Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱ་དང་དགུ་པ།


   
   
   
   
   
   
   
   
   
   
ཐེག་པ་ཐམས་ཅད་སྣང་བར་བྱེད་པའི་བྱེ་བྲག་ཏུ་བཤད་པ་ཞེས་བྱ་བ།  རབ་འབྱོར་དབྱངས།


 
previousཐེག་པ་ཐམས་ཅད་སྣང་བར་བྱེད་པའི་བྱེ་བྲག་ཏུ་བཤད་པ་ཞེས་བྱ་བ། རབ་འབྱོར་དབྱངས།no next

ཐེག་པ་ཐམས་ཅད་སྣང་བར་བྱེད་པའི་བྱེ་བྲག་ཏུ་བཤད་པ་ཞེས་བྱ་བ།
རབ་འབྱོར་དབྱངས།


DTG109_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་ཡཱ་ན་ཨཱ་ལོ་ཀ་བི་ཤེ་ཥ་བྷཱ་ཥྱཾ་ནཱ་མ། བོད་སྐད་དུ། ཐེག་པ་ཐམས་ཅད་སྣང་བར་བྱེད་པའི་བྱེ་བྲག་ཏུ་བཤད་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །སྐྱེ་མེད་རྟོགས་ལ་གུས་བཏུད་ནས། །བདག་མེད་གཉིས་དང་ལྡན་པ་ཡི། །བདེན་པ་གཉིས་པོ་རྟོགས་བྱའི་ཕྱིར། །ལྟ་བའི་བྱེ་བྲག་བཤད་པར་བྱ། །ཕྱི་པ་དང་ནི་རང་གི་སྡེ།། ལྟ་བ་རྣམ་པ་གཉིས་སུ་བསྟན། །བདག་མེད་པ་གཉིས་ནི་དཀྱིལ་ལམ་སྙིང་པོ་སྟེ། །དེ་ལས་ཕྱི་རོལ་དུ་གྱུར་པ་ནི་མུ་སྟེགས་པའོ། །དོན་མ་ནོར་བར་ལྟ་བ་ནི་རང་གི་སྡེ་པའོ། །དེ་གཉིས་སུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཤད་དོ། །དཔྱོད་པ་པ་དང་བྱེ་བྲག་པ། །གཅེར་བུ་པ་དང་གྲངས་ཅན་དང༌། །རིགས་པ་ཅན་རྣམས་འདོད་པའོ། །དེ་ཡང་འདི་སྐད་སྟོན་ཏེ། དཔྱོད་པ་པ་ནི་འཇིག་རྟེན་རྒྱང་ཕན་པ་སྟེ། དེ་ཁོ་ན་ཉིད་བཞིར་འདོད་དེ། ས་དང༌། ཆུ་དང༌། མེ་དང༌། རླུང་དང་ངོ༌། །གཉིས་པ་ནི་དེ་ཁོ་ན་ཉིད་དྲུག་ཏུ་འདོད་དེ། རྫས་དང༌། ཡོན་ཏན་དང༌། ལས་དང༌། སྤྱི་དང༌། བྱེ་བྲག་དང༌། འདུ་བའོ། །རྫས་ནི་དགུ་སྟེ། ས་དང༌།


DTG109_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་དང༌། མེ་དང༌། རླུང་དང༌། བདག་དང༌། དུས་དང༌། ཕྱོགས་དང༌། ཡིད་དང༌། ནམ་མཁའོ། །ཡོན་ཏན་ནི་ཉི་ཤུ་རྩ་བཞི་སྟེ། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། མིག་གི་བློ་དང༌། རྣ་བའི་བློ་དང༌། ལྕེའི་བློ་དང༌། ལུས་ཀྱི་བློ་དང༌། གྲངས་དང༌། བོད་ཚོད་དང༌། སོ་སོ་བ་དང་ཕྲད་པ་དང༌། དབྱེ་བ་དང༌། གཞན་མ་ཡིན་པ་དང༌། བདེ་བ་དང༌། སྡུག་བསྔལ་དང༌། འདོད་པ་དང༌། སྡང་བ་དང༌། ཆོས་དང༌། ཆོས་མ་ཡིན་པ་དང༌། འདུས་བྱས་པའི་ཤུགས་དང༌། འབད་པའོ། །ལས་ནི་ལྔ་སྟེ། འདེགས་པ་དང༌། འཇོག་པ་དང༌། བརྐྱང་བ་དང༌། བསྐུམ་པ་དང༌། འགྲོ་བའོ། །འདུ་བ་ནི། དེ་དང་དེར་འདུ་བ་དང༌། དེའི་བདག་ཉིད་དུ་འདུ་བའོ། །སྤྱི་ནི་སྤྱི་ཆེན་པོ་དང༌། སྤྱི་ཉི་ཚེ་བའོ། །བྱེ་བྲག་ནི་རྟག་པ་ལ་བརྟེན་པ་དང༌། མི་རྟག་པ་ལ་བརྟེན་པའོ། །གཅེར་བུ་པའི་ཚིག་དོན་དགུར་འདོད་པ་ནི། སྲོག་དང༌། གང་ཟག་དང༌། སྡོམ་པ་དང༌། ངེས་པར་དག་པ་དང༌། འཆིང་བ་དང༌། ལས་དང༌། སྡིག་པ་དང༌། བསོད་ནམས་དང༌། ཐར་པ་ཞེས་བྱ་བ་དག་གོ །གྲངས་ཅན་ནི། དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་འདོད་པ་ནི། སྙིང་སྟོབས་དང༌། རྔུལ་དང༌། མུན་པ་གསུམ་ཆ་མཉམ་པར་གྱུར་པ་ལས་གཙོ་བོ་ཞེས་བྱ་བའོ། །གཙོ་བོ་རྟག་པ། མེད་པ་མི་གསལ་བ་དེ་ལས་ཆེན་པོ་ཅུང་ཟད་ཙམ་སྐྱེའོ། །ཆེན་པོ་ལས་ང་རྒྱལ་ཅུང་ཟད་ཙམ་ཤིན་ཏུ་གསལ་བར་སྐྱེའོ། །ང་རྒྱལ་གསུམ་སྐྱེ་སྟེ། རྣམ་པར་འགྱུར་བ་ལས་གྱུར་པ་དང༌། རྡུལ་ལས་གྱུར་པ་དང༌། འབྱུང་བ་ལས་གྱུར་པའོ། །རྣམ་པར་འགྱུར་བ་ལས་གྱུར་པའི་ང་རྒྱལ་སྙིང་སྟོབས་ཤས་ཆེ་བ་ལས་ནི་དབང་པོ་བཅུ་གཅིག་སྟེ། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ངག་དང༌། ཡིད་དང༌། རྐང་པ་དང། ལག་པ་དང༌། རྐུབ་དང༌། མདོམས་དང་ངོ༌། །འབྱུང་བ་ལས་གྱུར་པའི་ང་རྒྱལ་ཤས་ཆེ་ལས་ནི་དེ་ཙམ་ལྔ་སྟེ། སྒྲ་དེ་ཙམ། རེག་དེ་ཙམ། རོ་དེ་ཙམ། གཟུགས་དེ་ཙམ། དྲི་དེ་ཙམ་མོ། །སྙིང་སྟོབས་ལས་གྱུར་པའི་ང་རྒྱལ་ཤས་ཆེ་བ་ལས་ནི་གཉིས་ཀ་སྐྱེ་བའི་བདག་ཉིད་ཡིན་ནོ། །སྒྲ་དེ་ཙམ་ལས་ནམ་མཁའ་སྐྱེ། རེག་དེ་ཙམ་ལས་རླུང་སྐྱེ། རོ་དེ་ཙམ་ལས་ཆུ་སྐྱེ། གཟུགས་དེ་ཙམ་ལས་མེ་སྐྱེ། དྲི་དེ་ཙམ་ལས་ས་སྐྱེའོ། །གཙོ་བོ་ནི་རང་བཞིན་ཁོ་ན་ལས་གྱུར་པ་མ་ཡིན་ཏེ། གཙོ་བོ་གང་ལས་ཀྱང་མི་སྐྱེ་བས་སོ། །ཆེ་བ་དང༌། ང་རྒྱལ་དང༌། དེ་ཙམ་རྣམས་ནི་རང་བཞིན་ཡང་ཡིན་ལ་གྱུར་པ་ཡང་ཡིན་ནོ། །སྐྱེས་བུ་ནི་


