cover

སྡེ་དགེའི་བསྟན་འགྱུར་པོད་བརྒྱ་བཅུ་གཅིག་པ།

དབུ་མ། ཁི༽

ཞི་བ་ལྷ། གསེར་གླིང་པ་ཆོས་སྐྱོང་། བཻ་རོ་ཙ་ན་རཀྵི་ཏ། ཨཱཪྻ་ཤཱུ་ར། དགྲ་ལས་རྒྱལ་གསང་བ། མར་མེ་མཛད་ཡེ་ཤེས།

Nitartha Publication

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པ།
ཞི་བ་ལྷ།


DTG111_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤིཀྵ་ས་མུཙྪ་ཡ་ཀཱ་རི་ཀཱ། བོད་སྐད་དུ། བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེ་འུར་བྱས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་ལྟར་བདག་དང་གཞན་དག་ཀྱང༌། །འཇིགས་དང་སྡུག་བསྔལ་མི་འདོད་ན། །བདག་དང་བྱེ་བྲག་ཅི་ཡོད་ན། །གང་དེ་བསྲུང་ལ་གཞན་མི་བསྲུང༌། །སྡུག་བསྔལ་མཐར་འབྱིན་འདོད་པ་དང༌། །བདེ་བའི་མཐར་ཡང་འགྲོ་འདོད་པས། །དད་པའི་རྩ་བ་བརྟན་བྱ་སྟེ། །བྱང་ཆུབ་ལ་ཡང་བློ་བརྟན་བྱ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི། །རྒྱས་པར་ཐེག་པ་ཆེ་ལས་འབྱུང༌། །གང་གིས་ལྟུང་བར་མི་འགྱུར་བའི། །གནད་ཀྱི་གནས་རྣམས་འདིར་རིག་བྱ། །བདག་གི་ལུས་དང་ལོངས་སྤྱོད་དང༌། །དགེ་བ་དུས་གསུམ་སྐྱེས་པ་རྣམས། །སེམས་ཅན་ཀུན་ལ་བཏང་བ་དང༌། །དེ་བསྲུང་དག་པ་སྤེལ་བའོ། །སེམས་ཅན་རྣམས་ཀྱིས་ལོངས་སྤྱད་ཕྱིར། །ལུས་ལ་སོགས་པས་བསྲུང་བར་བྱ། །མ་བསྲུངས་ལོངས་སྤྱོད་གང་ལས་འོང༌། །གང་མི་སྤྱོད་པ་ཅི་ཞིག་སྦྱིན། །དེ་བས་སེམས་


DTG111_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལོངས་སྤྱོད་ཕྱིར། །དགེ་བའི་བཤེས་གཉེན་མི་གཏོང་ཞིང༌། །མདོ་སྡེ་དག་ལ་རྟག་བལྟ་བས། །ལུས་ལ་སོགས་པ་བསྲུང་བར་བྱ། །དེ་ལ་ལུས་བསྲུང་གང་ཞེ་ན། །གནོད་པར་འགྱུར་བ་སྤང་བ་སྟེ།། དེ་ཀུན་གང་གིས་འཐོབ་ཅེ་ན། །འབྲས་བུ་མེད་པའི་བྱེད་སྤངས་པས། །དེ་ཡང་རྟག་ཏུ་དྲན་པས་འགྲུབ། །དྲན་པ་ཤིན་ཏུ་གུས་ལས་འབྱུང༌། །གུས་ནི་ཞི་བའི་ཆེ་བ་ཉིད། །ཤེས་པར་གྱུར་ནས་བརྟུན་པས་སྐྱེད། །མཉམ་གཞག་ཡང་དག་ཇི་བཞིན་དུ། །ཤེས་པར་འགྱུར་ཞེས་ཐུབ་པས་གསུངས། །ཕྱི་རོལ་གཡོ་བ་བཟློག་པ་ཡིས། །སེམས་ནི་ཞི་ལས་མི་གཡོ་ཞིང༌། །ཀུན་དུ་མི་རྒོད་འཇམ་པ་དང༌། །རན་ཅིང་མཉེན་པར་སྨྲ་བ་ཡིས། །སྐལ་ཅན་སྐྱེ་བོ་འདུན་པར་འགྱུར། །གཟུང་བར་འོས་པའང་སྐྱེ་བར་འགྱུར། །འདི་ནི་གཟུང་འོས་མ་ཡིན་ན། །འཇིག་རྟེན་རྒྱལ་བའི་མྱུ་གུ་བརྙས། །ཐལ་བས་གཡོགས་པའི་མེ་བཞིན་དུ། །སེམས་ཅན་དམྱལ་ལ་སོགས་པར་སྲེག །དེ་ཕྱིར་རྒྱལ་བས་སྡོམ་པའི་མདོར། །གང་གིས་སེམས་ཅན་མ་དད་འགྱུར། །དེ་ནི་བསྒྲིམས་ཏེ་རྣམ་སྤང་ཞེས། །དཀོན་མཆོག་སྤྲིན་ལས་བཀའ་སྩལ་ཏོ། །འདི་ནི་བདག་ལུས་བསྲུང་བ་སྟེ། །སྨན་དང་གོས་ལ་སོགས་བཅས་པས། །བདག་


DTG111_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྲེད་པས་ལོངས་སྤྱད་ན། །ཉོན་མོངས་བཅས་པའི་ལྟུང་བར་འགྱུར། །ལེགས་སྤྱད་དག་ལ་བརྩམ་པར་བྱ། །ཐམས་ཅད་ལ་ཡང་ཚོད་རིག་བྱ། །དེ་ལྟས་བསླབ་པའི་གཞི་འདི་ལས། །དེ་ཡི་ལོངས་སྤྱོད་བསྲུང་མི་དཀའ། །རང་དོན་རྣམ་སྨིན་སྲེད་སྤངས་པས། །དགེ་བ་ཀུན་དུ་བསྲུང་བར་འགྱུར། །འགྱོད་པར་ཡང་ནི་མི་བྱ་སྟེ། །བྱས་པར་གྱུར་ཀྱང་བསྒྲག་མི་བྱ། །རྙེད་དང་བཀུར་སྟིས་འཇིགས་བྱ་ཞིང༌། །ཁེངས་པ་རྟག་ཏུ་སྤང་བར་བྱ། །བྱང་ཆུབ་སེམས་དཔའ་དད་བྱ་ཞིང༌། །ཆོས་ལ་ཡིད་གཉིས་སྤང་བར་བྱ། །ལུས་ནི་རྣམ་པར་སྦྱང་བྱས་ན། །ཕན་པའི་ལོངས་སྤྱོད་འགྱུར་བ་སྟེ། །འབྲས་ཆན་ལེགས་པར་ཚོས་པ་དང༌། །གཟེགས་མེད་ལུས་ཅན་ཕན་པ་འདྲ། །ཇི་ལྟར་ལོ་ཏོག་བཙས་ཁེབས་ན། །ནད་ཀྱིས་ཞུམ་ཞིང་རྒྱས་མི་འགྱུར། །དེ་ལྟར་སངས་རྒྱས་མྱུ་གུ་ཡང༌། །ཉོན་མོངས་ཁེབས་ན་རྒྱས་མི་འགྱུར། །ལུས་ཀྱི་དག་པ་གང་ཞེ་ན། །སྡིག་དང་ཉོན་མོངས་རྣམ་སྦྱོང་ཡིན། །རྫོགས་སངས་རྒྱས་ཀྱིས་གསུངས་ཚུལ་དུ། །འབད་པ་མེད་ན་ངན་འགྲོར་འགྲོ། །བཟོད་བྱ་ཐོས་པ་བཙལ་བར་བྱ། །དེ་ནས་ནགས་སུ་གནས་པར་བྱ། །མཉམ་པར་གཞག་ལ་བརྩོན་བྱ་ཞིང༌། །མི་སྡུག་ལ་སོགས་བསྒོམ་པར་བྱ། །ཡང་དག་འཚོ་བ་སྦྱངས་པ་ཡིས། །ལོངས་སྤྱོད་དག་པར་ཤེས་པར་བྱ། །སྟོང་པ་སྙིང་རྗེའི་སྙིང་པོ་ཅན། །བསྐྱེད་པས་བསོད་ནམས་དག་པར་འགྱུར། །གཟུང་བར་བྱ་བ་རབ་མང་ལ། །འདི་ནི་ཉུང་ན་འདིས་ཅི་བྱ། །ཤིན་ཏུ་ངོམས་པ་སྐྱེད་མ་ཡིན།། དེ་ཕྱིར་འདི་ནི་འཕེལ་བར་བྱ། །དེ་ལ་ལུས་འཕེལ་གང་ཞེ་ན། །ལེ་ལོ་མེད་དང་སྟོབས་སྐྱེད་ཡིན། །སྟོང་དང་སྙིང་རྗེའི་སྙིང་པོ་ཅན། །སྦྱིན་པས་ལོངས་སྤྱོད་འཕེལ་བར་འགྱུར། །བརྩོན་དང་བསམ་པ་བརྟན་པར་ཡང༌། །དང་པོ་ནན་ཏན་བྱས་ནས་ནི། །སྙིང་རྗེ་མདུན་དུ་བཞག་ནས་ནི། །དགེ་བ་སྤེལ་ལ་ནན་ཏན་བྱ། །བཟང་པོ་སྤྱོད་པའི་ཆོ་ག་བཞིན། །ཕྱག་འཚལ་ལ་སོགས་གུས་པར་བྱ། །དད་པ་ལ་སོགས་རྟག་ཏུ་བསྒོམ། །བྱམས་དང་སངས་རྒྱས་སོགས་དྲན་བྱ། །དུས་རྣམས་ཀུན་དུ་སེམས་ཅན་དོན། །ཆོས་ཀྱི་སྦྱིན་པ་ཟང་ཟིང་


DTG111_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །བྱང་ཆུབ་སེམས་ནི་མདོར་བསྡུ་ན། །བསོད་ནམས་འཕེལ་བའི་རྒྱུ་ཡིན་ནོ། །འགྲུབ་པ་ཡང་དག་སྤོང་རྣམས་ཏེ། །བག་ཡོད་པ་དང་མ་བྲལ་ཞིང༌། །དྲན་པ་དང་ནི་ཤེས་བཞིན་དང༌། །ཚུལ་བཞིན་དུ་ནི་སེམས་པའོ། །བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པ། མཁན་པོ་ཞི་བ་ལྷས་མཛད་པ་རྫོགས་སོ།། །།

བསླབ་པ་ཀུན་ལས་བཏུས་པ།
ཞི་བ་ལྷ།


DTG111_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤིཀྵ་ས་མུཙྪ་ཡཿ་བོད་སྐད་དུ། བསླབ་པ་ཀུན་ལས་བཏུས་པ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་མ་ཐོས་པས་དམྱལ་བ་ལ་སོགས་གཡང་སར་ནི། །བསྲེག་ལ་སོགས་པའི་སྡུག་བསྔལ་མི་བཟད་མཐའ་ཡས་དག་སེམས་མ་ཞི་བ་ཁྱེད་ཀྱིས་ཡང་ཡང་མྱོང་གྱུར་པ། །དེ་ནི་མཉན་ཕྱིར་གུས་པ་ཤིན་ཏུ་རྒྱ་ཆེར་བསྟེན། །གང་ཐོས་ནས་ཀྱང་གཡེང་བ་མེད་པའི་བདག་ཅན་གྱིས། །སྡིག་སྤོང་སྔོན་བྱས་མང་པོ་མ་ལུས་ཟང་བྱེད་ལ། །སྔོན་ཆད་མ་ཐོབ་པ་ཡི་བདེ་བའང་རབ་འཐོབ་ཅིང༌། །བདེ་བ་ལས་ནི་ནམ་ཡང་ཉམས་པར་མི་འགྱུར་དང༌། །རྫོགས་པའི་བྱང་ཆུབ་སེམས་དཔའི་བདེ་མཆོག་མི་ཟད་དང༌། །སངས་རྒྱས་གོ་འཕང་མཉམ་མེད་ཕུན་ཚོགས་ཐོབ་བྱེད་པ། །ཤིན་ཏུ་རྙེད་དཀའི་རིན་ཆེན་ཆོས་དེ་དེང་ཐོབ་ན། །ལེགས་པར་བརྗོད་པ་འདི་ལ་དལ་ཐོབ་གུས་པར་ཉོན། །ཁམས་གསུམ་ཕན་མཛད་གཅིག་པོ་དེ་གསུང་མཉན་བྱའི་ཕྱིར། །ལྷ་དང་ཀླུ་དང་གྲུབ་པ་དྲི་ཟ་གནོད་སྦྱིན་དང༌། །མཁའ་ལྡིང་ལྷ་མིན་མིའམ་ཅི་དབང་འདྲེ་ལ་སོགས་དགར་བཅས་ཉན་པར་མོས་ཤིང་ཡིད་དང་འདིར་ཤོག་ཤིག་བདེར་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང༌། །ཕྱག་འོས་ཀུན་ལའང་གུས་པར་ཕྱག་འཚལ་ཏེ། །བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་རྣམས། །མདོར་བསྡུས་དོན་གྱི་ངག་གིས་བརྗོད་པར་བྱ། །སྔོན་ཆད་མ་བྱུང་ཅི་ཡང་འདིར་བརྗོད་མེད། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །དེ་ཕྱིར་གཞན་གྱི་དོན་དུ་བདག་མི་འབད། །རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས། །དགེ་བ་བསྒོམ་ཕྱིར་བདག་གི་དད་པའི་ཤུགས། །འདི་དག་གིས་ཀྱང་རེ་ཞིག་འཕེལ་


DTG111_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལ། །བདག་དང་སྐལ་བ་མཉམ་པ་གཞན་གྱིས་ཀྱང༌། །ཇི་སྟེ་འདི་དག་མཐོང་ན་དོན་ཡོད་འགྱུར། །དལ་འབྱོར་ཤིན་ཏུ་རྙེད་བར་དཀའ་བ་དང༌། །སྐྱེས་བུའི་དོན་བསྒྲུབ་འདི་ནི་རྙེད་གྱུར་པས། །གལ་ཏེ་འདི་ལ་ཕན་པ་མ་བསམས་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཇི་སྐད་དུ་འཕགས་པ་སྡོང་པོ་བཀོད་པའི་མདོར་འཕགས་པ་རྒྱལ་བའི་དྲོད་ཀྱི་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ལས་མི་ཁོམ་པ་བརྒྱད་ལས་ལྡོག་པ་ཡང་རྙེད་པར་དཀའ། མིར་འགྱུར་བ་ཡང་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པ་རྣམ་པར་དག་པ་ཡང་རྙེད་པར་དཀའ། སངས་རྒྱས་འབྱུང་བ་ཡང་རྙེད་པར་དཀའ། དབང་པོ་མཚང་བ་མེད་པ་ཡང་རྙེད་པར་དཀའ། སངས་རྒྱས་ཀྱི་ཆོས་མཉན་པ་ཡང་རྙེད་པར་དཀའ། །སྐྱེས་བུ་དམ་པ་དང་འགྲོགས་པ་ཡང་རྙེད་པར་དཀའ། ཡང་དག་པའི་དགེ་བའི་བཤེས་གཉེན་རྣམས་ཀྱང་རྙེད་པར་དཀའ། ཡང་དག་པའི་ཚུལ་རྗེས་སུ་བསྟན་པ་ཉེ་བར་སྒྲུབ་པ་ཡང་རྙེད་པར་དཀའ། ཡང་དག་པར་འཚོ་བ་ཡང་རྙེད་པར་དཀའ། མིའི་འཇིག་རྟེན་ན་ཆོས་དང་རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་བྱེད་པ་ཡང་རྙེད་པར་དཀའ་ན་ཞེས་གསུངས་པ་བཞིན་ནོ། །དེའི་ཕྱིར་རྣམ་པ་དེ་ལྟ་བུ་དང་ཕྲད་པ་ལ་བརྟེན་ནས། །སེམས་ཅན་ཆེན་པོ་གང་ལ་གང་ཚོ་བདག་དང་གཞན་དག་ཀྱང༌། །འཇིགས་དང་སྡུག་བསྔལ་མི་འདོད་པ། །དེ་ཚེ་དེ་སྲུང་གཞན་མི་གང༌། །བདག་དང་བྱེ་བྲག་ཅི་ཞིག་ཡོད། །སྙམ་པ་དེ་ལྟ་བུའི་སོ་སོར་སྤྱོད་པ་སྐྱེས་ནས་དེས་བདག་དང་སེམས་ཅན་གྱི་ཁམས་རྣམས་ཀྱི། སྡུག་བསྔལ་མཐར་འབྱིན་འདོད་པ་དང༌། །བདེ་བའི་མཐར་ཡང་འགྲོ་འདོད་པས། །དད་པའི་རྩ་བ་བརྟན་བྱས་ཏེ། །བྱང་ཆུབ་ལ་ཡང་བློ་བརྟན་བྱ། །འདི་ལྟར་དཀོན་མཆོག་ཏ་ལ་ལའི་གཟུངས་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང༌། །སངས་རྒྱས་སྲས་ཀྱི་སྤྱོད་ལ་དད་བྱེད་པས། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ནས། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །དད་པ་སྔོན་འགྲོ་མ་ལྟར་བ་སྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་


DTG111_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཅིང༌། །དད་པ་རྙོག་པ་མེད་ཅིང་སེམས་དང་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་གཏེར་དང་ནོར་དང་རྐང་པའི་མཆོག་ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །དད་པ་ཡོངས་སུ་གཏོང་ལ་དགའ་བར་བྱེད། །དད་པ་རྒྱལ་བའི་ཆོས་ལ་རབ་དགའ་སྐྱེད། །དད་པ་ཡོན་ཏན་ཡེ་ཤེས་ཁྱད་པར་བྱེད། །སངས་རྒྱས་གོ་འཕང་སྟོན་ཅིང་ཐོབ་བྱེད་ཡིན། །དབང་པོ་རྣོ་ཞིང་རབ་ཏུ་གསལ་བར་བྱེད། །དད་པའི་སྟོབས་ལ་གཞན་གྱིས་མི་བརྫི་ཞིང༌། །ཉོན་མོངས་རྣམ་པར་སེལ་བའི་གཞི་རྟེན་ཡིན། །དད་པ་རང་བྱུང་ཡོན་ཏན་རྣམས་ཀྱང་ཚོལ། །དད་པ་ཆགས་པའི་སྒོ་ལ་ཆགས་པ་མེད། །མི་དལ་སྤོང་ཞིང་དལ་བ་མཆོག་ཅིག་ཡིན། །དད་པ་བདུད་ཀྱི་ལམ་ལས་འདའ་བྱེད་ཅིང༌། །ཐར་པའི་ལམ་མཆོག་སྟོན་པར་བྱེད་པ་ཡིན། །ས་བོན་མ་རུལ་ཡོན་ཏན་རྣམས་ཀྱི་རྒྱུ། །དད་པ་བྱང་ཆུབ་ཤིང་ནི་རྣམ་པར་སྐྱེད། །ཡེ་ཤེས་ཁྱད་པར་ཡོན་ཏན་འཕེལ་བར་བྱེད། །དད་པ་རྒྱལ་བ་ཐམས་ཅད་སྟོན་བྱེད་ཡིན། །གང་དག་རྟག་ཏུ་སངས་རྒྱས་དད་གུས་བཅས། །དེ་དག་ཚུལ་ཁྲིམས་བསླབ་པ་ཡོངས་མི་འདོར། །གང་དག་ཚུལ་ཁྲིམས་བསླབ་པ་མི་འདོར་བ། །ཡོན་ཏན་ལྡན་དེ་ཡོན་ཏན་ལྡན་བས་བསྟོད། །གང་དག་རྟག་ཏུ་ཆོས་ལ་དད་གུས་བཅས། །དེ་དག་རྒྱལ་བའི་ཆོས་ཉན་ངོམས་པ་མེད། །གང་དག་རྒྱལ་བའི་ཆོས་ཉན་མི་ངོམས་པ། །དེ་དག་ཆོས་ལ་མོས་པ་བསམ་མི་ཁྱབ། །གང་དག་རྟག་ཏུ་དགེ་འདུན་དད་གུས་བཅས།། དེ་དག་མི་ལྡོག་དགེ་འདུན་དད་པ་ཡིན། །གང་དག་མི་ལྡོག་དགེ་འདུན་རབ་དད་པ། །དེ་དག་དད་པའི་སྟོབས་ཀྱིས་མི་ལྡོག་འགྱུར། །གང་དག་དད་པའི་སྟོབས་ཀྱིས་མི་ལྡོག་པ། །དེ་དག་དབང་པོ་རྣོ་ཞིང་རབ་ཏུ་གསལ། །གང་དག་དབང་པོ་རྣོ་ཞིང་རབ་གསལ་བ། །དེ་དག་སྡིག་པའི་གྲོགས་པོ་རྣམ་པར་སྤངས། །གང་དག་སྡིག་པའི་གྲོགས་པོ་རྣམ་སྤངས་པ། །དེ་དག་ཆོས་ལྡན་གྲོགས་ཀྱིས་ཡོངས་སུ་བཟུང༌། །གང་དག་ཆོས་ལྡན་གྲོགས་ཀྱིས་ཡོངས་བཟུང་བ། །དེ་དག་དགེ་བ་རྒྱ་ཆེན་སོགས་པར་བྱེད། །གང་དག་དགེ་བ་རྒྱ་ཆེན་སོགས་བྱེད་པ། །བདག་


DTG111_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཆེན་པོ་དེ་དག་རྒྱུ་སྟོབས་ལྡན། །བདག་ཉིད་ཆེན་པོ་རྒྱུ་སྟོབས་གང་ལྡན་པ། །དེ་དག་མོས་པའི་ཁྱད་པར་རྒྱ་ཆེན་འགྱུར། །གང་དག་མོས་པའི་ཁྱད་པར་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཀུན་གྱིས་རྟག་བྱིན་བརླབས། །གང་དག་རྒྱལ་བ་ཀུན་གྱིས་བྱིན་བརླབས་པ། །དེ་དག་བྱང་ཆུབ་དོན་དུ་སེམས་ཀྱང་སྐྱེ། །གང་དག་བྱང་ཆུབ་དོན་དུ་སེམས་སྐྱེ་བ། །དེ་དག་དྲང་སྲོང་ཆེན་པོའི་ཡོན་ཏན་བརྩོན། །དྲང་སྲོང་ཆེན་པོའི་ཡོན་ཏན་གང་བརྩོན་པ། །དེ་དག་རིགས་མཐོ་སངས་རྒྱས་རིགས་སུ་སྐྱེ། །གང་དག་རིགས་མཐོ་སངས་རྒྱས་རིགས་སྐྱེས་པ། །དེ་དག་མཉམ་ཞིང་སྦྱོར་དང་མི་སྦྱོར་སྤངས། །མཉམ་ཞིང་སྦྱོར་དང་མི་སྦྱོར་གང་སྤངས་པ། །དེ་དག་དད་དང་བསམ་པ་རྣམ་པར་དག་གང་དག་དད་དང་བསམ་པ་རྣམ་དག་པ། །དེ་དག་ལྷག་པའི་བསམ་པ་དམ་པ་མཆོག་གང་དག་ལྷག་བསམ་དམ་པ་མཆོག་ལྡན་པ། །དེ་དག་རྟག་ཏུ་ཕ་རོལ་ཕྱིན་པ་སྤྱོད། །གང་དག་རྟག་ཏུ་ཕ་རོལ་ཕྱིན་སྤྱོད་པ། །དེ་དག་ཐེག་པ་ཆེན་པོ་འདི་ལ་ཞུགས། །གང་དག་ཐེག་པ་ཆེན་པོ་འདིར་ཞུགས་པ། །དེ་དག་སངས་རྒྱས་རྣམས་ལ་སྒྲུབ་པས་མཆོད། །གང་དག་སྒྲུབ་པས་སངས་རྒྱས་མཆོད་བྱེད་པ། །དེ་དག་སངས་རྒྱས་རྗེས་དྲན་མི་ཕྱེད་འགྱུར། །གང་དག་སངས་རྒྱས་རྗེས་དྲན་མི་ཕྱེད་པ། །དེ་དག་རྟག་ཏུ་སངས་རྒྱས་བསམ་ཡས་མཐོང༌། །གང་དག་སངས་རྒྱས་བསམ་ཡས་རྟག་མཐོང་བ། །དེ་ལ་ནམ་ཡང་སངས་རྒྱས་མི་བཞུགས་མིན། །གང་ལ་ནམ་ཡང་སངས་རྒྱས་མི་བཞུགས་མིན། །དེ་དག་བར་སྐབས་ཆོས་ལས་ཉམས་མི་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དང༌། དད་པའི་རྩ་བ་ཅན་གྱི་ཡོན་ཏན་རྒྱ་ཆེན་པོ་མཐའ་ཡས་པ་ཞིག་དེར་གསུངས་ཏེ། །དེ་རྫོགས་ནས་ཡང་མདོར་བསྡུས་ཏེ་གསུངས་པ། འདི་འདྲ་ཆོས་ནི་གང་དག་དད་གྱུར་པ། །སེམས་ཅན་སོ་སོ་སྐྱེ་བོའི་ཚོགས་ན་དཀོན། །གང་དག་དགེ་བསགས་བསོད་ནམས་བྱས་གྱུར་པ། །དེ་དག་རྒྱུ་ཡི་སྟོབས་ཀྱིས་འདི་ལ་དང༌། །གང་གཱ་ཞིང་བཅུའི་རྡུལ་སྙེད་སེམས་ཅན་ལ། །བདེ་བ་ཀུན་གྱིས་བསྐལ་པར་བསྙེན་བཀུར་ཡང༌། །ཆོས་འདིར་དད་པའི་བསོད་ནམས་ཅི་འདྲ་བ། །བསོད་ནམས་ཁྱད་


DTG111_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

པར་དེ་འདྲ་དེ་ལ་མེད། །ཅེས་གསུངས་པ་ཡིན་ནོ། །དེ་སྐད་དུ་ཆོས་བཅུ་པའི་མདོ་ལས་ཀྱང༌། གང་གིས་འདྲེན་པ་ངེས་འབྱུང་བ། །དད་པ་ཐེག་པ་མཆོག་ཡིན་ཏེ། །དེའི་ཕྱིར་བློ་དང་ལྡན་པའི་མིས། །དད་པའི་རྗེས་སུ་འབྲང་བ་བསྟེན། །མ་དད་པ་ཡི་མི་དག་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལས། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་གསུངས་སོ། །དེ་བས་ནི་འཕགས་པ་རྒྱ་ཆེར་རོལ་པའི་མདོ་ལས་ཀྱང༌། ཀུན་དགའ་བོ་དད་པ་ལ་སྦྱོར་བར་བྱ་སྟེ། འདི་ནི་དེ་བཞིན་གཤེགས་པ་ལ་གསོལ་བ་འདེབས་པའོ་ཞེས་བསྟན་ཏོ། །དེ་སྐད་དུ། སེང་གེས་ཞུས་པའི་མདོ་ལས་ཀྱང༌། དད་པས་མི་ཁོམ་སྤང་བར་འགྱུར། །ཞེས་བཀའ་སྩལ་པ་ཡིན་ནོ། །དེ་ལྟར་དད་པའི་རྩ་བ་བརྟན་པར་བྱས་ལ། བསོད་ནམས་ཐམས་ཅད་སྡུད་པའི་ཕྱིར་ན་བྱང་ཆུབ་ཀྱི་སེམས་བརྟན་པར་བྱའོ། །ཇི་སྐད་དུ་སེང་གེས་ཞུས་པ་ལས། བཅོམ་ལྡན་འདས་ལ་རྒྱལ་བུ་སེང་གེས་ཞུས་པ། ཆོས་རྣམས་ཐམས་ཅད་བསྡུ་བ་ནི། །ཆོས་གང་གིས་ནི་ཐོབ་པར་འགྱུར། །གང་དང་གང་དུ་སྐྱེས་པ་དེར། །སེམས་ཅན་རྣམས་ནི་དགའ་བ་འཐོབ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་ཐམས་ཅད་ཐར་བྱའི་ཕྱིར། །བྱང་ཆུབ་དོན་དུ་སེམས་བཏུད་པ། །དེས་ནི་ཆོས་རྣམས་བསྡུ་བ་འཐོབ། །དེས་ནི་དགའ་བ་ཐོབ་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་སྐད་དུ། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་ཀྱང༌། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུའོ། །འཇིག་རྟེན་ཐམས་ཅད་རྟེན་པས་ས་ལྟ་བུའོ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངས་སུ་སྲུང་བས་ཕ་ལྟ་བུའོ་ཞེས་བྱ་བའི་བར་དང༌། དེ་བཞིན་དུ་སྦྱར་ཏེ་དབུལ་བ་ཐམས་ཅད་ཡང་དག་པར་གཅོད་པས་རྣམ་ཐོས་ཀྱི་བུ་ལྟ་བུའོ། །དོན་ཐམས་ཅད་ཡང་དག་པར་སྒྲུབ་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུའོ། །ཉོན་མོངས།


DTG111_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགྲ་ཕམ་པར་བྱ་བ་ལ་མདུང་ཐུང་ལྟ་བུའོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འགེབས་པས་གོ་ཆ་ལྟ་བུའོ། །ཉོན་མོངས་པའི་མགོ་ལྷུང་བར་བྱེད་པས་རལ་གྲི་ལྟ་བུའོ། །ཉོན་མོངས་པའི་ཤིང་གཅོད་པས་སྟ་རེ་ལྟ་བུའོ། །འཚེ་བ་ཐམས་ཅད་ལས་སྐྱོབ་པས་མཚོན་ཆ་ལྟ་བུའོ། །འཁོར་བའི་ཆུའི་ནང་ན་གནས་པ་སྟེང་དུ་འབྱིན་པས་མཆིལ་པ་ལྟ་བུའོ། །སྒྲིབ་པ་དང་ཁེབས་པའི་རྩ་བ་ཐམས་ཅད་རྣམ་པར་འཐོར་བས་རླུང་གི་དཀྱིལ་འཁོར་ལྟ་བུའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སྨོན་ལམ་ཐམས་ཅད་བསྡུས་པའི་ཕྱིར་མདོར་བསྟན་པ་ལྟ་བུའོ།། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་མཆོད་རྟེན་ལྟ་བུ་སྟེ། རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་ཀྱི་སེམས་ནི་ཡོན་ཏན་དེ་དག་དང༌། ཡོན་ཏན་གྱི་བྱེ་བྲག་ཚད་མེད་པ་གཞན་དང་ཡང་ལྡན་ནོ་ཞེས་བརྗོད་དོ། །སོ་སོའི་སྐྱེ་བོ་ལ་ཡང་བྱང་ཆུབ་ཀྱི་སེམས་སྐྱེ་སྟེ། འདི་ཚིག་ཙམ་ནི་མ་ཡིན་ནོ་ཞེས་བྱ་བར་ཇི་ལྟར་ཤེས་ཤེ་ན། མདོ་སྡེ་དུ་མ་མཐོང་བ་ལས་ཏེ། རེ་ཞིག་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས། འཇིག་ཚོགས་ལ་ལྟ་བ་རི་རབ་དང་མཉམ་པ་དྲན་ནས་བྱང་ཆུབ་ཀྱི་སེམས་སྐྱེ་ཞིང་དེ་ལས་སངས་རྒྱས་ཀྱི་ཆོས་རྣམས་རྣམ་པར་སྐྱེའོ་ཞེས་ཇི་སྐད་དུ་བསྟན་པ་དང༌། དཀོན་མཆོག་ཟ་མ་ཏོག་གི་མདོ་ལས་ཀྱང༌། །སོ་སོའི་སྐྱེ་བོ་ལ་ཡང་བྱང་ཆུབ་སེམས་དཔའ་ཞེས་བྱ་བར་ཤེས་ཏེ། ཇི་སྐད་དུ་འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ཀ་ལ་བིང་ཀའི་ཕྲུ་གུ་སྒོ་ངའི་སྦུབས་ཀྱི་ནང་ན་འདུག་པ་སྒོ་ང་མ་བརྟོལ་ཞིང་སྦུབས་ནས་མ་བྱུང་ཡང་ཀ་ལ་བིང་ཀའི་སྒྲ་ཉིད་དུ་འབྱིན་ཏོ། །འཇམ་དཔལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མ་རིག་པའི་སྒོ་ངའི་སྦུབས་ཀྱི་ནང་ན་འདུག་པ་བདག་ཏུ་ལྟ་བ་མ་བརྟོལ་ཞིང་ཁམས་གསུམ་ལས་མ་བྱུང་ཡང་སངས་རྒྱས་ཀྱི་སྒྲ་འདི་ལྟ་སྟེ། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་སྒྲ་འབྱིན་ཏོ་ཞེས་གསུངས་སོ། །ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་རྒྱལ་བའི་བློ་གྲོས་ལ་སས་པར་མཐོངས་ཕྱེ་ནས་དེ་འཆི་བའི་དུས་བྱས་པ་དང་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་སྟེ། དེ་ནི་སྟོང་པ་ཉིད་ལ་མ་དད་ཅིང་སྟོང་པ་ཉིད་


DTG111_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྨྲ་བ་ལ་ཁོང་ཁྲོ་བ་བྱས་པ་ཡིན་ནོ་ཞེས་གསུངས་སོ། །ངེས་པ་དང་མ་ངེས་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་ཀྱང༌། །ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ལ་ལ་ཞིག་སངས་རྒྱས་ཀྱི་ཞིང་ལྔའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདའ་བར་འདོད་ནས། དེས་ཕྱུགས་ཀྱི་ཤིང་རྟ་ལ་ཞོན་ཏེ་ལམ་དུ་ཞུགས་ནས། དེ་ཡུན་རིང་པོས་ལམ་རིང་པོར་དཔག་ཚད་བརྒྱར་ཕྱིན་པ་ལས། དེ་དེར་རླུང་གི་དཀྱིལ་འཁོར་ཆེན་པོས་བཟློག་ནས་དཔག་ཚད་ཁྲིར་དེ་ད་དེ་ཕྱིར་ཕུལ་ན་སྐྱེས་བུ་དེས་ཕྱུགས་ཀྱི་ཤིང་རྟས་འཇིག་རྟེན་གྱི་ཁམས་དེ་དག་འདའ་བའམ་བསྐལ་པ་ལས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བསྐལ་པར་ཡང་འཇིག་རྟེན་གྱི་ཁམས་གཅིག་ཀྱང་འདའ་བར་ནུས་སམ་གསོལ་བ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་གང་ལ་ལ་ཞིག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་ལ་ཐེག་པ་ཆེན་པོ་མི་འཛིན་མི་ཀློག་པར། ཉན་ཐོས་ཀྱི་ཐེག་པ་བ་རྣམས་ལ་བརྟེན་ཅིང་དེ་དག་དང་ལྷན་ཅིག་ཏུ་སྟེན་པར་བྱེད་ཉན་ཐོས་ཀྱི་ཐེག་པ་ཀློག་ཅིང་ཁ་ཏོན་བྱེད་དཔྱོད་ཅིང་ཁོང་དུ་ཆུད་པར་བྱེད་ལ། གཞན་དག་ཀྱང་ཀློག་ཏུ་འཇུག་པ་ནས། ཁོང་དུ་ཆུད་པར་བྱེད་པའི་བར་དུ་བྱེད་པ་ནི། དེ་ནི་དེས་ཤེས་རབ་རྟུལ་པོར་འགྱུར་ཏེ། བླ་ན་མེད་པའི་ཡེ་ཤེས་ཀྱི་ལམ་ནས་སླར་དྲངས་ནས་ཕྱིར་ལྡོག་གོ །བྱང་ཆུབ་སེམས་དཔའ་འདིའི་བྱང་ཆུབ་ཀྱི་སེམས་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་དབང་པོ་དང༌། ཤེས་རབ་ཀྱི་མིག་གང་ཡིན་པ་དེ་ཡང་རྟུལ་པོར་འགྱུར་ཞིང་ཉམས་པར་བྱེད་དེ་འདི་ནི་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའོ་ཞེས་བཤད་དོ། །དེ་བས་ན་དེ་ལྟར་དེ་དག་གི་སྟོང་པ་ཉིད་ལ་མོས་པ་དང་ཐེག་པ་ཆེན་པོ་ལ་མངོན་པར་དགའ་བ་ནི། མོས་པས་སྤྱོད་པ་ཡོངས་སུ་མ་རྫོགས་པ་ལ་ཡང་སྦྱར་བར་སྣང་ན། མོས་པ་རབ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་ལྟ་ཅི་ཞིག་སྨོས། དེ་ནི་དཀོན་མཆོག་སྤྲིན་ལས་བྱིས་པའི་སྤྱོད་པ་དང་ལོག་པར་འཇུག་པ་ཐམས་ཅད་ལས་འདས།


DTG111_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྗོད་ཅིང༌། ཏིང་ངེ་འཛིན་དང་གཟུངས་དང་རྣམ་པར་ཐར་པ་དང་མངོན་པར་ཤེས་པ་དང་རིག་པ་གྲངས་མེད་པས་རྣམ་པར་རོལ་པ། ཆོས་མཐའ་ཡས་པ་ལ་དགའ་ཞིང་མོས་པས་ཟང་ཟིང་མེད་པ་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པའི་དགའ་བའི་ཤུགས་ཀྱིས་སྣང་བ་ཐོབ་པ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དཔག་ཏུ་མེད་པར་ཐེག་པ་ཆེན་པོ་ལ་ཞུགས་པའི་བསྒོམ་པ་སྣ་ཚོགས་ཡོངས་སུ་རྫོགས་པ་གཞན་གྱི་དོན་གྱི་ནན་ཏན་ཚར་ཕྱིན་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མངོན་པར་བསྒྲུབ་པ་གྲུབ་པའི་སྔོན་གྱི་སྦྱོར་བ་བརྒྱ་སྟོང་ཕུན་སུམ་ཚོགས་པར་བརྗོད་དོ། །ཅི་སྟེ་འདི་དྲང་བའི་དོན་ཡིན་ན། ཅིའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པ་གཞན་ས་འདི་ལ་མི་འདོད། འདིར་འདོད་པ་ཙམ་གྱིས་དྲང་བའི་དོན་དུ་བྱེད་པའི་བྱེ་བྲག་གི་རྟགས་ཀྱང་མི་རྙེད་དོ། །མོས་པས་སྤྱོད་པ་ཆེན་པོའི་ཆོས་ཉིད་དུ་གསུངས་པ་ལས་ཀྱང༌། མོས་པས་སྤྱོད་པ་འབྲིང་དང་ཆུང་ངུའི་རྣམ་པ་ཡང་ཅི་ནས་ཡོད་པ་ཉིད་དུ་རྟོགས་སོ། །ཡང་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། ཇི་སྐད་དུ་བཅོམ་ལྡན་འདས་བྱང་ཆུབ་ཏུ་སེམས་བསྐྱེད་པ་སུའི་ལགས། རྒྱལ་པོ་ཆེན་པོ་གང་གིས་ལྷག་པའི་བསམ་པ་མ་འཁྲུགས་པའོ། །གསོལ་བ་བཅོམ་ལྡན་འདས་སུའི་ལྷག་པའི་བསམ་པ་མ་འཁྲུགས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གང་གི་སྙིང་རྗེ་ཆེན་པོ་སྐྱེ་བའོ། །གསོལ་བ་བཅོམ་ལྡན་འདས་སུའི་སྙིང་རྗེ་ཆེན་པོ་སྐྱེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གང་གི་སེམས་ཅན་ཐམས་ཅད་ལ་ཡོངས་སུ་མི་གཏོང་བའི་སེམས་སྐྱེ་བའོ། །གསོལ་བ་བཅོམ་ལྡན་འདས་ཇི་ལྟར་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་བ་ལགས། བཀའ་སྩལ་པ་རྒྱལ་པོ་ཆེན་པོ་ནམ་བདག་བདེ་བ་བཏང་བ་ཡིན་ནོ་ཞེས་གསུངས་པའི་དགོངས་པ་ཅི་ཞིག་ཡིན་ཞེ་ན། བྱང་ཆུབ་ཀྱི་སེམས་ཙམ་གྱིས་ཆོག་པར་འཛིན་པ་རྣམས་སྙིང་རྗེ་ལ་དགའ་བ་སྐྱེད་པའི་ཕྱིར་འདི་གསུངས་ཏེ། དཔེར་ན་གང་ལ་རྣལ་འབྱོར་མེད་པ་དེ་དག་ནི་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བ་མ་ཡིན་ནོ་ཞེས་


DTG111_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟ་བུའོ། །དེ་བཞིན་དུ་འདིར་ཡང་བྱང་ཆུབ་ཀྱི་སེམས་གཞན་སྨད་པར་རིག་པར་བྱའི། བྱང་ཆུབ་ཀྱི་སེམས་རྣམ་པ་གཞན་དུ་མི་སྐྱེ་བ་ནི་མ་ཡིན་ནོ། །ཇི་སྐད་དུ་ཆོས་བཅུ་པའི་མདོ་ལས། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་རིགས་ལ་གནས་པ་བྱང་ཆུབ་ཏུ་སེམས་མ་བསྐྱེད་ན། དེ་བཞིན་གཤེགས་པའམ་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱིས་བསྐུལ་ཞིང་སྐྱོ་བར་བྱས། ཡང་དག་པར་འཛིན་དུ་བཅུག་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི་བྱང་ཆུབ་ཀྱི་སེམས་ལ་མོས་པའི་རྒྱུ་དང་པོའོ།། རྫོགས་པའི་བྱང་ཆུབ་བམ་བྱང་ཆུབ་ཀྱི་སེམས་ཀྱི་བསྔགས་པ་བརྗོད་པ་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི་རྒྱུ་གཉིས་པའོ། །སེམས་ཅན་མགོན་མེད་པ་དང་སྐྱབས་མེད་པ་དང་དཔུང་གཉེན་མེད་པ་རྣམས་མཐོང་ནས་སྙིང་རྗེའི་སེམས་ཉེ་བར་གཞག་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི་རྒྱུ་གསུམ་པའོ། །དེས་དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་ཀྱི་མཆོག་ཡོངས་སུ་རྫོགས་པ་མཐོང་ནས་དགའ་བ་བསྐྱེད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི་རྒྱུ་བཞི་པའོ་ཞེས་གསུངས་པ་བཞིན་ནོ། །བྱང་ཆུབ་ཀྱི་སེམས་དེ་ནི་རྣམ་པ་གཉིས་ཏེ། བྱང་ཆུབ་ཏུ་སྨོན་པའི་སེམས་དང་བྱང་ཆུབ་ཏུ་ཆས་པའི་སེམས་སོ། །ཇི་སྐད་དུ་སྡོང་པོ་བཀོད་པའི་མདོ་ལས། རིགས་ཀྱི་བུ་སེམས་ཅན་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་དེ་དག་ནི་སེམས་ཅན་གྱི་ཁམས་ན་དཀོན་ནོ། །དེ་བས་ཀྱང་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཆས་པའི་སེམས་ཅན་དེ་དག་ནི་ཤིན་ཏུ་དཀོན་ནོ་ཞེས་གསུངས་པ་ལྟ་བུའོ། །དེ་ལ་བྱང་ཆུབ་ཏུ་སྨོན་པའི་སེམས་ནི་ངས་སངས་རྒྱས་སུ་འགྱུར་བར་བྱའོ་ཞེས་སེམས་སྨོན་པ་ལས་སྐྱེས་པ་ཡིན་ཏེ། འཕགས་པ་དཔའ་བར་འགྲོ་བའི་མདོ་ལས། གཡོ་བྱས་ཏེ་བྱང་ཆུབ་ཀྱི་སེམས་བསྐྱེད་པས་ཀྱང་སངས་རྒྱས་ཀྱི་རྒྱུར་གསུངས་ན་དགེ་བ་སྣ་འགའ་བྱས་ཏེ་སེམས་བསྐྱེད་པ་ལྟ་ཅི་སྨོས་ཞེས་གསུངས་


DTG111_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཇི་སྐད་དུ་བསྐལ་པ་བཟང་པོའི་མདོ་ལས། དེ་བཞིན་གཤེགས་པ་དབྱངས་བྱིན་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་སྐར་མའི་རྒྱལ་པོ་ཞེས་བྱ་བ་བ་ལང་རྫིར་གྱུར་པས་བ་གུ་ལའི་མེ་ཏོག་ཕུལ་ནས་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཀློག་གི་སྒྲོན་མ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་གྲགས་པ་ཐག་པར་གྱུར་པས་རས་ཀྱི་ཁ་ཚར་ཕུལ་ཏེ། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་འོད་མཐའ་ཡས་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་འོད་འཕྲོ་ཅན་གྲོང་ཁྱེར་གྱི་སྤྲང་པོར་གྱུར་པས་རྩའི་སྒྲོན་མ་ཕུལ་ཏེ་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རྣམ་པར་གནོན་བརྟེན་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐུབ་དཀའ་ཤིང་ཐུན་དུ་གྱུར་པས་སོ་ཤིང་ཕུལ་ཏེ་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་འཇམ་དཔལ་གྲགས་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་མཚན་སྨན་པའི་རྒྱལ་པོར་གྱུར་པས་སྐྱུ་རུར་ཅིག་ཕུལ་ནས་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ། །དེས་ཀྱང་འཁོར་བའི་བདེ་བ་མཐའ་ཡས་པ་བསྐྱེད་པའི་ཕྱིར་བྱང་ཆུབ་ཀྱི་སེམས་སྤྱོད་པ་དང་བྲལ་བ་ལ་ཡང་བརྙས་པར་མི་བྱ་སྟེ། ཇི་སྐད་དུ་འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང༌། གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང་རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ་དབུལ་བ་ཐམས་ཅད་ཀྱང་རྣམ་པར་ཟློག་གོ །རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནན་ཏན་དང་བྲལ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཅིང་བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ་འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་ཟློག་གོ་ཞེས་གསུངས་པ་ལྟ་བུའོ། །འདི་ལས་ཀྱང་སྤྱོད་པ་དང་མི་ལྡན་ཡང་བྱང་ཆུབ་ཀྱི་སེམས་ནི་ཕན་པར་འགྱུར་བར་ཤེས་པར་བྱ་སྟེ། གང་གི་ཕྱིར་རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་འདི་ལྟར་ཁྱོད་ནི་


DTG111_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་མང་བྱེད་པ་མང་སྟེ། ཉིན་མཚན་དུ་ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་བསླབ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་བསླབ་པར་མི་ནུས་ཏེ། དེ་བས་ན་རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདུན་པ་དང་དད་པ་དང་དོན་དུ་གཉེར་བ་དང་སྨོན་པ། འགྲོ་ཡང་རུང་འགྲེང་ཡང་རུང་འདུག་ཀྱང་རུང་ཉལ་ཡང་རུང་སད་ཀྱང་རུང་ཟ་ཡང་རུང་འཐུང་ཡང་རུང་རྟག་པར་རྒྱུན་དུ་དྲན་པར་གྱིས་ལ་ཡིད་ལ་ཟུང་སྟེ་སྒོམས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དང་སོ་སོའི་སྐྱེ་བོ་ཐམས་ཅད་དང་བདག་གི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་བསྡུས་ཤིང་གཞལ་ཏེ་རྩིས་ལ་རྗེས་སུ་ཡི་རང་བར་གྱིས་ཤིག །རྗེས་སུ་ཡི་རང་བའི་མཆོག་ནས། ནམ་མཁའ་དང་འདྲ་བ་དང༌། མྱ་ངན་ལས་འདས་པ་དང༌། མཚུངས་པའི་བར་གྱིས་རྗེས་སུ་ཡི་རང་བར་གྱིས་ཤིག །རྗེས་སུ་ཡི་རང་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱ་བར་ཕུལ་ཅིག །ཕུལ་ནས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱིས་ཤིག །དེ་ནས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་བར་དུ་ཐོབ་པར་འགྱུར་བ་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བར་ཉིན་གཅིག་བཞིན་དུ་དུས་གསུམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོས་ཤིག ། རྒྱལ་པོ་ཆེན་པོ་ཁྱོད་དེ་ལྟར་ཞུགས་ན་རྒྱལ་སྲིད་ཀྱང་བྱེད་ལ་རྒྱལ་པོའི་བྱ་བ་ཡང་ཉམས་པར་མི་འགྱུར་ཞིང༌། བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་གསུངས་སོ། །མདོ་སྡེ་དེ་ཉིད་ལས་དེའི་རྣམ་པར་སྨིན་པ་ཡང་གསུངས་པ་ནི། རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བའི་ལས་ཀྱི་རྣམ་པར་སྨིན་པས། ལན་དུ་མར་ལྷའི་ནང་དུ་སྐྱེས་ལན་དུ་མར་མིའི་ནང་དུ་སྐྱེས་ཏེ། ལྷ་དང་མིར་སྐྱེས་པ་ན་ཐམས་ཅད་དུ་ཡང་དབང་པོ་བྱེད་པར་གྱུར་ཀྱང༌། ད་དུང་རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ཡང་དག་པར་རྫོགས་པའི་


DTG111_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བའི་ལས་ལ་བྲི་བའམ། གང་བར་མི་མངོན་ནོ། །དེ་བཞིན་དུ་སྦྱར་ཏེ་འོན་ཀྱང་རྒྱལ་པོ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་གཅིག་གིས་ཀྱང༌། སེམས་ཅན་ཐམས་ཅད་བསྒྲལ་བར་དམིགས་པ་དང༌། སེམས་ཐམས་ཅད་དགྲོལ་བར་དམིགས་པ་དང༌། སེམས་ཅན་ཐམས་ཅད་དབུགས་དབྱུང་བར་དམིགས་པ་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བར་དམིགས་པའི་ཕྱིར། དགེ་བའི་རྩ་བ་གྲངས་མེད་དཔག་ཏུ་མེད་པ་སོགས་པར་འགྱུར་ན། གང་དེ་ལྟར་མང་དུ་བྱེད་པ་ལྟ་ཅི་སྨོས་ཞེས་བྱ་བ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་དེ་ཡང་གཟུགས་ཀྱི་སྐུ་མཐོང་བ་ལས་སྐྱེས་པར་དེ་ལས་སྔོན་གྱི་རྟོགས་པ་བརྗོད་པ་ལས་འབྱུང་སྟེ། དེ་ལྟན་རེ་ཞིག་སྨོན་པ་བྱང་ཆུབ་ཀྱི་སེམས་སུ་རིག་པར་བྱའོ། །ཅ་སར་མ་ཆུད་པ་ལ་ཡང་བྱང་ཆུབ་སེམས་དཔའི་སྡོམ་པའི་དབང་དུ་བྱ་བ་ཡོད་དམ་མེད་ཅེས་བྱ་བ་འདི་བརྗོད་པར་བྱའོ་ཞེ་ན་ཡོད་པར་རིག་པར་བྱ་སྟེ། ནམ་མཁའི་སྙིང་པོའི་མདོ་ལས། རྙེད་པ་དང་བཀུར་སྟིའི་རྒྱུ་ལས་རྩ་བའི་ལྟུང་བར་གསུངས་པའི་ཕྱིར། ས་བཅུ་པའི་མདོ་ལས་ནི་ས་དང་པོ་ལ། བདག་གིས་སེམས་ཅན་འདི་དག་ལ་ཡོ་བྱད་མང་པོ་ཐམས་ཅད་ཉེ་བར་སྦྱིན་ནོ་སྙམ་པ་མ་གཏོགས་པར་སུ་ལས་ཀྱང་བཀུར་སྟི་ཅི་ཡང་མི་འདོད་དོ་ཞེས་བསྟན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་མི་གཡོ་བའི་ཚུལ་གྱིས་ལེགས་པར་གནས་པ་ཡིན་ནོ་ཞེས་གསུངས་པ་དང༌། ཡང་དེ་བཞིན་གཤེགས་པའི་རིགས་སུ་ངེས་ཤིང་རྫོགས་པའི་བྱང་ཆུབ་ལ་ཤིན་དུ་གཞོལ་བ་ཡིན་ནོ་ཞེས་ཀྱང་གསུངས་སོ། །ནམ་མཁའི་སྙིང་པོའི་མདོ་ལས་ཀྱང༌། ཉན་ཐོས་ཀྱི་ཐེག་པ་ཡང་དེ་ལ་མེད་ན་ཐེག་པ་ཆེན་པོ་ལྟ་ག་ལ་ཡོད་ཅེས་གསུངས་ལ། དེ་བཞིན་དུ། འཕགས་པ་དྲག་ཤུལ་ཅན་གྱིས་ཞུས་པར། སེར་སྣས་ཡོངས་སུ་དཀྲིས་པ་ལ་ཡང་བསླབ་པའི་གནས་བཅས་པ་དང་རབ་ཏུ་དགའ་བའི་ས་ལ་བདག་ཏུ་འདུ་ཤེས་པ་དང་བྲལ་བས་བདག་ལ་ཆགས་པའང་མེད་ན། ཡོ་བྱད་ཐམས་ཅད་ལ་ཆགས་པ་ལྟ་ག་ལ་ཡོད་ཅེས་གསུངས་སོ། །དེ་བཞིན་དུ་


DTG111_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་ལ་སོགས་པ་སྦྱིན་པ་ཡང་གསུངས་ཏེ། དེ་ལྟ་བུ་ལ་སོགས་པ་མདོ་སྡེ་དག་ཏུ་སར་མ་ཆུད་པ་ལ་བསླབ་པ་བཅས་པར་སྣང་ངོ༌། །གང་དུ་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ནས་ཕྱིར་བསྟན་པ་དེར་ཡང་གོམས་པར་བྱར་མི་རུང་བའམ། དགག་པའི་ངག་གིས་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་བསླབ་པར་མི་བྱ་བར་འགྱུར་ཏེ། དེ་གཉིས་མེད་ན་ནི་ཐམས་ཅད་ལ་བསླབ་པར་བྱའོ། །དེ་ལ་ཡང་བསླབ་པ་གཅིག་སྒྲུབ་པ་ན་བསླབ་པ་གཞན་བསྲུང་མ་ནུས་ཀྱང་ལྟུང་བར་མི་འགྱུར་ཏེ། དེ་སྐད་དུ་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། སྦྱིན་པའི་དུས་ན་ཚུལ་ཁྲིམས་ལ་བརྟུལ་བ་བཏང་སྙོམས་ལ་སོགས་པ་རྒྱ་ཆེར་གསུངས་པ་ཡིན་ནོ། །འདི་ལ་ལྷོད་པར་ཡང་མི་བྱ་སྟེ། ལྷག་མ་གཞན་ལ་མི་སྒྲུབ་པ་ཡང་མ་ཡིན་གྱི། ཅི་ནུས་ཅི་འོས་སུ་དེ་བཞིན་ཉིད་དུ་སྒྲུབ་པོ་ཞེས་ས་བཅུ་པའི་མདོ་ལས་གསུངས་པའི་ཕྱིར་རོ། །སྡོམ་པ་འདི་ནི་བུད་མེད་ཉོན་མོངས་པ་ཆུང་ངུ་སེམས་བྱང་ཆུབ་ཏུ་མོས་པ་ལའང་འགྲུབ་སྟེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས། ཤཱ་རིའི་བུ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའི་བདེན་པར་སྨྲ་བ་ཡིན་ནོ་ཞེས་བྱ་བ་ནས་བརྩམས་ཏེ། ཤཱ། རིའི་བུ་འདི་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། དགེ་བའི་ཆོས་ཡོངས་སུ་བཙལ་བའི་དོན་དུ་བརྩོན་འགྲུས་བརྩམས་ཏེ་གནས་པ་དང་ཞེས་གསུངས་པ་ཡིན་ནོ། །འདི་ལས་བརྩམས་ཏེ་ལུང་ནོད་པ་ཐམས་ཅད་དང༌། སྡོམ་པ་བཟུང་བ་ཡང་བྱང་ཆུབ་སེམས་དཔའི་བསླབ་པའི་གནས་ལ་གོམས་པ་ལྷུར་བྱེད་པ་སྡོམ་པ་དང་ལྡན་པ་ལས་བྱ་སྟེ། དེ་ལྟར་བྱས་ན་དེ་བསླབ་པ་ལས་འདས་ན་རབ་ཏུ་ངོ་མཚར་བར་འགྱུར་ཞེས་བླ་མ་ལ་བསླུས་པར་དོགས་པའི་འཇིགས་པ་སྐྱེ་བའམ་དེ་ལ་ནན་ཏན་བྱ་མི་དགོས་པར་དགའ་བ་དང་གུས་པས་གྲུབ་པར་འགྱུར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་སྤྱན་སྔར་བསླབ་པ་འདིའི་ནང་ནས། བསླབ་པ་གང་ཡང་རུང་བ་གྲུབ་པར་འདོད་པས་ཡང་དག་པར་ལེན་པར་བྱེད་དོ། །དེ་ལྟར་


DTG111_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ན་འདི་ནི་སྡོམ་པའི་སྤྱིའི་ཆོས་ཡིན་ནོ། །ཡང་ན་དེ་ལྟ་བུའི་དགེ་བའི་བཤེས་གཉེན་མེད་ན་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་དུ་བསྒོམས་ནས། སྡོམ་པ་དང་བདག་གི་སྟོབས་དང་ཡང་སྦྱར་ནས་བླང་སྟེ། དེ་ལྟར་མ་ཡིན་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ལྷར་བཅས་པའི་འཇིག་རྟེན་བསླུས་པར་འགྱུར་རོ། །གང་གི་ཕྱིར་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་མདོ་ལས། ཆུང་ཟད་ཅིག་བསམས་ནས་མི་སྦྱིན་པ་ནི་ཡི་དགས་སུ་སྐྱེ་ལ། དམ་བཅས་ནས་མི་སྦྱིན་པ་ནི་སེམས་ཅན་དམྱལ་བར་འགྲོའོ་ཞེས་གསུངས་ན། འགྲོ་བ་མ་ལུས་པའི་བླ་ན་མེད་པའི་དོན་དམ་བཅས་ནས་སྒྲུབ་པར་མི་བྱེད་པ་ལྟ་ཅི་སྨོས། དེ་བས་ན་ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང༌། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བདེན་པ་ལྷུར་བྱེད་པར་འགྱུར་བར་བྱ་སྟེ། རིགས་ཀྱི་བུ་བདེན་པ་ཡང་དག་པར་བརྗོད་པ་ནི་ཆོས་ཡང་དག་པར་བརྗོད་པའོ། །རིགས་ཀྱི་བུ་དེ་ལ་བདེན་པ་གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སེམས་དེ་སྲོག་གི་ཕྱིར་ཡང་མི་གཏོང་ཞིང༌། སེམས་ཅན་རྣམས་ལ་ཡང་ལོག་པར་མི་བྱེད་པ་འདི་དེ་བྱང་ཆུབ་སེམས་དཔའི་བདེན་པའོ། །གང་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ་སེམས་དེ་ཕྱིས་ཡོངས་སུ་གཏོང་ཞིང༌། སེམས་ཅན་རྣམས་ལའང་ལོག་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་བརྫུན་དུ་སྨྲ་བ་ཐ་མ་ཡིན་ནོ་ཞེས་གསུངས་སོ། །འཕགས་པ་བློ་གྲོས་རྒྱ་མཚོའི་མདོ་ལས་ཀྱང༌། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན་རྒྱལ་པོའམ་རྒྱལ་པོའི་བློན་པོས་ཆེན་པོས་གྲོང་ཁྱེར་གྱི་སྐྱེ་བོ་ཐམས་ཅད་སང་ཟན་སྦྱིན་ནོ་ཞེས་མགྲོན་དུ་བོས་ནས་ཡལ་བར་དོར་ཏེ། བཟའ་བ་དང་བཏུང་བ་མི་སྦྱར་ནས་དེས་སྐྱེ་བའི་ཚོགས་དེ་དག་ཐམས་ཅད་བསླུས་པ་ཡིན་ཏེ། དེ་དག་ཀྱང་བཟའ་བ་དང་བཏུང་བ་མ་ཐོབ་པས་འཕྱ་ཞིང་སླར་འདོང་བ་དེ་བཞིན་དུ་བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་མ་རྒལ་བ་བསྒྲལ་བ་དང༌། མ་གྲོལ་བ་དགྲོལ་བ་དང་དབུགས་མ་ཕྱིན་པ་དབུགས་དབྱུང་བ་དང་ཡོངས་


DTG111_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་དབུགས་ཕྱུང་ལ། མང་དུ་ཐོས་པ་དང་དེ་ལས་གཞན་པ་དགེ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡང་བརྩོན་པར་མི་བྱེད་ན། བྱང་ཆུབ་སེམས་དཔའ་དེ་ནི་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་མ་ཡིན་ཏེ། ལྷ་དང་བཅས་པའི་འཇིག་རྟེན་ལ་སླུ་བ་ཡིན་ནོ། །དེ་ལྟ་བུ་སྔོན་སངས་རྒྱས་མཐོང་བའི་ལྷ་རྣམས་ཀྱིས་མཐོང་ན་འཕྱ་ཞིང་གཞོགས་འཕྱས་བྱེད་ལ་རྣམ་པར་སྨོད་དེ། གང་དག་མཆོད་སྦྱིན་བྱ་བར་དམ་བཅས་པ་ཉམས་འོག་ཏུ་ཆུད་པར་བྱེད་པའི་མཆོད་སྦྱིན་གྱི་བདག་པོ་དེ་དག་ནི་དཀོན་ནོ། །བློ་གྲོས་རྒྱ་མཚོ་དེ་ལྟ་བས་ན་ཚིག་གང་གིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་སླུ་བར་འགྱུར་བའི་ཚིག་དེ་ལྟ་བུ་བྱང་ཆུབ་སེམས་དཔས་སྨྲ་བར་མི་བྱའོ། །བློ་གྲོས་རྒྱ་མཚོ་གཞན་ཡང་གང་ལ་ལ་ཞིག་གིས། བྱང་ཆུབ་སེམས་དཔའ་གང་ལ་ཆོས་ཀྱི་དོན་བྱ་བར་གསོལ་བ་བཏབ་པ་དེ་ལ་བྱང་ཆུབ་སེམས་དཔའ་ཁོ་བོས་ཁྱོད་ཀྱིས་ཆོས་ཀྱི་དོན་འདི་ཡོངས་སུ་ཐོབ་པར་བྱའོ། །ཞེས་ཚིག་སྨྲས་པར་གྱུར་ན། བྱང་ཆུབ་སེམས་དཔས་དེ་ལ་ལུས་ནི་ཡོངས་སུ་གཏང་བར་བྱའི་སེམས་ཅན་སླུ་བར་ནི་མི་བྱའོ་ཞེས་གསུངས་སོ། །དེ་བས་ན་རང་གི་མཐུ་དང་སྦྱར་ཏེ་དགེ་བའི་རྩ་བ་གཅིག་ཙམ་ཡང་ཡང་དག་པར་བླངས་ལ་བསྲུང་བར་བྱ་སྟེ། འཕགས་པ་སའི་སྙིང་པོའི་མདོ་ལས་ཇི་སྐད་དུ། དགེ་བའི་ལམ་བཅུ་པོ་འདི་དག་གིས་སངས་རྒྱས་སུ་འགྱུར་གྱི་གང་གིས་ཇི་སྲིད་འཚོའི་བར་དུ་ཐ་ན་དགེ་བའི་ལས་ཀྱི་ལམ་གཅིག་ཙམ་ཡང་མི་སྲུང་ལ། འོན་ཀྱང་ཚིག་འདི་སྐད་དུ་ང་ནི་ཐེག་པ་ཆེན་པོ་པ་སྟེ་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཚོལ་ལོ་ཞེས་ཟེར་ན། གང་ཟག་དེ་ནི་ཤིན་ཏུ་ཚུལ་འཆོས་པ་བརྫུན་ཆེན་པོ་སྨྲ་བ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་སྤྱན་སྔར་འཇིག་རྟེན་ལ་སླུ་བར་བྱད་པ་ཆད་པར་སྨྲ་བ་སྟེ། དེ་རྨོངས་བཞིན་དུ་འཆི་བའི་དུས་བྱེད་ཅིང་ལོག་པར་ལྟུང་བར་འགྲོའོ་ཞེས་གསུངས་པ་བཞིན་ནོ། །དུས་ཇི་སྲིད་དུ་ནུས་པ་དེ་སྲིད་དུ་ཡང་དགེ་བ་ཡང་དག་པར་བླངས་ཏེ་གནས་པར་བྱ་སྟེ། འདི་ནི་སྨན་གྱི་བླ་བཻ་ཌཱུཪྻ་འོད་ཀྱི་རྒྱལ་པོའི་མདོ་ལས་བལྟ་


DTG111_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །སེམས་ཅན་ཆེན་པོ་གང་དེ་ལྟ་བུ་ཐོས་ནས་ཀྱང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་དཀའ་བ་ཤེས་རབ་ཀྱིས་རྟོགས་པར་བྱས་ནས། སྐྱེ་བོ་མ་ལུས་པ་སྡུག་བསྔལ་ལས་བསྐྱབ་པར་ཁུར་ཁྱེར་བར་སྤྲོ་བ་དེས་ནི་ཕྱག་བྱ་བ་དང་མཆོད་པ་དང༌། སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། སངས་རྒྱས་ལ་བསྐུལ་བ་དང༌། གསོལ་བ་གདབ་པ་དང༌། བྱང་ཆུབ་ཏུ་བསྔོ་བ་བྱས་ལ། དགེ་བའི་བཤེས་གཉེན་ལ་གསོལ་བ་གདབ་སྟེ། དེའི་ཚིག་གི་རྗེས་སུ་བརྗོད་པ་འམ། ཡང་ན་བདག་ཉིད་ཀྱིས་བརྗོད་པས། སློབ་དཔོན་དགོངས་སུ་གསོལ་བདག་མིང་འདི་ཞེས་བགྱི་བ་ཞེས་སྨོས་ལ། ཇི་ལྟར་འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་མདོ་ལས། བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གྱིས་སྔོན་གྱི་ཚེའི་རྟོགས་པ་བརྗོད་པ་ལས་སྤྱོད་པ་དང་ལྡན་པར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ་སེམས་བསྐྱེད་པར་བྱའོ། །དེས་འདི་སྐད་ཅེས། །འཁོར་བ་ཐོག་མ་མེད་པ་ཡིས། །སྔོན་གྱི་ཐ་མ་ཇི་སྲིད་པ། །དེ་སྲིད་སེམས་ཅན་ཕན་དོན་དུ། །སྤྱོད་པ་དཔག་ཡས་སྤྱད་པར་བགྱི། །འཇིག་རྟེན་མགོན་པོའི་སྤྱན་སྔ་འདིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །འགྲོ་བ་ཐམས་ཅད་མགྲོན་གཉེར་ནས། །དེ་དག་དབུལ་ཞིང་ཕོངས་ལས་དགྲོལ། །དེ་རིང་ཕན་ཆད་གལ་ཏེ་ཡང༌། །བདག་གིས་འདོད་ཆགས་སེམས་བསྐྱེད་ནས། །ཕྱོགས་བཅུ་དག་ན་གང་བཞུགས་པའི། །སངས་རྒྱས་ཐམས་ཅད་བསླུས་པར་འགྱུར། །བྱང་ཆུབ་ནམ་ཞིག་ཐོབ་པར་དུ།། ཐ་བའི་སེམས་དང་གནོད་སེམས་དང༌། །ཕྲག་དོག་དང་ནི་སེར་སྣ་ཡང༌། །དེ་རིང་ཕན་ཆད་མི་བྱའོ། །ཚངས་པའི་སྤྱོད་པ་བདག་གིས་སྤྱད། །སྡིག་པའི་འདོད་པ་ཡོངས་སུ་གཏང༌། །ཚུལ་ཁྲིམས་སྡོམ་དང་དེས་པ་ལ། །སངས་རྒྱས་རྗེས་སུ་བསླབ་པར་བྱ། །བདག་འདིར་བྱང་ཆུབ་རིངས་ཚུལ་དུ། །འཚང་རྒྱར་མོས་ཤིང་སྤྲོ་བ་མེད། །ཕྱི་མཐར་ཐུག་གི་བར་དུ་ཡང༌། །སེམས་ཅན་གཅིག་ཕྱིར་སྤྱད་པར་བགྱི། །ཚད་མེད་བསམ་གྱིས་མི་ཁྱབ་པའི། །སངས་རྒྱས་ཞིང་ནི་སྦྱང་བར་བགྱི། །ཕྱོགས་རྣམས་བཅུ་པོ་ཐམས་ཅད་དུ། །བདག་གི་མིང་ནི་


DTG111_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པར་བགྱི། །ལུས་དང་ངག་གི་ལས་རྣམས་ཀྱང༌། །རྣམ་པ་ཀུན་དུ་བདག་གིས་སྦྱང༌། །ཡིད་ཀྱི་ལས་ཀྱང་སྦྱང་བར་བགྱི། །མི་དགེའི་ལས་ནི་སྤྱད་མི་བགྱི། །ཞེས་བརྗོད་དོ། །འདི་ལ་དུས་ཐམས་ཅད་དུ་སྡོམ་པ་བཟུང་བ་ལས་ཚེ་རབས་གཞན་དུ་ལྟུང་བ་འབྱུང་བའི་དོགས་པར་ཡང་མི་བྱ་སྟེ། མདོ་འདི་ཉིད་ལས་མི་འཁྲུགས་པའི་སྨོན་ལམ་སྣང་བའི་ཕྱིར་རོ། །དེ་ལས་འདི་སྐད་དུ། ཇི་ལྟར་དེ་བཞིན་གཤེགས་པ་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན་ཚིག་འདི་སྐད་དུ། གལ་ཏེ་བདག་ཚེ་རབས་ཐམས་ཅད་དུ་རབ་ཏུ་མ་བྱུང་ན་བདག་གིས་སངས་རྒྱས་ཐམས་ཅད་བསླུས་པར་འགྱུར་རོ་ཞེས་བརྗོད་དེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་མི་འཁྲུགས་པའི་རྗེས་སུ་བསླབ་པར་བྱའོ། །ཤཱ་རིའི་བུ་དེ་ལྟར་བསླབས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་རབས་ཐམས་ཅད་དུ་རབ་ཏུ་འབྱུང་སྟེ། དེ་བཞིན་གཤེགས་པ་བྱུང་ཡང་རུང་མ་བྱུང་ཡང་རུང༌། གདོན་མི་ཟ་བར་ཁྱིམ་གྱི་གནས་ནས་འབྱུང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་ཁྱིམ་གྱི་གནས་ནས་མངོན་པར་འབྱུང་བ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྙེད་པའི་མཆོག་གོ །དེ་བཞིན་དུ་སྦྱར་ཏེ། ཆུང་མ་དང་བུ་དང་བུ་མོ་ལ་དེ་ཆགས་པར་མི་འགྱུར་རོ་ཞེས་གསུངས་སོ། །ཇི་ལྟར་ཚེ་རབས་གཞན་དུ་ཉེས་པ་འདིར་མི་འགྱུར་བ་དེ་ལྟར་ནི་འདི་ཉིད་དུ་འཆད་པར་འགྱུར་བས་དེས་ན་རེ་ཞིག་གཞག་གོ །དེ་ལྟར་སྡོམ་པ་ཡང་དག་པར་བཟུང་བ་ལ་ལྟུང་བའི་མཚན་ཉིད་གང་གིས་བརྗོད་པའི་དངོས་པོ་བདག་ཉིད་ཀྱིས་བརྟགས་ཏེ་སྤོང་བ་དང༌། ལྟུང་བའི་གཟུགས་བརྙན་དང་ལྟུང་བ་མ་ཡིན་པའི་གཟུགས་བརྙན་ལ་རྨོངས་པར་མི་འགྱུར་བར་ལྟུང་བ་སྤྱིའི་མཚན་ཉིད་བརྗོད་དོ། །བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ད་ལྟར་དང་མ་འོངས་པའི་སྡུག་བསྔལ་དང་ཡིད་མི་བདེ་བ་ཐམས་ཅད་ཞི་བར་བྱ་བ་དང༌། ད་ལྟར་དང་མ་འོངས་པའི་བདེ་བ་དང་ཡིད་བདེ་བ་ཐམས་ཅད་བསྐྱེད་པའི་ཕྱིར། གཡོ་མེད་པར་ལུས་དང་ངག་དང་ཡིད་བརྩོན་པས་ནན་ཏན་མི་བྱེད་པ་དང༌། དེའི་རྐྱེན་ཚོགས་པ་མི་ཚོལ་བ་དང༌། དེའི་བར་དུ་གཅོད་པའི་གཉེན་པོ་ལ་མི་འབད་པ་དང༌། སྡུག་


DTG111_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་བ་དང་ཡིད་མི་བདེ་བ་ཆུང་དུས་སྡུག་བསྔལ་དང་ཡིད་མི་བདེ་བ་ཆེན་པོའི་གཉེན་པོར་འགྱུར་བ་མི་སྐྱེད་པ་དང༌། དོན་ཆེན་པོ་སྒྲུབ་པའི་ཕྱིར་དོན་ཆུང་ངུ་ཉམས་པར་མི་བྱེད་པས། སྐད་ཅིག་གཅིག་ཙམ་ཡང་ཡལ་བར་བོར་ན་ལྟུང་བ་དང་བཅས་པ་ཡིན་ནོ། །མདོར་ན་རང་གི་ནུས་པའི་ཡུལ་མ་ཡིན་པའི་བྱ་བ་རྣམས་ལ་ལྟུང་བ་མེད་དེ། དོན་དམ་པ་ཉིད་ཀྱིས་དེ་ལ་བསླབ་པ་བཅས་པ་མེད་པའི་ཕྱིར་རོ། །གཞན་ལ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་ཉིད་དུ་གཟུང་བ་ཁོ་ནའོ། །རང་གི་ནུས་པའི་སྤྱོད་ཡུལ་མ་ཡིན་པ་གང་ཞིག་ལ་བརྩོན་པར་བྱེད་ན་ལྟུང་བར་འགྱུར་ཏེ། དེ་ནི་བསམ་མི་དགོས་པར་སྤྱིར་སྡིག་པ་བཤགས་པའི་ནང་དུ་འདུས་པས་དེ་ལས་གྲོལ་བར་འགྱུར་རོ། །དེ་དག་ནི་མདོར་ན། བྱང་ཆུབ་སེམས་དཔའི་བསླབ་པའི་ཁོག་པ་ཡིན་ཏེ། རྒྱས་པར་ནི་བསྐལ་པ་དཔག་ཏུ་མེད་པ་མཐའ་ཡས་པར་བཤད་དུ་ཡོད་དོ། །ཡང་མདོར་ན་བྱང་ཆུབ་སེམས་དཔའི་ལྟུང་བ་རྣམ་པ་གཉིས་ཏེ། ཅི་ནུས་པར་རིགས་པ་དང་མ་རིགས་པ་མ་བརྟགས་པར་རྩོམ་པའམ་རྟོག་པའམ་བཏང་སྙོམས་སུ་འཇོག་པ་ནི་ལྟུང་བ་དང་བཅས་པ་ཡིན་ནོ། །བརྟགས་ཏེ་གར་འོས་པ་ལས་འདའ་བར་བྱེད་ན། ཐ་ན་གདོལ་པའི་བྲན་གྱིས་དཔྱས་ན་ཡང་ལྟུང་བ་དང་བཅས་པ་ཡིན་ནོ། །འདི་གང་ལས་ཤེས་ཤེ་ན། ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་གསུངས་པ་ལས་ཤེས་ཏེ། བྱམས་པ་རྒྱུ་བཞིས་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་སྤོབས་པར་རིག་པར་བྱའོ། །བཞི་གང་ཞེ་ན། བྱམས་པ་འདི་ལ་སྤོབས་པ་དོན་དང་ལྡན་པ་ཡིན་ཏེ་དོན་མེད་པ་དང་ལྡན་པ་མ་ཡིན་པ་དང༌། ཆོས་དང་ལྡན་པ་ཡིན་ཏེ་ཆོས་མ་ཡིན་པ་དང་ལྡན་པ་མ་ཡིན་པ་དང༌། ཉོན་མོངས་པ་འབྲི་བར་བྱེད་པ་ཡིན་ཏེ་ཉོན་མོངས་པ་འཕེལ་བར་བྱེད་པ་མ་ཡིན་པ་དང༌། མྱ་ངན་ལས་འདས་པའི་ཡོན་ཏན་དང་ཕན་ཡོན་སྟོན་པ་ཡིན་ཏེ་འཁོར་བའི་ཡོན་ཏན་དང་ཕན་ཡོན་སྟོན་པ་མ་ཡིན་པ་སྟེ་འདི་བཞིས་སོ། །དེ་བཞིན་དུ་སྦྱར་ཏེ་བྱམས་པ་གང་ལ་ལ་རྒྱུ་འདི་བཞིས་སྤོབས་སམ། སྤོབས་པར་འགྱུར་བ་དེ་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དག་གིས་སངས་རྒྱས་སུ་འདུ་ཤེས་བསྐྱེད་པར་བྱའོ། །སྟོན་པར་


DTG111_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ཤེས་བྱས་ཏེ་དམ་པའི་ཆོས་མཉན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་གང་ཅུང་ཟད་ལེགས་པར་སྨྲས་པ་དེ་ཐམས་ཅད་ནི་སངས་རྒྱས་ཀྱིས་གསུངས་པ་ཡིན་ནོ། །བྱམས་པ་དེ་ལ་སུ་སྤོབས་པ་འདི་དག་ལ་སངས་རྒྱས་ཀྱིས་བཤད་པ་མ་ཡིན་ནོ། །ཞེས་སྤོང་བ་དང་གང་ཟག་དེ་ལ་ཞེ་སྡང་བའི་ཕྱིར། དེ་དག་ལ་རི་མོ་མི་བྱེད་ན། དེས་སངས་རྒྱས་ཀྱིས་བཤད་པའི་སྤོབས་པ་ཐམས་ཅད་སྤངས་པར་འགྱུར་རོ། །ཆོས་སྤངས་པས་ཆོས་ཀྱིས་ཕོངས་པར་འགྱུར་བ་དང་མཐུན་པའི་ལས་ཀྱིས་ངན་སོང་དུ་འགྲོ་བར་འགྱུར་རོ་ཞེས་གསུངས་སོ། །ཡང་གང་ཞིག་གོམས་པའི་དོན་དུ་འདི་ཤེས་པར་འདོད་པ་དེས་བསླབ་པ་ཀུན་ལས་བཏུས་པ་འདི་ལ་སྤྱོད་པའི་སྒོ་ཙམ་བསླབ་པའི་ཕྱིར་བརྩོན་པར་བྱས་ཏེ། བསླབ་པ་ལ་བརྩོན་པ་འབྲས་བུ་ཤིན་ཏུ་ཆེ་བའི་ཕྱིར་རོ། །རབ་ཏུ་ཞི་བའི་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས། འཇམ་དཔལ་གང་གིས། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་རྣམས་ལས། སངས་རྒྱས་རེ་རེ་ལ་ཡང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོས་རབ་ཏུ་བཀང་སྟེ་དབུལ་བ་ཕུལ་ལ་དེ་ལྟར་འབུལ་བས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་དབུལ་བ་ཕུལ་བ་བས། འཇམ་དཔལ་བྱང་ཆུབ་སེམས་དཔའ་གཞན་གང་གིས་རྣམ་པ་འདི་ལྟ་བུའི་ཆོས་འདི་ཐོས་ནས་ཕྱོགས་གཅིག་ཏུ་སོང་སྟེ་འདི་ལྟར་སེམས་ཀྱིས་མངོན་པར་རྟོག་ཅིང༌། འདི་ལྟ་བུའི་ཆོས་ལ་བསླབ་པར་བྱའོ་ཞེས་སློབ་པར་འདོད་ན། དེས་མ་བསླབས་སུ་ཟིན་ཀྱང་བསོད་ནམས་ཆེས་མང་དུ་བསྐྱེད་དེ། བྱང་ཆུབ་སེམས་དཔའ་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་སྦྱིན་པའི་བསོད་ནམས་ནི་དེ་ལྟ་བུ་མ་ཡིན་ནོ་ཞེས་ཇི་སྐད་དུ་གསུངས་པ་བཞིན་ནོ། །དེ་བས་ན་དེ་ལྟ་བུའི་ཕན་ཡོན་མཐོང་བའི་བྱང་ཆུབ་སེམས་དཔས་ཅི་ནས་ཀྱང་ཕྱིར་མི་ལྡོག་པར་བྱ་སྟེ། དེ་ཉིད་ལས་འཇམ་དཔལ་འདི་ལྟ་སྟེ་དཔེར་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་དེ་དག་ལས། སེམས་ཅན་རེ་རེ་ནས་འཛམ་བུའི་གླིང་ལ་དབང་པའི་རྒྱལ་པོར་འགྱུར་ཏེ། དེ་དག་ཐམས་ཅད་ཀྱིས་ཚིག་འདི་སྐད་ཅེས། བདག་


