིད་དེ། དངོས་པོ་རྟག་པ་ཐམས་ཅད་གསལ་བ་ཉིད་ཀྱི་ཕྱིར་གསལ་བར་བྱ་བ་རྟག་པ་ཅི་ཡང་མེད་པས་གསལ་བ་ཡང་གསལ་བའི་ཕྱིར་རོ། །གཞན་ཡང་རྐྱེན་རྣམས་ཀྱི་དངོས་པོ་གསལ་བ་ཞིག་ཡིན་ན། ཅི་སྟེ་རང་གི་མཚན་ཉིད་རྒྱས་པར་འགྱུར་བའམ། དེའི་སྒྲིབ་པ་ཡང་དག་པར་ཟད་པའི་བདག་ཉིད་དམ། དབང་པོ་ལེགས་པར་སྦྱངས་པའམ། ཡུལ་དེ་ལ་ཤེས་པ་སྐྱེ་བའི་མཚན་ཉིད་གཅིག་ཡིན་གྲང་ཞེས་རྣམ་པར་བརྟག་སྟེ། དེ་ལ་རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། རྟག་པ་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་རང་གི་ངོ་བོ་མ་རྒྱས་པ་ནི་རང་གི་ངང་གིས་འཇིག་པ་ཡིན་ལ་གསལ་བར་བྱེད་པའི་རྐྱེན་གྱིས་སྔོན་མེད་པའི་རང་གི་ངོ་བོ་རྒྱས་པ་ཞིག་སྐྱེ་ན་ནི་དེའི་ཚེ་དེ་ལས་རང་གི་མཚན་ཉིད་རྒྱས་པར་འགྱུར་རོ། །དེ་ལྟ་མ་ཡིན་ཏེ། རང་གི་ངོ་བོ་སྔ་མ་འགག་པར་མི་འགྱུར་ན་ནི་དེའི་ཚེ་འདི་ལ་རྒྱས་པ་ཕན་ཚུན་འགལ་བའི་རང་གི་ངོ་བོ་གཉིས་འཆོལ་བར་ཁས་བླངས་པར་འགྱུར་རོ། །རང་གི་ངོ་བོ་སྔོན་མེད་པ་ཞིག་མི་སྐྱེ་ན་ནི་གསལ་བར་བྱེད་པའི་རྐྱེན་དོན་མེད་པར་འགྱུར་རོ། །དངོས་པོ་རྣམས་ཀྱི་སྐྱེ་བ་ཡང་སྔར་རྒྱས་པར་གསལ་བའི་ཕྱིར་རིགས་པ་མ་ཡིན་ནོ། །སྒྲིབ་པ་ཡང་དག་པར་ཟད་པ་ཡང་མ་ཡིན་ཏེ། མེད་པའི་ངོ་བོ་དེ་ནི་དངོས་པོ་མེད་པ་ཉིད་ཀྱིས་གང་གིས་ཀྱང་བྱ་བར་མི་སྲིད་པའི་ཕྱིར་རོ། །བྱ་བ་དངོས་པོའི་ངོ་བོ་ཡང་སྔར་གསལ་ཟིན་པའི་ཕྱིར་རོ། །འགའ་ཞིག་གིས་རྟག་པའི་དངོས་པོའི་རང་བཞིན་ཁྱད་པར་ཅན་འགའ་ཞིག་མ་བཤིག་པའམ། མ་བསྐྱེད་པར་ནི་ནམ་ཡང་སྒྲིབ་པ་མེད་པར་བྱེད་པར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཡུལ་དེ་ལ་ཤེས་པ་སྐྱེ་བའི་གེགས་བྱེད་པ་ཉིད་ཀྱིས་སྒྲིབ་པར་བྱེད་པ་ཡིན་པར་ཡང་རིགས་པ་མ་ཡིན་ཏེ། དེ་རང་གི་ལུས་ལ་ཤེས་པ་སྐྱེད་པར་ནུས་པའམ། དེའི་རྣམ་པར་ཤེས་པས་རྣམ་པར་ཤེས་པའི་རང་བཞིན་ཡིན་པ་དང༌། ཤེས་པ་རྒྱུ་མ་ཚང་བ་མེད་པ་ལ་སུས་ཀྱང་བགེགས་བྱ་བར་མི་ནུས་པའི་ཕྱིར་རོ། །ཅི་སྟེ་འདི་


DTG107_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནུས་པའང་དེའི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བའི་རང་བཞིན་མ་ཡིན་ན་ནི་དེའི་ཚེ་བདག་ཉིད་ཀྱིས་རྒྱུ་མ་ཚང་བས་ཡུལ་དེ་ལ་རྣམ་པར་ཤེས་པ་མི་སྐྱེ་བའི་ཕྱིར་འདི་ནི་ཡུལ་དེ་ལ་ཤེས་པ་སྐྱེ་བའི་གེགས་བྱེད་པ་ཉིད་ཀྱིས་སྒྲིབ་པར་བྱེད་པ་ཡིན་པར་རིགས་པ་མ་ཡིན་ནོ། །སྒྲིབ་པ་ཡང་དག་པར་ཟད་པ་བཞིན་དུ་ཤེས་པ་སྐྱེ་བའི་བགེགས་མེད་པ་དང་མ་ཡིན་པའི་ངོ་བོ་ཡང་བྱ་བར་རིགས་པ་མ་ཡིན་པ་ཁོ་ནའོ། །དེ་བས་ན་མི་ནུས་པའི་ཕྱིར་རམ། དེའི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བའི་རང་བཞིན་མ་ཡིན་པའི་ཕྱིར་གསལ་བར་བྱེད་པའི་རྐྱེན་རྣམས་ཀྱིས་དེ་ལ་སྒྲིབ་པར་བྱེད་ལ་བཟློག་ཀྱང་ཡུལ་དེ་ལ་རྣམ་པར་ཤེས་པ་སྐྱེ་བར་རིགས་པ་མ་ཡིན་ནོ། །འོན་ཏེ་ནུས་པར་ཁས་ལེན་ན་ནི་དེའི་ཚེ་སྒྲིབ་པར་བྱེད་པ་ཡོད་དུ་ཟིན་ཀྱང་དེ་ལ་རྒྱུ་མ་ཚང་བ་མེད་པའི་ཕྱིར་རྣམ་པར་ཤེས་པ་རྟག་ཏུ་སྐྱེ་བར་འགྱུར་བས་གསལ་བར་བྱེད་པ་རྣམས་ཀྱིས་བྱེད་པ་དོན་མེད་པ་ཡིན་ནོ། །དེ་ལྟ་བས་ན་རྟག་པ་རྣམས་ལ་ཆུང་ཟད་ཀྱང་མི་བྱེད་པའི་ཕྱིར་འགའ་ཡང་སྒྲིབ་པར་བྱེད་པ་ཡིན་པར་རིགས་པ་མ་ཡིན་ནོ། །མི་རྟག་པ་རྣམས་ལ་ནི་རྣམ་པར་ཤེས་པ་སྐྱེད་མི་ནུས་པའི་སྐད་ཅིག་མ་གཞན་སྐྱེད་པ་ཉིད་ཀྱིས་རྒྱུའི་ཁྱད་པར་ཁོ་ན་རེས་འགའ་ཞིག་སྒྲིབ་པར་བྱེད་པ་ཡིན་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དབང་པོ་ལེགས་པར་བྱ་ཞེས་བྱ་བའི་ཕྱོགས་ཀྱང་མ་ཡིན་ཏེ། དེའི་རང་གི་ངོ་བོར་གྱུར་པ་སྔོན་མེད་པ་ཞིག་ལེགས་པར་བྱེད་པ་ཡིན་དང༌། མི་རྟག་པ་ཉིད་དུ་ཐལ་བར་འགྱུར་ཏེ་སྔ་མ་བཞིན་ནོ། །ལེགས་པར་བྱ་བ་དོན་གཞན་དུ་གྱུར་པ་ཞིག་བྱེད་ན་ནི་དེ་ལེགས་པར་བྱེད་པར་རིགས་པ་མ་ཡིན་ཏེ། དེ་ལ་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ། །གང་གིས་ཀྱང་དངོས་པོ་འགའ་ཡང་བྱེད་པར་མི་སྲིད་དེ་ཞེས་ཀྱང་སྔར་བསྒྲུབས་ཟིན་ཏོ། །དབང་པོ་ལེགས་པར་བྱེད་པ་ཡིན་དུ་ཆུག་ན་ཡང་གལ་ཏེ་གསལ་བར་བྱ་བའི་དངོས་པོའི་བདག་ཉིད་དེ། བདག་ཉིད་ཀྱིས་དབང་པོའི་རྣམ་པར་ཤེས་པ་སྐྱེ་བར་མི་ནུས་པའམ། ཡུལ་དེའི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བའི་རང་བཞིན་མ་ཡིན་ན་ནི་དེའི་ཚེ་དེ་ལ་རྣམ་པར་ཤེས་པ་སྐྱེ་བར་མི་འགྱུར་པ་ཁོ་ན་བས་ལེགས་པར་བྱེད་པ་དོན་མེད་པ་ཁོ་ནར་འགྱུར་རོ། །ཅི་སྟེ་ནུས་པའམ་དེའི་རྣམ་པར་ཤེས་པས་རྣམ་པར་