DTG109_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་མ་ཡིན་པ་ལས་གྱུར་པ་ཡང་ཡིན་ནོ། །འབྱུང་བ་ལྔ་དང་དབང་པོ་བཅུ་གཅིག་ནི་འགྱུར་བ་ཁོ་ན་ཡིན་ནོ། །དེ་ལྟར་གཙོ་བོ་དང༌། ཆེན་པོ་དང༌། ང་རྒྱལ་དང༌། དབང་པོ་བཅུ་གཅིག་དང༌། དེ་ཙམ་ལྔ་དང༌། འབྱུང་བ་ལྔ་དང༌། སྐྱེས་བུ་དང་བཅས་པ་ནི་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་ཡིན་ནོ། །རིགས་པ་ཅན་ནི་ཚིག་དོན་བཅུ་དྲུག་སྟེ། ཚད་མ་དང༌། གཞལ་བྱ་དང༌། ཐེ་ཚོམ་དང༌། དགོས་པ་དང༌། དཔེ་དང༌། གྲུབ་པའི་མཐའ་དང༌། ཆ་ཤས་དང༌། རྟོག་གེ་དང༌། གཏན་ལ་དབབ་པ་དང༌། རྩོད་པ་དང༌། བརྗོད་པ་དང༌། སུན་འབྱིན་དུ་རྒོལ་བ་དང༌། རྒྱུ་ལྟར་སྣང་བ་དང༌། ཚིག་དོར་དང༌། ལྟག་ཆོད་དང༌། ཆད་པའི་གནས་སོ། །དེ་ཡང་ཡོད་པར་མི་རུང་སྟེ། རིགས་པའི་ངོ་བོ་ཐམས་ཅད་ལ། ཇི་ལྟ་བུ་ཡང་མི་སྣང་སྟེ། རྟག་པས་དོན་བྱེད་ཉམས་ཕྱིར་རོ། །འདི་སྐད་སྟོན་ཏེ། རྟོག་གེ་ངན་པས་བརྟགས་པའི་འདོད་པ་ནི་ཡོད་པ་མ་ཡིན་ཏེ། མངོན་སུམ་དང་རྗེས་སུ་དཔག་པ་ལ་མི་སྣང་སྟེ། མེད་པའི་ཕྱིར་རོ། །གལ་ཏེ་ཡོད་པར་འདོད་ནི་མི་རུང་སྟེ། རྟག་ན་འཆི་འཕོ་དང་སྐྱེ་བ་མེད་པར་འགྱུར། ཁྱབ་ན་ཀུན་ཀྱང་བདེ་སྡུག་མཚུངས་པར་འགྱུར་ལ། རྟག་པས་དོན་བྱེད་པ་ཡང་མི་འཐད་དེ། དུས་གཅིག་གི་བྱེད་ན་དུས་གསུམ་མེད་དོ། །གལ་ཏེ་ཡོན་ཏན་རིམ་པ་ཅན་དུ་ཐལ་ལོ། །རིམ་པར་བྱེད་ན་རྟག་པ་ཉམས་པ་ཁོ་ནའོ། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ལྟར་ཕྱི་པ་སུན་ཕྱུང་ནས་རང་གི་སྡེ་པའི་དབྱེ་བ་བསྟན་པའི་ཕྱིར། བྱེ་བྲག་སྨྲ་དང་མདོ་སྡེ་པ། །ཡང་ན་སྡེ་པ་བཅོ་བརྒྱད་དེ། །སོ་སོ་རང་རང་གྲུབ་མཐའ་འཛིན། །བྱེ་བྲག་སྨྲ་བས་ནི་འཇོམས་པས་འཇིག་པ་དང༌། བློས་འཇིག་པ་ནི་ཀུན་རྫོབ་ཀྱི་བདེན་པར་བྱེད་དེ་གཉིས་ཀྱིས་གཞིག་ཏུ་མི་བཏུབ་པ་ནི་ཅིག་ཤོས་སོ། །གཞི་ཐམས་ཅད་ཡོད་པར་སྨྲ་བས་ནི་གཞི་ལྔ་རྫས་སུ་ཡོད་པར་འདོད་དེ། གཟུགས་དང་སེམས་དང་སེམས་ལས་བྱུང་བ་དང༌། མི་ལྡན་པའི་འདུ་བྱེད་དང་འདུས་མ་བྱས་སོ། །གཟུགས་ནི་རྡུལ་ཕྲ་རབ་འདུས་པ་རྫས་སུ་འདོད། རྔུལ་ཡང་བསྐོར་བ་བར་དང་བཅས་པ་འདུས་པ་ལ་སོགས་པར་གྲུབ་པའོ། །དེ་བསགས་པའི་གཟུགས་ནི་ཡང་གི་སྐྱེ་མཆེད་ཀྱི་གཟུགས་རིག་པ་མ་ཡིན་པ་ལ་སོགས་པ་ལ་རྫས་སུ་གྲུབ་པའོ། །སེམས་ནི་ཚོགས་དྲུག་ཐ་དད་པའོ། །སེམས་ལས་བྱུང་བ་ཡང་ཐ་དད་པའོ། །སེམས་དང་སེམས་ལས་བྱུང་བ་བདེ་བ་དང་ཡུལ་གྱི་རྣམ་པ་མེད་པར་


DTG109_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དངོས་སུ་འཛིན་པའོ། །མི་ལྡན་པའི་འདུ་བྱེད་ནི་གཟུགས་དང་སེམས་དང་སེམས་ལས་བྱུང་བ་ལས་རྫས་ལོགས་སུ་གྲུབ་པར་འདོད་དོ། །འདུས་མ་བྱས་ནི་ནམ་མཁའ་དང༌། སོ་སོར་བརྟགས་པའི་འགོག་པ་དང༌། བརྟགས་མིན་གསུམ་རྟག་པའི་རྫས་སུ་གྲུབ་པའོ། །དེ་ལས་གཞན་པའི་འདོད་པའི་གང་ཟག་གི་བདག་ཀུན་རྫོབ་ཀྱི་བདེན་པ་ལ། གཟུང་བ་དང་འཛིན་བ་དོན་དམ་པའོ། །དེ་ལ་གཟུང་བ་གཟུགས་ཀྱི་བཞི་ཀུན་རྫོབ་ལ། རྡུལ་ཕྲ་རབ་དོན་དམ་པར་འདོད་ཅིང་འབྱར་ལ་མ་རེག་པར་འདོད་དོ། །ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་རིག་བྱེད་མ་ཡིན་པ་ལ་སོགས་པ་བརྟགས་པར་འདོད་ཀྱི་གཟུགས་སུ་མ་གྲུབ་པའོ། །སེམས་ཚོགས་དྲུག་གོ །སེམས་ལས་བྱུང་བ་རྣམས་རྫས་ཐ་དད་པའོ། །སེམས་དང་སེམས་ལས་བྱུང་བས་ཡུལ་གྱི་རྣམ་པ་དང་བཅས་པ་ཡིན་གྱི་དངོས་སུ་ཡུལ་འཛིན་པར་ནི་མི་འདོད་དོ། །ཐོབ་པ་ལ་སོགས་པའི་མིང་རྣམས་ནི་རྫས་སུ་གྲུབ་པ་མ་ཡིན་གྱི། བཏགས་པ་ཙམ་དུ་གྲུབ་པའོ། །འདུས་མ་བྱས་རྫས་སུ་ནི་མ་གྲུབ་ལ་མེད་པ་དགག་པ་ཙམ་དུ་འདོད་དོ། །མདོ་སྡེ་པའི་སྐབས་སོ། །ཡང་ན་སྡེ་པ་བཅོ་བརྒྱད་དུ་གྱེས་པ་ནི། དེ་ལ་རྩ་བའི་སྡེ་བཞི་ནི། དགེ་འདུན་ཕལ་ཆེན་དང༌། ཐམས་ཅད་ཡོད་པར་སྨྲ་བ་དང༌། གནས་བརྟན་པ་དང༌། ལེགས་དཔོན་པའི་སྡེའོ། །ཕལ་ཆེན་པ་ལྔ། ཤར་གྱི་རི་བོ་སྡེ་དང༌། ནུབ་ཀྱི་རི་བོ་སྡེ་དང༌། གངས་ཀྱི་རི་བོ་སྡེ་དང༌། འཇིག་རྟེན་སྨྲ་བའི་སྡེ་དང༌། རྟག་པར་སྨྲ་བའི་སྡེ་ཞེས་བྱའོ། །ཐམས་ཅད་ཡོད་པར་སྨྲ་བ་ལ་དྲུག །འོད་སྲུངས་པ་དང༌། མང་པོ་སྟོན་པའི་སྡེ་དང༌། ཆོས་སྲུང་སྡེ་དང༌། མང་དུ་ཐོས་པའི་སྡེ་དང༌། གོས་དམར་ཅན་གྱི་སྡེ་དང༌། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེའོ། །གནས་བརྟན་པ་ལ་གསུམ་སྟེ། རྒྱལ་བྱེད་ཚལ་གནས་སྡེ་དང༌། འཇིགས་མེད་རིར་གནས་སྡེ་དང༌། གཙུག་ལག་ཁང་ཆེན་སྡེའོ། །ལེགས་དཔོན་ལ་གསུམ་དུ་གྱེས་པ་ལས། ས་སྲོག་རིགས་ཀྱི་སྡེ་དང༌། ས་སྲུང་རིགས་ཀྱི་སྡེ་དང༌། གནས་མ་བུའི་སྡེའོ། །གྲུབ་པར་འགྱུར་བ་མ་ཡིན་ཏེ། །གཟུང་བ་དངོས་པོ་མེད་པ་དང༌། །འཛིན་པ་རང་བཞིན་མེད་པའི་ཕྱིར། །རང་གིས་བརྟགས་བཞིན་ཁོ་ནར་ཟད། །དོན་དུ་འགྱུར་བ་མ་ཡིན་པས་གཟུང་བའི་ཡུལ་ནི་ཤེས་པ་ལས་ཐ་དད་པ་ཡང་མེད་དོ། །གལ་ཏེ་ཐ་དད་ན་སྣང་དུ་ཡང་མི་རུང་སྟེ། འབྲེལ་པ་མེད་པའི་ཕྱིར་རོ། །དཔེར་ན་རྣ་བ་ལ་གཟུགས་མི་སྣང་བ་བཞིན་ནོ། །དམིགས་པའི་རྐྱེན་དུ་ཡང་མི་རུང་སྟེ། འདས་པ་དང༌།


DTG109_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཡང་འགག་མ་འོངས་པ་རྒྱུ་ཡང་མེད་པས་སོ། །ད་ལྟར་བ་དུས་གཅིག་པ་ལ་ཕན་གདགས་པ་མེད་པས་རྐྱེན་དུ་མི་རུང་ངོ༌། །གཞན་ཡང་གཅིག་དང་དུ་མས་ཀྱང་གནོད་ལ། རང་སྣང་དང་སྐྱེད་བྱེད་གཉིས་འགལ་བའི་ཕྱིར་རོ། །ཤེས་པ་ཡང་ཡོད་དུ་མི་རུང་སྟེ། ཡུལ་མེད་པའི་ཕྱིར་རོ། །དཔེར་ན་སྒྲ་མེད་ན་རྣ་བའི་རྣམ་ཤེས་མི་སྐྱེ་བ་བཞིན་ནོ། །དེ་བས་ན་མུ་སྟེགས་ཀྱིས་བརྟགས་པའི་བདག་བཞིན་དུ་མེད་ཀྱང་བློས་བཞག་པར་ཟད་དོ། །བར་སྐབས་ཀྱི་དོན་ཏོ། །རྣམ་པ་བདེན་བརྫུན་ལ་སོགས་པ་དངོས་པོར་སྨྲ་བའི་འདོད་པ་བསྟན་པའི་ཕྱིར། རྣམ་བདེན་སྣ་ཚོགས་གཉིས་མེད་དེ། །ཤེས་པ་གཅིག་གི་ངོ་བོར་བདེན། །དོན་ནི་འདི་ཡིན་ཏེ། རྒྱུ་གཅིག་ལ་འདུ་བ་གཅིག་ཏུ་སྣང་བ་སྣ་ཚོགས་གསལ་བ་འདི་ཤེས་པ་གཅིག་གི་བདག་ཉིད་དུ་དོན་དམ་པར་གྲུབ་ལ་ཤེས་པའི་རང་བཞིན་དུ་འདོད་དེ། དེ་ནི་འཐད་པ་མ་ཡིན་ཏེ། གཅིག་དང་དུ་མ་འགལ་སོགས་ཀྱིས། །ཤེས་པ་གཅིག་དང་མེད་ན་རྣམ་པ་མང་པོ་ཡང་གཅིག་ཉིད་དུ་འགྱུར། རྣམ་པ་དུ་མ་དང་གཅིག་པས་ཤེས་པ་ཡང་དེ་ཉིད་དུ་ཐལ་ལོ། །གལ་ཏེ་དུ་མ་དངོས་སུམ་གྲུབ་པས་ཤེས་པ་དུ་མར་ཐལ་བའོ། །གཏན་ཚིགས་མ་གྲུབ་པོ་ཞེ་ན། མ་ཡིན་ཏེ། དུ་མ་མ་འགྲུབ་པ་ལ་སྣང་ན་དངོས་པོར་འགྱུར་ལ། ཡང་བདེན་པ་མཐོང་བར་ཡང་འགྱུར་རོ། །འོན་ཏེ་འཁྲུལ་པ་ལ་སྣང་བར་ཁས་ལེན་ན་ནི་རྣམ་པར་བདེན་པ་ཉམས་པ་ཁོ་ནའོ། །སྣ་ཚོགས་པའི་སྣང་བ་གཅིག་པུ་བདེན་པ་ན། དེ་ཉིད་དུ་མར་འགྱུར་ལ། བརྫུན་ན་སྟོང་པར་འགྱུར་རོ། །གཞན་ཡང་རྣམ་པ་དཀར་དམར་གཅིག་ན། ཚོར་བ་བདེ་སྡུག་ཀྱང་གཅིག་ཏུ་འགྱུར་རོ། །བདེ་སྡུག་དཀར་དམར་ཐ་དད་པ་ཡིན་པས་གཅིག་མ་ཡིན་ནོ་ཞེ་ན། །འོ་ན་ནི་དཀར་དམར་ཐ་དད་པ་མ་ཡིན་གཅིག་མ་ཡིན་ནོ། །དཀར་དམར་ཐ་དད་ལྟ་བུ་ཡིན་པས་མི་འགལ་ལོ་ཞེ་ན་བདེ་སྡུག་ཀྱང་ཐ་དད་པ་ལྟ་བུ་ཡིན་པས་མི་འགལ་ལོ། །བདེ་སྡུག་ལྟ་བུར་མི་འགྲུབ་སྟེ་ཉམས་སུ་མྱོང་བའི་ཕྱིར་རོ་ཞེ་ན། དཀར་དམར་ཉམས་སུ་མྱོང་བའི་ཕྱིར་ལྟ་བུ་མི་འགྲུབ་པའོ། །མྱོང་བའི་དཀར་དམར་ལྟ་བུ་མ་ཡིན་ཡང་ཉན་ཐོས་ཀྱི་དཀར་དམར་གྱི་ཕྱི་རོལ་དུ་བརྟགས་པ་མི་འཐད་པ་ལྟ་བུ་ཡིན་ནོ་ཞེ་ན། འོ་ན་མྱོང་བ་ཡང་བདེ་སྡུག་ལྟ་བུ་མ་ཡིན་ཡང་མུ་སྟེགས་ཀྱི་བདེ་སྡུག་ཕྱི་རོལ་དུ་བརྟགས་པ་མི་འཐད་པ་ལྟ་བུ་ཡིན་ནོ། །དེ་ལྟར་བསྒྲེ་བའི་ཚུལ་གྱིས་ཐ་དད་པར་སྣང་བ་ལ་དོན་དམ་པར་གཅིག་མ་གྲུབ། དེ་མ་གྲུབ་པས་དུ་མ་ཡང་མི་འགྲུབ་པའོ། །གཞན་ཡང་གཅིག་དང་དུ་མ་དངོས་པོ་འགལ་ལམ་མི་འགལ་ཞེ་ན། དེས་


DTG109_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཞིག་བྱ། འགལ་ན་ཕྱོགས་ཆོས་མི་འགྲུབ་ལ། མི་འགལ་ན་ཁྱབ་པ་མ་གྲུབ་སྟེ། དངོས་པོ་ལ་གཅིག་དང་དུ་མ་གཉིས་མ་ཁྱབ་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་དངོས་པོ་ལ་གཅིག་དང་དུ་མས་ཁྱབ་སྟེ། དངོས་པོ་ལ་གཅིག་དང་དུ་མ་དངོས་འགལ་ཡིན་པའི་ཕྱིར་རོ། །སྤྱིར་གཅིག་དང་དུ་མ་དངོས་འགལ་ཡིན་པས་ཕྱོགས་ཆོས་གྲུབ་པོ། །དངོས་པོ་མ་གྲུབ་པ་ལ་གཅིག་དང་དུ་མའི་བརྟག་པ་མི་འཇུག་པའི་ཕྱིར་རོ། །གཞན་ཡང་གཅིག་དང་དུ་མ་དངོས་པོ་ལ་ཁྱབ་པ་ཚད་མས་གྲུབ་པ་མ་གྲུབ་ཅེ་ན། དེས་ཅི་ཞིག་བྱ་གྲུབ་ན་དངོས་པོ་ཡང་དག་པར་འགྱུར་ལ། མ་གྲུབ་ན་ཁྱབ་པ་མ་གྲུབ་པོ་ཞེ་ན། སྣང་བ་ལ་བརྟེན་ནས་སྤྱིར་དངོས་པོ་ཙམ་གཅིག་དང་དུ་མ་ཙམ་ཁྱབ་པ་གྲུབ་པའི་ཉེས་པ་ཡང་མེད་ལ། ཡང་དག་པའི་གཅིག་དང་དུ་མ་ཡང་དག་པའི་དངོས་པོ་ཁྱབ་པ་ཚད་མས་གྲུབ་པས་ཡང་དག་ཚད་མས་གྲུབ་པར་ཡང་མི་འགྱུར་རོ། །འོ་ན་སྤྱིར་གཅིག་ནི་ཁྱབ་པ་གྲུབ་པ་ཡོད་ལ། ཕྱོགས་ཆོས་མེད་ལ། བྱེ་བྲག་ཏུ་ཡང་དག་གི་གཅིག་དང་དུ་མ་དང་བྲལ་བའི་ཕྱོགས་ཆོས་གྲུབ་པ་ལ་ཁྱབ་པ་གྲུབ་པ་མེད་ཅེ་ན། མ་ཡིན་ཏེ། སྤྱིར་གང་ཞིག་གང་དུ་ཡོད་པ་དེ་ལ་དེའི་གཅིག་དང་དུ་མས་ཁྱབ་པ་གྲུབ་ལ། རིགས་པས་གཅིག་དང་དུ་མ་ཙམ་པོ་སྤྱིར་མ་དམིགས་པས་ཁྱབ་པ་གྲུབ་པ་ལ་ཕྱོགས་གྲུབ་པོ། །ཤེས་པ་རྣམ་པའི་གྲངས་བཞིན་ཡིན། རྣམ་པ་དུ་མར་སྣང་བ་བཞིན་དུ་ཤེས་པ་ཡང་དེ་བཞིན་དུ་སྐྱེ་སྟེ། ཤེས་པ་ཉིད་ཡིན་པའི་ཕྱིར་རོ། །དཔེར་ན་ཆུ་བུར་ལ་དམིགས་པའི་ཤེས་པ་བཞིན་ནོ། །དེ་ནི་འཐད་པ་མ་ཡིན་ཏེ། །གཅིག་སྣང་འོན་ཏེ་རྒྱུ་མེད་འགྱུར། །དེ་ཡང་རུང་བ་མ་ཡིན་ཏེ། །དངོས་པོ་གཅིག་ཁོ་ན་སྣང་བར་འགྱུར་ཏེ། དེ་ནི་རྒྱུན་སྐད་ཅིག་ཏུ་གནས་པའི་ཕྱིར། གཞན་སྣང་བར་མི་འགྱུར་རོ། །གལ་ཏེ་གཞན་སྣང་བ་དེ་མེད་པར་འགྱུར་ཏེ་དེའི་རྒྱུན་འཆད་པའི་ཕྱིར་རོ།། དེ་ལྟ་ན་དངོས་པོ་གཅིག་ཁོ་ན་སྣང་བར་འགྱུར་རོ། །དུས་གཅིག་ལ་རྣམ་པའི་གྲངས་བཞིན་སྐྱེ་ན་ནི་གང་ཟག་གི་རྒྱུད་ཀྱང་ཐ་དད་པར་འགྱུར་ཏེ། དེ་མི་རིགས་སོ། །རྣམ་པ་ཤེས་པ་འགྲན་ཐུབ་སྟེ། །སེམས་དང་རྣམ་པ་ལྷན་ཅིག་དམིགས། །རྣམ་པ་མེད་པའི་ཤེས་པ་མི་སྐྱེ་བ་དང༌། ཤེས་པ་མེད་པའི་རྣམ་པ་མི་སྣང་བའི་ཕྱིར་མཚུངས་པའོ། །གཟུང་ཆ་དང་འཛིན་ཆ་ལྟ་བུ་སྣང་བའོ། །དེ་ཡང་རུང་བ་མ་ཡིན་ཏེ། །བེམས་རིག་སོ་སོ་ཡིན་ཕྱིར་རོ། །རིག་པ་བེམས་པོ་ལ་ལྟོས་པ་དང༌། །བེམས་པོ་རིག་པ་ལ་སྣང་བ་ལ་འབྲེལ་པ་ཡང་མེད་ལ། གཟུང་འཛིན་དང་བཅས་པར་ཡང་ཐལ་ལོ། །འོན་ཏེ་རྣམ་པ་ཉིད་ཤེས་པའི་ངོ་བོ་ཡིན་ན་བེམས་པོ་ཡང་རིག་པ་དང་


DTG109_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པར་འགྱུར་རོ། །འོན་ཏེ་ཤེས་པ་ཉིད་སྣང་ངོ་ཞེ་ན། འོ་ན་ལྷན་ཅིག་དམིགས་པ་ཡང་ཉམས་ལ་འགྲན་ཐུབ་པ་ཡང་མེད་དེ་ཤིན་ཏུ་བདག་ཉིད་གཅིག་པའི་ཕྱིར་རོ། །དེ་ལྟར་རྣམ་པ་དང་བཅས་པ་བསྟན་ནས། རྣམ་པ་བརྫུན་པ་བསྟན་པའི་ཕྱིར། རྣམ་པ་ཡོད་པ་མ་ཡིན་ཏེ། རྒྱུ་འབས་དོན་དུ་མ་གྲུབ་ཕྱིར། །མྱོང་བ་མངོན་སུམ་གྱིས་གྲུབ་ལ། ཚད་མས་གྲུབ་ལ་གནོད་པ་གཞན་མེད་པའི་ཕྱིར་ཞེས་པ་ནི་བདེན་ནོ། །རྣམ་པ་ནི་གཟུགས་ཅན་ལ་བརྟག་པ་བྱས་པ་དང༌། མཚུངས་པས་དཔྱད་ན་མ་གྲུབ་ལ། རྒྱུ་དང་འབྲས་བུ་ལ་ཡང་སྒྲུབ་བྱེད་མེད་པའི་ཕྱིར་རོ། །དེ་ནི་མི་རིགས་ཏེ། རྣམ་པ་ཉམས་སུ་མྱོང་ཕྱིར་རོ། །རྒྱུ་འབྲས་དོན་དུ་མེད་ན་མྱོང་བ་ཡང་མེད་པར་ཐལ་བའི་ཕྱིར་རོ། །མྱོང་བ་མངོན་སུམ་དུ་གྲུབ་པས་མེད་པ་མ་ཡིན་ནོ་ཞེ་ན། འོ་ན་རྒྱུ་འབྲས་ཀྱང་མངོན་སུམ་དུ་གྲུབ་པས་ཡོད་པར་འགྱུར་རོ། །རྒྱུ་འབྲས་དུས་གསུམ་དུ་སྐྱེ་བ་མི་འཐད་པས་མེད་དོ་ཞེ་ན། མྱོང་བ་ཡང་དུས་གསུམ་དུ་མྱོང་བ་མེད་པས་འཐད་པ་ཡིན་ནོ། །དུས་གསུམ་མེད་པས་མྱོང་བ་མེད་པར་མི་འགྱུར་ཏེ་ཁྱབ་པ་མ་གྲུབ་པའི་ཕྱིར་རོ་ཞེ་ན། འོ་ན་དུས་གསུམ་མ་གྲུབ་པས་སྐྱེ་བ་མེད་ཅེས་བྱ་བ་ཡང་ཁྱབ་པ་མ་གྲུབ་པོ། །སྐྱེ་བའི་མཚན་ཉིད་སྔ་མ་ལ་ལྟོས་པ་ལ་བརྗོད་ལ་སྔ་ཕྱིའི་དུས་མ་གྲུབ་པ་ལ་མི་འགྲུབ་པས་ཁྱབ་པ་གྲུབ་པོ་ཞེ་ན། མྱོང་བའི་མཚན་ཉིད་ནི་བེམས་པོ་ལས་ལོག་པ་ཡིན་ལ། དེ་ཡང་སྔ་ཕྱིའི་དངོས་པོ་ཡིན་པས་དེ་སྔ་ཕྱིའི་མ་གྲུབ་པར་མི་འགྲུབ་པས་ཁྱབ་པ་གྲུབ་པ་ཡིན་ནོ། །མེད་པ་མ་ཡིན་ཡང་ཐེ་ཚོམ་ཟའོ་ཞེ་ན། དེ་ནི་མི་འཐད་དེ། ངེས་དང་མ་ངེས་གཉིས་མེད་པ། །དངོས་པོ་གཅིག་ལ་མི་སྲིད་དོ། །དངོས་པོ་སྣང་བ་ལ་སོགས་པ་ལས་ཡང་ན་ངེས་པ་ཡིན་ལ་ཡང་ན་མ་ངེས་པ་ལས་མྱོང་བ་གཞན་མི་སྲིད་པའོ། །གཞན་ཡང་མྱོང་བ་མངོན་སུམ་རྒྱུ་འབྲས་དམིགས་ན་བདེན་པར་འགྲུབ་ལ། མ་དམིགས་པ་སྣང་དུ་རུང་ན། འོ་ན་མཐར་ཐུག་གི་མྱོང་བ་ལ་གཏད་ནས་དྲིས་པས་ན་སྣང་དུ་རུང་བ་མི་དམིགས་པ་ཡིན་ནོ། །རྒྱུ་འབྲས་ཁས་མི་ལེན་ནོ་ཞེས་ཟེར་བ་འགལ་བ་འདུ་བ་ཁས་ལེན་པ་འཐད་དམ་ཞེས་སྤྱོད་ཅིག །དེ་ལྟར་མ་ཡིན་ན་ཐ་སྙད་དུ་བུམ་པ་ཕྱོགས་ན་སྣང་དུ་མ་དམིགས་པ་ཡིན། མེད་པ་ནི་མ་ཡིན་ཞེས་བྱ་བར་ཡང་འགྱུར་རོ། །རྒྱུ་འབྲས་ཁས་ལེན་པ་ཡང་མི་རིགས་པར་བསྟན་པའི་ཕྱིར་དང་རང་དང་གཞན་དང་གཉིས་ཀ་དང༌། རྒྱུ་མེད་པ་ལས་མི་སྐྱེ་ཕྱིར། །རང་མ་གྲུབ་ན་རྒྱུ་ཡང་མེད་ལ། གྲུབ་ན་སྐྱེས་ཟིན་པའི་ཕྱིར་རོ། །གཞན་ལ་ཡང་རྟག་པ་དང་མི་རྟག་པས་


DTG109_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་ན་སྐྱེ་བ་མི་འཐད་དོ། །གཉིས་པ་ལས་ནི་འགལ་བ་འདུ་བའོ། །རྒྱུ་མེད་པ་ནི་ཡོད་པ་དང་མེད་པ་ཞེས་རྟག་ཏུ་བར་འགྱུར་རོ། །གལ་ཏེ་ཕྱོགས་གཞན་མི་འཐད་ཀྱང་རྒྱུ་ཡོད་པ་གཞན་མི་རྟག་པ་པར་མཆོད་པ་ལས་འབྲས་བུ་སྐྱེའོ་ཞེ་ན། ཕྱོགས་ཐམས་ཅད་ཀྱིས་མཆོད་ན་དུས་མཉམ་པར་འགྱུར་ཏེ། བ་ལང་གི་རྭ་གཡས་པ་དང་གཡོན་པ་བཞིན་ནོ། །གལ་ཏེ་རང་དུས་ཀྱིས་བར་མཆོད་པའི་ཕྱིར་ཟེར་བ་ནི་གཏན་ཚིགས་མ་གྲུབ་ལ། གཞན་དུས་ཀྱིས་བར་མ་ཆོད་ཟེར་ན་ཁྱབ་པ་མ་གྲུབ་པོ་ཞེ་ན། འོ་ན་ནི་དབུས་ན་གནས་པའི་རྡུལ་ཡུལ་མཐའ་དག་གིས་བར་མ་ཆོད་པའི་ཕྱིར་ཡུལ་གཅིག་ཏུ་འགྱུར་རོ་ཞེས་བྱ་བ་ལ་ཡང་མཚུངས་ཏེ་རང་ཡུལ་གྱིས་བར་མ་ཆོད་པའི་ཕྱིར་ཞེ་ན། གཏན་ཚིགས་མ་གྲུབ་ལ། །གཞན་གྱི་ཡུལ་གྱིས་བར་མ་ཆོད་པའི་ཕྱིར་ཞེ་ན་ཁྱབ་པ་གྲུབ་པོ། །གལ་ཏེ་སྦྱར་བྱ་གཅིག་ལས་མེད་ན་སྦྱོར་བྱེད་ལྷག་མ་རྣམས་ཀྱང་དུས་གཅིག་པར་འགྱུར་ལ། སྦྱོར་བྱེད་ཡུལ་ཐ་དད་ན་སྦྱོར་བྱ་དབུས་ཀྱི་རྡུལ་ཀྱང་ཐ་དད་པར་འགྱུར་རོ། །འོ་ན་སྦྱར་བྱ་དུས་གཅིག་ལས་མེད་ན་སྦྱོར་བྱེད་དུས་ལྷག་མ་རྣམས་དུས་གཅིག་པར་འགྱུར་ལ་སྦྱོར་བྱེད་དུས་ཐ་དད་ན་སྦྱར་བྱ་དབུས་ཀྱི་དུས་ཐ་དད་པར་འགྱུར་རོ། །རྒྱུ་མ་འགགས་པའི་དུས་སུ་འབྲས་བུ་མེད་ལ། འབྲས་བུ་སྐྱེས་པའི་དུས་སུ་རྒྱུ་འགགས་པས། ཕྱོགས་གཅིག་དང་མཐའ་དག་གི་བརྟག་པ་མི་འཇུག་གོ་ཞེ་ན། འོ་ན་དབུས་རྡུལ་གྱི་ཡུལ་ལ་མེད་པ་དང་གཅིག་ཅེ་ན། འོ་ན་རྫས་མཁན་གྱི་ཁྱིམ་གྱི་བུམ་པ་ཕྱོགས་འདིར་མེད་ཅེས་བཀག་པས་ཀྱང་རྫ་མཁན་གྱི་བུམ་པ་དགག་བྱར་ཐལ་ལོ། །གལ་ཏེ་ཕྱོགས་འདི་ན་བུམ་པ་མེད་པ་དང༌། རྫ་མཁན་གྱི་བུམ་པ་ཡོད་པ་མི་འགལ་བས་དེ་དགག་བྱ་མ་ཡིན་ནོ་ཞེ་ན། དེ་བཞིན་དུ་རིག་པའི་ངོ་བོ་ན་སྣང་བ་མེད་པ་དང༌། ཐ་སྙད་པའི་ངོ་བོ་ལ་སྣང་བ་མི་འགལ་ལོ། །ཐ་སྙད་པའི་སྣང་བ་རིག་པའི་ངོ་བོར་མེད་པས་བཀག་པས་ཐ་སྙད་པའི་སྣང་བ་བཀག་པ་མ་ཡིན་ནོ། །འོ་ན་གང་རྣམ་པར་གཅོད་ཅེ་ན། རིག་ངོར་ཐ་སྙད་ཤེས་མི་གནས། །ཡོད་ན་དེ་ནི་དགག་བྱ་ཡིན། །ཡོད་དོ་ཞེ་ན་རིག་ངོ་ན། །གནས་པ་དགག་བྱ་ཡིན་ནོ། །དེ་མེད་པས་དགག་ཏུ་མེད་ཀྱི། མི་མཁས་པའི་རིག་པའི་དོན་གནས་པར་ཞེན་པས་དེའི་ཡུལ་བཟློག་གོ །དེ་རྒྱལ་བ་བྱམས་པས། འདི་ལ་དགག་པ་ཅི་ཡང་མེད། །བསྣན་པར་བྱ་བ་ཅི་ཞིག་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་བས་རྣམ་པར་གྲོལ། །ཞེས་བཤད་དོ། །དེ་ལྟར་རྣམ་གྲོལ་བའམ་དོན་དམ་པར་འགྱུར་ཏེ། རིགས་པས་གྲུབ་པའི་ཕྱིར་རོ་ཞེ་ན།