DTG111_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་གིས་གང་ཐེག་པ་ཆེན་པོ་ལེན་པ་དང༌། འཛིན་པ་དང༌། ཀློག་པ་དང༌། ཀུན་ཆུབ་པར་བྱེད་པ་དེའི་ཤ་ལས་ཉི་མ་རེ་རེ་ཞིང་ཡང་སྲང་ལྔ་ལྔ་སེན་མོས་གཅད་པར་བྱ་སྟེ། དེ་ཚུལ་དེ་ལྟ་བུས་སྲོག་དང་དབྲལ་ལོ་ཞེས་སྨྲ་བ་ལ། འཇམ་དཔལ་གལ་ཏེ་བྱང་ཆུབ་སེམས་དཔའ་དེ་དེ་སྐད་སྨྲ་བས་མི་སྐྲག་མི་དངང་དངང་བར་མི་འགྱུར་ཏེ། ཐ་ན་སྐྲག་པའི་སེམས་གཅིག་ཀྱང་མི་སྐྱེད་ཞུམ་པ་མེད་གང་བ་མེད་ཐེ་ཚོམ་མེད་ལ་ཕྱིར་ཞིང་ཆོས་ཡོངས་སུ་གཟུང་བ་ལ་བརྩོན་ཏེ། ཀློག་པ་དང་ཁ་ཏོན་བྱེད་པ་ལ་བརྩོན་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་དེ་ནི། འཇམ་དཔལ་བྱང་ཆུབ་སེམས་དཔའ་སྦྱིན་པ་ལ་དཔའ་བ། ཚུལ་ཁྲིམས་ལ་དཔའ་བ། བཟོད་པ་ལ་དཔའ་བ། བརྩོན་འགྲུས་ལ་དཔའ་བ། བསམ་གཏན་ལ་དཔའ་བ། ཤེས་རབ་ལ་དཔའ་བ། ཏིང་ངེ་འཛིན་ལ་དཔའ་བ་ཞེས་བྱའོ། །འཇམ་དཔལ་གལ་ཏེ་བྱང་ཆུབ་སེམས་དཔའ་དེ་གསོད་པའི་མི་དེ་དག་ལ་མི་ཁྲོ་ཞིང་ཐ་བ་དང་ཞེ་སྡང་གི་སེམས་མི་སྐྱེད་ན། འཇམ་དཔལ་བྱང་ཆུབ་སེམས་དཔའ་དེ་ནི་ཚངས་པ་དང་མཚུངས་པ། དབང་པོ་དང་མཚུངས་པ་མི་གཡོ་བ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་བཞིན་ནོ། །འདི་ལས་ཀྱང་ད་ལྟར་གྱི་དུས་ན་བསླབ་པ་ལ་གུས་པར་བྱེད་པ་འབྲས་བུ་རྣམ་པར་སྨིན་པ་ཆེ་བ་ཡིན་ཏེ། ཟླ་བ་སྒྲོན་མའི་མདོ་ལས། །བསྐལ་པ་བྱེ་བ་གང་གཱའི་བྱེ་སྙེད་དུ། །སངས་རྒྱས་དག་ནི་བྱེ་བ་ཁྲག་ཁྲིག་ལ། །གདུགས་དང་བ་དན་མར་མེའི་ཕྲེང་བ་དང༌། །ཟས་དང་སྐོམ་གྱིས་དད་སེམས་མཆོད་བྱས་པས། །གང་གིས་དམ་པའི་ཆོས་འདི་འཇིག་པའི་ཚེ། །བདེ་བར་གཤེགས་པའི་བསྟན་པ་འགག་པ་ན། །ཉིན་ཞག་དུས་ནི་བསླབ་པ་གཅིག་བཟུང་བ། །དེ་བས་བསོད་ནམས་འདི་ནི་ཁྱད་པར་འཕགས། །ཞེས་གསུངས་ཏེ། དེ་བས་ན་བསླབ་པ་ལ་གུས་པར་བྱའོ། །བཅོམ་ལྡན་འདས་ཀྱིས་མདོ་དག་ལས་བྱང་ཆུབ་སེམས་དཔའ་བསླབ་པའི་གཞི་རྣམས་གསུངས་ཏེ། འཕགས་པ་དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའི་བསླབ་པའི་སྡོམ་པས་བསྡམས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་


DTG111_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་འདི་ལྟར་དཔྱོད་དེ་སོ་སོར་ཐར་པའི་སྡོམ་པ་ཙམ་གྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཀྱང༌། དེ་བཞིན་གཤེགས་པས་གང་འདི་མདོ་སྡེ་དོ་དང་དེ་དག་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་བྱང་ཆུབ་སེམས་དཔའི་བསླབ་པའི་གནས་བཅས་པ་གང་ཡིན་པ་དེ་དག་ལ་བདག་གིས་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལྟར་རྒྱ་ཆེར་གསུངས་པས། བདག་ལྟ་བུ་བློ་ཞན་པས་བྱང་ཆུབ་སེམས་དཔའི་སྡོམ་པ་ཤེས་པར་དཀའ་བས་ན། དེ་ལ་ཇི་ལྟར་བྱང་ཆུབ་རིགས་ཤེ་ན། །གང་གིས་ལྟུང་བར་མི་འགྱུར་བ། །གནད་ཀྱི་གནས་རྣམས་འདིར་རིག་བྱ། །གནད་ཀྱི་གནས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། །བདག་གི་ལུས་དང་ལོངས་སྤྱོད་དང༌། །དགེ་བ་དུས་གསུམ་སྐྱེས་པ་རྣམས། །སེམས་ཅན་ཀུན་ལ་བཏང་བ་དང། །དེ་བསྲུང་དག་པ་སྤེལ་བའོ། །འདི་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་བསྡུས་པ་ཡིན་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་རྣམས་བསྒོམ་པ་གློད་ན་ཡང་ལྟུང་བར་འགྱུར་བ་ནི། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པའི་མདོ་ལས་གསུངས་པ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ཕྱིར། སྡུག་བསྔལ་ཟང་པར་འགྱུར་བའི་ལམ་གང་བཟུང་བ་དེ། བྱང་ཆུབ་སེམས་དཔའ་འཛིན་ཅིང་གནས་པས་བསྐལ་པ་བྱེ་བ་འདས་ནས། ཐ་ན་འདུག་པ་ཙམ་གྱིས་བདེ་བ་འདོད་པའི་སེམས་ཅིག་སྐྱེས་ན་ཡང༌། དེ་ལ་ཡང་བྱང་ཆུབ་སེམས་དཔས་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། བདག་འདི་ལྟར་འདུག་པ་ནི་སེམས་ཅན་ཐམས་ཅད་ལ་གནོང་སྐུར་རོ་ཞེས་སོ། །འདུལ་བ་ཡོངས་སུ་དག་པའི་མདོ་ལས་ཀྱང༌། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་མཚམས་མེད་པ་གང་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་མཚམས་མེད་པ་ནི་འདི་ལྟ་སྟེ། ལྔ་གང་ཞེ་ན། ལྷའི་བུ་ནམ་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་


DTG111_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ནས་བར་མ་དོར་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་སེམས་མི་བསྐྱེད་ན་ལྷའི་བུ་འདི་ནི་མཚམས་མེད་པ་དང་པོའོ། །བདོག་པ་ཐམས་ཅད་ཡོངས་སུ་གཏང་བར་སེམས་བསྐྱེད་ལ་བར་མ་དོར་སེར་སྣའི་སེམས་དང་ལྷན་ཅིག་མི་གནས་པ་འདི་ནི་ལྷའི་བུ་མཚམས་མེད་པ་གཉིས་པའོ། །སེམས་ཅན་ཐམས་ཅད་བདག་གིས་བསྐྱབ་པར་བྱའོ་ཞེས་དེ་ལྟར་སེམས་བསྐྱེད་ལ་བར་མ་དོར་ཞུམ་པར་མི་བྱེད་པ་འདི་ནི་ལྷའི་བུ་མཚམས་མེད་པ་གསུམ་པའོ། །ཆོས་ཐམས་ཅད་མ་སྐྱེས་མ་འགགས་པར་ཁོང་དུ་ཆུད་པར་བྱའོ་ཞེས་དེ་ལྟར་སེམས་བསྐྱེད་ལ་བར་མ་དོར་ལྟ་བར་གྱུར་པའི་ནང་དུ་མ་ལྟུང་བ་འདི་ནི་ལྷའི་བུ་མཚམས་མེད་པ་བཞི་པའོ། །སྐད་ཅིག་མ་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་དེ་ལྟར་སེམས་བསྐྱེད་ལ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པར་བར་མ་དོར་མི་འདུག་ཅིང་རྒྱུན་མི་གཅོད་པ་འདི་ནི་ལྷའི་བུ་མཚམས་མེད་པ་ལྔ་པའོ་ཞེས་བྱ་བའོ། །དེ་ལྟ་བས་ན་ལུས་དང་ལོངས་སྤྱོད་དང་བསོད་ནམས་རྒྱུན་མི་འཆད་པར་གཏང་བ་དང་བསྲུང་བ་དང་དག་པ་དང་སྤེལ་བ་ཅི་རིགས་པར་བསྒོམ་པར་བྱའོ། །དེ་ལ་རེ་ཞིག་གཏང་བའི་ཕྱིར་ཡོངས་སུ་འཛིན་པའི་ཉེས་པ་བསྒོམ་པའི་སྒོ་ནས་འདོད་ཆགས་དང་བྲལ་བ་བསྐྱེད་ཅིང་གཏོང་བའི་ཕན་ཡོན་ཡང་བསྒོམ་མོ། །ཟླ་བ་སྒྲོན་མའི་མདོ་ལས་ཇི་སྐད་དུ། །རུལ་པར་གྱུར་པའི་ལུས་འདི་དང༌། །སྲོག་ཀྱང་གཡོ་བ་དབང་མེད་ཅིང༌། །རྨི་ལམ་སྒྱུ་མ་འདྲ་བ་ལ། །བྱིས་པ་འདི་དག་ཆགས་པས་ན། །ཤིན་ཏུ་མ་རུངས་ལས་བྱས་ཏེ། །སྡིག་པའི་དབང་དུ་སོང་བ་དང༌། །མི་མཁས་འཆི་བདག་བཞོན་པས་སོང༌། །དེ་དག་མི་བཟད་སེམས་དམྱལ་འགྲོ། །ཞེས་གསུངས་པ་བཞིན་ནོ། །དེ་སྐད་དུ་སྒོ་མཐའ་ཡས་པ་བསྒྲུབ་པའི་གཟུངས་ལས་ཀྱང༌། སེམས་ཅན་གང་དག་ཁ་ཅིག་རྩོད་འགྱུར་བ། །དེ་ཡི་གཞི་རྩ་ཡོངས་སུ་འཛིན་པ་སྟེ། །དེ་ལྟས་གང་ལ་སྲེད་པར་འགྱུར་བ་སྤོངས། །སྲེད་པ་སྤངས་བ་བྱས་ན་གཟུངས་སུ་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས་ཀྱང༌། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་ཆོས་


DTG111_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་གཞན་གྱི་འདུ་ཤེས་བསྐྱེད་དེ་དངོས་པོ་ཅི་ཡང་མི་ལེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ལེན་པ་ནི་འཇིགས་པ་ཡིན་ནོ་ཞེས་གསུངས་སོ། །དྲག་ཤུལ་ཅན་གྱིས་ཞུས་པ་ལས་ཀྱང༌། གང་བྱིན་པ་དེ་ནི་ཡང་བསྲུང་བར་བྱ་བ་མ་ཡིན་པའོ། །གང་ཁྱིམ་ན་གཞག་པ་དེ་ནི་བསྲུང་བར་བྱ་བའོ། །གང་བྱིན་པ་དེ་ནི་སྲིད་པ་ཟད་པར་འགྱུར་བའོ། །གང་ཁྱིམ་ན་གཞག་པ་དེ་ནི་སྲིད་པ་རྣམ་པར་འཕེལ་བའོ། །གང་བྱིན་པ་དེ་ནི་ཡོངས་སུ་མི་འཛིན་པའོ། །གང་ཁྱིམ་ན་གཞག་པ་དེ་ནི་ཡོངས་སུ་འཛིན་པ་དང་བཅས་པའོ། །གང་བྱིན་པ་དེ་ནི་འཇིགས་པ་མེད་པའོ། །གང་ཁྱིམ་ན་གཞག་པ་དེ་ནི་འཇིགས་པ་དང་བཅས་པའོ། །གང་བྱིན་པ་དེ་ནི་བྱང་ཆུབ་ཀྱི་ལམ་ཉེ་བར་སྟོན་པའོ། །གང་ཁྱིམ་ན་གཞག་པ་དེ་ནི་བདུད་ཀྱི་ཕྱོགས་ཉེ་བར་སྟོན་པའོ། །གང་བྱིན་པ་དེ་ནི་ཟད་མི་ཤེས་པའོ། །གང་ཁྱིམ་ན་གཞག་པར་གྱུར་པ་དེ་ནི་ཟད་པར་གྱུར་པའོ། །གང་བྱིན་པ་དེ་ནི་བདེ་བའོ། །གང་ཁྱིམ་ན་གཞག་པ་དེ་ནི་ཀུན་བསྲུང་དགོས་པས་སྡུག་བསྔལ་བའོ། །གང་བྱིན་པ་དེ་ནི་ཉོན་མོངས་པ་སྤོང་བར་འགྱུར་བའོ། །གང་ཁྱིམ་ན་གཞག་པ་དེ་ནི་ཉོན་མོངས་པ་འཕེལ་བར་བྱེད་པའོ། །གང་བྱིན་པ་དེ་ནི་ལོངས་སྤྱོད་ཆེན་པོར་འགྱུར་བའོ། །གང་ཁྱིམ་ན་གཞག་པ་དེ་ནི་ལོངས་སྤྱོད་ཆེན་པོར་མི་འགྱུར་བའོ། །གང་བྱིན་པ་དེ་ནི་སྐྱེས་བུ་དམ་པའི་ལས་སོ། །གང་ཁྱིམ་ན་གཞག་པ་དེ་ནི་སྐྱེས་བུ་དམ་པའི་ལས་སོ། །གང་བྱིན་པ་དེ་ནི་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་པའོ། །གང་ཁྱིམ་ན་གཞག་པ་དེ་ནི་བྱིས་པའི་སྐྱེ་བོས་བསྔགས་པའོ་ཞེས་བྱ་བ་ནས། གལ་ཏེ་དེས་བུ་ལ་ལྷག་པར་སྡུག་པ་བསྐྱེད་ལ་དེ་བཞིན་དུ་སེམས་ཅན་གཞན་ལ་མ་ཡིན་ན་དེས་སྤྱོ་བ་གསུམ་གྱིས་རང་གི་སེམས་ལ་སྤྱོ་བར་བྱ་སྟེ། གསུམ་གང་ཞེ་ན། བྱང་ཆུབ་ནི་སེམས་སྙོམས་ངའི་བྱང་ཆུབ་སེམས་དཔའ་ཡིན་གྱི་སེམས་མེ་སྙོམས་པའི་མ་ཡིན་ནོ། །བྱང་ཆུབ་ནི་ཡང་དག་པར་སྦྱོར་བའི་བྱང་ཆུབ་སེམས་དཔའ་ཡིན་གྱི་ལྡོག་པར་སྦྱོར་བ་ནི་མ་ཡིན་ནོ། །བྱང་ཆུབ་ནི་ཐ་དད་པ་མེད་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཡིན་གྱི་ཐ་དད་དུ་སྤྱོད་པ་ནི་མ་ཡིན་པ་སྟེ་སྤྱོ་བ་གསུམ་པོ་འདི་དག་གིས་རང་གི་སེམས་


DTG111_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྤྱོས་ནས། བུ་དེ་ལ་མི་སྡུག་པའི་འདུ་ཤེས་བསྐྱེད་པར་བྱའོ། །འདི་ནི་མི་སྡུག་པ་སྟེ། བདག་གི་སྙིང་དུ་སྡུག་པ་ཡིན་ན། གང་བདག་གིས་དེའི་དོན་དུ་བུ་དེ་ལ་ནི་ལྷག་པར་སྡུག་པ་བསྐྱེད་ལ་སེམས་ཅན་གཞན་ལ་ནི་དེ་ལྟ་མ་ཡིན་པས་སངས་རྒྱས་ཀྱིས་བཀའ་སྩལ་པའི་བསླབ་པ་དང་འགལ་བར་འགྱུར་རོ། །བདག་གིས་དེའི་ཕྱིར་དགེ་བའི་རྩ་བ་ལ་ཡང་གནོད་པ་བྱས་སྲོག་ལ་ཡང་བག་མེད་དེ་གནོད་པར་འགྱུར་བས་འདི་ནི་བདག་ལ་གནོད་པར་བྱེད་པའོ། །བདག་དེའི་ཕྱིར་བྱང་ཆུབ་ཀྱི་ལམ་དང་མི་མཐུན་པའི་ལམ་ལ་སྤྱོད་པས། འདི་ནི་བདག་ལ་ཕྱིར་རྒོལ་བའོ་སྙམ་དུ་འདུ་ཤེས་གསུམ་པོ་དེ་དག་བསྐྱེད་པར་བྱའོ། །དེས་བུ་དེ་རྒྱུར་བྱས་ཏེ། ཇི་ལྟ་ཇི་ལྟ་བུར་བུ་དེ་ལ་སྡུག་པར་སེམས་པ་དང་ལྡན་པ་བཞིན་དུ་སེམས་ཅན་ཐམས་ཅད་ལ་བྱམས་པ་བསྐྱེད་པ་དང༌། བདག་ཕངས་པར་སེམས་པ་དང་ལྡན་པ་བཞིན་དུ་བྱམས་པ་བསྐྱེད་པ། དེ་ལྟ་དེ་ལྟ་བུར་དེ་སེམས་བསྐྱེད་པར་བྱའོ། །དེ་ཡང་འདི་ལྟར་འདི་ཡང་གུད་ནས་འོངས་ལ་བདག་ཀྱང་གུད་ནས་འོངས་མོད་ཀྱི་སེམས་ཅན་ཐམས་ཅད་ཀྱང་སྔོན་བདག་གི་བུར་གྱུར་ལ་བདག་ཀྱང་སེམས་ཅན་ཐམས་ཅད་ཀྱི་པུར་གྱུར་ཏེ། འདི་ལ་ནི་བདག་གིའམ་གཞན་གྱིའམ་སུའི་སེམས་ཅན་གང་ཡང་མེད་དོ་སྙམ་དུ་ཚུལ་བཞིན་དུ་བརྟག་པར་བྱའོ། །ཁྱིམ་བདག་དེ་ལྟར་བྱང་ཆུབ་སེམས་དཔས་དངོས་པོ་གང་ལ་ཡང་བདག་གི་སྙམ་དུ་ཡོངས་སུ་གཟུང་བར་མི་བྱ་ཆགས་པར་མི་བྱའོ། །གཡོ་དང་སྲེད་པའི་བག་ལ་ཉལ་མི་བྱའོ། །ཁྱིམ་བདག་གལ་ཏེ་བྱང་ཆུབ་སེམས་དཔའ་ཁྱིམ་པའི་དྲུང་དུ་སློབ་པ་འོངས་ལ། དངོས་པོ་ཞིག་བསླངས་པ་ལས། གལ་ཏེ་དེས་དངོས་པོ་མ་བཏང་ན། དེས་འདི་ལྟར་དངོས་པོ་འདི་བཏང་ཡང་རུང་མ་བཏང་ཡང་རུང་སྟེ། བདག་ནི་དངོས་པོ་འདི་དང་གདོན་མི་ཟ་བར་འབྲལ་བར་ཡང་གྱུར་ཏེ། མི་འདོད་བཞིན་དུ་འཆི་བར་ཡང་འགྱུར་ཞིང་དངོས་པོ་འདིས་བདག་འདོར། བདག་གིས་ཀྱང་དངོས་པོ་འདི་འདོར་གྱིས། དངོས་པོ་འདི་བཏང་ལ་ཡིད་དགའ་བ་དང༌། སྙིང་པོ་བླངས་ཏེ་འཆི་བའི་དུས་བྱའོ། །འདི་ཡོངས་སུ་བཏང་ན་བདག་འཆི་བའི་དུས་ཀྱི་ཚེ་སེམས་ཀུན་ནས་ཟིན་ཏེ་གནས་པར་མི་འགྱུར་ཏེ། འདིས་ནི་


DTG111_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འཆི་བའི་དུས་ཀྱི་ཚེ་དགའ་བ་དང་མཆོག་ཏུ་དགའ་བ་དང་རངས་པ་དང་འགྱོད་པ་མེད་པ་སྐྱེ་བར་འགྱུར་སྙམ་དུ་སེམས་ངེས་པར་བསམ་པར་བྱའོ། །གལ་ཏེ་དེ་ལྟར་བསམས་ཀྱང༌། དངོས་པོ་དེ་གཏོང་མ་ནུས་ན་དེས་སློང་བ་ལ་ཀུན་གོ་བར་བྱ་བ་གསུམ་གྱིས་གོ་བར་བྱ་སྟེ། བདག་ནི་ད་དུང་མཐུ་ཆུང་ཞིང་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་ཏེ། ཐེག་པ་ཆེན་པོ་ལ་ལས་དང་པོ་བ་དང་བདག་ནི་མ་གཏོང་བ་ལ་སེམས་ཀྱི་དབང་དུ་གྱུར་པ་དང་བདག་ཉིད་ནི་ཉེ་བར་ལེན་པའི་ལྟ་བ་དང་བཅས་པ་དང་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པ་ལ་གནས་པ་ལགས་ཀྱི། སྐྱེས་བུ་དམ་པ་བཟོད་པར་མཛད་ཅིང་ཡོངས་སུ་གདུང་བར་མི་མཛད་དུ་གསོལ། ཇི་ལྟར་ཁྱོད་དང་སེམས་ཅན་ཐམས་ཅད་ཀྱི་བདམ་པ་ཡོངས་སུ་རྫོགས་པར་འགྱུར་བ་དེ་ལྟར་བདག་གིས་བགྱིའོ། །དེ་ལྟར་བསྒྲུབ་པོ། །དེ་ལྟར་བརྩོན་འགྲུས་བརྩམ་མོ་ཞེས་ཁྱིམ་བདག་དེ་ལྟར་བྱང་ཆུབ་སེམས་དཔའ་ཁྱིམ་པས་སློང་བ་ལ་ཀུན་གོ་བར་བྱ་བ་གསུམ་གྱིས་གོ་བར་བྱའོ་ཞེས་གསུངས་སོ། །སློང་བ་ལ་ཀུན་གོ་བར་བྱེད་པ་འདི་ཡང་བྱང་ཆུབ་སེམས་དཔའ་དེ་ལ་མ་དད་པའམ་བྱང་ཆུབ་སེམས་དཔའ་ལ་སློང་བ་མ་དད་པར་གྱུར་པའི་ཉེས་པ་གཞན་སྤང་བའི་ཕྱིར་གསུངས་པར་ཟད་ཀྱི། སེར་སྣའི་ཁ་ན་མ་ཐོ་བ་མེད་པ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་སྨོད་དོ། །བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས་ཇི་སྐད་དུ། ཤཱ་རིའི་བུ་ཆོས་འདི་བཞི་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་མེད་དོ། །བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ལ་གཡོ་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ལ་སེར་སྣ་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ཕྲག་དོག་དང་ཕྲ་མ་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ལ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སྙམ་པའི་ཞུམ་པའི་སེམས་མེད་དོ། །ཤཱ་རིའི་བུ་གང་ལ་ཆོས་བཞི་པོ་འདི་དག་ཡོད་པ་དེ་ལ་ནི་མཁས་པ་རྣམས་ཀྱིས། ཀྱེ་མའོ་འདི་ནི་ཚུལ་འཆོས་པའོ། །ཀྱེ་མའོ་འདི་ནི་ཁ་གསག་ཅན་ནོ། །ཀྱེ་མའོ་འདི་ནི་ཆོས་ལས་ཉམས་པའོ། །ཀྱེ་མའོ་འདི་ནི་ཀུན་ནས་ཉོན་མོངས་པའི་


DTG111_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན་ནོ། །ཀྱེ་མའོ་འདི་ནི་འཇིག་རྟེན་གྱི་ཟང་ཟིང་ལྷུར་བྱེད་པའོ། །ཀྱེ་མའོ་འདི་ནི་ཟས་དང་གོས་ཆེད་ཆེར་བྱེད་པའོ་ཞེས་རིག་པར་བྱའོ། །ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་དཔའ་བ་ཡིན་ཏེ། ལག་པའི་བར་དུ་ཡོངས་སུ་གཏོང་བ་ཡིན། རྐང་པ་ཡོངས་སུ་གཏོང་བ་དང༌། སྣ་ཡོངས་སུ་གཏོང་བ་དང༌། མགོ་ཡོངས་སུ་གཏོང་བ་དང༌། ཡན་ལག་དང་ཉིང་ལག་ཡོངས་སུ་གཏོང་བ་དང༌། བུ་ཡོངས་སུ་གཏོང་བ་དང༌། བུ་མོ་ཡོངས་སུ་གཏོང་བ་དང༌། ཆུང་མ་ཡོངས་སུ་གཏོང་བ་དང༌། དགའ་བ་ཡོངས་སུ་གཏོང་བ་དང༌། ནོར་ཡོངས་སུ་གཏོང་བ་དང། བདེ་བ་ཡོངས་སུ་གཏོང་བ་དང༌། ཁྱིམ་ཡོངས་སུ་གཏོང་བ་དང༌། གནས་ཡོངས་སུ་གཏོང་བ་དང༌། ཡུལ་ཡོངས་སུ་གཏོང་བ་དང༌། རིན་པོ་ཆེ་ཡོངས་སུ་གཏོང་བ་དང༌། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ཡིན་ནོ་ཞེས་གསུངས་པ་བཞིན་ནོ། །དེ་སྐད་དུ་སྲེད་མེད་ཀྱི་བུས་ཞུས་པ་ལས་ཀྱང༌། དངོས་པོ་གང་ལ་དེ་གཏོང་བའི་སེམས་མི་སྐྱེ་བ་དང་གཏོང་བའི་བློ་མི་འཇུག་པའི་དངོས་པོ་དེ་བསྲེལ་བར་མི་བྱའོ། །ཡོངས་སུ་འཛིན་པ་གང་ལ་སྤང་པའི་སེམས་མི་སྐྱེ་པའི། ཡོངས་སུ་འཛིན་པ་དེ་ཡོངས་སུ་གཟུང་བར་མི་བྱའོ། །གང་སློང་བ་དེ་དག་གིས་བསླངས་ན་ཡོངས་སུ་གཏོང་བའི་བློ་སྐྱེ་བར་འགྱུར་བའི་གཡོག་དེ་ལྟ་བུ་བཅང་བར་མི་བྱའོ། །རྒྱལ་སྲིད་དེ་གཟུང་བར་མི་བྱའོ། །ལོངས་སྤྱོད་དེ་དག་དང་རིན་པོ་ཆེ་དེ་དག་བཅང་བར་མི་བྱའོ། །དངོས་པོ་གང་ལ་བྱང་ཆུབ་སེམས་དཔའ་ཡོངས་སུ་མི་གཏོང་བའི་བློ་སྐྱེ་བར་འགྱུར་བ་ཡིན་ན། ནོར་གྱི་དངོས་པོ་གང་ཡང་རུང་བའི་བར་དུ་བཅང་བར་མི་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། བདག་གི་ལུས་འདི་ཡང་སེམས་ཅན་ཐམས་ཅད་ལ་བྱིན་ཞིང་ཡོངས་སུ་བཏང་ན། ཕྱི་རོལ་གྱི་དངོས་པོ་རྣམས་ལྟ་ཅི་སྨོས་ཏེ། སེམས་ཅན་གང་དང་གང་ལ་ཅི་དང་ཅི་དགོས་པར་འགྱུར་བ་དེ་དང་དེ་དག་ལ་དེ་དང་དེ་སྦྱིན་ནོ། །ཡོད་དེ་ཡོད་ན་ལག་པ་འདོད་པ་ལ་ལག་པ་སྦྱིན་ནོ། །རྐང་པ་འདོད་པ་ལ་རྐང་པ། མིག་འདོད་པ་ལ་མིག་སྦྱིན་ནོ། །ཤ་འདོད་པ་ལ་ཤ །ཁྲག་འདོད་པ་ལ་ཁྲག །རྐང་འདོད་པ་ལ་རྐང༌། ཡན་


DTG111_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ལག་དང་ཉིང་ལག་འདོད་པ་ལ་ཡན་ལག་དང་ཉིང་ལག །མགོ་འདོད་པ་ལ་མགོ་ཡོངས་སུ་བཏང་སྟེ། ཕྱི་རོལ་གྱི་དངོས་པོ་དག་འདི་ལྟ་སྟེ། ནོར་དང་འབྲུ་དང་གསེར་དང་དངུལ་དང་རིན་པོ་ཆེ་དང་རྒྱན་དང་རྟ་དང་གླང་པོ་ཆེ་དང་ཤིང་རྟ་དང་བཞོན་པ་དང་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་ལྗོངས་དང་རྒྱལ་སྲིད་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་འཁོར་དང་ཡུལ་འཁོར་དང་ཚོང་དུས་དང་བྲན་ཕོ་སྨོས་དང་ལས་བྱེད་པ་དང་ཞོ་ཤས་འཚོ་བ་དང་བུ་དང་བུ་མོ་དང་གཡོག་རྣམས་ལྟ་ཅི་སྨོས་ཏེ། སེམས་ཅན་གང་དང་གང་ལ་གང་དང་གང་གིས་ཅི་དང་ཅི་དགོས་པར་འགྱུར་པ། སེམས་ཅན་དེ་དང་དེ་དག་ལ་དེ་དང་དེ་ཡོད་པ་སྦྱིན་ནོ། །ཅི་ནས་སེམས་ཅན་འདི་དག་ཡོངས་སུ་བསྡུས་པས། བདག་བྱང་ཆུབ་ཐོབ་པའི་ཆོས་ཤེས་པར་འགྱུར་རོ་སྙམ་ནས། སེམས་ཅན་ལ་ཕན་གདགས་པ་དང་སེམས་ཅན་ལ་སྙིང་རྗེ་བ་དང་སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར། འགྱོད་པ་མེད་ཅིང་མྱ་ངན་དུ་མི་བྱེད་པ་དང༌། རྣམ་པར་སྨིན་པ་ལ་རེ་བ་མེད་པར་ཡོངས་སུ་གཏོང་ངོ༌། །ཆགས་པ་མེད་པར་སྦྱིན་ནོ། །དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུ་དཔེར་ན། རྩིའི་སྡོང་པོ་ནི་རྩ་བ་ནས་བླངས་ཀྱང་རུང༌། སྡོང་པོ་ལས་བླངས་ཀྱང་རུང༌། ཡལ་ག་ལས་བླངས་ཀྱང་རུང། ཤུན་ལྤགས་ལས་བླངས་ཀྱང་རུང༌། ལོ་མ་ལས་བླངས་ཀྱང་རུང༌། མེ་ཏོག་དང་འབྲས་བུ་དང་སྙིང་པོ་ལས་བླངས་ཀྱང་རུང་སྟེ། དེ་འདི་ལྟར་བདག་རྩ་བ་ནས་བླངས་སོ། །བདག་གི་རྩ་བ་ནས་བླངས་སོ། །བདག་གི་སྙིང་པོའི་བར་དུ་བླངས་སོ་སྙམ་དུ་རྣམ་པར་རྟོག་པ་མི་འབྱུང་མོད་ཀྱི། རྣམ་པར་རྟོག་པ་མེད་བཞིན་དུ་སེམས་ཅན་རབ་འབྲིང་ཐ་མ་རྣམས་ཀྱི་ནད་མེད་པར་བྱེད་དོ། །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་འབྱུང་བ་ཆེན་པོ་བཞིའི་ལུས་འདི་ལ་རྩིའི་སྡོང་པོ་བཞིན་དུ་འདུ་ཤེས་བསྐྱེད་ཅིང་སེམས་ཅན་གང་དང་གང་དག་ལ་ཅི་དང་ཅི་དགོས་པ་ཁྱེར་ཏེ། ལག་པ་འདོད་ན་ལག་པ་རྐང་པ་འདོད་ན་རྐང་པ་ཁྱེར་ཅིག་ཅེས་སྔ་མ་བཞིན་དུ་གསུངས་སོ། །འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང༌། ལུས་འདི་བདག་གིས་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་པ་དེ་ལ་དེངས་པར་


DTG111_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། དཔེར་ན་སའི་ཁམས་དང་ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་དང་འབྱུང་བ་ཆེན་པོ་བཞི་པོ་འདི་དག་སྒོ་སྣ་ཚོགས་དང་རྣམ་གྲངས་སྣ་ཚོགས་དང་དམིགས་པ་སྣ་ཚོགས་དང་ཡོ་བྱད་སྣ་ཚོགས་དང་ལོངས་སྤྱོད་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ཉེ་བར་ལོངས་སྤྱོད་པར་བྱེད་པ་དེ་བཞིན་དུ། བདག་གིས་ཀྱང་འབྱུང་བ་ཆེན་པོ་བཞིའི་ཁོག་པའི་ལུས་འདི་སྒོ་སྣ་ཚོགས་དང་རྣམ་གྲངས་སྣ་ཚོགས་དང་དམིགས་པ་སྣ་ཚོགས་དང་ཡོ་བྱད་སྣ་ཚོགས་དང་ལོངས་སྤྱོད་སྣ་ཚོགས་ཀྱིས་རྒྱ་ཆེར་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་བྱའོ་སྙམ་སྟེ། དེ་དོན་གྱི་དབང་འདི་མཐོང་བས། ལུས་སྡུག་བསྔལ་བར་ཡང་སོ་སོར་རྟོག་ལ་སེམས་ཅན་ལ་བལྟ་བའི་ཕྱིར་ལུས་སྡུག་བསྔལ་བས་ཀྱང་ཡོངས་སུ་མི་སྐྱེའོ་ཞེས་བསྟན་ཏོ།། །།བམ་པོ་གཉིས་པ། བདག་དང་ལོངས་སྤྱོད་དང་བསོད་ནམས་བཏང་བ་ནི། འཕགས་པ་རྡོ་རྗེ་རྒྱལ་མཚན་གྱི་མདོ་ལས་གསུངས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་བདག་ཉིད་སེམས་ཅན་ཐམས་ཅད་ལ་གཏོང་བ་ནི། དགེ་བའི་རྩ་བ་ཐམས་ཅད་ཀྱིས་ཕན་འདོགས་པས་སེམས་ཅན་ཐམས་ཅད་ལ་དགེ་བའི་རྩ་བ་དག་གིས་སེམས་པར་བྱེད་པ་དང༌། བདག་ཉིད་མར་མེ་དང་འདྲ་བར་སེམས་ཅན་ཐམས་ཅད་ལ་ཉེ་བར་གཞག་པ་དང༌། བདག་ཉིད་བདེ་བ་དང་འདྲ་བར་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབས་པ་དང༌། བདག་ཉིད་ཆོས་ཀྱི་སྐྱེ་གནས་དང་འདྲ་བར་འགྲོ་བ་ཐམས་ཅད་ཡང་དག་པར་འཛིན་པ་དང༌། བདག་ཉིད་སྣང་བ་དང་འདྲ་བར་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་དང༌། བདག་ཉིད་འགྲོ་བ་ཐམས་ཅད་ཀྱི་གཞིར་འགྲོ་བ་དང༌། བདག་ཉིད་དགེ་བའི་རྩ་བའི་རྐྱེན་དུ་གྱུར་པར་མཐོང་བ་དང༌། བདག་ཉིད་འགྲོ་བ་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་དང༌། བདག་ཉིད་མཛའ་བོ་དང་འདྲ་བར་སེམས་ཅན་ཐམས་ཅད་ལ་ཉེ་བར་སྦྱོར་བ་དང༌། བདག་ཉིད་སེམས་ཅན་ཐམས་ཅད་ལ་ལམ་དང་འདྲ་བར་སྟོན་པ་དང༌། བདག་ཉིད་སེམས་ཅན་ཐམས་ཅད་ཀྱི་བླ་ན་མེད་པའི་བདེ་བའི་ཡོ་བྱད་དུ་ཡོངས་སུ་སྦྱོར་བ་དང༌། བདག་ཉིད་ཉི་མ་དང་འདྲ་བར་འཇིག་རྟེན་ཀུན་དུ་མཚུངས་པར་བྱེད་པ་དང་སེམས་ཅན་ཐམས་ཅད་ལ་བདག་ཉིད་དེ་ལྟ་བུའི་ཆོས་དང་ལྡན་པར་རབ་ཏུ་སྦྱིན་པར་བྱེད་པ་དང༌།


DTG111_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཐམས་ཅད་ན་བདག་ཉིད་ཅི་འདོད་པ་བཞིན་དུ་བྱ་བ་ལ་དབང་དུ་གྱུར་པར་མཐོང་བས་འཇིག་རྟེན་ཀུན་ཏུ་བདག་ཉིད་མཆོད་རྟེན་གྱི་མཆོག་ཏུ་འགྱུར་བར་བྱ་སྟེ་བདག་ཉིད་འགྲོ་བ་ཐམས་ཅད་ཀྱི་མཆོད་རྟེན་དུ་མཐོང་བ་དང༌། འཇིག་རྟེན་ཀུན་དུ་སེམས་མཉམ་པར་བསྒྲུབ་པ་དང༌། བདག་ཉིད་འགྲོ་བ་ཀུན་དུ་ཡོ་བྱད་ཐམས་ཅད་ཀྱི་མུ་སྟེགས་སུ་མཐོང་བ་དང༌། བདག་ཉིད་འཇིག་རྟེན་ཐམས་ཅད་ལ་བདེ་བ་སྦྱིན་པར་སོ་སོར་རྟོགས་པ་དང༌། བདག་ཉིད་འགྲོ་བ་ཀུན་གྱི་སྦྱིན་བདག་ཏུ་མོས་པ་དང༌། བདག་ཉིད་འཇིག་རྟེན་ཀུན་གྱི་ཤེས་པ་དང་འདྲ་བར་བྱས་པ་དང༌། བདག་ཉིད་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ལྡན་པར་བསྐྱེད་པ་དང༌། བདག་ཉིད་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་ལ་འཇུག་པ་དང༌། བདག་ཉིད་ཐམས་ཅད་མཁྱེན་པའི་གོ་ཆ་བགོས་པར་སོ་སོར་རྟོགས་པ་དང་སྔོན་མགྲོན་དུ་གཉེར་བའི་སེམས་ཅན་རྗེས་སུ་སྐྱོང་བ་དང༌། བདག་ཉིད་ནན་ཏན་ལ་གནས་པར་བྱེད་པ་དང༌། བྱང་ཆུབ་སེམས་དཔའི་གཏོང་བའི་སེམས་ཡིད་ལ་བྱེད་ཅིང་སེམས་ཅན་ཐམས་ཅད་ལ་བདག་ཉིད་སྐྱེད་མོས་ཚལ་དང་འདྲ་བར་ལྟ་བ་དང༌། འཇིག་རྟེན་ཐམས་ཅད་ལ་བདག་ཉིད་ཆོས་ཀྱི་དགའ་བ་དང་འདྲ་བར་སྟོན་པ་དང། བདག་ཉིད་སེམས་ཅན་ཐམས་ཅད་ལ་ཡིད་བདེ་བ་སྦྱིན་པ་ཉིད་དུ་གནས་པ་དང༌། བདག་ཉིད་དགའ་བ་མཐའ་ཡས་པ་བསྐྱེད་པར་འགྲོ་བ་ཐམས་ཅད་ལ་གཏོང་ཞིང་འཇིག་རྟེན་ཀུན་དུ་བདག་ཉིད་དཀར་པོའི་ཆོས་སྐྱེ་བའི་སྒོ་ལྟ་བུར་ཡོངས་སུ་འཛིན་པ་དང༌། བདག་ཉིད་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་བྱང་ཆུབ་སྦྱིན་པར་སྨོན་ལམ་འདེབས་པ་དང༌། སྐྱེ་དགུ་ཐམས་ཅད་ལ་བདག་ཉིད་ཕ་དང་འདྲ་བར་འཇུག་པ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་དུ་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་བྱ་བའི་ཕྱིར་བདག་ཉིད་རབ་ཏུ་གནས་པས་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་བདག་ཉིད་གཡོག་ཏུ་སྦྱིན་པར་བྱེད་པ་ན། སློང་བ་དག་ལ་དགའ་བ་ཡིད་ལ་བྱེད་པའི་སེམས་དང་ལྡན་པ། ས་ལ་སྟན་འདིང་བའི་སྟན་ལྟ་བུའི་སེམས་དང་ལྡན་པར་བྱ་སྟེ། ས་དང་འདྲ་བར་སྡུག་བསྔལ་ཐམས་ཅད་བཟོད་པ་ཡིད་ལ་བྱེད་པ་བསྒྲུབ་ཅིང༌། སེམས་


DTG111_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ཀྱི་རིམ་གྲོ་བྱ་བ་ལ་ངལ་བ་མེད་པའི་ཡིད་དང་ལྡན་པ། བྱིས་པའི་སྐྱེ་བོས་སྦྱར་བའི་ཉེས་བྱས་དང་དུ་བླང་བ་ལ་བརྟན་ཞིང་སྲན་ཐུབ་པའི་རང་བཞིན་ཅན་ལེགས་པར་གནས་པའི་དགེ་བའི་རྩ་བ་ལ་མངོན་པར་བརྩོན་ཞིང་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་རིམ་གྲོ་བྱ་བ་ལ་རབ་ཏུ་ཞུགས་པས་ཡིན་ནོ། །སློང་བ་འོངས་པ་དག་ལ་རྣ་བའམ་སྣ་ཡོངས་སུ་གཏོང་བ་ན། བྱང་ཆུབ་སེམས་དཔའི་སྤྱོད་པས་ཟིན་ཅིང་དེ་བཞིན་གཤེགས་པའི་རིགས་ཀྱིས་རིགས་མཐོ་བ་ལས་བྱུང་བའི་སེམས་དང་ལྡན་པ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྗེས་སུ་དྲན་པའི་གནས་པ་ལས་བྱུང་བ་དང༌། འཇིག་རྟེན་གསུམ་པོ་ཐམས་ཅད་སྙིང་པོ་མེད་པ་ལས་སྙིང་པོར་རྟོག་པ་དང༌། རང་གི་ལུས་ལ་མ་ཆགས་པའི་རྒྱུ་དང་ལྡན་པ་དང༌། གནས་མེད་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྗེས་སུ་དྲན་པ་ལ་གནས་པ་དང༌། སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླང་བའི་བསམ་པ་དང་ལྡན་པས་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ལྕེ་བླངས་མ་ཐག་ཏུ་ཚིག་འཇམ་ཞིང་དགའ་བར་འགྱུར་བ་བྱམས་པར་སྤྱོད་པའི་སེམས་ཀྱིས་རྒྱལ་པོ་ལ་འོས་པའི་སེང་གེའི་ཁྲི་བཟང་པོ་ལ་བཞག་ནས། སློང་བ་དེ་ལ་མངོན་པར་སྨྲ་སྟེ། སེམས་མ་ཁྲོས་པར་བྱས། སེམས་མ་སྨས་པ་དང༌། སེམས་མ་ཉམས་པ་དང༌། སེམས་བདག་ཉིད་ཆེན་པོའི་རིགས་ཀྱིས་མཐོ་བ་དང༌། སེམས་སངས་རྒྱས་ཀྱི་གདུང་ལས་བྱུང་བ་དང༌། སེམས་མ་རྙོགས་པའི་རྒྱུད་དང་མཐུ་སྟོབས་ཆེན་པོ་བསྐྱེད་པ་དང༌། སེམས་ལུས་ལ་མ་ཆགས་པ་དང༌། སེམས་ཁ་བཞིན་ལ་མངོན་པར་མ་ཞེན་ཅིང༌། པུས་མོའི་ལྷ་ང་བཙུགས་པའི་ལུས་སུ་བྱས་ཏེ། རང་གི་ཁ་ནས་ལྕེ་ཕྱུང་ལ་སློང་བའི་ལུས་ལ་གཏད་དེ་ཚིག་འཇམ་ཞིང་མཉེན་ལ་དགའ་བར་འགྱུར་བ་བྱམས་པ་ཉེ་བར་སྤྱོད་པ་འབྱིན་ཅིང༌། ཁྱོད་ངའི་ལྕེ་ཁྱེར་ལ་ཇི་ལྟར་ཁྱོད་དགའ་བར་འགྱུར་བ་དང༌། ཡིད་དགའ་བ་དང། ཡིད་བདེ་བ་དང༌། རབ་ཏུ་དགའ་ཞིང་རངས་པ་དང༌། མོས་པ་སྐྱེ་བར་འགྱུར་བར་ཅི་འདོད་པ་བཞིན་གྱིས་ཤིག་ཅེས་ཟེར་རོ། །དེ་མགོ་ཡོངས་སུ་གཏོང་བ་ན་ཆོས་ཐམས་ཅད་ཀྱི་མཆོག་མགོ་ལྟ་བུའི་ཡེ་ཤེས་ལ་འཇུག་ཅིང༌། སེམས་ཅན་ཐམས་ཅད་ཀྱི་ཡོངས་སུ་བསྐྱབ་པའི་མགོས་


DTG111_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཁོང་དུ་ཆུད་པར་བྱེད་པ་དང༌། འགྲོ་བ་ཐམས་ཅད་ཀྱི་མཆོག་དཔེ་མེད་པའི་ཡེ་ཤེས་མགོ་ལྟ་བུ་མངོན་པར་འདོད་པ་དང༌། ཀུན་མཁྱེན་པའི་མགོ་ཐོབ་པ། ཡེ་ཤེས་ཀྱི་རྒྱལ་པོ་ལ་མོས་པར་བྱེད་པ་དང༌། ཆོས་ཐམས་ཅད་ཀྱི་དབང་ཕྱུག་གི་མགོ་མཐའ་ཡས་པ་ཡོངས་སུ་རྫོགས་པར་འདོད་ཅིང༌། སློང་བ་མཐའ་ཡས་པ་དགའ་བས་ཡོངས་སུ་ཁྱབ་པའི་སེམས་ཀྱིས་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སློང་བ་དག་ལ་ལག་པ་དང་རྐང་པ་ཡོངས་སུ་གཏོང་བ་ན་དད་པའི་ལག་པ་དང་ལྡན་པ་དང༌། རྗེས་སུ་ཕན་འདོགས་པར་སྤྱོད་པ་དང༌། བྱང་ཆུབ་སེམས་དཔའི་རྩལ་གྱིས་གཏོང་བའི་ལག་པ་བརྐྱང་ཞིང༌། སྦྱིན་པ་ལ་མངོན་པར་དགའ་བར་ལག་པ་ཡོངས་སུ་གཏོང་བ་དང༌། རྟེན་ཆེན་པོ་ལ་རྐང་པ་འདོར་བ་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མོས་པ་དང༌། ཆོར་བས་མ་ཉམས་པའི་སྦྱིན་པའི་མཐུས་སེམས་བསྐྱེད་པ་དྲི་མ་མེད་པར་གནས་ཤིང༌། ཡེ་ཤེས་ཡོངས་སུ་དཀྲིས་པ་མེད་པ་དང༌། ཆོས་ཀྱི་ལུས་རྒྱུན་མི་འཆད་པ་མི་ཤིགས་པ་མི་ཆོད་པའི་ལུས་དང་ལྡན་པ། བདུད་ཐམས་ཅད་ཀྱིས་མི་བསྐྱོད་པ། སེམས་དགེ་བའི་བཤེས་གཉེན་གྱིས་ཉེ་བར་བརྟན་ཞིང་འཕེལ་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། སྤྱོད་པ་གཅིག་ཏུ་གནས་ཤིང་གཏོང་བ་གཅིག་པུས་ངེས་པར་འབྱུང་བས་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རང་གི་ལུས་དྲལ་ཏེ་སློང་བ་དག་ལ་ཁྲག་འབྱིན་པ་ན། བྱང་ཆུབ་ཀྱི་སེམས་ཀྱིས་རབ་ཏུ་དགའ་བ་དང༌། སེམས་བྱང་ཆུབ་ཀྱི་སྤྱོད་པ་འདོད་པ་དང༌། སེམས་ཚོར་བས་ཡོངས་སུ་མ་ཟིན་པ་དང༌། སེམས་སློང་བ་ཐམས་ཅད་འདོད་པ་དང༌། སེམས་ཡོངས་སུ་ལེན་པ་ཐམས་ཅད་ལ་མི་སྡང་བ་དང༌། སེམས་བྱང་ཆུབ་སེམས་དཔའི་གཏོང་བའི་ལམ་ཐམས་ཅད་དུ་ཞུགས་པ་དང༌། སེམས་རང་གི་ལུས་ལ་མི་ལྟ་ཞིང་མི་ལྡོག་ལ་རྒྱུན་མི་འཆད་པས་རང་གི་ལུས་ཀྱི་ཁྲག་སྦྱིན་པར་བྱེད་དོ། །ཡེ་ཤེས་ཀྱི་སྐྱེ་མཆེད་ཀྱི་སེམས་ཐེག་པ་ཆེན་པོ་ལ་ཞུགས་པ། ཡིད་ཆེས་པ་དང༌། ཡིད་འདོད་པ་དང༌། ཡིད་ཚིམ་པ་དང༌། ཡིད་རངས་པ་དང༌། ཡིད་མགུ་བ་དང༌། ཡིད་དགའ་བ་དང༌། ཡིད་བདེ་བ་དང༌། ཡིད་དང་བར་གྱུར་ཏེ།


DTG111_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་དགའ་ཞིང་མོས་པ་དང༌། རངས་པ་དང༌། ཡིད་བདེ་བ་སྐྱེས་པས་ཡིན་ནོ། །སློང་བ་རྣམས་ལ་རང་གི་ལུས་ལས་ཤ་ཡོངས་སུ་གཏོང་བ་ན་དགེ་བར་གཏོང་སྟེ། སློང་བར་འདོད་པའི་ཚིག་གིས་ཁྱེད་ངའི་ལུས་ལས་ཤ་དང་རྐང་ཅིག་དགོས་པ་སྦྱིན། ཁྱེར་ཅིག་ཅེས་སློང་བ་དེ་དག་ལ་སྨྲ་ཞིང། དགའ་བ་མཚུངས་པ་མེད་པ་རྣམ་པར་སྤེལ་བའི་གཏོང་བའི་སེམས་དང༌། བྱང་ཆུབ་སེམས་དཔའ་མཁས་པའི་ཚོགས་ཀྱིས་བསྟེན་པའི་དགེ་བའི་ཆོས་ཐམས་ཅད་ཀྱི་གྲོགས་སུ་གྱུར་པ་དང༌། འཇིག་རྟེན་གྱི་དྲི་མ་བསལ་བའི་ལྷག་པའི་བསམ་པ་མཆོག་རབ་དང༌། བྱང་ཆུབ་སེམས་དཔའི་མཉམ་པ་ཉིད་ཀྱིས་ཟིན་པའི་སྦྱིན་པ་རྩོམ་པ་ཆེན་པོ་ཡིད་ཀྱིས་འདོད་པར་གྱུར་པ་དང༌། སློང་བ་ཐམས་ཅད་ཡི་མི་ཆད་པར་སྦྱིན་པ་བཏང་བའི་དངོས་པོ་དག་གིས་ཤིན་ཏུ་སོ་སོར་བརྟགས་པའི་ལས་ཀྱི་རྣམ་པར་སྨིན་པའི་རྐྱེན་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་མངོན་དུ་འགྱུར་བའི་སངས་རྒྱས་ཀྱི་ཞིང་གི་རྒྱན་བཀོད་པའི་མཆོད་པ་དང༌། འགྲོ་བ་ཐམས་ཅད་ལ་མངོན་དུ་ཕྱོགས་པའི་སྙིང་རྗེ་ཆེན་པོས་ཡོངས་སུ་སྐྱོབ་པ་དང༌། སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་གྱུར་པའི་སྟོབས་བཅུ་རྣམ་པར་སྤྱོད་པ་དང༌། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་དུ་གྱུར་པའི་དགེ་བའི་རྩ་བ་གཅིག་གིས་རིམ་གྲོར་བྱ་བ་དང༌། མི་འཇིགས་པ་ཐམས་ཅད་མངོན་དུ་གྱུར་པའི་ཁྱུ་མཆོག་དང་སེང་གེའི་སྒྲར་སྒྲོགས་པ་དང༌། དུས་གསུམ་མངོན་དུ་གྱུར་པའི་དུས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པ་དང༌། འཇིག་རྟེན་ཐམས་ཅད་མངོན་དུ་གྱུར་པ་ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པར་བརྩོན་པའི་བྱང་ཆུབ་སེམས་དཔའི་སྨོན་ལམ་དང༌། ཡོངས་སུ་ཡི་མ་ཆད་པ་མངོན་དུ་གྱུར་པའི་མི་སྐྱོ་བའི་སེམས་བསྐྱེད་པས་ཡིན་ནོ། །བྱང་ཆུབ་སེམས་དཔའ་སློང་བ་དག་ལ་རང་གི་སྙིང་གཏོང་བ་ན། སེམས་སྦྱིན་པའི་རིགས་ལ་བསླབས་པ་དང༌། སེམས་ཕ་རོལ་ཏུ་ཕྱིན་པ་ལ་སྒྲུབ་པ་དང༌། སེམས་བྱང་ཆུབ་སེམས་དཔའི་སྦྱིན་པ་ཐམས་ཅད་ལ་མི་རྒོད་པར་ཤིན་ཏུ་གནས་པ་དང༌། སེམས་རྟེན་དུ་གྱུར་བས་སློང་བ་ཐམས་ཅད་ལ་རི་མོར་བྱེད་པ་དང༌། ལྷག་པའི་བསམ་པ་ཡོངས་སུ་སྦྱོང་བ་དང༌།


DTG111_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྨོན་ལམ་ཆེན་པོ་ལ་ཞུགས་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་དང༌། ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་ཅིང་སྨོན་ལམ་མ་བཏང་བས་ཡིན་ནོ། །དེ་སློང་བ་དག་ལ་རྒྱུ་མ་དང༌། མཁལ་མ་དང། མཆིན་པ་དང༌། གློ་བ་སྦྱིན་པ་ནི། སློང་བ་ལ་རབ་ཏུ་དང་བ་དང༌། དགའ་བའི་རྣམ་པའི་མིག་དང༌། བྱང་ཆུབ་སེམས་དཔའ་ལས་བྱུང་བའི་བྱམས་པ་དང༌། མིང་ལ་བའི་ཡིད་ལ་བྱེད་པའི་གཏོང་བ་དང༌། སྙིང་པོ་མེ་དཔའི་ལུས་ལས་ལེགས་པར་བརྟགས་པའི་སྙིང་པོ་ལེན་པའི་སེམས་དང༌། མཐར་དུར་ཁྲོད་དུ་འགྲོ་བར་ལུས་རྗེས་སུ་དྲན་པའི་ཡིད་ལ་བྱེད་པ་དང༌། ལུས་གཞན་ལ་རག་ལས་པར་ཡིད་ལ་བྱ་བ་དང༌། མི་རྟག་པ་ཉིད་ཀྱིས་ཟིན་པའི་ལུས་དང༌། གཞན་གྱི་ཟས་སུ་སེམས་པས་ལུས་ལ་སྦྱང་ཀི་དང༌། ཅེ་སྦྱང་དང༌། ཝ་དང༌། ཁྱིའི་ཟས་སུ་རྟོག་ཅིང༌། དེ་ལྟར་ཆོས་ཡིད་ལ་བྱེད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ། སློང་བ་དེ་དག་ལ་མིག་མི་འཛུམས་ཤིང་སེམས་འདི་ལྟར་བསྐྱེད་དེ། གལ་ཏེ་བདག་གིས་སློང་བ་འདི་ལ་ལུས་ལས་རྒྱུ་མ་དང༌། མཁལ་མ་དང༌། མཆིན་པ་དང༌། གློ་བ་བྱིན་ཀྱང་རུང་གལ་ཏེ་མ་བྱིན་ཀྱང་རུང་སྟེ། མཐར་ཚེ་ཟད་ན་འདི་ནི་མི་རྟག་སྟེ་ཐ་མ་དུར་ཁྲོང་དུ་འགྲོའོ་ཞེས་དེ་ལྟར་ཡིད་ལ་བྱེད་པར་ཚིམ་པར་བྱེད་པའི་རྒྱུད་དང༌། དེ་ལྟ་བུའི་ཆོས་ཤེས་པའི་བསམ་པ་དང༌། དགེ་བའི་བཤེས་གཉེན་གྱི་འདུ་ཤེས་སུ་གནས་པས་སློང་བ་ལ་ལྟ་བ་དང༌། སྙིང་པོ་མེད་པའི་ལུས་ལས་སྙིང་པོ་ལེན་འདོད་པ་ཡིན་ནོ། །ཆོས་འདོད་པས་རང་གི་ཤ་སེན་མོ་དང་བཅས་པ་གཏོང་བ་ན་ཡང༌། དེ་ལྟར་དགེ་བའི་རྩ་བ་ཡོངས་སུ་སྔོ་བར་བྱེད་དོ། །ལུས་བཏང་བ་བྱས་ནས། ལོངས་སྤྱོད་དང་བསོད་ནམས་བཏང་བ་ནི་དེ་ཉིད་ལས་བྱུང་བ། དེ་ལྟར་བྱང་ཆུབ་སེམས་དཔའ་སྦྱིན་གནས་དང་ལེན་པ་སྣ་ཚོགས་ཕྱོགས་གཞན་དང་གཞན་ནས་འོངས་པའི་གང་ཟག་དང༌། སློང་བ་ཕོངས་པ་དང་བཀྲེན་པ་མང་པོ་ཚད་མེད་པ་བྱང་ཆུབ་སེམས་དཔའི་སྒྲ་ཐོས་ཏེ་འོངས་པ་དང༌། བྱང་ཆུབ་སེམས་དཔའ་ལ་རེ་བའི་སྐབས་ཀྱིས་འོངས་པ་དང༌། བྱང་ཆུབ་སེམས་དཔའི་སྦྱིན་


DTG111_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་སྔོན་གྱི་སྨོན་ལམ་ཐོས་པ་རྣམས་དང༌། བྱང་ཆུབ་སེམས་དཔའི་སྦྱིན་པ་དང་སྨོན་ལམ་གྱི་སེམས་ཀྱིས་མགྲོན་དུ་གཉེར་བ་རྣམས་དང༌། ཐམས་ཅད་གཏོང་དུ་རེ་བའི་ཡིད་ཅན་རྣམས་འོངས་པ་མཐོང་ནས། སློང་བ་ལ་རི་མོར་བྱ་བས་མི་ངོམས་པའི་སེམས་ཀྱིས་སློང་བ་འོངས་པ་རྣམས་ལ་བཟོད་པ་གསོལ་བའི་སེམས་དང་ལྡན་པས་བདག་ཉིད་ཕྱོགས་དེ་དག་ཏུ་སོང་ལ་ཁྱེད་འོངས་པའི་ཉོན་མོངས་པར་མི་འགྱུར་བར་རི་མོར་བྱ་བ་ཞིག་ན་ཞེས་དེས་སྤྱི་བོས་གཏུགས་ཏེ་བཟོད་པ་གསོལ་ལོ། །སློང་བ་ཐམས་ཅད་ལ་བཟོད་པ་གསོལ་ཁྲུས་བྱས་ལུས་ངལ་སོས་པར་བྱས་ནས། ཡོ་བྱད་ཅི་འོས་པ་སྦྱིན་པར་བྱེད་དེ། འདི་ལྟ་སྟེ། ནོར་བུའི་ཤིང་རྟ་འཛམ་བུའི་གླིང་ན་བཟང་བའི་ན་ཆུང་རིན་པོ་ཆེས་ཡོངས་སུ་གང་བ་དང༌། འདི་ལྟ་སྟེ། གསེར་གྱི་ཤིང་རྟ་ཡུལ་གྱི་ན་ཆུང་རིན་པོ་ཆེ་རྣམ་པར་དག་པས་ཡོངས་སུ་གང་བ་དང༌། འདི་ལྟ་སྟེ་བཻ་ཌཱུཪྻའི་ཤིང་རྟ་གླུ་དབྱངས་དང་སིལ་སྙན་རྗེས་སུ་མཐུན་པ་ལེན་པས་གང་བ་དང༌། དེ་བཞིན་དུ་ཤེལ་གྱི་ཤིང་རྟ་བུ་མོ་རིན་པོ་ཆེ་བཞིན་བཟང་ཞིང་ཆ་བྱད་སྡུག་གུས་ཤིན་དུ་བརྒྱན་པ་གཟུགས་བལྟ་ན་སྡུག་ཅིང་ཚུལ་མཁས་པས་གང་བ་དག་སྦྱིན་པར་བྱེད་དོ་ཞེས་གསུངས་པ་དང༌། དེ་བཞིན་དུ་དེ་ཉིད་ལས། ནོར་བུའི་ཤིང་རྟ་གླང་པོ་ཆེ་ཅང་ཤེས་རིན་པོ་ཆེ་ཐམས་ཅད་ཀྱི་དྲ་བས་གཡོགས་པ་དང་ལྡན་པ་ཕྲུགས་སུ་མཐུན་པས་འདྲེན་པ་དག་རབ་ཏུ་སྦྱིན་པར་བྱེད། ཙན་དན་གྱི་ཤིང་རྟ་རིན་པོ་ཆེའི་འཕང་ལོ་དང་རྩིབས་སྦྱར་བ། རིན་པོ་ཆེའི་སེང་གེའི་ཁྲི་བཙུགས་པ། རིན་པོ་ཆེའི་གདུགས་སྣ་ཚོགས་ཀྱིས་ཁེབས་པ། རྒྱལ་མཚན་དང་བ་དན་གྱིས་ཕྱོགས་བཞིར་བརྒྱན་པ། སྤོས་སྣ་ཚོགས་ཀྱིས་ཤིན་ཏུ་བདུགས་ཤིང་སྤོས་ཀྱི་སྙིང་པོའི་བྱུག་པ་ཐམས་ཅད་ཀྱིས་ལེགས་པར་བྱུགས་པ་མེ་ཏོག་གི་བཀོད་པ་རྣམ་པར་བཀྲམ་པ། བུ་མོ་བརྒྱ་སྟོང་རིན་པོ་ཆེའི་ཐ་གུས་འདྲེན་པ། མི་ལྡོག་མི་འགྱུར་བར་འགྲོ་ཞིང་དྲག་ཐལ་མ་ཁྱེར་བར་འབྱོར་བ་ནས། སྤོས་ཀྱི་དད་ཡིད་དུ་འོང་ཞིང་རྗེས་སུ་མཐུན་པ་དང༌། བུ་དང་བུ་མོར་བཅས་པའི་སྨྲ་བ་ཉེ་བར་སྦྱོར་བ་དང་ལྡན་པ། སྤོས་ཀྱི་ཕྱེ་མ་སྣ་ཚོགས་གཏོར་བས་གཙང་སྦྲར་བྱས་པ་དག་སྦྱིན་པར་བྱེད་དོ་ཞེས་གསུངས་པ་དང༌། དེ་བཞིན་དུ་


DTG111_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་དེ་ཉིད་ལས། བདག་ཉིད་སེམས་ཅན་ཐམས་ཅད་ལ་གཏོང་ངམ། སངས་རྒྱས་ཐམས་ཅད་ལ་རིམ་གྲོར་བྱ་བར་འབུལ་ལམ། རྒྱལ་སྲིད་ཡོངས་སུ་གཏོང་ངམ། མཁར་རམ། གྲོང་ཁྱེར་རམ། རྒྱལ་པོའི་ཕོ་བྲང་རྒྱན་ཐམས་ཅད་ཀྱིས་རྣམ་པར་སྤུད་པའམ། གཡོག་ཐམས་ཅད་ཀྱང་སློང་བ་རྣམས་ལ་ཅི་རིགས་པར་ཡོངས་སུ་གཏོང་ངམ། སློང་བ་དག་ལ་བུ་དང་བུ་མོ་དང་ཆུང་མ་སྦྱིན་པར་བྱེད་དམ། ཁྱིམ་ཐམས་ཅད་བཏང་བ་ནས། ལོངས་སྤྱོད་དང་ལོངས་སུ་སྤྱོད་པ་ཐམས་ཅད་སྦྱིན་པར་བྱེད་དོ། །དེ་བཞིན་དུ་སྐོམ་སྦྱིན་པ་དང༌། རོའི་སྦྱིན་པ་ཡང་བྱང་ཆུབ་སེམས་དཔས་སྦྱིན་པར་བྱེད་པ་ན། བང་ཞིང་རྣམ་པ་སྣ་ཚོགས་པ་རྒྱ་ཆེ་བ་གཙང་བ་རྣམ་པ་ཐ་དད་པ་ཁ་བ་དང་ཚ་བ་དང་བསྐ་བ་དང༌། ལན་ཚྭའི་རོ་མཆོག་སྣ་ཚོགས་དང་ལྡན་པ་ཤིན་ཏུ་ཚིམ་པར་བྱེ་དཔའི་རོ་བྲོ་བ་མང་པོ་དང་ལྡན་པ་དང༌། ཁམས་འཁྲུགས་པ་སྙོམས་པར་བྱེད་པ། ལུས་དང་སེམས་ཀྱི་སྟོབས་སྟོན་པ། དགའ་བ་དང་མོས་པ་དང་མཆོག་ཏུ་དགའ་བ་དང༌། བདེ་བ་སྐྱེད་པར་བྱེད་པ་ནས། ཕ་རོལ་གྱི་གནོད་པར་བྱེད་པ་སེལ་བ། ནད་ཐམས་ཅད་ཞི་ཞིང་ནད་མེད་པ་བསྐྱེད་པ་དག་སྦྱིན་པར་བྱེད་དོ། །དེ་བཞིན་དུ་གོས་སྦྱིན་པ་དང༌། མེ་ཏོག་སྦྱིན་པ་དང༌། སྤོས་སྦྱིན་པ་དང༌། བྱུག་པ་སྦྱིན་པ་དང༌། ཕྲེང་བ་སྦྱིན་པ་དང༌། མལ་ཆ་སྦྱིན་པ་དང༌། གནས་སྦྱིན་པ་དང༌། རྟེན་སྦྱིན་པ་དང༌། མར་མེ་སྦྱིན་པ་དང༌། ན་བའི་གསོས་སྨན་སྦྱིན་པ་དང༌། ཡོ་བྱད་ནས་ཁ་ཟས་རྣམ་པ་སྣ་ཚོགས་ཡོ་ལང་ཆེར་བཤམས་པ་དག་བྱང་ཆུབ་སེམས་དཔས་སྦྱིན་པར་བྱེད་དོ། །བཟོ་སྣ་ཚོགས་སུ་བྱས་པའི་སྡེར་གྱི་སྣོད་སྣ་ཚོགས་པ་ཚད་མེད་པས་སྤྲས་པ་རྣམ་པ་དུ་མ་དང༌། དབྱིག་དང་གསེར་དང་དངུལ་གྱི་ཕྱེ་མ་རྣམས། སངས་རྒྱས་བཅོམ་ལྡན་འདས་དག་ལ་དབུལ་བ་ན། སྦྱིན་པའི་གནས་བསམ་གྱིས་མི་ཁྱབ་པར་མོས་སོ། །འདི་དག་བྱང་ཆུབ་སེམས་དཔའ་དཀོན་མཆོག་ལ་དབུལ་ན། དགེ་བའི་བཤེས་གཉེན་ཤིན་ཏུ་རྙེད་དཀའ་བས་སེམས་བསྐྱེད་པས་དབུལ་ལ། །འཕགས་པའི་དགེ་འདུན་ལ་འབུལ་ན་སངས་རྒྱས་ཀྱི་ཆོས་ཉེ་བར་བརྟེན་པའི་ཕྱིར་དབུལ་ལོ། །གང་ཟག་གམ་ཉན་ཐོས་སམ་རང་སངས་རྒྱས་དག་


DTG111_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འབུལ་ན། འཕགས་པའི་ཡོན་ཏན་ལ་ཤིན་ཏུ་དང་བའི་སེམས་ཀྱིས་འབུལ་ལོ། །ཕ་མ་ལ་སྦྱིན་ན་བླ་མ་ལ་སྲི་ཞུ་དང་རིམ་གྲོ་བྱ་བའི་སེམས་ཀྱིས་སྦྱིན་ནོ། །སློབ་དཔོན་དང་བླ་མ་དང་སྦྱིན་པའི་གནས་དེ་དང་དེ་དག་ལ་འབུལ་ན། བླ་མའི་ཚོགས་ཀྱིས་བསྟན་པ་བསླབ་པ་ལ་འཇུག་གོ ། དབུལ་པོ་དང་ཕོངས་པ་དང་སློང་བ་དག་ལ་གོས་དང་ཟས་སྦྱིན་པ་ན། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་མིག་དང༌། བྱམས་པ་ཡོངས་སུ་བསྒོམས་པས་སྦྱིན་པར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་གླང་པོ་ཆེ་ཅང་ཤེས་ཡན་ལག་བདུན་རབ་ཏུ་གནས་པ། ལོ་དྲུག་ལོན་པ་སོ་དྲུག་ཡོད་པ་སྤུ་མདོག་པདྨ་འདྲ་བ། གདོང་རྣམ་པར་དག་པ་གསེར་གྱི་རྒྱན་གྱིས་བརྒྱན་པ། ལུས་གསེར་གྱི་དྲ་བས་གཡོགས་པ། སྣ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་གཡོགས་པ། བཀོད་པས་སྤྲས་པ། གསེར་གྱིས་གཡོགས་པ། བལྟ་ན་སྡུག་པ་དཔག་ཚད་སྟོང་དུ་མི་ངལ་བར་འགྲོ་ཞིང་རྒྱུ་བ་སྦྱིན་པར་བྱེད་དོ། །རྟ་ཅང་ཤེས་བཞོན་ན་བདེ་ཞིང་ལུས་བདེ་བ་དང་ལྡན་པ། བང་ཕུན་སུམ་ཚོགས་པ། ཕྱོགས་བཞིར་བགྲོད་པ་བཀུར་བའི་མགྱོགས་པ་དང་ལྡན་པ། ཟས་ཕུན་སུམ་ཚོགས་པ། ལྷའི་མཚུངས་པ་མེད་པའི་རྒྱན་ཐམས་ཅད་དང་ལྡན་པ་དག་སྦྱིན་པར་བྱེད་དོ། །དེ་དག་སྦྱིན་ཞིང་གཏོང་བ་ན་གུས་པས་སྐྱེ་བོ་བླ་མ་དང་དགེ་བའི་བཤེས་གཉེན་དང་ཕ་མ་དང་དབུལ་པོ་དང་ཕོངས་པ་དང་སློང་བ་དང་ལེན་པའི་འགྲོ་བ་ཐམས་ཅད་ལ་ལྷུག་པར་གཏང་བའི་སེམས་དང་གཟུང་བ་མེད་པའི་སེམས་ནས། སྙིང་རྗེ་ཆེན་པོས་ཕྱོགས་སུ་ཁྱབ་པའི་རྒྱུད་ཀྱིས་གཏོང་བ་ཆེན་པོ་ཚད་མེད་པ་བྱང་ཆུབ་སེམས་དཔའི་ཡོན་ཏན་དག་ལ་ནན་ཏན་བྱེད་པ་དང༌། རིགས་བཙུན་པ་བྱང་ཆུབ་སེམས་དཔའི་བསམ་པ་ཡོངས་སུ་སྤྱོད་ཅིང་སྦྱིན་པར་བྱེད་དོ། །དེ་ལྟར་སེམས་ཅན་དག་ལ་སྟན་སྦྱིན་ཞིང་གཏོང་ན་རྒྱལ་པོའི་ཁྲི་བཟང་པོ་བཻ་ཌཱུ་ཪྻའི་རྐང་པ་ཅན། སེང་གེས་བརྟེན་པ་གསེར་གྱི་ཐ་གུ་དང་རིན་པོ་ཆེའི་དྲ་བའི་བླ་རེ་དང་གོས་འཇམ་པོ་དུ་མ་བཏིང་བ་ཉེ་འཁོར་སྤོས་ཀྱི་སྙིང་པོ་ཐམས་ཅད་ཀྱིས་ཤིན་ཏུ་དྲི་ཞིམ་པར་བྱས་པ། ནོར་བུའི་རྒྱལ་པོ་སྣ་ཚོགས་ཀྱི་རྒྱལ་མཚན་དུ་མ་བསྒྲེང་བ། རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་རྒྱན་བཀོད་པ།


DTG111_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་དྲ་བའི་བླ་རེ་བྲེས་པ། གསེར་གྱི་དྲིལ་བུ་གཡེར་ཁའི་དྲ་བ་འཁྲོལ་བའི་སྒྲ་ཡིད་དུ་འོང་བའི་དབྱངས་འབྱུང་བ། རིན་པོ་ཆེའི་འབྲུ་བྱེ་བ་ཁྲག་ཁྲིག་ཕྲག་བཅུས་ཀུན་ནས་བསྐོར་ཏེ་རྣམ་པར་ཕྱེ་བས་ཤིང་ཏུ་འཕགས་ཤིང་བལྟ་ན་མཛེས་པ། སྲོག་ཆགས་བྱེ་བ་ཁྲག་ཁྲིག་གྲངས་མེད་པས་ཀུན་ནས་བལྟ་བ། གདུགས་ཁེབ་གཅིག་གིས་ས་ཆེན་པོ་ཐམས་ཅད་སྐྱོང་བར་དབང་བསྐུར་བ་རྒྱལ་སྲིད་ཀྱི་དབང་ཕྱུག་ཐམས་ཅད་ལ་དབང་བའི་སྟན་དུ་བྱ་བ། དེ་ལ་འདུག་ཅིང་འཁོར་ལོ་ཐོགས་པ་མེད་པས་བསྐྱད་བ་དང་ཆིས་བྱ་བ་ལ་རྒྱལ་པོའི་བཀའ་ཐམས་ཅད་ཉམས་པ་མེད་པར་ཉན་པ་དེ་ལྟ་བུའི་སྟེན་གྱི་རྣམ་པ་སྦྱིན་པར་བྱེད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་གདུགས་རྣམས་སྦྱིན་བ་ན། རིན་པོ་ཆེ་ཆེན་པོའི་བཀོད་པས་རབ་ཏུ་བརྒྱན་པ། རིན་པོ་ཆེའི་ཡུ་བ་ཅན་དྲིལ་བུ་གཡེར་ཁའི་དྲ་བས་ཀུན་ནས་ཁེབས་པ་རིན་པོ་ཆེའི་སྲད་བུ་དང་རྣ་རྒྱན་དང་མགུལ་རྒྱན་གྱི་ཕྲེང་བས་ཁུགས་ཅན་དུ་གྱུར་པ། ནོར་བུ་དང་བཻ་ཌཱུཪྻའི་ཕྲེང་བ་མངོན་པར་དཔྱངས་པ། ཉེ་འཁོར་ན་དགའ་བའི་དབྱངས་དང་ཡིད་དུ་འོང་བའི་སྒྲ་འབྱུང་བ། གསེར་གྱི་དྲ་བ་རྣམ་པར་དག་པས་ནང་ལོགས་ཁེབས་པར་བྱས་པ། རིན་པོ་ཆེའི་ཐུར་མའི་རྒྱན་བརྒྱ་སྟོང་བྲེས་པ་ནོར་བུ་རིན་པོ་ཆེའི་མཛོད་ཀུན་དུ་འཛིན་པ། ཨ་ཀ་རུ་དང༌། ཙནྡན་དང༌། སྤོས་ཀྱི་དམ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཉེ་འཁོར་དྲི་ཞིམ་པོར་བསྒོས་ཤིང་བདུགས་པ། འཛམ་བུའི་ཆུ་བོའི་གསེར་ལྟར་འོད་གསལ་ཞིང་དག་པ། རྒྱན་བྱེ་བ་ཁྲག་ཁྲིག་མཐའ་ཡས་པས་བརྒྱན་པའི་གདུགས་དེ་འདྲ་བ་རྣམས་དང༌། དེ་བས་ཀྱང་ཆེས་ལྷག་པའི་གདུགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང༌། །ཁ་ན་མ་ཐོ་བ་མེད་པའི་སེམས་ཀྱིས་སྦྱིན་པར་བྱེད་ཅིང༌། སེམས་ཅན་ཐམས་ཅད་ཀྱི་གཙོ་བོ་མངོན་དུ་གྱུར་པའམ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་བརྒྱན་པའི་ཕྱིར་རམ། ཆོས་བཙལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་དང༌། དགེ་བའི་བཤེས་གཉེན་ནམ། བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་བཙུན་པར་བྱ་བ་དག་གམ། ཕ་དང་མའམ་དགེ་འདུན་དཀོན་མཆོག་གམ་སངས་རྒྱས་ཐམས་ཅད་ཀྱིས་བསྟན་པ་ནས། ལེན་


DTG111_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

པ་པོ་ཐམས་ཅད་ཀྱི་བར་དག་ལ་འབུལ་བ་དང་ཡོངས་སུ་གཏོང་བ་དང་སྟེར་བར་བྱེད་པ་དང༌། སྦྱིན་པར་བྱེད་པ་ན། དེ་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་བ་སྟེ་ཞེས་གསུངས་པ་དང༌། རེ་ཞིག་ཇི་ལྟར་ཡོངས་སུ་བསྔོ་བ་དང་པོར། དགེ་བའི་རྩ་བ་ཐམས་ཅད་ཀྱི་སྐབས་ནས་ཇི་སྐད་དུ། སྨོན་ལམ་འདི་ལྟ་བུ་ཡང་འདེབས་ཏེ། ཅི་ནས་དགེ་བའི་རྩ་བ་འདི་དག་རྣམ་པར་དག་པར་ཆོས་ཀྱི་མཐའ་ཀླས་པར་འགྲོ་བ་ཐམས་ཅད་ལ་ཉེ་བར་འཚོ་བ་དང་ཕན་པར་གྱུར་ཅིག །དེས་ན་དགེ་བའི་རྩ་བ་འདི་དག་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཅན་དམྱལ་བའི་ངན་སོང་རྒྱུན་ཆད་པར་གྱུར་ཅིག །དུད་འགྲོའི་སྐྱེ་གནས་པ་དང༌། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་བའི་ཕུང་པོ་རྣམ་པར་ལོག་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བ་ན། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་བདག་སྡུག་བསྔལ་གྱི་ཕུང་པོ་བཟློག་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་གནས་སུ་གྱུར་ཅིག །ཉོན་མོངས་པ་ཐམས་ཅད་ལས་ཡོངས་སུ་དགྲོལ་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་སྐྱོབ་པར་གྱུར་ཅིག །འཇིགས་པ་ཐམས་ཅད་ལས་བསུང་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་སྐྱབས་སུ་གྱུར་ཅིག །ས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་རྟེན་དུ་གྱུར་ཅིག །ཤིན་ཏུ་གྲུབ་པ་དང་བདེ་བ་ཐོབ་པར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དཔུང་གཉེན་དུ་གྱུར་ཅིག །རབ་རིབ་མེད་པའི་ཡེ་ཤེས་ཀུན་དུ་བསྟན་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་སྣང་བར་གྱུར་ཅིག །མ་རིག་པའི་མུན་པ་བཟློག་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་སྒྲོན་མེར་གྱུར་ཅིག །ཤིན་ཏུ་རྣམ་པར་དག་པ་ལ་རབ་ཏུ་དགོད་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་གསལ་བར་བྱེད་པར་གྱུར་ཅིག །ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ལ་གཟུད་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་འདྲེན་པར་གྱུར་ཅིག །སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་ཕུང་པོ་ཉེ་བར་བསྟན་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་ཡོངས་སུ་འདྲེན་པར་གྱུར་ཅིག །དེ་བཞིན་དུ་སྦྱར་ཏེ། དེ་ཡང་བསམ་པ་ཐག་པ་ནས་ཡོངས་སུ་བསྔོ་བའི་ཚིག་ཙམ་གྱིས་ནི་མ་ཡིན་ནོ། །དེ་ཡང་དགའ་བའི་


DTG111_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱིས་ཡོངས་སུ་བསྔོའོ། །མགུ་བའི་སེམས་ཀྱིས་ཡོངས་སུ་བསྔོའོ། །དང་བའི་སེམས་དང༌། རབ་ཏུ་དགའ་བའི་སེམས་དང༌། མཉེན་པའི་སེམས་ཀྱིས་ཡོངས་སུ་བསྔོའོ། །བྱམས་པའི་སེམས་དང༌། མཛའ་བའི་སེམས་དང༌། ཕན་གདགས་པའི་སེམས་དང༌། ཕན་པའི་སེམས་དང༌། བདེ་བའི་སེམས་ཀྱིས་ཡོངས་སུ་བསྔོའོ། །དེ་འདི་ལྟར་ཡོངས་སུ་བསྔོ་སྟེ། བདག་གི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཀྱི་འགྲོ་བ་རྣམ་པར་དག་པར་གྱུར་ཅིག །སྐྱེ་བ་རྣམ་པར་དག་པར་གྱུར་ཅིག །བསོད་ནམས་ཀྱི་ཆེ་བའི་བདག་ཉིད་ཡོངས་སུ་དག་པར་གྱུར་ཅིག །ཟིལ་གྱིས་མི་ནོན་པར་གྱུར་ཅིག །ཡོངས་སུ་ཟད་པ་མེད་པར་གྱུར་ཅིག །ཐུབ་པར་དཀའ་བའི་སེམས་དང་ལྡན་པར་གྱུར་ཅིག །བརྗེད་པ་མེད་པར་གྱུར་ཅིག །རྟོགས་པ་དང་བློ་གྲོས་དང༌། ངེས་པ་དང་ལྡན་པར་གྱུར་ཅིག །བློ་ཚད་མེད་པ་དང་ལྡན་པར་གྱུར་ཅིག །ལུས་ཀྱི་ལས་དང་ངག་གི་ལས་དང་ཡིད་ཀྱི་ལས་ཡོན་ཏན་གྱི་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པ་དང་ལྡན་པར་གྱུར་ཅིག །བདག་གི་དགེ་བའི་རྩ་བ་འདིས་སེམས་ཅན་དེ་དག་ཐམས་ཅད་སངས་རྒྱས་ཐམས་ཅད་མཉེས་པར་བྱེད་པར་གྱུར་ཅིག །མཉེས་པར་བྱས་ནས་ཀྱང་མི་མཉེས་པར་མི་བྱེད་པར་གྱུར་ཅིག །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ལ་དད་པ་མི་ཕྱེད་པ་ཐོབ་པར་གྱུར་ཅིག །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལས་ཆོས་བསྟན་པ་ཉན་པར་གྱུར་ཅིག །མཉན་ནས་ཀྱང་ཐེ་ཚོམ་ཐམས་ཅད་རྣམ་པར་ལྡོག་པར་གྱུར་ཅིག །ཇི་ལྟར་ཐོས་པ་བཞིན་འཛིན་པར་གྱུར་ཅིག །བཟུང་ནས་ཀྱང་སྒྲུབ་པ་རྫོགས་པར་བྱེད་པར་གྱུར་ཅིག །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་སྟེན་པར་བྱེད་པར་གྱུར་ཅིག །སེམས་ལས་སུ་རུང་བ་ཡང་ཐོབ་པར་གྱུར་ཅིག ། ཁ་ན་མ་ཐོ་བ་མེད་པའི་ལས་རྣམས་ཡང་དག་པར་སྒྲུབ་པར་བྱེད་པར་གྱུར་ཅིག །བདག་ཉིད་དགེ་བའི་རྩ་བ་ཆེན་པོ་རྣམས་ལ་འཇོག་པར་གྱུར་ཅིག །ཤིན་ཏུ་དབུལ་བ་ཐམས་ཅད་རྣམ་པར་བཟློག་པར་གྱུར་ཅིག །ནོར་བདུན་རྙེད་པ་ཡོངས་སུ་རྫོགས་པར་གྱུར་ཅིག །སངས་རྒྱས་


DTG111_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་རྗེས་སུ་སློབ་པར་གྱུར་ཅིག །དགེ་བའི་དབང་པོ་ཐོབ་པ་རྟོགས་པར་གྱུར་ཅིག །རྒྱ་ཆེན་པོ་ལ་མོས་པ་མཉམ་པ་ཉིད་ཡོངས་སུ་སྒྲུབ་པར་གྱུར་ཅིག །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གོ་སྐབས་ཐོབ་པར་གྱུར་ཅིག །འགྲོ་བ་ཐམས་ཅད་ལ་ཐོགས་པ་མེད་པའི་མིག་སྐྱེད་པར་གྱུར་ཅིག །མཚན་ཐམས་ཅད་རྒྱན་གྱིས་བརྒྱན་པའི་ལུས་རྫོགས་པར་ཡོངས་སུ་ཐོབ་པར་གྱུར་ཅིག །ཡོན་ཏན་ཐམས་ཅད་ཀྱི་རྒྱན་དང་ལྡན་པའི་ངག་ཡོངས་སུ་དག་པ་ཡོངས་སུ་འཛིན་པར་གྱུར་ཅིག །དབང་པོ་བསྡམས་པ་དང༌། སྟོབས་བཅུ་དང་ལྡན་པའི་སེམས་དགེ་བ་ཡང་དག་པ་བསྒྲུབ་པར་གྱུར་ཅིག །མི་རྟེན་པར་གནས་པ་ཡོངས་སུ་རྫོགས་པར་གྱུར་ཅིག །སངས་རྒྱས་ཐམས་ཅད་བདེ་བའི་ཡོ་བྱད་གང་དང་ལྡན་པའི་བདེ་བའི་ཡོ་བྱད་དེ་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག་ཅེས་བསྟན་པ་དང༌། དེ་བཞིན་དུ་ཡོངས་སུ་བསྔོ་བ་དྲུག་པ་ལས་གསུངས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བ་སྟེ། སེམས་ཅན་ཐམས་ཅད་ཆགས་པ་མེད་པར་ཞུགས་པའི་སེམས་དང་ལྡན་ཞིང་ཡེ་ཤེས་ཀྱི་ཟས་ཅན་དུ་གྱུར་ཅིག །ཟས་ལ་ཞེན་པ་མེད་ཅིང་ཟས་ཡོངས་སུ་ཤེས་པ་དང་ལྡན་པ་དང༌། དགའ་བ་ཟ་ཞིང་ཟང་ཟིང་མེད་པའི་ཟས་དང་ལྡན་པ་ནས། འདོད་པ་ལ་སྲེད་པ་རབ་ཏུ་ལྡོག་པའི་བར་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཀྱི་ཁུ་ཤུགས་དང་ལྡན་པའི་སྤྲིན་ལས་ཆར་འབེབས་པ་དང༌། ཆོས་ཀྱི་དགའ་བ་བླ་ན་མེད་པས་སེམས་ཀྱི་རྒྱུན་ཚིམ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་རོ་བྲོ་བ་ཐམས་ཅད་ལ་ཆགས་པ་མེད་ཅིང་རོ་ལ་མཚན་མར་མི་འཛིན་པར་གྱུར་ཅིག །སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སེམས་འཇུག་པ་དང༌། ཐེག་པ་མ་ཉམས་པ་དང་ལྡན་པ་དང༌། ཐེག་པ་མཆོག་དང་ལྡན་པ་དང༌། ཐེག་པ་དམ་པ་དང་ལྡན་པ་དང༌། ཐེག་པ་མྱུར་བ་དང་ལྡན་པ་དང༌། ཐེག་པ་སྟོབས་ཆེན་པོ་དང་ལྡན་པར་གྱུར་ཅིག །སངས་རྒྱས་ལ་དགའ་བ་འཐོབ་ཅིང་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་ངོམས་མི་ཤེས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དགེ་བའི་བཤེས་གཉེན་མཐོང་ཞིང་སེམས་ཀྱི་རྒྱུད་ལ་གནོད་པ་མེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱི་དུག་སེལ་བའི་སྨན་གྱི་རྒྱལ་པོ་ལྟ་བུར་


DTG111_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཞིང་སེམས་ཅན་ཐམས་ཅད་ཉོན་མོངས་པའི་དུག་བཟློག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱི་མུན་པ་དང་རབ་རིབ་ཀྱི་ལིང་ཏོག་སེལ་བའི་ཕྱིར། སེམས་ཅན་ཐམས་ཅད་ཀྱིས་ཉི་མའི་དཀྱིལ་འཁོར་ཤར་བ་ལྟ་བུར་མཐོང་བར་གྱུར་ཅིག །ཅེས་དེ་ལྟར་བདག་ཉིད་ངེས་པར་བརྟགས་ནས་རང་གི་བསམ་པ་དང་མཐུན་པར་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་མངོན་པར་མཛེས་པ་མཐོང་བར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཚུལ་ཁྲིམས་ཀྱི་དྲི་དང་ལྡན་པ་དང་མི་ཆོད་པའི་ཚུལ་ཁྲིམས་དང༌། བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཚུལ་ཁྲིམས་ཅན་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་གཏང་བ་ཐམས་ཅད་ཡོངས་སུ་གཏོང་བ་ཅན་དུ་གྱུར་ཏེ་སྦྱིན་པས་བསྒོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མི་འཁྲུགས་པའི་སེམས་རྙེད་ཅིང་བཟོད་པས་བསྒོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བརྩོན་འགྲུས་ཆེན་པོའི་གོ་བགོས་ཤིང་བརྩོན་འགྲུས་ཀྱིས་བསྒོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ད་ལྟར་བྱུང་བའི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ཐོབ་ཅིང་བསམ་གཏན་གྱིས་བསྒོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའ་ཡོངས་སུ་བསྔོ་བས་བསྒོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དཀར་པོའི་ཆོས་ཐམས་ཅད་ཀྱིས་བསྒོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་མི་དགེ་བའི་ཆོས་ཐམས་ཅད་སྤངས་ཤིང་ལྷའི་མལ་ཆ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སོ་སོའི་སྐྱེ་བོ་མ་ཡིན་པའི་བྱང་ཆུབ་ཀྱི་སེམས་ཀྱིས་བསྒོས་པའི་ཕྱིར་འཕགས་པའི་མལ་ཆ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཁོར་བར་གཏོགས་པའི་སྡུག་བསྔལ་ཐམས་ཅད་ཡོངས་སུ་སྤང་བའི་ཕྱིར་བདེ་བའི་མལ་ཆ་ཐོབ་པར་གྱུར་ཅིག །སེམས་ཅད་ཐམས་ཅད་ཆོས་ལ་རེག་པ་དང་ལྡན་ཞིང་ཉམས་བདེ་བའི་མལ་ཆ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡོན་ཏན་གྱི་གནས་དང་ལེགས་པར་ལྡན་ཞིང་གནས་དང་གནས་ལས་བསྐྱོད་དེ་སངས་རྒྱས་ཀྱི་གནས་བླ་ན་མེད་པ་དང་མི་འབྲལ་ཞིང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་སྣང་བ་ལ་གནས་པར་


DTG111_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ལ་ཉེ་བར་བརྟེན་ཅིང་གནས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྣང་བ་མཐའ་ཡས་པ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་ཐམས་ཅད་གཅིག་ཏུ་རྒྱས་པར་འགེངས་ཤིང་ཐོགས་པ་མེད་པའི་སྣང་བ་ཅན་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྐུ་ཐོབ་ཅིང་ལུས་ལ་ནད་མེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་རྣམ་པར་མི་འཁྲུགས་པའི་ཆོས་ཅན་དུ་གྱུར་ཅིང་སྨན་གྱི་རྒྱལ་པོ་ལྟ་བུར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་གསོ་བ་ལ་ཞུགས་ཤིང་ཐོགས་པ་མེད་པའི་སྨན་གྱི་རྒྱལ་པོ་ལྟ་བུར་གྱུར་ཅིག །སེམས་ཅན་ཐམས་ཅད་མཁྱེན་པའི་ནད་མེད་པ་ཐོབ་ཅིང་ནད་དང་ཟུག་རྔུ་འགགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བསམ་པ་ཇི་ལྟ་བ་བཞིན་དུ་སྨན་སྦྱོར་བྱེད་པར་གྱུར་ཅིག །འགྲོ་བ་ཐམས་ཅད་ཀྱི་སྨན་ལ་མཁས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱི་ནད་ཐམས་ཅད་བཟློག་པའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་མཐུ་དང་སྟོབས་ཡོངས་སུ་མི་ཟད་པའི་ལུས་དང་ལྡན་པར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཁོར་ཡུག་གི་རི་ལྟར་བརྫི་བ་མེད་པའི་ལུས་ཀྱི་སྟོབས་དང་ལྡན་པར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་སྟོབས་ཐམས་ཅད་ཀྱིས་བརྟན་པ་ལ་ཆོག་མི་ཤེས་པར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་སྣོད་ཚད་མེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ནམ་མཁའི་ཁམས་ལྟར་རྒྱ་ཆེ་བ་དང༌། དྲན་བའི་དབང་པོ་དང་ལྡན་པ་དང༌། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཚིག་ཐམས་ཅད་བཟུང་ཞིང་བླང་བ་ལ་དྲན་པ་རྨོངས་པ་མེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ལ་དད་པ་མི་ཕྱེད་པ་མཆོག་འཛིན་ཅིང་དགེ་བ་རྣམ་པར་དག་པའི་སྣོད་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱིས་ཀུན་དུ་འགྲོ་བ་འཐོབ་ཅིང་དགའ་དགུར་འགྲོ་བར་འགྱུར་ཅིག །སེམས་ཅན་ཐམས་ཅད་སེམས་ཅན་ཀུན་ལ་ཁོང་ཁྲོ་བ་མེད་པ་དང་ལྡན་པའི་སེམས་སུ་གྱུར་ཅིག །སེམས་ཅན་ཐམས་ཅད་


DTG111_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྱིས་གྲུབ་པར་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་ཁྱབ་པར་འགྲོ་ཞིང་སེམས་ཀྱི་སྐད་ཅིག་གཅིག་ལ་ཆོས་ཀྱི་དབྱིངས་ཐམས་ཅད་ནོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ངལ་བ་མེད་པའི་ཡིད་ཀྱི་ལུས་ཐོབ་ཅིང་ངལ་བ་དང་དུབ་པ་མེད་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་རྗེས་སུ་ཆོལ་ཞིང་བདེ་བར་འགྲོ་བ་ལ་འཇུག་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་བྱས་པ་གཟོ་བ་དང་བྱས་བ་རྗེས་སུ་སྐྱོང་བས་དགེ་བའི་བཤེས་གཉེན་མི་གཏོང་བའི་སེམས་མི་འདོར་བར་གྱུར་ཅིག །སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་མཐུན་པར་འཛིན་པས་དགེ་བའི་བཤེས་གཉེན་རྣམས་དང་དོན་གཅིག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དགེ་བའི་བཤེས་གཉེན་བསྟེན་པ་ཕུན་སུམ་ཚོགས་པ་ལ་གནས་པ་སེམས་སུ་འཇུག་པའི་དགེ་བའི་བསམ་པ་ཅན་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་སྨོན་ལམ་གཅིག་ཏུ་གྱུར་ཏེ་དགེ་བའི་བཤེས་གཉེན་གྱི་དགེ་བའི་རྩ་བའི་ལས་ཀྱི་རྣམ་པར་སྨིན་པ་རྣམ་པར་དག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་ལ་ཞོན་ཞིང་ཡང་དག་པར་ཞུགས་ནས་ཐོགས་པ་མེད་པར་ཐམས་ཅད་མཁྱེན་པའི་མཐར་འགྲོ་བར་ཤོག་ཤིག །སེམས་ཅན་ཐམས་ཅད་དགེ་བའི་རྩ་བས་ཤིན་ཏུ་ཁེབས་ཤིང་སངས་རྒྱས་ཐམས་ཅད་ཀྱིས་མངོན་སུམ་དུ་བསྲུང་བ་དང་ཡོངས་སུ་སྦ་བ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡོན་ཏན་དང་ཡེ་ཤེས་ཀྱིས་མངོན་པར་ཁེབས་ཤིང་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ལས་ལྡོག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ལེགས་པར་བྱས་པ་རྣམ་པར་མ་འཁྲུགས་ཤིང་དཀར་པོའི་ཆོས་ཅན་དུ་གྱུར་ལ་སངས་རྒྱས་ཀྱི་ཆོས་ཀྱི་རྒྱུན་ཉམས་པ་མེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྟོབས་བཅུའི་བླ་རེ་དང་ལྡན་ཞིང་གདུགས་ལྟ་བུར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ཁྲི་སྟན་ཤིན་དུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་རྣམ་པར་རོལ་པའི་སེང་གེའི་གདན་ཁྲི་ཐོབ་ཅིང་འགྲོ་བ་ཐམས་ཅད་ཀྱིས་བལྟ་བའི་འོས་སུ་གྱུར་ཅིག་ཅེས་གསུངས་


DTG111_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །འཕགས་པ་ནམ་མཁའ་མཛོད་ཀྱི་མདོ་ལས་ཀྱང༌། བདག་གི་དགེ་བའི་རྩ་བའམ་ཆོས་ལ་མཁས་པ་གང་ཡིན་པ་དེ་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བར་མི་འགྱུར་བར་མ་གྱུར་ཅིག་ཅེས་གསུངས་སོ། །འདས་པ་དང་མ་འོངས་པའི་དགེ་བའི་རྩ་བ་བཏང་བ་ནི། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། དགེ་བའི་སེམས་དང་སེམས་ལས་བྱུང་བ་རྣམས་རྗེས་སུ་དྲན་ལ་རྗེས་སུ་དྲན་ནས་ཀྱང་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ལ་མཁས་པ་འདི་ནི་འདས་པ་ལ་མཁས་པའོ། །གང་མ་འོངས་པའི་དགེ་བའི་རྩ་བ་ངེས་པར་སེམས་ཤིང་བྱང་ཆུབ་ལ་མངོན་དུ་ཕྱོགས་པའི་ལས་ལ་སེམས་པས་བདག་ལ་དགེ་བའི་སེམས་བསྐྱེད་པ་འབྱུང་བ་གང་ཡིན་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ་ཞེས་གསུངས་སོ། །དེ་ལྟར་གོམས་པའི་སེམས་ལས་བྱུང་བས་ཐམས་ཅད་བཏང་བ་ལ་མོས་པ་ཡོངས་སུ་རྫོགས་ནས་གཏོང་བའི་སེམས་ཀྱི་ཤུགས་དང་འབྲེལ་པས་ལུས་ཡོངས་སུ་བཏང་བས་ཡོངས་སུ་འཛིན་པ་ཐམས་ཅད་གཏོང་བ་ནི། ཡོངས་སུ་འཛིན་པའི་རྩ་བ་ལས་བྱུང་བའི་སྲེད་པའི་སྡུག་བསྔལ་ལས་རྣམ་པར་གྲོལ་བ་ལ་གྲོལ་བ་ཞེས་བྱའོ། །བར་དུ་ཡང་བསྐལ་པ་གཞལ་དུ་མེད་ཅིང་གྲངས་མེད་པར་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་བདེ་བ་ཕུན་སུམ་ཚོགས་པ་ཁྱད་པར་དུ་འཕགས་པ་རྣམ་པ་སྣ་ཚོགས་མཐའ་ཡས་པ་ཡང་མྱོང་བར་འགྱུར་རོ། །རང་གི་ལུས་ལ་སོགས་པ་མཆིལ་པའི་གཟན་ལྟ་བུར་བདག་ལོངས་སྤྱོད་པར་མི་འདོད་པ་དེས་ཀྱང་གཞན་དག་དྲངས་ནས་སྒྲོལ་ལོ། །དེའི་ཕྱིར་འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་སྦྱིན་པ་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་པོ་ཞེས་གསུངས་སོ། །བསླབ་པ་ཀུན་ལས་བཏུས་པ་ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་དང་པོའོ།། །།དེ་ལྟར་ལུས་ལ་སོགས་པ་བཏང་བ་འདི་དག་ཀྱང་བསྲུང་བར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར། །སེམས་ཅན་རྣམས་ཀྱིས་ལོངས་སྤྱད་ཕྱིར། །ལུས་ལ་སོགས་པ་སྦྱིན་པར་བྱ། །མ་བསྲུངས་ལོངས་སྤྱོད་ག་ལས་འོངས། །གང་མི་སྤྱོད་པས་ཅི་ཞིག་སྦྱིན། །དེ་བས་སེམས་ཅན་ལོངས་སྤྱོད་ཕྱིར།།


DTG111_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་སོགས་པ་བསྲུང་བར་བྱ། །བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས། ཤཱ་རིའི་བུ་གཞན་བསྲུང་ངོ་སྙམ་ན་བདག་བ་སྲུང་བར་བྱའོ། །དེ་བཞིན་དུ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕན་པ་འདོད་པ་དང་ལྡན་པས་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་དོ་ཞེས་བྱ་བའི་བར་དུ་གསུངས་སོ། །ཁྱིམ་བདག་དཔལ་ཕྱིན་གྱིས་ཞུས་པའི་མདོ་ལས་ཀྱང༌། ཁུར་གྱི་དོན་དུ་ཤིང་རྟ་ལྟར་ཆོས་ཀྱི་བློ་འབའ་ཞིག་གིས་གཟུང་བར་བྱའོ་ཞེས་གསུངས་སོ། །དེ་བཞིན་དུ་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་ཀྱང༌། སེམས་ཅན་ལ་ལྟ་བས་ལུས་ཀྱི་སྡུག་བསྔལ་གྱིས་ཡོངས་སུ་མི་སྐྱེའོ་ཞེས་གསུངས་སོ། །ལུས་ལ་སོགས་པ་དེ་ལྟར་བསྐྱང་ཞེ་ན། དགེ་བའི་བཤེས་གཉེན་མི་གཏང་ཞིང༌། སྡོང་པོ་བཀོད་པའི་མདོ་ལས། འཕགས་པ་དཔལ་འབྱུང་གིས་ཇི་སྐང་བསྟན་པ་ལྟ་བུ་སྟེ། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ངན་འགྲོར་མི་ལྟུང་ངོ༌། །དགེ་བའི་བཤེས་གཉེན་གྱིས་བསམས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བར་མི་བྱེད་དོ། །དགེ་བའི་བཤེས་གཉེན་གྱིས་བསྐྱངས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་ལས་མངོན་པར་འཕགས་པ་ཡིན་ནོ། །དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྤྱོད་པ་ཐམས་ཅད་ལ་མི་བརྗེད་པར་སྤྱོད་པ་ཡིན་ནོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་ལས་དང་ཉོན་མོངས་པ་རྣམས་ཀྱིས་ཐུབ་པར་དཀའ་བ་ཡིན་ནོ། །དགེ་བའི་བཤེས་གཉེན་ནི་བྱ་བ་དང་བྱ་བ་མ་ཡིན་པ་རྣམས་ཁོང་དུ་ཆུད་པར་བྱེད་པའོ། །བག་མེད་པའི་གནས་ལས་ཡང་དག་པར་བཟློག་པའོ། །འཁོར་བའི་གྲོང་ཁྱེར་ནས་འདོན་པའོ། །རིགས་ཀྱི་བུ་དེ་ལྟ་བས་ན་དེ་ལྟར་ཡིད་ལ་བྱ་བ་རྒྱུན་མི་འཆད་པས་དགེ་བའི་བཤེས་གཉེན་རྣམས་ཀྱི་དྲུང་དུ་འགྲོ་བར་བྱའོ། །ཁུར་ཐམས་ཅད་བཀུར་བས་ཡོངས་སུ་མི་སྐྱོ་བའི་ཕྱིར་ས་ལྟ་བུའི་སེམས་དང༌། མི་ཕྱེད་པའི་ཕྱིར་རྡོ་རྗེ་ལྟ་བུའི་སེམས་དང༌། སྡུག་བསྔལ་ཐམས་ཅད་


DTG111_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མི་བསྒུལ་བའི་ཕྱིར་ཁོར་ཡུག་ལྟ་བུའི་སེམས་དང༌། ལས་ཐམས་ཅད་ཉམས་སུ་བླང་བ་ལ་མི་སྨོད་པས་འཇིག་རྟེན་གྱི་བྲན་ལྟ་བུའི་སེམས་དང༌། ང་རྒྱལ་དང་ཆེ་བའི་ང་རྒྱལ་རྣམ་པར་སྤང་བས་ཕྱག་དར་བལྟ་བུའི་སེམས་དང༌། ཁུར་ལྕི་བ་བཀུར་བས་ཐེག་པ་ལྟ་བུའི་སེམས་དང༌། མི་ཁྲོ་བས་ཁྱི་ལྟ་བུའི་སེམས་དང༌། འགྲོ་ཞིང་འོང་བས་ཡོངས་སུ་མི་སྐྱོ་བས་གྲུ་ལྟ་བུའི་སེམས་དང༌། དགེ་བའི་བཤེས་གཉེན་གྱི་ངོར་ལྟ་བས་བུ་མཛངས་པ་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་རང་ལ་ནི་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་སྨན་པའི་འདུ་ཤེས་དང༌། རྗེས་སུ་བསྟེན་པ་ལ་ནི་སྨན་གྱི་འདུ་ཤེས་དང༌། ནན་ཏན་ཉམས་སུ་བླངས་པ་ལ་ནི་ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་རང་ལ་ནི་འཇིགས་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་དཔའ་བོའི་འདུ་ཤེས་དང༌། རྗེས་སུ་བསྟན་པ་ལ་ནི་མཚོན་ཆའི་འདུ་ཤེས་དང༌། ནན་ཏན་ལ་ནི་དགྲ་སེལ་བའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས་བྱ་བའོ། །ཡང་དེ་ཉིད་ལས་དགེ་བསྙེན་མ་མི་གཡོ་མའི་རྣམ་པར་ཐར་པ་ལས་ཀྱང༌། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བསྟན་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐུགས་མཉེས་པར་འགྱུར་རོ། །དགེ་བའི་བཤེས་གཉེན་གྱི་ཚིག་དང་མི་འགལ་བར་གནས་པའི་བྱང་ཆུབ་སེམས་དཔའ་ལ་ཐམས་ཅད་མཁྱེན་པ་ཉེ་བར་འགྱུར་རོ། །དགེ་བའི་བཤེས་གཉེན་གྱི་ཆག་ལ་ཐེ་ཚོམ་མེད་པ་ལ་དགེ་བའི་བཤེས་གཉེན་རྣམས་ཉེ་བར་འགྱུར་རོ། །དགེ་བའི་བཤེས་གཉེན་ཡིད་ལ་བྱེད་པ་དང་མ་བྲལ་བ་ལ་དོན་ཐམས་ཅད་མངོན་དུ་འགྱུར་རོ་ཞེས་གསུངས་སེ། །དེ་ཉིད་ཀྱི་ཕྱིར་འཕགས་པ་ནོར་བཟངས་ཀྱིས་དགེ་སློང་རྒྱ་མཚོའི་རྒྱལ་མཚན་གྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ནས་དགེ་སློང་རྒྱ་མཚོའི་རྒྱལ་མཚན་ལ་བདུད་དེ་ཕྱག་འཚལ་ནས། ཡང་དང་ཡང་བལྟ་ཞིང་ཡང་དང་ཡང་མངོན་པར་བལྟ་བ་དང༌། ཕྱག་བྱ་བ་དང༌། རབ་ཏུ་འདུད་པ་དང༌། གུས་པར་བྱ་བ་དང༌། རིམ་གྲོར་བྱ་བ་དང་


DTG111_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལ་བྱ་བ་དང༌། བསམ་པ་དང༌། བསྒོམ་པ་དང༌། ཡོངས་སུ་བསྒོམ་པ་དང༌། ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ་དང༌། ངོ་མཚར་དུ་བྱ་བ་དང༌། ཡོན་ཏན་མངོན་དུ་བྱ་བ་དང༌། རྗེས་སུ་བསྔགས་པ་དང༌། རྗེས་སུ་འབྲང་བར་བྱ་བ་དང༌། རྗེས་སུ་དྲན་པར་བྱ་བ་དང༌། བརྟན་པར་བྱ་བ་དང༌། མི་གཏོང་བ་དང༌། ཡིད་ལ་བསམ་པ་དང༌། ཉེ་བར་འབྲེལ་པར་བྱ་བ་དང༌། སྨོན་ལམ་གྱི་རྗེས་སུ་འཇུག་པར་བྱ་བ་དང༌། མཐོང་བས་དགའ་བ་དང༌། དབྱངས་ཀྱི་མཚན་མ་གཟུང་བ་དང༌། གཟུགས་ཀྱི་རྗེས་སུ་བསམ་པ་དང༌། མིང་ཡོངས་སུ་གཟུང་བའི་རྗེས་སུ་སོང་བའི་སེམས་དང་ལྡན་པར་བྱ་བ་དང༌། ཁ་དོག་དང་དབྱིབས་རྗེས་སུ་དྲན་པར་བྱ་བ་དང༌། ཡེ་ཤེས་ཀྱི་ཡུལ་རྗེས་སུ་བསམ་པ་དང༌། ཏིང་ངེ་འཛིན་གྱི་ཡུལ་ལ་རྗེས་སུ་འཇུག་པར་བྱ་བ་དང༌། སྨོན་ལམ་གྱི་ཡུལ་ལ་རྗེས་སུ་འབྲང་བར་བྱ་བ་དང༌། སྤྱོད་ཡུལ་གྱི་ཡུལ་རྣམ་པར་དཔྱད་པར་བྱ་བ་དང། ཡེ་ཤེས་ཀྱི་སྣང་བ་ཡོངས་སུ་གཟུང་བར་བྱེད་ཅིང་དགེ་སློང་རྒྱ་མཚོའི་རྒྱལ་མཚན་གྱི་དྲུང་ནས་སོང་ངོ༌། །དེ་བཞིན་དུ་དགེ་བའི་བཤེས་གཉེན་ལས་འོངས་པའི་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་དག་པར་བལྟ་ཞིང་གདང་མཆི་མས་གང་བར་དུས་ཏེ། དྲ་བྱི་ལ་སྤྲིན་ལ་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ནས་ཡང་དང་ཡང་བལྟས་ཏེ་ཕྱག་འཚལ་ཞིང་དྲ་བྱི་ལ་སྤྲིན་གྱི་དྲུང་ནས་སོང་ངོ༌། །བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས་ཀྱང༌། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ནི། མཁན་པོ་དང་སློབ་དཔོན་ལ་གུས་པས་གང་ཡོངས་སུ་མི་གཏོང་པའི་རིན་པོ་ཆེ་དེ་འཇིག་རྟེན་ན་མེད་དོ། །གང་ལུས་ཀྱིས་རིམ་གྲོ་མི་བྱ་བ་དེ་མེད་དོ། །གང་རྐང་པས་གཏོང་བ་ལ་མི་སྤྲོ་བ་དེ་མེད་དོ། །གང་ངག་གི་ལས་ལ་མི་སྤྲོ་བ་དེ་མེད་དོ། །དེ་བཞིན་དུ་སྦྱར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་འདི་ནི་འཆིང་བ་ཐམས་ཅད་གཅད་པར་འགྱུར་བའོ། །ཆོས་འདི་ནི་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་གཅོད་པར་འགྱུར་བའོ་སྙམ་ནས་རིན་པོ་ཆེའི་སེམས་བསྐྱེད་དོ། །ཆོས་འདི་ནི་སེམས་ཅན་ཐམས་ཅད་ཀྱི་ནད་ཉེ་བར་ཞི་བར་བྱེད་པར་འགྱུར་བས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་


DTG111_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ཉེ་བར་ཞི་བར་བྱེད་པའི་ཆོས་འདི་ལྟ་བུ་འདོད་པར་བྱའོ་སྙམ་མོ་ཞེས་གསུངས་སོ། །ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པ་ལས་ཀྱང་ཁྱིམ་བདག་གལ་ཏེ་བྱང་ཆུབ་སེམས་དཔའ་ལུང་ཀློག་པ་དང་ཁ་ཏོན་བྱ་བ་དོན་དུ་གཉེར་བས་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་དང་ལྡན་པའམ་བྱང་ཆུབ་སེམས་དཔའི་ལམ་གྱི་ཚོགས་སྩོགས་པ་དང་ལྡན་པའི་ཚིག་བཞི་པའི་ཚིགས་སུ་བཅད་པ་སུ་ལས་མཉན་ཏམ་ལུང་མནོས་སམ་བླངས་པའི་སློབ་དཔོན་དེ་ལ་དེས་ཆོས་ཀྱི་གུས་པ་བྱའོ། །མིང་དང་ཚིག་དང་ཡི་གེ་ཇི་སྙེད་ཀྱི་ཚིགས་སུ་བཅད་པ་དེ་བསྟན་པ་དེ་སྙེད་ཀྱི་བསྐལ་པར་གལ་ཏེ་སློབ་དཔོན་དེ་ལ་གཡོ་མེད་པར་རྙེད་པ་དང་བཀུར་སྟི་དང་མཆོད་པ་ཐམས་ཅད་ཀྱིས་རིམ་གྲོ་དང་བསྙེན་བཀུར་བྱས་ཀྱང་ཁྱིམ་བདག་ད་དུང་སློབ་དཔོན་ལ་སློབ་དཔོན་གྱི་གུས་པ་ཡོངས་སུ་རྫོགས་པ་མ་ཡིན་ན་ཆོས་ཀྱི་གུས་པ་ལྟ་ཅི་སྨོས་ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་ཀྱང༌། རིགས་ཀྱི་བུ་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ལ་ཤིན་ཏུ་གུས་པ་བསྐྱེད་པར་བྱའོ། །ཕངས་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་དུ་དེ་ལྟ་བུའི་རང་བཞིན་གྱི་ཡོན་ཏན་དག་དང་བླ་མ་ལ་གུས་པ་ཡིད་ལ་བྱེད་པ་དག་དང་ལྡན་པས་སོང་ནས་མཐར་གྱིས་གྲོང་ཁྱེར་གཞན་ཞིག་ཏུ་ཕྱིན་པ་དང༌། དེའི་གྲོང་བར་གྱི་ཚོང་འདུས་ཀྱི་དབུས་སུ་ཕྱིན་ནས་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་གི་ལུས་བཙོངས་ལ། དེའི་རིན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་བྱའོ། །ཡུན་རིང་པོ་ནས་བདག་གི་ལུས་སྟོང་ཞིག་ཅིང་ཟད་དེ་བཙོངས་སོ། །འཁོར་བ་དཔག་ཏུ་མེད་པ་ནས་འདོད་པའི་ཕྱིར་འདོད་པའི་རྒྱུས་ཡང་དང་ཡང་སེམས་ཅན་དམྱལ་བའི་སྡུག་བསྔལ་དཔག་ཏུ་མེད་པ་དག་མྱོང་ཡང་འདི་ལྟ་བུའི་ཆོས་ཀྱི་ཕྱིར་རམ་འདི་ལྟ་བུའི་སེམས་ཅན་ཆེན་པོ་དག་ལ་བཀུར་སྟི་བྱ་བའི་ཕྱིར་མ་ཡིན་ནོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་དུས་གྲོང་བར་གྱི་ཚོང་འདུས་ཀྱི་དབུས་སུ་འདུག་སྟེ། མི་སུ་འདོད་མི་སུ་འདོད་ཅེས་སྒྲ་བསྒྲགས་ཤིང་སྐད་ཀྱིས་ཐོས་པར་བོས་སོ། །དེ་བཞིན་དུ་སྦྱར་ཏེ།


DTG111_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བདུད་སྡིག་ཅན་གྱིས་ཅི་ནས་བྲམ་ཟེ་དང་ཁྱིམ་བདག་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་དུས་མི་སུ་འདོད་མི་སུ་ང་ཉོ་བར་འདོད་ཅེས་ཟེར་བའི་སྒྲ་མི་ཐོས་པར་འགྱུར་བ་དེ་ལྟ་བུར་ཡོངས་སུ་བསྒྲིབས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་དུ་གང་གི་ཚེ་བདག་ཉོ་བ་མ་རྙེད་པ་དེའི་ཚེ་ཕྱོགས་གཅིག་ཏུ་སོང་ནས་མཆི་མ་ཕྱུང་སྟེ་འདི་ལྟར་བདག་གི་ལུས་བཙོངས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་བྱ་སྙམ་ན། ལུས་ཉོ་བ་ཡང་བདག་གིས་མ་རྙེད་དེ། ཀྱེ་མ་བདག་ནི་ཐོབ་པ་ངན་པ་ཐོབ་བོ་སྙམ་ནས། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་འདི་ལྟ་སྟེ་ཆོས་འདོད་པའི་ཕྱིར་བདག་གི་ལུས་ཡོངས་སུ་གཏང་བར་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ཡིན་ནམ་མ་ཡིན་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་བདག་གིས་སད་པར་བྱའོ་སྙམ་སྟེ། ལྷའི་དབང་པོ་བརྒྱ་བྱིན་གྱིས་བྲམ་ཟེའི་ཁྱེའུའི་ཆ་བྱད་དུ་མངོན་པར་སྤྲུལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ག་ལ་བ་དེར་སོང་སྟེ་འོངས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་འདི་ལྟར་ཡིད་མི་དགའ་ཞིང་ཡིད་གདུང་ལ་མཆི་མ་འབྱུང་བ་ཅི་ཉེས། དེས་སྨྲས་པ། བྲམ་ཟེའི་ཁྱེའུ་ང་ནི་ཆོས་འདོད་པའི་ཕྱིར་བདག་ཉིད་བཙོངས་ཏེ། ཆོས་ལ་མཆོད་པ་བྱ་བར་འདོད་ན། ལུས་ཉོ་བ་དེ་ངས་མ་རྙེད་ནས་དེ་ལ་ང་འདི་སྙམ་དུ་སེམས་སོ། །ཀྱེ་མ་ང་ནི་བསོད་ནམས་ཆུང་བས་འདི་ལྟར་ལུས་བཙོངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པར་བྱ་བ་དང༌། འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་ཡང་བཀུར་སྟི་བྱ་སྙམ་ན་བདག་གི་ལུས་ཉོ་བ་མ་རྙེད་དོ་སྙམ་མོ། །དེ་ནས་བྲམ་ཟེའི་ཁྱེའུ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ང་ལ་མིས་ནི་བྱ་བ་མེད་ཀྱི། ང་མཆོད་སྦྱིན་ཞིག་བྱེད་དེ་དེར་མིའི་སྙིང་དང་ཁྲག་དང་རུས་པ་དང་རྐང་དག་ང་ལ་དགོས་ན་དེ་རིན་གྱིས་ཉོར་བྱིན་ཅིག་ཅེས་


DTG111_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་འདི་སྙམ་དུ་སེམས་ཏེ་གང་བདག་གིས་བྲམ་ཟེའི་ཁྱེའུ་དེས། སྙིང་དང་ཁྲག་དང་རུས་པ་དང་རྐང་ཉོ་བ་རྙེད་པ་འདི་ནི་བདག་གིས་རྙེད་པའི་མཆོག་ལེགས་པར་རྙེད་དོ། །བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་ཐབས་མཁས་པ་ལ་ཡོངས་སུ་རྫོགས་པར་འགྱུར་རོ་སྙམ་ནས། དེས་སེམས་དགའ་བ་དང་སེམས་བདེ་བ་དང་སེམས་རབ་ཏུ་དགའ་བར་གྱུར་ནས། བྲམ་ཟེའི་ཁྱེའུ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་ངའི་ལུས་འདི་ལས་ཁྱོད་གང་འདོད་པ་སྦྱིན་ནོ། །དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་རིན་དུ་ཅི་འདོད་པ་སྦྱིན་ནོ་ཞེས་བྱས་པ་དང༌། དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་ཁྱོད་ཀྱིས་གང་ཡོངས་སུ་གཏང་བ་དེ་ང་ལ་བྱིན་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་དུས་མཚོན་རྣོན་པོ་ཐོགས་ནས། ལག་པ་གཡས་པ་ཕུག་སྟེ་ཁྲག་གཟགས་སོ། །བརླ་གཡས་པ་ཤ་མེད་པར་བཏོགས་ནས་རུས་པ་གཅོག་ཏུ་རྩིག་པའི་དྲུང་དུ་སོང་ངོ༌། །དེ་ནས་ཚོང་དཔོན་གྱི་བུ་མོ་ཞིག་ཁང་པའི་ཡང་ཐོག་ན་འདུག་པ་དེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་བརླའི་ཤ་མེད་པར་བཏོགས་ནས། རུས་པ་གཅོག་ཏུ་རྩིག་པའི་དྲུང་དུ་སོང་བ་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། རིགས་ཀྱི་བུ་འདི་ཅིའི་ཕྱིར་བདག་ཉིད་ལ་བདག་ཉིད་འདི་ལྟ་བུའི་ན་ཚ་བྱེད་པ་བདག་རིགས་ཀྱི་བུ་དེའི་དྲུང་དུ་སོང་སྟེ་དྲིའོ་སྙམ་ནས་ཚོང་དཔོན་གྱི་བུ་མོ་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ག་ལ་བ་དེང་སོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཅིའི་ཕྱིར་ཁྱོད་བདག་ཉིད་ལ་འདི་ལྟ་བུའི་ན་ཚ་དག་བྱེད། ཁྲག་དང་རུས་པ་དང་རྐང་འདིས་ཅི་ཞིག་བྱ། རྟག་ཏུ་དུས་བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་འདི་ལ་བཅོངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པར་བྱའོ། །འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་ཡང་བཀུར་སྟི་བྱའོ། །དེ་ནས་ཚོང་དཔོན་གྱི་བུ་མོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །


DTG111_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བུ་ཁྱོད་འདི་ལྟར་བདག་གི་སྙིང་དང་ཁྲག་དང་རུས་པ་དང་རྐང་ཡང་བཙོངས་ཏེ་རིགས་ཀྱི་བུ་དེ་ལ་བཀུར་སྟི་བྱ་བར་འདོད་པ། ཁྱོད་ལ་ཡོན་ཏན་གྱི་རྣམ་པ་ཅི་ཞིག་འགྲུབ་པར་འགྱུར། དེས་དེ་ལ་སྨྲས་པ་བུ་མོ་རིགས་ཀྱི་བུ་དེ་གང་ལ་ངས་བསླབ་པར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པ་དག་སྟོན་པར་འགྱུར་ཏེ། དེ་ལ་ངས་བསླབས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱི་རྟེན་དུ་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཚོང་དཔོན་གྱི་བུ་མོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་འདི་ལྟར་ཆོས་རྒྱ་ཆེན་པོ་འདི་དག་ཡོངས་སུ་བརྗོད་པ་ནི་ངོ་མཚར་ཏེ། རིགས་ཀྱི་བུ་ཆོས་འདི་ལྟ་བུ་རེ་རེའི་ཕྱིར་ཡང་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ངུ་ལུས་ཡོངས་སུ་གཏང་བར་བྱ་བ་ཡིན་ན་གཅིག་ལྟ་ཅི་སྨོས་ཏེ། དེ་ཙམ་དུ་ཁྱོད་ཀྱིས་ཆོས་འདི་དག་རྒྱ་ཆེར་ཡོངས་སུ་བརྗོད་ན་རིགས་ཀྱི་བུ་ཁྱོད་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་བྱ་བའི་གསེར་རམ་ནོར་བུའམ་མུ་ཏིག་གམ་བཻ་ཌཱུཪྻའམ་ཞེས་བྱ་བ་ནས་བདག་ཀྱང་ཁྱེད་ཀྱིས་སྩལ་བའི་གཡོག་མོ་ལྔ་བརྒྱ་འདི་དག་དང་ལྷན་ཅིག་ཏུ་ཆོས་འཕགས་ལ་མཆོད་པ་བགྱི་བའི་སླད་དུ་མཆིའོ་ཞེས་བྱ་བའི་བར་དུ་རྒྱ་ཆེར་སྦྱར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་སྟན་ལས་ལངས་ཏེ། བདག་གི་ཁྱིམ་དུ་ཞུགས་པ་དང་ཞེས་བྱ་བ་ནས། ལོ་བདུན་གྱི་བར་དུ་ཏིང་ངེ་འཛིན་གཅིག་ལ་སྙོམས་པར་ཞུགས་ཏེ་ཞེས་བྱ་བའི་བར་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ཡང་ལོ་བདུན་གྱི་བར་དུ་འདོད་པའི་རྟོག་པ་མ་བྱུང༌། གནོད་སེམས་ཀྱི་རྟོག་པ་མ་བྱུང༌། རྣམ་པར་འཚེ་བའི་རྟོག་པ་མ་བྱུང༌། རོ་ལ་བརྐམ་པ་མ་སྐྱེས་ཏེ། གཞན་དུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ནམ་ལྡང་བར་གྱུར། བདག་ཅག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་ཆོས་ཀྱི་ཁྲི་གང་ལ་རིགས་ཀྱི་བུ་དེ་འདུག་ནས་ཆོས་སྟོན་པར་འགྱུར་བའི་ཆོས་ཀྱི་ཁྲི་བཤམས་ན། བདག་གིས་ས་ཕྱོགས་འདི་ཆག་ཆག་


DTG111_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཏབ་ཀྱིས་ལེགས་པར་བྱུགས་ལ་མེ་ཏོག་སྣ་ཚོགས་གཏོར་ཏེ། ས་ཕྱོགས་གང་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་རབ་ཏུ་སྟོན་པར་འགྱུར་བ་དེར་ལེགས་པར་བྱུག་པར་བྱའོ་སྙམ་མོ། །ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་དེ་དག་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུའི་རྗེས་སུ་སློབ་ཅིང་སྤྱོད་ལམ་གཉིས་ཀྱིས་དུས་འདའ་བར་བྱེད་པ་བྱ་བ་ཐམས་ཅད་ཀྱང་དེའི་རྗེས་སུ་འཇུག་གོ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ལྷའི་སྒྲ་ཐོས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ནི་ཞག་བདུན་ན་ཏིང་ངེ་འཛིན་ལས་ལངས་ཏེ། ལངས་ནས་ཀྱང་གྲོང་ཁྱེར་གྱི་དབུས་སུ་འདུག་སྟེ་ཆོས་སྟན་པར་འགྱུར་རོ་ཞེས་གྲག་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལྷའི་སྒྲ་དེ་ཐོས་པ་དང༌། དགའ་མགུ་ཡིད་རངས་རབ་ཏུ་མགུ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་དང༌། ས་ཕྱོགས་དེ་ཕྱགས་ནས། ཆོས་ཀྱི་ཁྲི་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ་བཤམས་སོ། །དེ་ནས་བུ་མོ་དེ་དག་གིས་རང་རང་གི་བླ་གོས་ཕུད་དེ་སྟན་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་འདུག་ནས་ཆོས་སྟོན་པར་འགྱུར་བ་དེར་བཏིང་ངོ༌། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ས་ཕྱོགས་དེར་ཆག་ཆག་གདབ་པར་འདོད་ན། བདུད་སྡིག་ཅན་གྱིས་ཆུ་ཐམས་ཅད་མི་སྣང་བར་བྱས་ནས། ཅི་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ཆུ་མ་རྙེད་ནས་ཡིད་མི་དགའ་ཞིང་སེམས་སྡུག་བསྔལ་ཏེ་སེམས་གཞན་དུ་འགྱུར་བ་དང༌། དགེ་བའི་རྩ་བ་ནུབ་པར་འགྱུར་བ་དང༌། མཆོད་པ་དེ་ཡང་མི་མཛེས་པར་བྱ་བའི་ཕྱིར་ཆུ་དེ་དག་མི་སྣང་བར་བྱས་ནས། ཀུན་དུ་ཆུ་བཙལ་ན་མ་རྙེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་འདི་སྙམ་དུ་སེམས་ཏེ། བདག་གི་ལུས་ཕུག་ལ་ཁྲག་གིས་ས་ཕྱོགས་འདི་ཆག་ཆག་གདབ་པོ། །དེ་ཅིའི་ཕྱིར་ཞེ་ན། ས་ཕྱོགས་འདི་ནི་རྡུལ་ཆེ་སྟེ། རྡུལ་གྱི་ཁམས་འདི་ནས་བྱུང་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་


DTG111_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་ཀྱི་ལུས་ལ་ཕོག་ན་མི་རུང་ན། བདག་གི་ལུས་གདོན་མི་ཟ་བར་འཇིག་པ་འདིས་ཅི་ཞིག་བྱ། བདག་གི་ལུས་འདི་ལྟ་བུའི་བྱ་བ་ལ་ཞིག་པ་ནི་བླའི། ནུས་པ་མེད་པའི་བྱ་བ་ལ་འདོད་པའི་ཕྱིར་འདོད་པའི་གཞིས་འཁོར་བ་དག་ན་བདག་གི་ལུས་བརྒྱ་སྟོང་མང་པོ་དེ་ལྟ་བུའི་གནས་སུ་ཞིག་པ་ནི་ཅིར་ཡང་མི་རུང་ངོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་མཚོན་རྣོན་པོ་བླངས་ཏེ། བདག་གི་ལུས་ཀུན་དུ་ཕུག་ནས་རང་གི་ཁྲག་གིས་ས་ཕྱོགས་དེ་ཁོར་ཡུག་ཏུ་ཆག་ཆག་བཏབ་བོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུའི་རྗེས་སུ་སློབ་པ་ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་པོ་དེ་དག་ཐམས་ཅད་ཀྱིས་ཀྱང་མཚོན་རྣོན་པོ་བླངས་ཏེ་རང་རང་གི་ལུས་ཕུག་ནས་རང་རང་གི་ཁྲག་གིས་ས་ཕྱོགས་དེ་ཆག་ཆག་བཏབ་སྟེ། གང་དེ་དག་ལ་བདུད་སྡིག་ཅན་གྱིས་དགེ་བའི་ཕྱོགས་ཀྱི་བར་ཆད་བྱ་བར་གླགས་རྙེད་པར་མི་འགྱུར་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དང་བུ་མོ་དེ་དག་སེམས་གཞན་དུ་འགྱུར་བ་མེད་དོ་ཞེས་གསུངས་སོ། །དེ་བས་ན་ཆོས་བཞི་པའི་མདོ་ལས་ཀྱང༌། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགེ་བའི་བཤེས་གཉེན་སྲོག་གི་ཕྱིར་ཡང་ཡོངས་སུ་གཏང་བར་མི་བྱ་བ་དང༌། ཞེས་གསུངས་སོ། །དེ་ལྟར་དགེ་བའི་བཤེས་གཉེན་མི་བཏང་བས་བདག་ལ་སོགས་པ་བསྲུང་བ་ལ་སོགས་པ་བྱའོ། །མདོ་སྡེ་དག་ལ་བལྟ་བས་ཀྱང་སྟེ། བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་རྣམས་ནི་ཕལ་ཆེར་མདོ་སྡེ་དག་ལས་སྣང་སྟེ། མདོ་སྡེ་དེ་དང་དེ་དག་ལས་བྱང་ཆུབ་སེམས་དཔའི་ཀུན་དུ་སྦྱང་པ་དང་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་རྣམས་བཅས་སོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་མ་བལྟས་ན་ལྟུང་བ་འབྱུང་བ་ཡང་མི་ཤེས་པས་མི་སྤོང་བར་འགྱུར་བས་རྟག་ཏུ་མདོ་སྡེ་བལྟ་བ་ལ་གུས་པར་བྱའོ། །དེས་ན་འདིས་ནི་དགེ་བའི་བཤེས་གཉེན་མི་གཏང་བ་དང༌། མདོ་སྡེ་བལྟ་བས་དམ་པའི་ཆོས་ཡོངས་སུ་གཟུང་བར་བརྗོད་པ་ཡིན་ནོ། །འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། རིགས་ཀྱི་བུ་འོན་ཀྱང་ཡི་གེའི་ངེས་པའི་ཚིག་གང་དག་གིས་བརྗོད་དུ་མེད་


DTG111_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདུས་མ་བྱས་ཀྱི་ཆོས་དེ་བསྙད་པའི་ཡི་གེའི་ངེས་པའི་ཚིག་དེ་དག་གང་ལེན་པ་དང༌། འཛིན་པ་དང༌། སྟོན་པ་དང༌། རབ་ཏུ་ཤེས་པར་བྱེད་པ་དང༌། འཇོག་པ་དང༌། རྣམ་པར་འགྲེལ་པ་དང༌། རྣམ་པར་འབྱེད་པ་དང༌། གསལ་བར་བྱེད་པ་དང༌། ཡང་དག་པར་རབ་ཏུ་སྟོན་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ། །རིགས་ཀྱི་བུ་གཞན་ཡང་ཆོས་སྨྲ་བ་གང་དག་མདོ་སྡེ་འདི་ལྟ་བུ་འདི་དག་འཛིན་པ་དང༌། སྟོན་པ་དང་སྒྲུབ་པ་སྙིང་པོར་བྱེད་པའི་ཆོས་སྨྲ་བ་དེ་དག་ལ་གང་བསྙེན་པ་དང་བརྟེན་པ་དང་བསྙེན་བཀུར་བྱེད་པ་དང་ལྡན་པ་དང་རིམ་གྲོ་བྱེད་པ་དང༌། གུས་པར་བྱེད་པ་དང༌། ཞེས་བྱེད་པ་དང༌། བསྟི་སྟང་བྱེད་པ་དང༌། ཀུན་ཏུ་སྲུང་བ་དང༌། སྦེད་པ་དང༌། ཡོངས་སུ་འཛིན་པ་དང༌། གོས་དང་ཟས་དང་མལ་ཆ་དང་ན་བའི་གསོས་སྨན་དང་ཡོ་བྱད་སྦྱིན་པ་དང༌། ལེགས་སོ་ཞེས་བྱ་བ་སྦྱིན་པ་དང༌། རྗེ་བོ་ལྟར་ཀུན་ཏུ་བསྲུང་བ་དང༌། དགེ་བ་ཀུན་ཏུ་བསྲུང་བ་དང། བསྔགས་པ་བརྗོད་པ་དང༌། མི་སྙེན་པ་འཆབ་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུ་གཞན་ཡང་རྩོད་པ་མེད་པ་ལྷུར་ལེན་པ་དང༌། ཆོས་མ་ཡིན་པས་རྩོད་པ་རྣམས་ཆོས་དང་མཐུན་པར་ཚར་གཅོད་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི་བུ་གཞན་ཡང་ཞེ་སྡང་མེད་པའི་རྒྱུད་དང༌། སེམས་ཅན་ཐམས་ཅད་བསྡུ་བ་དང་རབ་ཏུ་ཐར་བར་བྱ་བའི་བློ་དང་ཟོང་ཟིང་མེད་པའི་སེམས་ཀྱིས་གཞན་དག་ལ་ཆོས་སྦྱིན་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུ་གཞན་ཡང་གང་ཆོས་མཉན་པའི་རྒྱུའམ་ཆོས་བསྟན་པའི་རྒྱུར་ཐ་ན་གོམ་པ་གཅིག་འདོར་རམ་ཐ་ན་དབུགས་གཅིག་འབྱིན་ཏམ་རྔུབ་ཀྱང་རུང་སྟེ། འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི་བུ་གཞན་ཡང་གང་ཆོས་ཐམས་ཅད་ཡོངས་སུ་མི་འཛིན་ཅིང་མི་ལེན་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ། །དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུ་ཀྱེ་མའོ་སེམས་འདི་ནི་ཕྱིན་ཅི་ལོག་གི་ཡུལ་ལ་རབ་ཏུ་འཕྱར་བ་སྟེ། གང་དེ་ཟློག་པ་དང་ཡོངས་སུ་བསྲུང་བ་དང་རྩེ་གཅིག་ཏུ་འགྱུར་བ་དང་དུལ་བ་དང་ཞི་བ་དང་ཉེ་བར་ཞི་བ་དང༌། འདུལ་བ་འདི་ནི་དམ་པའི་ཆོས་ཡོངས་སུ་


DTG111_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་ཞེས་བྱའོ། །དེ་བཞིན་དུ་སྦྱར་རོ། །རིགས་ཀྱི་བུ་གཞན་ཡང་ཆོས་གང་གིས་ཆོས་གང་འབྱུང་བའི་ཆོས་དེ་ཡོངས་སུ་མི་འཛིན་པ་དང་མི་ལེན་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ། །དེ་ལ་ཆོས་སྨྲ་བ་ལ་བརྟེན་པ་ལ་སོགས་པས་དགེ་བའི་བཤེས་གཉེན་མི་གཏང་བ་དང་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ནི་བཤད་ཟིན་ཏོ། །དེའི་ཕྱིར་དམ་པའི་ཆོས་ཡོངས་སུ་འཛིན་པ་འདི་མེད་ན། སྲུང་བར་མི་འགྱུར་དག་པར་མི་འགྱུར། འཕེལ་བར་མི་འགྱུར་ལ། དེའི་ཕྱིར་དེ་ཡང་བྱང་ཆུབ་སེམས་དཔར་མི་འགྱུར་བས། ངེས་པར་དམ་པའི་ཆོས་ཡོངས་སུ་གཟུང་བར་བྱའོ། །དཔལ་ཕྲེང་སེང་གེ་སྒྲའི་མདོ་ལས་ཀྱང༌། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྨོན་ལམ་གང་གཱའི་ཀླུང་གི་བྱེ་མ་སྙེད་གང་ལགས་པ་དེ་དག་ནི་སྨོན་ལམ་ཆེན་པོ་གཅིག་གི་ནང་དུ་འུབ་ཅིང་འདུས་ཏེ་རྗེས་སུ་ཞུགས་པ་ལགས་ཏེ་འདི་ལྟ་སྟེ་དམ་པའི་ཆོས་ཡོངས་སུ་འཛིན་པར་རོ། །བཅོམ་ལྡན་འདས་དེ་ལྟར་ན་དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་ཡུལ་ཆེན་པོ་ལགས་སོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས། ལྷ་མོ་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་སྟོབས་ཆེན་པོ་དང་ལྡན་པས། གནད་དུ་མི་དྲག་པར་བསྣུན་ན་ཡང་གནོད་པར་འགྱུར་ཞིང་མི་བདེ་བར་བྱེད་དོ། །ལྷ་མོ་དེ་བཞིན་དུ་དམ་པའི་ཆོས་ཡོངས་སུ་འཛིན་པ་ཆུང་ངུས་ཀྱང་བདུད་སྡིག་ཅན་ལ་གནོད་པར་འགྱུར་ཞིང་མྱ་ངན་སྐྱེད་དེ་སྨྲེ་སྔགས་འདོན་པར་བྱེད་པར་འགྱུར་རོ། །ལྷ་མོ་འདི་ལྟར་དམ་པའི་ཆོས་ཡོངས་སུ་འཛིན་པ་ཆུང་ངུས་ཀྱང་བདུད་སྡིག་ཅན་ལ་གནོད་པར་འགྱུར་ཞིང་སྡུག་བསྔལ་བ་སྐྱེད་དེ། སྨྲེ་སྔགས་འདོན་པར་བྱེད་པ་དེ་ལྟ་བུའི་ཆོས་གཞན་ནི་ངས་གཅིག་ཀྱང་མ་མཐོང་ངོ་ཞེས་གསུངས་སོ། །ཡང་དེ་ལས། ལྷ་མོ་འདི་ལྟ་སྟེ་དཔེར་ན་རིའི་རྒྱལ་པོ་རི་རབ་ཀྱི་གནམ་འཕང་དང་ཞེང་རྒྱས་རི་ནག་པོ་ཐམས་ཅད་ཟིལ་གྱིས་མནན་ནས་ཀུན་དུ་ཐལ་ལེ་ཞིང་མངོན་པར་ཐལ་ལེ་འདུག་གོ །ལྷ་མོ་དེ་བཞིན་དུ་ཐེག་པ་ཆེན་པོ་པ་ལུས་དང་སྲོག་ལ་མི་ལྟ་བ་གཟུང་བ་མེད་པའི་སེམས་དང་ལྡན་པའི་དམ་པའི་ཆོས་ཡོངས་སུ་འཛིན་པས་ཀྱང༌། ཐེག་པ་ཆེན་པོ་པ་ཐེག་པ་ལ་གསར་དུ་ཡང་དག་པར་


DTG111_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པ་ལུས་དང་སྲོག་ལ་ལྟ་བ་དང་བཅས་པ་རྣམས་ཀྱི་དགེ་བའི་ཆོས་ཐམས་ཅད་ཟིལ་གྱིས་གནོན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་སྐད་དུ་འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང༌། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །རྒྱལ་བ་རྣམས་ཀྱིས་ཡོངས་སུ་གཟུང་བར་འགྱུར། །ལྷ་དང་ཀླུ་དང་མིའམ་ཅི་རྣམས་དང༌། །བསོད་ནམས་ཡེ་ཤེས་ཀྱིས་ནི་ཡོངས་སུ་གཟུང༌། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དྲན་ལྡན་བློ་གྲོས་ལྡན་ཞིང་བློ་ལྡན་འགྱུར། །ཤེས་རབ་རྒྱ་ཆེན་ཀུན་ནས་ཡེ་ཤེས་ལྡན། །མཁས་པ་བག་ཆགས་བཅས་པའི་ཉོན་མོངས་སྤོང༌། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ལ་བདུད་ཀྱིས་སྐྱོན་ཆགས་རྙེད་མི་འགྱུར། །དེ་ལ་འགྱོད་དང་དེ་བཞིན་དོགས་པ་མེད། །དེ་ལ་བཅིངས་མེད་སྒྲིབ་པ་ཅུང་ཟད་མེད། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །ཞིང་སྟོང་དག་ཏུ་ནམ་ཡང་མི་སྐྱེ་སྟེ། །སྐྱེ་བ་ཀུན་དུ་དེས་ནི་རྒྱལ་བ་མཐོང༌། །མཐོང་ནས་དེ་ལ་དད་པ་རབ་ཏུ་འཐོབ། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །ཆོས་ཀྱི་བདག་ཉིད་ཆེན་པོ་སྐྱེ་དྲན་འགྱུར། །ཡང་དང་ཡན་དུ་རབ་ཏུ་འབྱུང་བ་ཐོབ། །སྤྱོད་པ་ཡོངས་དག་སྒྲུབ་པ་སྙིང་པོར་བྱེད། །དེ་བཞིན་དུ་སྦྱར་ཏེ། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །ཚུལ་ཁྲིམས་ཐོབ་པས་འཕགས་པའི་ཆོས་སྤྱོད་པ། །མཁས་པ་མངོན་ཤེས་ལྔ་ལ་མྱུར་དུ་རེག །མ་སྨན་བསམ་གཏན་རྣམ་པར་ཐར་པ་ཐོབ། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ནི་ཟབ་ཆོས་རྟོགས་པར་ཁོང་དུ་ཆུད། །སངས་རྒྱས་སྤྱོད་ཡུལ་སྟོང་ཉིད་ཐེ་ཚོམ་མེད། །སེམས་ཅན་བདག་མེད་པར་ཡང་མོས་པར་འགྱུར། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ནི་སོ་སོ་ཡང་དག་རིག་པ་འཐོབ། །འཇིགས་མེད་ཤེས་རབ་རྣོ་ཞིང་ཆགས་མེད་དག །དེ་ནི་སྲོག་ཆགས་ཀུན་གྱི་ཐེ་ཚོམ་གཅོད། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །མཁས་པ་དེ་ནི་གཟུངས་རྣམས་ཐོབ་པར་འགྱུར། །བསྐལ་པ་བརྒྱར་ཡང་གང་ཐོས་ཆུད་མི་ཟ། །སྤོབས་དང་ལྡན་ཞིང་ཆགས་པ་མེད་པར་འགྱུར།


DTG111_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ལ་མཁས་པ་རྟག་ཏུ་དགའ་བར་འགྱུར། །ལྷ་དང་ལྷ་མིན་མི་ཅིའི་ཡིད་དུ་འོང༌། །དེ་ལ་སངས་རྒྱས་བུ་གཅིག་བཞིན་དུ་བསྟོད། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །བརྒྱ་བྱིན་ཚངས་པ་དེ་བཞིན་འཇིག་རྟེན་སྐྱོང༌། །འཁོར་ལོས་སྒྱུར་དང་མི་ཡི་རྒྱལ་པོར་འགྱུར། །བདེ་དང་ཡིད་བདེས་བྱང་ཆུབ་དེ་འཚང་རྒྱ། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ལུས་སུམ་ཅུ་རྩ་གཉིས་མཚན་ལྡན་ཞིང༌། །མཁས་པ་ཡན་ལག་སྨད་པ་མེད་པར་འགྱུར། །དེ་ལ་ལྟ་བས་ངོམས་པར་ཡོང་མ་འགྱུར། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །གང་ཡང་ཆོས་ཀྱི་ཕྱག་རྒྱ་འདི་སྟོན་པའི། །དགེ་བའི་བཤེས་གཉེན་དེ་ལ་དཀོན་མི་འགྱུར། །ཆོས་མཛོད་ཟད་མི་ཤེས་པ་ཉན་པར་བྱེད། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། ལུས་དང་ངག་དང་ཡིད་ཀྱང་རྣམ་པར་དག །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་རྣམ་པར་དག །རྣམ་གྲོལ་ཡེ་ཤེས་ཤིན་ཏུ་རྣམ་པར་དག །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ནི་བྱང་ཆུབ་སེམས་བརྗེད་འགྱུར་བ་མེད། །ཕ་རོལ་ཕྱིན་པ་སྤྱོད་དང་འགལ་མི་འགྱུར། །དགེ་བ་བརྒྱ་རྣམས་ཀྱིས་ཀྱང་རབ་ཏུ་གཟུང༌། །ཞེས་འབྱུང་ངོ༌། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ལས། དམ་པའི་ཆོས་ཡོངས་སུ་བཟུང་བའི་ལེའུ་སྟེ་གཉིས་པའོ།། །།གསུམ་པོ་རྣམས་ཀྱི་བསྲུང་བ་ལ་སོགས་པའི་ཐབས་ནི་སྤྱིར་བཤད་ཟིན་ཏེ། བསྲུང་བ་ལ་སོགས་པ་བརྗོད་པར་བྱའོ། །དེ་ལ་ལུས་བསྲུང་གང་ཞེ་ན། གནོད་འགྱུར་སྤོང་བ་གང་ཡིན་པའོ། །དེ་ལ་ཞེས་བྱ་བ་ནི་དམ་པའི་ཆོས་འཛིན་པར་གནས་པ་ནི། ཇི་ལྟར་གཞན་ཉམས་པར་མི་བྱེད་པ་དེ་ལྟར་དེའི་ལུས་བསྲུང་བ་དཔྱད་པར་བྱ་བ་ཡིན་ནོ། །གནོད་པར་འགྱུར་བ་སྤོང་བ་འདི་ཡང་འཕགས་པ་ནམ་མཁའ་མཛོད་ཀྱི་མདོ་ལས། བྱང་ཆུབ་སེམས་དཔའ་དམ་པའི་ཆོས་འཛིན་པ་ལ་བརྩོན་པ་རྣམས་ཀྱིས། །བཅོམ་ལྡན་རྐང་གཉིས་དམ་པ་ནི། །མྱ་ངན་འདས་སླད་བདག་ཅག་རྣམས། །ལུས་དང་སྲོག་ཏུ་བཅས་བཏང་སྟེ། །དམ་པའི་ཆོས་ནི་གཟུང་བར་སྤྲོ། །རྙེད་


DTG111_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཀུར་སྟི་སྤངས་ནས་སུ། །རྟེན་པ་ཀུན་ཀྱང་རབ་སྤངས་ཏེ། །སངས་རྒྱས་ཡེ་ཤེས་སྟོན་བྱེད་པའི། །ཆོས་འདི་ཡོངས་སུ་མི་གཏོང་ངོ༌། །དམ་པའི་ཆོས་ནི་གཟུང་སླད་དུ། །གཤེ་དང་མི་སྙན་འཚེ་བ་དང༌། །ངན་དུ་སྨྲ་བའི་ཚིག་རྣམས་ཀྱང༌། །བཟོད་པས་དེ་དག་དང་དུ་བླང༌། །ཚུལ་འདི་རབ་ཏུ་བཟུང་ནས་སུ། །ཅོ་འདྲི་བ་དང་བསྡིགས་པ་དང༌། །མི་བསྔགས་པ་དང་མི་སྙན་པ། །དེ་དག་ཐམས་ཅད་བཟོད་པར་བགྱི། །དེ་བཞིན་དུ་སྦྱར་ཏེ། དགེ་སློང་རྒྱལ་པོ་རབ་འཁྲུག་ཅིང༌། །དེ་ལྟར་རབ་ཏུ་མ་རུངས་པ། །རྣམ་པར་འཇིག་ཚེ་སེམས་ཅན་ཕྱིར། །བདག་ཅག་དམ་ཆོས་གཟུང་བར་བགྱི། །མདོ་སྡེ་གང་དག་རབ་ཟབ་ཅིང༌། །རྣམ་གྲོལ་འབྲས་བུར་ལྡན་པ་རྣམས། །རབ་ཏུ་འཛིན་པར་མི་བགྱིད་དེ། །དེ་དག་སྣ་ཚོགས་གཏམ་རྣམས་བགྱིད། །དེ་བཞིན་དུ་སྦྱར་ཏེ། །ཚུལ་འདི་རབ་ཏུ་བཟུང་ནས་སུ། །གང་དག་ཆོས་ལ་མི་གནས་པའི། །སེམས་ཅན་རྣམས་ལ་བྱམས་པར་བགྱི། །དེ་དག་ལ་ནི་སྙིང་རྗེའང་བགྱི། །སེམས་ཅན་རྙེད་དང་འདོད་གནས་པ། །ཚུལ་ཁྲིམས་འཆལ་པ་མཐོང་ནས་སུ། །དེ་ཡི་འགྲོ་བ་ཅིར་འགྱུར་ཞེས། །མཆི་མའང་རབ་ཏུ་དབྱུང་བར་བགྱི། །དམ་པའི་ཆོས་ལ་སྐུར་འདེབས་པ། །དེ་དག་འཕྲལ་དུ་མཐོང་ན་ཡང༌། །དེ་དག་གཤེ་བར་མི་འགྱུར་བས། །རིང་ནས་བྱམས་པ་བཙལ་བར་བགྱི། །རབ་ཏུ་བསྡམས་ནས་ངག་གི་ལས། །ཉམས་ཀྱིས་ཅི་ནུས་བསྲུང་བར་བགྱི། །སྡིག་པ་ལ་ནི་རབ་གནས་པ། །དེ་ལ་གློ་བུར་གཏམ་མི་བགྱི། །ནོར་སྦྱིན་དེ་བཞིན་བསྟི་སྟང་གིས། །མི་རྣམས་ཡོངས་སུ་སྨིན་བགྱིས་ནས། །ཡང་དག་སྡིག་མེད་སྤྱོད་ཡུལ་གྱི། །སླད་ཀྱིས་དེ་དག་བསྐུལ་བར་བགྱི། །ཁྱིམ་དང་སྟེན་པ་ཀུན་སྤངས་ཏེ། །དོན་ཉུང་བ་དང་བགྱིད་ཉུང་བ། །བས་མཐའ་དགོན་པའི་སྤྱོད་ཡུལ་ལ། །རི་དགས་བཞིན་དུ་འགྱུར་བ་བགྱི། །དེ་བཞིན་དུ་སྦྱར་ཏེ། །དུལ་བ་དང་ནི་ཞི་བ་དང༌། །གྲོལ་ནས་གྲོང་དུ་ཞུགས་ནས་ཀྱང༌། །སེམས་ཅན་གང་དག་ཆོས་ཚོལ་བ། །དེ་ལ་བདག་ཅག་ཆོས་བསྟན་ཏོ། །ཆོས་འདོང་པར་ནི་རྟོགས་ནས་སུ། །ཤིན་ཏུ་རིང་དུའང་མཆི་བར་བགྱི། །ཆོས་ལ་དགའ་ཞིང་མོས་རྙེད་ནས། །ལུས་ཅན་རྣམས་ཀྱི་དོན་ཀྱང་བགྱི། །


DTG111_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས་ཀྱི་འཁྲུལ་མང་པོ། །དེ་དག་མངོན་དུ་མཐོང་ནས་ཀྱང༌། །ཆོས་དང་དེས་པ་རབ་གནས་ནས། །བདག་ལ་རབ་ཏུ་བརྟག་པར་བགྱི། །བསྟི་སྟང་བགྱིས་དང་མ་བགྱིས་པ། །རི་རབ་ལྟ་བུར་གྱུར་ནས་སུ། །འཇིག་རྟེན་གྱིས་ནི་མི་གོས་པ། །འཇིག་རྟེན་འདྲེན་པར་འགྱུར་བར་བགྱི། །དགེ་སློང་ཚུལ་ལས་ཉམས་རྣམས་ཀྱི། །མི་སྙན་པ་དག་རྟོགས་ནས་ཀྱང༌། །ལས་ནི་བདག་གིར་བྱ་བར་བགྱི། །དེ་དག་ལས་ནི་སྨིན་མ་འགྱུར། །ཆོས་རྣམས་ལ་ནི་གནས་པ་ལ། །དེང་ལ་དེ་འདྲའི་ཆོས་རྣམས་ནི། །ཇི་ལྟ་བུར་ཡང་ཡོད་མེད་ཅེས། །གཤེད་མ་དག་ཀྱང་འགྱེད་པར་འགྱུར། །བདག་ཅག་མིང་གི་དགེ་སྦྱོང་སྟེ། །དགེ་སྦྱོང་ཡོན་ཏན་མེད་དོ་ཞེས། །ཡང་དག་བསྐུལ་བ་ཐོས་པ་དང༌། །མདོ་སྡེ་འདི་ནི་སྤོང་བར་འགྱུར། །སྣ་དང་རྣ་ཆད་དེ་དག་ནི། །མེ་ལོང་དགའ་བར་མི་འགྱུར་ལྟར། །ཡང་དག་བསྐུལ་བ་ཐོས་པ་དང༌། །དེ་དག་དམ་ཆོས་སྤོང་བར་འགྱུར། །དགེ་སློང་གང་དག་དམ་པའི་ཆོས། །རབ་ཏུ་འཛིན་པ་འབྱུང་འགྱུར་བ། །དེ་དག་དེ་བཞིན་ཚུལ་འཆོས་ཏེ། །གང་ཡང་ཆོས་འདི་མི་ཉན་ཏོ། །རྒྱལ་པོ་རྣམས་ཀྱང་བསླུ་བར་བགྱིད། །སྐྱེ་བོ་ཆེན་པོ་འབྱེད་འགྱུར་ཡང༌། །སངས་རྒྱས་ཀྱིས་ནི་བྱིན་བརླབས་ཀྱིས། །སེམས་ཅན་དེ་དག་ཆོས་ཉན་འགྱུར། །དུས་ངན་དེ་ཚེ་བདག་ཅག་རྣམས། །སེམས་ཅན་དག་ལ་ཕན་སླད་དུ། །ལུས་དང་སྲོག་ཀྱང་རབ་བཏང་སྟེ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ཞེས་བརྗོད་པ་ཡིན་ནོ།། །།བམ་པོ་གསུམ་པ། འཕགས་པ་དམ་པའི་ཆོས་པད་མ་དཀར་པོ་ལས་ཀྱང༌། །ཆོ་ག་སྤྱོད་ཡུལ་བསྲུང་བྱ་ཞིང༌། །འདུ་འཇི་མེད་ལ་གཙང་བར་བྱ། །རྒྱལ་པོ་དང་ནི་རྒྱལ་པུ་དང༌། །འདྲེས་བྱེད་རྟག་ཏུ་སྤང་པར་བྱ། །རྒྱལ་པོའི་ཞབས་འབྲིང་གང་ཡིན་དང༌། །གདོལ་པ་ཟོལ་བ་ཆང་འཚོང་དང༌། །མུ་སྟེགས་ཅན་ནི་དེ་དག་དང༌། །རྣམ་པ་ཀུན་དུ་འདྲིས་མི་བྱ། །དགེ་སློང་འདུལ་དང་ལུས་གནས་ལ། །དགྲ་བཅོམ་སྙམ་དུ་སེམས་བྱེད་ཅིང༌། །ང་རྒྱལ་ཅན་རྣམས་བརྟེན་མི་བྱ། །ཚུལ་ཁྲིམས་འཆལ་རྣམས་རྣམ་པར་སྤང༌། །དགོད་ཅིང་སྨྲ་བའི་སྤྱོད་ཡུལ་ཅན། །དགེ་སློང་མ་རྣམས་རྟག་ཏུ་སྤང༌། །མི་བརྟན་པར་ནི་མངོན་པ་ཡི། །དགེ་བསྙེན་