DTG107_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱ་བའི་རང་བཞིན་ཞིག་ཡིན་ན་ནི་དེའི་ཚེ་དེ་ཡང་དབང་པོ་ལེགས་པར་བྱ་བའི་སྔོན་རོལ་དུ་དེ་ལ་ཤེས་པ་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་ལེགས་པར་བྱ་བ་དོན་མེད་པ་ཁོ་ནར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ལེགས་པར་བྱ་བ་ནི་ཡུལ་དེ་ལ་ཤེས་པ་སྐྱེ་བའི་མཚན་ཉིད་ཅན་དུ་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་གལ་ཏེ་གསལ་བར་བྱ་བའི་དངོས་པོ་དེ་བདག་ཉིད་ཀྱིས་མི་ནུས་པའམ། དེའི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བའི་རང་བཞིན་མ་ཡིན་ན་ནི་དེའི་རྣམ་པར་ཤེས་པ་དེ་སྐྱེས་སུ་ཟིན་ཀྱང་དེའི་རྣམ་པར་ཤེས་པ་དེའི་ཡུལ་ཉིད་མ་ཡིན་པར་འགྱུར་རོ། །འོན་ཏེ་ནུས་པའང་དེའི་རྣམ་པར་ཤེས་པས་རྣམ་པར་ཤེས་པའི་རང་བཞིན་ཞིག་ཡིན་ན་ནི་དེའི་ཚེ་དེའི་རང་གི་ངོ་བོ་བཞིན་དུ་རྒྱུ་མ་ཚང་བ་མེད་པའི་ཕྱིར་རྣམ་པར་ཤེས་པ་རྟག་ཏུ་ཉེ་པ་ཁོ་ན་ཡིན་པས་གསལ་བར་བྱེད་པ་རྣམས་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་ནོ། །གཞན་ཡང་ཁྱེད་ཅག་གི་ལུགས་ཀྱིས་དངོས་པོའི་རིགས་ཐམས་ཅད་རྟག་ཏུ་གནས་པའི་ངོ་བོ་ཉིད་ཡིན་པས་གསལ་བ་དང་གསལ་བར་བྱེད་པ་རྣམས་དང་གསལ་བར་བྱ་བ་ཡང་རྟག་ཏུ་གནས་པའི་ཕྱིར་གསལ་བ་ལ་སོགས་པ་རྣམ་པར་གཞག་པ་རིགས་པ་མ་ཡིན་ནོ། །གསལ་བར་བྱེད་པ་རྣམས་ཀྱང་ཆུང་ཟད་ཀྱང་མི་བྱེད་པའི་ཕྱིར་དངོས་པོ་ཐམས་ཅད་རྟག་ཏུ་གསལ་བར་ཐལ་བར་འགྱུར་པ་ཡང་བཟློག་དཀའོ། །དེ་ལྟ་བས་ན་གསལ་བར་སྨྲ་བ་འདི་ནི་བཟང་པོ་མ་ཡིན་ནོ། །མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་ཀྱང་མ་ཡིན་ལ། འགལ་བ་ཉིད་ཀྱང་མ་ཡིན་ཏེ། དེའི་ཕྱིར་དོན་དམ་པར་དངོས་པོ་ཐམས་ཅད་རྟག་ཏུ་རང་བཞིན་མེད་དོ་ཞེས་བྱ་བ་འདི་འགྲུབ་བོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་སཱ་ལུ་ལྗང་པའི་མདོ་ལས། དངོས་པོ་རྣམས་རང་དང་གཞན་དང་གཉི་ག་དང་རྒྱུ་མེད་པ་ཅན་དུ་བཀག་སྟེ། ཇི་སྐད་དུ་མིང་དང་གཟུགས་ཀྱི་མྱུ་གུ་དེ་ནི་རང་ཉིད་ཀྱིས་ཀྱང་མ་བྱས། གཞན་གྱིས་ཀྱང་མ་བྱས། གཉི་གས་ཀྱང་མ་བྱས། དབང་ཕྱུག་གིས་ཀྱང་མ་སྤྲུལ། དུས་ཀྱིས་ཀྱང་མ་བསྒྱུར། རྐྱེན་གཅིག་པུ་ལ་རག་ལས་པ་མ་ཡིན། རྒྱུ་མེད་པ་ལས་སྐྱེས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །གཞན་དག་ན་རེ་བཀའ་འདི་ནི་བྱེད་པ་དགག་པ་ལྷུར་མཛད་པ་ཡིན་ནོ་ཞེས་ཟེར་བ་དེ་དག་གི་དེ་ཡང་རིགས་པ་མ་ཡིན་ཏེ། དོན་དམ་པར་དངོས་པོ་འགའ་ཡང་སྐྱེ་བ་མེད་པའི་ཕྱིར་


DTG107_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །གལ་ཏེ་དོན་དམ་པར་འགའ་ཞིག་སྐྱེ་བར་གྲུབ་ན་ནི་དེའི་ཚེ་བཤད་པ་འདི་བཟང་གི་གཞན་དུ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། དོན་དམ་སྐྱེ་བ་དགག་པའི་ཕྱིར། །བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་སོ། །དེ་ལྟ་བས་ན་དོན་དམ་པར་ན་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཁོ་ནར་རིགས་ཏེ། འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས། ཇི་སྐད་དུ། སྐྱེ་བ་མེད་པ་དེ་ནི་བདེན་གྱི། ཆོས་གཞན་ནི་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟ་བུའོ། །སྐྱེ་བ་མེད་པ་འདི་ཡང་དོན་དམ་པར་རྟོགས་པ་དང་མཐུན་པའི་ཕྱིར་དོན་དམ་པ་ཞེས་བྱ་སྟེ། འདི་ལྟར་སྐྱེ་བ་ལ་སོགས་པ་དགག་པར་བྱ་བ་ཅི་ཡང་མ་གྲུབ་པའི་ཕྱིར་ཡུལ་མེད་པ་ལ་མེད་པ་མི་སྦྱོར་བའི་ཕྱིར་སྐྱེ་བ་མེད་པ་ལ་སོགས་པར་འཛིན་པ་ནི་སྤྲོས་པ་ཁོ་ན་ཡིན་ཏེ། རྣམ་པར་རིག་པ་ཙམ་ཉིད་ལ་སོགས་པར་རྣམ་པར་རྟོག་པ་བཞིན་ནོ། །དོན་དམ་པར་ནི་དེ་ཁོ་ན་ཉིད་སྐྱེ་བ་མེད་པ་ལ་སོགས་པར་བརྗོད་པར་བྱ་བ་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པས་དེ་ཁོ་ན་ཉིད་དྲིས་པ་དང༌། འཕགས་པ་དྲི་མ་མེད་པར་གྲགས་པས་ཅང་མི་གསུང་བར་གྱུར་ཏོ། །འཕགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཕྱག་རྒྱའི་ཏིང་ངེ་འཛིན་གྱི་མདོ་ལས་ཀྱང༌། བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ནས་བདེན་པ་གཅིག་ཀྱང་གྲུབ་པ་མ་མཐོང་ན་བཞི་ལྟ་ཅི་སྨོས་ཞེས་གསུངས་སོ། །དེ་ལྟར་རེ་ཞིག་རིགས་པས་དངོས་པོ་ཐམས་ཅད་གཅིག་ཏུ་རང་བཞིན་མེད་པ་ཉིད་དུ་བསྒྲུབས་པ་ཡིན་ནོ། །དེ་ནི་ལུང་གིས་ཀྱང་བསྒྲུབ་པར་བྱ་སྟེ། དེ་ལ་གླང་པོ་རྩལ་གྱི་མདོ་ལས། གང་ལ་སྐྱེ་བ་སྲིད་པ་ཡི། །དངོས་པོ་འགའ་ཡང་མི་རྙེད་དོ། །རང་བཞིན་མེད་པའི་དངོས་རྣམས་ལ། །བྱིས་པ་དག་ནི་སྐྱེ་བར་འདོད། །ཅེས་གསུངས་སོ། །འཕགས་པ་དཀོན་མཆོག་འབྱུང་གནས་ཀྱི་མདོ་ལས་ཀྱང༌། གང་ལ་རང་བཞིན་ཡོད་པ་མ་ཡིན་པ། །རང་བཞིན་མེད་དེ་གཞན་རྐྱེན་ཇི་ལྟར་འགྱུར། །རང་བཞིན་མེད་པས་གཞན་ཅི་སྐྱེད་འགྱུར་ཞེས། །རྒྱུ་དེ་དེ་བཞིན་གཤེགས་པས་བསྟན་པ་ཡིན། །ཞེས་གསུངས་སོ། །ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང༌། སྔོན་གྱི་མཐའ་སྟོང་ཕྱི་མའི་མཐའ་སྟོང་ཞིང༌། །སྐྱེ་དང་འཇིག་དང་གནས་པའི་དངོས་པོ་སྟོང༌། །འདི་ནི་དངོས་མིན་


DTG107_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་མེད་པའང་མིན། །ཆོས་རྣམས་ཐམས་ཅད་རང་གི་ངོ་བོས་སྟོང༌། །ཞེས་གསུངས་སོ། །འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་ཀྱང༌། དཔེར་ན་ཆུ་ཤིང་རློན་པའི་སྡོང་པོ་ལས། །སྙིང་པོ་འདོད་མིས་རྣམ་པར་བཤིག་ན་ཡང༌། །ཕྱི་དང་ནང་ན་སྙིང་པོ་མེད་པ་ལྟར། །ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས། །ཞེས་གསུངས་སོ། །འཕགས་པ་སངས་རྒྱས་ཀྱིས་ཡང་དག་པར་སྡུད་པ་ལས་ཀྱང༌། ཚུལ་བཞིན་འདྲི་བ་ནི་གང་ལགས། ཚུལ་མ་ལགས་པ་ནི་གང་ལགས། བཀའ་སྩལ་པ། སྐྱེ་བ་མེད་པ་ནི་ཚུལ་ཡིན་ཏེ། དེ་འདྲི་བ་ནི་ཚུལ་བཞིན་འདྲི་བའོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་ཆོས་ཐམས་ཅད་ནི་ཙ་ཞེས་བྱ་བའི་སྒོ་ཅན་ཏེ། འཆི་འཕོ་དང་སྐྱེ་བ་དང་བྲལ་བ་ཡིན་ནོ། །ཆོས་ཐམས་ཅད་ནི་རང་བཞིན་གྱི་སྒོ་ཅན་ཏེ། རང་བཞིན་ནི་སྟོང་པ་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་སོ། །ཡབ་དང་སྲས་མཇལ་བའི་མདོ་ལས་ཀྱང༌། ཆོས་འདི་དག་ཐམས་ཅད་ནི་དུས་གསུམ་མཉམ་པ་ཉིད་ཀྱིས་མཉམ་པ་སྟེ། འདས་པའི་དུས་ན་ཡང་ཆོས་ཐམས་ཅད་རང་བཞིན་དང་བྲལ་བ་ཡིན་ལ། མ་འོངས་པ་དང་ད་ལྟར་བྱུང་བའི་དུས་སུ་ཡང་ཆོས་ཐམས་ཅད་རང་བཞིན་དང་བྲལ་བ་ཡིན་ནོ་ཞེས་གསུངས་ཤིང༌། ཡང་དེ་ཉིད་ལས། ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པའོ། །རང་བཞིན་མེད་པའི་ཆོས་གང་ཡིན་པ་དེ་ནི་འདས་པ་མ་ཡིན་མ་འོངས་པ་མ་ཡིན་ད་ལྟར་བྱུང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་མེད་པའི་ཕྱིར་འདས་པ་ཞེས་གདགས་པར་བྱ་བ་མ་ཡིན། མ་འོངས་པ་ཞེས་གདགས་པར་བྱ་བ་མ་ཡིན། ད་ལྟར་བྱུང་བ་ཞེས་གདགས་པར་བྱ་བ་མ་ཡིན་ནོ་ཞེས་གསལ་བར་མཛད་དོ། །འཕགས་པ་བདེན་པ་གཉིས་ལ་འཇུག་པ་ལས་ཀྱང༌། འཇམ་དཔལ་ཡང་དག་པའི་སྦྱོར་བ་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་དེ་བཞིན་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཤིན་ཏུ་སྐྱེ་བ་མེད་པ་གང་དང་མཉམ་པ་མཚམས་མེད་པ་རྣམས་ཀྱང་དེ་དང་མཉམ་མོ་ཞེས་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་ཐམས་ཅད་རྒྱས་པར་བཤད་པ་དང༌། སྨྲས་པ། འཇམ་དཔལ་གཞོན་ནུར་གྱུར་པ་མཉམ་པ་ཉིད་གང་གིས་རྣམ་པར་བྱང་བའི་བར་གང་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་མཉམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ཆོས་ཐམས་ཅད་སྐྱེ་བ་མེད་པར་མཉམ་པ་ཉིད་དང༌།


DTG107_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་པར་ཆོས་ཐམས་ཅད་ཤིན་ཏུ་སྐྱེ་བ་མེད་པར་མཉམ་པ་ཉིད་དང༌། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པར་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་མཉམ་མོ་ཞེས་རྒྱ་ཆེར་གསུངས་སོ། །འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་སྣང་བའི་རྒྱན་ལས་ཀྱང༌། སྐྱེ་མེད་ཆོས་ནི་རྟག་ཏུ་དེ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་ཡིས། །འཇིག་རྟེན་ན་ནི་མེད་པའི་ཆོས་ལ་སྤྱོད། །ཅེས་གསུངས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང༌། རབ་འབྱོར་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར། གཟུགས་ནས་རྣམ་པར་ཤེས་པའི་བར་དུ་རང་གི་ངོ་བོས་སྟོང་ངོ་ཞེས་གསུངས་སོ། །དཀོན་མཆོག་ཟ་མ་ཏོག་ལས་ཀྱང༌། འཇམ་དཔལ་དེའི་ཕྱིར་སངས་རྒྱས་ཀྱི་ཆོས་ཀྱང་ཆོས་མ་ཡིན་ནམ། བཙུན་པ་རབ་འབྱོར་སངས་རྒྱས་ཀྱི་ཆོས་རྣམས་ལ་ཡང་དག་པར་གྲུབ་པ་འགའ་ཡང་མེད་དོ།། གང་གྲུབ་པ་མེད་པ་དེ་ནི་ཆོས་ཀྱང་མ་ཡིན། ཆོས་མ་ཡིན་པ་ཡང་མ་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ། དེ་ལྟ་བས་ན་བཅོམ་ལྡན་འདས་ཉིད་ཀྱིས་ཆོས་ཐམས་ཅད་ནི་ཆོས་མ་ཡིན་པའོ་ཞེས་གསུངས་སོ། །གལ་ཏེ་འདི་ཐམས་ཅད་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ལས་དགོངས་ནས་གསུངས་པ་ཡིན་ཏེ། མདོ་ལས་ཇི་སྐད་དུ། ཀུན་བརྟགས་པའི་ངོ་བོ་ཉིད་ལས་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་ཏོ་ཞེས་གསུངས་པ་ལྟ་བུའོ་ཞེ་ན། འདི་ནི་བདེན་པ་ཉིད་ན་འོན་ཀྱང་ཀུན་བརྟགས་པའི་ངོ་བོ་ཉིད་འདི་གང་ཡིན་ཞེས་བྱ་བ་འདི་བརྗོད་དགོས་སོ། །གལ་ཏེ་གང་ཚད་མས་གནོད་བཞིན་དུ་བྱིས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་བཟུང་བ་ཡིན་ནོ་ཞེ་ན་ནི་གལ་ཏེ་དེ་ལྟ་ན་ནི་སྒྱུ་མ་བཞིན་དུ་མ་བརྟགས་ན་དགའ་བརྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོ་ཐམས་ཅད་ལ་བྱིས་པ་རྣམས་ཀྱིས་དོན་དམ་པར་སྐྱེ་བ་ལ་སོགས་པར་སྒྲོ་འདོགས་པ་གང་ཡིན་པ་དེ་ཉིད་ཚད་མས་གནོད་པའི་ཕྱིར་ཀུན་བརྟགས་པའི་བདག་ཉིད་ཡིན་ཏེ། སྔར་ཇི་སྐད་དུ་བཤད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི་ཕྱི་རོལ་གྱི་དོན་ཡང་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་དོན་དམ་པར་ཡོད་པ་ཉིད་དུ་ཅིའི་ཕྱིར་མི་བཟུང༌། ཅི་སྟེ་ཚད་མས་གནོད་པའི་ཕྱིར་དོན་དམ་པར་ཡོད་པ་ཉིད་དུ་མི་གཟུང་ན་ནི་གལ་ཏེ་དེ་ལྟ་ན་སྐྱེ་བ་ལ་སོགས་པ་ཡང་ཚད་མས་


DTG107_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པའི་ཕྱིར་དེ་བཞིན་དུ་གཟུང་བར་མི་བྱའོ། །གལ་ཏེ་སྐྱེ་བ་ལ་སོགས་པ་གྲགས་པ་ཡིན་པའི་ཕྱིར་ཚད་མས་གནོད་པར་བྱ་བ་མི་ནུས་སོ་ཞེ་ན་མ་ཡིན་ཏེ། དོན་དམ་པར་ནི་མ་ཡིན་གྱི། ཀུན་རྫོབ་ཏུ་གྲགས་པའི་ཕྱིར་ཇི་ལྟར་སྔར་སྤྱད་པ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང༌། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །རང་བཞིན་མེད་ལ་འཁྲུལ་པ་གང༌། །དེ་ནི་ཡང་དག་ཀུན་རྫོབ་འདོད། །ཅེས་གསུངས་སོ། །དེ་ལྟ་མ་ཡིན་ན་ཕྱི་རོལ་གྱི་དོན་ཡང་གྲགས་པའི་ཚད་མས་གནོད་པར་མི་འགྱུར་རོ། །དེ་ལྟ་བས་ན་ཚད་མས་གྲགས་པའི་གྲགས་པ་གང་ཡིན་པས་དེ་ཁོ་ན་རིགས་པ་ཡིན་གྱི། གཞན་ནི་མ་ཡིན་ནོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པ་ལས། ངོ་བོ་ཉིད་རྣམ་པ་གསུམ་ནི་ངས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལས་དགོངས་ནས་ངོ་བོ་ཉིད་རྣམ་པ་གསུམ་མོ་ཞེས་བསྟན་པ་གང་ཡིན་པ་དེ་དང་ཡང་མི་འགལ་བ་ཉིད་དེ། འདིར་ཡང་ངོ་བོ་ཉིད་གསུམ་རྣམ་པར་གཞག་པ་འགལ་བ་མེད་པའི་ཕྱིར་རོ། །འདི་ལྟར་མ་བརྟགས་པར་གྲགས་པ་དངོས་པོ་རྣམས་ཀྱི་བྱེད་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དེ། ཀུན་རྫོབ་ཏུ་སྒྱུ་མ་ལ་སོགས་པ་བཞིན་དུ་རྐྱེན་གྱི་དབང་གིས་སྐྱེ་བས་ངོ་བོ་ཉིད་མེད་པའི་ཕྱིར་སྐྱེ་བ་ངོ་བོ་ཉིད་མེད་པ་ཡིན་ནོ། །དེ་ལ་དོན་དམ་པར་སྐྱེ་བ་ལ་སོགས་པའི་ངོ་བོར་སྒྲོ་འདོགས་པ་གང་ཡིན་པ་དེ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དེ། དེ་ཡང་ཚད་མས་ཇི་ལྟར་རྣམ་པར་བརྟགས་པ་བཞིན་ངོ་བོ་ཉིད་མ་གྲུབ་པའི་ཕྱིར་མཚན་ཉིད་ངོ་བོ་ཉིད་མེད་པ་ཡིན་ནོ། །གཞན་གྱི་དབང་ལ་ཇི་སྐད་བཤད་པའི་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་སྟོང་པ་གང་ཡིན་པ་དེ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ། དེ་ནི་ཚད་མས་ཡང་དག་པར་གྲུབ་པ་ཉིད་དུ་རྟག་ཏུ་གྲུབ་པའི་ཕྱིར་རོ། །དེ་ཡང་ཆོས་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཉིད་ཀྱིས་སྤྱིའི་མཚན་ཉིད་ཀྱིས་ཡིན་པའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མེད་པ་ཡིན་པས་འདིར་ཡང་ཐམས་ཅད་མི་འགལ་བ་ཁོ་ནའོ། །སྐྱེ་བ་དང་འགག་པ་ལ་སོགས་པ་ལ་མངོན་པར་ཞེན་པའི་གདུལ་བྱ་ལ་ཁྱད་པར་ལྟ་བ་ཡོངས་སུ་སྤང་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པ་ལས་