DTG109_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཏེ། རིགས་པས་གྲུབ་པའི་རྣམ་བཅད་ཙམ་མ་གྲུབ་པའི་ཕྱིར་རོ། །འོ་ན་ཅི་ཞིག་ཙམ། དངོས་པོ་བཀག་པ་དུ་ཟད་ཀྱི། །བཀག་པ་ཅི་ཞིག་ཁས་མི་ལེན་པའི་ཕྱིར་རོ། །བཀག་པ་མ་གྲུབ་ན་དངོས་པོ་རྣམ་པར་གཅད་པ་མི་འཐད་དོ་ཞེ་ན། མ་ཡིན་ཏེ། འགགས་པ་རིག་པའི་དོན་ཡོད་པས་དངོས་པོ་རྣམས་རྣམ་པར་བཅད་པ་ལ་མ་ཁྱབ་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། དངོས་པོ་ལ་གནས་པའི་ཚད་མ་ཐེངས་པ་ཙམ་དུ་ཟད་དོ། །གནོད་པའི་ཚད་མ་ནི་ཁྱབ་བྱེད་མི་དམིགས་པས་ཁྱབ་བྱ་བཀག་པ་ཙམ་དུ་ཟད་ཀྱི་གྲུབ་པ་ལ་མི་ལྟོས་སོ། །རྣམ་པར་གཅད་པ་ལ་གཞི་དངོས་པོར་གྱུར་པ་ལ་མི་ལྟོས་པས་ནི་སྔོན་གྱི་སློབ་དཔོན་གྱིས་གཏན་ལ་ཕབ་ཟིན་ཏོ། །འོ་ན་རིག་པའི་ཤེས་པ་ལ་ཆོས་ཅན་སྣང་ངམ་མི་སྣང་ཞེ་ན་དེས་ཅི་ཞིག་བྱ། སྣང་ན་དོན་དམ་པར་འགྱུར་ལ། མི་སྣང་ན་སྤྲོས་པ་ཆོད་དེ། མིག་གི་རྣམ་ཤེས་ཀྱིས་སྒྲ་ལ་སྤྲོས་པ་མི་ཆོད་པ་བཞིན་ནོ་ཞེ་ན། རིག་པར་འགྲོ་བའི་སྒོ་ནས་སྣང་སྟེ། ཁྱབ་བྱེད་དུ་མི་རྟོགས་པ་ལས་ཁྱབ་བྱར་རྟོགས་པའི་རིག་པ་སྐྱེ་བ་མ་ཡིན་ནོ། །དེ་ལྟ་བུ་སྔོན་དུ་སོང་བ་མེད་པས་མིག་གི་རྣམ་ཤེས་ཀྱིས་སྒྲ་ལ་སྤྲོས་པ་མི་ཆོད་དོ། །དེ་ལྟར་དེ་ལྟ་བུས་སྤྲོས་པ་ཆོད་པར་ཐེ་ཚོམ་མེད་པར་བྱས་ལ་བསྒོམ་པ་ནི་སེམས་གནས་པའི་མན་ངག་བློ་ལ་ཤེས་པར་བྱས་ལ། ཐེ་ཚོམ་མེད་པར་རིག་པས་ངོ་བོ་རྟོགས་པ་དང༌། མི་གཡེང་མི་འབྱིང་བ་ཞི་གནས་ཀྱི་སྟོབས་ཀྱིས་འབྱུང་སྟེ། དེ་ལྟར་རྩོལ་བ་ཀློང་ལ་མཉམ་པར་གཞག་གོ །མཉམ་པར་གཞག་པ་ན་ཡུལ་སྣང་ངམ་མི་སྣང་ཞེ་ན། ཕྱོགས་གཅིག་དང་མཐའ་དག་གི་བརྟག་པ་མི་འཇུག་པར་འགྱུར་རོ། །གལ་ཏེ་ཡུལ་དེ་མེད་ཀྱང་སྤྱིར་མེད་པ་མ་ཡིན་པས་རྡུལ་ལ་ཡང་བ་རྟག་པ་འཇུག་གོ །འོ་ན་དུས་དེར་མེད་ཀྱང་སྤྱིར་མེད་པ་མ་ཡིན་པས་དུས་ལ་ཡང་བརྟག་པ་འཇུག་གོ །གལ་ཏེ་སྐད་ཅིག་མ་ཆ་མེད་པ་ལ་དུས་ཀྱི་ཆའི་བརྟག་པ་མི་འཇུག་གོ་ཞེ་ན། འོ་ན་རྡུལ་ཕྲ་རབ་ཆ་མེད་པ་ལ་ཡུལ་གྱི་ཆའི་བརྟག་པ་ཡང་མི་འཇུག་གོ ། །གལ་ཏེ་ཆ་མེད་ན་གཟུགས་ཅན་ཉམས་པར་འགྱུར་བས་རྡུལ་ལ་བརྟག་པ་འཇུག་གོ་ཞེན། སྐད་ཅིག་མ་ལ་ཡང་དུས་ཀྱི་ཆ་མེད་ན་དུས་ཉམས་པར་འགྱུར་བས་དུས་ཀྱི་མཐའ་སྐད་ཅིག་མ་ལ་ཡང་བརྟག་པ་འཇུག་པ་ཁོ་ནའོ། །དེས་ན་བརྟག་པ་འཇུག་པ་ལ་ཕྱོགས་ཀྱི་ཆོས་གྲུབ་པ་ཡིན་ནོ། །གལ་ཏེ་གྲིབ་མ་དང་ཉི་མ་གཉིས་སུ་འགྱུར་བས་བརྟག་པ་འཇུག་གོ་ཞེ་ན། འབབ་ཆུའི་རྒྱུན་དང༌། སྔོན་མེད་པ་དང༌། ཞི་གནས་མེད་པ་ལ་སོགས་པས་བར་མ་ཆོད་ཀྱང་ཡུལ་དུས་གཅིག་པ་མེད་