DTG111_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་སྤང་བར་བྱ། །བུད་མེད་མ་ནིང་སེམས་ཅན་གང༌། །དེ་དང་འདྲིས་བྱེད་རྣམ་པར་སྤང༌། །ཁྱིམ་རྣམས་སུ་ནི་མནའ་མ་དང༌། །གཞོན་ནུ་མ་རྣམས་སྤང་བར་བྱ། །ཁམས་དང་ལེགས་པར་དྲི་བྱེད་པ། །དེ་དག་ནམ་དུའང་དགའ་མི་བྱེད། །ཕག་འཚོང་པ་དང་ཤན་པ་དང༌། །འདྲིས་པར་བྱེད་པ་རྣམ་པར་སྤང༌། །དེ་བཞིན་དུ་སྦྱར་ཏེ། །གང་དག་བུད་མེད་གསོ་བྱེད་དང༌། །གར་མཁན་གྱད་དང་སིལ་ཁྲོལ་བ། །གང་གཞན་དེ་དང་འདྲ་བ་སྤང༌། །དེ་དག་རྣམས་དང་འདྲིས་བྱེད་སྤང༌། །རེས་མའི་གཙོ་མོ་བསྟེན་མི་བྱ། །ཇི་སྙེད་ལོངས་སྤྱོད་འཚོ་བ་གཞན། །ཤིན་ཏུ་དགའ་བ་དེ་དག་ཀྱང༌། །རྣམ་པ་ཀུན་དུ་ཡོངས་སུ་སྤང༌། །མཁས་པས་བུད་མེད་རྣམས་ལ་ཡང༌། །གང་གི་དུས་ན་ཆོས་འཆད་པ། །དེར་ནི་གཅིག་པུ་མི་འགྲོ་སྟེ། །དགོད་ཅིང་འདུག་པར་མི་བྱའོ། །ཞེས་གསུངས་སོ། །འདི་ནི་གནོད་པ་གཞན་ཡིན་ཏེ། འདི་ལྟ་སྟེ་བདུད་ཀྱི་ལས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ལས། བྱང་ཆུབ་སེམས་དཔའ་ཐེག་པ་ལ་ཡང་དག་པར་ཞུགས་ནས་རིང་པོ་མ་ལོན་པ་དེ་ལ་བདུད་སྡིག་ཅན་ཤིན་ཏུ་བརྩོན་པར་བྱེད་ཅེས་གསུངས་པ་དང༌། དེ་ཉིད་ལས། ཀུན་དགའ་བོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པ་དེའི་ཚེ། བདུད་སྡིག་ཅན་རྣམས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནུར་བ་དང་སྤུ་ཟིང་ཞེས་བྱེད་པར་འགྱུར་ཞིག་གུ། གང་གིས་ན་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སེམས་བསྐྱེད་པ་གཅིག་ཙམ་ལ་ཡང་འབྲི་བར་འགྱུར་ཞིག་གུ་སྙམ་ནས་བྱང་ཆུབ་སེམས་དཔའ་མཐོ་བཙམས་པ་ཉེ་བར་སྒྲུབ་པོ། །འཇིགས་པ་ཀུན་དུ་སྟོན་ཏེ། ཕྱོགས་ཕྱོགས་སུ་སྐར་མདའ་གཏོང་ངོ༌། །ཕྱོགས་སྲེག་པ་འབྱིན་ཞིང་ཀུན་དུ་སྟོན་ཏོ་ཞེས་བྱ་བ་དང༌། གཞན་ཡང་རྣམ་པར་ཤེས་པ་ལ་འདུ་ཤེས་པས་ཡི་གེར་འདྲི་བ་ནས་ཀུན་ཆུབ་པར་བྱེད་པའི་བར་དུ་བྱེད་ཅིང་འདི་ལ་བདག་ཅག་གིས་རོ་མྱང་བ་མི་རྙེད་དོ། །ཞེས་སྟན་ལས་ལངས་ཏེ་འགྲོ་བར་འགྱུར་རོ། །དེ་བཞིན་དུ་གླལ་བ་དང༌། སྟེག་པས་ཀུན་ཆུབ་པར་བྱེད་པའི་བར་དུ་བྱེད་པར་འགྱུར་བ་ནེ་བདུད་ཀྱི་ལས་སོ། །དེ་བཞིན་དུ་ལྗོངས་དང་གྲོང་


DTG111_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ལ་རྣམ་པར་རྟོག་པ་དང༌། དེ་བཞིན་དུ་མཁན་པོ་དང་སློབ་དཔོན་དང་ཕ་མ་དང་བློན་པོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་ཡིད་ལ་བྱེད་པ་དང༌། དེ་བཞིན་དུ་ཆོམ་རྐུན་ཡིད་ལ་བྱེད་པ་དང༌། དེ་བཞིན་དུ་གོས་ལ་སོགས་པ་ཡིད་ལ་བྱེད་པ་འབྱུང་ངོ༌། །གཞན་ཡང་ཆོས་སྨྲ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་ནས། བཀླག་པའི་བར་ལ་འདུན་པར་གྱུར་ལ། ཆོས་ཉན་པ་ནི་ལེ་ལོ་ཅན་དུ་གྱུར་པ་དང༌། དེ་ལས་བཟློག་པ་དང༌། ཆོས་སྨྲ་བ་ནི་ཡུལ་གཞན་དུ་འགྲོ་བར་འདོད་ལ་ཆོས་ཉན་པ་ནི་དེ་ལྟ་མ་ཡིན་པ་ཡང་དེ་བཞིན་དུ་སྦྱར་རོ། །ཆོས་སྨྲ་བ་ནི་འདོད་པ་ཆེ་ལ་ཆོས་ཉན་པ་ནི་འདོད་པ་ཆུང་བ་ཡང་དེ་བཞིན་དུ་སྦྱར་རོ། །མདོར་ན་ཆོས་སྨྲ་བ་དང་ཆོས་ཉན་པ་གཉིས་ཀྱིས་མི་འཛོམ་པར་འགྱུར་བ་དེ་དག་ཐམས་ཅད་བདུད་ཀྱི་ལས་ཡིན་ནོ་ཞེས་གསུངས་སོ། །འཕགས་པ་ནམ་མཁའ་མཛོད་ཀྱི་མདོ་ལས་ཀྱང༌། དེ་ལྟར་མི་དགེ་བའི་ཆོས་ཀྱི་རྗེས་སུ་འཇུག་པ་དང་དགེ་བའི་ཆོས་སྤོང་བ་དེ་དག་ཐམས་ཅད་ནི་བདུད་ཀྱི་ལས་སོ་ཞེས་གསུངས་སོ། །འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང༌། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་དགོན་པ་པར་གྱུར་ཏེ། པས་མཐར་གནས་མལ་བཅའ་བར་མངོན་པར་དགའ་ཞིང་འདོད་པ་ཆུང་ལ་ཆོག་ཤེས་པ་སྟེ་རབ་ཏུ་དབེན་པ། ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་དང་མི་འདྲེ་ལ་དེ་དོན་ཉུང་བ་དང་བགྱི་བ་ཉུང་བས་བདེ་བར་གནས་ཏེ་གཡོ་མ་མཆིས་ཀྱང༌། མང་དུ་ཐོས་པ་ཡོངས་སུ་བཙལ་བ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་དང༌། ཆོས་ཉན་པ་ལ་བརྩོན་པ་མི་གནས་པ་དང༌། ཆོས་ཀྱི་གཏམ་དང་དོན་རྣམ་པར་ངེས་པའི་གཏམ་གྱི་བར་ལ་རྒྱུན་དགུམ་པར་སེམས་ཏེ་ཡོངས་སུ་འདྲི་བའི་རང་བཞིན་ཅན་མ་ལགས། དགེ་བ་ཅི་ཞིག་ཚོལ་བ་ལ་མི་བརྩོན། དེ་དགོན་པ་ལ་གནས་པ་དང༌། གཅིག་པུར་དགའ་པས་ཉོན་མོངས་པ་རྣམས་ཀུན་དུ་མི་རྒྱུ་སྟེ། དེ་ཀུན་ནས་ལྡང་བ་གནོན་པ་ཙམ་གྱིས་དགའ་བ་ཐོབ་ཅིང་བག་ལ་ཉལ་ཡང་དག་པར་གཞོམ་པའི་སླད་དུ་ལམ་བསྒོམ་པར་མི་བགྱིད་དེ། དེ་ནི་བདག་གི་དོན་དང༌། གཞན་གྱི་དོན་གྱི་སླད་དུ་བརྩོན་པར་མི་འགྱུར་བ་འདི་ནི། བཅོམ་ལྡན་འདས་


DTG111_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་དགོན་པ་ལ་གནས་པ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་བདུན་པའོ། །དེ་བཞིན་དུ་སྦྱར་ཏེ། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལྟར་བཅོས་པའི་སྡིག་པའི་གྲོགས་པོ་གང་དག་དེ་ལ་བསྡུ་བའི་དངོས་པོ་རྣམས་ལས་འདུན་པ་བཟློག་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་ལས་འདུན་པ་བཟློག་པ་དང༌། དམ་པའི་ཆོས་ཡོངས་སུ་བཟུང་བ་ལས་འདུན་པ་བཟློག་པ་དང༌། བསོད་ནམས་ཀྱི་ཚོགས་ལས་འདུན་པ་བཟློག་པ་དང༌། རབ་ཏུ་དབེན་པ་ལ་སྦྱོར་བ་དང༌། དོན་ཆུང་ཞིང་བགྱིད་པ་ཉུང་བ་ལ་སྦྱོར་བ་དང༌། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་བཀའ་མཆེད་དེ་ལ་རྒྱུན་དུ་མང་དུ་སྟོན་པ་དང༌། ཐེག་པ་ཆེན་པོ་དང་ལྡན་པའི་བཀའ་མཆིད་དེ་ལ་མི་སྟོན་པ་དག་ལ་བསྙེན་ཅིང་བ་སྟེན་ཏེ། བསྙེན་བཀུར་བགྱིད་པ་དང༌། གང་གི་ཚེ་བྱང་ཆུབ་སེམས་དཔའ་དབེན་པར་གནས་པས་ཐེག་པ་ཆེན་པོ་ལས་ལྡང་བའི་ཚེ། བྱང་ཆུབ་སེམས་དཔའ་གདོན་མི་ཟ་བར་ཞལ་ཏ་བྱེད་པར་བྱའོ་ཞེས་བྱང་ཆུབ་སེམས་དཔའ་ཞལ་ཏ་བགྱིད་པའི་དྲི་མ་ལ་སྦྱོར་བ་དང༌། གང་གི་ཚེ་བྱང་ཆུབ་སེམས་དཔའ་ཞལ་ཏ་བགྱིད་པའི་དྲི་མ་ལ་སྦྱོར་བ་དེའི་ཚེ་དབེན་པ་ལ་སྦྱོར་ཞིང་དེ་ལ་འདི་སྐད་དུ་བྱང་ཆུབ་ནི་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པ་ཡིན་གྱི་ལེ་ལོ་ཅན་ནི་མ་ཡིན་ནོ། །གལ་ཏེ་ཁྱོད་བསྐལ་པ་བརྒྱད་དམ་བཅུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ན་ཕྱིས་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ་ཞེས་མཆི་ལ། བཅོམ་ལྡན་འདས་དེ་ལ་བྱང་ཆུབ་སེམས་དཔའ་གང་སྒྱིད་ལུག་ནས་འབྲས་བུ་ཐོབ་པར་བགྱིད་པའི་གནས་མཆིས་ནས། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ལྟར་བཅོས་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་བཅུ་པའོ། །དེ་ལས་གཞན་པ་བྱང་ཆུབ་སེམས་དཔའི་ཐེག་པའི་གང་ཟག་དག་བདུད་ཀྱི་ལྕགས་ཀྱུས་ཟིན་པ་ཆོས་ངན་པ་ལ་སྤྱོད་པ་དེ་དག་ལ་དགའ་བ་རྙེད་པ་དང་དེ་དག་ཀྱང་དེ་བཞིན་དུ་དེའི་རྗེས་སུ་འཇུག་པར་འགྱུར་པ་དང༌། དེ་དམན་པ་ལ་བསྟེན་ཅིང་ཁྱད་པར་དང་བྲལ་བས་འདི་ལྟ་སྟེ། ཞན་པའི་འགྲོ་བ་བླུན་པ་འོན་པ་ལྐུགས་པའི་འགྲོ་བ་འགྲོ་བ་དམན་


DTG111_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དུ་མཆི་བར་འགྱུར་ཏེ་འདི་ནི་བདུད་ཀྱི་ལྕགས་ཀྱུ་བཅུ་གཅིག་པའོ་ཞེས་གསུངས་ཏེ། གང་གིས་དེ་ལྟར་བརྩོན་འགྲུས་ཤིན་ཏུ་བརྩམས་པ་སྐྱོ་བར་གྱུར་པས། རྟག་ཏུ་བྱང་ཆུབ་སེམས་དཔའི་དངོས་པོ་ཉིད་དུ་མི་འགྱུར་བའོ། །དེ་བས་ན་དཀོན་མཆོག་སྤྲིན་ལས། འདི་ལ་བྱང་ཆུབ་སེམས་དཔའི་སྤྱོད་ལམ་ཐམས་ཅད་དུ་བརྩོན་འགྲུས་རྩོམ་པ་ན། ཅི་ནས་ལུས་སྐྱོ་བར་མི་འགྱུར་བ་དང་སེམས་སྐྱོ་བ་མི་འགྱུར་བ་དེ་ལྟར་རྩོམ་སྟེ་འདི་ནི་བྱང་ཆུབ་སེམས་དཔའི་རྟག་པའི་བརྩོན་འགྲུས་ཞེས་བྱའོ་ཞེས་གསུངས་སོ། །གང་གིས་སྐྱོ་བར་འགྱུར་པའི་བརྩོན་འགྲུས་ཏེ་ཅི་འདྲ་བ་ཞིག་ཡིན་ཞེ་ན། གང་འདི་སྟོབས་ཆུང་བ་ལས་ལྕི་བའམ་དུས་རིང་པོར་རྩོམ་པའམ་མོས་པ་ཡོངས་སུ་མ་སྨིན་པ་རྣམས་བྱ་དཀའ་བའི་ལས་རྩོམ་པ་སྟེ་དཔེར་ན་རང་གི་ཤ་སྦྱིན་པ་ལ་སོགས་པ་ལྟ་བུའོ། །འདིས་སེམས་ཅན་རྣམས་ལ་ལུས་བྱིན་ཟིན་མོད་ཀྱི། འོན་ཀྱང་དུས་མ་ཡིན་པར་ཡོངས་སུ་སྤྱད་པ་ལས་བཟློག་པར་ཟད་དེ། གཞན་དུ་ན་སེམས་ཅན་དེ་དག་ལ་བྱང་ཆུབ་སེམས་དཔའ་སྐྱོ་བར་གྱུར་པས། བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་ཆུད་ཟ་བའི་ཕྱིར་འབྲས་བུའི་ཕུང་པོ་ཆེན་པོ་ཆུད་ཟ་བར་འགྱུར་རོ། །དེའི་ཕྱིར་འཕགས་པ་ནམ་མཁའ་མཛོད་ཀྱི་མདོ་ལས། དུས་མ་ཡིན་པར་འདོད་པ་ནི་བདུད་ཀྱི་ལས་སོ་ཞེས་གསུངས་སོ། །དུས་མ་ཡིན་ཞེས་ཏེ་ལུས་གཏང་བའི་སེམས་མི་བསྐྱེད་པ་ཉིད་ཀྱང་མ་ཡིན་ཏེ། གོམས་པ་མ་བརྩམས་པའི་ཕྱིར་ནམ་ཡང་སྦྱིན་པར་མི་བྱ་བར་འགྱུར་རོ། །དེ་ལྟ་བས་ན་དེ་ལྟར་དྲན་པ་ཉེ་བར་གཞག་ནས་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྨིན་བ་དང་འགལ་བ་དང་གཏི་མུག་གིས་རང་གི་དོན་ལ་གནོད་པ་དང༌། ཤ་ཟ་བ་དང་ལས་བྱེད་པ་རྣམས་ལ་ལུས་བསྲུང་བར་བྱའོ། །དཔེར་ན་སྨན་ཤིང་ལྗོན་པ་བལྟ་སྡུག་པ། །རྩ་བ་ལ་སོགས་སྤྱད་འོས་ས་བོན་ནི། །སྦྱིན་ཡང་དུས་མིན་སྤྱད་ལས་བསྲུང་བྱ་བ། །རྫོགས་པའི་སངས་རྒྱས་སྨན་ཤིང་དེ་བཞིན་ནོ། །མདོར་བསྡུ་ན་བདུད་ཀྱི་ལས་འདི་ནི་གནོད་པ་ཡིན་ནོ། །འདི་རྣམ་པར་སྤང་བ་ནི་དཀོན་མཆོག་སྤྲིན་གྱི་མདོ་ལས། རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བདུད་ཀྱི་ལས་ཡོངས་སུ་སྤོང་བའི་ཐབས་ལ་མཁས་པ་ཡིན་ཞེ་ན།


DTG111_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་བྱང་ཆུབ་སེམས་དཔའ་མི་དགེ་བའི་བཤེས་གཉེན་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་སྤོང་ངོ༌། །མི་མཐུན་པའི་ཡུལ་ན་གནས་པ་དང་འཇིག་རྟེན་རྒྱང་ཕན་པའི་གསང་ཚིག་བསྟེན་ཅིང་སྒོམ་པ་དང༌། རྙེད་པ་དང་བཀུར་སྟི་དང་མཆོད་པ་དང་རིམ་གྲོ་ལ་ཆགས་པ་ཐམས་ཅད་ནས་ཐམས་ཅད་དུ་ཡོངས་སུ་སྤོང་ངོ༌། །ཉེ་བའི་ཉོན་མོངས་པ་གང་གཞན་དག་བྱང་ཆུབ་ཀྱི་ཕྱོགས་ཀྱི་ལམ་གྱི་བར་དུ་གཅོད་པ་དེ་དག་ཀྱང་ཐམས་ཅད་ནས་ཐམས་ཅད་དུ་ཡོངས་སུ་སྤོང་ངོ༌། །དེ་དག་གི་གཉེན་པོ་ཡང་བསྟེན་ཏོ་ཞེས་གསུངས་སོ། །དེ་ཉིད་ལས་མི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་གསུངས་པ། ཚུལ་ཁྲིམས་ཉམས་པའི་གང་ཟག་རྣམ་པར་སྤངས་པས་སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་པར་རིག་པར་བྱའོ། །དེ་བཞིན་དུ་ལྟ་བ་ཉམས་པ་དང་ཆོ་ག་ཉམས་པ་དང་འཚོ་བ་ཉམས་པའི་གང་ཟག་རྣམ་པར་སྤངས་པ་དང༌། འདུ་འཛི་ལ་དགའ་བའི་གང་ཟག་རྣམ་པར་སྤངས་པ་དང༌། ལེ་ལོ་ཅན་གྱི་གང་ཟག་རྣམ་པར་སྤངས་པ་དང༌། འཁོར་བ་ལ་དགའ་བའི་གང་ཟག་རྣམ་པར་སྤངས་པ་དང༌། བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པའི་གང་ཟག་རྣམ་པར་སྤངས་པ་དང༌། ཁྱིམ་པ་དང་བསྟེན་པ་རྣམ་པར་སྤངས་པ་དང༌། སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་པར་རིག་པར་བྱ་སྟེ། རིགས་ཀྱི་བུ་དེས་དེ་དག་ཡོངས་སུ་སྤོང་བའི་ཚེ། གང་ཟག་དེ་དག་ལ་སྡང་བའི་སེམས་བསྐྱེད་པར་མི་བྱའོ། །ཁོང་ཁྲོ་བའི་སེམས་དང་བརྙས་པའི་སེམས་བསྐྱེད་པར་མི་བྱའོ་དེས་འདི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་སེམས་ཅན་རྣམས་ནི། །ཁམས་སོ་སོ་བ་བསྟེན་ཏེ། བསྟེན་པར་གྱུར་ནས་ཆུད་ཟ་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །དེ་བས་ན་བདག་གིས་བསྟེན་པ་ཡོངས་སུ་སྤངས་པར་སེམས་ཉེ་བར་གཞག་པར་བྱའོ་ཞེས་གསུངས་སོ། །བྱང་ཆུབ་སེམས་བརྗོད་པ་འདི་ཡང་གནོད་པ་ཡིན་ཏེ། དེའི་རྒྱུ་ནི་དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། མཁན་པོ་དང་སློབ་དཔོན་དང་བླ་མ་དང༌། སྦྱིན་གནས་ལ་སླུ་བ་དང༌། གཞན་འགྱོད་པ་མེད་པར་དག་ལ་འགྱོད་པ་ཉེ་བར་སྒྲུབ་པ་དང༌། ཐེག་པ་ཆེན་པོ་


DTG111_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ལ་བསྔགས་པ་མ་ཡིན་པ་དང་མི་སྙན་པ་དང་བརྗོད་པ་མ་ཡིན་པ་དང༌། ཚིགས་སུ་བཅད་པ་མ་ཡིན་པ་འབྱིན་པ་དང༌། སྒྱུ་དང་གཡོས་གཞན་ལ་ཉེ་བར་སྤྱོད་ཀྱི་ལྷག་པའི་བསམ་པས་མ་ཡིན་པ་ཞེས་གསུངས་སོ། །འདི་རྣམ་པར་སྤང་པ་ཡང་དེ་ཉིད་ལས། འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྐྱེ་བ་ཐམས་ཅད་དུ་སྐྱེས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་བརྗེད་པར་མི་འགྱུར་རོ། །བཞི་གང་ཞེ་ན་འདི་ལྟ་སྟེ། སྲོག་གི་ཕྱིར་རམ་ཐ་ན་བཞད་གང་གི་ཕྱིར་ཡང་ཤེས་བཞིན་དུ་བརྫུན་གྱི་ཚིག་མི་སྨྲ་བ་དང༌། སྒྱུ་དང་གཡོ་མེད་པར་སེམས་ཅན་ཐམས་ཅད་ཀྱི་དྲུང་ན་ལྷག་པའི་བསམ་པས་གནས་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པར་འདུ་ཤེས་སྐྱེད་ཅིང་དེ་དག་གི་ཡང་དག་པའི་བསྔགས་པ་ཕྱོགས་བཞིར་བརྗོད་པ་དང༌། སེམས་ཅན་གང་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེ་དག་ཐམས་ཅད་ཀྱང་ཉི་ཚེ་བའི་ཐེག་པ་མི་འདོད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པ་སྟེ། འོད་སྲུངས་བཞི་པོ་དེ་དག་གོ་ཞེས་གསུང་སོ། །སེང་གེས་ཞུས་པ་ལས་ཀྱང༌། གང་ཞིག་ཆོས་ཀྱི་སྦྱིན་པ་ལས། །ནམ་ཡང་བར་ཆད་མི་བྱེད་པ། །དེ་ནི་དེས་ན་རབ་མྱུར་བ་དང༌། །འཇིག་རྟེན་མགོན་དང་ཕྱད་པར་འགྱུར། །དེ་བཞིན་དུ། ཆོས་ཀྱི་སྦྱིན་པས་སྐྱེ་བ་དྲན། །གཞོན་ནུ་དེ་ལྟར་ཤེས་པར་གྱིས། །ཞེས་གསུངས་པ་དང༌། དེ་སྐད་དུ་དེ་ཉིད་ལས། སྐྱེ་བ་ཀུན་དུ་བྱང་ཆུབ་སེམས། །རྨི་ལམ་ན་ཡང་སེམས་དེ་ནི། །འདོར་མི་འགྱུར་ན་མ་ཉལ་ཚེ། །སྨྲོས་ཅི་འཚལ་བར་གང་གིས་འགྱུར། །བཀའ་སྩལ་པ། གྲོང་དང་གྲོང་ཁྱེར་རྣམས་སུ་ཡང༌། །གང་དུ་གནས་པའི་ཡུལ་རྣམས་སུ། །བྱང་ཆུབ་ལ་ནི་ཡང་དག་འཛུད། །དེས་ན་སེམས་འདོར་མི་འགྱུར་རོ། །ཞེས་གསུངས་སོ། །འཕགས་པ་འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་མདོ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྨོན་ལམ་མི་འདོར་རོ། །དེ་བཞིན་དུ་སྦྱར་ཏེ། ང་རྒྱལ་བཅོམ་པ་ཡིན། ཕྲག་དོག་དང་སེར་སྣ་ཡོངས་སུ་


DTG111_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་པ་ཡིན། ཕ་རོལ་གྱི་འབྱོར་པ་མཐོང་ན་ཡིད་དགའ་བ་ཡིན་ནོ་ཞེས་གསུངས་པ་དང༌། དཀོན་མཆོག་པ་རྩེགས་པ་དེ་ཉིད་ལས། སྤྱོད་ལམ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྦྱོང་བ་དང་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བ་དང་ཞེས་གསུངས་པ་གང་ཡིན་པ་འདི་ནི་འདིར་བྱང་ཆུབ་ཀྱི་རྒྱུར་ཤིན་ཏུ་གསལ་བ་ཉིད་དོ། །དེ་སྐད་དུ་ཟླ་བ་སྒྲོན་མའི་མདོ་ལས་ཀྱང༌། ཁྱེད་ལ་མོས་བྱ་ཁོང་དུ་ཆུད་པར་བྱ། །ཇི་ལྟར་ཇི་ལྟར་མང་དུ་མིས་བརྟགས་ན། །དེ་ལ་གནས་པའི་རྣམ་པར་རྟོག་པ་དེས། །དེ་ལྟ་དེ་ལྟར་དེ་ལ་སེམས་གཞོལ་འགྱུར། །ཞེས་གསུངས་སོ། །སྤྲོ་བ་མེད་པ་ཡང་གནོད་པ་མ་ཡིན་ཏེ། །དེ་སྤང་བ་ནི་དཀོན་མཆོག་སྤྲིན་ལས་མཐོང་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་མིར་གྱུར་པས་ནི་བྱང་ཆུབ་ཐོག་པར་དཀའ་ལ། བདག་གི་བརྩོན་འགྲུས་འདི་ཡང་ཆུང་ཞིང་ཞན་ཏེ། བདག་ནི་ལེ་ལོ་ཅན་ནོ། །བྱང་ཆུབ་ནི་མགོ་དང་གོས་ལ་མེ་འབར་བ་བཞིན་དུ་བསྐལ་པ་མང་པོ་བསྐལ་པ་བརྒྱ་ཕྲག་མང་པོ་བསྐལ་པ་སྟོང་ཕྲག་མང་པོ་བསྐལ་པ་བརྒྱ་སྟོང་ཕྲག་མང་པོར་བསྒྲུབ་དགོས་པས་བདག་ནི་དེ་ལྟ་བུའི་ཁུར་བཀུར་བར་མི་སྤྲོའོ་སྙམ་དུ་སེམས་མི་བསྐྱེད་དེ། འོན་ཀྱང་བྱང་ཆུབ་སེམས་དཔའ་ནི་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་མངོན་པར་རྫོགས་པར་སངས་རྒྱས་པ་དེ་དག་དང༌། གང་དག་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་དག་དང༌། གང་དག་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་དག་ཀྱང༌། ཚུལ་འདི་འདྲ་བ་དང་ལམ་འདི་འདྲ་བ་དང་བརྩོན་འགྲུས་འདི་འདྲ་བས་མངོན་པར་རྫོགས་པར་སངས་རྒྱས་ནས། མངོན་པར་རྫོགས་པར་འཚང་རྒྱ། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་དེ་དག་ཀྱང་དེ་བཞིན་གཤེགས་པར་གྱུར་པ་ཤ་སྟག་ལས་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན་གྱིས། བདག་ཀྱང་ཅི་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་སེམས་ཅན་ཐམས་ཅད་དང་ཐུན་མོང་གི་བརྩོན་འགྲུས་དང༌། སེམས་ཅན་ཐམས་ཅད་ལ་དམིགས་པའི་བརྩོན་འགྲུས་ཀྱིས་བདག་གིས་ཀྱང་དེ་ལྟ་དེ་ལྟར་བརྩལ་ལོ་འབད་དོ་ཞེས་


DTG111_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །གཞན་ཡང་གནོད་པ་ནི་དཀོན་མཆོག་བརྩེགས་པ་ལས་མཐོང་སྟེ། སེམས་ཅན་ཡོངས་སུ་སྨིན་པར་མ་བྱས་པ་རྣམས་ལ་ཡིད་རྟོན་པ་བྱང་ཆུབ་སེམས་དཔའི་འཁྲུལ་པ་དང༌། སེམས་ཅན་སྣོད་དུ་མ་གྱུར་པ་རྣམས་ལ་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་སྟོན་པ་བྱང་ཆུབ་སེམས་དཔའི་འཁྲུལ་པ་དང༌། རྒྱ་ཆེན་པོ་ལ་མོས་པའི་སེམས་ཅན་རྣམས་ལ་ཐེག་པ་དམན་པ་སྟོན་པ་བྱང་ཆུབ་སེམས་དཔའི་འཁྲུལ་པ་དང༌། ཡང་དག་པར་ཉེ་བར་གནས་པའི་སེམས་ཅན་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་རྣམས་ལ་བརྙས་ཤིང་ཚུལ་ཁྲིམས་འཆལ་པ་སྡིག་པའི་ཆོས་ཅན་སྡུད་པ་ནི་བྱང་ཆུབ་སེམས་དཔའི་འཁྲུལ་པ་ཞེས་བྱའོ། །མོས་པ་མེད་པ་ཡང་གནོད་པ་ཡིན་ཏེ། །འཕགས་པ་ཡུལ་འཁོར་སྐྱོང་གི་མདོ་ལས་ཀྱང༌། །སངས་རྒྱས་ལ་ཡང་མོས་པ་ཡོད་མིན་ལ། །ཆོས་དང་ཚོགས་ལ་དེ་ནི་མོས་པ་མེད། །བསླབ་དང་སྦྱང་བ་རྣམས་ལ་དེ་མི་མོས། །སྡིག་པའི་བློ་ཅན་ངན་སོང་གསུམ་ཕྱོགས་པ། །དེ་ནི་མི་ནང་འདི་ནས་ཤི་འཕོས་ནས། །ལས་ཀྱི་དབང་གིས་མི་མཁས་རྣམ་པར་རྨོངས། །དམྱལ་བའམ་འོན་ཏེ་དུད་འགྲོའི་འགྲོ་རྣམས་སམ། །ཡི་དགས་འགྲོ་བ་རྣམས་སུ་སྡུག་བསྔལ་རྙེད། །ཅེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་རྣམ་པར་སྤངས་པ་ནི་དཀོན་མཆོག་བརྩེགས་པའི་མདོ་ལས་མཐོང་སྟེ། ཆོས་ཟབ་མོ་གང་དག་དེའི་བློས་མི་རྟོགས་པ་དེ་ལ་སངས་རྒྱས་ཀྱི་བྱང་ཆུབ་ནི་མཐའ་ཡས་ཤིང༌། སེམས་ཅན་མོས་པ་ཐ་དད་པ་རྣམས་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་བསྟན་པ་འཇུག་སྟེ། དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་གྱི་བདག་གིས་ནི་མི་ཤེས་ཏེ། དེ་བཞིན་གཤེགས་པ་ཉིད་དབང་དུ་གྱུར་པ་ཡིན་ནོ་ཞེས་བྱས་ནས་མི་སྤོང་ངོ་ཞེས་བྱ་བའོ། །ཞལ་ཏ་བྱེད་པའི་ཚེ་དོན་མ་ཡིན་པ་རྣམ་པར་སྤང་བ་ལ་མཁས་པར་བྱའོ། །བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས། ཆོས་དང་མཐུན་པ་དང་ཆོས་ཉན་པ་དང་དེ་བཞིན་གཤེགས་པ་མཆོད་པ་ལ་ཞལ་ཏ་བྱ་བར་བསྟན་ཏོ། །དེ་ལ་ཞལ་ཏ་བྱ་བ་གང་ཡིན་པ་ནི་རིན་པོ་ཆེའི་ཕུང་པོའི་མདོ་ལས་གསུངས་ཏེ། དེ་ལ་དགེ་སློང་ཞལ་ཏ་བྱེད་པས་དགེ་སློང་གི་དགེ་འདུན་ཐམས་ཅད་ཀྱི་སེམས་མགུ་བར་


DTG111_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ལ་དགེ་སློང་དགོན་པ་བ་བས་མཐའི་གནས་མལ་བསྟེན་པ་གང་ཡིན་པ་དེ་དག་ནི་དགེ་སློང་ཞལ་ཏ་བྱེད་པས་ཐམས་ཅད་དུ་ལས་སུ་བསྐོ་བར་མི་བྱའོ། །གལ་ཏེ་དགེ་སློང་དགོན་པ་བ་ལ་དགེ་འདུན་གྱི་བྱ་བར་གཏོགས་པ་སློབ་པའི་ལས་རེས་བབ་ན། དགེ་སློང་ཞལ་ཏ་བྱེད་པ་དེས་ལས་དེ་བདག་གིས་བྱའོ། །ཡང་ན་དགེ་སློང་གཞན་ཞིག་བསྐོས་ལ་ལས་དེ་བྱེད་དུ་གཞུག་སྟེ། དགེ་སློང་དགོན་པ་བ་ལ་གནོད་པར་མི་བྱའོ། །དེ་ལ་དགེ་སློང་བསོད་སྙོམས་སྤྱོད་པ་གང་ཡིན་པ་དེ་ལ་དགེ་སློང་ཞལ་ཏ་བྱེད་པ་དེས་ཁ་ཟས་བསོད་པ་བགོ་བཤའ་བྱའོ། །འོད་སྲུངས་དེ་ལ་དགེ་སློང་གང་རྣལ་འབྱོར་སྤྱོད་པ་གང་ཡིན་པ་དེ་དག་ལ། དགེ་སློང་ཞལ་ཏ་བྱེད་པས་མཐུན་པའི་འཚོག་ཆས་དང་ན་བའི་གསོས་སྨན་དང་ཡོ་བྱད་རྣམས་སྦྱིན་པར་བྱའོ། །དགེ་སློང་རྣལ་འབྱོར་སྤྱོད་པ་དེས་ཕྱོགས་གང་ལ་གནས་པའི་ས་ཕྱོགས་དེར་དགེ་སློང་ཞལ་ཏ་བྱེད་པ་དེས་སྒྲ་ཆེན་པོ་དང་སྐད་དྲག་པོ་མི་དབྱུང་ཞིང་བྱེད་དུའང་མི་གཞུག་གོ །དགེ་སློང་ཞལ་ཏ་བྱེད་པས་དགེ་སློང་རྣལ་འབྱོར་སྤྱོད་པ་དེ་བསྲུང་ཞིང་མལ་ཆ་ཡང་སྦྱར་བར་བྱའོ། །ཁ་ཟས་བསོད་པ་དང་ཡི་གར་འོང་པ་དང་རྣལ་འབྱོར་སྤྱོད་པའི་ས་དང་མཐུན་པའི་བཟའ་བ་དང་བཅའ་བ་རྣམས་སྦྱིན་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ། དགེ་སློང་གང་དག་མང་དུ་ཐོས་པར་བྱེད་པ་ལ་བརྩོན་པ་དེ་དག་སྤྲོ་བ་བསྐྱེད་པར་བྱ་ཞིང༌། དེ་དག་ལ་བསྲུང་བའི་བར་དུ་བྱའོ། །ཆོས་སྨྲ་བའི་དགེ་སློང་གང་ཡིན་པ་དེ་དག་ལས་སུ་མི་བསྐོ་བར་བྱའོ། །ཆོས་ཉན་པ་ལ་བརྩོན་པར་འགྱུར་པའི་བར་དུ་བྱའོ། །འཁོར་གྱི་དཀྱིལ་འཁོར་བཤམ་པར་བྱའོ། །འབེལ་བའི་གཏམ་གྱིས་དཀྱིལ་འཁོར་རྣམ་པར་སྦྱང་བར་བྱ་བ་ནས་དེ་ལ་ལེགས་སོ་ཞེས་བྱ་བ་མང་བར་འགྱུར་བའི་བར་དུ་བྱའོ། །དེ་བཞིན་དུ་སྦྱར་ཏེ། དངོས་པོ་གང་ལ་ཡང་དབང་བྱ་བའི་འདུ་ཤེས་བསྐྱེད་པར་མི་བྱའོ། །བྱ་བ་ཇི་ཙམ་དུ་ཆུང་བ་ཡང་དགེ་འདུན་གྱི་གྲོས་བཞིན་བྱ་ཞིང་རང་དགར་མི་བྱའོ། །དགེ་འདུན་གྱི་ཕྱོགས་བཞིའི་དགེ་འདུན་གྱི་དང་མི་བསྲེ་བའི་བར་དུ་བྱ་སྟེ། བཟློག་པ་ཡང་དེ་བཞིན་ནོ། །དེ་བཞིན་དུ་མཆོད་རྟེན་གྱི་དང་ཕན་ཚུན་བསྲེ་བ་ཡང་བཀག་གོ །གལ་ཏེ་ཕྱོགས་བཞིའི་དགེ་འདུན་ལ་བྲེ་ཡོངས་སུ་གྱུར་ལ་དགེ་འདུན་གྱི་རྙེད་པ་


DTG111_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བར་གྱུར་ན་དགེ་སློང་ཞལ་ཏ་བྱེད་པ་དེས་དགེ་སློང་གི་དགེ་འདུན་བསྡུས་ལ་གྲོས་མཐུན་པར་བགྱིས་ཏེ། དགེ་འདུན་གྱི་རྙེད་པ་ལས་ཕྱོགས་བཞིའི་དགེ་འདུན་ལ་བཤུག་པར་བྱའོ། །མཆོད་རྟེན་ཞིག་རལ་དུ་གྱུར་ན་ཡང་དེ་བཞིན་དུ་བྱའོ། །སྦྱིན་པ་པོ་དང་སྦྱིན་བདག་ལ་གསོལ་བ་ཐོབ་ལ་མཆོད་རྟེན་གསོ་བར་བྱའོ། །འོད་སྲུངས་གལ་ཏེ་མཆོད་རྟེན་གྱི་རྙེད་པ་ཇི་ལྟར་མང་དུ་གྱུར་དུ་ཟིན་ཀྱང་དེ་དགེ་སློང་ཞལ་ཏ་བྱེད་པས་དགེ་འདུན་དང་ཕྱོགས་བཞིའི་དགེ་འདུན་ལ་བཤུ་པར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། དད་ཅིང་དང་བ་མང་པོ་དག་གིས་མཆོད་རྟེན་འཕུལ་བ་ནི་ཐ་ན་རས་ཀྱི་ཁ་ཚར་གཅིག་ཙམ་གང་ཡིན་པ་དེ་ཡང་ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོད་རྟེན་ཡིན་ན། རིན་པོ་ཆེའམ་རིན་པོ་ཆེར་སྨོས་པ་དག་ལྟ་སྨོས་ཀྱང་ཅི་དགོས། །མཆོད་རྟེན་ལ་གོས་ཕུལ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་དེ་ཉིད་དུ་རླུང་དང་ཉི་མ་དང་ཆར་པས་དེངས་ཀྱང་བླའི་མཆོད་རྟེན་ལ་ཕུལ་བའི་གོས་དང་ཟོང་གསེར་དུ་བསྒྱུར་དུ་མི་རུང་སྟེ། མཆོད་རྟེན་ལ་ནི་མཆོད་རྟེན་གྱི་ཟོང་ཅིས་ཀྱང་བྲེལ་ཕོངས་པ་མེད་དོ། །འོད་སྲུངས་དགེ་སློང་གི་ཞལ་ཏ་བྱེད་པ་གང་ལ་ལ་ཞིག་ཚུལ་ཁྲིམས་དང་ལྡན་པ་སྦྱིན་པའི་གནས་རྣམས་ལ་སེམས་ཁྲོས་སམ་དབང་བྱེད་ཅིང་བསྒོ་བླག་བྱེད་ན་དེ་མི་དགེ་བའི་ལས་དེས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ། །གལ་ཏེ་མིའི་འཇིག་རྟེན་དུ་འོངས་ན་ཡང་བྲན་དང་གཞན་གྱི་ལས་བྱེད་པར་འགྱུར་པ་དང་ཁུ་ཚུར་དང་ཐལ་ལྕག་དང་ལག་ཆ་བ་སྙེམས་པས་བརྡེགས་པ་དང་ཕྲད་པར་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ། དགེ་སློང་ལ་ཆད་པས་གཅོད་པ་དང༌། འཇིགས་པར་བྱེད་པ་དང་བསྡིགས་པ་དང༌། དུས་མ་ཡིན་པར་མངག་པ་དང་དུས་མ་ཡིན་པར་བསྒོ་བར་བྱེད་ན། དེ་མི་དགེ་བ་དེས་ཉི་ཚེ་བའི་སེམས་ཅན་དམྱལ་བ་ཕུར་པ་མང་པོ་ཞེས་བྱ་བ་དེར་སྐྱེ་བར་འགྱུར་ཏེ། ཕུར་པ་སྟོང་གི་བར་དག་གིས་ལུས་ལ་ཟུག་ཅིང༌། འབར་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་བར་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ། ལྕེའི་ཚད་དཔག་ཚད་བརྒྱ་བར་འགྱུར་ཞིང་དེའི་ལྕེའི་དབང་པོ་དེ་ལ་ལྕགས་ཕུར་བརྒྱ་སྟོང་ཀུན་ཏུ་འབར་བ་དག་གིས་འབུགས་པར་འགྱུར་རོ། །འོད་སྲུངས་དགེ་སློང་ཞལ་ཏ་བྱེད་པ་གང་ལ་ལས་དགེ་འདུན་


DTG111_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྙེད་པ་འདུས་ཤིང་འདུས་པ་གཞག་སྟེ་དུས་དུས་སུ་མི་སྦྱིན་ཞིང་མཐོ་བ་ཙམ་ས་ལ་གཅེས་ནས་སྦྱིན་པ་དང་ཁ་ཅིག་ལ་མ་བྱིན་ན་དེ་མི་དགེ་བའི་རྩ་བ་དེས་ཡི་དགས་ཀྱི་སྐྱེ་གནས་རྒྱག་འཇིམ་བྱིན་པ་ནུབ་ཅེས་བྱ་བ་དེར་སྐྱེ་བར་འགྱུར་རོ། །དེར་ཡི་དགས་གཞན་གྱིས་ཁ་ཟས་བླངས་ཏེ་དེ་ལ་བསྟན་ན། དེ་བསྟན་པའི་ཚེ། མིག་གཉི་ག་མི་འཛུམས་པར་ཟས་དེ་ལ་བལྟ་ཞིང་བཀྲེས་པ་དང་སྐོམ་པས་ཉེན་པའི་སྡུག་བསྔལ་གྱི་ཚོར་བ་མྱོང་གི་ལོ་བརྒྱ་སྟོང་དུ་ཡང་ཟས་དེ་ནི་ཐོབ་པར་མི་འགྱུར་རོ། །ཇི་སྟེ་བརྒྱ་ལ་བརྒྱ་ལམ་ན་ཟས་དེ་ཐོབ་ཀྱང་ངན་སྐྱུགས་དང་རྣག་ཁྲག་ཏུ་འགྱུར་རོ་ཞེས་གསུངས་སོ། །དགེ་འདུན་བསྲུངས་ཀྱི་རྟོགས་པ་བརྗོད་པ་ལས་ཀྱང་གནོད་པ་གསུངས་ཏེ། དགེ་འདུན་བསྲུངས་ཁྱོད་ཀྱིས་སེམས་ཅན་རྩིག་པ་ལྟ་བུ་གང་དག་མཐོང་བ་དེ་རྣམས་ནི་སྔོན་དགེ་སློང་ཡིན་ཏེ། དེ་དག་གིས་དགེ་འདུན་གྱི་རྩིག་ངོས་ལ་ངར་སྣབས་ཀྱིས་མ་རུངས་པར་བྱམ་པས་ལས་དེའི་རྣམ་པར་སྨིན་པས་རྩིག་པ་དང་འདྲ་བར་གྱུར་ཏོ། །དགེ་འདུན་བསྲུངས་ཁྱོད་ཀྱིས་སེམས་ཅན་ཀ་བ་འདྲ་བ་གང་དག་མཐོང་བ་དེ་རྣམས་ཀྱང་སྔོན་དགེ་སློང་ཡིན་ཏེ། དེ་དག་གིས་དགེ་འདུན་གྱི་ཀ་བ་ངར་སྣབས་ཀྱིས་མ་རུངས་པར་བྱས་པས་དེའི་ཕྱིར་ཀ་བ་འདྲ་བར་གྱུར་ཏོ། །དགེ་འདུན་བསྲུངས་ཁྱོད་ཀྱིས་སེམས་ཅན་ཤིང་ལྟ་བུ་དང་ལོ་མ་ལྟ་བུ་དང་མེ་ཏོག་ལྟ་བུ་དང་འབྲས་བུ་ལྟ་བུ་གང་དག་མཐོང་བ་དེ་རྣམས་ཀྱང་སྔོན་དགེ་སློང་ཡིན་ཏེ། དེ་དག་གིས་དགེ་འདུན་གྱི་ཤིང་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་རྣམས་གང་ཟག་གིས་ཡོངས་སུ་སྤྱད་པར་སྤྱད་པས་ན་དེའི་ཕྱིར་ཤིང་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་ལྟ་བུར་གྱུར་ཏོ། །ཁྱོད་ཀྱིས་སེམས་ཅན་ཐག་པ་ལྟ་བུ་དང་ཕྱགས་མ་ལྟ་བུ་གང་དག་མཐོང་བ་དེ་རྣམས་ཀྱང་སྔོན་དགེ་སློང་ཡིན་ཏེ། དེ་དག་གིས་དགེ་འདུན་གྱི་ཐག་པ་དང་ཕྱགས་མ་གང་ཟག་གིས་ཡོངས་སུ་སྤྱད་པར་སྤྱད་པས་ན་དེའི་ཕྱིར་ཐག་པ་ལྟ་བུ་དང་ཕྱགས་མ་ལྟ་བུར་གྱུར་ཏོ། །ཁྱོད་ཀྱིས་སེམས་ཅན་གཞོང་པ་ལྟ་བུ་གང་མཐོང་བ་དེ་སྔོན་དགེ་ཚུལ་བ་ཡིན་ཏེ། དེ་གཞོང་པ་འཁྲུ་ཞིང་འདུག་པ་དང༌། དགེ་སློང་དག་ཅིག་གློ་བུར་དུ་ལྷགས་ཏེ། དེ་དག་གིས་དེ་མཐོང་ནས་དྲིས་པ་དགེ་ཚུལ་ཕ་ཅི་དེང་དགེ་འདུན་ལ་སྐོམ་ལྟ་


DTG111_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དམ། དེ་སེར་སྣས་ནོན་པའི་སེམས་ཀྱིས་སྨས་པ། ཅི་གཞོང་པ་བཀྲུས་པའང་མ་མཐོང་ངམ་སྐོམ་འཐུངས་ཟིན་ཏོ། །དེ་དག་གིས་དུས་ཡོལ་ཟིན་པ་ལྟ་སྙམ་དུ་བསམས་ནས་རེ་བ་ཆད་དེ་དམན་ཞིང་ཡི་བསད་པའི་བཞིན་གྱིས་དོང་ངོ༌། །དེ་ནི་ལས་དེའི་རྣམ་པར་སྨིན་པས་གཞོང་པ་ལྟ་བུར་གྱུར་ཏོ། །ཁྱོད་ཀྱིས་སེམས་ཅན་གཏུན་ལྟ་བུ་གང་མཐོང་བ་དེ་ཡང་སྔོན་དགེ་སློང་ཡིན་ཏེ། དེ་ལ་ལྷུང་བཟེད་ཀྱི་ལས་ཤིག་བྱུང་བ་དེའི་ཚེ། དགེ་ཚུལ་ཕ་དགྲ་བཅོམ་པ་གཅིག་ཅིག་ལ་དམ་གཞག་པའི་ལས་རེས་བབ་ནས་དེ་ལ་དེས་སྨྲས་པ། དགེ་ཚུལ་ཕ་ཚིགས་མ་ཅུང་ཞིག་རྡུངས་ལ་ཁོ་བོ་ལ་བྱིན། ངེས་སྨྲས་པ་གནས་བརྟན་བདག་བྲེལ་གྱིས་ཅུང་ཞིག་གཞེས་ཤིག །སླད་ཀྱིས་བརྡུངས་ཏེ་གསོལ་ལོ་ཞེས་བྱས་པ་དང༌། དེ་ཁྲོས་ནས་སྨྲས་པ། དགེ་ཚུལ་ཕ་གལ་ཏེ་ཁོ་བོ་གཏུན་ལ་རེག་ཏུ་རུང་ན་ནི། ཁྱོད་ཉིད་ཁོ་བོས་གཏུན་གྱི་ནང་དུ་བཅུག་སྟེ་བརྡུངས་ན་ཚིགས་མ་ཉུང་ཟད་བརྡུངས་པ་ལྟ་ཅི་སྨོས། །དགེ་ཚུལ་ཕ་དེས་དེ་ཀུན་ནས་དཀྲིས་པ་དྲག་པོས་དཀྲིས་པར་རིག་ནས། གལ་ཏེ་བདག་གིས་དེ་ལ་ལན་བླན་ན་དེ་བས་ཀྱང་ཁྲོས་པར་འགྱུར་རོ་སྙམ་ནས་ཁ་རོག་སྟེ་འདུག་གོ །གང་གི་ཚེ་དེ་ཀུན་ནས་དཀྲིས་པ་དང་བྲལ་བར་གྱུར་པ་དེའི་ཚེ་དེའི་གན་དུ་སོང་ནས་སྨྲས་པ། གནས་བརྟན་ཁྱོད་ཀྱིས་ཁོ་བོ་སུ་ལགས་མཁྱེན་ཏམ། དེས་སྨྲས་པ་ཤེས་ཏེ་ཁྱོད་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བའི་དགེ་ཚུལ་ལོ། །ཁོ་བོ་ནི་དགེ་སློང་གནས་བརྟན་ནོ། །དགེ་ཚུལ་ཕས་སྨྲས་པ། དེ་ལྟ་ཡིན་དུ་ཟིན་ཀྱང་ཁོ་བོས་ནི་རབ་ཏུ་བྱུང་ནས་བྱ་བ་གང་ཡིན་པ་དེ་བྱས་སོ། །ཅི་ཞིག་བྱས། ཉོན་མོངས་པ་སྤངས་སོ། །འཆིང་བ་མཐའ་དག་བཅད་དོ། །བཅིངས་པ་ལས་རྣམ་པར་གྲོལ་ལོ། །ཁྱོད་ཀྱིས་ནི་ཞེ་གཅོད་པའི་ངག་གི་ལས་སྨྲས་ཀྱི་ཉེས་པ་ལ་ཉེས་པར་མཐོལ་ཅིག །འོན་ཏང་ལས་དེ་ཡོངས་སུ་བྱང་ཞིང་བསྲབས་ཏེ། ཡོངས་སུ་ཟད་པར་འགྱུར་རོ། །དེས་ཀྱང་ཉེས་པ་ལ་ཉེས་པར་བཤགས་སོ། །ལས་དས་ན་གཏུན་ལྟ་བུར་གྱུར་ཏོ། །ཁྱོད་ཀྱིས་སེམས་ཅན་ཕྲུ་ཆེན་ལྟ་བུ་གང་དག་མཐོང་བ་དེ་དག་ནི་སྔོན་དགེ་སློང་རྣམས་ཀྱི་


DTG111_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྲོ་བ་རུང་བ་བྱེད་པ་ཡིན་ཏེ། དེ་དག་སྨན་འཚེད་པའི་ཚེ་དགེ་སློང་རྣམས་ཀྱིས་མི་སྙན་པ་སྨྲས་པས་དེ་དག་སེམས་འཁྲུགས་ནས་ཕྲུ་ཆེན་བཅག་པས་དེའི་ཕྱིར་ཕྲུ་ཆེན་ལྟ་བུར་གྱུར་ཏོ། །ཁྱོད་ཀྱིས་སེམས་ཅན་རྐེད་པར་ཆད་ལ་སྐུད་པས་ཐོགས་པར་གང་མཐོང་བ་དེ་ཡང་སྔོན་དགེ་སློང་ཡིན་ཏེ། །རྙེད་པ་འཛིན་པར་བྱེད་པ་ནི། །དེ་སེར་སྣས་ནོན་པས་དུས་བསྣོར་ཏེ་དབྱར་གྱི་གང་ཡིན་པ་དེ་ནི་དགུན་གྱིར་བྱས་དགུན་གྱི་གང་ཡིན་པ་དེ་ནི་དབྱར་གྱིར་བྱས་པས་ལས་དེའི་རྣམ་པར་སྨིན་པས་རྐེད་པར་ཆད་ལ་སྐུད་པས་ཐོགས་ཤིང་འགྲོའོ་ཞེས་བྱ་བའོ། །ཆོས་སྨྲ་བ་ལ་སོགས་པ་བསྲུང་བའི་ལེའུ་སྟེ་གསུམ་པའོ།། །།གཞན་ཡང་མདོ་སྡེ་དག་ལས་གནོད་པ་ཆེན་པོ་དག་གསུངས་ཏེ། རེ་ཞིག་འཕགས་པ་ནམ་མཁའི་སྙིང་པོའི་མདོ་ལས། རིགས་ཀྱི་བུ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྩ་བའི་ལྟུང་བ་ལྔ་སྟེ། རྩ་བའི་ལྟུང་བ་དེ་དག་གིས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དགེ་བའི་རྩ་བ་སྔོན་བསྐྱེད་པ་ཐམས་ཅད་ཐལ་བར་རློག་སྟེ། ཕམ་པར་གྱུར་ཅིང་ལྷ་དང་མིའི་བདེ་བའི་གནས་ཐམས་ཅད་ལས་ལྷུང་ནས་ངན་སོང་དུ་འགྲོ་བར་འགྱུར་རོ། །ལྔ་གང་ཞེ་ན། རིགས་ཀྱི་བུ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས་མཆོད་རྟེན་གྱི་རྫས་འཕྲོག་གམ་དགེ་འདུན་གྱི་དང་ཕྱོགས་བཞིའི་དགེ་འདུན་ལ་ཕུལ་བ་འཕྲོག་གམ་འཕྲོག་ཏུ་འཇུག་པ་འདི་ནི་རྩ་བའི་ལྟུང་བ་དང་པོའོ། །གང་ཡང་ཆོས་སྤོང་ཞིང་འགོག་ཏུ་འཇུག་སྟེ། ཉན་ཐོས་ངེས་པར་འབྱུང་བ་བཤད་པའམ། རང་སངས་རྒྱས་ངེས་པར་འབྱུང་བ་བཤད་པའམ། ཐེག་པ་ཆེན་པོའི་ངེས་པར་འབྱུང་བ་བཤད་པ་སྤོང་ཞིང་འགོག་ཏུ་འཇུག་པ་འདི་ནི་རྩ་བའི་ལྟུང་བ་གཉིས་པའོ། །གང་ཡང་ངའི་ཕྱིར་རབ་ཏུ་བྱུང་སྟེ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་གྱོན་པ། བསླབ་པ་གཟུང་ཡང་རུང་མ་གཟུང་ཡང་རུང༌། ཚུལ་ཁྲིམས་འཆལ་པ་ཡང་རུང་ཚུལ་ཁྲིམས་དང་ལྡན་པ་ཡང་རུང་སྟེ། དེའི་གོས་ངུར་སྨྲིག་འཕྲོག་གམ་ཁྱིམ་ན་གནས་པར་བྱེད་དུ་འཇུག་གམ་ལུས་ལ་ལག་ཆས་བསྣུན་ནམ་བཙོན་རར་འཇུག་གམ་སྲོག་དང་བྲལ་བར་བྱེད་དུ་འཇུག་པ་འདི་ནི་རྩ་བའི་ལྟུང་བ་གསུམ་པའོ། །རྒྱལ་རིགས་གང་ཡང་ཆེད་དུ་བསམས་ཏེ། མའི་


DTG111_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་གཅོད་པ་དང་ཕ་དང་བཅོམ་ལྡན་འདས་ཀྱི་ཉན་ཐོས་དགྲ་བཅོམ་པའི་སྲོག་གཅོད་པ་དང༌། དགེ་འདུན་མཐུན་པ་འབྱེད་པ་དང༌། ཆེད་དུ་བསམས་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སྟེ། མཚམས་མེད་པའི་ལས་ལྔ་པོ་འདི་དག་ལས་གང་ཡང་རུང་བའི་ལས་བྱེད་པ་འདི་ནི་རྩ་བའི་ལྟུང་བ་བཞི་པའོ། །རྒྱལ་རིགས་གང་ཡང་རྒྱུ་མེད་པར་སྨྲ་བར་གྱུར་ལ། འཇིག་རྟེན་ཕ་རོལ་པ་གཡེལ་ཏེ། མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བཟུང་ནས་གནས་ཤིང་སེམས་ཅན་གཞན་མང་པོ་དག་ཀྱང་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་འཇུག་སྟེ། འདུལ་ཞིང་འཛུད་ལ་འགོད་པ་འདི་ནི་རྩ་བའི་ལྟུང་བ་ལྔ་པའོ། །དེ་བཞིན་དུ་སྦྱར་ཏེ་གང་ཡང་གྲོང་འཇོམས་པ་དང་ལྗོངས་འཇོམས་པ་དང་གྲོང་ཁྱེར་འཇོམས་པ་དང༌། ཡུལ་འཁོར་འཇོམས་པར་བྱེད་པ་འདི་ཡང་རྩ་བའི་ལྟུང་བའོ། །དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ལས་དང་པོ་པ་རྣམས་ཀྱི་རྩ་བའི་ལྟུང་བ་བརྒྱད་དེ་རྩ་བའི་ལྟུང་བ་དེ་དག་གིས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ལས་དང་པོ་པ་འཁྲུལ་པ་རྣམས་དགེ་བའི་རྩ་བ་སྔོན་བསྐྱེད་པ་ཐམས་ཅད་ཐལ་བར་རློག་སྟེ་ཕམ་པར་གྱུར་ཅིང༌། ལྷ་དང་མིའི་ཐེག་པ་ཆེན་པོའི་བདེ་བའི་གནས་ལས་ལྷུང་ནས་ངན་སོང་དུ་འགྲོ་བར་འགྱུར། ཡུན་རིང་པོར་འཁོར་བ་ན་འཁོར་བར་འགྱུར། དགེ་བའི་བཤེས་གཉེན་དང་བྲལ་བར་འགྱུར་རོ། །བརྒྱད་གང་ཞེ་ན། སེམས་ཅན་གང་དག་སྔོན་ཉེས་པར་སྤྱད་པའི་རྒྱུས་སྙིགས་མ་ལྔ་དང་ལྡན་པ་ཉོན་མོངས་པ་ཅན་གྱི་འཇིག་རྟེན་གྱི་ཁམས་འདིར་སྐྱེས་པ་དེ་དག་ནི་དགེ་བའི་རྩ་བ་ཆུང་བ་སྟེ། དགེ་བའི་བཤེས་གཉེན་ལ་བརྟེན་ནས་ཐེག་པ་ཆེན་པོ་མཆོག་ཏུ་ཟབ་པ་འདི་ཉན་ཏོ། །རིགས་ཀྱི་བུ་བློ་ཆུང་དུ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་ལ་དེ་དག་གི་ནང་ནས་བྱང་ཆུབ་སེམས་དཔའི་ལས་དང་པོ་གང་དག་སྟོང་པ་ཉིད་དང་ལྡན་པའི་མདོ་སྡེ་མཆོག་ཏུ་ཟབ་པ་འདི་ཉན་པ་དང་ལུང་ནོད་པ་དང་ཀློག་པ་དང་ཁ་ཏོན་བྱེད་པ་དེ་དག་ཇི་ལྟར་ཐོས་པ་དང་ཇི་ལྟར་ཆུབ་


DTG111_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་པ་དེ་བཞིན་དུ། སྔ་མའི་བློ་དང་འདྲ་བ་གཞན་དག་གི་མདུན་དུ། དོན་བཟང་པོ་དང་ཚིག་འབྲུ་བཟང་པོ་རྒྱས་པར་དྲན་པར་བྱེད་ཅིང་རབ་ཏུ་སྟོན་ལ། དེ་དག་ནི་ནན་ཏན་ཏུ་མ་སྦྱངས་པའི་བྱིས་པ་སོ་སོའི་སྐྱེ་བོ་དག་སྟེ། མཉན་ནས་སྐྲག་ཅིང་དངང་སྟེ་དངང་བར་འགྱུར་ཞིང༌། དེ་དག་དངངས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ལས་ཕྱིར་ལོག་སྟེ་ཉན་ཐོས་ཀྱི་བྱང་ཆུབ་ལ་སྨོན་ན་འདི་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་རྩ་བའི་ལྟུང་བ་དང་པོ་སྟེ། རྩ་བའི་ལྟུང་བ་དེས་རིགས་ཀྱི་བུ་དེ་དགེ་བའི་རྩ་བ་སྔོན་སྐྱེས་པ་ཐམས་ཅད་ཐལ་བར་རློག་སྟེ་ཕམ་པར་གྱུར་ཅིང་མཐོ་རིས་དང་ཐར་པའི་བདེ་བའི་གནས་ལས་ལྟུང་བ་དང་དེའི་བྱང་ཆུབ་ཀྱི་སེམས་ཀྱང་བསླུས་ཤིང་ངན་སོང་དུ་འགྲོ་བར་འགྱུར་རོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་ཅན་གཞན་དག་དང་གང་ཟག་གཞན་རྣམས་ཀྱི་བསམ་པ་དང་བག་ལ་ཉལ་ཤེས་པར་བྱས་ལ། བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་བགས་ཀྱིས་ཆོས་བསྟན་པར་བྱ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོར་བགས་ཀྱིས་འཇུག་པ་བཞིན་དུ་བྱའོ། །དེ་བཞིན་དུ་སྦྱར་ཏེ། གཞན་ཡང་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཁ་ཅིག་ལ་འདི་སྐད་དུ་ཁྱོད་ཀྱིས་ཕ་རོལ་ཏུ་སྦྱིན་པ་དྲུག་ལ་སྤྱོད་པ་སྤྱད་པར་མི་ནུས། ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཀྱི། ཁྱོད་ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པར་མྱུར་དུ་སེམས་སྐྱེད་ཅིག་དང༌། དེས་ན་ཁྱོད་འཁོར་བ་ལས་ངེས་པར་འབྱུང་ངོ་ཞེས་སྨྲས་པ་འདི་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་རྩ་བའི་ལྟུང་བ་གཉིས་པ་སྟེ། གོང་དུ་ཇི་ལྟར་སྨོས་པའི་བར་དུའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཁ་ཅིག་ལ་འདི་སྐད་དུ་ཀྱེ་སོ་སོར་ཐར་པ་དང་འདུལ་བའི་ཚུལ་ཁྲིམས་ལ་ལེགས་པར་བསྲུངས་པས་ཅི་ཞིག་བྱ། ཁྱོད་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ་ཐེག་པ་ཆེན་པོ་ལྷོགས་ཤིག་དང༌། དེས་ན་ཁྱོད་ཀྱིས་ཉོན་མོངས་པའི་རྐྱེན་གྱིས་ལུས་དང་ངག་དང་ཡིད་རྣམས་ཀྱིས་མི་དགེ་བའི་ལས་གང་བསྒྲུབས་པ་དེ་དག་རྣམ་པར་སྨིན་པར་མི་འགྱུར་བར་དག་པར་འགྱུར་རོ་ཞེས་སྨྲ་བ་འདི་ནི་བྱང་ཆུབ་


DTG111_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་ལས་དང་པོ་པའི་རྩ་བའི་ལྟུང་བ་གསུམ་པ་སྟེ་གོང་དུ་ཇི་སྐད་སྨོས་པའི་བར་དུའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་ཁ་ཅིག་ལ་འདི་སྐད་དུ་རིགས་ཀྱི་བུ་དག་ཁྱེད་ཉན་ཐོས་ཀྱི་ཐེག་པའི་གཏམ་མ་ཉན་ཅིག །མ་ཀློག་ཅིག ། གཞན་དག་ལ་ལུང་མ་འབོགས་ཤིག །ཉན་ཐོས་ཀྱི་ཐེག་པའི་གཏམ་ཆོབས་ཤིག །དེས་ནི་ཁྱོད་ཀྱིས་འབྲས་བུ་ཆེན་པོ་རྙེད་པར་མི་འགྱུར་ཞིང་གཞི་དེས་ནི་ཁྱེད་ཀྱིས་ཉོན་མོངས་པ་མཐར་འབྱིན་པར་མི་ནུས་ཀྱི། ཐེག་པ་ཆེན་པོའི་གཏམ་འདི་ཉིད་ལ་དད་པར་གྱིས་ཤིག །ཐེག་པ་ཆེན་པོ་ཉོན་ཅིག །ཐེག་པ་ཆེན་པོ་ལྷོགས་ཤིག །གཞན་དག་ལ་ཡང་ལུང་ཕོག་ཤིག་དང་དེས་ན་ཁྱེད་ཀྱིས་ངན་འགྲོ་དང་ངན་སོང་གི་ལམ་ཐམས་ཅད་ཞི་བར་འགྱུར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་སྨྲས་ལ། གལ་ཏེ་དེ་དག་གིས་དེའི་ཚིག་བཞིན་དུ་མཉན་ཏེ་འདི་འདྲ་བའི་ལྟ་བར་གྱུར་པ་བླངས་ན་གཉིས་ཀ་ལ་ཡང་རྩ་བའི་ལྟུང་བར་འགྱུར་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་རྩ་བའི་ལྟུང་བ་བཞི་པའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དག་ལྕེ་གཉིས་བྱེད་པ་ཡིན་ཏེ། གཞན་དུ་སྟོན་ཅིང་བརྗོད་པ་དང་སྒྲ་དང་ཚིགས་སུ་བཅད་པ་དང་འཐོབ་པ་དང་བཀུར་སྟིའི་ཕྱིར་ཐེག་པ་ཆེན་པོ་འདི་ཚིག་ཏུ་འདོན་པ་དང༌། ཁ་ཏོན་བྱེད་པ་དང༌། ཀློག་པ་དང་སྟོན་པ་དང༌། ཐོས་པ་ཙམ་གཞན་ལ་ཡང་སྟོན་ལ། འདི་སྐད་དུ་བདག་ནི་ཐེག་པ་ཆེན་པོ་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་སྨྲ་ཞིང༌། གཞན་དག་གིས་ཕ་རོལ་པོ་གང་དག་ལས་ལོངས་སྤྱོད་དང་ཡོངས་སུ་སྤྱོད་པ་རྙེད་པར་འགྱུར་བ་དེའི་རྐྱེན་གྱིས། འཐོབ་པ་དང་བཀུར་སྟིའི་ཕྱིར་དེ་དག་གཞན་ལ་ཕྲག་དོག་བྱེད་དེ། དེ་དག་འཁྲུགས་པར་འགྱུར་ཞིང༌། དེ་དག་གི་བསྔགས་པ་མ་ཡིན་པ་བརྗོད་དོ། །སྨོད་དོ། །བཤུང་ངོ༌། །རྣམ་པར་སྨོད་དོ། །དེ་དག་ལ་འདུད་པ་དེ་རྣམས་ལ་ཡང་ཕྲག་དོག་གི་རྒྱུས་བདག་བསྟོད་ཅིང་མིའི་ཆོས་བླ་མ་བདག་ཉིད་ལ་སྒྲོགས་སོ། །དེའི་ཕྱིར་དེ་དག་དངོས་པོ་དེས་ཕམ་པར་འགྱུར་ཞིང་ཐེག་པ་ཆེན་པོའི་བདེ་བ་ལས་ལྷུང་སྟེ། དེ་དག་ལ་ལྕི་བ་ཆེན་པོའི་ལྟུང་བ་དེ་འབྱུང་ཞིང༌།


DTG111_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་ངན་སོང་དུ་འགྲོ་བར་འགྱུར་རོ། །དཔེར་ན་མི་ལ་ལ་ཞིག་རིན་པོ་ཆེའི་གླིང་དུ་འགྲོ་བར་འདོད་ནས་གྲུ་ལས་རྒྱ་མཚོར་ཞུགས་ལ། དེ་རྒྱ་མཚོ་ཆེན་པོའི་ནང་དུ་བདག་ཉིད་ཀྱིས་གྲུ་བཤིག་ནས་དེ་ཉིད་དུ་འཆི་བར་འགྱུར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཐེག་པ་ཆེན་པོའི་རྒྱ་མཚོར་འཇུག་པར་འདོད་པ་གང་དག་ཕྲག་དོག་གི་རྒྱུས་དེ་དང་དེ་སྨྲ་སྟེ་དེའི་རྐྱེན་གྱིས་དེ་དག་དད་པའི་གྲུ་ཞིག་ནས་ཤེས་རབ་ཀྱི་སྲོག་དང་བྲལ་བར་འགྱུར་རོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་བྱིས་པ་དེ་དག་ལ་ཕྲག་དོག་གི་རྒྱུ་དང་བརྫུན་གྱི་རྐྱེན་གྱིས་ལྕི་བ་ཆེན་པོའི་ལྟུང་བ་འབྱུང་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་རྩ་བའི་ལྟུང་བ་ལྔ་པའོ། །གཞན་ཡང་མ་འོངས་པའི་དུས་ན་ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་དག་བྱང་ཆུབ་སེམས་དཔའ་ནན་ཏན་དུ་སྦྱངས་པ་མཁས་པ་སྐྱེས་བུ་ཆེན་པོ་གཟུངས་དང་བཟོད་པ་དང་ཏིང་ངེ་འཛིན་གྱི་ས་ལ་ལེགས་པར་སྦྱང་བ་བྱས་པ་རྣམས་ཀྱི་སྤྱོད་ཡུལ་མདོ་སྡེ་ཟབ་མོ་སྟོང་པ་ཉིད་དང་ལྡན་པ་གང་ཡིན་པ་ཐེག་པ་ཆེན་པོའི་མདོ་སྡེ་དེ་དག་འཛིན་ཅིང་ཚིག་ཏུ་འདོན་ལ་ཁ་ཏོན་བྱེད་ཅིང་གཞན་དག་ལ་ཡང་རྒྱ་ཆེར་ཀློག་ཅིང་རབ་ཏུ་སྟོན་ཏོ། །ཆོས་འདི་དག་ནི་ཁོ་བོ་ཉིད་ཀྱི་བློས་རྟོགས་ནས་ཁོ་བོ་སྙིང་རྗེ་བས་དེ་བཞིན་དུ་ཁྱོད་ལ་བསྟན་གྱི་ཁྱོད་ཀྱིས་ཀྱང་ཅི་ནས་འདི་སངས་རྒྱས་ཀྱི་ཆོས་ཟབ་མོ་རྣམས་ལ་མངོན་སུམ་དུ་འགྱུར་བ་དེ་ལྟར་སྒོམས་ཤིག །དེ་ལྟར་བྱས་ནས་ཁྱོད་ད་ལྟར་ཁོ་བོ་བཞིན་དུ་ཡེ་ཤེས་མཐོང་བར་འགྱུར་རོ་ཞེས་སྨྲའི་འདི་སྐད་དུ་ཁོ་བོས་མདོ་སྡེ་ཟབ་མོ་ཟབ་པ་འདི་ལྟ་བུ་འདི་བཀླགས་པ་ཙམ་གྱིས་བསྟན་པར་ཟད་ཀྱི་མངོན་སུམ་དུ་བྱས་ནས་ནི་མ་ཡིན་ནོ་ཞེས་ནི་མི་སྨྲ་སྟེ་རྙེད་པ་དང་བཀུར་སྟིའི་ཕྱིར་བདག་འཚོང་ཞིང༌། དེའི་རྐྱེན་གྱིས་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པའི་གང་ཟག་ཐམས་ཅད་ཀྱི་སྤྱན་སྔར་ཉེས་པ་དང་བཅས་པ་ཡིན་ཏེ་ལྕི་བ་ཆེན་པོའི་ལྟུང་བར་འགྱུར་རོ། །ཐེག་པ་ཆེན་པོས་ལྷ་དང་བཅས་པའི་འཇིག་རྟེན་བསླུས་པར་འགྱུར་རོ། །དེ་ནི་ཉན་ཐོས་ཀྱི་ཐེག་པར་ཡང་མི་


DTG111_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ན་ཐེག་པ་ཆེན་པོ་ལ་འཇུག་པའི་ཁྱད་པར་འཐོབ་པ་ལྟ་སྨོས་ཀྱང་ཅི་དགོས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་སྨོས་ཀྱང་ཅི་དགོས་དཔེར་ན་མི་ལ་ལ་ཞིག་འབྲོག་དགོན་པ་ཆེན་པོར་ཆས་ལ་བཀྲེས་པ་དང་སྐོམ་པས་ཉེན་ནས་དེ་དེར་ཁ་ཟས་ཀྱི་ཕྱིར་འབྲས་བུ་ཆེན་པོའི་ཤིང་ལ་འཛེགས་ལ། དྲི་ཕུན་སུམ་ཚོགས་པ་དང་རོ་ཕུན་སུམ་ཚོགས་པ་མ་མྱངས་པར་འབྲས་བུ་ཆེན་པོའི་ཤིང་བོར་ཏེ། དུག་གི་ཤིང་ལ་འཛེགས་ནས་དུག་ཤིང་གི་འབྲས་བུ་ཟོས་ལ་ཟོས་ནས་ཀྱང་འཆི་བའི་དུས་བྱས་པ་ལྟར་གང་ཟག་དེ་ཡང་དེ་དང་འདྲའོ་ཞེས་སྨྲའོ་དེ་དག་རྙེད་པར་དཀའ་བའི་མི་རྙེད་ལ་རྙེད་ནས་ཀྱང་དགེ་བའི་བཤེས་གཉེན་ལ་བརྟེན་ཏེ་ཐེག་པ་ཆེན་པོ་ལ་འཇུག་པར་འདོད་ལ། རྙེད་པ་དང་བཀུར་སྟིའི་རྒྱུས་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པས་ལྕི་བ་ཆེན་པོའི་ལྟུང་བ་འདི་ལྟ་བུ་འདི་བྱུང་སྟེ། ལྟུང་བ་ལྕི་བ་དེས་མཁས་པ་ཐམས་ཅད་ཀྱིས་སྨད་པར་གྱུར་པ་ངན་སོང་དུ་འགྲོ་བའི་མི་གང་ཟག་དེ་ལྟ་བུ་ནི་རྒྱལ་རིགས་དང་བྲམ་ཟེ་དང་རྗེའུ་རིགས་དང༌། དམངས་རིགས་ཐམས་ཅད་ཀྱིས་བསྟེན་པར་བྱ་བ་མ་ཡིན་ནོ། །གང་དེ་ལ་བརྟེན་པ་དེ་ནི་མཁས་པ་ཐམས་ཅད་ཀྱིས་སྤང་བར་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་རྩ་བའི་ལྟུང་བ་དྲུག་པའོ། །རིགས་ཀྱི་བུ་གཞན་ཡང་མ་འོངས་པའི་དུས་ན། རྒྱལ་རིགས་རྣམས་ཀྱི་མདུན་ན་འདོན་གདོལ་བ་དང༌། བློན་པོ་གདོལ་པ་དང་ཤོར་བ་གདོལ་པ་དང་བློན་པོ་མཁས་པའི་ང་རྒྱལ་ཅན་ནོར་ཆེ་བ་ལོངས་སྤྱོད་ཆེ་བ་དག་འབྱུང་སྟེ། དེ་དག་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་རྣམ་པ་མང་པོ་དག་ལ་སྣང་སྟེ། གཏོང་བས་རྒྱགས་ཤིང་དྲེགས་པ་དེ་དག་ང་རྒྱལ་དང་རྒྱགས་པ་དང་དྲེགས་པ་དང༌། རྒྱལ་རིགས་དང་དགེ་སྦྱོང་དང་རྒྱལ་རིགས་རྣམས་འབྱེད་པའི་དབྱེན་བྱེད་ཅིང་དེ་དག་རྒྱལ་རིགས་ལ་བརྟེན་ནས་དགེ་སྦྱོང་རྣམས་ལ་ཆད་པས་གཅོད་དུ་འཇུག་ཆད་པས་ནོར་འཕྲོག་ཏུ་འཇུག་སྟེ། གནོད་པ་དེས་དགེ་སྦྱོང་དེ་དག་གང་ཟག་གིའམ་དགེ་འདུན་གྱིའམ་ཕྱོགས་བཞིའི་དགེ་འདུན་གྱིའམ་མཆོད་རྟེན་གྱི་དག་དགེ་སྦྱོང་རྣམས་རྐུར་བཅུག་ནས་དེ་དག་ལ་གསུག་ཏུ་འབུལ་ལོ། །གདོལ་པ་དེ་དག་གིས་ཀྱང་རྒྱལ་རིགས་དེ་དག་ལ་འབུལ་


DTG111_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་ཏེ་དེ་དག་གཉི་ག་ལ་རྩ་བའི་ལྟུང་བར་འགྱུར་རོ། །འདི་ནི་རྩ་བའི་ལྟུང་བ་བདུན་པའོ། །རྒྱལ་རིགས་གདོལ་པ་དེ་དག་ཀྱང་དགེ་སྦྱོང་རྣམས་ལ་རབ་ཏུ་སྡང་བར་འགྱུར་ཏེ། ཆོས་འདི་ལྟ་བུ་ནི་ཆོས་མ་ཡིན་པར་འདོགས་ཤིང་ཆོས་སྤངས་ནས་ཆོས་མ་ཡིན་པ་ལ་འཇོག་པར་འགྱུར་རོ། །མདོ་སྡེ་དང་འདུལ་བ་དང་བསླབ་པ་ལ་མི་ལྟ་ཞིང༌། ནག་པོ་བསྟན་པ་དང་ཆེན་པོ་བསྟན་པ་སྤངས་ཏེ། སྙིང་རྗེ་ཆེན་པོའི་ཚུལ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསླབ་པ་དང༌། ཐབས་ལ་མཁས་པའི་བསླབ་པ་དང་མདོ་སྡེ་གཞན་དག་ལས་བསླབ་པ་བསྟན་པ་དེ་དག་ཀྱང་སྤངས་ནས་ཆོས་འདི་ལྟ་བུ་དང་ལྡན་པའི་དགེ་སློང་རྣམས་ལ་གཙོ་བའི་ཕྱིར་བཀའ་ཁྲིམས་གང་གིས་དགེ་སློང་རྣམས་ལ་གནོད་པར་འགྱུར་བ་དང༌། ཞི་གནས་དང་ལྷག་མཐོང་དང་མཐུན་པའི་རྣལ་འབྱོར་ཡིད་ལ་བྱེད་པ་འདོར་བར་བྱེད་པ་དང༌། འཕྱ་བ་དང་གནོད་པ་མང་དུ་འགྱུར་བའི་ཁྲིམས་འཆའ་བར་བྱེད་དོ། །རྒྱུ་དེས་ན་དགེ་སློང་རྣམས་ཉེ་བར་མ་ཞི་བའི་ཉོན་མོངས་པ་རྣམས་ཉེ་བར་ཞི་བར་མི་འགྱུར་བསླབས་པར་མི་འགྱུར་རོ། །དེའི་ཚེ་དགེ་སློང་དེ་དག་བསམ་པ་ཉམས་པར་འགྱུར། ཚུལ་ཁྲིམས་ཉམས་པར་འགྱུར། ཚིག་ཉམས་པར་འགྱུར། ལྟ་བ་ཉམས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྒྱིད་ལུ་ག་པར་འགྱུར་བ་དང༌། བྱ་བ་མང་བར་འགྱུར་བ་དང༌། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ་དང༌། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེ་ཞིང་ལུང་བོང་ལྟར་སྤྱོད་པས་སོ། །རིག་པར་བྱ་བའི་ཆོས་སྟོན་པ་དེ་དག་ལྷག་པར་རྒྱལ་རིགས་འཁོར་དང་བཅས་པས་བཀུར་སྟི་བྱས་པར་འགྱུར་རིམ་གྲོ་དང་མཆོད་པ་བྱས་པར་འགྱུར་རོ། །དེ་དག་ཀྱང་ཁྱིམ་པ་རྣམས་ལ་དགེ་སློང་སྤོང་བ་ལ་བརྩོན་པ་རྣམས་ཀྱི་བསྔགས་པ་མ་ཡིན་པ་བརྗོད་པར་འགྱུར་རོ། །རྒྱལ་རིགས་འཁོར་དང་བཅས་པ་དེ་ཡང་དགེ་སློང་སྤོང་བ་ལ་བརྩོན་པ་རྣམས་ལ་རབ་ཏུ་སྡང་བར་འགྱུར་འཕྱ་བར་འགྱུར་ཏེ། དེས་ན་དགེ་སློང་སྤོང་བ་ལ་བརྩོན་པ་རྣམས་ཀྱི་ལོངས་སྤྱོད་དང་ཉེ་བར་སྤྱོད་པ་གང་ཡིན་པ་དེ་དགེ་སློང་ཁ་ཏོན་བྱེད་པ་ལ་དགའ་བ་རྣམས་ལ་བྱིན་པར་འགྱུར་ཏེ། དེ་དག་གཉི་ག་ལ་ཡང་རྩ་བའི་ལྟུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་བསམ་གཏན་པ་ནི་