DTG107_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས་པ་ལ་སོགས་པ་ཡོད་པ་ཉིད་དུ་བརྟན་པ་གང་ཡིན་པ་དེ་ཡང་དོན་དམ་པར་མ་ཡིན་ནོ་ཞེས་བྱ་བར་གཟུང་བར་བྱ་སྟེ། འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས། ཇི་སྐད་དུ་རིགས་ཀྱི་བུ་འཇིག་རྟེན་གནས་པ་ནི་སྐྱེ་བ་དང་འགག་པ་ལ་མངོན་པར་ཞེན་པ་ཡིན་ཏེ། དེ་ལ་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོ་ཅན་གྱིས་འཇིག་རྟེན་གྱི་སྐྲག་པའི་གནས་ཡོངས་སུ་སྤང་བའི་ཕྱིར་ཐ་སྙད་ཀྱི་དབང་གིས་སྐྱེ་བ་འགག་གོ་ཞེས་གསུངས་པར་ཟད་ཀྱི། འདི་ལ་ཆོས་འགའ་ཡང་སྐྱེ་བ་མེད་དོ་ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་བས་ན་ལུང་ལས་ཀྱང༌། ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་དོ་ཞེས་བྱ་བར་གྲུབ་བོ། །དེས་ན་དངོས་པོ་དག་ལ་དོན་དམ་པར་སྐྱེ་བ་ལ་སོགས་པར་མངོན་པར་ཞེན་པ་ནི་ཕྱིན་ཅི་ལོག་ཡིན་ལ། དེ་ལས་བཟློག་པ་མངོན་པར་མ་ཞེན་པ་ནི་ཕྱིན་ཅི་མ་ལོག་པ་ཞེས་བྱ་བ་འདི་རྣམ་པར་གནས་སོ། །ཐོག་མ་མེད་པའི་སྲིད་པར་འབྱུང་བའི་དངོས་པོ་མངོན་པར་ཞེན་པའི་གདོན་གྱིས་བརླམས་པ་ཁ་ཅིག་གིས་ཀུན་རྫོབ་དང་དོན་དམ་པའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར་འདི་སྐད་དུ། གང་ལ་བཅོམ་དང་བློ་ཡིས་གཞན། །བཙལ་ན་དེའི་བློ་མི་འབྱུང་བ། །བུམ་ཆུ་སོགས་བཞིན་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་བཤད་པ་གང་ཡིན་པ་དེ་ཕྱིན་ཅི་མ་ལོག་པར་སྟོན་པར་ནུས་པ་མ་ཡིན་ཏེ། འདི་ལྟར་གཞན་དག་གིས་བུམ་པ་ལ་སོགས་པ་ཡན་ལག་ཅན་ཉིད་དུ་ཀུན་བརྟགས་པ་རྣམས་ཀུན་རྫོབ་པ་ཉིད་དུ་བསྒྲུབ་པའི་ཕྱིར་བཤད་པ་གང་ཡིན་པ་གལ་ཏེ་བུམ་པ་ལ་སོགས་པ་གང་ཡིན་པ་དེ་དག་དོན་དམ་པར་ཡོད་ན་ཅིའི་ཕྱིར་དེ་དག་བཅོམ་ན་དེའི་བློ་མི་འབྱུང་ཞེས་བྱ་བ་དེ་ནི་མ་ངེས་པ་ཡིན་ནོ། །འདི་ལྟར་བཅག་ན་ཞེས་བྱ་བ་ཞིག་ན་ཞེས་བྱ་བའི་དོན་ཡིན་པར་བརྗོད་པར་འདོད་ན་ནི་དེའི་ཚེ་དེ་ཉིད་མ་ཡིན་པ་ཉིད་ཀྱི་ཕྱིར་དེ་དག་ལ་དེ་ལྟ་བུའི་བློ་མི་འབྱུང་བར་ཟད་ཀྱི། བརྫུན་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བྱ་བར་ཡང་སྲིད་དོ། །འོན་ཏེ་ཆ་ཤས་སུ་བཤིག་ན་ཞེས་བྱ་བའི་དོན་ཡིན་ན་ནི་དེའི་ཚེ་ཡན་ལག་ལྡན་པ་ཞིག་ཡིན་པ་དང༌། ཡན་ལག་ཅན་ཞིག་ཡིན་པའི་ཕྱིར་དེ་ལྟ་བུའི་བློ་མི་འབྱུང་ངོ་ཞེས་བྱ་བར་ཡང་དོགས་སོ། །བློས་གཞན་བསྩལ་ན་ཞེས་པ་དེ་ཡང་ཧ་ཅང་ཁྱབ་ཆེས་པའི་ཕྱིར་མཚན་ཉིད་མ་ཡིན་པ་ཉིད་དེ། ཇི་སྟེ་བུམ་པ་ལ་སོགས་པ་བློས་རྣམ་པར་གཞིགས་ན། ཆ་ཤས་ཀྱིས་ངོ་བོ་ཉིད་དོན་


DTG107_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་པ་ངེས་པ་མི་ཟིན་པ་ལྟར་རྡུལ་ཕྲ་རབ་དག་དང་རྣམ་པར་ཤེས་པ་ཡང་དེ་དང་འདྲ་བས་དེ་དག་ཀྱང་ཀུན་རྫོབ་ཉིད་དུ་ཐལ་བར་འགྱུར་རོ། །ཇི་ལྟར་རྡུལ་ཕྲ་རབ་རྣམས་ལུས་ཅན་ཡིན་པའི་གདོན་མི་ཟ་བར་ཕྱོགས་ཆ་ཐ་དད་པར་ཁས་བླང་དགོས་སོ། །དེ་ལྟ་མ་ཡིན་ན་ཤར་དང་བྱང་ལ་སོགས་པའི་ཕྱོགས་ཆ་ཐ་དད་པར་གནས་མེད་པའི་ཕྱིར་རི་ལ་སོགས་བསགས་པར་མི་འགྱུར་རོ། །དེ་ལྟ་བས་ན་བསགས་པའི་ངོ་བོ་ཉིད་ཀྱི་ཕྱིར་ཕྱོགས་ཆ་ཐ་དད་པས་ཐ་དད་པ་འདི་དག་ཆ་ཤས་བསལ་བ་བྱས་ན་བུམ་པ་ལ་སོགས་པ་བཞིན་དུ་ངོ་བོ་ཉིད་ངེས་པར་མི་ཟིན་པའི་ཕྱིར་ཀུན་རྫོབ་པ་ཁོ་ནར་འགྱུར་རོ། །རྣམ་པར་ཤེས་པ་ཡང་གདོན་མི་ཟ་བར་རྣམ་པ་དང་བཅས་པ་ཉིད་དུ་ཁས་བླངས་དགོས་ཏེ། ཤེས་པ་ནི་ཐམས་ཅད་དུ་རྟོག་པའི་ངོ་བོ་ཉིད་དུ་མཚུངས་པའི་ཕྱིར་རྣམ་པ་མེད་པ་ཡིན་ཡང་ཡུལ་འཛིན་པར་རྣམ་པར་གཞག་པ་སོ་སོར་ངེས་པ་མི་རུང་བའི་ཕྱིར་རོ། །དེའི་ཕྱིར་ཕྱི་རོལ་གྱི་དོན་བཞིན་དུ་ཤེས་པ་སྣ་ཚོགས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་སྣ་ཚོགས་ཀྱི་རྣམ་པ་རེ་རེ་ནས་བརྩལ་ཡང་ངོ་བོ་ཉིད་འགའ་ཡང་མི་ཟིན་པའི་ཕྱིར་ཀུན་རྫོབ་པ་ཉིད་དུ་འགྱུར་རོ། །དེ་ལྟ་ན་ནི་ཀུན་རྫོབ་པའི་མཚན་ཉིད་འདིས་དངོས་པོ་ཐམས་ཅད་གསལ་བ་ཁོ་ནར་ཀུན་རྫོབ་ཀྱི་ངོ་བོར་བསྒྲུབ་པའི་ཕྱིར་ཁོ་བོ་ཅག་གི་ལྟ་བ་ཁོ་ན་གཞུང་བཙུགས་པར་འགྱུར་ཏེ། དེ་སྐད་དུ་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། །བློ་ཡིས་རྣམ་པར་གཞིགས་རྣམས་ཀྱི། །ངོ་བོ་ཉིད་ནི་ངེས་མི་ཟིན། །དེ་ཕྱིར་དེ་དག་བརྗོད་མེད་དང༌། །ངོ་བོ་ཉིད་ནི་ངེས་པར་བསྟན། །ཞེས་གསུངས་སོ། །གཞན་དག་ན་རེ་དོན་བྱ་བ་བྱེད་ནུས་པའི་དོན་དེ་ནི་དོན་དམ་པར་ཡོད་ཀྱི། གཞན་དུ་ནི་ཀུན་རྫོབ་ཏུ་ཡོད་པའོ་ཞེས་ཟེར་ཏེ། དེ་འདིར་གལ་ཏེ་ཡང་དག་པའི་ཀུན་རྫོབ་ལ་བརྟེན་ནས་བྱིས་པ་རྣམས་གཟུང་བའི་དོན་དམ་པར་ཡོད་པའི་མཚན་ཉིད་དུ་བརྗོད་ན་ནི་དེའི་ཚེ་འདི་རིགས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ལས་ཇི་ལྟ་བ་དེ་ལྟར་ཡོད་དུ་ཟད་མོད་ཅེས་བཤད་དོ། །འོན་ཏེ་གཅིག་ཁོ་ནར་དོན་དམ་པར་ཡོད་པའི་མཚན་ཉིད་ཡིན་ནོ་ཞེ་ན། དེའི་ཚེ་དོན་དམ་པར་དངོས་པོ་ཐམས་ཅད་ཀྱི་དོན་བྱ་བ་བྱེད་པ་ཉིད་མ་གྲུབ་པའི་ཕྱིར་ཇི་ལྟར་སྔར་དཔྱད་པ་བཞིན་ནོ། །དེའི་ཕྱིར་མཚན་ཉིད་མི་སྲིད་པ་ཅན་ཡིན་ནོ། །གཞན་དག་ན་རེ་ཤེས་པ་ལ་གཟུང་བ་དང་འཛིན་པའི་རྣམ་པས་སྟོང་པ་ཉིད་ནི་དེ་ཁོ་ན་ཡིན་ནོ། །གཉིས་པོ་ནི་ཀུན་རྫོབ་ཀྱི་བདེན་པའོ་ཞེས་ཟེར་ཏེ། འདི་ལྟར་གལ་ཏེ་མེད་པའི་ངོ་བོ་སྟོང་པ་ཉིད་བརྗོད་པར་འདོད་ན་ནི་དེ་མེད་པ་ནི་དེ་ཁོ་ན་ཉིད་ཡིན་ནོ། །འོན་ཏེ་མ་ཡིན་