DTG109_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཁྱབ་པ་མེད་པས་ཁྱབ་པ་མ་གྲུབ་པོ་ཞེ་ན། མ་ཡིན་ཏེ་དོན་དམ་པར་འདོད་ན་བརྟག་པ་མཚུངས་པའི་ཕྱིར་རོ། །དེའི་ཕྱིར་སློབ་དཔོན་ཀླུ་སྒྲུབ་ཀྱིས། ཇི་ལྟར་སྐད་ཅིག་མཐའ་ཡོད་ལྟར། །ཐོག་མ་དབུས་མཐའ་བརྟག་པར་གྱིས། །སྐད་ཅིག་གསུམ་པའི་མཐའ་ཡོད་ལ། །འཇིག་རྟེན་གསུམ་པ་ལ་མི་གནས། །ཞེས་བཤད་དོ། །རྒྱུ་འབྲས་འདོད་དང་མི་འདོད་ལ། །སྤྲོས་དང་བཅས་པའི་སེམས་ཙམ་དང༌། །སྤྲོས་མེད་སེམས་ཙམ་ཞེས་ཀྱང་ཟེར། །རྣམ་བརྫུན་ལ་ཡང་གཉིས་སུ་འདོད། །དག་པ་དང་ནི་དྲི་མར་བྱས། །རྣམ་བརྫུན་དག་པ་ནི་རྣམ་པ་དཀར་དམར་ལ་སོགས་པ་འདི་སངས་རྒྱས་པའི་གནས་སྐབས་ན་མེད་ལ། མ་དག་པ་ལ་སྣང་ངོ་ཞེས་ཟེར་བའོ། །དྲི་མ་དང་བཅས་པ་ནི་རྣམ་པའི་འཁོར་ལོ་འདི་སངས་རྒྱས་པའི་དུས་ན་ཡང་ཡོད་ལ། འཁྲུལ་པར་ཤེས་པས་ཕྱིན་ཅི་ལོག་དང་ལྡན་པའི་ཉེས་པ་ཡང་མེད་དོ་ཞེས་པ་མཇུག་བསྡུས་པའོ།། །།དེ་ལྟར་བསྟན་ནས་དབུ་མ་རྣམ་པ་གཉིས་ཀྱི་དོན་བསྟན་བར་བྱ་བའི་ཕྱིར་སྒྱུ་མ་ལྟ་བུ་སྣང་བ་ལ། ཡང་དག་བཀག་ནས་བརྫུན་བར་འདོད། །སྣང་བ་ལ་བདེན་པའི་སྤྲོས་པ་ཐམས་ཅད་རྣམ་པར་བཅད་ནས། ཡོངས་གཅོད་ལ་བརྫུན་པ་སྒྱུ་མ་ལྟ་བུ། སྤྲོས་པ་གཅོད་པའི་རྗེས་སུ་དཔོག་པའི་རིགས་པ་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་སྣང་བར་འདོད་ལ་དགག་བྱ་ཡང་མ་ཡིན་ཏེ་དོན་དམ་པར་གྲུབ་པའོ། །དེ་ནི་རིགས་པ་མ་ཡིན་ཏེ། བཀག་དང་མ་བཀག་མཚུངས་ཕྱིར་རོ། །བརྟགས་པའི་སྣང་བ་ལ་བརྟགས་པ་བཀག་པ་དང༌། བརྫུན་པ་རིགས་པས་གྲུབ་པ་དེ་ལ་ཡང་དག་པར་བརྟགས་ན་མཚུངས་ཏེ། དགག་བྱའི་ཡང་དག་ཉིད་ཅི་ཡིན། །རིགས་པས་གྲུབ་ལ་མི་གནོད་པའོ། །འོ་ན་མི་སྣང་བ་ཡང་རིགས་པས་གྲུབ་ལ་མི་གནོད་པས་ཡང་དག་ཏུ་འགྱུར་རོ། །མ་ཡིན་ཏེ་ཡང་དག་པར་རིགས་པས་གྲུབ་པ་ལ་མི་གནོད་པས་ཡང་དག་པ་ཡིན་ལ། སྣང་བའི་བརྫུན་པར་གྲུབ་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། རིགས་པས་གྲུབ་ལ་མི་གནོད་པའི་ཐོག་ཏུ་ཡང་དག་པ་ཞེས་བསྣན་པའི་ཁྱད་པར་ཅི་ཞིག་ཡིན། གལ་ཏེ་བདེན་པར་གྲུབ་པའི་དངོས་པོར་སྐྱོན་མེད་པར་གྲུབ་པའོ། །དཔྱད་ན་ཉེས་པ་རྣམ་པར་སེམས་ན། ཅི་མིང་ཐ་དད་པ་ཙམ་གྱིས་དོན་ཐ་དད་པར་འགྱུར་རམ། ཡང་དག་པ་དང༌། དངོས་པོ་ལ་སོགས་པ་ནི་རྣམ་གྲངས་ཡིན་ཏེ། མཐར་ཐུག་གི་རིགས་པས་གྲུབ་པའི་དོན་ལས་གཞན་ནི་ཅི་ཡང་མེད་དོ། །དེས་སྣང་བས་རིགས་པས་གྲུབ་ན་ཡང་དག་ཏུ་འགྱུར་བའམ། ཡང་དག་མ་ཡིན་པས་གྲུབ་པ་མ་ཡིན་པར་འགྱུར་རོ། །


DTG109_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་རིག་པའི་ངོ་བོ་ལ། བརྫུན་པ་གྲུབ་པར་ཁས་ལེན་ན། ཀུན་རྫོབ་དོན་དམ་མཚུངས་པར་འགྱུར་ཏེ། རིག་པས་དཔྱད་པ་ལ་བརྫུན་པར་གྲུབ་པར་འདོད་ན། འོ་ན་ཡང་དག་ཀྱང་རིགས་པས་གྲུབ་པོ། །ཡང་དག་སྐྱེས་ནས་གྲུབ་པ་མ་སྐྱེས་ཀྱང་གྲུབ་སྟེ་མ་དམིགས་སོ་ཞེ་ན། བརྫུན་པ་ཡང་དེ་དང་འདྲ་སྟེ་མ་གྲུབ་པའོ། །དཔྱད་ན་མ་གྲུབ་པས་ན་བརྫུན་ནོ་ཞེ་ན། དཔྱད་ན་མ་གྲུབ་པས་ན་ཡང་དག་ཅེས་བྱ་བར་འགྱུར་རོ། །མ་གྲུབ་པས་ཡང་དག་ཉམས་སོ་ཞེ་ན། དཔྱད་ན་མ་གྲུབ་པས་བརྫུན་པ་རིག་ངོ་ན་གནས་པ་ཡང་ཉམས་པར་འགྱུར་རོ། །བརྫུན་བ་ལ་བརྟག་པ་མི་འཇུག་གོ་ཞེ་ན། ཡང་དག་ལ་ཡང་མཚུངས་པ་ཉིད་དེ། གཉིས་པ་རིག་པའི་དོན་ཁས་བླངས་པའི་ཕྱིར་རོ། །དེ་བཞིན་དུ་འགལ་བ་འདུ་བ་དོན་དམ་པར་འདོད་པ་དང༌། སྤྲོས་པ་དང་བྲལ་བ་དོན་དམ་པར་གྲུབ་པར་འདོད་པ་མི་རིགས་ཏེ་བརྟགས་པ་མཚུངས་པའི་ཕྱིར་དང༌། འགལ་བ་དང་འདུ་བ་གཉིས་འགལ་བའི་ཕྱིར་རོ། །འགལ་བ་འདུ་བ་ལ་འགག་པ་ཡང་མི་འཐད་དེ། འགལ་དུ་འགེགས་ན་ཐབས་བཀག་པ་ཡིན་པའི་ཕྱིར་རོ། །ཐབས་བཀག་ན་འབྲས་བུ་མེད་དོ། །སྤྲོས་པ་དང་བྲལ་ཞེས་བྱ་བ་ཡང་སྤྲོས་པ་ལ་གནོད་པ་ཙམ་རྟོགས་པས་གྲུབ་པར་འདོད་ན་བརྟག་པ་མཚུངས་པའི་ཕྱིར་རོ། །གནས་སྐབས་སུ་བྱ་བ་དག་གོ །སྣང་བ་སེལ་བ་གཉིས་བསྟན་ཏེ། །ཆོས་ཅན་དགག་བྱ་ལྡོག་བྱས་ཀྱི། །ཐ་དད་མེད་པར་གྲུབ་པ་དང༌། །ཐ་དད་ཡོད་ཀྱང་རིག་ངོ་ལ། །དགག་བྱ་ཉིད་དུ་གྲུབ་པའོ། །ཆོས་ཅན་དགག་བྱར་འདོད་པ་ཚུལ་གསུམ་ནི། དགག་པར་བྱ་བའི་ཆོས་ཅན་ལ་ཁྱབ་བྱེད་བཀག་པ་ཉིད་དུ་ངེས་པ་ནི་ཕྱོགས་ཆོས་སོ། །ཁྱབ་བྱེད་བཀག་པ་ནི་ཁྱབ་བྱ་བཀག་པ་ཁོ་ན་ལ་ངེས་པ་ནི་རྗེས་འགྲོའོ། །མི་མཐུན་ཕྱོགས་དངོས་པོ་ལ་མེད་པས་ལྡོག་པ་ཤིན་ཏུ་ངེས་སོ། །རྗེས་འགྲོའི་ཁྱབ་པ་ཚང་མའི་སྟོབས་ཀྱིས་ཇི་ལྟར་ངེས་པར་ནུས་ཏེ། མཐུན་དཔེ་གཟུགས་བརྙན་ལ་སོགས་པ་ནི་མ་ཡིན་པར་དགག་པའི་དཔེའི་ཕྱིར་དང༌། ནམ་མཁའི་པདྨ་ལ་སོགས་པ་མེད་པར་དགག་པའི་དཔེ་ལ་འབྲེལ་པ་མེད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། ཆོས་ལ་རྣམ་དཔྱད་ཙམ་གྱིས་ནི། །ལྡོག་ཁྱབ་ཡོངས་གཅོད་མངོན་སུམ་གྱིས། །རྟོགས་པས་རྣམ་པར་བཅད་ཙམ་གྱིས། །རྗེས་འགྲོ་ཤུགས་ལ་རྟོགས་པའོ། །འདི་ལྟར་སྐྱེས་བུ་རྣམས་ཀྱིས་དངོས་པོར་ཐ་སྙད་དུ་བྱ་བ་ལ་གཅིག་དང་དུ་མར་རྟོགས་ཏེ། བུམ་པ་ལ་


DTG109_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པར་གཅིག་གི་དངོས་པོས་ཡོངས་སུ་གཅོད་པ་ལ། དུ་མར་རྣམ་པར་གཅོད་པའི་ཕྱིར་དང༌། །བུམ་པའི་དངོས་པོ་དུ་མ་ཡོངས་སུ་གཅོད་པ་ལ་ཡང་གཅིག་རྣམ་པར་གཅོད་པའི་ཕྱིར་རོ། །དེ་ལྟར་དངོས་པོ་གཅིག་དང་དུ་མཁོ་ནར་ཡོད་པར་ཡོངས་གཅོད་ངེས་པས་ན། རྣམ་བཅད་ལ་གཅིག་དང་དུ་མ་རྣམ་པར་བཅད་པ་ཁོ་ན་ལ་ངེས་སོ། །ཕྱོགས་ཆོས་ངེས་པ་ལ་ནི་སྐྱེ་བོ་རྣམས་ཀྱིས་སྤྱིར་གཅིག་ནི་རྒྱུ་ཡིན་ལ་དུ་མ་འབྲས་བུར་ངེས་སོ། །བུམ་པ་གཅིག་མེད་ན་དེ་བསགས་པའི་ཕྱིར། །དེ་བཞིན་དུ་སྤྱིར་དུ་མ་ནི་རྒྱུ་ཡིན་ལ་གཅིག་ནི་འབྲས་བུར་ངེས་ཏེ། རས་དང་སྣུམ་ལ་སོགས་པ་དུ་མ་མེད་ན་མར་གཅིག་མེད་པའི་ཕྱིར་རོ། །དེ་ལྟར་རྒྱུ་འབྲས་ངེས་པ་ལ་བུམ་པ་གཅིག་དམིགས་པས་ཟླ་དང་བཅས་པའི་དུ་མ་དང་བྲལ་བར་མངོན་སུམ་གྱིས་གྲུབ་པོ། །གཅིག་དང་བྲལ་བ་ནི་རྗེས་སུ་དཔག་པས་གྲུབ་སྟེ། དུ་མ་གྲུབ་པའི་ཕྱིར་གཅིག་མ་གྲུབ་པོ་ཞེས་རྣམ་བཅད་རྟགས་སུ་སྦྱོར་རོ། །དུ་མ་མ་གྲུབ་ཀྱང་གཅིག་གྲུབ་པ་ཅི་སྟེ་ཞེ་ན། སྔར་མངོན་སུམ་གྱི་དུ་མ་རྒྱུ་ཡིན་ལ་གཅིག་འབྲས་བུར་གྲུབ་པས་གསོལ་ལོ། །དུ་མ་རྒྱུ་དང་གཅིག་འབྲས་བུ་ཡང་དེ་བཞིན་དུ་མངོན་སུམ་དང་རྗེས་སུ་དཔག་པས་ངེས་སོ། །ཆ་མེད་པའི་གཅིག་དང་དུ་མ་དང་བྲལ་བ་ནི་མངོན་སུམ་གྱིས་ངེས་ཏེ། ཆ་མེད་ལས་བཟློག་པའི་རྣམ་པ་ཆ་དང་བཅས་པའི་རྣམ་པར་སྣང་བའི་ཕྱིར་རོ། །འོ་ན་རྣམ་པར་བཅད་པ་ཙམ་གྱི་ཕྱོགས་ཆོས་ཆོས་ཅན་ལ་ངེས་ན་རྣམ་པར་བཅད་པ་ཙམ་གྱིས་ལྡོག་པའི་ཁྱབ་བྱེད་ཇི་ལྟར་ངེས་ཤེ་ན། ཚད་མ་ཐ་སྙད་ཤེས་པ་ཡི། །ངོ་ལ་ལྟོས་པས་མི་འགལ་ལོ། །ཆོས་ཅན་གཅིག་ཡིན་ཡང་རིགས་པས་གཅིག་དང་དུ་མའི་སྤྲོས་པ་ཆོད་ལ། ཐ་སྙད་ཀྱི་ཤེས་པའི་ངོ་བོ་ལ་གཅིག་དང་དུ་མར་སྣང་ངོ༌། །ཡང་ན་ཆོས་ཅན་ཐ་དད་ལ་བརྟེན་པས་མི་འགལ་ཏེ། ཀུན་རྫོབ་ཀྱི་བདེན་པའི་ཆོས་ཅན་ལ་བརྟེན་ནས། དངོས་པོ་ལ་གཅིག་དང་དུ་མ་ཁྱབ་བྱ་ཁྱབ་བྱེད་དུ་འཇོག་ལ། དོན་དམ་པའི་ཆོས་ཅན་ལ་བརྟེན་ནས་གཅིག་དང་དུ་མ་ལོག་པས་དངོས་པོ་ལྡོག་པར་བྱེད་དོ། །ནགས་ཚལ་ལ་ཤ་པ་དང་ཤིང་ཁྱབ་བྱ་ཁྱབ་བྱེད་དུ་གྲུབ་ནས། བྲག་རྫོང་ལ་ཁྱབ་བྱེད་ལོག་པ་བཞིན་ནོ། །གཅིག་དང་དུ་མའི་རྣམ་པར་རྟོག་པས་ཀུན་རྫོབ་ཀྱི་དངོས་པོ་ལ་ཡང་བཀག་པ་མཚུངས་པས་གྲུབ་པོ་ཞེ་ན། དོན་དམ་གཏན་ལ་འབེབས་པའི་དུས་སམ་འོན་ཏེ་ཀུན་རྫོབ་ཀྱི་དུས་ཤེས་པས་དྲིས་སོ། །འོ་ན་བུམ་པའི་གཅིག་དང་དུ་མའི་


DTG109_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་པས་ཀུན་རྫོབ་གཏན་ལ་འབེབས་སམ། དོན་དམ་གཏན་ལ་འབེབས་པའི་སྐབས་སུ་ཡིན་ཞེ་ན། ཡུ་བུ་ཅག་དོན་དམ་པ་ལ་རྩོད་པའི་སྒྲ་ཡིན་པས། དོན་དམ་པ་གཏན་ལ་འབེབས་པའི་སྐབས་སུ་ཡིན་ནོ། །གལ་ཏེ་ཀུན་རྫོབ་པའི་དངོས་པོ་ཡང་དོན་དམ་གཏན་ལ་འབེབས་པའི་སྐབས་སུ་འགེགས་པ་ཡིན་ནོ་ཞེ་ན། དབུ་མ་པའི་འདོང་རྟོག་ཡིན་ནོ། །འོ་ན་དངོས་པོར་སྣང་བ་ཅི་ཞིག་ཡིན་ཞེ་ན། དེ་ནི་འཁྲུལ་པའི་སྣང་བའོ། །གལ་ཏེ་འཁྲུལ་བ་ལ་སྣང་བའི་སྐྱེ་བ་ཡོད་པར་འགྱུར་རོ་ཞེ་ན། འདོང་རྟོག་ཡིན་ནོ། །འོ་ན་ཀུན་རྫོབ་བཀག་པ་འགལ་ལོ་ཞེ་ན། ཚད་མའི་ངོ་བོར་བཀག་པ་ཡིན་ནོ། །ཀུན་རྫོབ་གཏན་ལ་འབེབས་པའི་སྐབས་སུ་འགེགས་སོ་ཞེ་ན། མ་ཡིན་ཏེ། ཁྱབ་པ་མ་གྲུབ་པའི་ཕྱིར་དང༌། འཁྲུལ་བའི་དོན་སྣང་བ་ལ། །ཚད་མའི་ཁྱབ་པ་མེད་ཕྱིར་དང༌། །དེ་ལྟར་མིན་ན་བདེན་མཐོང་འགྱུར། །དེ་ལྟར་སྣང་བ་ཆོས་ཉིད་དགག་བྱར་འདོད་དོ། །དེ་ནི་རིགས་པ་མ་ཡིན་ཏེ། །ཆོས་ཅན་ལ་རྟགས་གྲུབ་ན་དེ་ཉིད་དགག་བྱ་ཡིན་པས་མི་མཐུན་ཕྱོགས་ལ་ཞུགས་པའི་ཕྱིར་ཁྱབ་པ་མེད་དོ། །མི་མཐུན་པའི་ཕྱོགས་ཆོས་མ་གྲུབ་པར་འགྱུར་ཞེ་ན། མ་ཡིན་ཏེ། འཁྲུལ་པའི་བསམ་ངོ་ལ་ཡོད། ཤ་པ་མེད་པས་མི་མཐུན་ཕྱོགས་ལ་ཞུགས་པ་ཡང་མེད་དོ། །འོ་ན་དེ་བཞིན་དུ་སྣང་བ་འཁྲུལ་ངོ་ལ་ཡོད་ཀྱང་དངོས་པོ་ལ་མེད་པས་མི་མཐུན་ཕྱོགས་ལ་ཞུགས་པ་མེད་དོ་ཞེ་ན། འོ་ན་བྲག་རྫོང་འཁྲུལ་པའི་བསམ་པ་ལ་ཤ་པ་ཡོད་པར་སྣང་བ་ཡང་དངོས་པོའི་ཤ་པ་མེད་པས་མི་མཐུན་ཕྱོགས་ལམ་ཞུགས་པ་བཞིན་དུ། སྣང་བ་འཁྲུལ་པ་དངོས་པོར་སྣང་ཡང་དངོས་པོ་མེད་པས་མི་མཐུན་ཕྱོགས་མ་ཡིན་པས་སྣང་བ་དགག་བྱ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན། དེ་དོན་གཉིས་ཀར་མི་མཐུན་ཕྱོགས་ཡིན་ན་དེ་ལ་ཞུགས་པས་ཁྱབ་པ་མ་གྲུབ་པས་སྔ་སོ་ཉིད་ན་འདུག་པ་ཡིན་ནོ། །དེ་ལྟར་མ་ཡིན་ན་གཞན་ཡང་ཁྱབ་པ་མ་གྲུབ་པར་མི་འགྱུར་རོ། །དེ་ལས་གཞན་པ་བསྟན་པའི་ཕྱིར་ཆོས་ཅན་དགག་བྱ་ལྡོག་བྱས་ཀྱི། ཐ་དད་ལ་བརྟེན་འཇོག་པ་ནི། །ཚད་མ་གཞན་དུ་བཤད་ཟིན་ཏོ། །དེས་ན་ཆོས་ཅན་དང་དགག་བྱ་ལྡོག་བྱས་ཐ་དད་མེད་པ་ཡང་མ་ཡིན་ནོ། །ལྡོག་བྱས་ཐ་དད་པ་ནི་སྣང་བ་རིག་ངོར་བཀག་པས་སྣང་བ་དགག་བྱར་འདོད་པ་ཉིད་ཡིན་ནོ་ཞེ་ན། རིག་དོན་མེད་པ་དང་སྣང་བའི་རང་བཞིན་གྱིས་འགལ་བས་དགག་བྱ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །འགལ་ལ་རྣམ་པར་བཅད་པ་ཙམ་གྱིས་རྟགས་མཐུན་ཐུག་དགོས་པས་