DTG111_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དམ་པ་ཡིན་གྱི། ཀློག་པ་དང་ཞལ་ཏ་བྱེད་པ་ལ་གནས་པ་དང་ཀློག་པ་ལ་བརྩོན་པ་ནི་ཏིང་ངེ་འཛིན་དང་གཟུངས་དང་བཟོད་པའི་ས་རྣམས་ཀྱི་སྣོད་དུ་གྱུར་པའམ་ཤིན་ཏུ་སྦྱིན་གནས་སུ་གྱུར་པའམ། སྣོད་དུ་གྱུར་བ་དང༌། འཇིག་རྟེན་ལ་སྣང་བར་བྱེད་པའམ་ལམ་ཉེ་བར་སྟོན་པར་བྱེད་པའམ་ལས་ཀྱི་ཞིང་དང་ཉོན་མོངས་པའི་ཞིང་ལས་སེམས་ཅན་རྣམས་སྒྲོལ་བ་དང་མྱ་ངན་ལས་འདས་པར་འགྲོ་བའི་ལམ་ལ་འཇོག་པ་མ་ཡིན་པའི་ཕྱིར་ཏེ། རིགས་ཀྱི་བུ་བརྒྱད་པོ་འདི་དག་ནི་རྩ་བའི་ལྟུང་བའོ་ཞེས་གསུངས་སོ། །འདི་དག་གིས་ངེས་པར་འབྱུང་བ་ཡང་མདོ་འདི་ལས་གསུངས་པ་ནི། གལ་ཏེ་བྱང་ཆུབ་སེམས་དཔའ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོའི་མིང་ཐོས་ནས་ངན་སོང་དུ་ལྟུང་བས་འཇིགས་པའི་ཕྱིར་མཐོང་བར་འདོད་ཅིང་རྩ་བའི་ལྟུང་བ་འཆགས་པར་འདོད་ལ། གལ་ཏེ་དེ་དག་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ཞིང་དེའི་མིང་ཡང་བརྗོད་ན། རིགས་ཀྱི་བུ་དེ་དག་གི་མདུན་དུ་སྐལ་པ་ཇི་ལྟ་བ་བཞིན་དུ་དེ་རང་གི་གཟུགས་ཀྱིས་གནས་པར་འགྱུར་ཏེ། བྲམ་ཟེའི་གཟུགས་ནས་བུ་མོའི་གཟུགས་ཀྱི་བར་གྱིས་མདུན་དུ་གནས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དེ་ལ་ལྟུང་བ་ཇི་ལྟ་བུ་བྱུང་བ་དེ་དག་འཆགས་སུ་འཇུག་གོ །དེ་ཐབས་ལ་མཁས་པ་ཟབ་མོ་དང༌། ཐེག་པ་ཆེན་པོ་ལ་སྤྱད་པའང་ཉེ་བར་སྟོན་ཏོ། །ཕྱིར་མི་ལྡོག་པའི་སའི་བར་ལ་ཡང་རབ་ཏུ་འཇོག་གོ །དེ་བཞིན་དུ་སྦྱར་ཏེ། གལ་ཏེ་དེ་ལ་གསོལ་བ་འདེབས་པ་གང་ཡིན་པ་དེ་དག་ལ་མངོན་དུ་སྟོན་པར་མི་བྱེད་ན་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཉེས་པ་དང་བཅས་པ་དེས་ཐོ་རངས་ལངས་ལ་ཤར་ཕྱོགས་སུ་བལྟས་ཏེ་འདུག་ལ་བདུག་པས་བདུག་པར་བྱ། ལྷའི་བུ་སྐྱ་རེངས་ལ་གསོལ་བ་གདབ་པར་བྱ་སྟེ། ཚིག་འདི་སྐད་དུ་སྐྱ་རེངས་སྐྱ་རེངས་སྙིང་རྗེ་ཆེན་པོ་སྐལ་བ་ཆེན་པོ་ཁྱོད་འཛམ་བུའི་གླིང་དུ་ཤར་མ་ཐག་ཏུ་སྙིང་རྗེས་བདག་ལ་ཁེབས་པར་མཛད་དུ་གསོལ། །ནམ་མཁའི་སྙིང་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་ལ་ཡང་བདག་གི་ཚིག་གིས་མྱུར་དུ་བསྐུལ་ཏེ་ཐབས་གང་གིས་བདག་ལྟུང་བ་འཆགས་པར་འགྱུར་བ་དང༌། ཐེག་པ་


DTG111_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་འཕགས་པ་ལ་ཐབས་དང་ཤེས་རབ་འཐོབ་པར་འགྱུར་བའི་ཐབས་དེ་དག་བདག་གི་རྨི་ལམ་དུ་བསྟན་དུ་གསོལ་ཞེས་སྨྲས་པ། དེའི་ཚེ་དེ་མལ་དུ་གཉིད་ལོག་པར་བྱ་སྟེ་འཛམ་བུ་གླིང་འདིར་སྐྱ་རེངས་ཤར་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་དང་ཕྲད་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དེའི་རྨི་ལམ་དུ་དེའི་གཟུགས་མདུན་དུ་འདུག་སྟེ་རྩ་བའི་ལྟུང་བ་དེ་དག་འཆགས་སུ་འཇུག་གོ །དེ་ལ་ཐེག་པ་ཆེན་པོའི་ཐབས་ཀྱི་ཐབས་ཤེས་པ་འདི་ལྟ་བུ་ཡང་བསྟན་ཏེ། ཐབས་ཤེས་པ་ལ་མཁས་པ་དེས་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དེས་དེ་ཉིད་དུ་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་པོ། །ཐེག་པ་ཆེན་པོ་ལ་བརྟན་པོར་གནས་པར་ཡང་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཡང་ན་མདོ་སྡེ་དེ་ཉིད་ལས་གསོལ་བ་གདབ་པའི་སྔགས་སྔར་སྨོས་པ་གང་ཡིན་པ་དེས་ཆོ་ག་འདི་བྱས་ཏེ་དེ་ལས་འདི་སྐད་དུ་བྱུང་ངོ༌། །དགོན་པའམ་ནགས་འདབ་བམ་བླ་གབ་མེད་པར་ཨ་ཀ་རུའམ་རྒྱ་སྤོས་སམ་དུས་ཀྱི་རྗེས་སུ་འབྲང་བས་བདུགས་ལ་ཐལ་མོ་སྦྱར་ཏེ་ཕྱོགས་དང་ཕྱོགས་མཚམས་ཀུན་དུ་ཡན་ལག་ལྔས་ཕྱག་བྱས་ལ། སྔགས་ཀྱི་ཚིག་འདི་དག་བརྗོད་པར་བྱའོ། །འདི་ལྟ་སྟེ། སུ་སྨྲི་ཤ་སུ་སྨྲི་ཤ་།ཀཱ་རུ་ཎི་ཀ་ཙ་ར་ཙ་ར། བི་ཙ་ར་བི་ཙ་ར། སཉྩ་ར། ཀཱ་རུ་ཎི་ཀ །མུ་ར་མུ་ར་བེ་ག་དྷཱ་རི། མཱ་ཙ་ལེ། བྷུ་ཛཱ་ཤ་ཏ། ཀཱ་རུ་ཎི་ཀ །ཙིནྟ་མ་ཎི་པཱུ་རཱ་ཡ། ཀཱ་རུ་ཎི་ཀ་སརྦ་ཤ་མེ་སྠཱ་པ་ཡ། ཨཱ་ཛྙཱ་དྷཱ་རཱི་སྥུ་གུང་སྥུ་གུང༌། རུ་ཏི་བི་བེ་ཀ་གུ། དྲི་ཥྚི་བི་བེ་ཀཾ་གུ། པཱུ་ར་ཡ་ཀཱ་རུ་ཎི་ཀ །པཱུ་ར་ཡན་ཏུ་མ་མ་སརྦ་ཨཱ་ཤ་།སརྦ་པ་ཐཾ་ཙ། ཨ་ཤོ་ཀ་ག་ཏི་སྭཱཧཱ། ཆོ་ག་ནི་སྔ་མ་བཞིན་ནོ། །ནད་དང་སྡུག་བསྔལ་ཐམས་ཅད་དང་འཇིགས་པ་ཐམས་ཅད་དང་ཡོ་བྱད་ཀྱིས་ཕོངས་པ་ཐམས་ཅད་བསལ་བ་དང་འདོད་པ་ཐམས་ཅད་སྒྲུབ་པའི་ཕྱིར་བྱའོ། །གལ་ཏེ་རྒྱལ་རིགས་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཡིན་ན་ཇི་ལྟར་དེ་དག་གི་ལྟུང་བ་ངེས་ཤིང་གཞན་དག་ནི་མ་ངེས་ཇི་སྟེ་དེ་དག་སྡོམ་པ་ཅན་མ་ཡིན་ན་ནི། དེ་དག་གིས་ལྟུང་བར་ཇི་ལྟར་རྣམ་པར་གཞག་ཅིང༌། སྡོམ་པ་ཅན་དག་ཉེས་པ་དེས་ཟིན་པར་ཡང་ཇི་ལྟར་འགྱུར་ཞེ་ན། འདི་ནི་ཉེས་པ་མེད་དེ་གང་དུ་


DTG111_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

གང་དག་ལ་མང་དུ་འབྱུང་བ་དེ་དག་ལ་དེར་རང་གི་མིང་ནས་སྨོས་ཏེ་བསྟན་ནས་འཇིགས་པ་བསྐྱེད་པའི་ཕྱིར་བཟློག་གོ །ཐམས་ཅད་ཀྱིས་ཀྱང་ཕན་ཚུན་དུ་ལྟུང་བ་ཐམས་ཅད་སྤྲང་བར་བྱའོ། །རང་བཞིན་གྱིས་ཁ་ན་མ་ཐོ་བ་ཆེ་བས་ན་གང་གི་ཡང་དག་པར་མ་བླངས་བ་ན་ཡང་སྐལ་བ་མེད་པ་དང་དགེ་བའི་རྩ་བ་འཆད་པར་འགྱུར་བ་དེས་སྡོམ་པ་ཅན་ལ་ཤིན་ཏུ་ཆེས་འགྱུར་ཏེ་དེ་ལྟར་དཔྱད་པས་ཆོག་གོ །ཐབས་ལ་མཁས་པའི་མདོ་ལས་ཀྱང་རྩ་བའི་ལྟུང་བ་གསུངས་ཏེ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སོ་སོར་ཐར་པའི་བསླབ་པ་ལ་སློབ་ཅིང་བསྐལ་པ་བརྒྱ་སྟོད་དུ་རྩ་བ་དང་འབྲས་བུ་ཟ་བར་གྱུར་ལ། སེམས་ཅན་རྣམས་ཀྱིས་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པ་བཟོད་ཀྱང་ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པས་གནས་ན་འདི་ནི་བྱང་ཆུབ་སེམས་དཔའི་ལྟུང་བ་ལྕི་བའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ཉན་ཐོས་ཀྱི་ཐེག་པ་ཅན་ལ་རྩ་བའི་ལྟུང་བ་བྱུང་ན་ཕུང་པོ་དེ་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བའི་སྐལ་པ་མེད་དོ། །རིགས་ཀྱི་བུ་དེ་བཞིན་དུ་ལྟུང་བ་མ་བཤགས་ཤིང་ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱེད་པ་དེ་མ་སྤངས་ན་སངས་རྒྱས་ཀྱིས་ལ་ཡོངས་སུ་མྱ་ངན་ལས་འདའ་བའི་སྐལ་པ་མེད་དོ་ཞེས་འབྱུང་ངོ༌། །རྩ་བའི་ལྟུང་བ་འདི་དག་བདེ་བླག་ཏུ་གཟུང་བ་དང་འགའ་ཞིག་གི་ལུགས་གནས་པར་བྱ་བའི་ཕྱིར་བསྡུ་བའི་ཚིག་ལེའུར་བྱས་པ་དག་བརྗོད་པར་བྱའོ། །དཀོན་མཆོག་གསུམ་གྱི་དཀོར་འཕྲོགས་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པར་ཐུབ་པས་གསུངས་པ་ཡིན། །ཚུལ་ཁྲིམས་འཆལ་པའི་དགེ་སློང་ལའང༌། །ངུར་སྨྲིག་འཕྲོག་དང་བརྡེག་པ་དང༌། །བཙོན་རར་འཇུག་པར་བྱེད་པ་དང༌། །རབ་ཏུ་བྱུང་ལས་འབེབས་པ་དང༌། །མཚམས་མེད་ལྔ་པོ་བྱེད་པ་དང༌། །ལོག་པར་ལྟ་བ་འཛིན་པ་དང༌།། གྲོང་ལ་སོགས་པ་འཇིག་པ་ཡང༌། །རྩ་བའི་ལྟུང་བར་རྒྱལ་བས་གསུངས། །བློ་སྦྱངས་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་དང༌། །སངས་རྒྱས་ཉིད་ལ་ཞུགས་པ་དག །རྫོགས་པའི་བྱང་ཆུབ་ཟློག་པ་དང༌། །སོ་སོར་ཐར་པ་ཡོངས་སྤངས་ཏེ། །ཐེག་པ་ཆེན་ལ་སྦྱོར་བ་དང༌། །


DTG111_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་པའི་ཐེག་པས་ཆགས་ལ་སོགས། །སྤོང་བར་འགྱུར་བ་མིན་ཞེས་འཛིན། །ཕ་རོལ་དག་ཀྱང་འཛིན་འཇུག་དང༌། །རང་གི་ཡོན་ཏན་བརྗོད་པ་དང༌། །རྙེད་པ་དང་ནི་བཀུར་སྟི་དང༌། །ཚིགས་བཅད་རྒྱུ་ཡིས་གཞན་སྣོད་དང༌། །བདག་ནི་ཟབ་མོ་བཟོད་པའོ་ཞེས། །ལོག་པ་ཉིད་ནི་སྨྲ་བ་དང། །དགེ་སྦྱོང་ཆད་པས་གཅོད་འཇུག་དང༌། །དཀོན་མཆོག་གསུམ་གྱི་སྦྱིན་བྱེད་དང༌། །སྦྱིན་པ་ལེན་པར་བྱེད་པ་དང༌། །ཞི་གནས་འདོར་བར་བྱེད་པ་དང༌། །ཡང་དག་འཇོག་གི་ལོངས་སྤྱོད་རྣམས། །ཁ་ཏོན་བྱེད་ལ་སྦྱིན་པ་རྣམས། །དེ་དག་རྩ་བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །རྨི་ལམ་འཕགས་མཁའ་སྙིང་པོ་ཡི། །མདུན་དུ་འདུག་སྟེ་བཤགས་པར་བྱ། །བྱང་ཆུབ་སེམས་ནི་ཡོངས་འདོར་དང༌། །ཆགས་དང་སེར་སྣ་མི་ཟད་པས། །སློང་ལ་སྦྱིན་པར་མི་བྱེད་དང༌། །བསྒྲིམས་ཏེ་དགའ་བར་བྱེད་པ་ན། །སེམས་ཅན་ལ་ནི་མི་བཟོད་པར། །ཁྲོས་པས་སེམས་ཅན་བརྡེགས་པ་དང༌། །ཉོན་མོངས་པ་དང་གཞན་མཐུན་པས། །ཆོས་ལྟར་བཅོས་པ་བརྗོད་པའོ། །འཕགས་པ་སའི་སྙིང་པོའི་མདོ་ལས་ཀྱང༌། ཚངས་པ་ཆེན་པོ་གང་དེའི་ཕྱིར་རབ་ཏུ་བྱུང་བ། ཚུལ་ཁྲིམས་འཆལ་པ་སྡིག་པ་སྤྱོད་པའི། དགེ་སློང་མདོངས་པ་ཤིང་རུལ་པ་ལྟ་བུར་གྱུར་པ། དགེ་སྦྱོང་མ་ཡིན་པ་ལ་དགེ་སྦྱོང་དུ་ཁས་འཆེ་བ། ཚངས་པར་སྤྱོད་པ་མ་ཡིན་པ་ལ་ཚངས་པར་སྤྱོད་པར་ཁས་འཚེ་བ། ཉོན་མོངས་པ་སྣ་ཚོགས་ཀྱིས་བཤིག་པ་ལྟུང་བ་ཕམ་པ་ཡིན་ཡང་ཚུལ་ཁྲིམས་འཆལ་པ་སྡིག་པ་སྤྱོད་པའི་དགེ་སློང་དེ་དེའི་ཚེ་ན་ཡང་ལྷ་ཐམས་ཅད་དང་མི་རྣམས་ཀྱི་བར་དང་བསོད་ནམས་ཀྱི་གཏེར་དག་གི་བར་སྟོན་པ་དང་དགེ་བའི་བཤེས་གཉེན་ཡིན་ནོ། །དེ་སྣོད་དུ་གྱུར་པ་མ་ཡིན་དུ་ཟིན་ཀྱང༌། སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་པ་དང་སྤྱོད་ལམ་བསྟན་པའི་རྒྱུ་དེས་ཀྱང་སེམས་ཅན་མང་པོ་དག་གི་དགེ་བའི་རྩ་བ་སྣ་ཚོགས་སྟོན་པར་བྱེད་པ་དང་བདེ་འགྲོའི་ལམ་སྟོན་པ་ཡིན་ནོ། །དེ་ལྟ་བས་ན་ངའི་ཕྱིར་རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པའམ་ཚུལ་ཁྲིམས་འཆལ་པ་ཡང་རུང་སྟེ། གང་ངའི་ཕྱིར་རབ་ཏུ་བྱུང་བ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་ཆོས་དང་མཐུན་པས་ཀྱང་ལུས་ལ་ཆད་


DTG111_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

པས་གཅོད་པ་དང་བཙོན་རར་འཇུག་པ་དང་ཡན་ལག་དང་ཉིང་ལག་གཅོད་པ་དང་སྲོག་གཅོད་དུ་མི་གནང་ན་ཆོས་མ་ཡིན་པ་ལྟ་ཅི་སྨོས། ཆོས་འདུལ་བ་ལ་ཤི་བ་ལྟ་བུར་བརྗོད་དུ་ཟིན་ན་གང་ཟག་དེ་གི་ཝང་དང་གླ་རྩི་དང་མཚུངས་སོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས། ངའི་ཕྱིར་རབ་ཏུ་བྱུང་བ་སྣོད་དུ་གྱུར་ཏམ་སྣོད་དུ་མ་གྱུར་ཀྱང་རུང་བ་རྣམས་ལ་གང་དག་འཚེ་བ་དེ་དག་ཐམས་ཅད་ནི་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཐམས་ཅད་ལ་ཤིན་ཏུ་ཉེས་པ་དང་བཅས་པ་ཡིན་ནོ། །དགེ་བའི་རྩ་བ་ཆད་པ་དང་རྒྱུད་ཚིག་པ་དང་མནར་མེད་པར་གཞོལ་བ་ཡིན་ནོ་ཞེས་གསུངས་པ་དང༌། ཡང་དེ་ཉིད་ལས། འདི་ལྟ་སྟེ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་གོས་ངུར་སྨྲིག་འདི་ནི་ཐར་པའི་རྒྱལ་མཚན་ཡིན་ནོ་ཞེས་གསུངས་པ་དང༌། ཡང་དེ་ཉིད་ལས་དེའི་ཚེ་ཉན་ཐོས་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དང༌། བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་སྔོན་བྱས་པའི་ལས་ཀྱི་སྒྲིབ་པ་འདི་ལྟ་བུ་བཅོམ་ལྡན་འདས་ལ་འཆགས་ཏེ། བཙུན་པ་བཅོམ་ལྡན་འདས་བདག་ཅག་གིས་ནི་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་རབ་ལ་སྣོད་དུ་གྱུར་པ་དང་སྣོད་དུ་མ་གྱུར་པ་རྣམས་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཉན་ཐོས་ཀྱི་ཐེག་པ་ཅན་གྱི་གང་ཟག་ལ་སྨད་དོ། །བཤུངས་སོ་ཁྲོས་སོ། །བསྔགས་པ་མ་ལགས་པ་དང་མི་སྙན་པའི་བདའ་མཆིད་བརྗོད་དོ། །ལས་ཀྱི་སྒྲིབ་པ་དེས་ན་བདག་ཅག་ངན་སོང་གསུམ་དུ་སྡུག་བསྔལ་གྱི་ཚོར་བ་དྲག་པོ་མི་བཟད་པ་རྣམ་པ་མང་པོ་མྱོང་ངོ༌། །དེ་བཞིན་དུ་སྦྱར་ཏེ། བདག་ཅག་ལས་ཀྱི་སྒྲིབ་པའི་ལྷག་མ་དེ་ད་ལྟར་བཅོམ་ལྡན་འདས་ལ་འཆགས་སོ། །ཁ་ཅིག་ནི་བདག་ཅག་གིས་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ལ་ཚིག་གིས་བསྡིགས་སོ། །སྤྱོས་བརྒྱད་དོ་ཞེས་འཛེར་ཏོ། །ཁ་ཅིག་ནི་བདག་ཅག་གིས་བཅོམ་ལྡན་འདས་ཀྱི་ཉན་ཐོས་སྣོད་དུ་གྱུར་པ་དང༌། སྣོད་དུ་མ་གྱུར་པ་རྣམས་ལ་བརྡེགས། བསྣུན་ཏོ་ཞེས་འཛེར་ཏོ། །ཁ་ཅིག་ནི་བདག་ཅག་གིས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་གོས་ཕྲོགས་སོ་ཞེས་འཛེར་ཏོ། །ཁ་ཅིག་ནི་བདག་ཅག་གིས་བཅོམ་ལྡན་འདས་ཀྱིས་


DTG111_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ཐོས་རྣམས་ཀྱི་ལོངས་སྤྱོད་པ་དང་ཡོངས་སུ་སྤྱོད་པ་རྣམས་ཕྲོགས་སོ་ཞེས་འཛེར་ཏོ། །ཁ་ཅིག་ནི་བདག་ཅག་གིས་བཅོམ་ལྡན་འདས་ཀྱི་ཕྱིར་རབ་ཏུ་བྱུང་བ་རྣམས་ཁྱིམ་པར་ཕབ་སྟེ། གནས་མ་ལགས་པ་ཐོབ་པར་བགྱིས་སོ་ཞེས་འཛེར་ཏོ། །ཁ་ཅིག་ནི་བཅོམ་ལྡན་འདས་བདག་ཅག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཉན་ཐོས་སྣོད་དུ་གྱུར་པ་དང་སྣོད་དུ་མ་གྱུར་པ་དང་སྣོད་དུ་མ་གྱུར་པ་ནོངས་པ་མ་མཆིས་པ་རྣམས་ཁྲི་མོན་དུ་སྩལ་ཏེ་བདག་ཅག་ལས་ཀྱི་སྒྲིབ་པ་དེས་བསྐལ་པ་མང་པོར་ངན་སོང་གསུམ་དུ་སྡུག་བསྔལ་དྲག་པོ་མི་བཟད་པ་རྣམ་པ་མང་པོ་མྱོང་ངོ་ཞེས་འཛེར་ཏོ། །དེ་བཞིན་དུ་སྦྱར་ཏེ། བདག་ཅག་ད་ལྟར་ལས་ཀྱི་སྒྲིབ་པའི་ལྷག་མ་དེ་བཅོམ་ལྡན་འདས་ལ་འཆགས་སོ། །སླན་ཆད་ཀྱང་སྡོམ་པར་བགྱིད་དོ། །བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་གཟུང་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བདག་ཅག་ངན་སོང་མི་བཟང་པ་ལས་གདོན་དུ་གསོལ་ཞེས་རྒྱ་ཆེར་གསུངས་སོ།། །།བམ་པོ་བཞི་པ། རབ་ཏུ་བྱུང་བའི་བར་དུ་གཅོད་པའི་མདོ་ལས་ཀྱང་གནོད་པ་གསུངས་ཏེ། མིང་ཆེན་ཁྱིམ་པ་ཆོས་བཞི་དང་ལྡན་ན་སྐྱེ་བ་དེ་དང་དེར་མི་དལ་བ་རྙེད་པར་འགྱུར། དམུས་ལོང་དང་བླུན་པ་དང་ལྕེ་མེད་པ་དང་གདོལ་པར་འགྱུར། ནམ་དུ་ཡང་བདེ་བར་མི་འགྱུར། སྐུར་བ་འདེབས་པ་མང་བར་འགྱུར། ཟ་མ་དང་མ་ནིང་དང༌། རྟག་པར་བྲན་དང་བུད་མེད་དུ་འགྱུར། ཁྱི་དང་ཕག་དང་བོང་བུ་དང་རྔ་མོ་དང༌། སྦྲུལ་གདུག་པར་འགྱུར་རོ། །བཞི་གང་ཞེ་ན། མིང་ཆེན་འདི་ལ་ཁྱིམ་པ་སྔོན་གྱི་རྒྱལ་བ་རྣམས་ལ་ལྷག་པར་བྱས་པའི་སེམས་ཅན་རྣམས་ཀྱི་མངོན་པར་འབྱུང་བའི་སེམས་དང་རབ་ཏུ་འབྱུང་བའི་སེམས་དང་འཕགས་པའི་ལམ་གྱི་སེམས་ཀྱི་བར་ཆད་བྱེད་པ་འདི་ནི་དང་པོའོ། །གཞན་ཡང་ནོར་ལ་ཆགས་ཤིང་བུ་ལ་ཆགས་ནས་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་མི་ཆེས་ཏེ། བུའམ་བུ་མོའམ་ཆུང་མའམ་ཉེ་དུའི་ཚོགས་དབང་ཕྱུག་གི་གནས་ལ་འཁོད་པ་རབ་ཏུ་འབྱུང་བའི་བར་ཆད་བྱེད་པ་འདི་ནི་གཉིས་པའོ་ཞེས་གསུངས་སོ། །གཞན་གཉིས་ནི་དམ་པའི་ཆོས་སྤོང་བ་དང༌། དགེ་སྦྱོང་དང་


DTG111_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེ་རྣམས་ལ་ཁོང་ཁྲོ་བའོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་གྱི་གནོད་པ་ནི་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས། རྣམ་པར་སྨིན་པ་དྲག་པོ་གསུངས་པ་ལྟ་བུར་བལྟ་སྟེ། དེ་ལས་ཅུང་ཟད་ཙམ་ཞིག་བརྗོད་པར་བྱའོ། །སྲོག་གཅོད་པའི་རྣམ་པར་སྨིན་པ་ཉུང་ཟད་ཅིག་སྨོས་པ་འདི་ལྟ་སྟེ། མེ་ལྕེ་ལ་རྒྱུ་བ་ཞེས་བྱ་བའི་བྱ་ནི་གང་དག་མེའི་རྩེ་མོ་ལ་གནས་ཀྱང་མི་འཚིག་པ་སྟེ། ཤིན་ཏུ་དགའ་ཞིང་སེམས་ཅན་དམྱལ་བ་པ་རྣམས་ཀྱི་མགོ་བརྟོལ་ནས་ཁྲག་འཐུང་ངོ༌། །ཐོད་པའི་ཕྲག་ན་རྒྱུ་བ་ཞེས་བྱ་བའི་བྱ་ནི་གང་དག་གླད་པ་བ་རྟོལ་ནས་རབ་ཏུ་འབར་ཞིང་གླད་རྒྱས་འཐུང་བའོ། །ལྕེའི་ཤ་ཟ་ཞེས་བྱ་བའི་བྱ་ནི་གང་དག་ལྕེ་དྲལ་ནས་མངོན་དུ་ཟ་བ་སྟེ། ལྕེ་དེ་ཟོས་ཤིང་ཟོས་ནས་ཡང་སྐྱེ་སྟེ། པད་མའི་འདབ་མ་བས་ཀྱང་འཇམ་མོ། །དེ་ལྟར་དོན་དང་མཐུན་པའི་མིང་ཅན་ནོ། །སོ་འབྱིན་ཞེས་བྱ་བ་དང༌། མགུལ་བའི་མིང་པ་འདྲེན་ཞེས་བྱ་བ་དང༌། གློ་བ་ལ་གནས་པ་དང༌། ཕོ་བ་ཟ་བ་དང༌། མཆིན་པ་བཟློག་པ་དང༌། རྒྱུ་མའི་ནང་སྤྲི་ཟ་བ་དང༌། སྒལ་ཚིགས་ལ་དགའ་བ་ཞེས་བྱ་བ་དང་གཤིས་ཀྱི་གསང་བ་པ་ཞེས་བྱ་བའི་བྱ་རྣམས་ནི་གང་དག་གཤིས་ཐམས་ཅད་ཕྱེ་སྟེ་གཤིས་ཀྱི་བུ་ག་བརྟོལ་ནས་བུ་གར་ཞུགས་ཏེ་དུ་བཞིན་པ་རྣམས་ཀྱི་རྐང་གི་སྙིང་ཁུ་འཐུང་བའོ། །ཁབ་ཀྱི་བུ་ག་ཞེས་བྱ་བའི་བྱ་བའི་བྱ་ནི་གང་དག་ཁབ་ལྟ་བུའི་མཆུས་ཁྲག་འཐུང་བའོ། །དེ་བཞིན་དུ་རུས་པའི་ཕྲག་ན་གནས་པ་དང༌། པགས་པ་དག་ཟ་བ་དང༌། སྡེར་མོས་འབྲང་པ་དང༌། ཚིལ་ཟ་བ་དང༌། རྒྱུས་པ་འདོན་པ་དང༌། སྐྲ་ཤད་འཛིངས་པ་ཞེས་བྱ་བའི་བྱ་རྣམས་ནི་གང་དག་སྐྲ་རྩ་ནས་འདོན་པའོ། །དེ་ལྟར་དེ་མནར་མེད་པའི་ཕྱོགས་གཅིག་ན་བྱ་འདབ་འཇིགས་ཞེས་བྱ་བ་དཔག་ཚད་སུམ་འབུམ་པར་འགྱུར་ཏེ་བྱ་དེ་དག་དང་སེམས་ཅན་དམྱལ་བའི་བྱ་གཞན་དག་དང་ལྷན་ཅིག་ཏུ་དེ་ལ་ལོ་བརྒྱ་སྟོང་དུ་མར་ཟ་ཡང་ཡང་སྐྱེའོ། །དེ་བརྒྱ་ལ་ཞིག་ན་དེ་ལས་ཐར་ཀྱང་དེ་སྡུག་བསྔལ་མང་པོར་བསྐོར་ཏེ། ས་ཕྱོགས་གཉིས་པ་གཡང་སའི་ངམ་གྲོག་ཅིས་བྱ་བ་དེར་འགྲོ་ཞིང་མགོན་ཚོལ་སྐྱབས་ཚོལ་དཔུང་གཉེན་ཚོལ་ལོ། །ཁོར་ཡུག་ཏུ་མེའི་ཕུང་པོ་བཅུ་གཅིག་གིས་བསྐོར་ཏེ། ལས་ཀྱི་ཞགས་པས་བཅིངས་ཤིང་གྲོགས་མེད་ལ་།


DTG111_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་རྣམས་ཀྱིས་ཁོར་ཡུག་ཏུ་བསྐོར་ཏེ་དགོན་པར་ཕྱིན་ཏེ། དེ་སྔར་གྱི་སེམས་ཅན་དམྱལ་བའི་ཚོགས་ཐམས་ཅད་པས་ཆེས་ལྷག་པའི་སྡུག་བསྔལ་རྙེད་ཅིང་ངམ་གྲོག་རབ་ལྷུང་ཞེས་བྱ་བའི་གཡང་སའི་ཕྱོགས་སུ་རྒྱུག་སྟེ། ལྟུང་ནས་རྐང་པ་ཤིན་ཏུ་ཞུའོ། །བཏེག་ན་ནི་ཡང་ཤིན་ཏུ་གཞོན་ཞིང་ཤིན་ཏུ་འཇམ་པར་སྐྱེ་ལ་ཚོར་བ་དྲག་པོ་མི་བཟད་པ་རྣམས་ཀྱིས་ཉེན་ཏོ། །དེ་ལྟར་འཇིགས་པས་དཀྲུགས་པའི་བཞིན་དུ་གྱུར་ནས་རྐང་ལག་དང་ཡན་ལག་དང་ཉིང་ལག་ཐམས་ཅད་རབ་ཏུ་ཞུ་བ་དེ་ལ་ས་ཕྱོགས་དེར་ངམ་གྲོག་ཅེས་བྱ་བའི་གཡང་ས་འབྱུང་སྟེ། དེ་ཕྱོགས་དར་ལྷུང་ཞིང་ངམ་པ་ནས་དཔག་ཚད་སུམ་འབུམ་དུ་ཡང་གཡང་དུ་ལྷུང་ཞིང༌། ཡང་ལས་ཀྱིས་བྱས་པའི་རླུང་གིས་འདེབས་སོ། །དེ་ལྷུང་བ་ན་བྱ་ཀང་ཀ་དང་ཁྭ་དང༌། བྱ་རྒོད་དང་འུག་པ་རྣམས་ཟའོ། །དེ་ལྟར་དེ་བཏེག་ཅིང་ལྷུང་བ་ནི་ལོ་བརྒྱ་སྟོང་ཕྲག་དུ་མ་འདའ་བར་འགྱུར་རོ། །བརྒྱ་ལ་ཞིག་ན་དེ་ནས་ཐར་ཀྱང་ཡོངས་སུ་བསྐོར་བའི་འཁོར་ལོའི་མཚན་མའི་ཕྲག་ཅེས་བྱ་བའི་ཕྱོགས་སུ་རྒྱུག་སྟེ། ས་ཕྱོགས་དེར་ཡང་འཁོར་ལོ་རྡོ་རྗེའི་སྟེ་བ་ཅན་མེ་ལྕེ་རྣོན་པོ་འབར་བ་མྱུར་དུ་བསྐོར་བའི་འཁོར་ལོ་སྟོང་འབྱུང་བར་འགྱུར་ཏེ། དེ་ངེར་སོང་མ་ཐག་ཏུ་ལུས་ལ་འཁོར་ལོ་དེ་དག་བབ་ནས་འཁོར་རོ། །དེ་བཞིན་དུ་སྦྱར་ཏེ། ཡན་ལག་སོ་སོ་ཐམས་ཅད་ཀྱང་བཤིག་ནས་བསྲེག་གོ །དེའི་རྐང་མཐིལ་ནས་ནི་གསལ་ཤིང་གིས་འབིགས་སོ། །དེ་ལྟར་གནད་འཇོམས་པའི་རི་ལ་གནད་འཇོམས་པའི་སྲོག་ཆགས་སུ་གྱུར་པ་རྣམས་ཀྱིས་ཕྱི་ནང་རྡུལ་ཕྲ་རབ་ཙམ་ཡན་ཆད་ཀྱང་ཟོས་པར་འགྱུར་རོ། །ཟོས་ཤིང་ཟོས་ནས་ཀྱང་ཡང་ཤིན་ཏུ་གཞོན་བར་སྐྱེའོ། །ཤིན་ཏུ་གཞོན་ཤ་ཅན་ཉིད་ཀྱིས་ཀྱང་སྡུག་བསྔལ་དྲག་པོ་འབྱུང་བར་འགྱུར་ཏེ། ཟོས་ཤིང་ཟོས་ནས་ཀྱང་དེ་ལ་ཤ་ཆེས་ཆེ་བར་འགྱུར་ཏེ། སྲོག་གཅོད་པ་བྱས་ཤིང་བསགས་པ་དེའི་འབྲས་བུ་ནི་དེ་ཡིན་ནོ། །མ་བྱིན་པར་ལེན་པའི་རྣམ་པར་སྨིན་པ་གསུངས་པ། ཉེས་པར་བྱས་པའི་ལས་ཀྱི་མཐའ་བྱེད་པ་དེ། མགལ་མེ་བསྐོར་བ་དང་སྤྲུལ་པ་དང་དྲི་ཟའི་གྲོང་ཁྱེར་དང་སྨིག་རྒྱུ་ལྟ་བུའི་ནོར་གྱི་རྣམ་པ་ཆེན་པོར་གྱུར་པ་རིན་པོ་ཆེ་དང་གོས་དང་ནོར་དང་འབྲུ་མང་པོ་མཐོང་སྟེ།


DTG111_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པས་ཟིལ་གྱིས་ནོན་ཅིང་ལས་ཀྱིས་རྨོངས་པར་གྱུར་པ་དེ་འདི་ནི་བདག་གི་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་རྨོངས་པ་སྡིག་པ་བྱེད་པ་དེ། མེ་མདག་དང་ལྕི་སྐམ་གྱི་མེ་རབ་ཏུ་འབར་བ་འཕོགས་ནས། ནོར་ཡོད་པ་དེར་བརྒྱུགས་པ་དང༌། དེར་གཤིན་རྗེའི་མི་ལས་ཀྱིས་བྱས་པ་རྣམས་ཀྱིས་བཟུང་ནས་མཚོན་ཆ་འབར་བའི་ནང་དུ་ཁྲིད་དེ་ཡན་ལག་དང་ཉིང་ལག་ཐམས་ཅད་གཤེགས་གཏུབས་ནས། བསྲེགས་ཏེ་རུས་པ་འབའ་ཞིག་ལུས་པར་བྱེད་དེ། དེ་ལྟ་བུའི་གནས་སུ་སོན་ཀྱང་དེའི་ཆགས་པ་ཐོག་མ་མེད་པ་ནས་ཞུགས་པ་དེ་ཡོངས་སུ་འབྲི་བར་མི་འགྱུར་རོ་ཞེས་བྱ་བའོ། །འདོད་པས་ལོག་པར་གཡེམ་བའི་དབང་དུ་བྱས་ཏེ། དེ་ལྟར་སྡིག་པ་བྱེད་པ་དེ་མཚོན་ཆའི་ཉམ་ང་བ་དེ་ལས་ཐར་ནས་མེ་མདག་དང་ལྕི་སྐམ་གྱི་མེར་འབོགས་ཏེ། ལས་ཀྱིས་བསྐོས་པའི་ས་ཕྱོགས་ལོག་པར་མཐོང་བ་ཞེས་བྱ་བ་གཞན་དུ་འགྲོའོ། །དེར་ཡང་དྲན་པ་ཉམས་པར་གྱུར་པ་དེས་སྔོན་གང་དག་མཐོང་བ་ལྟ་བུའི་བུད་མེད་ལས་ཀྱིས་བྱས་པ་དག་མཐོང་སྟེ། མཐོང་ནས་ཀྱང་དེའི་འདོད་ཆགས་ཐོག་མ་མེད་པའི་དུས་ནས་གོམས་པའི་མེ་འབྱུང་ངོ༌། །དེ་བུད་མེད་དེ་དག་ག་ལ་བ་དེར་བརྒྱུགས་པ་དང༌། ལས་ཀྱིས་བྱས་པའི་ལྕགས་ཀྱི་རང་བཞིན་གྱི་མི་དེ་དག་གིས་དེ་བཟུང་སྟེ། བཟུང་ནས་ཀྱང་ཁའི་མཆུ་ལ་སོགས་པ་ཅི་ནས་ལུས་དེ་ལ་ལྷག་མ་ཡུངས་འབྲུ་ཙམ་ཡང་མི་ལུས་པ་དེ་ལྟར་ཟ་ཡང་ཡང་སྐྱེའོ་ཡང་ཟའོ། །དེ་ཚོར་བ་དྲག་པོ་མི་བཟད་པ་མྱོང་ཡང་འདོད་ཆགས་ཀྱི་མེ་དེ་ལས་མི་ལྡོག་སྟེ་བུད་མེད་དེ་དག་ག་ལ་བ་དེར་ཡང་རྒྱུག་གོ།། དེའི་གནོད་པ་དེ་ནི་འདོད་ཆགས་ཀྱི་མེ་ཇི་ལྟ་བ་དེ་ལྟར་མི་གནོད་པ་མ་ཡིན་ནོ། །རྡོ་རྗེ་དང་ལྕགས་ཀྱི་བུད་མེད་དེ་དག་ཀྱང་ལུས་རབ་ཏུ་འབར་ཞིང་མེ་ལྕེ་འཁྲུག་པས་མི་དེ་བཟུང་ནས་སེམས་ཅན་དམྱལ་བ་པ་དེའི་ལུས་ཐམས་ཅད་བྱེ་མ་བཅངས་པ་བཞིན་དུ་བཀྲུམས་ཡང་སླར་འབྱུང་སྟེ་སྔ་མ་བཞིན་ནོ། །དེ་བཞིན་དུ་སྦྱར་ཏེ། །རྣམ་པ་ཀུན་ཏུ་ནོར་འཇིག་དང༌། །ངན་སོང་རྩ་བ་བུད་མེད་ཡིན། །མི་གང་དག་ནི་བུད་མེད་འདོད། །དེ་དག་བདེ་བར་ག་ལ་འགྱུར། །ཞེས་བྱ་བ་ནས། །བུད་མེད་ཕུང་བར་བྱེད་པ་སྟེ། །འཇིག་རྟེན་འདི་དང་ཕ་རོལ་ཕུང༌། །གལ་ཏེ་བདག་ལ་ཕན་འདོད་ན། །དེ་བས་


DTG111_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་རྣམ་པར་སྤང༌། །ཞེས་བྱ་བའི་བར་དུ་གསུངས་སོ། །བརྫུན་དུ་སྨྲ་བའི་དབང་དུ་བྱས་ཏེ། དེ་གཤིན་རྗེའི་མི་དེ་དག་གིས་བཟུང་སྟེ། བཟུང་ནས་ཀྱང་དེའི་ཁ་ཕྱེ་ནས་དེ་ནས་ལྕེ་འདྲེན་ཏེ། ལས་ཀྱི་དབང་དང་བརྫུན་དུ་སྨྲ་བ་དེའི་འབྲས་བུས་ལྕེ་དཔག་ཚད་ལྔ་བརྒྱ་པར་འགྱུར་ཏེ། དེའི་ལྕེ་འབྱུང་བའི་དུས་ན་གཤིན་རྗེའི་མི་དག་གིས་ལྕགས་ཀྱིས་རབ་ཏུ་འབར་བ་ལ་བལྡག་ཏུ་འཇུག་གོ །ལས་ཀྱིས་བྱས་པའི་གཤིན་རྗེའི་ཐོང་ལྕགས་འབར་བ་དང་ལྡན་པ་སྟོང་ཡང་འབྱུང་ཞིང་གླང་བུ་སྟོབས་དང་ལྡན་པ་རྣམས་ཀྱིས་དེའི་ལྕེ་ལ་རྨོ་བར་འགྱུར་ཏེ། དེར་རྣག་དང་ཁྲག་དང་སྲིན་བུ་འཛག་པའི་ཆུ་འབབ་པར་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ་ལྕེ་དེ་ཡང་ལྷ་རྣམས་ཀྱི་མིག་ཇི་ལྟ་བ་དེ་བཞིན་དུ་ཤིན་ཏུ་གཞོན་པ་ནས། དེ་ཚོར་བས་ཉམ་ཐག་པ་ཞེས་བྱ་བའི་བར་དུ་སྟེ། འཁུན་ཅིང་དུ་ལ་ཀུ་ཅོ་འདོན་ཀྱང་དེ་ལ་སྡུག་བསྔལ་སལ་བ་སུ་ཡང་མད་དོ། །ཞེས་རྒྱ་ཆེར་གསུངས་པ་དང༌། དེ་ལྟར་ཚོར་བ་དྲག་པོ་མྱོང་བ་ལྕེ་དེ་ལ་ལོ་བརྒྱ་སྟོང་དུ་མར་ལྕེ་རྨོ་བར་འགྱུར་ཞིང་དེའི་ལྕེ་དེ་ཇི་སྟེ་ན་དམྱལ་བ་པའི་ཁའི་ནང་དུ་ཆུད་པར་འགྱུར་རོ། །དེ་འཇིགས་པས་དཀྲུགས་པའི་བཞིན་དུ་གྱུར་ཅིང་གང་བབ་བབ་ཏུ་འབྲོས་སོ། །མེ་མདག་དང་ལྕི་སྐམ་གྱི་མེའི་ནང་དུ་ནུབ་ཅིང་ཚིག་ལ་དེ་དེ་ལྟར་སྡུག་བསྔལ་གྱིས་ཉམ་ཐག་པ་ན། སྐྱབས་མེད་དཔུང་གཉེན་མེད་ཅིང་གཤིན་རྗེའི་མི་ལག་ན་ཐོ་བ་དང་རལ་གྲི་ཐོགས་པ་དག་འབྱུང་སྟེ། དེ་དག་གིས་མི་དེའི་གླད་པ་ནས་རྐང་པའི་བར་དུ་ཕྱེ་མར་རློག་གོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཕྲ་མ་བྱད་པའི་རྣམ་པར་སྨིན་པ་ནི་བརྫུན་དུ་སྨྲ་བ་དང་མཐུན་ནོ། །ལྕེ་དཔག་ཚད་སུམ་བརྒྱ་པར་འགྱུར་ཏེ་ཞེས་བྱ་བ་ནི་བྱེ་བྲག་སྟེ། གཤིན་རྗེའི་མི་སྙིང་རྗེ་མེད་པ་དེ་དག་གིས་ལྕེ་རབ་ཏུ་འབར་བ་ལ་བཟུང་ནས་གཤེགས་པར་བྱེད་དོ། །ཝ་དག་ཀྱང་ཕྱོགས་གཞན་ནས་ཟ་ཞིང་མཆོག་ཏུ་དྲག་པའི་སྡུག་བསྔལ་མྱོང་ལ་དུ་ཞིང་ཀུ་ཅོ་འདོན་ཏོ། །ལྕེ་མེད་པས་སྒྲ་མི་གསལ་ལོ་ཞེས་བྱ་བ་ལ་སོགས་པའོ། །ངག་རྩུབ་མོའི་རྣམ་པར་སྨིན་པ་གསུངས་པ་ནི། དེ་དག་གིས་དེའི་ཁ་ཕྱེ་ནས་ལྕེ་བཟུང་སྟེ། བཟུང་ནས་ཀྱང་མཚོན་རྣོན་པོས་བཅད་དེ། དེ་ཉིད་ཀྱི་ཟས་སུ་སླར་ཡང་ཁར་བཅུག་ལ་དེ་ཡང་བཀྲེས་པས་ཉམ་ཐག་ཅིང་བཀྲེས་པའི་


DTG111_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གྱིས་རང་གི་ཁྲག་དང་ཁ་ཆུ་འཛག་པ་དང་ལྕེ་དེ་ཉིད་ཟའོ། །ལྕེ་དེ་ཡང་བཅད་ཅིང་བཅད་ནས་ཀྱང་ལས་ཀྱི་དབང་གིས་སླར་ཡང་སྐྱེ་ཞིང༌། དེ་སྡུག་བསྔལ་གྱིས་ཉམ་ཐག་པས་ས་ལ་འདྲེ་ལྡོག་ཅིང་ཀུ་ཅོ་འདོན་ཏོ། །དེ་ལྟར་སྡུག་བསྔལ་གྱིས་ཉམ་ཐག་ཅིང་མིག་གི་འབྲས་བུ་ཡོངས་སུ་འགྱུར་ལ་སྡུག་བསྔལ་གྱིས་ཉམ་ཐག་པ་དམན་པ་གྲོགས་མེད་པ་གཅིག་པུར་གྱུར་པས་རང་གིས་བྱས་པ་ལ་སྤྱོད་པ་དེ་ལ་གཤིན་རྗེའི་མི་རྣམས་ཀྱིས་རྗེས་སུ་བསྟན་པའི་ཚིགས་སུ་བཅད་པ་སྨྲས་པ། ཁྱོད་ཀྱིས་ལྕེ་ཡི་གཞུ་ཡིས་ནི། །རྩུབ་མོ་ཞེས་ནི་གང་བརྗོད་པ། །ངག་གི་མདའ་རྣོན་འཕངས་གྱུར་པས། །དེ་ཡི་འབྲས་བུ་འདི་འོངས་སོ། །ཞེས་བྱ་བའོ། །ཚིག་འཁྱལ་བའི་རྣམ་པར་སྨིན་པ་གསུངས་པ་ནི། དེའི་ལྕེ་དེ་ཟངས་རབ་ཏུ་འབར་བས་བསྲེག་གོ །ལྕེ་བསྲེགས་ནས་མགུལ་པ་བསྲེག་གོ །མགུལ་པ་བསྲེགས་ནས་སྙིང་བསྲེག་གོ།། སྙིང་བསྲེགས་ནས་རྒྱུ་མ་བསྲེག་གོ །རྒྱུ་མ་བསྲེགས་ནས་ཕོ་བ་བསྲེག་གོ །ཕོ་བ་བསྲེགས་ནས་ཀྱང་ཐུར་དུ་འབྱུང་ངོ༌། །གཤིན་རྗེའི་མིས་ཚིགས་སུ་བཅད་པ། སྔ་ཕྱིའི་ཚིག་ནི་མ་འབྲེལ་ཅིང༌། །དོན་མེད་པ་དང་འཆལ་གྱུར་ལ། །མ་འབྲེལ་ཁྱོད་ཀྱིས་གང་སྨྲས་པ། །དེ་ཡི་འབྲས་བུ་འདིར་འོངས་སོ། །གང་དག་བདེན་བར་མི་སྨྲ་ཞིང༌། །ཁ་ཏོན་ལྷུར་ལེན་མི་བྱེད་པ། །དེ་ལ་མཁས་པས་ལྕེར་མཐོང་གི །ཤ་དུམ་ཉིད་དུ་མིན་ནམ་ཅི། །ཞེས་བྱ་བའོ། །བརྣབ་སེམས་ཀྱི་རྣམ་པར་སྨིན་པ་གསུངས་པ་ནི། དེ་ལ་ལས་ཀྱིས་བྱས་བའི་རྫས་གཞན་གྱིས་ཡོངས་སུ་བཟུང་བ་གསོབ་གསོག་སྙིང་པོ་མེད་པ་མཐོང་ནས་ལས་ཀྱིས་བསྐུལ་བ་རྨོངས་པ་དེ་འདི་སྙམ་དུ་འདི་ནི་བདག་གི་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ནས་སེམས་ཅན་དམྱལ་བ་པ་དེ་རྫས་ག་ལ་བདེར་བརྒྱུག་གོ །སེམས་ཅན་དམྱལ་བ་དེས་ནོར་གང་མཐོང་བ་དེ་ནི་བརྣབ་སེམས་ཞེས་བྱ་བ་ཡིད་ཀྱིས་མི་དགེ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ལ་མང་དུ་བྱས་པ་དེའི་འབྲས་བུ་ཡིན་ཏེ། དེ་ལྟར་མཐོང་བ་ན་བརྣབ་སེམས་མང་བ་དེའི་ལག་ནས་མཚོན་ཆ་འབྱུང་སྟེ། དེས་དེར་བརྒྱུགས་པ་དང་སེམས་ཅན་དམྱལ་བ་པ་གཞན་དེ་དག་གི་ལག་ནས་ཀྱང་མཚོན་ཆ་རྣམས་འབྱུང་སྟེ། དེ་དག་དང་དེ་མཚོན་ཆས་འཐབ་པ་


DTG111_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཅི་ནས་ལུས་ལ་ཤ་ཡུངས་འབྲུ་ཙམ་ཡང་མི་ལུས་པ་དེ་ལྟར་བཞར་ཏེ་ཀེང་རུས་ཉི་ཚེ་ལུས་པར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། །གཞན་དག་འབྱོར་པ་མཐོང་ནས་ནི། །བདག་གིར་གྱུར་ཅིག་སྙམ་བསམས་པ། །བརྣབ་སེམས་ཡང་དག་བསྐྱེད་གྱུར་པ། །ལས་དེའི་འབྲས་བུ་འོངས་པ་ཡིན། ཞེས་བྱ་བའོ། །གནོད་སེམས་ཀྱི་འབྲས་བུ་གསུངས་པ་ནི། ལས་ཀྱིས་བསྐྱེད་པའི་སེང་གེ་དང་གཞིག་དང་སྦྲུལ་ཁྲོ་བས་ཟིལ་གྱིས་ནོན་པ་རྣམས་དེའི་མདུན་ན་འདུག་པ་དེ་དག་གིས་དེ་འཇིགས་སྐྲག་ནས་གང་བབ་བབ་ཏུ་བྲོས་ཀྱང་མི་དགེ་བའི་ལས་ཀྱིས་དེ་འབྲོས་ཇི་ལྟར་ནུས། དེ་དག་གིས་དེ་བཟུང་སྟེ་བཟུང་ནས་ཀྱང་ཐོག་མར་གླད་པ་ལ་ཟ་བ་ནས་སྦྲུལ་མཆེ་བ་གདུག་པ་རྣམས་ཀྱིས་རྩི་བ་ལོགས་ཀྱི་བར་དུ་བཟུང་ཞིང་ཟ་ལ་སྟག་རྣམས་ནི་རྒྱབ་ནས་ཟ་བར་འགྱུར་རོ། །རྐང་པ་ནི་མེས་བསྲེགས་སོ། །གཤིན་རྗེའི་མི་རྣམས་ཀྱང་རྒྱང་རིང་པོ་ནས་མདའ་འཕེན་ཏོ་ཞེས་རྒྱ་ཆེར་རོ། །ལོག་པར་ལྟ་བའི་འབྲས་བུ་ནི་དཔག་ཏུ་མེད་པ་གསུངས་ཏེ་མདོར་བསྡུས་ནས་བརྗོད་པ་ནི་མཚོན་ཆའི་ཆར་དང༌། མཚོན་རྩེ་གཅིག་པ་དང༌། རྡོ་རྗེའི་ཆར་དང༌། གནམ་ལྕགས་དང༌། རྡོའི་ཆར་རྣམས་ཀྱིས་བཏབ་ཅིང་མེའི་ཕུང་པོ་བཅུ་རྣམས་དང་ཁ་ནས་བཀྲེས་པ་དང་སྐོམ་པའི་མི་འབྱུང་བས་ཀྱང་རྒྱུན་ཏུ་སྲེག་གོ་ཞེས་བྱའོ། །འདོད་པ་ནི་གནོད་པ་ཐམས་ཅད་ཀྱི་རྩ་བ་སྟེ། དེ་དག་གིས་ཤིན་ཏུ་ཡིད་འབྱུང་བར་བྱའོ། །ཇི་ལྟར་འདི་ཉིད་ལས། མེ་ཐབ་ཅེས་བྱ་བའི་སེམས་ཅན་དམྱལ་བ་ཡོད་དེ། དེར་ལས་གང་གིས་སེམས་ཅན་རྣམས་སྐྱེ་ཞེ་ན། གང་དགེ་སྦྱོང་མ་ཡིན་པ་ལ་དགེ་སྦྱོང་དུ་ཁས་འཆེ་ཞིང་བུད་མེད་ཀྱི་གླུ་དང་གར་དང་རྒྱན་རྣམས་ཀྱི་སྒྲ་ཐོས་པ་དང་དགོད་པ་དང་འཇོ་བ་དང་རྩེ་བ་རྣམས་ཐོས་ནས། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་འཕངས་པའི་བློས་ཁུ་བ་འཆོར་པར་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ། དེར་སེམས་ཅན་དམྱལ་བ་པ་དེ་དག་ལྕགས་ཀྱི་ཆར་པས་ཡན་ལག་དང་ཉིད་ལག་ཐམས་ཅད་ཕྱེ་མར་རློག་ལ་མེ་མ་མུར་གྱི་ཆར་གྱིས་ཀྱང་སྲེག་ཅིང་འཚིག་གོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ། །དེ་ལྟར་སྔོན་འདོད་པ་ཉམས་སུ་བླངས་པ་དྲན་པས་པད་མ་ཞེས་བྱ་བའི་སེམས་ཅན་དམྱལ་བ་གསུངས་ཏེ། མྱོང་བ་རྨི་ལམ་དུ་དྲན་པས་ཀྱང་དེར་སེམས་ཅན་དམྱལ་བ་


DTG111_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དག་ཕྲུ་བ་རྣམས་སུ་བཙོ་ཞིང་གཞོང་ཁོང་དུ་ལྕགས་ཀྱི་གཏུན་རྣམས་ཀྱིས་བརྡུང་ངོ་ཞེས་རྒྱ་ཆེར་རོ། །དེ་དེ་ལྟར་ལྷའི་བུ་མོ་འདོད་པའི་ཕྱིར་ཚངས་པར་སྤྱོད་པ་ཡོངས་སུ་བསྔོ་བས་ན། པད་མ་ཆེན་པོ་ཞེས་བྱ་བའི་སེམས་ཅན་དམྱལ་བར་གསུངས་ཏེ། དེ་ན་ཚ་སྒོ་ཅན་གྱི་འབབ་ཆུ་དབའ་རླབས་ཅན་ཞེས་བྱ་བ་འབབ་སྟེ། འབབ་ཆུ་དེ་ལ་ཉ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་པ་དེ་དག་གོ །རུས་པ་གང་ཡིན་པ་དེ་དག་ནི་རྡོ་བའོ། །འཇིམ་པ་གང་ཡིན་པ་དེ་དག་ནི་སྐྲའོ། །འདམ་རྫབ་གང་ཡིན་པ་དེ་དག་ནི་ཤའོ། །ཆུ་གང་ཡིན་པ་དེ་དག་ནི་རོ་ཉེ་བསྐོལ་བའོ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་སྐྱེས་པས་སྐྱེས་པ་ལ་འཁྲིག་པ་ལོག་པར་བཅུག་པའི་ཆད་པའི་བྱེ་བྲག་དཔག་ཏུ་མེད་པར་བརྗོད་དོ། །དེ་བཞིན་དུ་བྱིས་པ་རྣམས་ལ་ལོག་པར་འཇུག་པ་ཡང་ཚ་སྒོ་ཅན་གྱི་ཆུས་ཁྱེར་བའི་ཁྱེའུ་དག་མཐོང་ནས་དེ་དག་གིས་དེ་ལ་བོས་པ་དང༌། དེ་བྱིས་པ་དེ་དག་ལ་ཤིན་ཏུ་སྡུག་པར་སེམས་པ་དང་ལྡན་ཞིང་མྱ་ངན་དང་སྡུག་བསྔལ་གྱི་ཤུགས་ཀྱིས་ཆུ་དེར་འཇུག་གོ །བ་དང་རྟ་རྒོད་མ་དང་ར་མོ་དང་ལུག་མོ་ལ་སོགས་པ་ལ་ཡང་དེ་བཞིན་ཏེ། འདོད་པ་ལ་ལོག་པར་གཡེམ་པ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་རྣམ་པར་སྨིན་པ་ཤིན་ཏུ་དྲག་པར་གསུངས་སོ། །དུད་འགྲོ་ལ་འདོད་པ་བསྟེན་པ་དེ་ནི་མི་དགེ་བས་སྦྲུལ་པའི་ལྕགས་ཀྱི་བ་དང་རྟ་རྒོད་མ་ལ་སོགས་པ་འབར་བ་དེ་དག་ཉིད་ཀྱི་སྐྱེ་གནས་ཀྱི་ལམ་ནས་འཇུག་སྟེ་དེ་དག་གི་ལྟོར་མེ་མདག་རབ་ཏུ་འབར་བའི་ཕུང་པོས་ཡོངས་སུ་གང་བར་དེ་ལོ་བརྒྱ་སྟོང་མང་པོར་འཚེད་ཅིང་སྲེག་གོ་ཞེས་ཏེ་རྒྱ་ཆེར་དེ་ཉིད་དུ་བལྟའོ། །དེ་བཞིན་དུ་གཞན་གྱིས་ཉལ་པོ་བྱས་ཟིན་པའི་དགེ་སློང་མ་རྣམས་ལ་ལོག་པར་ཞུགས་པ་རྣམས་ཀྱི་ཆད་པ་ཡང་སེམས་ཅན་དམྱལ་བ་ཆེན་པོར་བཤད་དོ། །རང་གི་ཆུང་མ་ལ་སྐྱེ་གནས་ཀྱི་ལམ་མ་ཡིན་པར་བྱས་པ་ཡང་དེ་བཞིན་ནོ། །གཞན་གྱི་ཆུང་མ་ལ་ནན་གྱིས་བྱས་པ་དང་མི་དབང་བའི་བུ་མོ་ལ་བྱས་པ་ཡང་དེ་བཞིན་ནོ། །བསྙེན་གནས་ལ་གནས་པ་རྣམས་ལ་བྱས་པ་ཡང་དེ་བཞིན་ནོ། །བླ་མ་རྣམས་ཀྱི་ཆུང་མ་ལ་བྱས་པ་ཡང་དེ་བཞིན་ནོ། །གཉེན་དུ་འཐམས་པ་རིམ་གྲོ་བྱས་པ་རྣམས་ལ་ལོག་པར་ཞུགས་པའི་ཆད་པ་ཡང་དྲག་ཅིང་དཔག་ཏུ་


DTG111_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དེ། སེམས་ཅན་དམྱལ་བ་ཆེན་པོ་ཡིན་པར་བཤད་དོ། །འཁྲིག་པ་བདུན་དང་ལྡན་པའི་མདོ་ལས་ཀྱང༌། བྲམ་ཟེ་འདི་ལ་ཁ་ཅིག་བདག་ཚངས་པར་སྤྱོད་པར་ཁས་འཆེ་ཞིང་དེ་བུད་མེད་དང་གཉིས་ཀྱིས་གཉིས་མི་སྦྱོར་ཡང་བུད་མེད་ལ་མིག་གིས་གཟུགས་ལ་ངེས་པར་སེམས་ཤིང་བལྟ་སྟེ་དེས་དེའི་རོ་མྱོང་ཞིང་རྟོག་ལ་ཞེན་ཏེ། ལྷག་པར་ཞེན་ནས་གནས་པ་འདི་ནི་བྲམ་ཟེ་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་དང་ལྡན་པ་ཡིན་གྱི་མི་ལྡན་པ་མ་ཡིན་ཏེ། ཚངས་པར་སྤྱོད་པ་ཡོངས་སུ་མ་དག་པར་སྤྱོད་པའོ། །དེ་བཞིན་དུ་བུད་མེད་དང་ལྷན་ཅིག་རྩེ་བ་དང་ཅ་ཅོ་འདོན་པ་ཉམས་སུ་ལེན་པ་ཡང་ཚངས་པར་སྤྱོད་པ་ཡོངས་སུ་མ་དག་པའོ་ཞེས་གསུངས་པ་དང༌། བུད་མེད་ཀྱིས་བསྙེན་བཀུར་བྱས་པ་ཉམས་སུ་ལེན་པ་ཡང་དེ་བཞིན་ནོ། །རྩིག་པས་ཆོད་པའམ་ཡོལ་བས་ཆོད་པའི་བུད་མེད་ཀྱི་རྒྱན་དང་གླུ་དང་གར་ལ་སོགས་པའི་སྒྲ་ཉམས་སུ་ལེན་པའང་དེ་བཞིན་དུ་འཁྲིག་པ་དང་ལྡན་པ་ཡིན་ནོ་ཞེས་གསུངས་སོ། །ཕ་རོལ་པོ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ལ་བལྟས་ནས་ཉམས་སུ་ལེན་པ་ཡང་དེ་བཞིན་ནོ། །ལྷ་ལ་སོགས་པའི་གནས་སུ་ཚངས་པར་སྤྱོད་པ་ཡོངས་སུ་བསྔོ་བ་ཡང་དེ་བཞིན་ཏེ་འཁྲིག་པའི་ཆོས་དང་ལྡན་པ་ཡིན་གྱི་མི་ལྡན་པ་མ་ཡིན་ནོ་ཞེས་གསུངས་སོ། །དེའི་ཕྱིར་དེ་ལྟར་དྲན་པ་དང་སྨོན་པའི་ཡུལ་དུ་གྱུར་པ་འདོད་པ་དེ་དག་ནི་གནོད་པ་བྱེད་པ་ཉིད་དོ། །དེའི་ཕྱིར་འདོད་པ་ལ་གདམས་པའི་མདོ་ལས། དགེ་སློང་འདོད་པ་རྣམས་ལས་སེམས་ཟློག་ཤིག །ལམ་འདི་ནི་འཇིགས་པ་དང་བཅས་པའོ། །རབ་ཏུ་འཇིགས་པ་དང་བཅས་པའོ། །ཚེར་མ་དང་བཅས་པའོ། །ཐིབས་པོ་དང་བཅས་པའོ་ལམ་གོལ་བའོ། །ལམ་ངན་པའོ། །ལམ་ཁ་བྲག་གོ །སྐྱེས་བུ་དམ་པ་མ་ཡིན་པས་བསྟེན་པའོ། །ཁྱོད་འདི་ལྟར་འདོད་པ་རྣམས་ནི་རོ་མྱོང་བ་ཆུང་བ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་སྡུག་བསྔལ་མང་བ་གནོད་པ་མང་བ་འཁྲུགས་པ་མང་བ་སྟེ་འདི་ལ་ནི་ཉེས་དམིགས་མང་ངོ༌། །དགེ་སློང་དག་འདོད་པ་རྣམས་ནི་ནད་དང་འབྲས་དང་ཟུག་རྔུ་དང་སྡིག་པ་དང་སྲིད་པའི་རྩ་བ་དང་ཤ་དང་བཅས་པའི་མཆིལ་པ་ལྟ་བུ་ཡིན་ལ། འདོད་པ་དག་ནི་འཆི་བ་མི་རྟག་པ་སོགས་བརྫུན་པ་སླུ་བའི་ཆོས་ཅན་ཏེ། འདོད་


DTG111_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ནི་རྨི་ལམ་ལྟ་བུ་ཡིན་ཞིང་འདི་དག་ནི་བྱིས་པ་འདྲིད་པའོ་ཞེས་གསུངས་པ་སྙམ་དུ་མི་སེམས་སམ། དེ་བཞིན་དུ་སྦྱར་ཏེ། དཔེར་ན་རི་དགས་བཤོར་བའི་ཁོག་ཚེ་དང༌། བྱ་བཤོར་བའི་རྒྱ་དང༌། ཉ་བཤོར་བའི་དོལ་དང༌། སྤྲེའུ་བཤོར་བའི་རྙོང་དང༌། ཕྱེ་མ་ལེབ་བཤོར་བའི་མེའི་ཕུང་པོ་ཇི་ལྟ་བར་འདོད་པ་རྣམས་ཀྱང་དེ་བཞིན་ནོ། །དེ་བཞིན་དུ་སྦྱར་ཏེ། འདོད་པ་ཚོལ་ཞིང་སྤྱོད་པ་ན་ཡུན་རིང་པོར་སེང་གེ་རྣམས་ཀྱི་ཁར་ཆུད་པའི་མཐའ་ཡང་མི་མངོན་པ་ནས་བ་ལང་གསོད་ཅིང་བ་ལང་གི་ཤ་ཟ་བ་རྣམས་ཀྱི་ཁར་ཆུད་པའི་བར་གྱི་མཐའ་ཡང་མི་མངོན་ནོ། །སྦལ་པ་དག་ཏུ་གྱུར་ནས་སྦྲུལ་རྣམས་ཀྱི་ཁར་ཆུད་པའི་བར་གྱི་མཐའ་ཡང་མི་མངོན་ནོ། །ཡུན་རིང་པོར་འདོད་པ་བསྟེན་པ་ན་ཆོམ་རྐུན་ཡིན་ཞེས་བཟུང་ནས་མགོ་བཅད་པའི་མཐའ་ཡང་མི་མངོན་ནོ། །གཞན་གྱི་ཆུང་མ་ལ་འཕྱོ་བ་དང་རྐུན་པོ་དང་གྲོང་འཇོམས་པ་དང་ལྗོངས་འཇོམས་པ་དང་མདུད་པ་འགྲེལ་བའི་བར་ཡིན་ནོ་ཞེས་བཟུང་ནས་མགོ་བཅད་པའི་མཐའ་ཡང་མི་མངོན་ནོ། །སྡུག་བསྔལ་དྲག་པ་རྩུབ་པ་མི་བཟད་པ་ཉམས་སུ་མྱོང་བའི་ཁྲག་གཟགས་ཤིང་བབ་པ་ནི་རྒྱ་མཚོ་ཆེན་པོ་བཞིའི་ཆུ་བས་ཀྱང་མང་ངོ༌། །དེ་བཞིན་དུ་སྦྱར་ཏེ། ལུས་ཉེས་དམིགས་མང་བ་འདི་ནི་རུས་པ་འདུས་པ། ཆུ་རྒྱུས་ཀྱིས་སྦྲེལ་བ། ཤས་གླན་པ། པགས་པས་དཀྲིས་ཤིང་ཕྱི་རོལ་གཡོགས་པ། བུ་ག་ཆེ་ཆུང་ཅན། སྲིན་བུའི་ཚོགས་གནས་པ། སེམས་ཅན་རྣམས་ལ་གནོད་པ། ཉོན་མོངས་པའི་ཆོས་རྣམས་ཀྱི་གནས་ཡིན་ནོ། །ལུས་འདི་ལ་ནད་ཀྱི་རྣམ་པ་འབྱུང་བ་འདི་ལྟ་སྟེ། མིག་ནད་དང་རྣ་ནད་ནས་གཞང་འབྲུམ་དང་ཕོལ་མིག་དང་མཚན་བར་རྡོལ་གྱི་བར་དག་གོ །དེ་བཞིན་དུ་སྦྱར་ཏེ། ལུས་ཀྱི་ཀུན་ཏུ་གདུང་བ་རྣམས་དང༌། ལུས་ཀྱི་སྡུག་བསྔལ་དང༌། ལུས་ཀྱི་འཁོགས་པ་དང༌། སྒུ་བ་དང༌། སྒུར་བ་དང༌། སྤྱི་ཅེར་དང༌། སྐྲ་སྐྱ་དང༌། གཉེར་མ་མང་བ་དང༌། དབང་པོ་རྣམས་ཡོངས་སུ་སྨིན་པ་དང༌། ཡོངས་སུ་འཇིག་པ་དང༌། འདུ་བྱེད་རྣམས་རྙིངས་པར་གྱུར་པ་དང༌། ཤག་ཤིག་ཏུ་གྱུར་པ་ནས་འཇག་པ་དང༌། རབ་ཏུ་འཛག་པ་དང༌། སྨད་པའི་བར་གྱི་ལུས་འདི་ལྟ་བུ་འདི་ནི་བསྟེན་པའི་འོས་མ་ཡིན་ནོ། །དེ་བཞིན་


DTG111_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྦྱར་ཏེ། དགེ་སློང་ཁྱོད་ཀྱིས་འདོད་པ་དག་ཡོད་པ་གང་ཡིན། ཁྱོད་གང་ལ་རབ་ཏུ་ཆགས། ཁྱོད་ཇི་ལྟར་བཅིངས་ཤིང་བརྒྱལ་ཏེ་ཞེན་ཅིང་ལྷག་པར་ཞེན་པར་གྱུར། ནམ་ང་ཡོངས་སུ་མྱ་ངན་ལས་འདས་ཤིང་དམ་པའི་ཆོས་ཀྱང་ནུབ་པར་གྱུར་ལ། ཁྱོད་ཀྱང་འདོད་པ་རྣམས་བསྟེན་ནས་རྣམ་པར་ལྟུང་བར་སོང་བ་ན་ནམ་ཞིག་དགའ་བ་དང་འཆི་བ་ལས་བདག་ཐར་པར་གྱུར། དགེ་སློང་ཆོག་གི་འདོད་པ་རྣམས་ལས་སེམས་ཟློག་ཤིག །འདི་ནི་འདོད་པ་བཙལ་བའི་དུས་མ་ཡིན་གྱི་ཆོས་བཙལ་བའི་དུས་ཡིན་ནོ་ཞེས་གསུངས་སོ། །ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་ཀྱང༌། དེས་འདོད་པ་ལ་ལོག་པར་གཡེམ་པ་སྤང་བར་བྱ་སྟེ། བདག་གི་ཆུང་མས་ཆོག་པར་འཛིན་པ་དང༌། གཞན་གྱི་ཆུང་མ་ལ་འདོད་པ་མེད་པ་དང༌། མ་ཆགས་པའི་མིག་གིས་བལྟ་བ་དང་ཡིད་བྱུང་བའི་ཡིད་དང་འདོད་པ་དག་ནི་ཤིན་ཏུ་སྡུག་བསྔལ་བའོ་སྙམ་དུ་མ་ཆགས་པའི་ཡིད་ལ་བྱེད་པ་ལ་བརྩོན་བར་བྱའོ། །དེ་གང་གི་ཚེ་རང་གི་ཆུང་མ་ལ་རྣམ་པར་རྟོག་པ་བྱུང་བ་དེའི་ཚེ་ཡང་ཉོན་མོངས་པའི་དབང་དུ་གྱུར་པས་ན། དེས་རང་གི་ཆུང་མ་ལ་མི་སྡུག་པར་རྗེས་སུ་ལྟ་བ་དང༌། སྐྲག་པའི་ཡིད་ཀྱིས་འདོད་པ་བསྟེན་པར་བྱའི་ཞེན་པས་ཟིན་བཞིན་དུ་ནི་མ་ཡིན་ཏེ། རྟག་ཏུ་མི་རྟག་པ་དང༌། བདག་མེད་པ་དང་མི་གཙང་བའི་འདུ་ཤེས་སུ་བྱའོ། །དེས་དེ་ལྟར་དྲན་པ་ཉེ་བར་གཞག་ནས་ཅི་ནས་ཡིད་ཀྱི་དགུ་ལ་ཡང་འདོད་པ་སྤྱད་པར་མི་བྱ་ན། མཚན་གཉིས་སྤྲད་པའམ་ཡན་ལག་མ་ཡིན་པར་འཇུག་པ་ལྟ་ཅི་སྨོས་ཏེ། བདག་གིས་དེ་ལྟར་བྱའོ་སྙམ་མོ་ཞེས་གསུངས་པ་དང༌། ཡང་དེ་ཉིད་ལས་བྱང་ཆུབ་སེམས་དཔས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། འདི་ནི་དགའ་ཞིང་རྩེ་བའི་གྲོགས་ཡིན་གྱི་འདི་འཇིག་རྟེན་ཕ་རོལ་གྱི་གྲོགས་ནི་མ་ཡིན་ནོ། །འདི་ནི་བཟའ་བ་དང་བཏུང་བའི་གྲོགས་ཡིན་གྱི། འདི་ལས་ཀྱི་རྣམ་པར་སྨིན་པ་མྱོང་བའི་གྲོགས་ནི་མ་ཡིན་ནོ། །འདི་ནི་བདེ་བའི་གྲོགས་ཡིན་གྱི་འདི་སྡུག་བསྔལ་གྱི་གྲོགས་ནི་མ་ཡིན་ནོ་སྙམ་པའོ་ཞེས་བྱ་བ་ནས་ཡང་གསུམ་སྟེ། ཚུལ་ཁྲིམས་ཀྱི་བར་དུ་གཅོད་པར་འདུ་ཤེས་པ་དང༌། ཏིང་


DTG111_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ངེ་འཛིན་གྱི་བར་དུ་གཅོད་པར་འདུ་ཤེས་པ་དང༌། ཤེས་རབ་ཀྱི་བར་དུ་གཅོད་པར་འདུ་ཤེས་པའོ། །ཡང་གསུམ་སྟེ། ཆོམ་རྐུན་དུ་འདུ་ཤེས་པ་དང༌། བཙོན་སྲུང་དུ་འདུ་ཤེས་པ་དང༌། སེམས་ཅན་དམྱལ་བའི་སྲུང་མར་འདུ་ཤེས་པའོ་ཞེས་གསུངས་སོ། །བུ་མོ་ཟླ་མཆོག་གིས་ཞུས་པ་ལས་ཀྱང་བཤད་དེ། དེ་ནས་བུ་མོ་ཟླ་མཆོག་གིས་སྐྱེ་བོ་ཕལ་པོ་ཆེ་བརྒྱུག་པ་དེ་མཐོང་མ་ཐག་ཏུ། དེའི་ཚེ་ནམ་མཁའ་བར་སྣང་ལ་ཤིང་ཏ་ལའི་སྲིད་དུ་མངོན་པར་འཕགས་ཏེ་འདུག་ནས། སྐྱེ་བོ་ཕལ་པོ་ཆེ་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། གསེར་གྱི་ཁ་དོག་ལྟ་བུར་རབ་འབར་ཞིང༌། །ཡིད་དུ་འོང་བའི་བདག་ལུས་འདི་ལ་ལྟོས། །ཀྱེ་མ་རབ་ཏུ་ལུས་མཛེས་འདི་ལྟ་བུ། །ཆགས་པའི་སེམས་དང་ལྡན་ལ་ཡོད་རེ་སྐན། །གང་དག་ཡུལ་རྣམས་ལ་ནི་ཆགས་མེད་ཅིང༌། །མེ་མདག་ལྟ་བུར་འདོད་པ་རབ་སྤོང་དང༌། །དབང་པོ་དྲུག་པོ་སྡོམ་བས་བསྡམས་པ་དང༌། །གང་དག་ཚངས་སྤྱོད་རྣམ་པར་དག་སྤྱོད་དང༌། །གང་དག་གཞན་གྱི་ཆུང་མ་མཐོང་གྱུར་ན། །མ་དང་སྲིང་མོའི་འདུ་ཤེས་སྐྱེད་བྱེད་པ། །དེ་དག་མཛེས་ཤིང་བལྟ་ན་སྡུག་པ་དང༌། །རྟག་པར་མཆོག་ཏུ་ཡིད་དུ་འོང་བར་འགྱུར། །གྲོང་ཁྱེར་འདི་ལ་ཀུན་དུ་གསལ་བལྟས་དང༌། །བདག་སྤུ་ཁུང་ནས་སྤོས་ངད་གང་བྱུང་བ། །བདག་གིས་འདོད་ཆགས་སེམས་ཀྱིས་དེ་མ་བསྒྲུབས། །འདི་ནི་སྦྱིན་དང་དུལ་བའི་འབྲས་བུ་ཡིན། །བདག་ལ་འདོད་ཆགས་སེམས་ནི་སྐྱེ་བ་མེད། །འདོད་ཆགས་བྲལ་བ་ལ་ཡང་ཆགས་མི་སྐྱེད། །ཇི་ལྟར་བདེན་བར་ཤེས་ཀྱི་ལོག་མིན་པར། །བདག་གི་མདུན་བཞུགས་ཐུབ་དབང་འདི་དཔང་ཡིན། །ཁྱོད་ནི་སྔོན་ཆད་བདག་གི་ཕར་གྱུར་ཅིང༌། །བདག་ཀྱང་ཁྱེད་ཅག་རྣམས་ཀྱི་མར་གྱུར་ལ། །མིང་སྲིང་དག་དང་ཕར་ཡང་གྱུར་གྱུར་ན། །མ་ལ་འདོད་ཆགས་སེམས་ནི་སུ་ཞིག་སྐྱེད། །བདག་གིས་སྔོན་ཆད་ཁྱོད་རྣམས་ཐམས་ཅད་བསད། །བདག་ཀྱང་ཁྱེད་ཀྱིས་སྔོན་ཆད་གཤེགས་ཤིང་གཏུབས། །ཀུན་ཀྱང་ཕན་ཚུན་དགྲ་དང་གསོད་པ་ཡིན། །ཁྱེད་ཅག་ཇི་ལྟར་འདོད་ཆགས་སེམས་ཀྱང་སྐྱེད། །འདོད་ཆགས་ཅན་ནི་གཟུགས་དང་ལྡན་མི་འགྱུར། །


DTG111_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་སེམས་ལྡན་བདེ་འགྲོར་འགྲོ་མ་ཡིན། །འདོད་ཆགས་སེམས་ལྡན་མྱ་ངན་འདས་མི་འགྲོ། །དེ་ལྟ་བས་ན་འདོད་ཆགས་ཡོངས་སུ་སྤང༌། །འདོད་པའི་རྒྱུས་ནི་སེམས་ཅན་དམྱལ་བར་ལྟུང༌། །འདོད་ཆགས་ཀྱིས་ནི་ཡི་དགས་དུད་འགྲོར་འགྱུར། །གང་དག་འདོད་ཆགས་སེམས་ནི་ལྡན་པ་རྣམས། །གྲུལ་བུམ་གནོད་སྦྱིན་ལྷ་མི་ཤ་ཟར་འགྱུར། །འདོད་ཆགས་ཀྱིས་ནི་མི་སྡུག་གཟུགས་ཅན་དང༌། །ལྕེ་མེད་པ་དང་གྱོལ་དང་ཞར་བར་འགྱུར། །གང་དག་སྨད་པའི་སྤྱད་པ་སྤྱོད་བྱེད་པ། །དེ་དག་རྣམ་པ་སྣ་ཚོགས་སྐྱོན་ལྡན་འགྱུར། །འཁོར་ལོས་སྒྱུར་བ་ཉིད་ནི་ཐོབ་པ་དང༌། །སུམ་ཅུ་རྩ་གསུམ་དབང་ཕྱུག་བརྒྱ་བྱིན་དང༌། །ཚངས་དང་དབང་ལྡན་དབང་སྒྱུར་གང་ཡིན་པ། །དེ་ནི་ཚངས་སྤྱོད་རྒྱ་ཆེན་སྤྱད་པས་གྱུར། །འདོད་ལ་བརྐམ་པ་རྟག་ཏུ་དམུས་ལོང་དང༌། །འོན་པ་གླེན་བ་ཕག་དང་རྔ་མོ་དང༌། །ལུང་བོང་སྤྲེའུ་དང་གླང་ཆེན་བ་ལང་དང་སྟག་དང་རྟ་དང་ཕྱེ་ལེབ་སྦྲང་མར་འགྱུར། །གང་དག་ཚངས་སྤྱོད་རྒྱ་ཆེར་སྤྱད་པ་ནི། །རྒྱལ་པོ་དགའ་དང་ལྡན་པ་ཉིད་དུ་འགྱུར། །ཚོང་དཔོན་ཁྱིམ་བདག་བློན་པོ་རྣམས་སུའང་འགྱུར། །བདེ་དང་ཡིད་བདེ་བ་ཡང་འཕེལ་བར་འགྱུར། །འདོད་པའི་ཁོལ་པོ་རྣམས་ནི་གཤེགས་ཤིང་གཏུབ། །དུ་བས་བདུག་ཅིང་བཅིང་དང་བརྡེག་པ་དང༌། །བསྡིགས་དང་མགོ་དང་རྣ་བ་ལག་པ་དང༌། །མིག་དང་སྣ་དང་རྐང་པའང་བཅད་ཕྱུང་འགྱུར། །ཞེས་གསུངས་སོ། །བད་སའི་རྒྱལ་པོ་འཆར་བྱེད་ཀྱིས་ཞུས་པ་ལས་ཀྱང་སྨད་དེ། །རྨ་མཐོང་ནས་ནི་སྤྲང་མ་བརྒྱུག་པ་དང༌། །མི་གཙང་མཐོང་ནས་ལུང་བོང་བརྒྱུག་པ་དང༌། །ཕྱུགས་ཀྱི་ཤ་ཕྱིར་ཁྱི་ཡང་བརྒྱུག་པ་ལྟར། །མི་མཁས་བུད་མེད་དགའ་བ་དེ་བཞིན་བརྒྱུག །བྱིས་པ་རྣམས་ནི་མ་རིག་བསྒྲིབས། །མུན་པའི་ཕུང་པོས་ཀུན་ཏུ་བསྒྲིབས། །བུད་མེད་ཆགས་པ་དེ་བཞིན་རྨོངས། །ངན་སྐྱུགས་གནས་ལ་བྱ་ཁྭ་བཞིན། །ངན་འགྲོར་གང་དག་ཞུགས་པ་དང༌། །མྱོང་བའི་འདུ་ཤེས་ཆགས་བྱེད་དེ། །ངན་སྐྱུགས་གནས་སུ་སྲིན་བུ་འདྲ། །དེ་དག་བདུད་ཀྱི་སྤྱོད་ཡུལ་ཡིན། །ངན་སྐྱུགས་བུམ་པ་རི་མོ་ཅན། །གང་དང་གང་དུ་སྣང་བ་ཡང༌། །གཅིན་དང་བཤང་བས་གང་བ་དང༌། །རྐྱལ་


DTG111_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

པ་རླུང་གིས་གང་བ་བཞིན། །སྣབས་དང་མཆིལ་མ་ཁ་ཆུ་དང༌། །བད་ཀན་རྣག་དང་གླད་རྒྱས་དང༌། །བྱིས་པ་རྣམས་ཀྱི་ལུས་ལས་ནི། །དྲིང་འཛག་སྟེ་སྦྲང་རྩི་བཞིན། །རུས་པས་རྒྱས་གྱུར་ཁ་སྒོ་ཅན། །པགས་དང་ཤ་ལ་སོགས་པས་དཀྲིས། །ལུས་འདི་ཕོལ་མིག་འདྲ་བ་སྟེ། །སྨད་པ་ཡིན་ཞིང་དྲི་ང་ཅན། །དཔེར་ན་ཕོལ་མིག་རྨ་ཁ་ནི། །སྲོག་ཆགས་སྣ་ཚོགས་རྣམས་ཀྱིས་གང༌། །དེ་བཞིན་དུ་ནི་ལུས་འདི་ཡང༌། །མི་གཙང་སྣ་ཚོགས་སྣོད་ཡིན་ནོ། །ལྟོ་ནི་གཉེ་མས་གང་བ་སྟེ། །མཚེར་པ་དང་ནི་གློ་བ་དང༌། །མཁལ་མ་ཁྲག་དང་མཁྲིས་པ་དང། །གླད་རྒྱས་རུས་པ་རྐང་གིས་གང༌། །གང་དག་ཁོང་ན་གནས་པ་ནི། །སྲིན་བུའི་གྲོང་ཁྱིམ་བརྒྱད་ཁྲི་ཡིན། །གཏི་མུག་དྲ་བས་བསྒྲིབས་པས་ན། །བྱིས་པ་རྣམས་ཀྱིས་མི་ཤེས་སོ། །བུ་གའི་སྒོ་ནི་དགུ་དག་ནས། །མི་གཙང་རྣག་དང་དྲི་ང་འཛག །སྨྲ་བ་དང་ནི་མཐོང་བས་ཀྱང༌། །བྱིས་པ་དག་ནི་མཚན་མར་འཛིན། །བྱིས་པ་ངན་སྐྱུགས་སྤྱོད་ཡུལ་ཅན། །མཆིལ་མ་དང་ནི་སྣབས་ཟ་བ། །ཆགས་པར་འགྱུར་ནས་ཕྱོགས་གང་ཞིང༌། །ཀུན་ཏུ་སྨད་པ་མི་ཤེས་སོ། །སྦྲང་མ་རྣམས་ཀྱིས་རྨ་མཐོང་ལྟར། །སྨད་པའི་གནས་ལ་ཆགས་པར་བྱེད། །མཆན་ཁུང་གཉིས་ནས་རྡུལ་འཛག་ཅིང༌། །བཙོག་པའི་དྲི་ནི་འབྱུང་བར་འགྱུར། །གང་གིས་ངན་འགྲོར་འགྲོ་བ་ཡི། །ཉེས་པར་བྱེད་པའི་ལས་བྱེད་ཅིང༌། །འདོད་པ་དམན་པ་བསྟེན་པ་དང༌། །དམན་པའི་ཆོས་རྣམས་སྟེན་བྱེད་པ། །ཤེས་རབ་འཆལ་པ་མནར་མེད་སོང༌། །སྡུག་བསྔལ་ཚོར་བ་མྱོང་བར་འགྱུར། །ངན་སྐྱུགས་བཞིན་དུ་དྲི་ང་ཞེས། །སངས་རྒྱས་རྣམས་ཀྱིས་བུད་མེད་སྨད། །དེ་ལྟ་བས་ན་དམན་པ་ནི། །བུད་མེད་དམན་པ་རྣམས་དང་འདྲེ། །བྱིས་པ་གང་ཞིག་ངན་སྐྱུགས་ཀྱི། །རྐྱལ་པ་ཐོགས་ནས་ཁྱིམ་དུ་འགྲོ། །ལས་ནི་ཅི་འདྲ་བྱེད་བ་ཡི། །འབྲས་བུ་ཡང་ནི་དེ་འདྲ་ཐོབ། །ཅེས་གསུངས་སོ། །ཡང་དེ་ཉིད་ལས་གསུངས་པ། སྡུག་བསྔལ་བས་བཙལ་བའི་ལོངས་སྤྱོད་བདག་རང་གསོ་བའི་ཕྱིར་བསྒྲུབས་པ་དག་དགེ་སྦྱོང་དང་བྲམ་ཟེ་རྣམས་དང༌། བཀྲེན་པ་དང་སྡུག་ཕོངས་པ་དང་སློང་བ་རྣམས་ལ་སྦྱིན་པ་


DTG111_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་བར་མི་ནུས་ཏེ། བུད་མེད་ཀྱི་དབང་དུ་གྱུར་ཅིང༌། བུད་མེད་ཀྱི་ཐུལ་འོག་ཏུ་ཆུད་ལ་བུད་མེད་ཀྱིས་ཚར་ཆོད་པ་བུད་མེད་ཀྱིས་འཁོལ་བ་རྣམས་ནི། བུད་མེད་ལ་དགའ་བ་དེ་ཉིད་ཀྱིས་དེ་གསོ་བའི་ཕྱིར་སྦྱིན་པ་གཏོང་བར་མི་ནུས་ཚུལ་ཁྲིམས་ཡང་དག་པར་འཛིན་མི་ནུས་སོ། །དེ་དེ་ལ་ཆགས་པས་བུད་མེད་ཀྱིས་སྤྱོ་པའང་བཟོད་བསྡིགས་ཤིང་ལྟ་བ་དང་བརྒྱད་པའང་བཟོད་དོ། །བུད་མེད་ཀྱིས་བསྡིགས་པའི་མི་དེ་ཞུམ་ཞིང་སྲོ་ཤི་ལ་དེའི་གདོང་དུ་བལྟ་སྟེ་འདོད་པའི་རྒྱུ་དང་འདོད་པའི་གཞིའི་དབང་དུ་སོང་བ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ནི་འདོད་པ་ལ་བརྐམ་པ་ངན་སྐྱུགས་ཀྱི་སྒོ་ལ་གདུ་བ་མི་གཙང་བ་ལ་དགའ་བ་ཤེས་བཞིན་མེད་པར་སྤྱོད་པའི་མིའི་སྐྱོན་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། འདི་འདྲ་ཐོས་ཀྱང་སྐྱོ་བ་དང༌། །ཡིད་འབྱུང་མི་འགྱུར་དེ་དག་ནི། །རབ་ཏུ་རྨོངས་ནས་བུད་མེད་དང༌། །ཕྱིར་ཞིང་སྟེན་པར་བྱེད་པར་འགྱུར། །བཙོག་ཅིང་ཤིན་ཏུ་སྨད་བྱ་བ། །འདོད་པ་སྡུག་བསྔལ་སྟེན་བྱེད་ཅིང༌། །ཆོས་ཐོས་ནས་ནི་རབ་རྨོངས་ཤིང༌། །ལེགས་པར་སྨྲས་ཞེས་སྨྲ་བར་བྱེད། །དེ་ཡི་སེམས་ནི་མོ་ཕྱིར་སོང༌། །བྱི་བ་ལ་ནི་བྱི་ལ་བཞིན། །རྒྱལ་བས་བཤད་པ་ཐོས་ནས་ནི། །ཡུད་ཙམ་ཞིག་ནི་ཡིད་འབྱུང་འགྱུར། །དེ་ནས་དེ་ནི་ཡང་འཁྲུག་སྟེ། །དཔེར་ན་དྲག་པོའི་དུག་དང་འདྲ། །ཇི་ལྟར་ཕག་ནི་ཡུད་ཙམ་ཞིག །སྡང་ཤིང་སྐྲག་པར་གྱུར་ཀྱང་ནི། །ངན་སྐྱུགས་མཐོང་བར་གྱུར་པ་དང༌། །དེ་ནི་བརྐམ་པ་སྐྱེད་པ་བཞིན། །དེ་ལྟར་བྱིས་པ་བདེ་འདོད་པ། །རྒྱལ་བའི་བསྟན་པ་སྤངས་ནས་སུ། །གང་གིས་ངན་འགྲོར་འགྲོ་བ་ཡི། །འདོད་པ་དམན་པ་སྟེན་པར་བྱེད། །འདོད་པ་རྣམས་ལ་ཆགས་ཞེན་ནས། །ཤིན་ཏུ་སྡིག་པའི་ལས་བྱས་ཏེ། །ཚུལ་ཁྲིམས་ལྡན་ལ་སྐུར་བ་ནི། །ཕྱི་ནས་ངན་འགྲོར་འགྲོ་བར་འགྱུར། །སྐྱེས་བུ་གང་ཞིག་ཆོས་ཚུལ་འདི་འདྲ་བ། །རིགས་ནས་བུད་མེད་རྣམས་ལ་བག་བྱེད་པ། །དེས་ནི་མཐོ་རིས་ལམ་ཡང་རྟག་པར་སྦྱངས། །དེ་ལ་བྱང་ཆུབ་རབ་མཆོག་དཀོན་མ་ཡིན། །དལ་རྙེད་ཤེས་རབ་ལྡན་གྱུར་ཅིང༌། །འདི་འདྲ་བ་ཡི་ཆོས་ཐོས་པ། །འདོད་པ་ཐམས་ཅད་འདིར་སྤངས་ཏེ། །མཁས་པ་རབ་འབྱུང་མངོན་པར་


DTG111_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང། །ཞེས་གསུངས་སོ། །རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས་ཀྱང་གནོད་པ་གཞན་གསུངས་ཏེ། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་འཛམ་བུའི་གླིང་པའི་སེམས་ཅན་ཐམས་ཅད་ཀྱི་སྲོག་བཅད་དམ་དེ་དག་གི་བདོག་པ་ཐམས་ཅད་ཕྲོགས་པ་བས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གཞན་ཞིག་གིས་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་གཅིག་གིས་སེམས་བསྐྱེད་པ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་ལ་ཟན་ཆངས་ཅིག་སྦྱིན་པ་དང་ལྡན་པའི་དགེ་བའི་རྩ་བའི་བར་ཆད་བྱས་ན། དེ་དེ་བས་ཆེས་སྡིག་པ་གྲངས་མེད་པར་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་འབྱུང་བ་སྐྱེད་པའི་དགེ་བའི་རྩ་བའི་བར་ཆད་བྱེད་པར་གནས་པའི་ཕྱིར་རོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་ལ་ལ་གཞན་གྱི་ཁྱིམ་རྣམས་སུ་བྱང་ཆུབ་སེམས་དཔའ་ལ་ཕྲག་དོག་དང་སེར་སྣ་བྱེད་ན། དེས་དེའི་ཚེ་གཞི་དེ་ལས་འཇིགས་པ་ཆེན་པོ་གསུམ་ཤེས་པར་བྱ་སྟེ། གསུམ་གང་ཞེ་ན་སེམས་ཅན་དམྱལ་བར་སྐྱེ་བའི་འཇིགས་པ་དང༌། དམུས་ལོང་གིས་འཇིགས་པ་དང༌། ཡུལ་མཐའ་འཁོབ་ཏུ་སྐྱེ་བའི་འཇིགས་པ་ཞེས་བྱ་བའོ། །ཡང་གསུངས་པ། །མི་གང་དེ་ལ་དགའ་བར་མི་བྱེད་ཅིང༌། །ཡོད་པ་མིན་དང་བསྔགས་པ་མི་སྨྲ་དང༌། །མི་གང་ཁྲོས་ནས་མི་སྙན་སྨྲ་བའམ། །ཡང་ན་དེ་ལ་འཁྲུག་པ་བྱེད་པ་དག །སེམས་ཅན་དམྱལ་བར་སྐྱེ་འགྱུར་ཏེ། །ལུས་ནི་ཆེན་པོར་གྱུར་ནས་སུ། །དེ་ཡིས་སྡུག་བསྔལ་མྱོང་འགྱུར་ཏེ། །ཡིད་རབ་མི་བདེ་མ་རུངས་འགྱུར། །དཔག་ཚད་ལྔ་བརྒྱའི་ཚད་ཙམ་དུ། །དེ་ཡི་ལུས་ནི་སྐྱེ་བར་འགྱུར། །སྡིག་པའི་ལས་ཀྱིས་རྟག་ཏུ་ཁྱི། །བྱེ་བས་བསྐོར་ནས་ཟ་བར་འགྱུར། །བསྐལ་པ་དག་ནི་དུ་མར་ཡང༌། །ལུས་ནི་དཔག་ཚད་ལྔ་བརྒྱར་འགྱུར། །དེ་ལ་མགོ་ཡང་ལྔ་བརྒྱ་སྟེ། །དེ་ལས་ཉུང་བར་མི་འགྱུར་རོ། །མགོ་རྣམས་རེ་རེ་དག་ལ་ཡང༌། །ལྔ་བརྒྱའི་ལྕེ་ལས་མི་ཉུང་སྟེ། །ལྕེ་གཅིག་ལ་ཡང་ཐོང་གཤོལ་ནི། །ལྔ་བརྒྱར་ཚང་སྟེ་མི་ཉུང་བ། །འབར་བས་དེ་ལ་རྨོ་བྱེད་དེ། །སྐུར་འདེབས་བརྡེགས་པའི་ལས་ཀྱིས་སོ། །ཚིག་རྩུབ་དག་ནི་སྨྲས་པས་ནི། །ཤིན་ཏུ་ཚ་


DTG111_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྲེག་པར་འགྱུར། །གང་དག་སྡོམ་པར་མི་བྱེད་ཅིང༌། །བྱང་ཆུབ་སེམས་དཔའ་གནོད་བྱེད་པ། །དེ་ནི་སེམས་ཅན་དམྱལ་རྙེད་དེ། །དུད་འགྲོའི་སྐྱེ་གནས་འགྲོ་བར་འགྱུར། །ཚུལ་འདི་སྤོང་བར་བྱེད་པ་ནི། །བསྐལ་པ་བྱེ་བ་སྟོང་རྣམས་དང༌། །བརྒྱ་དང་ཁྲག་ཁྲིག་རྣམས་སུ་ཡང༌། །མནར་མེད་པར་ནི་སྡུག་བསྔལ་རྙེད། །དེ་ནས་ཤི་འཕོས་རབ་གདུག་ཅིང༌། །ཤིན་ཏུ་མི་བཟད་སྤྲུལ་དུ་འགྱུར། །བཀྲེས་ཤིང་སྐོམ་པས་མངོན་གཟིར་ཀྱང༌། །ཤིན་ཏུ་མི་བཟད་ལས་རྣམས་བྱེད། །བཟའ་བ་རྙེད་ཀྱང་སྡིག་པ་ཡིས། །ནམ་ཡང་ཚིམ་པར་མི་འགྱུར་རོ། །གལ་ཏེ་དེ་ནས་ཤི་འཕོས་ནས། །མི་ཡི་ནང་དུ་སྐྱེས་ན་ཡང༌། །ཡིད་མི་གཞུངས་ཤིང་དམུས་ལོང་འགྱུར། །གནོད་པར་སེམས་ཤིང་སྡོམ་པ་མེད། །ཉེས་པའི་ཚིག་རྣམས་སྨྲས་ནས་ནི། །འཕགས་པ་མཉེས་པར་མི་བྱེད་པ། །མི་ཡི་ནང་ནས་ཤི་འཕོས་ནས། །སླར་ཡང་ངན་འགྲོར་འགྲོ་བར་འགྱུར། །བསྐལ་པ་བྱེ་བ་སྟོང་རྣམས་སུ། །ནམ་ཡང་སངས་རྒྱས་མཐོང་མི་འགྱུར། །ཞེས་གསུངས་སོ། །ཡང་དེ་ཉིད་ལས། འཇམ་དཔལ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བའི་སེམས་བསྐྱེད་པའམ། བརྙས་པའི་སེམས་བསྐྱེད་པ་ཇི་ཙམ་པ་དེ་སྙེད་ཀྱིས་བསྐལ་པར་བྱང་ཆུབ་སེམས་དཔའ་དེས་སེམས་ཅན་དམྱལ་བ་པ་རྣམས་སུ་གནས་པར་གོ་ཆ་བགོ་བར་བྱའོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་ལ་སྐུར་པ་བཏབ་པ་མ་གཏོགས་པར་བྱང་ཆུབ་སེམས་དཔའ་ལས་གཞན་གང་གིས་ཀྱང་ལོག་པར་ལྟུང་བར་མི་ནུས་སོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་རྡོ་རྗེ་ནི་རྡོ་རྗེ་ཉིད་མ་གཏོགས་པར་ཤིང་ངམ་བོང་བའམ་དབྱུག་པའམ་རྡོ་བའམ་མཚོན་ཆས་བཅག་པར་མི་ནུས་སོ། །འཇམ་དཔལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔའ་ལ་སྐུར་བ་བཏབ་པ་མ་གཏོགས་པར་ལས་གཞན་གྱིས་ལོག་པར་ལྟུང་བར་བྱེད་མི་ནུས་སོ་ཞེས་གསུངས་སོ། །དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་ཀྱང༌། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་


DTG111_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་བཙོན་ར་མུན་ནག་དག་ཏུ་བཅུག་པ་བས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཁྲོས་ཏེ་བྱང་ཆུབ་སེམས་དཔའ་ལ་རྒྱབ་ཀྱིས་ཕྱོགས་ཏེ་འདུག་ནས་མ་རུངས་པ་འདི་མི་བལྟའོ། །ཞེས་ཟེར་ན་འདི་ནི་དེ་བས་སྡིག་པ་ཆེས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཀྱི་བདོག་པ་ཐམས་ཅད་ཕྲོགས་པ་བས། གཞན་གང་གིས་བྱང་ཆུབ་སེམས་དཔའ་ཇི་ལྟ་བུ་ཡང་རུང་བ་ལ་སྨད་ན་འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པར་སྐྱེད་དོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་མཆོད་རྟེན་གང་གཱའི་ཀླུང་གི་བྱེ་མ་སྙེད་བཤིག་པ་དང་བསྲེགས་པ་བས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་གནོད་སེམས་དང་ཐ་བ་དང་ཁྲོ་བའི་སེམས་བསྐྱེད་དེ་གཤེ་བ་དང་མི་སྙན་པར་སྨྲ་ན་འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པར་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་ངེས་པར་འབྱུང་ལ། སངས་རྒྱས་ལས་མཆོད་རྟེན་རྣམས་དང་ལྷའི་རིགས་ཐམས་ཅད་ཀྱི་བདེ་བའི་ཡོ་བྱད་ཐམས་ཅད་འབྱུང་ངོ༌། །བྱང་ཆུབ་སེམས་དཔའ་ལ་བསྟི་སྟང་མ་བྱས་པ་ནི་སངས་རྒྱས་ཐམས་ཅད་ལ་བསྟི་སྟང་མ་བྱས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ལ་བསྟི་སྟང་བྱས་པ་ནི་སངས་རྒྱས་ཐམས་ཅད་ལ་བསྟི་སྟང་བྱས་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ལ་མཆོད་པ་བླ་ན་མེད་པས་མཆོད་པ་བྱེད་འདོད་པས་བྱང་ཆུབ་སེམས་དཔའ་རྣམས་མཆོད་པར་བྱའོ་ཞེས་གསུངས་སོ། །དེ་ལྟར་མཆོད་པའི་རྣམ་པར་སྨིན་པ་ནི་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས་ཀྱང༌། གང་ཞིག་ཆོས་དང་ལྡན་པ་ནི། །ཆོས་སྨྲ་དེ་དག་སྲུང་བྱེད་པ། །ངན་འགྲོ་རྣམས་ནི་ཀུན་སྤངས་ནས། །བརྒྱ་བྱིན་རྫུ་འཕྲུལ་ཆེན་པོར་འགྱུར། །ཚངས་པ་དགའ་ལྡན་འཐབ་བྲལ་དང༌། །དབང་བྱེད་པར་ཡང་དེ་འགྱུར་རོ། །


DTG111_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་མིར་ནི་གྱུར་ན་ཡང༌། །རྟག་ཏུ་འཁོར་ལོས་སྒྱུར་བར་འགྱུར། །ཚོང་དཔོན་དང་ནི་ཁྱིམ་བདག་འགྱུར། །རྟག་ཏུ་སྐྱིད་ཅིང་ནོར་ཆེན་འགྱུར། །ཇི་ལྟར་གང་གའི་བྱེ་སྙེད་ཀྱི། །བསྐལ་པ་དེ་སྙེད་རྟག་ཏུ་ཡང༌། །འཇིགས་མེད་དྲན་པ་ཕུན་སུམ་ཚོགས། །བདེ་དང་ལྡན་ཞིང་གནོད་པ་མེད། །ཅེས་གསུངས་སོ། །ཕན་པ་བྱེད་པ་དང་གནོད་པ་བྱེད་པ་བསམ་པ་འདི་བྱང་ཆུབ་སེམས་དཔའ་གང་གི་དབང་དུ་བྱས་ཤེ་ན། སོ་སོའི་སྐྱེ་བོ་ཉིད་ཀྱི་དབང་དུ་བྱས་པ་སྟེ། དད་པའི་སྟོབས་སྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་ཇི་སྐད་དུ། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སེམས་ཅན་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་དག་ལ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཉིན་གཅིག་བཞིན་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་དགེ་བསྙེན་སྟོན་པ་གཞན་ལ་མི་བརྟེན་པ་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་ཞིག་ལ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསླབ་པ་ལ་བསླབས་པའོ་སྙམ་དུ་བསམས་ནས་ཉིན་གཅིག་ཟན་ཅིག་བྱིན་ན་འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དགེ་བསྙེན་སྟོན་པ་གཞན་ལ་མི་བརྟེན་པ་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་དག་ལ། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཉིན་གཅིག་བཞིན་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་དགེ་སློང་གཅིག་ལ་ཉིན་གཅིག་ཟན་ཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ་ཞེས་གསུངས་པ་བཞིན་ནོ། །ངེས་པ་དང་མ་ངེས་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་ཀྱང༌། འཇམ་དཔལ་ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ། གལ་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཀུན་གྱི་མིག་ཕྱུང་བར་གྱུར་ལ། ཡོངས་སུ་བརྟག་པ་


DTG111_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་བཟུང་སྟེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་བྱམས་པའི་སེམས་ཀྱིས་སེམས་ཅན་དེ་དག་ཐམས་ཅད་ལ་མིག་དེ་དག་བསྐྱེད་པ་བས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་གིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་དད་པའི་སེམས་ཀྱིས་བལྟ་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ཕྱོགས་བཅུའི་སེམས་ཅན་བཙོན་རར་བཅུག་པ་ཐམས་ཅད་བཙོན་ར་ནས་བཏོན་ཏེ། འཁོར་ལོས་སྒྱུར་བའི་བདེ་བའམ་ཚངས་པ་ཉིད་ཀྱི་བདེ་བ་ལ་བཀོད་པ་བས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་གིས་ཐེག་པ་ཆེན་པོ་ལ་མོས་པ་ལ་དང་བའི་སེམས་ཀྱིས་ལྟ་འདོད་པར་གྱུར་ཅིང་དེའི་བསྔགས་པ་ཡང་བརྗོད་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ་ཞེས་གསུངས་སོ། །དེ་སྐད་དུ་སའི་སྙིང་པོའི་མདོ་ལས་ཀྱང༌། བཙུན་པ་བཅོམ་ལྡན་འདས་རྒྱལ་རིགས་དགེ་བའམ་བློན་པོ་དགེ་བའམ་ཤོར་བ་དགེ་བའམ་དགེ་སྦྱོང་དགེ་བའམ་བྲམ་ཟེ་དགེ་བ་གང་ཞིག་གཞན་སྲུང་བ་དང་བདག་སྲུང་བ་དང་འཇིག་རྟེན་ཕ་རོལ་སྲུང་བ་དང། བཅོམ་ལྡན་འདས་ཀྱིས་བསྟན་པ་དང༌། ཉན་ཐོས་སྣོད་དུ་གྱུར་པ་དང་སྣོད་དུ་མ་གྱུར་པ་ཡང་རུང་སྐྲ་བྲེགས་ནས་གོས་ངུར་སྨྲིག་གི་ཚལ་བུ་བགོས་པ་ཡོངས་སུ་སྲུང་བ་དང༌། ཉན་པ་དང༌། མཆོད་པ་དང༌། ཉན་ཐོས་ཀྱི་གཏམ་དང༌། རང་སངས་རྒྱས་ཀྱི་གཏམ་དང༌། ཐེག་པ་ཆེན་པོའི་གཏམ་ཉན་པ་དང༌། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་གྱིས་ཕྱུག་པ་གྲོལ་བ་དང༌། རིགས་པའི་སྤོབས་པ་ཅན་དག་ལ་མཆོད་པ་དང༌། དེ་དག་དང་ལྷན་ཅིག་ཏུ་དགའ་བ་དང་རྩེ་བ་དང་ཡངས་སུ་འདྲི་བ་དང་ཡོངས་སུ་འདྲིར་འཇུག་པ་དང་དེ་དག་ལས་མཉན་ཅིང་བྱའོ་སྙམ་དུ་སེམས་ཞེས་བྱ་བ་ནས། དེ་བཞིན་དུ་སྦྱར་ཏེ། དེའི་སྡིག་པ་ཇི་ཙམ་ཞིག་འབྱང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་མི་ལ་ལ་ཞིག་སྐྱེས་ལ། དེས་འཛམ་


DTG111_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་གླིང་ཐམས་ཅད་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ལ་དབུལ་བ་ཕུལ་ལ་ཉི་མ་གུང་གི་དུས་སུ་ཡང་དེ་བཞིན་ཕྱེ་མ་རེད་ཀྱི་དུས་སུ་ཡང་དེ་བཞིན་འབུལ་ཞིང༌། རྣམ་གྲངས་འདིས་ལོ་བརྒྱ་སྟོང་དུ་འདི་ལྟར་དབུལ་བ་ཕུལ་ན། འདི་ཇི་སྙམ་དུ་སེམས་མི་དེ་བསོད་ནམས་མང་དུ་བསྐྱེད་དམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མི་དེ་བསོད་ནམས་ཀྱི་ཕུང་པོ་མང་པོ་གྲངས་མ་མཆིས་དཔག་ཏུ་མ་མཆིས་པ་སྐྱེད་དོ། །དེའི་བསོད་ནམས་ཀྱི་ཕུང་པོ་ནི་དེ་བཞིན་གཤེགས་པ་མ་གཏོགས་པར་གཞན་གང་གས་ཀྱང་ཚད་གཟུང་བར་ནུས་པ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་རིགས་དགེ་བའམ་ཞེས་བྱ་བ་ནས་གོང་དུ་ཇི་སྐད་སྨོས་པའི་བར་དུ་དེ་བཞིན་དུ་སྦྱར་ཏེ། དེ་བསོད་ནམས་ཀྱི་ཕུང་པོ་ཤིན་ཏུ་མང་དུ་སྐྱེད་པ་ནས། བསོད་ནམས་ཀྱི་ཕུང་པོ་ཤིན་ཏུ་ཡངས་པ་དང་ཤིན་ཏུ་ཚད་མེད་པ་དང་ཤིན་ཏུ་གྲངས་མེད་པའི་བར་དུ་སྐྱེད་དོ། །གང་ཞིག་ལྔ་བརྒྱ་པ་ཐ་མ་ལ་ངའི་དམ་པའི་ཆོས་ཀྱི་ཚུལ་སྲུང་བ་དེ་ནི་བདག་སྲུང་བ་དང་གཞན་སྲུང་བ་དང་འཇིག་རྟེན་ཕ་རོལ་སྲུང་བ་དང་ངའི་བསྟན་པ་སྲུང་བ་དང༌། ཉན་ཐོས་སྣོད་དུ་གྱུར་པའམ་སྣོད་དུ་མ་གྱུར་པ་ཡང་རུང་སྐྲ་བྲེགས་ཏེ་གོས་ངུར་སྨྲིག་བགོས་པ་རྣམས་ཡོངས་སུ་སྲུང་བ་དང༌། མི་འཚེ་བ་ནས་རང་གི་ཡུལ་འཁོར་དང་གཞན་གྱི་ཡུལ་འཁོར་གྱི་བར་དུ་འཕེལ་བར་བྱེད་པ་དང༌། ངན་སོང་ཟད་པར་བྱེད་པ་དང༌། ལྷའི་གནས་འཕེལ་བར་བྱེད་པ་དང༌། ཚེ་རིང་དུ་སྐྱོང་བ་དང། རང་གི་ཉོན་མོངས་པ་དང་གཞན་གྱི་ཉོན་མོངས་པ་རྣམས་སེལ་བ་དང༌། རྫོགས་པའི་བྱང་ཆུབ་ཀྱི་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་སྟོན་པ་དང༌། ངན་སོང་ཐམས་ཅད་རྣམ་པར་སྤོང་བ་དང༌། འཁོར་བ་ནི་རིང་དུ་མི་འཁོར་བ་དང༌། རྟག་ཏུ་དགེ་བའི་བཤེས་གཉེན་རྣམས་དང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཕྲད་ཅིང༌། རྟག་ཏུ་དགེ་བའི་བཤེས་གཉེན་རྣམས་དང་མི་འབྲལ་བར་འགྱུར་རོ། །ཇི་ལྟར་བསམས་པའི་སངས་རྒྱས་ཀྱི་ཞིང་དུ་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་


DTG111_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ནས་ལྷའི་དབང་པོ་ཐམས་ཅད་འཁོར་དང་བཅས་པ་ནས་ཤ་ཟའི་དབང་པོའི་བར་དུ་འཁོར་དང་བཅས་པ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་གལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ད་ལྟར་དང་མ་འོངས་པའི་དུས་ལྔ་བརྒྱ་པ་ཐ་མའི་བར་དུ་རྒྱལ་རིགས་དགེ་བ་རྣམས་དང་ཁྱིམ་བདག་དགེ་བའི་བར་དག་དང་དེ་བཞིན་དུ་སྦྱར་ཏེ། དེ་ལྟར་དམ་པའི་ཆོས་སྲུང་བ་དང་དེ་ལྟར་དཀོན་མཆོག་གསུམ་གྱི་རིགས་འབར་བར་བགྱིད་པའི་རྒྱལ་རིགས་དགེ་བ་ནས་ཁྱིམ་བདག་དགེ་བའི་བར་དེ་དག་ལ་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཀྱིས་ཀྱང་རྣམ་པ་བཅུའི་བར་གྱིས་བསྲུང་བར་བགྱི། ཡོངས་སུ་བསྐྱང་བར་བགྱི་འཕེལ་བར་བགྱིའོ། །བཅུ་གང་ཞེ་ན། དེའི་ཚེ་འཕེལ་བར་བགྱི་བ་དང༌། ཚེའི་བར་ཆད་ཀྱང་ཆོས་ཀྱིས་བཟློག་པར་བགྱི་བ་དང༌། བྲོ་ནད་མ་མཆིས་པ་དང༌། འཁོར་དང་བཅས་པ་དང༌། ཆོས་ཀྱི་ཕུང་པོ་དང༌། ལོངས་སྤྱོད་པ་དང༌། དབང་ཕྱུག་དང༌། སྙན་པ་དང༌། དགེ་བའི་བཤེས་གཉེན་རྣམས་དང༌། ཤེས་རབ་ཕུན་སུམ་ཚོགས་པ་ཡང་འཕེལ་བར་བགྱི་བ་སྟེ། བཅུ་པོ་དེ་དག་གིས་བསྲུང་བར་བགྱིའོ། །ཞེས་རྒྱ་ཆེར་གསུངས་སོ། །དེ་ལྟར་ན་སར་མ་ཆུད་པ་རྣམས་ལ་ཡང་རྣམ་པར་སྨིན་པ་འདི་རྒྱ་ཆེར་བལྟ་བར་བྱའོ། །སྤྱན་རས་གཟིགས་ཀྱི་མདོ་ལས་ཀྱང༌། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །སུ་ཞིག་སྐོར་བར་བྱེད་པ་ནི། །སྐྱེ་བ་དག་ནི་ཐམས་ཅད་དུ། །བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ། །དྲན་དང་ལྡན་ཞིང་བློ་གྲོས་ལྡན། །བསོད་ནམས་ལྡན་ཞིང་འཇིགས་མེད་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་ནས་བཀའ་སྩལ་པ། སངས་རྒྱས་སྲས་པོ་དེ་དག་ལ། །མི་གང་མི་དགའ་བྱེད་པ་དེར། །ལྷ་དང་མི་ནི་སྤངས་ནས་སུ། །དེ་དག་སེམས་དམྱལ་སྤྱོད་ཡུལ་འགྱུར། །ཞེས་རྒྱ་ཆེར་གསུངས་སོ། །གོང་མ་བཞིན་དུ་འདིར་ཡང་ཁྱད་པར་གྱི་རྒྱུ་གང་


DTG111_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བསྟན་པར་མི་ནུས་ཏེ། དེ་ལྟར་དཔྱད་པས་ཆོག་གོ །ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་མདོ་ལས་ཀྱང༌། སྒྲིབ་པའི་སྒྲ་ནི་གནོད་པར་གསུངས་ཏེ། འཇམ་དཔལ་སྒྲིབ་པ་ཞེས་བྱ་བ་ནི། འདོད་ཆགས་སྒྲིབ་པ། ཞེ་སྡང་སྒྲིབ་པ། གཏི་མུག་སྒྲིབ་པ། སྦྱིན་པ་སྒྲིབ་པ། ཚུལ་ཁྲིམས་སྒྲིབ་པ། བཟོད་པ་སྒྲིབ་པ། བརྩོན་འགྲུས་སྒྲིབ་པ། བསམ་གཏན་སྒྲིབ་པ། ཤེས་རབ་སྒྲིབ་པའོ། །དེ་བཞིན་དུ་སྦྱར་ཏེ། དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་སྦྱིན་པ་བྱིན་པའི་ཚེ་སེར་སྣ་ཅན་རྣམས་ལ་མ་དད་པར་བྱེད་དེ། དེ་དག་མ་དད་པ་དེས་ཁོང་ཁྲོ་བའི་སེམས་བསྐྱེད་པ་ནས། ཁོང་ཁྲོ་བའི་ཐ་བའི་སྐྱོན་དེས་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་སྐྱེའོ། །དེ་དག་ཚུལ་ཁྲིམས་སྲུང་བའི་ཚེ་འཆལ་པའི་ཚུལ་ཁྲིམས་ཅན་ལ་སྨོད་ཅིང་གཤེ་ལ་དེ་དག་གིས་མི་སྙན་པར་སྨྲའོ། །དེ་དག་ལས་དེ་དག་གི་སྐྱོན་ཐོས་ནས་སྐྱེ་བོ་མང་པོ་མ་དད་པར་བྱེད་དོ། །དེ་དག་མ་དད་པ་དེས་ན་ངན་འགྲོར་འགྲོ་བར་འགྱུར་རོ། །དེ་དག་བཟོད་པ་སྒོམ་པའི་ཚེ་བདག་ཅག་ནི་བཟོད་པ་དང་ལྡན་པ་ཡིན། དེ་དག་གཞན་ནི་གནོད་སེམས་ཀྱི་སེམས་དང་ལྡན་པ་ཡིན་ནོ་སྙམ་དུ་བཟོད་པའི་རྒྱགས་བས་བག་མེད་པར་འགྱུར་ཏེ། བཟོད་པའི་རྒྱགས་པས་བག་མེད་པ་དེ་དག་བག་མེད་པའི་རྩ་བ་ལས་བྱུང་བའི་སྡུག་བསྔལ་རྣམས་མྱོང་བར་འགྱུར་རོ། །དེ་དག་བརྩོན་འགྲུས་རྩོམ་པའི་ཆེ་དགེ་སློང་འདི་དག་ནི་ལེ་ལོ་ཅན་དུ་གནས་པ་མངོན་པར་མི་བརྩོན་པ་དད་པས་བྱིན་པ་ཡོངས་སུ་སྤྱོད་པ་སྟེ། འདི་དག་ནི་ཆུ་ཕོར་གང་གི་འོས་ཀྱང་མ་ཡིན་ནོ་སྙམ་དུ་བདག་ལ་བསྟོད་དེ། དེ་དག་བརྩོན་འགྲུས་རྩོམ་པ་དེས་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་དེ་དག་ནི་བྱིས་པ་ཡིན་ནོ་ཞེས་ང་སྨྲའོ། །དེ་དག་བསམ་གཏན་ལ་མཉམ་པར་འཇོག་པའི་ཚེ་བསམ་གཏན་དང་སྙོམས་པར་འཇུག་པ་དེས་འདོད་པ་སྐྱེད་ཅིང་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་ནི་ཏིང་ངེ་འཛིན་ལ་གནས་པ་ཡིན། དགེ་སློང་འདི་དག་གཞན་ནི་སེམས་གཡེང་བར་གནས་པ་ཡིན་ཏེ། འདི་དག་ནི་སངས་རྒྱས་སུ་ག་ལ་འགྱུར་ཞེས་རྒྱ་ཆེར་རོ། །ཆོས་ཐམས་ཅད་འབྱུང་བ་


DTG111_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་བསྟན་པ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་ལ་ལྟུང་བས་གླེང་ན་བྱང་ཆུབ་དང་རིང་བར་འགྱུར་རོ། །ལས་ཀྱི་སྒྲིབ་པ་ཡང་ཡོངས་སུ་འཛིན་ཏོ། །ཕྲག་དོག་གིས་གླེང་ན་བྱང་ཆུབ་དང་རིང་བར་འགྱུར་རོ། །སྤྱོད་ལམ་གྱིས་གླེང་ན་བྱང་ཆུབ་དང་རིང་བར་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ལ་དམན་པའི་འདུ་ཤེས་དང་བདག་ལ་རྒྱ་ཆེ་བའི་འདུ་ཤེས་བསྐྱེད་པ་བདག་སྨས་པ་དང་ལས་ཀྱི་སྒྲིབ་པ་ཡོངས་སུ་འཛིན་ཏོ། །གལ་ཏེ་དེ་བྱང་ཆུབ་ཡོངས་སུ་མི་གཏོང་ན་འདི་ལ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ལ་གདམས་པ་དང་རྗེས་སུ་བསྟན་པའི་ཚེ་སྟོན་པའི་འདུ་ཤེས་ཉེ་བར་གཞག་སྟེ་གདམས་པར་བྱ། རྗེས་སུ་བསྟན་པར་བྱའི་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ལ་བརྙས་པའི་སེམས་བསྐྱེད་པར་ནི་མི་བྱའོ། །ལྷའི་བུ་ཇི་ལྟར་བྱང་ཆུབ་སེམས་དཔའ་ཅིག་ཤོས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་འདི་ཆད་པ་དེ་ལྟ་བུ་ནི་གང་ན་ཡང་མེད་དོ་ཞེས་གསུངས་སོ། །བྱང་ཆུབ་ཏུ་སེམས་མ་བསྐྱེད་པའི་སེམས་ཅན་བྱང་ཆུབ་ཀྱི་སྐལ་པ་ཅན་ལ་ཡང་བརྙས་པ་བཀག་ན་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལྟ་སྨོས་ཀྱང་ཅི་དགོས། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས། བློ་གྲོས་བརྟན་པ། དེ་ལ་བྱང་ཆུབ་ཏུ་སེམས་མ་བསྐྱེད་པར་ལུང་བསྟན་པ་གང་ཞེ་ན། བློ་གྲོས་བརྟན་པ་འདི་ལ་གང་ཟག་ལ་ལ་ཞིག་འགྲོ་བ་ལྔའི་འཁོར་བར་ཡང་ན་སེམས་ཅན་དམྱལ་བའམ། ཡང་ན་དུད་འགྲོའི་སྐྱེ་གནས་སམ། ཡང་ན་གཤིན་རྗེའི་འཇིག་རྟེན་ནམ། ཡང་ན་ལྷའམ། ཡང་ན་མིར་སྐྱེས་པར་གྱུར་ལ། གང་ཟག་དེ་ཡང་དབང་པོ་རྣོ་བ་རྒྱ་ཆེན་པོ་ལ་མོས་པ་ཡིན་ནོ། དེ་ལ་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏེ། སྐྱེས་བུ་གང་ཟག་འདི་ནི་བསྐལ་པ་འདི་སྙེད་བསྐལ་པ་བརྒྱ་ཕྲག་འདི་སྙེད་བསྐལ་པ་སྟོང་ཕྲག་འདི་སྙེད་བསྐལ་པ་བརྒྱ་སྟོང་ཕྲག་འདི་སྙེད་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་འདི་སྙེད་ན་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་ནས། དེ་བཞིན་དུ་སྦྱར་ཏེ། བློ་གྲོས་བརྟན་པ་དེ་ནི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པར་ལུང་བསྟན་པ་


DTG111_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་དེང་སླན་ཆད་སེམས་ཅན་ཐམས་ཅད་ལ་སྟོན་པར་འདུ་ཤེས་བསྐྱེད་པར་བགྱིའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གང་ལ་བྱང་ཆུབ་ཏུ་ཡོངས་སུ་སྨིན་པའི་དབང་པོ་རྣམས་མཆིས་པ་དང་གང་ལ་མ་མཆིས་པ་འཚལ་བར་འཇུག་པ་དེ་བདག་ཅག་ལ་མ་མཆིས་པའི་སླད་དུ་སྟེ། བཅོམ་ལྡན་འདས་བདག་ཅག་ལ་འཚལ་བ་མ་མཆིས་པས་སེམས་ཅན་དེ་ལྟ་བུ་དག་ལ་སྨིན་པའི་འདུ་ཤེས་བསྐྱེད་ན། དེས་བདག་ཅག་སྨས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་ལེགས་སོ་ལེགས་སོ། །ཚིག་འདི་ནི་ལེགས་པར་སྨྲས་པའོ། །འོད་སྲུངས་ངས་དོན་གྱི་དབང་འདི་མཐོང་ནས་དགེ་སློང་དག་ངའམ་ང་དང་འདྲ་བས་གང་ཟག་གི་དྲོད་གཟུང་གི །གང་ཟག་གིས་གང་ཟག་ལ་དྲོད་མི་གཟུང་ངོ༌། །དགེ་སློང་དག་གང་ཟག་གིས་གང་ཟག་ལ་དྲོད་བཟུང་ན་སྨས་པར་འགྱུར་བར་ཤེས་པར་གྱིས་ཤིག་ཅེས་ཁྱོད་ལ་དེ་ལྟ་བུའི་ཆོས་བསྟན་ཏེ། འོད་སྲུངས་བསྟན་པ་དེས་བྱང་ཆུབ་སེམས་དཔའམ་ཉན་ཐོས་ཀྱིས་འདི་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཡིད་དུ་འོང་ཞེས་སེམས་ཅན་ཐམས་ཅད་ལ་སྟོན་པར་འདུ་ཤེས་བསྐྱེད་པར་བྱའོ། །དེས་ན་དེར་བདག་བསྲུང་བར་བྱའོ་ཞེས་ཇི་སྐད་གསུངས་པ་བཞིན་ནོ། །གང་ལ་ངེས་པར་བྱང་ཆུབ་འཐོབ་པའི་མཚན་མ་ཡོད་པ་དེ་ལ་བརྙས་པ་ཤིན་ཏུ་བསྲུང་བར་བྱ་སྟེ། དམ་པའི་ཆོས་པད་མ་དཀར་པོའི་མདོ་ལས། ས་དང་སོ་ཕག་ལས་ནི་བརྩིགས་པ་ཡི། །རྒྱལ་བའི་མཆོད་རྟེན་དགའ་བཞིན་བྱས་པ་དང༌། །དེ་ཕྱིར་ས་རྡུལ་ཕུང་པོ་དག་ལས་ཀྱང༌། །མྱ་ངན་དགོན་པ་དག་ཏུ་བྱས་པ་དང༌། །བྱིས་པས་རྩེད་མོར་དེ་དང་དེ་དག་ཏུ། །གང་གིས་རྒྱལ་བ་དེ་ཕྱིར་མཆོད་རྟེན་དག །བྱེ་མ་ལས་ནི་ཕུང་པོར་བྱས་པ་ཡང༌། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །ཞེས་བྱ་བ་ནས། གང་གིས་རྩིག་ངེས་གཟུགས་ཀྱི་རི་མོ་དག །བསོད་ནམས་བརྒྱ་མཚན་ཡོངས་སུ་རྫོགས་པའི་སྐུ། །བདག་གིས་བྲིས་སམ་འདྲི་རུ་བཅུག་ཀྱང་རུང༌། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་


DTG111_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར། །སྐྱེས་བུ་རྒན་ནམ་འོན་ཏེ་གཞོན་ནུའང་རུང༌། །གང་དག་ལ་ལ་དེ་ནི་སློབ་པའི་ཚེ། །རྩེད་མོ་དགའ་དང་བསང་བ་བྱེད་པ་ན། །རྩིག་ངོས་སེན་མོ་ཤིང་བུས་གཟུགས་བྲིས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་བྱ་བའི་བར་དུའོ།། དེ་བཞིན་དུ་སྦྱར་ཏེ། །བདེ་བར་གཤེགས་པ་རྣམས་ལ་མཆོད་པའི་ཕྱིར། །གང་དག་ལྕགས་ཀྱི་སིལ་ཁྲོལ་བརྡུང་བཅུག་དང༌། །ཆུ་ལ་བརྡབས་དང་ཐལ་མོས་བརྡབས་པ་དང༌། །ཡིད་དུ་འོང་ཞིང་སྙན་པའི་གླུ་དབྱངས་དང༌། །རིང་བསྲེལ་དེ་དག་རྣམ་མང་མཆོད་བྱས་པ། །དེ་དག་ཐམས་ཅད་འཇིག་རྟེན་སངས་རྒྱས་འགྱུར། །བདེ་གཤེགས་རིང་བསྲེལ་ལ་ནི་ཆུང་ཟད་དང༌། །སིལ་སྙན་གཅིག་བརྡུངས་པ་ཡི་སྒྲ་ཕྱུང་ངམ། །མེ་ཏོག་གཅིག་ཙམ་གྱིས་ནི་མཆོད་པ་དང༌། །བདེ་གཤེགས་གཟུགས་དང་རྩིག་ངོས་བྲིས་པ་ལ། །འཁྲུག་བཞིན་པ་ཡི་སེམས་ཀྱིས་མཆོད་ན་ཡང། །དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་མཐོང༌། །མཆོད་རྟེན་དེ་ལ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚངས་པའམ་ཐལ་མོ་ཡ་གཅིག་གམ། །ཡང་ན་མགོ་བོ་སྐད་ཅིག་བཏུད་པ་དང༌། །དེ་བཞིན་ལན་ཅིག་ལུས་ཀྱང་བཏུད་པ་དང༌། །གང་གིས་རིང་བསྲེལ་གནས་པ་དེ་དག་ལ། །གཡེང་བའི་སེམས་ཀྱིས་ཕྱག་འཚལ་སངས་རྒྱས་ཞེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང༌། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་ཐོབ། །དེ་ཚེ་བདེ་བར་གཤེགས་པ་དེ་དག་ནི། །མྱ་ངན་འདས་སམ་ཡང་ན་བཞུགས་ཀྱང་རུང༌། །སེམས་ཅན་གང་གིས་ཆོས་འདིའི་མིང་ཐོས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་ཇི་སྐད་གསུངས་པ་བཞིན་ནོ། །སྙིང་རྗེ་ཆེན་པོའི་མདོ་ལས་ཀྱང༌། འདི་ལྟ་སྟེ་དཔེར་ན་ཉ་པ་མཆིལ་པ་ཐོགས་པས་ཉ་བཤོར་བའི་ཕྱིར་མཆིལ་པ་གཟན་མ་དང་བཅས་པ་མཚོ་ཆེན་པོར་བཅུག་ལ་དེ་བཅུག་པ་དེ་ཉས་མིད་པར་གྱུར་ན། ཉ་དེ་མཚོ་ཆུའི་ནད་ན་འཕྱོ་ཡང་དེ་སྲད་བུ་སྲ་བ་ཡུ་བ་སྐམ་ས་ལ་བཏགས་པས་བརྟོད་པ་ཞེས་བརྗོད་པར་བྱ་སྟེ། ཉ་བ་མཆིལ་པས་འཆོར་བར་འོངས་ནས་སྲད་བུ་ཐངས་ཞེས་བྱེད་པ་ལས་ཉ་ཟིན་པར་ཤེས་ཏེ་དེས་སྲད་བུ་དྲངས་ནས་དེ་སྐམ་ལ་ཕྱུང་སྟེ་དགའ་


DTG111_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

མགུར་སྤྱོད་དོ། །དེ་བཞིན་དུ་སེམས་ཅན་གང་དག་བཅོམ་ལྡན་འདས་ལ་དད་པའི་སེམས་ཀྱིས་དགེ་བའི་རྩ་བ་བསྐྱེད་ན། ཐ་ན་དད་པའི་སེམས་གཅིག་བསྐྱེད་ན་ཡང་སེམས་ཅན་དེ་དག་ཉེས་པར་བྱས་པའི་ལས་ཀྱི་སྒྲིབ་པས་མི་དལ་བ་རྣམས་སུ་སྐྱེས་སུ་ཟིན་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་དང་བསྡུ་བའི་དངོས་པོའི་སྲད་བུས་སེམས་ཅན་དེ་དག་བཟུང་ནས་འཁོར་བའི་མཚོ་ཆུ་ལས་བཏོན་ཏེ་མྱ་ངན་ལས་འདས་པའི་ཐང་ལ་འཇོག་གོ་ཞེས་གསུངས་སོ། །དེ་ལྟ་བས་ན་དེ་དག་ལ་སྟོན་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཕ་རོལ་ཕྱག་འཚལ་བའི་ཚེ་འདི་གསར་བུ་ཡིན་ཡང༌། བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་བསྐྱེད་པས་ཕྱག་བྱ་བའི་འོས་ཡིན་ནོ་སྙམ་དུ་བསམས་ལ་ཡིད་ཀྱིས་ཕྱག་བྱས་ཏེ། དཔེར་ན་དྲ་བྱི་ལ་སྤྲིན་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་ཡང་གསར་བུ་འཕགས་པ་ནོར་བཟངས་ལ་ལུས་ཐམས་ཅད་ཀྱིས་གཏུགས་ནས་ཕྱག་བྱས་པ་ལྟ་བུ་དང་ལྷག་པའི་བསམ་པ་བསྐུལ་བ་ལ་སོགས་པ་ལས་ཀྱང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཐམས་ཅད་ལ་ཕྱག་བྱ་བར་གསུངས་པ་ལྟ་བུ་ཡིན་ཏེ། འདི་ནི་ངེས་པའི་དོན་ཡིན་ནོ། །ཕྱག་བྱ་བ་དང་ཕྱག་བྱེད་པ་གཉིས་གཅིག་ལ་བསྡུ་བ་ཇི་ལྟར་མི་འགལ་ཞེ་ན། ཕན་ཚུན་ཕྱག་བྱ་བར་དམིགས་པའི་ཕྱིར་རོ། །ཉམས་སུ་བླངས་པ་མེད་པས་བསོད་ནམས་མ་ཡིན་པར་ཡང་མི་འགྱུར་རོ། །ཅི་སངས་རྒྱས་རྣམས་ཀྱང་དེ་ལྟའམ་ཞེ་ན་མ་ཡིན་ཏེ། ཐུག་པ་མེད་པ་དང་གཅིག་དམའ་བར་འགྱུར་བའི་ཕྱིར་རོ། །འཕགས་པ་རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོ་ལས་ཀྱང་གནོད་པ་གསུངས་ཏེ། འཇམ་དཔལ་དམ་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ནི་ཕྲའོ། །འཇམ་དཔལ་གང་ལ་ལ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ལས། ལ་ལ་ནི་བཟང་བར་འདུ་ཤེས་ལ་ལ་ངན་པར་འདུ་ཤེས་ན་དམ་པའི་ཆོས་སྤོང་པའོ། །དམ་པའི་ཆོས་སྤངས་པས་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ཡིན། དགེ་འདུན་ལ་ངན་དུ་བརྗོད་པ་ཡིན་ནོ། །འདི་ནི་རིགས་པའོ་འདི་ནི་མི་རིགས་པའོ་ཞེས་ཟེར་ན་དེ་དམ་པའི་ཆོས་སྤོང་བ་


DTG111_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་ངས་འདི་ན་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པ་འམ་རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའམ་ཐེག་པ་ཆེན་པོ་དང་ལྡན་པར་ཆོས་ཐ་དད་པར་བསྟན་པ་གང་ཡང་མེད་ན། མི་བླུན་པོ་དེ་དག་ངའི་ཆོས་འདི་ལ་འདི་ནི་ཉན་ཐོས་རྣམས་ལ་བཤད་པ་འདི་ནི་རང་སངས་རྒྱས་རྣམས་ལ་བཤད་པའོ་ཞེས་ཐ་དད་དུ་འབྱེད་དེ། དེ་ཐ་དད་པའི་འདུ་ཤེས་ཀྱིས་དམ་པའི་ཆོས་སྤོང་བ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའི་བསླབ་པའོ་འདི་ནི་བྱང་ཆུབ་སེམས་དཔའི་བསླབ་པ་མ་ཡིན་ནོ་ཞེས་ཟེར་ན་དམ་པའི་ཆོས་སྤོང་བ་ཡིན་ནོ། །ཆོས་སྨྲ་བ་ལ་སྤོབས་པ་ཡོད་དོ་ཞེའམ། སྤོབས་པ་མེད་དོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཆོས་ནི་ཆོས་མ་ཡིན་པར་སྟོན་ཏོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །སངས་རྒྱས་འབྱུང་བ་མེད་པར་གཟུངས་ཐོབ་པ་མེད་དོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཆོས་སྨྲ་བ་ལ་གཟུངས་ཐོབ་པ་མེད་དོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཆོས་སྨྲ་བའི་སྤྱོད་པ་ལ་སུན་འབྱིན་ན་ཆོས་སྤོང་བ་ཡིན་ནོ། །ཆོས་སྨྲ་བ་སྒྲུབ་པ་ཕུན་སུམ་ཚོགས་པ་མ་ཡིན་ནོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །བག་མེད་པར་གླེང་ན་ཆོས་སྤོང་བ་ཡིན་ནོ། །སྤྱོད་ལམ་གྱིས་གླེང་ན་ཆོས་སྤོང་བ་ཡིན་ནོ། །སྤྱོད་པ་དང་ཚུལ་ཁྲིམས་ཉམས་པས་གླེང་ན་ཆོས་སྤོང་བ་ཡིན་ནོ། །སྤོབས་པས་གོ་བར་མི་བྱེད་དོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཆོས་རྣམས་ཀྱི་སྣང་བ་ལེགས་པར་མ་བཤད་དོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཁོང་དུ་མ་ཆུད་པས་ཚིག་དང་ཚིག་ཏུ་འགལ་བར་བྱས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཡི་གེའི་མིང་གིས་དེ་བཞིན་གཤེགས་པའི་བཀའ་ལ་འཇུག་གོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །མདོ་སྡེ་དང་མདོ་སྡེར་འགལ་བར་བྱས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ་ཚིགས་སུ་བཅད་པ་དང་ཚིགས་སུ་བཅད་པ་འགལ་བར་བྱའོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །དོན་ལ་ལ་ལ་མོས་ཤིང་ལ་ལ་ལ་མ་མོས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཆོས་འཆད་པའི་ཚེ་གཏམ་གཞན་དུ་བསྒྱུར་ན་ཆོས་སྤོང་བ་ཡིན་ནོ། །དཀྲུགས་མ་བྱེད་ན་ཆོས་སྤོང་བ་ཡིན་ནོ། །ཀུན་དུ་རྟོག་པས་སྨྲ་ན་ཆོས་སྤོང་བ་ཡིན་ནོ། །འདི་ལ་


DTG111_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་འདི་ལ་མི་སྤྱད་ཅེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདི་ནི་ལེགས་པར་གསུངས་པ་འདི་ནི་ལེགས་པར་གསུངས་པ་མ་ཡིན་ནོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདིས་ནི་སངས་རྒྱས་ཀྱི་གསུང་གི་དམ་ཚིག་སྨྲས་སོ་འདིས་ནི་སངས་རྒྱས་ཀྱི་གསུང་གི་དམ་ཚིག་མ་སྨྲས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འཇམ་དཔལ་དེ་ལྟར་ན་ཇི་ཙམ་དུ་ཅུང་ཟད་འགལ་བར་བྱེད་པ་དེ་ཙམ་དུ་ཆོས་སྤོང་བ་ཡིན་ནོ། །དགེ་སློང་ངམ་དགེ་སློང་མའམ། དགེ་བསྙེན་ནམ་དགེ་བསྙེན་མས་ཆོས་སྨྲས་པ་ལ་འདི་ནི་འདི་འདྲའོ་ཞེས་སེམས་སམ་སྨྲ་ན་ཐམས་ཅད་དམ་པའི་ཆོས་སྤོང་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །ཡང་དེ་ཉིད་ལས་གསུངས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་ན་འགའ་ཞིག་མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་པ་ན་འཁོར་དེ་ལས་སེམས་ཅན་ཁ་ཅིག་བ་སྤུ་ཟིང་ཞེས་བྱེད་དམ་ཁ་ཅིག་མཆི་མ་འབྱུང་བ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་མཐུས་གྱུར་པ་ཡིན་ནོ། །དེ་ལ་སྐྱེས་བུ་བླུན་པོ་བྱང་ཆུབ་སེམས་དཔའ་མ་ཡིན་པར་བྱང་ཆུབ་སེམས་དཔར་ཁས་འཆེ་བ་དང་བྱང་ཆུབ་སེམས་དཔའ་སུན་འབྱིན་པ་ཆོས་རྐུ་བ་ཚུལ་འཆོས་པ་དེ་དག་འདི་སྐད་ཅེས་སྟོན་པ་རྣམས་ལ་འདིས་ཅི་ཞིག་རྟོགས་ཞེས་ཟེར་བ་ལ་སོགས་པ་ལ་ཡང་དེ་བཞིན་དུ་སྦྱར་ཏེ། གང་དག་བྱང་ཆུབ་སེམས་དཔའ་རྣམས་ལ་བརྙས་པ་དེ་དག་ནི་སེམས་ཅན་དམྱལ་བ་ན་གནས་པའི་མཐར་ཕྱིན་པར་ང་མི་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། གང་བྱང་ཆུབ་སེམས་དཔའ་ཆོས་སྨ་བ་ལ་བརྙས་པ་དེ་ནི་སངས་རྒྱས་ལ་སྨོད་པ་ཡིན་ནོ། །དེ་ནི་ཆོས་སྤོང་བ་ཡིན་ནོ། །དེ་ནི་དགེ་འདུན་ལ་བཤུང་བ་ཡིན་ནོ། །གང་ཆོས་སྨྲས་པ་ལ་སྨོད་པ་དེ་ནི་སངས་རྒྱས་ལ་མི་གུས་པ་ཡིན་ནོ། །གང་ཆོས་སྨྲ་བ་ལ་མི་གུས་པ་དེ་སངས་རྒྱས་མཐོང་བར་མི་འདོད་པ་ཡིན་ནོ། །གང་ཆོས་སྨྲ་བ་མཐོང་བར་མི་འདོད་པ་དེ་སངས་རྒྱས་ལ་མི་སྙན་པར་བརྗོད་པ་ཡིན་ནོ། །གང་ཆོས་སྨྲ་བ་ལ་མི་སྙན་པར་བརྗོད་པ་དེ་སངས་རྒྱས་ཡོངས་སུ་གཏོང་བ་ཡིན་ནོ། །གང་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བའི་སེམས་སུ་བྱེད་པ་ཡང་དེ་བཞིན་དུ་


DTG111_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་རོ། །བྱམས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་བསྒྲུབ་པ་གང་ཡིན་པ་དེ་ལ་མི་བླུན་པོ་དེ་དག་འདི་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བྱང་ཆུབ་སེམས་དཔས་བསླབ་པར་བྱ་བའི་ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ཀྱིས་ཅི་ཞིག་བྱ་ཞེས་ཟེར་ཞིང༌། དེ་དག་ཕ་རོལ་ཏུ་ཕྱིན་པ་གཞན་ལ་སུན་འབྱིན་པར་སེམས་ན། མ་ཕམ་པ་འདི་ཇི་སྙམ་དུ་སེམས། ཀ་ཤིའི་རྒྱལ་པོར་གྱུར་པས་ཕུག་རོན་གྱི་ཕྱིར་ཁྲ་ལ་རང་གི་ཤ་བྱིན་པ་དེ་འཆལ་པའི་ཤེས་རབ་ཅན་ཡིན་ནམ། བྱམས་པས་གསོལ་བ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ངས་བྱང་ཆུབ་སེམས་ཀྱི་སྤྱོད་པ་སྤྱད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་དགེ་བའི་རྩ་བ་གང་དག་སྒྲུབ་པའི་དགེ་བའི་རྩ་བ་དེ་དག་གི་གནོད་པར་གྱུར་ཏམ། བྱམས་པས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཕམ་པ་ཁྱོད་ཀྱིས་བསྐལ་པ་དྲུག་ཅུར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྒྲུབས། བསྐལ་པ་དྲུག་ཅུར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསྐལ་པ་དྲུག་ཅུར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བསྐལ་པ་དྲུག་ཅུར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསྐལ་པ་དྲུག་ཅུར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསྐལ་པ་དྲུག་ཅུར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྒྲུབས་པ་དེ་ལ། མི་གཏི་མུག་ཅན་དེ་དག་འདི་སྐད་དུ། འདི་ལྟ་སྟེ། བྱང་ཆུབ་ནི་སྟོང་པ་ཉིད་ཀྱི་ཚུལ་དུ་ཚུལ་གཅིག་པ་ཡིན་ནོ་ཞེས་ཟེར་ན་དེ་དག་སྤྱོད་པ་ཡོངས་སུ་མ་དག་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །ལེའུ་བཞི་པའོ།། །།བམ་པོ་ལྔ་པ། གནོད་པ་མདོ་ཙམ་བཤད་ཟིན་ཏེ། དེ་རྣམས་སྤང་བར་བྱ་བའི་ཐབས་ནི་ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གནོད་པ་རྣམ་པ་འདི་ལྟ་བུ་དག་ཐོས་ནས་སྐྲག་སྟེ། ཡི་དམ་བླངས་པར་གསུངས་པ་དེ་བཞིན་དུ་བྱའོ། །དེ་དག་གིས་ནི་འདི་སྐད་ཅེས་བཅོམ་


DTG111_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་དེང་སླན་ཆད་བདག་ཅག་དེ་བཞིན་གཤེགས་པའི་སྤྱན་སྔར་ཡི་དམ་འདི་ལྟ་བུར་བཅའ་བར་བགྱིའོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གི་ལྟུང་བ་མད་དམ་མི་མད་ཀྱང་རུང་སྟེ། གླང་ན་བདག་ཅག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བསླུས་པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ལ་བརྙས་སམ་དེ་ལ་མི་སྙན་པར་བརྗོད་པ་ན་བདག་ཅག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བསླུས་པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཁྱིམ་པའམ་རབ་ཏུ་བྱུང་བ་ཡང་རུང་སྟེ། འདོད་པའི་ཡོན་ཏན་ལྔ་ལ་རྩེ་ཞིང་ཡོངས་སུ་སྤྱོད་པ་མཐོང་ནས་མ་དད་པར་བགྱིད་དམ་མ་རངས་པའི་སེམས་བསྐྱེད་དམ་མ་གུས་པའི་སེམས་བསྐྱེད་དམ་དེ་ལ་སྟོན་པར་འདུ་ཤེས་མ་བསྐྱེད་ན། བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་མཛའ་བཤེས་ཀྱི་ཁྱིམ་མམ། སློང་མོ་སྟེར་བའི་ཁྱིམ་གྱི་རྒྱུས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་རྣམས་ཀྱི་ལུས་ལ་གནོད་པའམ། སེམས་ལ་གནོད་པ་བགྱིས་ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ།། བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་མཐོང་ན་ཡིད་དུ་མི་འོང་བའི་ཚིག་གཅིག་ཙམ་ཞིག་སྨྲས་ན་ཡང་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དང་སླན་ཆད་ཉིན་ལན་གསུམ་མཚན་ལན་གསུམ་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ལ་ཕྱག་མ་བགྱིས་ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་བརྟུལ་ཞུགས་དེ་ཡང་དག་པར་


DTG111_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བླང་བའི་སླད་དུ་རྒྱལ་སྲིད་ཐོབ་པའམ་ནོར་ཐོབ་པ་འམ་ལུས་དང་སྲོག་ཀྱང་ཡོངས་སུ་མ་བཏང་ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་ཉན་ཐོས་ཀྱི་ཐེག་པ་པའམ་རང་སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་ལ་བརྙས་ཏེ་བདག་ཅག་ནི་ཆེས་དྲག་གི །དེ་དག་ནི་དེ་ལྟ་མ་ཡིན་ནོ་སྙམ་ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་དམའ་བའི་སེམས་དང་གདོལ་བའི་སེམས་དང་ཁྱིའི་སེམས་ལྟ་བུར་གནས་པར་མ་བགྱིས་ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་བདག་ལ་བསྟོད་ཅིང་གཞན་ལ་སྨད་ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་གནོད་སེམས་དང༌། རྩོད་པའི་འཇིགས་པས་བསྐུལ་མ་ཐག་ཏུ་དཔག་ཚད་དམ་དཔག་ཚད་བརྒྱར་མ་བྱོལ་ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་བདག་ཉིད་ཚུལ་ཁྲིམས་དང་ལྡན་པར་ཁས་འཆེའམ། མང་དུ་ཐོས་པ་དང༌། སྦྱངས་པའི་ཡོན་ཏན་དང་ལྡན་པའམ་ཡོན་ཏན་གང་ཡང་རུང་བ་ཞིག་གིས་བདག་བརྗོད་ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་དགེ་བ་མི་སྤྱོམས་ཤིང་སྡིག་པ་མི་འཆབ་པར་གནས་པར་མ་བགྱིས་ན་བདག་ཅག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བསླུས་པར་འགྱུར་རོ་ཞེས་སྨྲས་པ་དང༌། དེ་བཞིན་དུ་སྦྱར་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལས་ཀྱི་སྒྲིབ་པ་སྤང་བར་འདོད་པས། ཇི་ལྟར་རིགས་ཀྱི་བུ་འདི་དག་གིས་བྱས་པ་དེ་བཞིན་དུ་ཡི་དམ་


DTG111_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཅའོ་ཞེས་གསུངས་པ་ལྟ་བུའོ། །ཆོས་ཐམས་ཅད་འབྱུང་བ་མེད་པ་བསྟན་པ་ལས་ཀྱང༌། ཉིན་དང་མཚན་མོ་དེ་བཞིན་ལན་གསུམ་དུ། །བྱང་ཆུབ་སེམས་དཔའ་རྣམས་ལ་མགོས་ཕྱག་འཚལ། །རྟག་ཏུ་འདོད་བཞིན་སྤྱད་པ་སྤྱོད་པ་ན། །དེ་དག་འཁྲུལ་པ་ཙམ་ཡང་མི་བཙལ་ལོ། །གང་ཚེ་འདོད་པའི་ཡོན་ཏན་ལྔས་རྩེ་མཐོང༌། །དེ་ལས་འཁྲུལ་པ་ཅི་ཡང་མི་བཙལ་ཏེ། །བྱང་ཆུབ་སྤྱོད་མཆོག་ཡོན་ཏན་མཐའ་ཡས་པ། །དེ་ལ་དེ་དག་རེ་ཞིག་རེག་སྙམ་བསམ། །རིགས་པའི་རིམ་དང་བྱ་བའི་རིམ་གྱིས་ནི། །རྒྱལ་བར་འགྱུར་གྱི་ཐང་ཅིག་གིས་མི་འགྱུར། །བསྐལ་པ་བྱེ་བ་ཁྲག་ཁྲིག་མང་ཞིག་ན། །དེ་དག་གོ་ཆ་འཇུག་འགྱུར་གཞན་དུ་མིན། །ཞེས་གསུངས་སོ། །དེ་ཉིད་ལས་རིགས་ཀྱི་བུ་གང་དག་ལས་ཀྱི་སྒྲིབ་པ་འདི་ལྟ་བུ་གནོད་པར་འགྱུར་བ་དེ་དག་གིས་བྱང་ཆུབ་སེམས་དཔའ་ཅིག་ཤོས་ཀྱི་བསླབ་པ་ཐམས་ཅད་ལོག་པར་མི་བསྒྲུབ་པར་མི་བྱའི་དེའི་བྱ་བ་ཐམས་ཅད་ལ་མོས་པར་བྱས་ཏེ། འདི་སྙམ་དུ་སེམས་ཅན་གྱི་སྤྱོད་པ་ནི་ཤེས་པར་དཀའ་བས་བདག་གིས་ཕ་རོལ་གྱི་སེམས་མི་ཤེས་སོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པས་དོན་གྱི་དབང་འདི་གཟིགས་ནས་གང་ཟག་གིས་གང་ཟག་གི་དྲོད་མི་གཟུང་གི །ངའམ་གང་ང་དང་འདྲ་བས་གང་ཟག་གི་དྲོད་གཟུང་ངོ་ཞེས་དེ་སྐད་དུ་ཆོས་སྟོན་ཏོ། །རིགས་ཀྱི་བུ་གང་བདག་བསྲུང་བར་འདོད་པ་དེ་སུའི་སྤྱོད་པ་ཡང་རྣམ་པར་དབྱེ་བར་མི་བྱེད་དོ། །འདི་ནི་འདི་འདྲའོ་འདི་ནི་འདི་འདྲའོ་ཞེས་གཞན་ལ་དཔྱས་པར་མི་བྱའོ། །སངས་རྒྱས་ཀྱི་ཆོས་ལ་ཉིན་མཚན་དུ་ཆོས་ཀྱིས་ཡོངས་སུ་དགའ་བའི་ཡིད་ཀྱིས་བརྩོན་པར་བྱའོ་ཞེས་གསུངས་སོ། །དེ་སྐད་དུ་སའི་སྙིང་པོའི་མདོ་ལས་ཀྱང༌། དེ་ནས་དེའི་མོད་ལ་སེམས་ཅན་མཁས་པ་བརྒྱ་སྟོང་མང་པོ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་བཙུན་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྨོན་ལམ་འདི་སྐད་ཅེས་འཚལ་ཏེ། བཙུན་པ་བཅོམ་ལྡན་འདས་བདག་ཅག་ཡུན་རིང་པོ་ཇི་སྲིད་དུ་འཁོར་བ་ན་འཁོར་བ་དེ་སྲིད་


DTG111_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

དུ། བཟོད་པ་མ་ཐོབ་པར་རྒྱལ་པོའི་གནས་འཐོབ་པར་མ་གྱུར་ཅིག །བློན་པོའི་གནས་སུ་མ་གྱུར་ཅིག །གྲོང་ཁྱེར་གྱི་གཙོ་བོའི་གནས་སུ་མ་གྱུར་ཅིག །གྲོང་གི་གཙོ་བོའི་གནས་སུ་མ་གྱུར་ཅིག །གྲོང་རྡལ་གྱི་གཙོ་བོའི་གནས་སུ་མ་གྱུར་ཅིག །མདུན་ན་འདོན་གྱི་གཙོ་བོའི་གནས་སུ་མ་གྱུར་ཅིག །ཤོར་བའི་གཙོ་བོའི་གནས་སུ་མ་གྱུར་ཅིག །དེད་དཔོན་གྱི་གཙོ་བོའི་གནས་སུ་མ་གྱུར་ཅིག །མཁས་པའི་གཙོ་བོའི་གནས་སུ་མ་གྱུར་ཅིག །དགེ་སྦྱོང་གི་གཙོ་བོའི་གནས་སུ་མ་གྱུར་ཅིག །ཁྱིམ་བདག་གི་གཙོ་བོའི་གནས་སུ་མ་གྱུར་ཅིག །ཁབ་སོ་པའི་གཙོ་བོའི་གནས་སུ་མ་གྱུར་ཅིག །བདག་ཅག་བཟོད་པ་མ་ཐོབ་ཀྱི་བར་དུ་བདག་ཅག་གཞི་གང་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ལ་ལས་ཤིན་ཏུ་མི་བཟད་པ་འདི་ལྟ་བུ་འཕེལ་བར་གྱུར་པ། སེམས་ཅན་རྣམས་ཀྱི་བདག་པོའི་བར་གྱི་གནས་དག་ཐམས་ཅད་དུ་ཐོབ་པར་མ་གྱུར་ཅིག་ཅེས་རྒྱ་ཆེར་གསུངས་སོ། །ཟླ་བ་སྒྲོན་མའི་མདོ་ལས་ཀྱང༌། གཞོན་ནུར་གྱུར་པ་དེ་དག་ནི། །སྡིག་པ་མི་བྱེད་ཡོངས་མེད་དེ། །ཕྱི་མའི་དུས་ན་དེ་དག་དང༌། །ཁྱོད་ནི་སྟེན་པར་མ་བྱེད་ཅིག །སྨྲ་བ་དང་ནི་གཏམ་གྱིས་ལ། །དེ་དག་ལ་ནི་རི་མོར་གྱིས། །བྱང་ཆུབ་དམ་པའི་དོན་གྱི་ཕྱིར། །ཞུམ་པ་མེད་པར་བཀུར་སྟི་གྱིས། །ལོ་གྲངས་དུ་ལོན་ཀུན་དྲིས་ལ། །དེ་དག་རྒན་པར་གྱུར་ན་ཡང༌། །དེ་ལ་རི་མོ་ལེགས་ཀྱིས་ལ། །རྐང་པ་ལ་ཡང་མགོས་ཕྱག་འཚོལ། །བྱང་ཆུབ་སྙིང་པོ་རྣམས་བལྟས་ན། །དེ་དག་འཁྲུལ་པ་མི་བལྟའོ། །དེ་ལ་ཁོང་ཁྲོ་མི་བསྐྱེད་ཅིང༌། །རྟག་ཏུ་བྱམས་པའི་སེམས་སུ་བྱ། །གང་གི་འཁྲུལ་པ་ཅི་མཐོང་ཡང༌། །དེ་དག་ཉེས་པ་མི་བསྒྲག་སྟེ། །ཅི་འདྲ་བ་ཡི་ལས་བྱས་པ། །འབྲས་བུ་དེ་འདྲ་ཐོབ་པར་འགྱུར། །ཟླ་བའི་བཞིན་ནི་འཛུམ་བཞིན་དུ། །རྒན་རབས་དང་ནི་གསར་བུ་ལ། །རྟག་ཏུ་གསོང་པོར་སྨྲ་བ་དང༌། །དེས་ཤིང་ང་རྒྱལ་བཅོམ་པར་བྱ། །གོས་རྣམས་དང་ནི་ཟས་དག་གིས། །དེ་དག་ལ་ནི་ཕན་གདགས་ཤིང༌། །འདི་དག་ཐམས་ཅད་འདྲེན་འགྱུར་ཞེས། །དེ་ལྟར་ཁྱོད་ཀྱིས་སེམས་ཞོག་ཤིག།