DTG107_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོ་བོ་ཉིད་ཡིན་ན་དེའི་ཚེ་གཉིས་སུ་སྣང་བ་ལས་མ་གཏོགས་པ་ཤེས་པའི་ངོ་བོ་གཞན་ཚད་མས་མ་གྲུབ་པའི་ཕྱིར་འདི་ནི་དེ་ཁོ་ན་ཉིད་སྟོན་པར་ནུས་པ་མ་ཡིན་ནོ། །ཅི་སྟེ་གལ་ཏེ་རྣམ་པར་ཤེས་པ་གཉིས་སུ་མེད་པའི་མཚན་ཉིད་དོན་དམ་པར་ཡོད་པ་མ་ཡིན་ན། དེའི་ཚེ་གཉིས་སུ་སྣང་བའི་རྒྱུ་ཅི་ཞིག་ཡིན་པར་འགྱུར་སྙམ་དུ་སེམས་ན། དེ་ནི་རིགས་པ་མ་ཡིན་ཏེ། དེ་དང་དེར་ལྷན་ཅིག་འབྲེལ་པ་མ་གྲུབ་པའི་ཕྱིར་རོ། །གཉིས་དང་གཉིས་སུ་མེད་པ་ནི་ལྷན་ཅིག་དེའི་བདག་ཉིད་ཀྱིས་འབྲེལ་པ་ཡང་མེད་དེ། བདེན་པ་དང་བདེན་པ་མ་ཡིན་པ་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱིས་འགལ་བའི་ཕྱིར་རོ། །དེ་ལས་བྱུང་བའི་མཚན་ཉིད་ཀྱང་མ་ཡིན་ཏེ། བདེན་པ་མ་ཡིན་པ་ནི་གང་ལས་ཀྱང་འབྱུང་བར་མི་སྲིད་པའི་ཕྱིར་དཔེར་ན་རི་བོང་གི་རྭ་ལྟ་བུའོ། །དེ་ལྟ་མ་ཡིན་ན་འདི་གཞན་གྱི་དབང་གི་ངོ་བོ་ཁོ་ནར་འགྱུར་གྱི། ཀུན་བརྟགས་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་ཤེས་པ་དང་འབྲེལ་པ་མེད་ན་རི་བོང་གི་རྭ་བཞིན་ཏེ་སྣང་བར་མི་འགྱུར་རོ། །གཞན་ཡང་གལ་ཏེ་གཉིས་པོ་མ་གཏོགས་པ་རྣམ་པར་ཤེས་པའི་རང་བཞིན་གཞན་ཞིག་ཡིན་གྱི་གཉིས་པོ་ནི་མ་ཡིན་པ་ཉིད་ཡིན་ན་ནི་དེའི་ཚེ་གཉིས་པོ་བདག་ཉིད་སྣང་བར་མི་འགྱུར་ཏེ། ཤེས་པའི་རང་གི་ངོ་བོ་མ་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པ་རང་གི་ངོ་བོ་ནི་འདི་ཁོ་ན་ཡིན་ཏེ། གང་བདག་ཉིད་གསལ་བར་བྱ་བའི་ཕྱིར་གསལ་བ་གཞན་ལ་མི་ལྟོས་ལ། གསལ་བར་མ་བྱས་པར་ཡང་མི་འདུག་སྟེ། ནམ་མཁའི་ངོས་དང་མར་མེའི་སྙིང་པོའི་འོད་བཞིན་ནོ། །གཉིས་པོ་ཡང་དེ་དང་འདྲ་བས་འདི་ཤེས་པའི་ངོ་བོ་མ་ཡིན་པར་མི་རིགས་སོ། །གཉིས་པོ་ཤེས་པའི་ངོ་བོར་གྱུར་པ་དེ་ཡང་བརྫུན་པ་ཡིན་ན་ནི་ཤེས་པ་ཉིད་བརྫུན་པ་ཡིན་ནོ་ཞེས་གསལ་རབ་ཏུ་སྨྲས་པར་འགྱུར་རོ། །གཞན་ཡང་ཤེས་པ་གཉིས་སུ་མེད་པའི་ངོ་བོ་བདེན་ཞེས་བྱ་བ་གང་ཡིན་པ་དེ་ཡང་རེ་ཞིག་རྟག་པའི་ངོ་བོ་ཉིད་དུ་རིགས་པ་ཡིན་ཏེ། སྔར་རྟག་པའི་དངོས་པོ་རྒྱས་པར་བསལ་བའི་ཕྱིར་རོ། །རྟག་པ་ནི་ཁྱད་པར་དུ་བྱར་མེད་པའི་ཕྱིར་རྣལ་འབྱོར་གོམས་པ་ལ་སོགས་པས་ཅུང་ཟད་ཀྱང་མི་བྱེད་ལས་ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་འབད་པ་དོན་མེད་པར་འགྱུར་རོ། །དོན་དམ་པར་ནི་མི་རྟག་པར་ཡང་རིགས་པ་མ་ཡིན་ཏེ། དེ་རྒྱུ་དང་བཅས་པ་དང་རྒྱུ་མེད་པར་སྐྱེ་བ་བཀག་པའི་ཕྱིར་ལ། མ་སྐྱེས་པར་ནི་མི་རྟག་པ་ཡིན་པར་རིགས་པ་མ་ཡིན་པས་སོ། །དངོས་པོའི་ངོ་བོ་གཞན་ཡང་ཡོད་


DTG107_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་ཏེ། དེས་ན་ངོ་བོ་ཉིད་མེད་པ་ཉིད་ཀྱིས་དངོས་པོ་ཐམས་ཅད་ལ་ཁྱབ་པའི་ཕྱིར་དང་ཚད་མས་གྲུབ་པའི་ཕྱིར་དོན་དམ་པར་རིགས་སོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། ཆོས་ཀུན་རྟག་ཏུ་ངོ་བོ་ཉིད་ཀྱིས་སྟོང༌། །རྒྱལ་བའི་སྲས་རྣམས་དངོས་པོ་རྣམ་པར་འབྱེད། །སྲིད་པ་ཐམས་ཅད་རྣམ་པ་ཀུན་ཏུ་སྟོང༌། །ཉི་ཚེ་སྟོང་པ་མུ་སྟེགས་ཅན་རྣམས་ཀྱི། །ཞེས་གསུངས་སོ། །དེ་ལྟ་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤང་བར་འདོད་པ་རྟོགས་པ་དང་ལྡན་པས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་ལམ་འདི་ཁོ་ན་བསྒོམ་པར་བྱ་སྟེ། སྒྲིབ་པའི་རྩ་བ་ནི་ཕྱིན་ཅི་ལོག་ཡིན་པའི་ཕྱིར་ལ། ཕྱིན་ཅི་ལོག་ཐམས་ཅད་དང་འགལ་བའི་རྣམ་པ་ཅན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་གོམས་པ་འདིས་ཀྱང་དངོས་པོ་ལ་སོགས་པ་ཕྱིན་ཅི་ལོག་སྤོང་བས་རྩ་བ་བཅད་པའི་ཕྱིར་སྒྲིབ་པ་ཐམས་ཅད་སྤོང་བར་འགྱུར་བ་ཉིད་དོ། །དེ་སྐད་དུ་འཕགས་པ་བདེན་པ་གཉིས་བསྟན་པ་ལས་ཀྱང༌། འཇམ་དཔལ་ཇི་ལྟར་ན་ཉོན་མོངས་པ་ཡོངས་སུ་ཤེས་པར་འགྱུར། འཇམ་དཔལ་གྱིས་སྨྲས་པ། དོན་དམ་པ་ཤིན་ཏུ་མ་སྐྱེས་ཤིང་མ་བྱུང་བའི་དངོས་པོ་དག་ལ་ཀུན་རྫོབ་ཏུ་ཡོད་པ་མ་ཡིན་པ་ལས་ཕྱིན་ཅི་ལོག་དེ་ཡོད་དེ་མ་ཡིན་པ་ལས་ཕྱིན་ཅི་ལོག་པ་དེ་ལས་ཀུན་དུ་རྟོག་པ་དང་རྣམ་པར་རྟོག་པ་འབྱུང་ངོ༌། །ཀུན་དུ་རྟོག་པ་དང་རྣམ་པར་རྟོག་པ་དེ་ལས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འབྱུང་ངོ༌། །ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དེ་ལས་བདག་ཏུ་སྒྲོ་འདོགས་པ་འབྱུང་ངོ༌། །བདག་ཏུ་སྒྲོ་འདོགས་པ་ལས་ལྟ་བ་ཀུན་ནས་ལྡང་ངོ༌། །ལྟ་བ་ཀུན་ནས་ལྡང་བ་དེ་ལས་ཉོན་མོངས་པ་རྣམས་འབྱུང་ངོ༌། །ལྷའི་བུ་གང་དག་གིས་ཆོས་ཐམས་ཅད་དོན་དམ་པར་ཤིན་ཏུ་མ་སྐྱེས་པ་དང་མ་བྱུང་བའི་དངོས་པོར་མཐོང་བ་དེ་ནི་དོན་དམ་པར་ཕྱིན་ཅི་མ་ལོག་པ་ཡིན་ནོ།། གང་ཞིག་གིས་དོན་དམ་པར་ཕྱིན་ཅི་མ་ལོག་པ་དེ་ནི་ཀུན་དུ་མི་རྟོག་རྣམ་པར་མི་རྟོག་གོ །གང་ཀུན་དུ་མི་རྟོག་རྣམ་པར་མི་རྟོག་པ་དེ་ནི་ཚུལ་བཞིན་དུ་ཞུགས་པ་ཡིན་ནོ། །གང་ཚུལ་བཞིན་དུ་ཞུགས་པ་དེ་ནི་བདག་ཏུ་སྒྲོ་འདོགས་པར་མི་འགྱུར་རོ། །གང་བདག་ཏུ་སྒྲོ་འདོགས་པར་མི་འགྱུར་བ་དེ་ལ་ནི་ལྟ་བ་ཀུན་ནས་ལྡང་བར་མི་འགྱུར་ཏེ། དོན་དམ་པར་མྱ་ངན་ལས་འདས་པར་ལྟ་བ་ཀུན་ནས་ལྡང་བའི་བར་དུ་ཡང་མི་འགྱུར་རོ། །སྐྱེ་བ་མེད་པ་ལ་གནས་པའི་དེ་ཉིད་ཀྱི་ཉོན་མོངས་པ་ཤིན་ཏུ་རྣམ་པར་གདུལ་བར་ལྟ་སྟེ། འདི་ཉོན་མོངས་པ་འདུལ་བ་ཞེས་བྱའོ། །ལྷའི་བུ་གང་གི་ཚེ་ཉོན་མོངས་པ་དང་སྣང་བ་མེད་པར་ཤེས་པས་དོན་དམ་པར་ཤིན་ཏུ་སྟོང་པ་དང༌། མཚན་མ་མེད་པ་དང༌།


DTG107_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་དངོས་པོ་མེད་པར་རབ་ཏུ་ཤེས་པ་དེའི་ཚེ་ལྷའི་བུ་ཉོན་མོངས་པ་རྣམས་ཡོངས་སུ་ཤེས་པ་ཡིན་ནོ། །ལྷའི་བུ་འདི་ལྟ་སྟེ་དཔེར་ན་གང་སྦྲུལ་གྱི་རིགས་འདོན་པ་དེས་ནི་སྦྲུལ་དེའི་དུག་ཞི་བར་བྱེད་དོ། །ལྷའི་བུ་དེ་བཞིན་དུ་གང་ཞིག་ཉོན་མོངས་པ་རྣམས་ཀྱི་རིགས་འདོན་པ་དེའི་ཉོན་མོངས་པ་རྣམས་རབ་ཏུ་ཞི་བར་འགྱུར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཉོན་མོངས་པ་རྣམས་ཀྱི་རིགས་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཆོས་ཐམས་ཅད་ཀྱི་དངོས་པོ་ཤིན་ཏུ་མ་སྐྱེས་ཤིང་མ་བྱུང་བ་དག་ལ་ཀུན་དུ་རྟོག་པ་གང་ཡིན་པ་འདི་ནི་ཉོན་མོངས་པ་རྣམས་ཀྱི་རིགས་ཡིན་ནོ་ཞེས་རྒྱས་པར་གསུངས་སོ། །དངོས་པོ་ལ་སོགས་པས་ཕྱིན་ཅི་ལོག་པས་ཀྱང་ཕྱིན་ཅི་ལོག་ཐམས་ཅད་ལ་ཁྱབ་པའི་ཕྱིར་སྤངས་ན་ཕྱིན་ཅི་ལོག་ཐམས་ཅད་སྤངས་པས་ཤེས་བྱའི་སྒྲིབ་པ་ཡང་འདིས་ལེགས་པར་སྤོང་བར་འགྱུར་ཏེ། སྒྲིབ་པ་ནི་ཕྱིན་ཅི་ལོག་གི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཤེས་བྱའི་སྒྲིབ་པ་སྤངས་ན་གགས་བྱེད་པ་མེད་པའི་ཕྱིར་སྤྲིན་ལ་སོགས་པའི་སྒྲིབ་པ་དང་བྲལ་བའི་ནམ་མཁའ་ལ་ཉི་མའི་འོད་ཟེར་བཞིན་དུ་ཐམས་ཅད་ཐོགས་པ་མེད་པའི་ཤེས་པའི་སྣང་བ་འཇུག་སྟེ། འདི་ལྟར་རྣམ་པར་ཤེས་པ་ནི་དངོས་པོའི་རང་གི་ངོ་བོ་གསལ་བའི་ངོ་བོ་ཡིན་ལ་དེ་ཡང་ཉེ་བའི་ཕྱིར་རོ། །གགས་བྱེད་པ་ཡོད་ན་ནི་དངོས་པོ་གསལ་བར་མི་འགྱུར་བ་ཞིག་ན། གགས་བྱེད་པ་མེད་པ་ཡིན་ན་གོ་མཐུའི་ཁྱད་པར་བསམ་གྱིས་མི་ཁྱབ་པ་བརྙེས་པའི་ཕྱིར་ཅིའི་ཕྱིར་དངོས་པོ་ཐམས་ཅད་ཇི་ལྟ་བ་བཞིན་དུ་གསལ་བར་མི་འགྱུར། དེའི་ཕྱིར་དངོས་པོ་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཀུན་རྫོབ་དང་དོན་དམ་པའི་ངོ་བོར་ཡོངས་སུ་མཁྱེན་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཐོབ་བོ། །དེའི་ཕྱིར་སྒྲིབ་པ་སྤང་བར་བྱ་བ་ལ་ལམ་འདི་ཁོ་ན་དམ་པ་ཡིན་ནོ། །དེ་ལྟ་བས་ན་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པས་སྟོང་པ་ཉིད་ཀྱི་ལམ་འདི་ཁོ་ན་ཐབས་དང་ལྡན་པའི་ཤེས་རབ་ཀྱིས་བརྟེན་པར་བྱའོ། །འབའ་ཞིག་གིས་ནི་མ་ཡིན་ཏེ། ཐབས་མེད་པའི་ཤེས་རབ་འབའ་ཞིག་གིས་བརྟེན་ན་ཉན་ཐོས་བཞིན་དུ་འགོག་པ་མངོན་སུམ་དུ་བྱས་པའི་ཕྱིར་མྱ་ངན་ལས་འདས་པར་ལྷུང་ལ། ཐབས་ཙམ་བརྟེན་པས་ཀྱང་ཕྱིན་ཅི་ལོག་ཏུ་གྱུར་བའི་ཕྱིར་འཁོར་བར་ལྷུང་ངོ༌། །དེའི་ཕྱིར་ཤེས་རབ་ཀྱི་སྟོབས་ཀྱིས་འཁོར་བ་ལ་མི་གནས་པའི་ཕྱིར་དང༌། ཐབས་ཀྱི་སྟོབས་ཀྱིས་མྱ་ངན་ལས་འདས་པར་མི་འཇུག་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཐབས་དང་ཤེས་རབ་ཀྱི་ངོ་བོ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུ་ཡིན་ནོ། །དེ་སྐད་དུ་འཕགས་པ་ག་ཡ་མགོ་རི་ལས་ཀྱང༌།