DTG109_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཁྱབ་བྱ་ཁྱབ་བྱེད་འགེགས་པར་འགྱུར་རོ། །མི་མཐུན་ཕྱོགས་ཀྱི་བདག་ཆོས་ཅན་ལ་གཏན་ཚིགས་གྲུབ་པས་ཁྱབ་པ་ཡང་མ་གྲུབ་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། ནམ་མཁའ་ལ་སོགས་པ་འགེགས་པའི་དུས་སུ་ཆོས་ཅན་ལ་གཏན་ཚིགས་གྲུབ་ཀྱང༌། ཁྱབ་པ་བ་མ་གྲུབ་པར་མི་འགྱུར་བ་བཞིན་ནོ་ཞེ་ན། དེའི་སྐབས་སུ་ཡང་ཆོས་ཅན་ནི་དགག་བྱ་མ་ཡིན་ལ། དགག་བྱ་ནི་ཆོས་ཅན་དུ་མི་འཇོག་སྟེ། ཡིན་ན་སྐྱོན་མཚུངས་པའི་ཕྱིར་རོ། །འདིའི་འདོད་པ་རྟོག་པའི་ཤེས་པ་ལ་ཆོས་ཅན་སྣང་ལ། ཚད་མས་འགྲོ་བའི་ཆ་ནས་མི་སྣང་བར་འདོད་དོ། །དེ་ནི་མི་རིགས་ཏེ་ཚད་མ་དང་རིག་པ་དང་ལྡོག་པའི་ཐ་དད་མེད་དེ་མིང་གི་རྣམ་གྲངས་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ལྡོག་སྟེ་རིག་པ་ལ་མི་སྣང་ལ་ཚད་མ་ལ་སྣང་བར་ཅིའི་ཕྱིར་མི་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །བར་དུ་བྱས་པའི་དོན་ཏོ།། །།དེ་ལྟར་སྣང་བ་སེལ་བ་བསྟན་པའི་རྗེས་ལ། རབ་ཏུ་མི་གནས་པ་སྣང་བ་མི་སེལ་བ་བསྟན་ཏེ། སྣང་བ་ཀུན་རྫོབ་བདེན་པ་དང༌། རིག་པ་དོན་དམ་བདེན་པའོ། །སྣང་བ་ཇི་ལྟ་བ་ཡུལ་ཅན་ཀུན་རྫོབ་ཀྱི་བདེན་པ་ཡིན་ཏེ། སྣང་བ་ལ་རིགས་པས་མི་རུང་བའི་ཕྱིར་རོ། །དེ་ཡང་རྣམ་པ་གཉིས་ཏེ། ཡང་དག་དང་ནི་ལྡོག་པའོ། །སྣང་ལ་དོན་བྱེད་ནུས་པ་ནི་ཡང་དག་པའི་ཀུན་རྫོབ་ཀྱི་མཚན་ཉིད་དོ། །སྣང་ལ་དོན་བྱེད་མི་ནུས་པ་ནི་ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད་དོ། །དེ་ལ་གཉིས་སུ་ཡོད་བསྟན་པ། །རྟོག་མེད་འཁྲུལ་དང་ཀུན་བརྟགས་ནི། །རྟོག་མེད་ལྷུན་གྱིས་འཁྲུལ་པ་ནི་དབང་པོ་ལ་སྐྱོན་ཆགས་པ་ལ་སོགས་པའོ། །རྟོག་བཅས་ནི་ཡིད་ཀྱིས་དེ་བརྟགས་པའི་བདག་ལྟ་བུའོ། །དེ་ལས་གཞན་པའི་དོན་དམ་པའི་དབྱེ་བ་བསྟན་པར་བྱ་བའི་ཕྱིར། རྣམ་གྲངས་ཀྱིས་དང་རྣམ་གྲངས་མིན། །དོན་དམ་པ་གཉིས་སུ་ངེས་པའོ། །སྤྲོས་པ་ཕྱོགས་གཅིག་འཆད་པ་དང༌། རིགས་པས་དོན་དམ་པ་དང་མཐུན་པའི་ཕྱིར་དོན་དམ་པ་ཡིན་ཏེ། ཆ་མཐུན་པ་དང་མི་སླུ་བའི་ཕྱིར་རོ། །རྣམ་གྲངས་མ་ཡིན་པའི་དོན་དམ་པའི་བདེན་པ་ནི། རིགས་པས་གཅད་ན་རྣམ་པར་བཅད་པ་ཙམ་ལ་ཐ་སྙད་གདགས་ཏེ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ཡིན་ནོ། །རིག་པའི་དོན་ཡོངས་སུ་དཔྱད་པ་མི་གནས་ཏེ། ཡང་དག་པར་གྱུར་པ་ཡིན་པའི་ཕྱིར་རོ། །རྣམ་པར་དཔྱད་པ་ཙམ་གྱི་དགག་བྱ་གང་ཡིན་ཞེ་ན། གང་ཡང་འགོག་དང་སྒྲུབ་པ་མེད། །ཁས་བླངས་བ་ཡང་མ་གྲུབ་པས་ཆོས་ཉིད་ངོ་ཤེས་པར་བྱེད་པའོ། །ཐ་སྙད་པའི་དོན་ཡོད་པའི་སྣང་བ་མི་དགག་སྟེ། ཐ་སྙད་པའི་ངོ་བོར་དགག་པར་མི་ནུས་པའི་ཕྱིར་རོ། །


DTG109_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་སྙད་པའི་སྣང་བ་མ་བཀག་ཀྱང་རིགས་པས་དགག་པ་ལ་མི་འགལ་བའི་ཕྱིར་རོ། །རིག་པའི་དོན་ཡོད་པ་བཀག་པས་ཐ་སྙད་པའི་སྣང་བ་བཀག་པར་མི་འགྱུར་ཏེ། ཐ་སྙད་པའི་སྣང་བ་ལ་རིག་པའི་ངོ་བོས་མ་ཁྱབ་པའི་ཕྱིར་རོ། །ཐ་སྙད་པའི་སྣང་བ་རིག་ངོར་བཀག་པ་ལ་སྣང་བ་ཐ་དད་དུ་འགོག་གོ་ཞེ་ན། དེས་ཅིར་འགྱུར་ཞེ་ན། སྣང་བ་རང་རིག་བསྒོམ་པར་འགྱུར་ལ། མི་སྣང་ན་ཤེས་པ་མེད་པར་འགྱུར་རོ་ཞེ་ན། ཤེས་པའི་དངོས་གཅིག་རང་སྣང་ལ། །བསྒོམ་པའི་མཚན་ཉིད་རང་དུ་འང་མིན། །བསྒོམ་པ་ལ་རང་དུ་སྣང་བ་ཡང་མེད་དེ། སྤྲོས་པ་བཅད་པ་ཙམ་ཁོ་ན་བསྒོམ་པའི་ཤེས་པ་ཡིན་པའི་ཕྱིར་རོ། །དེའི་གནས་སྐབས་ལ་ཡང་ལམ་ལྔ་ཡིན་ཏེ། འབྲས་བུ་མི་རྟོག་པ་ནི་སྣང་བ་མེད་པའི་ཡེ་ཤེས་ཡིན་ལ། རྗེས་ལ་ཐོབ་པ་ནི་སྣང་བ་དང་བཅས་པ་ཡིན་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནམ་མཁའི་དཀྱིལ་ལྟར་རྟོགས་ལ། རྗེས་ཐོབ་ཀྱིས་སྒྱུ་མ་ལྟར་རྟོགས་ཏེ། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས་རྣམ་པར་མི་རྟོག་པས་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟར་རྟོགས་ལ། རྗེས་ལ་ཐོབ་པས་སྒྱུ་མའི་དཔེ་བརྒྱད་འདྲ་བར་རྟོགས་སོ་ཞེས་བཤད་དོ། །མི་རྟོགས་པའི་ཡེ་ཤེས་ལ་རང་རིག་པ་ཡོད་ན་དོན་དམ་པར་འགྱུར་ཏེ། རིག་པ་གཞན་གྱིས་མི་གནོད་པའི་ཕྱིར་རོ། །མེད་ན་ཤེས་པ་རྒྱུན་ཆད་པས་སྤྲོས་ཕ་མི་ཆོད་དོ་ཞེ་ན། མ་ཡིན་ཏེ། ཐ་སྙད་ངོ་ལ་ཡོད་པ་དང༌། །ཡེ་ཤེས་ངོ་ལ་མི་གནས་ཕྱིར། །རང་རིག་ཐ་སྙད་པའི་ངོ་ལ་ཤེས་པ་རྒྱུན་མ་ཆད་པས་སྤྲོས་པ་མི་ཆོད་པའི་ཉེས་པ་ཡང་མེད་ལ། དོན་དམ་པར་ཡང་མི་འགྱུར་ཏེ། མི་རྟོག་པའི་ཡེ་ཤེས་ཀྱི་དོན་རང་རིག་ཏུ་ཡང་མི་གནས་པའི་ཕྱིར་རོ། །ཀུན་རྫོབ་ཏུ་རང་རིག་པ་ཡོད་པའི་ཤེས་པའི་དངོས་པོ་གཅིག་ཉིད་མི་རྟོག་པའི་ཡེ་ཤེས་ཀྱི་མཚན་ཉིད་ནས། རང་དང་གཞན་དུ་མི་རྟོགས་པས་ཐ་སྙད་དུ་སྤྲོས་པ་གཅོད་དོ་ཞེས་བྱའོ། །བསྡུ་བའི་ཚིགས་སུ་བཅད་པའོ།། །།མུ་སྟེགས་ལ་སོགས་གྲུབ་མཐའ་ངན་པ་སུན་ཕྱུང་ནས། །ཡང་དག་དོན་རྟོགས་ལྟ་བའི་བྱེ་བྲག་འདི་བྱས་པས། །རྗེས་འཇུག་རྣམས་ཀྱིས་ཆོས་ཉི་དོན་ལ་འཇུག་འགྱུར་བའི། །དེ་གབ་ཀུན་འབྱུང་འགྲོ་བ་ཀུན་ལ་སྙོམས་པར་ཤོག །ཐེག་པ་ཐམས་ཅད་དུ་སྣང་བར་བྱེད་པའི་བྱེ་བྲག་ཏུ་བཤད་པ་ཞེས་བྱ་བ། བྲམ་ཟེའི་བཙུན་པ་རབ་འབྱོར་དབྱངས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་རབ་འབྱོར་དབྱངས་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཏིང་ངེ་འཛིན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།


previousཐེག་པ་ཐམས་ཅད་སྣང་བར་བྱེད་པའི་བྱེ་བྲག་ཏུ་བཤད་པ་ཞེས་བྱ་བ། རབ་འབྱོར་དབྱངས།no next