DTG111_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསུངས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་གང་ཞིག་དད་པ་དང་གུས་པ་མི་བསྐྱེད་པ་དེས་བདག་ངན་འགྲོར་ལྟུང་བས་འཇིགས་པ་ལས་བསྲུང་བ་དང་ཚེ་འདི་དང་ཚེ་གཞན་ལ་མཆོག་ཏུ་དགའ་བ་མྱོང་བར་བྱ་བ་དང༌། རང་གི་སེམས་ཀྱི་རྙོག་པ་གདང་བ་དང་སེམས་དགེ་བ་དང་ལས་སུ་རུང་བ་ཐོབ་པར་བྱ་བའི་ཕྱིར་སྡོང་པོ་བཀོད་པའི་མདོ་ལས། བཅོམ་ལྡན་འདས་འཕགས་པ་བྱམས་པས་འཕགས་པ་ནོར་བཟངས་ཀྱི་ཆེད་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཡོན་ཏན་ཇི་སྐད་བརྗོད་པ་དེ་བཞིན་དུ་བསྒོམ་པར་བྱ་སྟེ། འདིས་ནི་རྒ་དང་ནད་ཀྱིས་མནར་བ་ཡི། །སྲོག་ཆགས་སྡུག་བསྔལ་བརྒྱ་ཡིས་གཙེས་པ་རྣམས། །སྐྱེ་ཤི་མྱ་ངན་འཇིགས་པས་གདུངས་མཐོང་ནས། །དེ་དག་དོན་དུ་སྙིང་རྗེའི་སེམས་ཀྱིས་སྤྱོད། །འགྲོ་བ་རྒྱུད་ལྔའི་འཁོར་ལོའི་དཀྱིལ་འཁོར་དུ། །སྡུག་བསྔལ་འཁྲུལ་འཁོར་བཙིར་བའི་འགྲོ་མཐོང་ནས། །སྡུག་བསྔལ་འཁྲུལ་འཁོར་འཁོར་ལོ་འཇོམས་པ་ཡི། །ཡེ་ཤེས་རྡོ་རྗེ་སྲ་བ་འདི་ཚོལ་ལོ། །འདོད་ཆགས་ཞེ་སྡང་རྩ་སྡོང་ཚེར་མ་ཅན། །ལྟ་ཆགས་རྩ་མང་ཡོངས་སུ་འཛིན་པ་ཡི། །སེམས་ཅན་ཞིང་ནི་ཡོངས་སུ་སྦྱང་བའི་ཕྱིར། །ཤེས་རབ་གཤོལ་བརྟན་བཟང་པོ་འདི་ཚོལ་ལོ། །གཏི་མུག་མ་རིག་ཐིབས་པོའི་བསམ་པ་ཅན། །འགྲོ་བ་ཤེས་རབ་མིག་སྟོར་དམིགས་མེད་པ། །དེ་ལ་ཕྱོགས་བདེ་སྟོན་པའི་མཐུ་ཡོད་པའི། །འགྲོ་བའི་དེད་དཔོན་བཟང་པོར་འདི་འགྱུར་རོ། །བཟོད་པའི་གོ་བགོས་རྣམ་ཐར་བཞོན་པ་ཞོན། །ཤེས་རབ་རལ་གྲི་མྱ་ངན་དགྲ་འཇོམས་པས། །མི་འཇིགས་སྦྱིན་པའི་དཔའ་བོར་གྱུར་པ་འདི། །འགྲོ་བ་རྣམས་ཀྱི་ལམ་སྟོན་འགྱུར་བ་ཡིན། །འདི་ནི་ཆོས་ཀྱི་གྲུ་རབ་སྦྱོར་བ་སྟེ། །ཡེ་ཤེས་རྒྱ་མཚོའི་ལམ་ལ་བསླབས་པའོ། །ཞི་བ་རིན་ཆེན་མཆོག་གི་གླིང་སྐྱེལ་བ། །འདི་ནི་ཁམས་གསུམ་མཚོ་ཡི་སྐྱ་བ་འཛིན། །ཡེ་ཤེས་འོད་ཟེར་སྨོན་ལམ་དཀྱིལ་འཁོར་ཅན། །སེམས་ཅན་ཀུན་གྱི་གནས་སུ་སྣང་བྱེད་པའི། །ཆོས་དབྱིངས་མཁའ་ལ་འོད་ཆེན་རབ་ལྡན་པར། །འདི་ནི་སངས་རྒྱས་ཉི་མར་འཆར་བར་འགྱུར། །བྱམས་པའི་


DTG111_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ལྡན་ཏིང་འཛིན་ངད་བསིལ་བའི། །སེམས་ཅན་ཀུན་ལ་སྙོམས་སེམས་འོད་བཟང་ལ། །དཀར་པོའི་ཆོས་ཀྱི་དཀྱིལ་འཁོར་ཡོངས་རྒྱས་པའི། །སངས་རྒྱས་ཟླ་བར་འདི་ནི་འཆར་བར་འགྱུར། །བསམ་པའི་གཞི་རྟེན་བརྟན་ལ་རབ་གནས་པ། །བྱང་ཆུབ་སྤྱོད་པ་རིམ་གྱིས་འཕགས་པ་བསྟེན། །ཆོས་ཀུན་རིན་ཆེན་འབྱུང་གནས་ལྡན་པ་ཡི། །ཡེ་ཤེས་རྒྱ་མཚོའི་མཆོག་ཏུ་འདི་འགྱུར་རོ། །བྱང་ཆུབ་སེམས་ཀྱི་ཀླུ་ཡི་དབང་པོས་ཕྱུང༌། །ཆོས་ཀྱི་དབྱིངས་ཀྱི་མཁའ་ལ་མངོན་པར་འཕགས། །དཀར་པོའི་འབྲས་བུའི་ལོ་ཐོག་འཕེལ་བྱེད་པའི། །འདི་ནི་འགྲོ་བར་ཆོས་སྤྲིན་ཆར་འབེབས་འགྱུར། །དག་པའི་སྙིང་པོ་དྲི་བསུང་མུན་སེལ་བ། །བྱམས་པའི་སྣུམ་ཡོད་དྲན་པའི་སྣོད་བརྟན་ལ། །དྲི་མེད་བྱང་ཆུབ་སེམས་མེད་འོད་བཟང་བའི། །ཆོས་ཀྱི་མར་མེ་འདི་ནི་འབར་བྱེད་འགྱུར། །བྱང་ཆུབ་སེམས་ནི་མེར་མེར་སྙིང་རྗེ་སྐད། །བྱམས་པ་རྡོས་པ་མི་གཡོ་བསམ་པ་མཁྲེགས། །བྱང་ཆུབ་ཡན་ལག་མཐར་གྱིས་བྱུང་བ་ཡི། །སངས་རྒྱས་སྲས་སུ་འདི་ནི་ཡང་དག་སྐྱེ། །བསོད་ནམས་སྙིང་པོ་མངོན་པར་འཕེལ་བར་བྱེད། །ཡེ་ཤེས་སྙིང་པོ་ཡོངས་སུ་སྦྱོང་བར་འགྱུར། །འདི་ནི་ཤེས་པའི་སྙིང་པོ་འཆར་བར་བྱེད། །སྨོན་ལམ་ཇི་བཞིན་སྙིང་པོ་ཡང་དག་བྱུང༌། །སྙིང་རྗེ་བྱམས་པས་སྤྲུལ་པ་འདི་འདྲ་བ། །སེམས་ཅན་དགྲོལ་བློས་ཕན་པའི་བསམ་ལྡན་པ། །རྣམ་དག་ཡིད་ཅན་འདི་ནི་ཅི་འདྲ་བ། །དེ་འདྲའི་འགྲོ་བ་ལྷ་དང་མི་བཅས་དཀོན། །འདི་འདྲའི་བསམ་པ་རབ་ཏུ་རྩ་བརྟན་པ། །འདི་འདྲའི་སྦྱོར་བ་བརྟན་པས་རྣམ་འཕེལ་ཞིང༌། །སྲིད་གསུམ་ལོག་པར་བྱེད་པ་འདི་འདྲ་བའི། །ཡེ་ཤེས་འབྲས་ཅན་ཤིང་ཆེན་འབྱུང་བ་དཀོན། །འདི་ནི་ཡོན་ཏན་ཀུན་གྲུབ་དོན་དུ་གཉེར། །ཆོས་རྣམས་ཐམས་ཅད་ཡོངས་སུ་དྲིས་པར་མོས། །ཐེ་ཚོམ་ཐམས་ཅད་རྣམ་པར་བསལ་དོན་དུ། །ལེ་ལོ་མེད་པར་བཤེས་གཉེན་ཐམས་ཅད་བསྟེན། །འདི་ནི་བདུད་ཀྱི་དཀྲུགས་མ་ཉོན་མོངས་འཇོམས། །འདི་ནི་ལྟ་བའི་དྲི་མ་སྲེད་པ་སེལ། །འདི་ནི་འགྲོ་བ་ཐམས་ཅད་དགྲོལ་ལ་བརྩོན། །མཁས་པ་འདི་ནི་རྟག་ཏུ་ཁྱད་པར་


DTG111_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཚོལ། །ཡོན་ཏན་ལམ་ལ་ནོར་བཟངས་འདི་གནས་པས། །འདི་ནི་ངན་སོང་ཐམས་ཅད་སྦྱོང་བར་འགྱུར། །མཐོ་རིས་ལམ་ཡང་ཉེ་བར་སྟོན་པར་གྱུར། །ཐར་པའི་ལམ་དུ་འགྲོ་བ་འཛུད་པར་འགྱུར། །འདི་ནི་འགྲོ་རྒྱུད་ཀུན་གྱི་སྡུག་བསྔལ་སེལ། །འདི་ནི་འགྲོ་རྒྱུད་ཀུན་གྱིས་བདེ་བ་སྟོབས། །འདི་ནི་སྲིད་པ་ཀུན་གྱི་ཞགས་པ་འཐུབ། །སྲིད་པའི་འགྲོ་རྒྱུད་ཐམས་ཅད་སེལ་བར་འགྱུར། །ཞེས་གསུངས་སོ། །དེ་ལྟར་བསྒོམས་པས་འདིས་གནོད་པ་རྣམ་པར་སྤང་སླ་བར་འགྱུར་རོ། །དེ་སྐད་དུ་ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་ཀྱང༌། གནོད་པ་རྣམ་པར་སྤང་བ་གསུངས་ཏེ། བྱམས་པ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཆོས་བཞི་དང་ལྡན་ན། ཕྱི་མ་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་རྣམ་པར་འཇིག་པའི་ཚེ། མ་སྣད་ཅིང་མ་སྨས་ལ་བདེ་བར་ཡོངས་སུ་ཐར་བར་འགྱུར་རོ། །བཞི་གང་ཞེ་ན། བདག་གི་འཁྲུལ་པ་ལ་སོ་སོར་རྟོག་པ་དང༌། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གཞན་གྱི་ཉེས་པ་མི་གླེང་བ་དང༌། མཛའ་བཤེས་ཀྱི་ཁྱིམ་དང་སློང་མོ་སྟེར་བའི་ཁྱིམ་ལ་མི་ལྟ་བ་དང༌། ཡིད་དུ་མི་འོང་བའི་ཚིག་སྤོང་བ་སྟེ། བྱམས་པ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཞེས་བྱ་བ་སྔ་མ་བཞིན་ནོ། །ཡང་བཞི་སྟེ། བཞི་གང་ཞེ་ན། ཐོས་པ་ཉུང་ངུའི་སེམས་ཅན་ཡོངས་སུ་སྤང་བ་དང༌། འཁོར་མི་བསྡུ་བ་དང༌། བས་མཐའི་གནས་མལ་བསྟེན་པ་དང༌། བདག་དུལ་བ་དང་ཞི་གནས་ཀྱི་རྣལ་འབྱོར་ལ་བརྩོན་པ་སྟེ་བཞི་པོ་དེ་དག་གོ་ཞེས་བྱ་བ་དང༌། ཡང་དེ་ཉིད་ལས་བྱམས་པ་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་ཤེས་རབ་ཀྱི་སྟོབས་བསྐྱེད་པ་ཐོབ་པ་དང༌། རྙེད་པ་དང་བཀུར་སྟི་ཡོངས་སུ་སྤང་བ་དང་རྙེད་པ་དང་བཀུར་སྟིའི་ཉེས་པ་མཐོང་བར་བྱའོ། །དེ་བཞིན་དུ་སྦྱར་ཏེ་འདུ་འཛི་ལ་དགའ་བ་ཡོངས་སུ་སྤང་བ་དང་འདུ་འཛི་ལ་དགའ་བའི་ཉེས་པ་མཐོང་བར་བྱའོ། །སྨྲ་བ་ལ་དགའ་བ་ཡོངས་སུ་སྤང་བ་དང༌། སྨྲ་བ་ལ་དགའ་བའི་ཉེས་པ་མཐོང་བར་བྱའོ། །གཉིད་ལ་དགའ་བ་ཡོངས་སུ་སྤང་བ་དང༌། གཉིད་ལ་དགའ་བའི་ཉེས་པ་མཐོང་བར་བྱའོ། །ལས་ལ་དགའ་བ་


DTG111_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་སྤང་བ་དང་ལས་ལ་དགའ་བའི་ཉེས་པ་མཐོང་བར་བྱའོ། །སྤྲོས་པ་ལ་དགའ་བ་ཡོངས་སུ་སྤང་བ་དང་སྤྲོས་པ་ལ་དགའ་བའི་ཉེས་པ་མཐོང་བར་བྱ་སྟེ། དེ་བཞིན་དུ་སྦྱར་རོ། །བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྙེད་པ་དང་བཀུར་སྟི་ནི་འདོད་ཆགས་བསྐྱེད་པ་ཡིན་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་དྲན་པ་འཇོམས་པར་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་རྙེད་པ་དང༌། མ་རྙེད་པས་ཁེངས་པ་དང་འདུད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་གཏི་མུག་བསྐྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་བདག་གི་དོན་སྒྲུབ་པས་ཁྱིམ་ལ་སེར་སྣ་བྱེད་པ་དང་ཆགས་པ་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་གཡོ་སྐྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་འཕགས་པའི་རིགས་བཞི་ཡོངས་སུ་སྤོང་པས་ངོ་ཚ་མི་ཤེས་པ་དང༌། ཁྲེལ་མེད་པ་བསྐྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་སངས་རྒྱས་ཐམས་ཅད་ཀྱིས་མ་གནང་བར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་ང་རྒྱལ་དང་རྒྱགས་པ་དང་དྲེགས་པ་བསྐྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་བླ་མ་རྣམས་ལ་ཁྱད་དུ་གསོད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་བདུད་ཀྱི་ཕྱོགས་ཡིན་པ་དང་གཅིག་ཏུ་བག་མེད་པའི་རྩ་བ་ཡིན་པ་དང༌། རྙེད་པ་དང་བཀུར་སྟི་ནི་དགེ་བའི་རྩ་བ་འཕྲོག་པ་དང༌། རྙེད་པ་དང་བཀུར་སྟི་ནི་གློག་དང་འཁོར་ལོ་དང་ལྕེ་འབབ་པ་ལྟ་བུ་དང༌། རྙེད་པ་དང་བཀུར་སྟི་ནི་སྤགས་པ་མང་པོས་སྤགས་པ་དང༌། མཛའ་བཤེས་ཀྱི་ཁྱིམ་དང་སློང་མོ་སྟེར་བའི་ཁྱིམ་ལ་ལྟ་བ་དང་ཡིད་མི་བདེ་བ་བསྐྱེད་པ་དང༌། བློ་རྣམ་པར་འཁྲུག་པར་བྱེད་པ་དང༌། རྙེད་པ་དང་བཀུར་སྟི་ནི་སྡུག་པའི་དངོས་པོ་རྣམ་པར་འགྱུར་བར་བྱེད་པའི་ཕྱིར་མྱ་ངན་སྐྱེད་པར་བྱེད་པ་དང༌། དྲན་པ་ཉེ་བར་གཞག་པ་བཞི་རྗོད་པར་བྱེད་པ་དང༌། དཀར་པོའི་ཚེས་ཉམ་ཆུང་བར་བྱེད་པ་དང༌། རྙེད་པ་དང་བཀུར་སྟི་ནི་ཡང་དག་པར་སྤོང་བ་བཞི་ཡོངས་སུ་ཡོངས་སུ་ཉམས་པར་བྱེད་པ་དང༌། རྫུ་འཕྲུལ་དང་མངོན་པར་ཤེས་པ་ཡོངས་སུ་ཉམས་པར་བྱེད་པ་དང༌། སྔར་


DTG111_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བཀུར་སྟི་བྱེད་པ་ལ་ཕྱིས་བཀུར་སྟི་མི་བྱེད་པར་བྱེད་པ་དང༌། རྙེད་པ་དང་བཀུར་སྟི་ནི་མི་མཛའ་བ་དང་གནས་པར་བྱེད་པ་དང་མཛའ་བོ་སྤོང་བ་དང༌། རྙེད་པ་དང་བཀུར་སྟི་ནི་ཕ་རོལ་འདྲིད་པས་སྨད་འཚོང་མ་འདྲ་བ་དང༌། རྙེད་པ་དང་བཀུར་སྟི་ནི་བསམ་གཏན་དང་ཚད་མེད་པ་ཡོངས་སུ་སྤང་བ་དང། སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་དུ་ལྟུང་བར་བྱེད་པ་དང༌། རྙེད་པ་དང་བཀུར་སྟི་ནི་ལྷས་བྱིན་དང་ལྷག་སྤྱོད་ཀྱི་ཆོ་ག་དང་མཐུན་པར་བརྟག་པར་བྱའོ། །བྱམས་པ་བྱང་ཆུབ་སེམས་དཔའ་རྙེད་པ་དང་བཀུར་སྟི་ལ་ཉེས་དམིགས་གང་དག་བརྟག་པར་བྱ་བ་ནི་འདི་ལྟ་བུ་འདི་དག་གོ །བརྟགས་ནས་ཀྱང་འདོད་པ་ཆུང་བར་བྱའི་ཡོངས་སུ་གདུང་བར་ནི་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་འདོད་པ་ཆུང་བ་ལ་སྐྱོན་འདི་ལྟ་བུ་འདི་དག་མེད་པའི་ཕྱིར་ཏེ། དེའི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་ལ་བར་ཆད་མེད་པ་ཡིན། ཁྱིམ་པ་དང་རབ་ཏུ་བྱུང་བ་དག་ཡིད་བྱུང་བར་མི་འགྱུར་བ་ཡིན། ལྷ་དང་མི་རྣམས་བསམ་པ་ཡོངས་སུ་དག་པར་བྱ་བའི་ཕྱིར་གནས་པས་རྗེས་སུ་བསྲུང་བར་འོས་པ་ཡིན། ངན་འགྲོ་ལོག་པར་ལྟུང་བ་ཐམས་ཅད་ཀྱིས་སྐྲག་པ་མེད་པ་ཡིན། བསྡིགས་པ་དང་བྲལ་བས་ཟིལ་གྱིས་མི་ནོན་པ་ཡིན། བདུད་ཀྱི་ཡུལ་ལས་ཡོངས་སུ་གྲོལ་བས་མི་འཕྲོགས་པ་ཡིན། སྡུག་བསྔལ་ཐམས་ཅད་ཀྱིས་མི་ཚུགས་པ་ཡིན། ལྷ་དང་མི་རྣམས་ཀྱིས་མངོན་པར་འདོད་པར་བྱ་བ་ཡིན། བསམ་གཏན་ལ་གོམས་པར་བྱེད་པར་གནས་པས་གསལ་བ་ཡིན། གཡོ་དང་སྒྱུ་སྤངས་པ་དང་འདོད་པའི་ཡོན་ཏན་ལྔ་ལ་སྐྱོན་དུ་ལྟ་བས་བག་ཡོད་པ་ཡིན། འཕགས་པའི་རིགས་ལ་གནས་པས་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ཡིན། མཁས་པ་རྣམས་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་འདོད་པ་ཡིན་ཏེ། བྱམས་པ་ཕན་ཡོན་འདི་ལྟ་བུ་འདི་དག་ཤེས་ནས་བྱང་ཆུབ་སེམས་དཔའ་མཁས་པས་རྙེད་པ་དང་བཀུར་སྟི་ཐམས་ཅད་སྤོང་བའི་ཕྱིར་ལྷག་པའི་བསམ་པས་འདོད་པ་ཆུང་བ་ལ་གནས་པར་བྱ་ཞིང་འདོད་པ་ཆུང་བ་ལ་བརྟེན་པར་བྱའོ་ཞེས་བྱ་བའོ། །འདུ་འཛི་ལ་དགའ་བའི་དབང་དུ་བྱས་ཏེ་གསུངས་པ། འདོད་ཆགས་སྤངས་ཤིང་


DTG111_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་སྡང་རབ་སྤངས་ནས། །རྣལ་འབྱོར་ཅན་ནི་འདུ་འཛིར་མི་གནས་ཏེ། །དེ་ནི་དེ་ལ་གཞོལ་ཞིང་དེ་ལ་འབབ། །ཉེས་པ་དེས་ན་དགའ་བར་བྱེད་མི་འགྱུར། །དགོད་དང་བཞད་གད་དེ་བཞིན་རྣམ་རྟོག་པ། །འདི་དག་ཐམས་ཅད་འདུ་འཛི་རྣམས་ལས་བྱུང༌། །སྙིང་པོ་མེད་པའི་འདུ་འཛི་སུ་བྱེད་པ། །དེ་ནི་ཡང་ལོངས་སྤྱོད་ཅིང་མ་བསྡམས་ཡིན། །བྱིས་པ་དག་ནི་འཇིག་རྟེན་སྨྲ་ལ་དགའ། །བྱིས་པ་དེ་དག་མཆོག་གི་གཏམ་ལས་ཉམས། །ཞེ་སྡང་འཕེལ་ཞིང་རྣམ་རྟོག་ཤས་ཀྱང་ཆེ། །ཉེས་པ་དེས་ནི་དེ་ལ་མི་ཆགས་སོ། །རིགས་པ་མ་ཡིན་སྨྲ་ལ་དགའ་བསྐྱེད་ནས། །དགེ་སློང་ཐོས་པ་རྣམ་པར་འཕེལ་མི་བྱེད། །དེ་ལྟ་བས་ན་མི་རིགས་སྨྲ་སྤོངས་ལ། །ཆོས་ལ་རྟག་ཏུ་དགའ་བ་ཐོབ་པར་གྱིས། །བྱང་ཆུབ་མངོན་པར་འདོད་ཕྱིར་ང་ཡིས་ནི། །རང་གི་ཡན་ལག་ལན་སྟོང་སྙེད་དུ་བཏང༌། །ཆོས་ཉན་པས་ནི་ང་ལ་ངོམས་མེད་ན། །དེ་དག་ཆོས་ཉན་པ་ལ་སྐྱོ་བར་འགྱུར། །རིགས་མིན་སྨྲ་དང་དམ་པ་མ་ཡིན་སྨྲ། །རྣམ་པ་ཀུན་དུ་ཡོངས་སུ་སྤང་བར་བྱ། །བསྐལ་པ་བརྒྱ་ཕྲག་དུ་མར་གང་དཀོན་པ། །ཆོས་ཀྱི་དམ་པ་དེ་ལ་དགའ་སྐྱེད་ཅིག །ཡོན་ཏན་འདོད་པ་ནགས་ན་གནས་པ་ཡིས། །ཕ་རོལ་དག་གི་སྐྱོན་ལ་བརྟག་མི་བྱ། །བདག་ནི་ཁྱད་པར་འཕགས་ཤིང་བདག་མཆོག་ཅེས། །དེ་སྙམ་དུ་ནི་སེམས་བསྐྱེད་མི་བྱའོ། །རྒྱགས་འདི་བག་མེད་ཀུན་གྱི་རྩ་བ་སྟེ། །དགེ་སློང་དམན་ལ་བརྙས་པར་ཡོང་མི་བྱ། །བསྐལ་པ་གཅིག་གིས་ཐར་པ་ཐོབ་མི་འགྱུར། །འདི་ནི་བསྟན་པ་འདི་ལ་གོ་རིམས་ཡིན། །ཞེས་གསུངས་སོ། །དེ་ཉིད་ལས་སྨྲ་བ་ལ་དགའ་བའི་དབང་དུ་བྱས་ཏེ་གསུངས་པ། ཐོས་པས་རྒྱགས་ནས་གུས་པར་མི་འགྱུར་ཏེ། །རྣམ་པར་འབྱེད་པའི་སྨྲ་བ་རྣམས་ལ་ཆགས། །བརྗེད་པར་འགྱུར་ཞིང་ཤེས་བཞིན་མེད་པར་གྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ ། ནང་གི་སེམས་ལས་ཤིན་དུ་རིང་བར་འགྱུར། །ལུས་དང་སེམས་ཀྱང་རབ་སྦྱངས་མ་ཡིན་འགྱུར། །ཁེངས་པ་དང་ནི་འདུད་པ་མང་པོར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །བྱིས་པ་དམ་པའི་ཆོས་བསམ་རབ་ཏུ་ཉམས། །སེམས་ནི་མི་མཉེན་ཤིན་ཏུ་རྩུབ་པར་འགྱུར། །


DTG111_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་གནས་ལྷག་མཐོང་དག་དང་རབ་ཏུ་རིང༌། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །རྟག་ཏུ་བླ་མ་དག་ལ་གུས་པ་མེད། །སྤགས་པའི་གཏམ་དག་ལ་ནི་དགའ་བ་སྐྱེད། །སྙིང་པོ་མེད་ལ་གནས་ཤིང་ཤེས་རབ་ཉམས། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །དེ་ནི་ལྷ་ཚོགས་རྣམས་ཀྱིས་མི་བཀུར་ཞིང༌། །དེ་ཚེ་དེ་ལ་འདོད་པ་ཡང་མི་སྐྱེད། །དེ་ནི་སོ་སོ་ཡང་དག་རིག་ལས་ཉམས། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །གང་དག་ལུས་ནི་མངོན་སུམ་མང་ཡོད་པ། །མཁས་པ་དེ་དག་གིས་ནི་སྤྱོ་བར་འགྱུར། །དེ་ཡི་སྲོག་ནི་དོན་མེད་འགྱུར་བ་སྟེ། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །བདག་ནི་བསྒྲུབས་ཉམས་ད་ནི་ཅི་བྱ་ཞེས། །འཆི་བའི་དུས་ཚེ་བྱིས་པ་མྱ་ངན་བྱེད། །གཏིང་རྙེད་མ་གྱུར་ཤིན་ཏུ་སྡུག་བསྔལ་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །རྩྭ་བསྐྱོད་བཞིན་དུ་འགུལ་ཞིང་གཡོ་བ་སྟེ། །དེ་ནི་དེ་ལྟར་ཐེ་ཚོམ་འགྱུར་དུ་ངེས། །དེ་ནི་ནམ་ཡང་བློ་བརྟན་མི་འགྱུར་ཏེ། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །གར་མཁན་ལྟད་མོའི་ཁྲོམ་ནང་འདུག་པ་ཞིག །དཔའ་བོ་གཞན་གྱི་ཡོན་ཏན་རྗོད་བྱེད་ལ། །བདག་ཉིད་བསྒྲུབ་ལས་ཉམས་པར་འགྱུར་བ་བཞིན། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །དེ་ནི་གཡོ་ལྡན་ཡང་ཞིང་རེ་བྲལ་འགྱུར། །ཕྱི་ཕྱིར་ཞིང་ནི་རྣམ་པར་འགྱེད་པ་རྩོམ། །འཕགས་པའི་དམ་པའི་ཆོས་ལས་རབ་ཏུ་རིང༌། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །མཐུ་ཆུང་བསྟི་སྟང་གིས་ནི་དགར་འགྱུར་ཏེ། །མི་ཤེས་ལྡན་པ་འཁྲུག་ཅིང་རྣམ་པར་འགྱུར། སྤྲེའུ་ལྟར་དེ་ཡི་སེམས་ནི་གཡོ་བར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །ཞེས་བྱ་བ་དང༌། དེ་བཞིན་དུ་སྦྱར་ཏེ། ཡུན་རིངས་དུས་ནས་སྨྲ་ལ་དགའ་བས་ན། །དེ་ནི་བདག་ཉིད་དགའ་བ་མི་འཐོབ་པོ། །ཚིག་གང་དགའ་བ་མཐའ་ཡས་འཐོབ་འགྱུར་བ། །ཚིག་གཅིག་ཙམ་ཞིག་བསམས་ཀྱང་མཆོག་ཡིན་ནོ། །བུ་རམ་ཤིང་ཤུན་སྙིང་པོ་ཅི་ཡང་མེད། །དགའ་བར་བྱ་བའི་རོ་ནི་ནང་ན་འདུག །ཤུན་པ་ཟོས་ནས་མིས་ནི་བུ་རམ་རོ། །ཞིམ་པོ་རྙེད་པར་ནུས་པ་མ་ཡིན་ནོ། །ཇི་ལྟར་ཤུན་པ་དེ་བཞིན་སྨྲ་བ་སྟེ། །རོ་ལྟ་བུ་ནི་འདི་ལ་དོན་སེམས་ཡིན། །


DTG111_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བས་ན་སྨྲ་ལ་དགའ་སྤངས་ཏེ། །རྟག་ཏུ་བག་ཡོད་བྱོས་ལ་དོན་སོམས་ཤིག །ཅེས་གསུངས་སོ། །གཉིད་ལ་དགའ་བའི་ཉེས་པའི་དབང་དུ་བྱས་ཏེ། གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །དེ་ནི་གཏི་མུག་དྲ་བ་ཆེན་པོ་འཕེལ། །དེ་ནི་ལྟ་བ་རྙེད་ནས་ཐེ་ཚོམ་འགྱུར། །དེ་ལ་ལྟ་གྱུར་གཞན་ཡང་མང་དུ་འབྱུང༌། །གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །དེ་ནི་ཤེས་རབ་ཤིན་ཏུ་ཉམ་ཆུང་འགྱུར། །དེ་ཡི་བློ་ཡང་ཡོངས་སུ་ཉམས་པར་འགྱུར། །ཡེ་ཤེས་ལས་ནི་རྟག་ཏུ་དེ་ཉམས་འགྱུར། །གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །མི་ཤེས་ལེ་ལོ་སྙོམ་ལས་ཤེས་རབ་འཆལ། །དེ་ལ་མི་མ་ཡིན་པས་གླགས་རྙེད་དེ། །ནགས་ན་གནས་པའི་ཚེ་ནི་འཚེ་བར་འགྱུར། །གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །དེ་ནི་དགེ་སེམས་རྟག་ཏུ་མི་འདོད་དེ། །དེ་ནི་ཆོས་ལ་འདུན་པ་སྐྱེད་མི་བྱེད། །ཕྱིར་ཞིང་ཆོས་མ་ཡིན་ལ་དེ་དགའ་འགྱུར། །གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །དེ་ནི་རྨོངས་ཤིང་ཆོས་ལ་འདུན་པ་ཉམས། །བྱིས་པ་ཡོན་ཏན་ཀུན་ལས་ཡོངས་སུ་ཉམས། །དཀར་པོ་འཇོམས་ཤིང་མུན་པར་འགྲོ་བར་འགྱུར། །གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །འཇིགས་པར་འགྱུར་ཞིང་སེམས་ཀྱང་རབ་ཏུ་ཞུམ། །དེ་ནི་རྟག་པར་མཆོག་ཏུ་དགའ་མི་འགྱུར། །གཉིད་ཀྱིས་ནོན་པ་ལུས་ཀྱང་ལྷོད་པར་འགྱུར། །གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །བདག་ཉིད་མི་ཤེས་ལེ་ལོ་ཅན་གྱུར་ནས། །བརྩོན་འགྲུས་སྟོབས་དང་ལྡན་ལ་ཕྲག་དོག་བྱེད། །བརྩོན་འགྲུས་ལྡན་པ་རྣམས་ལ་མི་སྙན་སྨྲ། །ཞེས་བྱ་བ་དང༌། དེ་བཞིན་དུ་སྦྱར་ཏེ། གང་ཞིག་སྡུག་བསྔལ་མུན་པ་ཀུན་འཇིག་ཅིང༌། །ངན་སོང་ཡོངས་སྤོངས་རྩ་བར་གྱུར་པ་དང༌། །སངས་རྒྱས་ཀུན་གྱིས་བསྔགས་པར་འགྱུར་བ་ཡི། །བརྩོན་འགྲུས་འཕགས་པ་དེ་ལ་རྟག་ཏུ་བརྟན། །ཞེས་གསུངས་སོ། །ལས་ལ་དགའ་བའི་དབང་དུ་བྱས་ནས། བླ་མས་བསྐུལ་ན་བཀའ་བློ་མི་བདེ་ཞིང༌། །རྗེས་སུ་བསྟན་པ་མཐུན་པར་འཛིན་མི་བྱེད། །དེ་ནི་མྱུར་དུ་ཚུལ་ཁྲིམས་


DTG111_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པར་འགྱུར། །ཉེས་པ་འདི་དག་ལས་ལ་དགའ་བའི་ཡིན། །ཁྱིམ་ན་གནས་པའི་ལས་རྣམས་རྟག་སེམས་པས། །དེ་ནི་རྟག་ཏུ་གདུང་བར་འགྱུར་བ་སྟེ། །བསམ་གཏན་དང་ནི་སྤོང་བ་དེ་མི་བྱེད། །ཉེས་པ་འདི་དག་ལས་ལ་དགའ་བའི་ཡིན། །དེ་ཡི་འདོད་ཆགས་ཤས་ནི་ཆེ་བར་སྐྱེ། །དེ་ནི་རོ་བྲོ་རྣམས་ལ་ཆགས་ཤིང་ཞེན། །དེ་ནི་ངན་ངོན་ཙམ་གྱིས་དགར་མི་འགྱུར། །ཉེས་པ་འདི་དག་ལས་ལ་དགའ་བའི་ཡིན། །དེ་ནི་འཁོར་མང་པོ་ལ་དགའ་འགྱུར་ཏེ། །དེ་ཉམས་ན་ནི་ཤིན་ཏུ་སྡུག་བསྔལ་འགྱུར། །དེ་ནི་བོང་བུ་བཞིན་དུ་འདྲེ་བར་འགྱུར། ཉེས་པ་འདི་དག་ལས་ལ་དགའ་བའི་ཡིན། །དེ་བཞིན་དུ་སྦྱར་ཏེ། ཉིན་དང་མཚན་མོ་སེམས་གཞན་མེད་པར་ནི། །ཟས་དང་གོས་ལ་རྒྱུན་དུ་སེམས་པར་བྱེད། །དེ་ནི་རྟག་ཏུ་ཡོན་ཏན་འདོད་མ་ཡིན། །ཉེས་པ་འདི་དག་ལས་ལ་དགའ་བའི་ཡིན། །དེ་ནི་འཇིག་རྟེན་པ་ཡི་བྱ་བ་འདྲེ། །རིགས་པ་མིན་པའི་སྨྲ་བ་རྣམས་ལ་དགའ། །རིགས་པའི་སྨྲ་ལ་དེ་ནི་དགའ་མི་འགྱུར། །ཉེས་པ་འདི་དག་ལས་ལ་དགའ་བའི་ཡིན། །དེ་བཞིན་དུ་སྦྱར་ཏེ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །གང་དག་མཆོག་གི་ཆོས་ཡོངས་སུ་སྤངས་ནས་ལས་ངན་པ་རྣམས་རྩོམ་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་ཤེས་རབ་ཤིན་ཏུ་ཆུང་ཞིང་ཤེས་རབ་རྣམ་པར་ཉམས་པར་འགྱུར་བ་ལགས་སོ། །དེ་སྐད་ཅེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། བྱམས་པ་དེ་དེ་བཞིན་ཏེ་ཇི་སྐད་སྨྲས་པ་དེ་དེ་བཞིན་ནོ། །གང་དག་མཆོག་གི་ཆོས་ཡོངས་སུ་སྤངས་ནས་ལས་ངན་པ་རྣམས་རྩོམ་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་ཤེས་རབ་ཤིན་ཏུ་ཆུང་བར་འགྱུར་རོ། །བྱམས་པ་ཁྱོད་ལ་བསྟན་ཏོ། །ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །གང་དག་ལ་བརྩོན་པ་མེད་པ་དང༌། བསམ་གཏན་མེད་པ་དང༌། སྤོང་བ་མེད་པ་དང༌། ཁ་ཏོན་བྱ་བ་དང་མང་དུ་ཐོས་པ་ཡོངས་སུ་ཚོལ་བ་མེད་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་དེ་བཞིན་


DTG111_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བ་མ་ཡིན་ནོ། །བྱམས་པ་དེ་བཞིན་གཤེགས་པའི་བསྟན་པ་ནི་བསམ་གཏན་དང་སྤོང་བས་རབ་ཏུ་ཕྱེ་བ། ཡེ་ཤེས་ཀྱིས་འདུས་བྱས་པ་ཡེ་ཤེས་ཀྱིས་མཉམ་པར་གཞག་པ། མངོན་པར་བརྩོན་བས་རབ་ཏུ་ཕྱེ་བ་ཡིན་གྱི་ཁྱིམ་པའི་ལས་ཀྱི་མཐའ་དང་ཞལ་ཏ་བྱེད་པས་རབ་ཏུ་ཕྱེ་བ་ནི་མ་ཡིན་ནོ། །མི་རིགས་པ་ལ་བརྩོན་པ་དང་འཁོར་བ་ལ་མངོན་བར་དགའ་བ་རྣམས་ཀྱི་ལས་ནི་འདི་ཡིན་ཏེ། འདི་ལྟར་ཞལ་ཏ་བྱེད་པ་དང་འཇིག་རྟེན་པའི་བྱ་བས་གཟིངས་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདོད་པ་བསྐྱེད་པར་མི་བྱའོ། །བྱམས་པ་ཞལ་ཏ་བྱེད་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་གལ་ཏེ་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་རྣམས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་བཀང་ཡང་དེས་ང་མཉེས་པར་བྱས་པར་མི་འགྱུར་རིམ་གྲོ་བྱས་པར་མི་འགྱུར་བསྟི་སྟང་བྱས་པར་མི་འགྱུར་རོ། །དེ་བཞིན་དུ་སྦྱར་རོ། །དེ་ལ་ཞལ་ཏ་བྱེད་པའི་བྱང་ཆུབ་སེམས་དཔའ་འཛམ་བུའི་གླིང་ཡོངས་སུ་གང་བ་དེ་དག་གིས། ལུང་འབོགས་པ་དང་ཁ་ཏོན་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་གཅིག་ལ་རིམ་གྲོ་དང་བསྙེན་བཀུར་བྱའོ། །ལུང་དབོག་པ་དང་ཁ་ཏོན་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་འཛམ་བུའི་གླིང་གི་ཚད་རྙེད་ཀྱིས། ནང་དུ་ཡང་དག་འཇོག་ལ་མངོན་བར་བརྩོན་པའི་བྱང་ཆུབ་སེམས་དཔའ་གཅིག་ལ་རིམ་གྲོ་དང་བཀུར་སྟི་བྱའོ། །དེ་བཞིན་དུ་སྦྱར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ་ཤེས་རབ་ཀྱི་ལས་འདི་ནི་བྱ་དཀའ་བའི་ལས་ཡིན་ནོ་བླ་མའོ། །བླ་ན་མེད་པའོ་འཇིག་རྟེན་གསུམ་པོ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའོ། །མངོན་པར་འཕགས་པའོ། །བྱམས་པ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་བརྩོན་པ་འདོད་པ་དང༌། བརྩོན་འགྲུས་རྩོམ་པར་འདོད་པས་ཤེས་རབ་ལ་བརྩོན་པར་བྱའོ་ཞེས་གསུངས་སོ། །སྤྲོས་པ་ལ་དགའ་བའི་དབང་དུ་བྱས་ནས། །དེ་ནི་མི་ཁོམ་བརྒྱད་དང་རིང་མི་འགྱུར། །དེ་ནི་དལ་བ་ཕུན་ཚོགས་མཆོག་མི་འགྱུར། །དེ་ལ་གནོད་པ་འདི་དག་རྟག་འབྱུང་སྟེ། །སྤྲོས་སྤྱོད་དེ་ཡི་ཉེས་པ་དེ་དག་གོ །དེ་བཞིན་དུ་སྦྱར་ཏེ། །མཁས་པས་ཉེས་འདི་ཡང་


DTG111_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

དག་རིག་ནས་ནི། །སྤྲོས་པ་ཐམས་ཅད་ཡོངས་སུ་སྤང་བར་བྱ། །སྤྲོས་སྤྱོད་དག་ནི་གནོད་པ་རྙེད་པར་སླ། །དེ་ལྟ་བས་ན་སྤྲོས་ལ་གནས་མི་བྱ། །གང་ན་སྤྲོས་པའམ་རྩོད་པ་ཡོད་པ་ལས། །དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ་བ་མཆོག །གང་ན་ཉོན་མོངས་ཡོད་པ་དེ་དག་ཏུ། །ཡུད་ཙམ་ཞིག་ཀྱང་གནས་ཤིང་འདུག་མི་བྱ། །རབ་བྱུང་དོན་འདོད་ཡོན་ཏན་འདོད་པ་རྣམས། །སྡང་བའི་སེམས་ཀྱིས་རྩོད་པར་མ་བྱེད་ཅིག །གང་གི་དོན་དུ་སྤྲོས་པ་འདི་འབྱུང་བ། །ཁྱེད་ལ་ཞིང་མེད་ཞིང་ལས་ཚོང་བྱ་མེད། །ཁྱེད་ལ་ཆུང་མ་བུ་དང་བུ་མོ་མེད། །ཁྱིམ་དང་གཉེན་གྱི་ཚོགས་ཀྱང་ཡོད་པ་མིན། །བྲན་ཕོ་དྲན་མོ་མེད་ཅིང་དབང་ཕྱུག་མེད། །རབ་ཏུ་བྱུང་ནས་རྩོད་པར་མ་བྱེད་ཅིག །ཞི་ཞིང་རབ་ཏུ་ཞི་བས་བསྟེན་པ་ཡི། །ངུར་སྨྲིག་གོས་དག་དད་པས་བླངས་ནས་ནི། །ཞི་ཞིང་རབ་ཞི་ཉེ་བར་ཞི་བར་བྱོས། །སྤྲོས་པ་རྣམ་པར་སྤོངས་ལ་བཟོད་པ་སྐྱེད། མི་བཟད་སེམས་ནི་སྦྲུལ་གདུག་འདྲ་བར་སྲུངས། །སྤྲོས་ལ་སྤྱོད་པ་སེམས་ཅན་དམྱལ་བ་དང༌། །དུད་འགྲོ་གཤིན་རྗེའི་ཡུལ་དང་རིང་མི་འགྱུར། །དེ་ལྟ་བས་ན་བཟོད་དང་བརྩོན་འགྲུས་སྐྱེད། །དེ་བཞིན་དུ་སྦྱར་ཏེ། ཐེག་པའི་སྟོབས་འདི་ཡིས་ནི་དག་འགྱུར་ཞིང༌། །ལས་ཀྱི་སྒྲིབ་པ་མ་ལུས་བྱང་ནས་ནི། །སྟོབས་དང་བཅས་ཤིང་བཞོན་བཅས་བདུད་ཐུལ་ཅིག །བསྟན་པ་གང་ཡིན་དེས་ནི་བཟོད་པ་སྐྱེད། །ཅེས་གསུངས་སོ། །གནོད་པ་རྣམ་པར་སྤང་བ་མདོར་བསྟན་པས་བྱམས་པ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཕྱི་མ་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་རྣམ་པར་འཇིག་པའི་ཚེ། མ་སྣད་ཅིང་མ་སྨས་ལ་བདེ་བར་ཡོངས་སུ་ཐར་བར་འདོད་པ་དང་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འདོད་པས། འདུ་འཛི་མེད་པ་ལ་དགའ་བ་དང་དགོན་པ་དང་ནགས་དང༌། བས་མཐར་གནས་པ་ལ་བརྩོན་བར་བྱ་ཞིང༌། མངོན་བར་མི་བརྩེན་པའི་སེམས་ཅན་ཡོངས་སུ་སྤང་བ་དང༌། བདག་གི་འཁྲུལ་པ་ལ་བལྟ་བ་དང༌། གཞན་གྱི་འཁྲུལ་པ་ལ་མི་བལྟ་བ་དང༌། ཅང་མི་སྨྲ་བ་ལ་དགའ་བ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ལ་བརྩོན་པར་བྱའོ་


DTG111_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང༌། གནོད་པ་རྣམ་པར་སྤངས་པ་གསུངས་པ་ནི། ནམ་དེའི་དོན་གྲུབ་པར་གྱུར་གྱི་བར་དུ་བསོད་སྙོམས་ལ་སྤྱོད་དེ་གཞན་དུ་ན་གནས་གང་ན་ཁྱི་ཟ་བའམ་བ་དྲུས་མའམ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་རང་བཞིན་གྱིས་ངང་ཚུལ་ངན་པའི་སྲོག་ཆགས་སམ། བུད་མེད་དང་སྐྱེས་པ་དང་ཁྱེའུ་དང་བུ་མོ་ཀྱལ་ཀ་བྱ་བའི་བསམ་པ་ཅན་དག་ཡོད་པའམ་སྨད་པའི་གནས་དེ་དག་ཐམས་ཅད་ནས་ཐམས་ཅད་ཡོངས་སུ་སྤོང་ཞེས་བྱ་བ་སྟེ། འདིས་ནི་ཚེ་འདི་ལ་ཡང་གནོད་པར་འགྱུར་བ་རྣམ་པ་དེ་ལྟ་བུ་མ་སྤངས་ན་ལྟུང་བར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །འདི་ལྟ་བུ་ལ་སོགས་པས་གནོད་པ་རྣམ་པར་སྤང་བ་གང་ཡིན་པ། །དེ་ཀུན་གང་གིས་འཐོབ་ཅེ་ན། །འབྲས་བུ་མེད་པའི་བྱེད་སྤོང་བས། །འདི་ལ་འབྲས་བུ་ནི་གཞན་གྱི་དོན་བྱ་བ་སྟེ། དེའི་དོན་དུ་གང་སྤྱོད་པར་མི་འགྱུར་བ་དེ་ནི་འབྲས་བུ་མེད་པ་ཡིན་པས་ཡོངས་སུ་སྤང་བར་བྱ་བ་ཡིན་ཏེ། ཟླ་བ་སྒྲོན་མའི་མདོ་ལས། ལུས་ཀྱི་སྡོམ་པའི་སྐབས་ནས་ཇི་སྐད་དུ་ལག་པ་མི་རྒོད་རྐང་པ་མི་རྒོད་ཅིང་རྐང་ལག་བསྡམས་པ་ཞེས་བྱ་བའི་བར་དུ་གསུངས་པ་ལྟ་བུའོ། །དེ་སྐད་དུ་ཆོས་བཅུ་པའི་མདོ་ལས་ཀྱང༌། ལག་པ་བསྐྱོད་པ་དང་རྐང་པ་བསྐྱོད་པ་དང་ཀུན་དུ་རྒྱུག་པ་དང་ཡོངས་སུ་རྒྱུག་པ་དང་མཆོང་བ་དང་རྐྱལ་བ་འདི་ནི་ལུས་ཀྱི་གནས་ངན་ལེན་ཞེས་བྱའོ་ཞེས་བསྟན་ཏོ། །འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང༌། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་གཞན་གྱི་དོན་བྱ་བ་ལས་ལས་གཞན་མི་བྱེད་པ་དེ་ལྟ་བུ་གསལ་བར་ཡོངས་སུ་བསྟན་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ཀྱི་ལས་གང་ཅི་ཡང་རུང༌། ངག་དང་ཡིད་ཀྱི་ལས་གང་ཅི་ཡང་རུང༌། དེ་ཐམས་ཅད་ནི་སེམས་ཅན་ཐམས་ཅད་ལ་ལྟ་བས་འཇུག་གོ །སྙིང་རྗེ་ཆེན་པོའི་དབང་དུ་འགྱུར་བའོ། །སེམས་ཅན་ལ་ཕན་པའི་གནས་ཀྱི་རྒྱུའོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ལྷག་པའི་བསམ་པ་ལས་འབྱུང་ངོ༌། །དེའི་ཕན་པའི་བསམ་པ་འདི་ལྟ་བུས་འདུ་ཤེས་འདི་ལྟ་བུར་འགྱུར་ཏེ། གང་


DTG111_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་པ་དང་བདེ་བ་སྒྲུབ་པའི་སྒྲུབ་པ་དེ་བདག་གིས་སྒྲུབ་པོ་སྙམ་མོ། །དེ་བཞིན་དུ་སྦྱར་ཏེ། སྐྱེ་མཆེད་རྣམས་ལ་གྲོང་སྟོང་ལྟ་བུར་སོ་སོར་རྟོག་པ་སྒྲུབ་ཀྱང་སྐྱེ་མཆེད་ཡོངས་སུ་དོར་བར་ཡང་མི་འཚལ་ལོ་ཞེས་གསུངས་སོ། །འཕགས་པ་ནམ་མཁའ་མཛོད་ཀྱི་མདོ་ལས་ཀྱང༌། འདི་ལྟ་སྟེ་དཔེར་ན་བུ་ག་ནས་རླུང་འཇུག་པ་དེ་བཞིན་དུ་གང་དང་གང་ནས་སེམས་ལ་སྐྱོན་བྱུང་བ་དེ་དང་དེ་ཉིད་ནས་བདུད་ཀྱིས་གླགས་རྙེད་དོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྟག་ཏུ་སེམས་ལ་སྐྱོན་མེད་པར་བྱའོ། །དེ་ལ་སེམས་ལ་སྐྱོན་མེད་པ་ནི་འདི་ཡིན་ཏེ། འདི་ལྟར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཡོངས་སུ་རྫོགས་པའོ་ཞེས་གསུངས་སོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དེ་གང་ཞེ་ན། གང་འདི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་མི་གཏོང་བས་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་གོམས་པར་བྱེད་པའམ་གོམས་པར་བྱས་པ་སྟེ། དེ་ནི་གཙུག་ན་རིན་པོ་ཆེའི་མདོ་ལས་རྒྱ་ཆེར་བསྟན་ཏོ། །དེ་སྐད་དུ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང༌། སྡིག་པ་མི་དགེ་བའི་ཆོས་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་དོ་ཞེས་བྱ་བའི་སྐབས་དེ་ནས། གང་ཏིང་ངེ་འཛིན་གྱི་ཕུང་པོ་ལ་གཡེང་བར་འགྱུར་བ་སེམས་གཡེང་བར་བྱེད་པ་གཞན་དང་གཞན་གང་ཡང་རུང་སྟེ། དེ་ནི་ཏིང་ངེ་འཛིན་གྱི་གཡེང་བ་ཞེས་བྱའོ་ཞེས་བྱ་བ་ནས་འདི་དག་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་ཞེས་བྱའོ་ཞེས་བྱ་བའི་བར་དུ་གསུངས་སོ། །བསླབ་པ་ཀུན་ལས་བཏུས་པ་ལས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནོད་པ་རྣམ་པར་སྤང་བ་ཞེས་བྱ་བ་སྟེ་ལེའུ་ལྔ་པའོ།། །།འབྲས་བུ་མེད་པའི་སྤྱོད་པ་རྣམ་པར་སྤང་བ་བཤད་ཟིན་ཏོ། །དེ་ཇི་ལྟར་འགྲུབ་ཅེ་ན། སྨྲས་པ། དེ་ཡང་རྟག་ཏུ་དྲན་བས་འགྲུབ་ཅེས་བྱའོ། །དྲན་པ་བཅུ་གཉིས་པོ་འདི་དག་ནི་འབྲས་བུ་མེད་པའི་སྤྱོད་པ་སྤོང་བར་འགྱུར་བ་སྟེ། འདི་ལྟར་དེ་བཞིན་གཤེགས་པའི་བཀའ་ལས་མི་འདའ་བར་སྲུང་ཞིང་རྣམ་པར་སྨིན་པ་ལ་གུས་པར་བྱ་བའི་དྲན་པ་དང༌། ལུས་ཐམས་ཅད་མི་གཡོ་བའི་ངོ་བོ་ཉིད་དུ་གནས་པར་བྱ་བའི་དྲན་པ་དང༌། སེམས་ཅན་


DTG111_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དོན་བྱ་བ་ན་ཡན་ལག་གང་མཁོ་བ་དེ་ལ་དྲན་པ་བརྟན་པས་བལྟས་ཏེ་མི་གཡོ་བར་གཞག་ལ་མོས་པ་གཞན་གྱི་ཁ་ན་ལས་པར་བྱས་པས་བརྟན་པ་ཐམས་ཅད་ཀྱི་སྤྱོད་པ་དྲན་པ་དང༌། གསར་བུའི་འཇིགས་པ་དང་དགའ་སྟོན་ལ་སོགས་པ་དང་འབྲེལ་བའི་གུས་པར་བྱ་བ་ལ་ལུས་བསྐྱོད་པའི་དྲན་པ་དང༌། སྤྱོད་ལམ་བཞི་བྱ་བ་ལ་སྤྱོད་པའི་དྲན་པ་དང༌། སྐབས་སྐབས་སུ་སྤྱོད་ལམ་འཁྲུགས་པ་བསྲུང་བའི་ཕྱིར་སྤྱོད་ལམ་ཕུན་སུམ་ཚོགས་པར་བྱ་བ་ལ་བལྟ་བའི་དྲན་པ་དང༌། སྨྲ་བའི་དུས་ལ་བབ་པ་ན་མ་དད་པ་དང༌། རྒོད་པ་དང་ཁྲོས་པ་དང་ཉེ་མགོན་གྱི་ཕྱོགས་སུ་ལྷུང་བ་ལ་སོགས་པའི་དབང་གིས་རྐང་ལག་དང་མགོ་དང་གདོང་གི་འགྱུར་བ་ཤིན་ཏུ་མི་མཛེས་པར་འགྱུར་བ་བསྡམས་པའི་དྲན་པ་དང༌། ཉན་བ་ལ་བརྗོད་པར་བྱ་བ་གང་ཡིན་པ་དེ་སྒྲ་ཇི་ཙམ་གྱིས་དོན་རྟོགས་པར་འགྱུར་བའི་སྒྲ་དེ་ལས་ལྷག་པར་སྨྲ་བར་མི་བྱ་བའི་དྲན་པ་དང༌། གཞན་དོགས་པར་འགྱུར་བའི་ཉེས་པ་བྱུང་ཞིང་མ་བསླབས་པའི་སྐྱེ་བོ་དང་ཕྲད་དེ་ཉམ་ང་བ་ན་རང་གི་སེམས་དང་བར་བྱ་བ་དེ་ལ་བསྒྲིམ་པའི་དྲན་པ་དང༌། སེམས་ནང་དུ་ལྷག་མཐོང་དང་ཞི་གནས་ཀྱི་ཀ་བ་ལ་རྟག་ཏུ་གདགས་པའི་དྲན་པ་དང༌། ཡང་ནས་ཡང་དུ་སེམས་ཀྱི་གནས་པ་ལ་སོ་སོར་བརྟགས་པའི་དྲན་པ་དང༌། སྐྱེ་བོ་ཕལ་པོ་ཆེ་ཚོགས་པ་ན་གང་ཡང་རུང་ཕལ་ཆེར་མ་ཤོར་དུ་ཟིན་ཀྱང་ཇི་སྐད་བསྟན་པ་བཞིན་དུ་དྲན་པ་བསྲུང་བ་དེ་ལ་བསྒྲིམ་པའི་དྲན་པ་སྟེ། དེ་ལྟར་དྲན་པ་དེ་དག་གིས་འབྲས་བུ་མེད་པའི་སྤྱོད་པ་རྣམ་པར་སྤང་བ་འགྲུབ་པོ། །དྲན་པ་དེ་ཡང་ཤིན་ཏུ་གུས་ལས་འབྱུང༌། དེ་ལ་གུས་པ་ནི་བྱ་བ་རྣམས་ལ་སྙིང་ནས་མངོན་དུ་ཕྱོགས་པར་ཏེ་ཁྱད་དུ་གསོད་པའི་གཉེན་པོ་ཡིན་ནོ། །གུས་པ་དེ་ནི་ཞི་བའི་ཆེ་བ་ཉིད། །ཤེས་པར་གྱུར་ན་བརྟུན་པ་སྐྱེ། །ཞེ་བ་ཞེས་བྱ་བ་དེ་གང་ཞེ་ན། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། ཞི་གནས་སུ་བསྟན་པ་གང་ཡིན་པ་སྟེ། དེ་དེ་ལ་ཞི་གནས་མི་ཟད་པ་གང་ཞེ་ན། གང་སེམས་ཞི་བ་དང༌། རབ་ཏུ་ཞི་བ་དང༌། ཉེ་བར་ཞི་བ་དང༌། མི་གཡེང་བ་དང༌། དབང་པོ་བསྡམས་པ་དང༌། མི་རྒོད་པ་དང༌། མི་འཕྱར་བ་དང༌། མུ་ཅོར་མི་


DTG111_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བ་དང༌། མི་བརྟན་པ་མེད་པ་དང༌། མི་གཡོ་བ་དང༌། དེས་པ་དང༌། བསྲུངས་པ་དང༌། ཅང་ཤེས་པ་དང༌། ཅང་ཤེས་པ་དང༌། ལས་སུ་རུང་བ་དང༌། རྩེ་གཅིག་པ་དང༌། གཅིག་པུར་དགའ་བ་དང༌། འདུ་འཛིན་རྣམ་པར་སྤོང་བ་དང༌། དབེན་པ་ལ་དགའ་བ་དང༌། ལུས་དབེན་པ་དང༌། སེམས་བསླད་པ་མེད་པ་དང༌། དགོན་པ་ལ་ཕྱོགས་ཤིང་ཡིད་ལ་བྱེད་པ་དང༌། སྡིག་པ་འདོད་པ་མ་ཡིན་པས་ན་སྤྱོད་ལམ་བསྲུང་བའི་བར་དང༌། དུས་ཤེས་པ་དང༌། ཚོད་ཤེས་པ་དང༌། རན་པ་ཤེས་པ་དང༌། རིགས་པ་ཤེས་པ་དང༌། མགུ་སླ་བ་དང༌། གསོ་སླ་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞི་བ་དེའི་ཆེ་བ་ཉིད་ཇི་ལྟ་བུ་ཞེ་ན། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་བསྐྱེད་ནུས་པ་སྟེ། འདི་ལྟར། མཉམ་གཞག་ཡང་དག་ཇི་བཞིན་དུ། །ཤེས་པར་འགྱུར་ཞེས་ཐུབ་པས་གསུངས། །ཆོས་ཡང་དག་པར་སྡུག་པའི་མདོ་ལས་ཇི་སྐད་དུ། ཡིད་མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བར་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བས་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་འཇུག་གོ་སྙམ་མོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་ཐམས་ཅད་ལ་ཏིང་ངེ་འཛིན་གྱི་སྒོ་འདི་དང་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་འདི་གྲུབ་པར་བྱའོ་སྙམ་མོ། །དེ་སྙིང་རྗེ་ཆེན་པོ་དེས་བསྐུལ་བས་ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་ལ་བསླབ་པ་ཡོངས་སུ་རྫོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟ་བས་ན་བདག་གིས་ཚུལ་ཁྲིམས་ལ་མི་གཡོ་བ་དང༌། མི་ལྷོད་པར་གནས་པར་བྱའོ་ཞེས་གསུངས་པ་ལྟ་བུའོ། །ཞི་བའི་ཆེ་བ་ཉིད་འདི་དག་དང་གཞན་ངན་སོང་ལ་སོགས་པའི་སྡུག་བསྔལ་མཐའ་ཡས་པ་ལས་ཡང་དག་པར་འདའ་བ་དང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཕུན་སུམ་ཚོས་པའི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་འདི་རྟོགས་ནས། ཀུན་དུ་འབར་བའི་ཁྱིམ་གྱི་ནང་དུ་ཆུད་པ་ཆུ་བསིལ་བ་འདོད་པ་བཞིན་དུ་དེ་འདོད་པས་བརྟུན་པ་བསྒོམ་པར་བྱ་སྟེ། དེས་ནི་བསླབ་པ་


DTG111_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་གུས་པར་འགྱུར་ཞིང་དེ་ལས་ཀྱང་དྲན་པ་ཉེ་བར་འཇོག་ལ་དྲན་པ་ཉེ་བར་བཞག་པས་ནི་འབྲས་བུ་མེད་པ་རྣམ་པར་སྤོང་བར་བྱེད་ཅིང་འབྲས་བུ་མེད་པ་རྣམ་པར་སྤངས་པ་གང་ཡིན་པ་དེ་ལ་གནོད་པ་མི་འབྱུང་ངོ༌། །དེ་ལྟ་བས་ན་ལུས་བསྲུང་བར་འདོད་པས་དྲན་པའི་རྩ་བ་བཙལ་ཏེ་རྟག་ཏུ་དྲན་བ་ཉེ་བར་གཞག་པར་བྱའོ། །དེ་བས་ན་དྲག་ཤུལ་ཅན་གྱིས་བྱིན་པས་ཞུས་པ་ལས། བྱང་ཆུབ་སེམས་དཔའ་ཁྱིམ་པའི་དབང་དུ་བྱས་ཏེ་གསུངས་པ། དེས་འབྲུའི་ཆང་དང་སྦྱར་བའི་ཆང་མྱོས་པར་འགྱུར་བའི་བཏུང་བ་སྤང་བར་བྱ་སྟེ། དེ་ར་རོ་བ་མེད་པ་དང་མྱོས་པ་མེད་པ་དང་འཁྲུལ་པ་མེད་པ་དང༌། ཚིག་མི་འཆལ་བ་དང་མི་འཕྱར་བ་དང་མི་རྒོད་པ་དང་མི་གཡེང་བ་དང་དྲན་པ་ཉེ་བར་གནས་པ་དང་ཤེས་བཞིན་དང་ལྡན་པར་བྱའོ་ཞེས་གསུངས་སོ། །དེ་ཉིད་ལས་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ཏེ་དྲན་པ་དང་ཤེས་བཞིན་ནི་མི་གཡེང་བའོ་ཞེས་གསུངས་སོ། །དེ་ལ་དྲན་པ་ནི་འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་ལས། དྲན་པ་གང་གིས་ཉོན་མོངས་པ་ཐམས་ཅད་འབྱུང་བར་མི་འགྱུར་བ་དང༌། དྲན་བ་གང་གིས་བདུད་ཀྱི་ལས་ཐམས་ཅད་ཀྱི་གོ་སྐབས་མི་འབྱེད་པ་དང༌། དྲན་པ་གང་གིས་ལམ་གོལ་བ་དང་ལམ་ངན་བར་མི་འགྲོ་བ་དང༌། དྲན་པ་སྒོ་བ་ལྟ་བུ་གང་གིས་སེམས་དང་སེམས་ལས་བྱུང་བའི་ཆོས་མི་དགེ་བ་ཐམས་ཅད་ཀྱི་སྐབས་མི་འབྱེད་པ་འདི་ནི་ཡང་དག་པའི་དྲན་པ་ཞེས་བྱའོ་ཞེས་གསུངས་སོ། །ཤེས་བཞིན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་ཏེ། སྤྱོད་ན་ཡང་བདག་སྤྱོད་དོ་ཞེས་རབ་ཏུ་ཤེས་སོ། །འགྲེང་ན་ཡང་བདག་འགྲེང་ངོ་ཞེས་རབ་ཏུ་ཤེས་སོ། །འདུག་ན་ཡང་བདག་འདུག་གོ་ཞེས་རབ་ཏུ་ཤེས་སོ། །ཉལ་ན་ཡང་བདག་ཉལ་ལོ་ཞེས་རབ་ཏུ་ཤེས་སོ། །དེའི་ལུས་ཇི་ལྟ་ཇི་ལྟ་བུར་གནས་པར་གྱུར་བ་དེ་ལྟ་དེ་ལྟ་བུད་རབ་ཏུ་ཤེས་སོ། །དེ་བཞིན་དུ་སྦྱར་ཏེ། དེ་འགྲོ་བ་དང་འོང་བ་ན་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན་ནོ། །ལྟ་བ་དང༌། རྣམ་པར་ལྟ་བ་དང་བསྐུམ་པ་དང༌། མྱང་བ་དང་ཆོས་གོས་སྣམ་སྦྱར་དང་ཐང་བ་དང་ལྷུང་བཟེད་དང་ཆོས་གོས་གྱོན་པ་དང་ཟ་བ་དང་འཐུང་བ་དང་འཆའ་བ་དང་གཉིད་དང་སྙོམ་པ་བསལ་


DTG111_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་འོང་བ་དང་འགྲོ་བ་དང་འགྲེང་བ་དང་འདུག་པ་དང་གཉིད་ཀྱིས་ལོག་པ་དང༌། གཉིད་ཀྱིས་མ་ལོག་པ་དང་སྨྲ་བ་དང་ཅང་མི་སྨྲ་བ་དང༌། ནང་དུ་ཡང་དག་འཇོག་པ་ཤེས་བཞིན་དུ་སྤྱོད་དོ་ཞེས་གསུངས་སོ། །ཚུལ་ཁྲིམས་ནི་ཏིང་ངེ་འཛིན་འགྲུབ་པ་ཡིན་ཏེ། ཟླ་བ་སྒྲོན་མའི་མདོ་ལས་ཇི་སྐད་དུ། །ཉོན་མོངས་མེད་པའི་ཏིང་འཛིན་མྱུར་ཐོབ་སྟེ། །འདི་ནི་ཚུལ་ཁྲིམས་རྣམ་དག་ཕན་ཡོན་ནོ། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་ཏིང་ངེ་འཛིན་གྱི་རྒྱུའི་སྦྱོར་བ་གང་ཅི་ཡིན་པ་དེ་དག་ནི་ཚུལ་ཁྲིམས་ཀྱི་ནང་དུ་འདུས་པར་ཤེས་སོ། །དེ་ལྟ་བས་ན་ཏིང་ངེ་འཛིན་དོན་དུ་གཉེར་བས་དྲན་པ་དང་ཤེས་བཞིན་གྱི་ངང་ཚུལ་ཅན་དུ་བྱའོ། །དེ་བཞིན་དུ་ཚུལ་ཁྲིམས་དོན་དུ་གཉེར་བས་ཀྱང་ཏིང་ངེ་འཛིན་ལ་འབད་པར་བྱ་སྟེ། མདོ་དེ་ཉིད་ལས་ཏིང་ངེ་འཛིན་གྱི་ཕན་ཡོན་གྱི་སྐབས་ནས། དེ་ནི་ཆོ་ག་མེད་མ་ཡིན། །ཆོ་ག་དག་ལ་རབ་ཏུ་གནས། །སྤྱོད་ཡུལ་ལ་ནི་རྣལ་འབྱོར་པ། སྤྱོད་ཅིང་སྤྱོད་ཡུལ་མ་ཡིན་སྤོང༌། །ཡོངས་སུ་གདུང་བ་མེད་པར་གནས། །དབང་པོ་བསྲུང་ཞིང་བསྡམས་པ་ཡིན། །ཞེས་གསུངས་སོ། །ཚུལ་ཁྲིམས་དང་ཏིང་ངེ་འཛིན་གཅིག་གིས་གཅིག་འཕེལ་བར་བྱེད་པ་འདི་གཉིས་ཀྱིས་ཀྱང་སེམས་ཡོངས་སུ་སྦྱོང་བ་ཡོངས་སུ་འགྲུབ་པོ།། བྱང་ཆུབ་སེམས་དཔའི་བསླབ་པ་འདི་ནི། འདི་ལྟ་སྟེ། སེམས་ཡོངས་སུ་སྦྱོང་བའོ། །འདི་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། འཕགས་པ་དཀོན་མཆོག་སྤྲིན་ལས་སེམས་ནི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྟེ་སེམས་ཡོངས་སུ་ཤེས་ན་ཆོས་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་རོ་ཞེས་བྱ་བ་དང༌། །ཡང་འཇིག་རྟེན་སེམས་ཀྱིས་ཁྲིད་པ་སྟེ། །སེམས་ཀྱིས་སེམས་ནི་མི་མཐོང་ངོ༌། །དགེ་བའམ་འོན་ཏེ་མི་དགེ་བའི། །ལས་ནི་སེམས་ཀྱིས་བསགས་པ་ཡིན། །སེམས་ནི་མགལ་མེ་བཞིན་དུ་འཁོར། །སེམས་ནི་རླབས་དང་འདྲ་བར་གཡོ། །སེམས་ནི་ནགས་ཀྱི་མེ་བཞིན་སྲེག །སེམས་ནི་ཆུ་ཆེན་བཞིན་དུ་སྐྱེད། །དེས་དེ་ལྟར་བརྟགས་པས་སེམས་ལ་དྲན་པ་ཉེ་བར་གཞག་པར་གནས་ཏེ་སེམས་ཀྱི་དབང་དུ་མི་འགྲོའི་སེམས་དེའི་དབང་དུ་འགྲོའོ། །སེམས་དེའི་དབང་དུ་གྱུར་ན་ཆོས་ཐམས་ཅད་ལ་དབང་དུ་གྱུར་པ་


DTG111_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་ཞེས་གསུངས་སོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་རྣམ་པར་གནོན་པའི་བློ་གྲོས་ཀྱིས་གསོལ་པ། ཆོས་ཆོས་ཞེས་བགྱི་བའི་ཆོས་གང་ལགས་པ་དེ་ནི་ཡུལ་ན་མི་གནས་ཕྱོགས་ན་མི་གནས་ཏེ་གཞན་དུ་ན་ཆོས་ནི་རང་གི་སེམས་ལ་རག་ལས་སོ། །དེ་ལྟ་བས་ན་བདག་གིས་རང་གི་སེམས་ཤིན་ཏུ་གཟུང་བ་དང༌། ཤིན་ཏུ་མཐར་ཐུག་པ་དང༌། ཤིན་ཏུ་ཐུལ་བ་དང༌། ཤིན་ཏུ་མཉམ་པར་བརྩམ་པ་དང༌། ཤིན་ཏུ་ཚར་གཅད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་གང་ན་ཡོད་པ་དེ་ན་ཡོན་ཏན་དང་ཉེས་པ་རྣམས་ཡོད་ཀྱི། སེམས་མེད་པ་ལ་ནི་ཡོན་ཏན་དང་ཉེས་པ་རྣམས་མེད་དོ་སྙམ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་ཉེས་པ་རྣམས་ལས་སེམས་བཟློག་ནས་ཡོན་ཏན་རྣམས་ལ་འཇུག་སྟེ། དེ་ལྟ་བས་ན་ཆོས་ནི་སེམས་ལ་རག་ལས་བྱང་ཆུབ་ནི་ཆོས་ལ་རག་ལས་ཞེས་བགྱིའོ། །བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་འཛིན་པ་ལགས་ཏེ། བདེ་བར་མངོན་བར་རྫོགས་པར་བྱང་ཆུབ་པར་འགྱུར་རོ་ཞེས་གསུངས་སོ། །འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་ཀྱང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ནི་རང་གི་སེམས་ལ་བརྟེན་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་གདུལ་བ་ནི་རང་གི་སེམས་ལ་བརྟེན་ཏོ། །དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུ་བདག་འདི་སྙམ་དུ་སེམས་ཏེ། དགེ་བའི་རྩ་བ་ཐམས་ཅད་ཀྱིས་རང་གི་སེམས་ཉེ་བར་བརྟན་པར་བྱའོ། །ཆོས་ཀྱི་སྤྲིན་རྣམས་ཀྱིས་རང་གི་སེམས་ཡོངས་སུ་བརླན་པར་བྱའོ། །སྒྲིབ་པར་འགྱུར་པའི་ཆོས་རྣམས་ལས་རང་གི་སེམས་ཡོངས་སུ་སྦྱང་བར་བྱའོ། །བརྩོན་འགྲུས་ཀྱིས་རང་གི་སེམས་བརྟན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་བརྗོད་པ་ཡིན་ནོ། །དེ་བཞིན་དུ་དེ་ཉིད་ལས། འཕགས་པ་ནོར་བཟངས་ལྷ་མོ་སྒྱུ་མ་མཐོང་བས་བརྐམ་པར་གྱུར་པ་ལ། གྲོང་གི་ལྷ་མོ་རིན་ཆེན་མིག་གིས་དེ་མཐོང་བའི་དོན་དུ་འདི་སྐད་ཅེས་རྗེས་སུ་བསྟན་ཏེ། རིགས་ཀྱི་བུ་ཁྱོད་ཀྱིས་འཁོར་བའི་ཡུལ་ཐམས་ཅད་ལ་དགའ་བར་མི་གནས་པས་སེམས་ཀྱི་གྲོང་ཁྱེར་ཡོངས་སུ་


DTG111_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བ་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ལྷག་པར་དམིགས་པས་སེམས་ཀྱི་གྲོང་ཁྱེར་བརྒྱན་པ་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་ཕྲག་དོག་དང་སེར་སྣ་དང་གཡོ་དང་བྲལ་བས་སེམས་ཀྱི་གྲོང་ཁྱེར་ཡོངས་སུ་སྦྱང་བ་ལ་བརྩོན་བར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་ཆོས་ཐམས་ཅད་ཀྱི་རང་བཞིན་ངེས་པར་རྟོགས་པར་བྱ་བས་སེམས་ཀྱི་གྲོང་ཁྱེར་གྱི་ཡོངས་སུ་གདུང་བ་རབ་ཏུ་ཞི་བར་བྱ་བ་ལ་བརྩོན་བར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚོགས་ལ་བརྩོན་འགྲུས་ཆེན་པོའི་ཤུགས་རྣམ་པར་སྤེལ་བས་སེམས་ཀྱི་གྲོང་ཁྱེར་རྣམ་པར་སྤེལ་བ་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་བསམ་གཏན་དང༌། རྣམ་པར་ཐར་པ་དང་ཆོས་ཀྱི་གཞལ་མེད་ཁང་ཡངས་པའི་རྣམ་པར་སྤྱོད་པ་ལ་དབང་བསྒྱུར་བས་སེམས་ཀྱི་གྲོང་ཁྱེར་དང་གནས་ཀྱི་མཛོད་བརྒྱན་པ་དང་བསྲུང་བ་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་ཡང་དག་པ་སྒྲུབ་པའི་ས་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་ཐོབ་པར་བཙལ་བས་སེམས་ཀྱི་གྲོང་ཁྱེར་སྣང་བར་བྱ་བ་ལ་བརྩོན་བར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་འབྱུང་བའི་ཐབས་ཀྱི་ལམ་གྱིས་རང་གི་སེམས་ཀྱི་གྲོང་ཁྱེར་ཉེ་བར་བསྟན་པ་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་སྤྱད་པ་སྤྱོད་པའི་སྨོན་ལམ་མངོན་པར་བསྒྲུབ་པའི་སེམས་རྣམ་པར་དག་པས་སེམས་ཀྱི་གྲོང་ཁྱེར་གྱི་ར་བ་བརྟན་པ་མངོན་བར་བསྒྲུབ་པ་ལ་བརྩོན་བར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་ཉོན་མོངས་པ་དང་བདུད་ཀྱི་རིགས་ཀྱི་སྡིག་པའི་གྲོགས་པོ་དང་བདུད་ཀྱི་འཁོར་གྱིས་མི་ཆོམས་པར་བྱ་བས་སེམས་ཀྱི་གྲོང་ཁྱེར་རྒལ་དཀའ་བ་དང་མི་ཤིགས་པ་མངོན་པར་བསྒྲུབ་པ་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་བྱམས་པ་ཆེན་པོ་འགྲོ་བ་ཐམས་ཅད་ལ་རྒྱས་པར་དགའ་བས་སེམས་ཀྱི་གྲོང་


DTG111_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་རབ་ཏུ་རྒྱས་པར་བྱ་བ་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་མི་དགེ་བའི་ཆོས་ཐམས་ཅད་ཀྱི་གཉེན་པོ་ཆོས་ཀྱི་གདུགས་ཡངས་པ་བསྒྲུབ་པས་སེམས་ཀྱི་གྲོང་ཁྱེར་རབ་ཏུ་དགའ་བ་ལ་བརྩོན་པར་གྱིས་ཤིག ། རིགས་ཀྱི་བུ་ཁྱོད་ཀྱིས་ཕྱི་ནང་གི་དངོས་པོ་འགྲོ་བ་ཐམས་ཅད་ལ་བསྟབས་པའི་ཕྱིར་སེམས་ཀྱི་གྲོང་ཁྱེར་གྱི་སྒོ་དབྱེ་བ་ལ་བརྩོན་པར་བགྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་མི་དགེ་བའི་ཆོས་ཀྱི་རྒྱུད་ཐམས་ཅད་མི་སྲིད་པར་བྱ་བས་སེམས་ཀྱི་གྲོང་ཁྱེར་རབ་ཏུ་མཁྲང་བར་མངོན་པར་བསྒྲུབ་པ་ལ་བརྩོན་པར་གྱིས་ཤིག ། ཅེས་བྱ་བ་ནས། རིགས་ཀྱི་བུ་དེ་ལྟར་སེམས་ཀྱི་གྲོང་ཁྱེར་རྣམ་པར་དག་པར་བྱ་བ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཐམས་ཅད་བསྒྲུབ་པ་འཐོབ་པར་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཀྱི་གྲོང་ཁྱེར་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་དེའི་མདུན་ན་ནི་སངས་རྒྱས་མཐོང་བར་བྱ་བ་ལ་སྒྲིབ་པའམ་ཆོས་མཉན་པར་བྱ་བ་ལ་སྒྲིབ་པའམ་སྒྲིབ་པ་ཐམས་ཅད་མིག་ནས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟ་བས་ན་སེམས་ཡོངས་སུ་སྦྱང་བར་བྱ་བ་དེ་ཉིད་བྱང་ཆུབ་བྱང་ཆུབ་སེམས་དཔའ་དེའི་རྣམ་པར་གནས་པ་ཡིན་ནོ། །མི་གཡོ་བའི་སེམས་དང་ལྡན་པ་དེ་ནི། ཕྱི་རོལ་གཡོ་བ་བཟློག་པ་ཡིས། །སེམས་ནི་ཞི་གནས་མི་གཡོ་འགྱུར། །ཤེས་བཞིན་མེད་པའི་གཞན་གྱི་དབང་དུ་གྱུར་ཅིང་བརྗེད་པ་ནི་འདོད་པའི་དམིགས་པ་ལས་གཞན་དུ་ཁྲིད་པའི་ཕྱིར་སེམས་གཡོ་བར་འགྱུར་རོ། །གང་གི་ཚེ་དྲན་པ་དང་ཤེས་བཞིན་དང་ལྡན་ཞིང་ཕྱི་རོལ་དུ་གཡོ་བ་བཟློག་པར་གྱུར་པ་དེའི་ཚེ་དེའི་དབང་དུ་གྱུར་པས་དམིགས་པ་གཅིག་ལ་བཏགས་པས་ཇི་སྲིད་དུ་འདོད་པ་དེ་སྲིད་དུ་གནས་ལ། དེ་ལས་ཀྱང་སྔོན་བཞིན་དུ་ཕན་ཡོན་རྒྱ་ཆེར་འབྱུང་ངོ༌། །ལག་དང་པོ་པ་ཡིན་དུ་ཟིན་ཀྱང་སེམས་ཅན་གྱི་དོན་ལ་བཟོད་པ་ཉིད་དེ་པར་བྱེད་པའི་ཕྱིར་རོ། །ཇི་ལྟ་ཞེ་ན། ཀུན་དུ་མི་རྒོད་འཇམ་པ་དང༌། །རན་ཅིང་མཉེན་པར་སྨྲ་བ་ཡིས། །སྐལ་ཅན་སྐྱེ་བོ་འདུན་པར་འགྱུར། །གཟུང་བར་འོས་པའང་སྐྱེ་བར་