DTG107_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གང་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་མདོར་བསྟན་པ་གཉིས་པོ་འདི་དག་སྟེ། གཉིས་གང་ཞེན་འདི་ལྟ་སྟེ་ཤེས་རབ་དང་ཐབས་སོ་ཞེས་གསུངས་སོ། །འཕགས་པ་དྲི་མ་མེད་པར་གྲགས་པར་བསྟན་པ་ལས་ཀྱང༌། ཐབས་དང་བྲལ་པའི་ཤེས་རབ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆིང་བའོ། །ཤེས་རབ་དང་བྲལ་བའི་ཐབས་ཀྱང་འཆིང་བའོ། །ཤེས་རབ་དང་བཅས་པའི་ཐབས་ནི་ཐར་པའོ། །ཐབས་དང་བཅས་པའི་ཤེས་རབ་ཀྱང་ཐར་པའོ་ཞེས་གསུངས་སོ། །དེའི་ཕྱིར་བྱང་ཆུབ་ཀྱི་སེམས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་སྔོན་དུ་འགོ་བ་ཅན་བསྐྱེད་དེ། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་ཤེས་རབ་དང་ཐབས་ཏེ། སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་ཀྱི་མཚན་ཉིད་ཐམས་ཅད་ལ་གོམས་པར་བྱའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་སྤངས་ནས་དབུ་མའི་ལམ་ལ་ཞུགས་པ་ཡིན་ཏེ། ཤེས་རབ་ཀྱི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པའི་ཕྱིར་སྒྲོ་འདོགས་པའི་མཐར་ཡང་མི་ལྷུང་ལ། ཐབས་བསྟན་པས་ནི་ཀུན་རྫོབ་ཏུ་སྦྱིན་པ་ལ་སོགས་པ་བསོད་ནམས་ཐམས་ཅད་ལ་སྐུར་བ་མི་འདེབས་པའི་ཕྱིར་སྐུར་པའི་མཐར་ཡང་མི་ལྷུང་ངོ༌། ལྷགས་པས་ཉམ་ཐག་པས་མེ་བཞིན་དུ་ཕྱིན་ཅི་ལོག་གི་ལྕགས་པ་བསལ་བའི་ཕྱིར་སྟོང་པ་ཉིད་བརྟེན་པར་བྱ་བ་འབའ་ཞིག་ཏུ་ཟད་ཀྱི། མངོན་སུམ་དུ་བྱེད་པ་ནི་མ་ཡིན་ཏེ། ཇི་སྐད་དུ་ཆོས་བཅུ་པའི་མདོ་ལས། འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ཞིག་མེ་ལ་བཀུར་སྟི་བྱེད་པར་གྱུར་ལ། མེ་དེ་ལ་གུས་པར་བྱེད། བླ་མར་བྱེད། མགུ་བར་བྱེད་མཆོད་པར་བྱེད། ལེགས་པར་བཀུར་སྟི་བྱེད་ཀྱང་དེ་འདི་སྙམ་དུ་བདག་གིས་མེ་འདི་ལ་གུས་པར་བྱས། བླ་མར་བྱས། མགུ་བར་བྱས། མཆོད་པར་བྱས། བཀུར་སྟི་བྱས་པས་ལག་པ་གཉིས་ཀྱིས་འདི་གཟུང་བར་བྱའོ་སྙམ་དུ་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། དེའི་གཞི་ལས་བདག་གི་ལུས་ཀྱི་སྡུག་བསྔལ་དང༌། སེམས་ཀྱི་ཡིད་མི་བདེ་བར་འགྱུར་དུ་འོང་ངོ་སྙམ་མོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་མྱ་ངན་ལས་འདས་པ་ལ་སེམས་པ་དང༌། མྱ་ངན་ལས་འདས་པ་ལ་གཞོལ་བ་དང༌། མྱ་ངན་ལས་འདས་པ་ལ་འབབ་པ་དང༌། མྱ་ངན་ལས་འདས་པ་ལ་བབ་པ་ཡིན་ཡང༌། མྱ་ངན་ལས་འདས་པ་མངོན་


DTG107_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་དུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བདག་འདིའི་གཞི་ལས་བྱང་ཆུབ་ལས་ལྡོག་པར་འགྱུར་དུ་འོང་ངོ་སྙམ་མོ། །ཐབས་དང་ཤེས་རབ་དག་རྒྱས་པར་ནི། བློ་གྲོས་མི་ཟད་པས་བསྟན་པ་ལ་སོགས་པ་ལས་ངེས་པར་གཟུང་བར་བྱའོ། །མདོར་ན་བྱང་ཆུབ་སེམས་དཔའི་ཐབས་ནི་གང། ཤེས་རབ་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་རྟོགས་པར་བྱས་ནས་སྒྱུ་མ་ལ་སོགས་པ་བཞིན་དུ་ཕྱིན་ཅི་མ་ལོག་པ་ཉིད་སྙིང་རྗེ་ཆེན་པོ་དང༌། སྟོང་པ་ཉིད་ཁོ་ན་ཡོད་པའི་སེམས་ཅན་ལ་ལྟ་བས་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་ཐམས་ཅད་ལ་བརྟེན་པ་འདི་ཁོ་ན་ཡིན་ནོ། །དེས་ན་དེ་བཞིན་གཤེགས་པའི་ལོངས་སྤྱོད་ཆེན་པོ་ཞིང་དང༌། འཁོར་དང༌། གཟུགས་ཀྱི་སྐུ་ལ་སོགས་པ་མངོན་པར་མཐོ་བ་ཕུན་སུམ་ཚོགས་པ་ལ་སོགས་པ་ཐམས་ཅད་འཐོབ་ན་འཁོར་བ་ཇི་སྲིད་པར་འགྲོ་བ་མ་ལུས་པ་ཕན་པ་དང༌། བདེ་བའི་རྣམ་པ་ཐམས་ཅད་བསྒྲུབ་ཅིང་གནས་པས་རྟོག་པ་དང་ལྡན་པས་སངས་རྒྱས་བཅོམ་ལྡན་འདས་ལ་དང་བ་ཉེ་བར་བསྐྱེད་ནས། དེའི་ཡོན་ཏན་ཉེ་བར་ཡོངས་སུ་གྲུབ་པར་བྱ་བའི་ཕྱིར་འབད་པར་བྱའོ། །དེ་ལྟར་བདག་གིས་དབུ་མའི་ལམ། །རབ་ཏུ་གསལ་བྱས་བསོད་ནམས་གང༌། །ཐོབ་པ་དེ་ཡིས་འགྲོ་བ་གང། །དབུ་མའི་ལམ་འདི་ཐོབ་པར་ཤོག །ཆུ་ཡིས་མཚོ་ལྟར་ཡོན་ཏན་མི་ངོམས་ཤིང༌། །ཕྲག་དོག་ལ་སོགས་དྲི་མ་སྤངས་མཁས་རྣམས། །ངང་པ་རབ་དགའ་ཆུ་ལས་འོ་མ་བཞིན། །རྣམ་པར་ཕྱེ་ནས་ལེགས་པར་བཤད་རྣམས་ལེན། །དེ་ལྟ་བས་ན་མཁས་རྣམས་ཀྱིས། །འདྲེས་པ་ལས་ནི་ལེགས་བཤད་པའི། །སྙིང་པོ་སྐྱོན་མེད་ཀུན་བླང་ཞིང༌། །ཉེས་བཤད་དུག་བཞིན་དོར་བར་བྱ། །ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་གྲུབ་པ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།