DTG111_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །འདི་ལྟ་སྟེ། སེམས་ཅན་འདུན་པར་བྱ་བ་དེ་ཉིད་བྱང་ཆུབ་སེམས་དཔའི་བྱ་བ་ཡིན་ཏེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བྱང་ཆུབ་སེམས་པ་འཕགས་པ་མཐོང་དགས་གསོལ་བ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཅི་ནས་སེམས་ཅན་རྣམས་ཀྱིས་མཐོང་མ་ཐག་ཏུ་དགའ་བར་འགྱུར་པ་དེ་ལྟ་དེ་ལྟར་བསྒྲུབ་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་བགྱི་བ་གཞན་མ་མཆིས་ཀྱི་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བར་བྱས་ཏེ། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའི་ཆོས་ཡང་དག་པར་བརྗོད་པ་ལགས་སོ་ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་མ་བྱས་ན་ཉེས་ཤེ་ན་སྨྲས་པ། དེ་ནི་གཟུང་འོས་མ་ཡིན་ན། །ཐལ་བས་གཡོགས་པའི་མེ་བཞིན་དུ། །འཇིག་རྟེན་རྒྱལ་བའི་མྱུ་གུ་བརྙས། །སེམས་ཅན་དམྱལ་ལ་སོགས་པར་སྲེག །སྔར་ཇི་སྐད་དུ་བསྟན་པ་ཡིན་ནོ། །གང་གི་ཕྱིར་དེ་ཉིད་ལ་བརྙས་པ་དེ་ཉིད་གནོད་པ་ཡིན་ཏེ། །དེ་ཕྱིར་རྒྱལ་བས་སྡོམ་པའི་མདོར། །གང་གིས་སེམས་ཅན་དང་འགྱུར། །དེ་ནི་བསྒྲིམས་ཏེ་རྣམ་སྤང་ཞེས། །དཀོན་མཆོག་སྤྲིན་ལས་བཀའ་སྩལ་ཏོ། །ཇི་སྐད་དུ། བྱང་ཆུབ་སེམས་དཔའི་ཡང་དག་པར་སྦྱང་པ་དེ་གང་ཞེ་ན། བྱང་ཆུབ་སེམས་དཔའ་གང་གི་ཕྱིར་དེ་ལ་སེམས་ཅན་རྣམས་མདང་པར་འགྱུར་བའི་གནས་མ་ཡིན་པར་མི་སྤྱོད། ཡུལ་མ་ཡིན་པར་མི་སྤྱོད། དུས་མ་ཡིན་པར་མི་སྨྲ་བ་ཡིན། དུས་མི་ཤེས་པ་མ་ཡིན་ཡུལ་མི་ཤེས་པ་མ་ཡིན། ཆོད་མི་ཤེས་པ་མ་ཡིན་ཏེ། དེ་སེམས་ཅན་རྗེས་སུ་བསྲུང་བ་དང་བདག་གི་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། སྤྱོད་ལམ་ཕུན་སུམ་ཚོགས་ཤིང་འཇམ་པར་སྨྲ་བ་དང༌། འདུ་འཛི་མི་མང་བ་དང༌། རབ་ཏུ་དབེན་པ་ལ་མངོན་པར་ཕྱོགས་པ་དང༌། བཞིན་གྱི་མདངས་རབ་ཏུ་དང་བ་ཡིན་ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང༌། གང་སེམས་ཅན་སྲུང་བ་དེ་ཚུལ་ཁྲིམས་སྲུང་བ་ཡིན་ནོ་ཞེས་བསྟན་ཏོ། །ཚུལ་འདིས་ནི་དོགས་པར་འགྱུར་བའི་བུད་མེད་དང་ལྷན་ཅིག་ཏུ་


DTG111_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

དབེན་བའི་གནས་ལ་སོགས་པར་གནས་པར་མི་བྱའོ་ཞེས་འཇིག་རྟེན་བསྲུང་བ་མཛད་པར་གྱུར་ཏོ། །དེ་ལྟར་ན་ལོངས་སྤྱོད་པའི་ཆུའམ་ཐང་ལ་གཅིན་དང་ཕྱི་ས་དང་མཆིལ་མ་དང་རྣག་ལ་སོགས་པ་སྨད་པ་རྣམས་དབེན་ཡང་རུང་མི་དབེན་ཡང་རུང་སྟེ་ལྷ་དང་མིའི་སེམས་བསྲུང་བའི་ཕྱིར་མི་འདོར་རོ། །དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་ཀྱང༌། ལྐོག་ཏུ་ལྷག་མར་བྱས་ཏེ། ལྷག་མ་མི་ཟ་བ་དག་ལ་བྱིན་ན་ཡི་དགས་ཀྱི་འགྲོ་བར་འགྱུར་རོ་ཞེས་གསུངས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས་ཀྱང༌། མ་དད་པ་སྤང་བའི་ཕྱིར་མདུན་དུ་སོ་ཤིང་བཟའ་བར་མི་བྱ་མཆིལ་མ་དོར་བར་མི་བྱའོ་ཞེས་གསུངས་སོ། །གུས་པ་དང་འཛེམ་པར་བྱ་བའི་ཆོ་ག་འདི་ནི་ཚངས་པ་མཚུངས་པར་སྤྱོད་པ་ཉི་ཚེ་ལ་བྱ་བ་མ་ཡིན་གྱི་ཐམས་ཅད་དུ་བྱ་བར་བལྟའོ། །མདོ་འདིར་ནི་དེ་དག་གི་མདུན་དུ་བྱས་ན་ཉེས་པ་ཤིན་ཏུ་ལྕི་བའི་འཇིགས་པ་བསྟན་པའི་ཕྱིར་ཚངས་པ་མཚུངས་པར་སྤྱོད་པའི་ཆེད་དུ་བསྟན་པ་ཡིན་ཏེ། ཇི་ལྟར་འདི་ཉིད་ལས་སྒྲ་དྲག་པོ་མི་བྱའོ་ཞེས་གསུངས་པའི་ཆོ་ག་འདི་ཉི་ཚེ་བ་མ་ཡིན་པ་བཞིན་ནོ། །དེ་སྐད་དུ་ཚངས་པས་ཞུས་པའི་མདོ་ལས་ཀྱང༌། བག་སར་བཞིན་དུ་བྱའོ་ཞེས་གསུངས་སོ། །དེ་བཞིན་དུ་སོ་སོར་ཐར་པ་ལས། འཇིག་རྟེན་མ་དད་པར་བྱེད་པར་བསྟན་པ་བརྟགས་ཏེ་བསལ་བར་བྱའོ། །དེ་ལ་རེ་ཞིག །ཁ་བཀང་བ་དང་སྒྲར་བཅས་དང༌། །ཁ་གདངས་ནས་ནི་བཟའ་མི་བྱ། །རྐང་པ་བརྐྱང་སྟེ་མི་འདུག་ཅིང༌། །ལག་པ་མཉམ་དུ་མི་མཉེའོ། །དེ་བཞིན་དུ་རང་གིས་ཀྱང་བརྟགས་པ་དང༌། མཐོང་བ་དང་ཐོས་པས་འཇིག་རྟེན་མ་དད་པར་འགྱུར་བ་བསྲུང་བར་བྱའོ།། །།བམ་པོ་དྲུག་པ། མ་དད་པར་བྱེད་པའི་ཚིག་སྤང་བ་ནི་བླ་སྟེ་དྲན་པ་བསྐུལ་བ་ཙམ་གྱི་ཕྱིར་བསྟན་པར་བྱའོ། །འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཚིག་ཞུམ་པ་མེད་པ་ཡིན། ཚིག་སུབ་སུབ་པོ་མེད་པ་ཡིན། ཚིག་ནོག་ནོག་པོ་མེད་པ་ཡིན། འབར་བར་བྱེད་པའི་ཚིག་མེད་པ་ཡིན། ཅོ་འདྲི་བའི་ཚིག་མེད་པ་ཡིན། འདོད་ཆགས་ཀྱི་རྗེས་སུ་ཆགས་པའི་ཚིག་མེད་པ་ཡིན། ཕལ་པའི་ཚིག་མེད་པ་ཡིན། ཀུན་དུ་མ་བསྲུངས་བའི་ཚིག་མེད་པ་ཡིན། གནོད་སེམས་འབར་བའི་ཚིག་མེད་པ་ཡིན། འཐབ་པ་དང་རྩོད་པ་དང་འགྱེད་པའི་ཚིག་མེད་པ་ཡིན། ཐོབ་ཀྱིས་འཇལ་བའི་ཚིག་མེད་པ་ཡིན།


DTG111_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་འགྱུར་བ་མེད་པ་ཡིན། ཚིག་མི་བརྟན་པ་མེད་པ་ཡིན། མུ་ཅོར་སྨྲ་བའི་ཚིག་མེད་པ་ཡིན། གར་གྱི་ལྟད་མོ་ལྟ་བའི་ཚིག་མེད་པ་ཡིན། ངོར་སྐུར་པ་འདེབས་པའི་ཚིག་མེད་པ་ཡིན་ནོ་ཞེས་གསུངས་སོ། །འཕགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་ཀྱང༌། ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའི་ངག་ནི་ཆགས་པའམ་སྡང་པའམ། རྨོངས་པའམ། ཉོན་མོངས་པའམ། ཐོགས་པའམ། ཉེ་བར་ཐོགས་པའམ། རང་གི་ཕྱོགས་བསྟོད་པའི་ཚིག་གམ། གཞན་གྱི་ཕྱོགས་ཚར་གཅོད་པའི་ཚིག་གམ། བདག་བསྟོད་པ་ལ་རྗེས་སུ་ཆགས་པའི་ཚིག་གམ། གཞན་གྱི་བསྟོད་པ་ལ་བར་དུ་གཅོད་པའི་ཚིག་གམ། ཁ་འོག་ཏུ་ལུས་འཁྲུས་པར་མི་བྱེད་པའི་ཚིག་གམ། མངོན་པའི་ང་རྒྱལ་གྱིས་བརྡ་སྤྲོད་པའི་ཚིག་མི་འབྱིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཕགས་པ་ས་བཅུ་པའི་མདོ་ལས་ཀྱང༌། ངག་གང་དག་ཡིད་དུ་མི་འོང་བས་སྙིང་ན་བར་བྱེད་ཅིང༌། གདུང་བར་བྱེད་པ་དང༌། བདག་གི་རྒྱུད་དང་གཞན་གྱི་རྒྱུད་མ་རུང་བར་བྱེད་པའི་ཚིག་གི་རྣམ་པ་དེ་ལྟ་བུ་སྤངས་ཏེ། ངག་འདི་འཇམ་པ་དང་མཉེན་པ་དང༌། ཡིད་དུ་འོང་བ་དང༌། བརྫུན་མ་ཡིན་པ་དང༌། རྣར་སྙན་པ་དང༌། སྙིང་དུ་སྡུག་པ་དང༌། གྲོང་ཁྱེར་བ་དང༌། སྐྱེ་བོ་མང་པོའི་ཡིད་དུ་འོང་བ་དང༌། ཡིད་དགའ་བར་བྱེད་པ་དང༌། ཡིད་ཚིམ་པར་བྱེད་པས་བདག་གི་རྒྱུད་དང་གཞན་གྱི་རྒྱུད་དང་བར་བྱེད་པ་དང༌། ལན་ལེགས་པར་ལྡོན་པའི་ཚིག་དང༌། དུས་སུ་སྨྲ་བ་དང༌། ཡང་དག་པར་སྨྲ་བ་དང༌། ཆོས་སྨྲ་བ་དང༌། རིགས་པ་སྨྲ་བ་དང༌། འདུལ་བ་སྨྲ་བ་དེ་ལྟ་བུའི་ཚིག་བརྗོད་དེ། དེ་ཐ་ན་བཞད་གད་དུ་བྱ་བའི་ཚིག་ཡོངས་སུ་སྤང་བར་བྱ་བ་ཡང་ཡོངས་སུ་སྤོང་ན། ཚིག་གིས་གཞན་རྣམ་པར་གཡེང་བ་ལྟ་ཅི་སྨོས་ཞེས་བྱ་བའི་བར་དུ་གསུངས་སོ། །འཕགས་པ་ནམ་མཁའ་མཛོད་ཀྱི་མདོ་ལས་ཀྱང༌། བླ་མའི་ངག་མི་གཅོག་པ་དང་ཕ་རོལ་གྱི་ཚིག་མི་ཟློག་པས་ཚིག་གཟུང་བར་འོས་པར་འགྱུར་རོ་ཞེས་གསུངས་སོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་གསོལ་བ་ལས་ཀྱང༌། བྱང་ཆུབ་སེམས་དཔའི་གང་གིས་སེམས་ཅན་རྣམས་ལ་གནོད་པར་འགྱུར་བའི་ཚིག་དེ་སྨྲ་བར་མི་བགྱིའོ། །གང་གིས་གཞན་ལ་གདུང་བར་འགྱུར་


DTG111_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚིག་དེ་སྨྲ་བར་མི་བགྱིའོ། །བྱང་ཆུབ་སེམས་དཔའ་གང་གཞན་གྱིས་འཚལ་བར་མི་འགྱུར་བའི་ཚིག་དེ་སྨྲ་བར་མི་བགྱིའོ། །གང་གཞན་གྱི་དོན་མ་ལགས་པ་དང༌། དོན་མ་མཆིས་པའི་ཚིག་དེ་སྨྲ་བར་མི་བགྱིའོ། །གང་སེམས་ཅན་རྣམས་ཀྱི་སྙིང་ལ་མི་འབབ་པ་དང༌། འཁོར་གོ་བ་མ་ལགས་པ་དང་རྣར་མི་སྙན་བའི་ཚིག་དེ་སྨྲ་བར་མི་བགྱིའོ་ཞེས་གསུངས་སོ། །མདོར་ན་གཞན་དད་པར་མི་འགྱུར་བ་བསྲུང་བར་བྱ་བར་འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་བསྟན་ཏེ། གཞན་ཡང་ཐེག་པ་ཆེན་པོ་སྡུད་པར་འགྱུར་བའི་ཆོས་གཅིག་སྟེ། བདག་གིས་འཁྲུལ་པ་ལ་རྟོག་པས་སེམས་ཅན་ཐམས་ཅད་རྗེས་སུ་སྲུང་བའོ་ཞེས་བྱའོ། །གང་གིས་སེམས་ཅན་ཐམས་ཅད་སྲུང་བར་བྱེད་པ་འདི་ནི་བདག་ལུས་བསྲུང་བ་སྟེ། ཅི་ནས་གཞན་དག་གིས་མ་རུང་བར་མི་འགྱུར་བ་དང་ཅི་ནས་གཞན་དག་རུང་བར་མི་འགྱུར་བའོ། །གཞུང་རྒྱས་པ་འདིའི་དོན་བསྡུས་པ་འདི་ནི་བྱང་ཆུབ་སེམས་དཔས་ཡིད་ཀྱིས་རྟག་ཏུ་གཟུང་བར་བྱ་སྟེ། །ཤིན་ཏུ་ངེས་ཤིང་རབ་དད་དང༌། །བརྟན་ཞིང་གུས་བཅས་ཞེ་སར་བཅས། །ངོ་ཚར་བཅས་ཤིང་འཇིགས་བཅས་དང༌། །ཞི་ཞིང་གཞན་དགའ་བྱེད་ལ་བརྩོན། །ཕན་ཚུན་མི་མཐུན་བྱིས་པ་ཡི། །འདོད་པ་རྣམས་ཀྱིས་མི་སྐྱོ་ཞིང༌། །ཉོན་མོངས་སྐྱེས་པས་འདི་དག་གི །སེམས་འདི་ཡིན་སྙམ་བརྩེར་ལྡན་དང༌། །ཁ་ན་མ་ཐོ་མེད་དངོས་ལ། །བདག་དང་སེམས་ཅན་དབང་བྱས་ནས། །སྤྲུལ་པ་བཞིན་དུ་ང་མེད་པར། །ཡིད་ནི་རྟག་ཏུ་གཟུང་བར་བྱ། །ཞེས་བྱ་བའོ། །ཅི་བདག་བསྲུང་བ་འདི་དེ་ཙམ་དུ་ཟད་དམ་ཞེ་ན་མ་ཡིན་ནོ། །འོ་ན་ཅི་ཞེ་ན། །སྨན་དང་གོས་ལ་སོགས་བཅས་པས། །དེ་ལ་སྨན་ནི་རྣམ་པ་གཉིས་ཏེ། གཏན་དུ་བའི་སྨན་དང་ན་བའི་རྐྱེན་སྨན་ནོ། །དེ་ལ་གཏན་དུ་བའི་སྨན་གྱི་དབང་དུ་བྱས་ཏེ། འཕགས་པ་དཀོན་མཆོག་སྤྲིན་ལས། བསོད་སྙོམས་དེ་ལས་ཆ་གཅིག་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་སྤྱིར་གཞག་གོ །གཉིས་པ་ནི་སྡུག་བསྔལ་བ་རྣམས་ཀྱི་སྤྱིར་གཞག་གོ །གསུམ་པ་ནི་སེམས་ཅན་ལོག་པར་ལྟུང་བ་རྣམས་ཀྱི་སྤྱིར་གཞག་གོ །ཆ་བཞི་པ་ནི་བདག་ཟའོ། །དེ་ཟ་བ་ན་འདོད་ཆགས་མེད་པར་ཟ་སྟེ་ཆགས་པར་མ་ཡིན་བརྐམ་པར་མ་


DTG111_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཞེན་པར་མ་ཡིན་གྱི་གཞན་དུ་ན་ཇི་ཙམ་དུ་ལུས་གནས་པར་འགྱུར་བ་དང་འཚོ་བར་བྱ་བའི་ཕྱིར་ཟ་སྟེ་ཇི་ལྟར་ཧ་ཅང་ཡང་ཉམས་དམའ་བ་དང་ཧ་ཅང་ཡང་ལུས་ལྕི་བར་མི་འགྱུར་བ་དེ་ལྟར་ཟའོ། །དེ་ཅིའི་ཕྱིར་ཞེ་ན། ཧ་ཅང་ཡང་ཉམས་དམས་ན་ནི་དགེ་བའི་ཕྱོགས་ལ་རྒྱབ་ཀྱིས་བལྟས་པར་འགྱུར་རོ། །ལུས་ཧ་ཅང་ཡན་ལྕིས་ན་ནི་གཉིད་ཀྱིས་ནོན་པར་འགྱུར་རོ། །དེ་བས་ན་བསོད་སྙོམས་དེ་ཟོས་ནས་དགེ་བའི་ཕྱོགས་ལ་མངོན་དུ་ཕྱོགས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཕགས་པ་རིན་པོ་ཆེའི་ཕུང་པོའི་མདོ་ལས། དེས་གྲོང་ངམ་གྲོང་ཁྱེར་རམ་གྲོང་རྡལ་དུ་བསོད་སྙོམས་སྤྱོད་པ་ན་ཆོས་ཀྱི་གོ་ཆ་བགོས་ལ་བསོད་སྙོམས་སྤྱད་པར་བྱའོ། །དེ་ལ་ཆོས་ཀྱི་གོ་ཆ་གང་ཞེ་ན། མིག་གིས་ཡིད་དུ་འོང་བའི་གཟུགས་རྣམས་མཐོང་ན་རྗེས་སུ་ཆགས་པར་མི་བྱའོ། །ཡིད་དུ་མི་འོང་བའི་གཟུགས་རྣམས་མཐོང་ན་ཁོང་ཁྲོ་བར་མི་བྱའོ། །དེ་བཞིན་དུ་སྒྲ་དང་དྲི་དང་རོ་དང་རེག་པ་ཡིད་དུ་མི་འོང་བ་དང༌། ཡིད་དུ་འོང་བ་རྣམས་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བར་མི་བྱའོ། །དབང་པོ་ཤིན་ཏུ་བསྡམས་པ་དང་མིག་མི་གཡེང་བ་དང་གཉའ་ཤིང་གང་ཙམ་དུ་བལྟ་བ་དང་དུལ་བ་དང་ཅང་ཤེས་ཀྱི་སེམས་དང་སྔོན་ཡིད་ལ་བྱེད་པའི་ཆོས་མི་འདོར་བ་དང་ཟང་ཟིང་གིས་མ་འབགས་པའི་རྒྱུད་ཀྱིས་བསོད་སྙོམས་སྤྱད་པར་བྱའོ། །མཐར་ཆགས་སུ་བསོད་སྙོམས་བླང་བར་བྱའོ། །གང་ནས་བསོད་སྙོམས་རྙེད་པ་དེར་རྗེས་སུ་ཆགས་པར་མི་བྱའོ། །གང་ནས་མ་རྙེད་པ་དེར་ཡང་ཁོང་ཁྲོ་བར་མི་བྱའོ། །ཁྱིམ་བཅུར་བསླངས་པ་ལས་ཁྱིམ་བཅུ་གཅིག་པ་ལས་བསོད་སྙོམས་མ་རྙེད་ན་ཡང་ཡོངས་སུ་ཡི་ཆད་པར་མི་བྱའི། དེ་འདི་སྙམ་དུ་བྲམ་ཟེ་དང་ཁྱིམ་བདག་འདི་དག་ནི་བྱ་བ་མང་བ་དག་ཡིན་པས་དེ་དག་གིས་བདག་ལ་སྦྱིན་པར་ངེས་པ་མེད་དེ་དེ་དག་བདག་ལ་སེམས་པ་ཡང་ངོ་མཚར་ཆེ་ན་བསོད་སྙོམས་སྦྱིན་པ་ལྟ་སྨོས་ཀྱང་ཅི་དགོས་སྙམ་པའི་འདུ་ཤེས་བསྐྱེད་པར་བྱ་སྟེ། དེས་དེ་ལྟར་ཡོངས་སུ་ཡི་ཆད་པ་མེད་པར་བསོད་སྙོམས་སྤྱད་པར་བྱའོ། །སེམས་ཅན་གང་དག་དེའི་མིག་ལམ་དུ་སྣང་བར་གྱུར་པ་སྐྱེས་པ་དང་བུད་མེད་དང་ཁྱེའུ་དང་བུ་མོ་དང་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་དེ་དག་ལ་ཡང་བྱམས་པ་དང་སྙིང་རྗེའི་སེམས་


DTG111_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པར་བྱའོ། །ཇི་ནས་ཀྱང་སེམས་ཅན་གང་དག་བདག་གི་མིག་ལམ་དུ་སྣང་བར་གྱུར་པའམ་བསོད་སྙོམས་སྦྱིན་པ་དེ་དག་མཐོ་རིས་སུ་འགྲོ་བར་འགྱུར་བ་དེ་ལྟར་བྱའོ། །དེ་ལྟར་བརྩོན་པར་བྱའོ། །དེས་བསོད་སྙོམས་ངན་ནམ་བཟང་ཡང་རུང་བླངས་ཏེ། གྲོང་ངམ་གྲོང་ཁྱེར་རམ་གྲོང་རྡལ་འདི་ན་བདག་གི་བསོད་སྙོམས་འདི་ལ་བགོ་བཤའ་བྱ་དགོས་པའི་སེམས་ཅན་དབུལ་པོ་སུ་ཡོད་སྙམ་དུ་ཕྱོགས་བཞི་ཀུན་དུ་བལྟ་བར་བྱའོ། །གལ་ཏེ་སེམས་ཅན་དབུལ་པོ་ཞིག་མཐོང་ན་དེས་བསོད་སྙོམས་དེ་ལ་བགོ་བཤའ་བྱའོ། །གལ་ཏེ་སེམས་ཅན་དབུལ་པོ་མ་མཐོང་ན་དེས་འདི་ལྟར་གང་དག་བདག་གི་མིག་ལམ་དུ་སྣང་བར་མ་གྱུར་ཏེ། མི་སྣང་བའི་སེམས་ཅན་དེ་དག་ལ་བསོད་སྙོམས་ཀྱི་ཐོག་མའི་ཆ་སྐལ་སྦྱིན་གྱི་བྱིན་ནས་ལེན་པ་དག་ཡོངས་སུ་སྤྱོད་ཅིག་སྙམ་དུ་སེམས་བསྐྱེད་ལ། དེས་བསོད་སྙོམས་དེ་ཁྱེར་ཏེ་དགོན་པའི་གནས་དེར་སོང་ལ་ལྷུང་བཟེད་དང་ལག་པ་བཀྲུས་ཏེ། དགེ་སྦྱོང་གི་སྤྱོད་པ་ཆོ་ག་དག་ལྡན་པའི་སྤྱོད་པ་བཟང་པོས་བྱིན་གྱིས་བརླབས་ལ་དེས་སྐྱིལ་མོ་ཀྲུང་བཅས་ཏེ་བསོད་སྙོམས་དེ་བཟའ་བར་བྱའོ། །དེ་བཞིན་དུ་སྦྱར་ཏེ། ཟས་ཟོས་ནས་འདི་སྙམ་དུ་ལུས་འདི་ལ་སྲིན་བུའི་རིགས་བརྒྱད་ཁྲི་ཡོད་པ་དག་འདིའི་མཐུས་བདེ་བར་གནས་པར་གྱུར་ཅིག །ད་ལྟ་ནི་འདི་དག་ཟང་ཟིང་གིས་བསྡུ་བར་བྱའོ། །བྱང་ཆུབ་ཐོབ་ནས་ནི་ཆོས་ཀྱིས་བསྡུ་བར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །གལ་ཏེ་དེའི་ཉུང་བར་གྱུར་ན་དེས་འདི་སྙམ་དུ་ཁ་ཟས་ཉུང་བས་ནི་བདག་གི་ལུས་ཡང་བར་འགྱུར། སྤོང་བ་བཟོད་པར་འགྱུར། བདག་གི་བཤང་གཅི་འབྱུང་བ་ཉུང་བར་འགྱུར། བདག་ལ་དད་པས་བྱིན་པ་ཆུང་བར་འགྱུར། བདག་གི་ལུས་ཡང་བ་དང་སེམས་ཡང་བར་འགྱུར། བདག་རྨུགས་པ་དང་གཉིད་ཆུང་བར་འགྱུར་རོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ། གལ་ཏེ་དེས་བསོད་སྙོམས་མང་ཞིག་རྙེད་ན་དེ་ལ་ཡང་རན་བར་བཟའ་བར་བྱའོ། །དོར་བའི་ཆོས་ཉིད་དུ་ཡང་བྱ་སྟེ། བསོད་སྙོམས་དེ་ལས་རྡོ་ལེབ་གང་ཡང་རུང་བའི་སྟེང་དུ་གཏོར་ལ་འདི་སྙམ་དུ་གཅན་གཟན་དང་བྱའི་ཚོགས་གང་ལ་ལ་ཟང་ཟིང་གི་ཟས་འདོད་པ་བྱིན་


DTG111_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལེན་པ་དེ་དག་བྱིན་པའི་སྦྱིན་པ་བྱིན་པ་འདི་ལ་ཟོ་ཞིག་སྙམ་དུ་སེམས་བསྐྱད་པར་བྱའོ་ཞེས་གསུངས་སོ། །ཡང་བཀའ་སྩལ་པ། དེས་ཁ་ཟས་བཟང་པོ་རྣམས་ལ་རོ་བྲོ་བའི་འདུ་ཤེས་ཐམས་ཅད་ཀྱི་ཐམས་ཅད་དུ་བསྐྱེད་པར་མི་བྱའོ། །དེས་འདི་ལྟར་བདག་གིས་གདོལ་བུ་ལྟ་བུ་དང་ལུས་དང་སེམས་གཙང་མར་བྱའི་ཁ་ཟས་ཀྱིས་ལུས་གཙང་མར་ནི་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཟས་བཟང་པོ་ཇི་སྙེད་ཅིག་ཟོས་ཀྱང་དེ་ཐམས་ཅད་ནི་ཐ་མར་རྣག་ཏུ་ཟག་གོ །ཐ་མར་མི་མཐུན་ནོ། །ཐ་མར་དྲི་ང་བའོ། །དེ་ལྟ་བས་ན་བདག་གིས་ཟས་བཟང་པོ་འདོད་པར་མི་བྱའོ་སྙམ་དུ་བསླབ་པར་བྱའོ། །དེ་བཞིན་དུ་སྦྱར་རོ། །དེས་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། བདག་ལ་སྐྱེས་པ་བསོད་སྙོམས་སྟེར་གྱི་བུད་མེད་ནི་མ་ཡིན་ནོ་ཞེའམ། བདག་ལ་བུད་མེད་བསོད་སྙོམས་སྟེར་གྱི་སྐྱེས་པ་ནི་མ་ཡིན་ནོ་ཞེའམ། བདག་ལ་ཁྱེའུ་བསོད་སྙོམས་སྟེར་གྱི་བུ་མོ་ནི་མ་ཡིན་ནོ་ཞེའམ། བདག་ལ་བུ་མོ་བསོད་སྙོམས་སྟེར་གྱི་ཁྱེའུ་ནི་མ་ཡིན་ནོ་ཞེའམ། བདག་གིས་བཟང་པོ་རྙེད་ཀྱི་ངན་པ་ནི་མ་ཡིན་ནོ་ཞེ་འམ། བདག་གིས་བསྟི་སྟང་དུ་བྱས་ནས་རྙེད་ཀྱི་བསྟི་སྟང་མ་བྱས་པར་ནི་མ་ཡིན་ནོ་ཞེའམ། བདག་གིས་བདེ་བླག་ཏུ་རྙེད་ཀྱི་ཤ་ཐང་པར་ནི་མ་ཡིན་ནོ་ཞེའམ། བདག་ལ་སྐྱེས་པ་དང་བུད་མེད་དང༌། ཁྱེའུ་དང་བུ་མོ་རྩི་བར་འགྱུར་རོ་ཞེའམ། ཕྱིན་མ་ཐག་ཏུ་བདག་ལ་སེམས་པར་འགྱུར་རོ། །བདག་སྡོད་དགོས་པར་འགྱུར་རམ། ཤིན་ཏུ་བསྡོགས་པ་རྙེད་པར་འགྱུར་རམ། བདག་གིས་བཟང་པོ་རོ་སྣ་ཚོགས་དང་ལྡན་པ་རྙེད་པར་འགྱུར་གྱི་དབུལ་པོའི་ཟས་ལྟ་བུ་ངན་པ་ནི་རྙེད་པ་མ་ཡིན་ནོ་སྙམ་དུ་དེས་མི་དགའ་བ་ཡིད་ལ་བྱེད་པ་ཐམས་ཅད་བསྐྱེད་པར་མི་བྱའོ། །དེ་བཞིན་དུ་སྦྱར་ཏེ། སེམས་ཅན་ཕལ་ཆེར་ནི་རོ་ལ་བརྐམ་སྟེ། ཟས་ཀྱི་ཕྱིར་སྡིག་པའི་ལས་རྣམས་བྱས་ནས་སེམས་ཅན་དམྱལ་བར་སྐྱེའོ། །གང་དག་ཆོས་ཤེས་པ་མི་བརྐམ་པ་མ་ཞེན་པ་རོ་ལ་མི་གདུ་བ་ལྕེའི་དབང་པོ་ཆོག་ཤེས་པ་ཟས་ངན་ངོན་ཇི་ཙམ་གྱིས་ཀྱང་འཚོ་བ་དེ་དག་ནི་ཤི་འཕོས་ཏེ་ཤི་བའི་དུས་བྱས་ནས་མཐོ་རིས་སུ་སྐྱེ་བར་འགྱུར། ལྷ་དང་མི་རྣམས་ཀྱི་ནང་དུ་བདེ་འགྲོར་འགྲོ་བར་འགྱུར། ལྷར་སྐྱེས་ནས་བདུད་རྩི་ཟ་བར་འགྱུར་རོ། །འོད་


DTG111_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སྲུངས་དེ་ལྟར་ན་བསོད་སྙོམས་སྤྱོད་པའི་དགེ་སློང་གིས་རོ་ལ་སྲེད་པ་ཟློག་སྟེ། སེམས་ངེས་པར་སེམས་པས་ལྷད་ཟན་ཞག་བདུན་ལོན་པ་ཟ་ཡང་ཡི་འཆད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལུས་གསོ་བ་དང་འཕགས་པའི་ལམ་གྱི་ཚོགས་བསགས་པའི་དོན་དུ་བདག་གིས་ཟས་བཟའོ་སྙམ་པའི་ཕྱིར་རོ། །དེ་བཞིན་དུ་སྦྱར་ཏེ། འོད་སྲུངས་གལ་ཏེ་སྤྲིན་འདུས་ཤིང་ཆར་འབབ་སྟེ། བསོད་སྙོམས་སྤྱོད་པའི་དགེ་སློང་བསོད་སྙོམས་ལ་འཇུག་མི་ནུས་པའི་དུས་ཀྱི་ཚེ། བྱམས་པའི་ཟས་ཀྱི་གོ་བགོ་སྟེ། ཆོས་སེམས་པ་ཡིད་ལ་བྱེད་པ་ལ་གནས་ནས་ཞག་གཉིས་སམ་ཞག་གསུམ་ཞིག་ཟན་ཆད་ན། འདི་ལྟར་ཡི་དགས་གཤིན་རྗེའི་འཇིག་རྟེན་པ་ཉེས་པར་བྱེད་པའི་ལས་བྱས་པ་གང་དག་ལོ་བརྒྱར་ཡང་མཆིལ་མའི་ཐལ་བ་འགའ་བཟའ་མི་རྙེད་པ་དག་ཀྱང་ཡོད་དེ། དེ་ལྟ་བས་ན་བདག་ཚུལ་བཞིན་དུ་ཆོས་སེམས་པ་ལ་གནས་པས། ལུས་ཉམ་ཆུང་བའམ་སེམས་ཉམ་ཆུང་བ་བསྐྱེད་པར་མི་བྱ་སྟེ། བཀྲེས་པ་དང་སྐོམ་པས་ཇི་མི་སྙམ་པར་བྱའོ། །འཕགས་པའི་ལམ་བསྒོམ་པ་ལ་བརྩོན་འགྲུས་རྒྱུན་མི་འཆད་པར་བྱའོ་སྙམ་དུ་འདུ་ཤེས་བསྐྱེད་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ། ཁྱིམ་གང་ན་བསོད་སྙོམས་གཙང་མ་བྱེད་པའི་ཁྱིམ་དེར་སྟན་ལ་འདུག་སྟེ་བསོད་སྙོམས་གཙང་མ་བྱེད་མ་ཟིན་གྱི་བར་དུ་ཆོས་ཀྱི་གཏམ་བརྗོད་པར་བྱའོ། །དེ་ནས་བསོད་སྙོམས་དེ་བླངས་ལ་སྟན་ལས་ལངས་ཏེ་འགྲོ་བར་བྱའོ། །འོད་སྲུངས་བསོད་སྙོམས་སྤྱོད་པའི་དགེ་སློང་གིས་འཁོང་བར་མི་བྱ། ཁ་གསག་མི་བྱ། ཚུལ་འཆོས་པར་མི་བྱའོ། །དེ་ལ་འཁོང་བ་གང་ཞེ་ན། གང་གཞན་དག་ལ་ཚིག་འདི་སྐད་དུ་སྨྲ་བ་སྟེ། བདག་གི་བསོད་སྙོམས་ནི་ངན་པའོ་བདག་གི་བསོད་སྙོམས་ནི་རྩུབ་པའོ། །བདག་གིས་སྔོན་འདི་ལྟ་བུ་དང་མ་འགྲངས་པར་མ་ཟོས་སོ། །བདག་གི་བསོད་སྙོམས་ནི་སྐྱེ་བོ་མང་པོ་དང་ཐུན་མོང་དུ་བྱས་སོ། །བདག་གིས་ཉུང་ཞིག་ཟོས་ཏེ་བདག་མ་འགྲངས་པས་བདག་གི་ལུས་ཉམ་ཆུང་ངོ་ཞེས་བྱ་བ་སྟེ་འདི་ལྟར་འཁོང་བའི་མཚན་མ་གང་ཅི་ཡང་རུང་བ་འདི་ལྟ་བུ་འདི་ནི་སེམས་ཀྱི་ཚུལ་འཆོས་པ་ཞེས་བྱ་སྟེ། དགེ་སློང་བསོད་སྙོམས་སྤྱོད་པས་དེ་དག་ཐམས་ཅད་མི་བྱའོ། །གང་ལྷུང་བཟེད་དུ་འོངས་པ་ངན་


DTG111_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རུང་བཟང་ཡང་རུང་ཉུང་ཡང་རུང་མང་ཡང་རུང་གཙང་ཡང་རུང་མི་གཙང་ཡང་རུང་སྟེ་དེ་བཟའ་བར་བྱའོ། །ཡོངས་སུ་གདུང་བ་མེད་པ་དང༌། བསམ་པ་ཡོངས་སུ་དག་པ་དང༌། ཆོས་ངེས་པར་སེམས་པ་མང་བ་དང༌། ལུས་གསོ་བ་དང་འཕགས་པའི་ལམ་ཉེ་བར་བསྟན་པའི་ཕྱིར་དེས་བསོད་སྙོམས་བཟའ་བར་བྱའོ་ཞེས་བྱ་བའོ། །དེ་སྐད་དུ་དྲག་ཤུལ་ཅན་གྱིས་བྱིན་པས་ཞུས་པའི་མདོ་ལས་ཀྱང༌། གང་ལ་ལ་བསོད་སྙོམས་བླངས་ཏེ། བདག་དང་གཞན་གྱི་དོན་རྫོགས་པར་བྱེད་ནུས་ན་ངས་བྱང་ཆུབ་སེམས་དཔའ་དེ་མགྲོན་དུ་འགྲོ་བར་གནང་ངོ་ཞེས་གསུངས་སོ། །དེ་ལྟར་རེ་ཞིག་རྟག་ཏུ་བའི་སྨན་གྱིས་ལུས་བསྲུང་བར་བྱ་བ་ཡིན་ནོ། །དེ་ལ་ཡང་ཉ་དང་ཤས་ནི་མ་ཡིན་ཏེ། ལང་ཀར་གཤེགས་པའི་མདོ་ལས་བཀག་པའི་ཕྱིར་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱིས་ཤ་ཐམས་ཅད་མི་བཟའོ་ཞེས་བཤད་དོ། །དེ་བཞིན་དུ་སྦྱར་ཏེ། །འཁྲུལ་པ་དང་ནི་གཉེན་བཤེས་དང༌། །ཁུ་ཆུ་ཁྲག་ལས་བྱུང་བའི་ཕྱིར། །འབྱུང་པོ་རྣམས་ནི་དངང་འགྱུར་བས། །རྣལ་འབྱོར་ཅན་གྱིས་ཤ་མི་བཟའ། །ཤ་རྣམས་དང་ནི་སྒོག་བཙོང་དང༌། །ཆང་དག་རྣམ་པ་སྣ་ཚོགས་དང༌། །ཀེའུ་དང་སྒོག་སྐྱ་དེ་བཞིན་དུ། །རྣལ་འབྱོར་ཅན་གྱིས་རྟག་ཏུ་སྤང༌། །འབྲུ་མར་གྱིས་ཀྱང་བྱུགས་པ་སྤང༌། །ཁྲི་ལ་བརྟེན་པའི་སེམས་ཅན་རྣམས། །བུ་ག་བུ་གར་འཇིག་འགྱུར་ཕྱིར། །ཁྲི་ལ་ཉལ་བར་མི་བྱའོ། །དེ་བཞིན་དུ་སྦྱར་ཏེ། །ཁེ་ཡི་ཕྱིར་ནི་སེམས་ཅན་གསོད། །ཤ་ཡི་ཕྱིར་ནི་ནོར་སྦྱིན་བྱེད། །དེ་དག་གཉི་ག་སྡིག་པ་ཅན། །ངུ་འབོད་བྱེད་ལ་སོགས་པར་བཙོ། །གང་གིས་ཐུབ་པའི་ཚིག་འདས་ཏེ། །བསམ་པ་ངན་པས་ཤ་ཟ་ན། །འཇིག་རྟེན་གཉིས་ནི་གཞིག་པའི་ཕྱིར། །ཤཱཀྱའི་བསྟན་ལས་བརྟུལ་ཞུགས་བླངས། །ཤིན་ཏུ་མི་བཟད་དམྱལ་བར་ཡང༌། །སྡིག་པའི་ལས་ཅན་དེ་དག་འདོད། །མ་རུངས་དུ་འབོད་ལ་སོགས་སུ། །ཤ་ཟ་དེ་དག་བཙོ་བར་འགྱུར། །རྣམ་གསུམ་དག་པའི་ཤ་རྣམས་ནི། །མ་བརྟགས་པ་དང་མ་བླངས་དང༌། །མ་བསྐུལ་བ་ཡང་སྤོང་མེད་པས། །དེ་བས་ཤ་ནི་མི་བཟའོ། །རྣལ་འབྱོར་ཅན་གྱིས་ཤ་མི་བཟའ། །ང་དང་སངས་རྒྱས་དག་གིས་བཤད། །སེམས་ཅན་གཅིག་ལ་


DTG111_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཟ་བ། །ཤ་ཟ་དག་གི་རིགས་སུ་སྐྱེ། །དྲི་མི་ཞིམ་ཞིང་སྨད་པ་དང༌། །སྨྱོན་པ་རྣམས་སུ་སྐྱེ་བར་འགྱུར། །གདོལ་པ་སྨེ་ཤ་ཅན་རིགས་དང༌། །བཙོ་བླག་མཁན་དུ་ཡང་ཡང་སྐྱེ། །མཁའ་འགྲོའི་རིགས་ཀྱི་སྐྱེ་གནས་དང༌། །ཤ་ཟའི་རིགས་སུ་སྐྱེ་བར་འགྱུར། །མི་ཡི་ཐ་མ་དེ་དག་ནི། །སྲིན་པོ་བྱི་ལའི་མངལ་དུ་སྐྱེ། །གླང་པོ་རྩལ་དང་སྤྲིན་ཆེན་དང༌། །མྱ་ངན་འདས་དང་སོར་ཕྲེང་དང༌། །ལང་ཀར་གཤེགས་པའི་མདོ་ལས་ཀྱང༌། །ངས་ནི་ཤ་ཡང་རྣམ་པར་སྤངས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ཉན་ཐོས་རྣམས་ཀྱིས་སྨད་པ་ལ། །ངོ་མི་ཚ་བར་ཟ་བ་ནི། །རྟག་ཏུ་སྨྱོན་བར་སྐྱེ་བར་འགྱུར། །ཤ་ལ་སོགས་པ་སྤང་བའི་ཕྱིར། །བྲམ་ཟེའི་རིགས་དང་རྣལ་འབྱོར་ཅན། །ཤེས་རབ་ཅན་དང་ནོར་ལྡན་བར། །དེ་དག་རྣམས་ནི་སྐྱེ་བར་འགྱུར། །མཐོང་དང་ཐོས་དང་དོགས་པ་ཡིས། །ཤ་རྣམས་ཐམས་ཅད་རྣམ་པར་སྨད། །ཤ་ཟན་རིགས་སུ་སྐྱེས་པ་ཡི། །རྟོག་གེ་བ་རྣམས་མི་ཤེས་སོ། །ཇི་ལྟར་འདོད་ཆགས་ཐར་པ་ལ། །བར་ཆད་བྱེད་པར་འགྱུར་བ་བཞིན། །དེ་ལྟར་ཤ་དང་ཆང་ལ་སོགས། །བར་ཆད་བྱེད་པར་འགྱུར་བའོ། །མ་འོངས་པ་ཡི་དུས་ན་ནི། །ཤ་ཟ་གཏི་མུག་སྨྲ་བ་དག །ཤ་ནི་སྡིག་མེད་རུང་བའོ་ཞེས། །སངས་རྒྱས་རྣམས་ཀྱིས་བཤད་ཅེས་ཟེར། །ཟས་ལ་སྨན་དང་འདྲ་བ་དང༌། །བུ་ཡི་ཤ་དང་མཚུངས་པར་ཡང༌། །རན་པ་དང་ནི་མི་འཕྲོད་པར། །རྣལ་འབྱོར་ཅན་གྱིས་ཟས་ལ་སྤྱོད། །སེང་གེ་དག་དང་སྟག་རྣམས་དང༌། །ཝ་ལ་སོགས་དང་འགྲོགས་འགྱུར་བས། །ངས་ནི་བྱམས་པས་གནས་པ་ལ། །རྟག་པར་རྣམ་པ་ཀུན་དུ་སྨད། །ཐར་པའི་ཆོས་དང་འགལ་བའི་ཕྱིར། །མི་རྣམས་དང་བར་འགྱུར་བའི་ཤ །དེ་ཕྱིར་བཟའ་བར་མི་བྱ་སྟེ། །འདི་ནི་འཕགས་པའི་རྒྱལ་མཚན་ནོ། །ཞེས་གསུངས་སོ། །ཡེ་ཤེས་ལྡན་གྱི་ལེའུ་ལས། ཤ་ཟ་བ་གང་འབྱུང་བ་དེ་ནི་དོན་ཆེན་པོར་བསྒྲུབ་པའི་ཕྱིར་ཉེས་པ་མེད་དེ། དེ་ལས་འདི་སྐད་དུ། དགེ་སློང་འདི་ནི་འཆི་བའི་དུས་བགྱིས་ན། །འཛམ་བུའི་གླིང་དུ་ཏིང་འཛིན་སྒྲ་ཡང་ནི། །སེམས་ཅན་རྣམས་ལ་རྟག་ཏུ་ནུབ་པར་འགྱུར། །འདིས་གསོས་པས་ནི་ཏིང་འཛིན་རྣམས་ཀྱང་ཐོབ། །ཅེས་གསུངས་སོ། །དེ་ནི་


DTG111_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་ཆེན་པོ་ལ་མངོན་པར་བརྩོན་བ་སྟེ། དེ་ལ་བྱམས་པ་མེད་དུ་མི་དོགས་པས་ཉེས་པ་མེད་དོ། །འཕགས་པ་དཀོན་མཆོག་སྤྲིན་ལས། དུར་ཁྲོད་པས་ཤ་དང་འཕགས་པ་མེད་པར་བྱའོ་ཞེས་གསུངས་པ་གང་ཡིན་པ་དེ་ནི་དེ་ལས་གཞན་པའི་རང་བཞིན་ཅན་གྱི་སེམས་ཅན་གྱི་དོན་དུ་བསྟན་པའི་ཕྱིར་རོ། །འདུལ་བ་ལས་དེ་ལ་རྣམ་པ་གསུམ་ཡོངས་སུ་དག་པ་ཟོས་ན་སྤང་བའི་བར་ཆད་དུ་མི་འགྱུར་རོ་ཞེས་གང་གནང་བ་དེ་ནི་ཡོངས་སུ་སྤངས་པས་དག་པར་ལྟ་བ་རྣམས་ཀྱིས་མངོན་པའི་ང་རྒྱལ་བསལ་བ་དང༌། སྐལ་བ་ཡོད་ཀྱང་དེ་ལ་ཆགས་པས་བསྟན་པ་ལ་འཇུག་མི་ནུས་པ་སྤང་བའི་ཕྱིར་རོ། །དེ་སྐད་དུ་ལང་ཀར་གཤེགས་པའི་མདོ་ལས་ཀྱང༌། བསྟན་པ་བརྗོད་པ་དེ་དང་དེ་ལས་བསླབ་པའི་གཞི་རིམ་པར་བཅའ་བ་སྐས་ཀྱི་གདང་བུ་བྲེ་བའི་ཚུལ་དུ་རྣམ་པ་གསུམ་བཅས་ནས་དེའི་ཆེད་དུ་བྱས་པ་རྣམས་ཀྱང་བཀག་སྟེ། དེ་ནས་ཐ་ན་རང་ཤི་བ་བཅུའི་ཤ་ཡང་བཀག་གོ་ཞེས་གསུངས་སོ། །རྟག་ཏུ་བའི་སྨན་བཤད་ཟིན་ཏོ། །ན་བའི་གསོས་སྨན་ཡང་བརྗོད་པར་བྱ་བ་ཉིད་དོ། །བདག་གི་དོན་དང་ཚངས་པར་སྤྱོད་པ་གནས་པར་བྱ་བའི་ཕྱིར་ཉན་ཐོས་ཀྱི་འདུལ་བ་ལས་ཀྱང༌། ལྷུང་བཟེད་དང་ཆོས་གོས་ཀྱང་བཙོངས་ལ་ལུས་བསྲུང་བར་གསུངས་ན། སྐྱེ་བོ་དཔག་ཏུ་མེད་པ་ཡོངས་སུ་བསྐྱབ་པའི་རྒྱུ་བྱང་ཆུབ་སེམས་དཔའི་ལུས་ལྟ་ཅི་སྨོས་ཏེ། དལ་བའི་དགའ་བ་ཕུན་སུམ་ཚོགས་པ་འདི་ལྟ་བུ་ནི་རྙེད་པར་དཀའོ། །དེ་རབ་ཏུ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་དེ་དང་དེར་བདག་ཉིད་སྨན་ལ་ཉེ་བར་སྦྱོར་བར་བསྟན་ཏོ། །འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང༌། དེ་ནམ་ཆོད་བཟུང་བར་གྱུར་པ་དེའི་ཚེ། ཉི་ཚོད་ཡོད་དམ་མེད་ཀྱང་རུང་སྟེ། དེ་དག་གི་ལུས་གསོ་བའི་ཡོ་བྱད་འདི་ལྟ་སྟེ། མར་རམ། འབྲུ་མར་རམ། སྦྲང་རྩིའམ། བུ་རམ་མམ། རྩིའི་ཁུ་བའམ། སྡོང་པོའི་ཁུ་བའམ། འབྲས་བུའི་ཁུ་བ་དེ་ལྟ་བུ་དག་བཟར་མི་རུང་སྟེ། གཞན་ཟ་བ་མཐོང་ན་ཡང་ཁོང་ཁྲོ་བའི་སེམས་དང་འཇུངས་པའི་སེམས་ཀྱང་མི་བསྐྱེད་དོ། །ཡང་གལ་ཏེ་ཟས་ཕྱིས་མི་ལེན་པའི་བྱང་ཆུབ་སེམས་དཔའ་དེ་ཇི་ལྟ་བུའི་ནད་ཀྱིས་སྲོག་གི་བར་ཆད་དུ་འགྱུར་བའམ། དགེ་བའི་ཕྱོགས་ཀྱི་བར་ཆད་དུ་འགྱུར་ཏེ། ནད་ཚབས་ཆེ་


DTG111_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ན་དེས་འགྱོད་པ་མེད་ཅིང་ཐེ་ཚོམ་མེད་པར་བྱས་ལ་དེས་སྨན་ཡིན་པར་སེམས་ཉེ་བར་བཞག་སྟེ་སྤྱད་པར་བྱའོ་ཞེས་གསུངས་སོ། །གོས་ཀྱི་ལོངས་སྤྱོད་ཀྱི་སྦྱོར་བ་ནི་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་བསྟན་ཏེ། ངོ་ཚ་ཞིང་འཛེམ་བས་ཁྲེལ་ཡོད་པས་དཀྲི་བ་དང༌། ཤ་སྦྲང་དང་སྦྲང་བུ་དང་རླུང་དང་ཉི་མ་དང་སྡིག་སྦྲུལ་གྱིས་རེག་པར་འགྱུར་བ་གཡོགས་པ་དང༌། དགེ་སྦྱོང་གི་རྟགས་བརྟན་པ་དང༌། ངུར་སྨྲིག་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་མཆོད་རྟེན་ནོ་སྙམ་ནས་མཆོད་རྟེན་གྱི་ཕྱིར་ཡང་དག་པར་གཟུང་བར་བྱ་བ་དང༌། དེ་དག་ནི་ཡིད་བྱུང་བ་དང་འདོད་ཆགས་དང་བྲལ་བས་ཁ་དོག་བསྒྱུར་བ་ཡིན་གྱི། འདོད་ཆགས་ཀྱིས་ཁ་དོག་བསྒྱུར་བ་མ་ཡིན་པ་དང༌། འདི་དག་ནི་ཉེ་བར་ཞི་བ་དང་མཐུན་པ་ཡིན་གྱི་ཉོན་མོངས་པ་འབར་བ་དང་མཐུན་པ་མ་ཡིན་པ་དང༌། ངུར་སྨིག་འདི་དག་གིས་དཀྲིས་ཤིང་གཡོགས་ནས་སྡིག་པ་ལས་ལྡོག་པར་བྱ་བ་དང༌། ལེགས་པར་བྱ་བའི་ལས་བྱ་བ་དང༌། ཆོས་གོས་ཀྱིས་ཆ་སྦྱོར་བ་ལ་བརྩོན་པ་མ་ཡིན་པ་དང༌། ངུར་སྨྲིག་འདི་དག་འཕགས་པའི་ལམ་གྱི་ཚོགས་དང་མཐུན་པ་ཡིན་པར་ཤེས་ནས་སྐད་ཅིག་གཅིག་ལ་ཡང་རྙོག་པ་དང་འགྲོགས་པར་མི་བྱ་བར་ངུར་སྨྲིག་རྣམས་བཅང་བར་བྱ་བ་སྟེ་ཞེས་གསུངས་སོ། །འདི་ལ་ཆད་པ་ནི་རིན་པོ་ཆེའི་ཕུང་པོའི་མདོ་ལས། འོད་སྲུངས་གང་དག་ལྷོད་ཅིང་ཡང་དག་པར་མི་སྡོམ་པ་དང་དགེ་སྦྱོང་གི་ཡོན་ཏན་གྱི་ཆོས་འདི་དག་ལས་ཉམས་པ་ལུས་ལ་ངུར་སྨྲིག་དག་འཆང་བ་རྣམས་ནི་དེ་ལ་གུས་པ་མི་སྐྱེད་དོ། །འོད་སྲུངས་དེ་ལ་དགེ་སྦྱོང་གི་ཁ་དོག་དང་གཟུགས་ཅན་ལ་གནོད་པ་བྱེད་པ་ཞེས་བྱ་བའི་ཉི་ཚེ་བའི་སེམས་ཅན་དམྱལ་བ་ཡོད་དོ། །འོད་སྲུངས་ཉི་ཚེ་བའི་སེམས་ཅན་དམྱལ་བ་དེར་དགེ་སྦྱོང་གི་གཟུགས་སུ་གྱུར་བཞིན་དུ་གོས་འབར་བ་དག་དང་མགོ་འབར་བ་དག་དང་ལྷུང་བཟེད་འབར་བ་དག་དང་སྟན་འབར་བ་དག་དང་མལ་ཆ་འབར་བ་དག་གནོད་པ་བྱེད་དེ། དེ་དག་གི་ལོངས་སྤྱོད་དང་ཡོངས་སུ་སྤྱད་པ་གང་ཅི་ཡོད་པ་དེ་ཐམས་ཅད་འབར་རབ་ཏུ་འབར་ཏེ་ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ལ་དེ་མེ་ལྕེ་གཅིག་ཏུ་གྱུར་ཏེ། དགེ་སྦྱོང་གི་ཁ་དོག་དང་གཟུགས་ཀྱིས་གནོད་པ་དེ་དག་མྱོང་བར་འགྱུར་རོ་ཞེས་གསུངས་སོ། །འཕགས་པ་དཀོན་


DTG111_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་སྤྲིན་གྱི་མདོ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་བླ་གབ་མེད་པ་ལ་ལུས་ནའམ་ལུས་ཀྱིས་མི་ནུས་པར་གྱུར་ན་དེས་གཙུག་ལག་ཁང་དུ་གནས་ཏེ། འདི་སྙམ་དུ་ཉོན་མོངས་པའི་གཉེན་པོའི་ཕྱིར་དེ་བཞིན་གཤེགས་པའི་སྦྱངས་པའི་ཡོན་ཏན་བཅས་ཏེ་ཅི་ནས་ཀྱང་བདག་གཙུག་ལག་ཁང་ན་གནས་བཞིན་དུ་ཉོན་མོངས་པ་རྣམས་སྤོང་བར་འདོད་པ་སྟེ་དེ་ལྟར་བྱ་སྟེ། གཙུག་ལག་ཁང་དེ་ལ་ཡང་ཆགས་པ་མི་སྐྱེད་དེ་ཞེན་པར་མི་བྱའོ་སྙམ་དུ་སེམས་བསྐྱེད་དོ། །དེ་འདི་ལྟར་སེམས་ཏེ་སྦྱིན་པའི་བདག་པོ་རྣམས་ལ་ཕན་གདགས་པར་བྱའི་བདག་ཅག་གིས་བདག་ཉིད་གསོ་བར་ནི་མི་བྱའོ་སྙམ་མོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས། དེ་དག་ཉལ་བ་ན་གློ་གཡས་པས་ཉལ་བར་བྱེད་དེ་རྐང་པའི་སྟེང་དུ་རྐང་པ་བཞག་ནས། ལུས་ཆོས་གོས་དག་གིས་ཤིན་ཏུ་གཡོགས་ཤིང༌། དྲན་པ་དང་ཤེས་བཞིན་དང་ལྡན་བཞིན་དུ་སྣང་བའི་འདུ་ཤེས་དང་ལྡང་བའི་འདུ་ཤེས་སུ་ཉལ་བར་བྱེད་དེ་གཉིད་ཀྱི་བདེ་བ་ལ་ཆགས་པར་མི་བྱེད་དོ། །སྙེས་པའི་བདེ་བ་ལ་ཡང་མ་ཆགས་ཏེ། གཞན་དུ་ན་དེ་དག་ཇི་ཙམ་དུ་འབྱུང་བ་ཆེན་པོ་རྣམས་གནས་ཤིང་འཚོ་བའི་ཕྱིར་ཉལ་བར་བྱེད་ལ་རྟག་ཏུ་རྒྱུན་མི་འཆད་པ་ཡང་དགེ་བའི་ཕྱོགས་ལ་མངོན་དུ་ཕྱོགས་པ་ཡིན་ནོ་ཞེས་གསུངས་སོ། །ཕྱོགས་འདིས་ཡོངས་སུ་སྤྱད་པ་ཐམས་ཅད་སེམས་ཅན་གྱི་དོན་དུ་བྱིན་གྱིས་བརླབ་པར་བྱ་སྟེ། དེས་ན། བདག་ལ་སྲེད་པས་ལོངས་སྤྱད་ན། །ཉོན་མོངས་བཅས་པའི་ལྟུང་བར་འགྱུར། །ཟླ་བ་སྒྲོན་མའི་མདོ་ལས་ཇི་སྐད་དུ། །དེ་དག་ཁ་ཟས་རོ་ཞིམ་བསོད་པ་དག །རྙེད་ནས་རྣལ་འབྱོར་མི་བརྩོན་ཟ་ཞིང་འཐུང༌། །དེ་དག་ལ་ནི་ཟས་དེ་གདུག་པར་འགྱུར། །བ་ལང་ཕྲུ་གུས་པད་རྩ་མ་བཀྲུས་བཞིན། །ཞེས་གསུངས་པ་ལྟ་བུའོ། །འཕགས་པ་རིན་པོ་ཆེའི་ཕུང་པོའི་མདོ་ལས་ཀྱང༌། །བཅོམ་ལྡན་འདས་ཀྱིས་དད་པས་བྱིན་པ་ཡོངས་སུ་སྤྱོད་པ་ཡོངས་སུ་བསྟན་པ་དང། དེ་ནས་འཁོར་དེ་ཉིད་ནས་རྣལ་འབྱོར་སྤྱོད་པའི་དགེ་སློང་ཉིས་བརྒྱས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་རབ་ཏུ་དུས་ཏེ་མཆི་མ་ཟག་ཅིང་ཚིག་འདི་སྐད་ཅེས་བཅོམ་ལྡན་འདས་བདག་ཅག་ནི་གུམ་ཡང་རུང་སྟེ་འབྲས་བུ་མ་ཐོབ་ཀྱི་བར་དུ་དད་པས་སྩལ་བའི་བསོད་སྙོམས་ཅིག་ཙམ་


DTG111_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡོངས་སུ་སྤྱད་པར་མི་བགྱིའོ་ཞེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་དམ་པ་དག་ལེགས་སོ་ལེགས་སོ། །ངོ་ཚ་ཤེས་པ་དང་འགྱོད་པ་དང་ལྡན་པ་དང་འཇིག་རྟེན་ཕ་རོལ་དུ་ཁ་ན་མ་ཐོ་བས་འཇིགས་པར་ལྟ་བ་རྣམ་པ་འདི་ལྟ་བུ་དག་གིས་གསང་རབ་འདི་མཛེས་སོ། །འོད་སྲུངས་ངས་དགེ་སློང་གཉིས་ལ་དད་པས་བྱིན་པ་གནང་སྟེ། གཉིས་གང་ཞེ་ན། ལྡན་པ་དང་གྲོལ་བའོ། །དགེ་སློང་དག་དགེ་སློང་ལྡན་པ་རྣལ་འབྱོར་སྤྱོད་པ་ངའི་བསྟན་པ་ལ་ཞུགས་པ་འདུ་བྱེད་ཐམས་ཅད་མི་རྟག་པར་མཐོང༌། འདུ་བྱེད་ཐམས་ཅད་སྡུག་བསྔལ་བར་རིག །ཆོས་ཐམས་ཅད་ལ་བདག་མེད་པར་མོས། མྱ་ངན་ལས་འདས་པ་ཞི་བར་རྟོགས་བས་ནི་རི་རབ་ཙམ་གྱི་ཁམས་དག་གིས་དད་པས་བྱིན་པ་ཡོངས་སུ་སྤྱད་ཀྱང་དེའི་ཡོན་ཏན་ཤིན་ཏུ་ཡོངས་སུ་དག་པར་འགྱུར་རོ། །སྦྱིན་པ་པོ་དང་སྦྱིན་བདག་གང་དག་ལས་དད་པས་བྱིན་པ་ཡོངས་སུ་སྤྱད་པ་དེ་ལས་དེ་དག་གི་བསོད་ནམས་ཀྱི་རྣམ་པར་སྨིན་པ་འབྱོར་པ་ཆེན་པོ་དང་ཕན་ཡོན་ཆེན་པོར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་རྣམས་ལས་གང་བྱམས་པའི་སེམས་ལ་སྙོམས་པར་འཇུག་པ་དེ་མཆོག་ཡིན་པའི་ཕྱིར་རོ། །འོད་སྲུངས་དགེ་སློང་གང་ཞིག་སྦྱིན་པ་པོ་དང་སྦྱིན་བདག་གི་ཆོས་གོས་དང་བསོད་སྙོམས་དང་མལ་ཆ་དང་ཡོ་བྱད་རྣམས་ཡོངས་སུ་སྤྱད་ནས་སེམས་རྣམ་པར་གྲོལ་བ་ཚད་མེད་པ་ལ་སྙོམས་པར་འཇུག་ན་སྦྱིན་པ་པོ་དང་སྦྱིན་བདག་དེའི་རྣམ་པར་སྨིན་པ་ཡང་ཚད་མེད་པར་ཤེས་པར་བྱའོ། །འོད་སྲུངས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཡོད་པའི་རྒྱ་མཚོ་ཆེན་པོ་རྣམས་ནི་ཡོངས་སུ་ཟད་པར་འགྱུར་ཡང་སྲིད་ཀྱི་དེའི་བསོད་ནམས་ཀྱི་རྒྱུ་མཐུན་པ་ནི་ཡོངས་སུ་ཟད་པར་གང་ཡང་མི་འགྱུར་རོ་ཞེས་གསུངས་སོ། །དེ་ལྟར་བསོད་སྙོམས་ལ་འགྲོ་བར་རྩོམ་མམ། ཟས་ཟ་བར་རྩོམ་པ་དང། སྦྱིན་པ་པོ་ལ་ཕན་གདགས་པ་དང༌། ལུས་ཀྱི་སྲིན་བུ་བསྡུ་བ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་གྲུབ་པ་སྟེ་གནས་གསུམ་ལ་དྲན་པ་ཉེ་བར་གཞག་ནས། དམ་པའི་ཆོས་ཡོངས་སུ་གཟུང་བ་དང༌། དེ་བཞིན་གཤེགས་པའི་བཀའ་བསྒྲུབ་པ་དང༌། བྱ་བ་ཐམས་ཅད་ལ་དྲན་པ་


DTG111_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པར་བྱའོ། །སྩོགས་པ་ཞེས་བྱ་བ་ནི་གསང་སྔགས་རྣམས་ཀྱིས་ཀྱང་ཡོངས་སུ་བསྲུང་བར་བྱའོ། །དེ་ལ་ཐོག་མར་རེ་ཞིག་དཀྱིལ་འཁོར་དང་དམ་ཚིག་གི་ཕྱིར། དམ་ཚིག་གསུམ་གྱི་རྒྱལ་པོ་ལས་འབྱུང་བའི་རིག་སྔགས་འདི་བརྗོད་པར་བྱའོ། །ན་མ་སརྦ་བུད་དྷ་བོ་དྷི་ས་ཏྭཱ་ནཱཾ། ཨོཾ་བི་ར་ཛི་བི་ར་ཛི། མ་ཧཱ་བཛྲི། ས་ཏ་ས་ཏ། སཱ་ར་ཏེ་སཱ་ར་ཏེ། ཏྲ་ཡི་ཏྲ་ཡི། བི་དྷ་མ་ནི། སཾ་བྷཉྫ་ནི། ཧ་ར་མ་ཏི། སིད་དྷ་ཨ་གྲེ་ཏྲཾ་སྭཱ་ཧཱ། འདིས་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ། །ཡང་ན་དེ་བཞིན་གཤེགས་པའི་སྙིང་པོ་བརྒྱ་སྟོང་བཟླས་ན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ། །དེ་གང་ཞེ་ན། ན་མ་སྟཻ་ཡ་དྷྭི་ཀཱ་ནཱཾ་ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏཱ་བཱ་པྟི་དྷརྨ་ཏཱ་བ་ལི་ནཱཾ། ཨཾ་ཨཿ་ས་མ་ས་མ། ས་མནྟ་ཏོཉ་ནནྟ་ཏཱ་བཱབྟི་ཤཱ་ས་ནི། ཧ་ར་ཧ་ར། སྨ་ར་སྨ་ར་ཎ། བི་ག་ཏེ། རཱ་ག་བུད་དྷ་དྷ་རྨ་ཏེ། ས་ར་ས་ར། ས་མ་བ་ལཱ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན་མ་ཧཱ་བ་ར་ལཀྵ་ཎེ། ཛྭ་ལ་ཛྭ་ལ་ན་སཱ་ག་རེ་སྭཱ་ཧཱ། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཡིན་ཏེ་འདི་ལ་གུས་པ་བླ་ན་མེད་པར་བྱའོ། །འདིས་ལས་དང་པོ་པ་དག་ཀྱང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་མཐའ་ཡས་པ་བྱེད་པར་འགྱུར་རོ། །འདི་ཉིད་བདུད་ལ་སོགས་པ་དང་མ་རུངས་པ་ཐམས་ཅད་ལས་སྲུང་བར་བྱེད་པའི་མཆོག་ཡིན་ནོ། །ཐལ་མོ་བརྡབས་པའམ། ཐལ་བའམ། ཡུངས་ཀར་རམ། ཆུའམ། ལྟ་བའམ། ཡིད་ཀྱིས་ཀྱང་མཚམས་གཅོད་པར་བྱེད་དོ། །ནད་ཀྱིས་བཏབ་ན་སྨན་ནམ་ཆུ་ལ་སྔགས་ཀྱིས་བཏབ་སྟེ་བཏུང་ངོ༌། །ཡང་ན་མཆོད་རྟེན་ནམ་སྐུ་གཟུགས་སམ་དམ་པའི་ཆོས་ཀྱི་གླེགས་བམ་ལ་ནགས་ཀྱི་མེ་ཏོག་སེམས་མཉམ་པར་གཞག་སྟེ་འབུལ་ཞིང་ཟླ་བ་ཕྱེད་སྦྱོར་བ་བྱས་ན་ནད་ཆེན་པོ་དག་ལས་ཐར་བར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་དམིགས་པ་དང་སེམས་ཅན་ཐམས་ཅད་ལ་དམིགས་པ་དང་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་འདོད་པའི་སེམས་ཀྱིས་བཟང་པོའི་སྤྱོད་པ་མངོན་དུ་བྱ་བས་བཟླས་བརྗོད་བྱའོ། །ཆོ་ག་འདི་ནི་ཆོ་ག་འདིའི་མཇུག་ནས་འབྱུང་ངོ༌། །དམ་ཚིག་གསུམ་གྱི་བཟླས་བརྗོད་བྱེད་པས་ནི་ཁྲུས་མ་བྱས་ཀྱང་ཉེས་པ་མེད་དོ། །ལྷག་


DTG111_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་མི་གཙང་བས་ཀྱང་ཉེས་པ་མེད་དོ། །ཕྱག་རྒྱ་འདྲ་བ་དག་མི་བཟའོ་མི་བགོམ་མོ་ཁྲི་ལ་ཉལ་བར་མི་བྱའོ། །ཆང་མི་བཏུང་ངོ༌། །མོས་པས་སྤྱོད་པའི་བསླབ་པའི་གཞི་དག་ལས་མི་གཡོ་བ་དང་ཐེ་ཚོམ་མེད་ན་སྔོན་དང་ཚུལ་ངན་པར་གྱུར་ཀྱང་འགྲུབ་བོ། །མཁས་སམ་མི་མཁས་ཀྱང་རུང་སྟེ་ངེས་པར་འགྲུབ་བོ། །དེ་སྐད་དུ་དེ་ཉིད་ལས། །གང་ཞིག་བྱང་ཆུབ་སེམས་བརྟན་ཞིང༌། །བློ་གྲོས་ཆགས་པ་མེད་པ་དང༌། །ཐེ་ཚོམ་དག་ཀྱང་མི་བྱེད་པ། །དེས་འདི་ངེས་པར་འགྲུབ་པར་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་བརྟེན་པ་ནི་འདིར་སོ་སོའི་སྐྱེ་བོའི་སེམས་སྟོབས་དང་ལྡན་པར་ངེས་པར་བྱ་བའི་ཕྱིར་གསུངས་ཀྱི་སར་ཆུད་པའི་དབང་དུ་བྱས་པ་ནི་མ་ཡིན་ཏེ། འདི་ལྟར་དེ་ཉིད་ལས། སླར་དབྱུང་བར་བྱ་བ་དང༌། སྣང་བར་བྱ་བ་ཐོབ་པར་འདོད་པ་དང༌། མུན་པ་ཆེན་པོའི་ཁྲོད་ནས་སྣང་བར་འཇུག་པར་འདོད་པ་དང༌། ལོག་པར་ལྟུང་བས་ལྷག་པར་བསྒྲུབ་པར་བྱའོ་ཞེས་གསུངས་སོ། །དེ་བཞིན་དུ་བདག་ལྟ་བུ་བསོད་ནམས་ཆུང་ངུ་ལ་འགྲུབ་པར་ག་ལ་འགྱུར་ཞེས་སེམས་ཞུམ་པ་བཀག་གོ །ས་ལ་གནས་པ་ངན་འགྲོ་ལས་ཤིན་ཏུ་འདས་པ་སྤྲོ་བའི་རླབས་མང་བ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་བསྩགས་པ་ལ་ནི་གོང་དུ་སྨོས་པའི་ཉེས་པ་ཉིད་མི་སྲིད་དོ། །འདི་ལ་མ་ཤེས་ནས་སྔགས་རྣམས་ཡི་གེ་ལྷག་པར་བརྗོད་ཀྱང་ཉེས་པ་མེད་དོ། །ཉུངས་ཀྱང་ཉེས་པར་མི་འགྱུར་རོ། །ཆོ་ག་ཉམས་ཀྱང་ཉེས་པར་མི་འགྱུར་རོ། །འོན་ཀྱང་དད་པའི་ཤུགས་དང་བྱང་ཆུབ་ཀྱི་སེམས་ཀྱི་ཤུགས་དང༌། རང་གི་དོན་དོར་བའི་ཤུགས་བརྩན་པར་བྱ་སྟེ། རྣམ་པར་མི་རྟོག་པར་བརྗོད་ན་གདོན་མི་ཟ་བར་ཚེ་འདི་ཉིད་ལ་བྱང་ཆུབ་སེམས་དཔའ་མཐོང་བ་དང་ཅི་འདོད་པ་ཡང་འགྲུབ་པར་འགྱུར་རོ། །ཡང་ན་རྡོ་རྗེ་འཛིན་ཐམས་ཅད་ཀྱི་སྔགས་འདིས་བསྲུང་བར་བྱའོ། །ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། སརྦ་བཛྲ་དྷ་རཱ་ནཱཾ། ཨོཾ་ཙ་ཎ་ར་ལ་ཙ་ཎ་ར་ལ། བ་ལ་བ་ལ། བཛྲ་བཛྲ་ཤཱནྟ་ནེ་ཤཱནྟ་ནེ། ཕ་ལ་ན་ཕ་ལ་ན། བ་ར་བ་ར། མཱ་ར་མཱ་ར། བཛྲ་དྷ་ལ། སྤུ་ཊ་སྥུ་ཊ། ལ་ལཾ་ཏ་ཤི་ཁ་ར། ས་མནྟ་བཛྲཱི་ཎི། ཛྭ་ལ་ནེ་ཛྭ་ལ་ནེ། ན་མོ་སྟུ་སྟེ། ཨ་གྲོཉ་གྲ་ཤཱ་སཱ་ཀཱ་ནཱཾ། ར་ཎ་ར་ཎ། ཧཱུཾ་ཧཱུཾ་སྥོ་ཊ་སྥོ་ཊ་བཛྲོ་ཏྟ་མེ་སྭཱ་ཧཱ། འདི་བཏོན་པ་ཙམ་གྱིས་བགེགས་དང༌། རྣམ་


DTG111_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

པར་ལོག་འདྲེན་ཐམས་ཅད་མི་འོང་ངོ༌། །ལྷ་དང་ཀླུ་ལ་སོགས་པ་ཐམས་ཅད་ཀྱིས་མི་བཟོད་དོ། །བཟའ་བ་དང་བཏུང་བ་དང་མལ་ཆ་དང་མཆོད་པའི་ཡོ་བྱད་རྣམས་ཀྱང་སྔགས་ཆུའམ། བལྟ་བའམ་ཡིད་ཀྱིས་བསྲུང་ངོ༌། །ཡང་ན་མི་གཡོ་བའི་སྙིང་པོས་དེ་ཐམས་ཅད་བྱའོ། །དེ་ནི་འདི་ཡིན་ཏེ། ན་མཿ་ས་མནྟ་བཛྲ་ཎཱཾ་ཏྲ་ཊ། ཨ་མོ་གྷ་ཙཎྜ། མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ། ཧཱུཾ་བྷྲ་མ་ཡ་བྷྲ་མ་ཡ། ཧཱུཾ་ཏྲཊ། ཧཱཾ་མཱཾ་ཨོཾ་བ་ལནད་དེ་ཏེ་ཛོ་མ་ལི་ནི་སྭཱ་ཧཱ། འདིས་ཁམ་དང་པོ་ལ་ལན་བརྒྱད་བསྔགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨན་གྱི་རྒྱལ་པོ་ཉིད་དུ་བསམས་ཏེ་བཟའོ། །དུག་གཞིལ་བ་ནི་འདི་ལྟ་སྟེ། ཨི་ལི་མིཏྟེ། ཏི་ལི་མི་མིཏྟེ། ཨི་ལི་མི་ལི་མིཏྟེ། ཏི་ལི་མི་ལི་མིཏྟེ། དུམ་བེ་དུམ་བེ། དུ་བཱ་ལཱི། དུ་མ་ཧེ། དུསྶེ། ཏཀྐེ། ཏཀྐ་ར་ཎེ། མ་མ་མེཾ་མ་མ་མ་ར་ཎེ། ཀཥྨཱི་ར། མུཀྟེ། ཨི་ལི་ཏི་ལི་མེ། ཨ་གྷ་ནེ། ཨཱ་གྷ་ནཱ་གྷ་ནེ། ཨི་ལི་ཨི་ལི་ཡེ། མི་ལི་མི་ལཱི་ཡེ། ཨ་ག་ཨི་ཡ། ཨ་ཨ་ཨི་ཡི། ཤྭེ་ཏེ། ཤྭེ་ཏེ་ཏུཎྜེ། ཨ་ནཱ་ནུ་རཀྟེ། ཨ་རུ་རུཀྐེ་ཏྲཱཾ་ཨོཾ། བི་ཤ་ནི་ཀེ་ཏ་ནི་སྭཱ་ཧཱ། གང་ཞིག་རིག་སྔགས་འདི་ལན་ཅིག་ཐོས་པས་ཀྱང་དེ་ལ་སྦྲུལ་གྱིས་མི་ཟའོ། །དེའི་ལུས་ལ་དུག་གིས་མི་ཚུགས་སོ། །སྤྲུལ་གང་དེ་ལ་ཟ་བ་དེའི་མགོ་ཨ་རྫ་ཀའི་དོག་པ་བཞིན་དུ་ཚལ་པ་བདུན་དུ་འགས་སོ། །སུ་རིག་སྔགས་འདི་འཆང་བ་དེ་ལ་ཇི་སྲིད་འཚོའི་བར་དུ་སྦྲུལ་གྱིས་མི་ཟའོ། །དེའི་ལུས་ལ་དུག་གིས་མི་ཚུགས་སོ། །གསང་སྔགས་ཀྱི་ཚིག་འདི་དག་སྤྲུལ་གྱི་མདུན་དུ་གདོན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྤྲུལ་འཆི་བར་འགྱུར་པའི་ཕྱིར་རོ། །འདི་ལྟ་སྟེ། ཨི་ལ་ལ། ཙི་ལ་ལ། ཙཀྐོ་བཱཀྐོ། ཀོ་ཌཱ། ཀོ་ཌཱི་ཏི། ཀུ་ར་ཌཱ། ཀུ་ར་ཌཱི་ཏི། པོ་ཌཱ། པོ་ཌཱི་ཏི། པུ་རུ་དཱ། པུ་རུ་ཌཱེ་ཏི། མོ་ཊཱ། མོ་ཌཱི་ཏེ། ནི་ཀུ་རུ་ཌཱ། ནི་ཀུ་རུ་ཌཱ་ཏི། མུ་རུ་ཌཱ། མུ་རུ་ཌཱི་ཏི། ནི་མ་མུ་རུ་ཌཱ། ནི་མ་མུ་རུ་ཌཱི་ཏི། ཕུ་རུ་ཌེ། ཕུཊྚ་ར་ཧེ། ཕུཊྚ་ར་ཧེ། ཕུཊྚ་དྡནྟ་ར་ཧེ། ཕུཊྚ་དྡནྟ་ར་ཧེ། ན་ག་ར་ཧེ། ན་ག་ཊཊྚནྡ་ཧ་རེ། སརྦ་ཧ་རེ། སརྦ་ཏ་ཊཊྚནྡ་ཧ་རེ། ཨ་ཙྪེ། ཨཙྪེ། ཨཙྪ་ལེ། ཚ་ལ་བི་ཥི། ཤཱི་ཏེ་ཤཱི་ཏ། བཏྟཱ་ལེ། མཱ་ཏཱ་ལེ། ཧ་ལེ་ཧ་ལེ། ཧ་ལ་ཧ་ལ། ཧ་ལ་ལེ། ཨི་ལ་ལེ། ཀེ་པ་ཙ་ལེ། མི་ལ་ལེ། དནྟི་དནྟི། ཏ་ཊ་ཏ་ཊ། སྥུ་ཊ་སྥུ་ཊ། ཕཊ་ཕཊ་སྭཱ་ཧཱ། དགེ་སློང་དག་དེ་ལྟར་ན་དུག་སེལ་གྱིས་འབྱུང་པོ་འདུས་པ་ཐམས་ཅད་ལ་རིག་སྔགས་བརྗོད་པ་


DTG111_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཐམས་ཅད་ནི་དེ་བཞིན་ནོ། །གཞན་མ་ཡིན་པ་དེ་བཞིན་ནོ། །ཡང་དག་པའོ། །བདེན་པའོ། །མ་ནོར་བའོ། །ཕྱིན་ཅི་མ་ལོག་པའོ། །དུག་འདི་མི་འདུག་པར་གྱུར་ཅིག །སྦྱིན་པར་བྱེད་པའི་གན་དུ་སོང་ཤིག །འཛིན་པའི་གན་དུ་སོང་ཤིག །མེའི་ནང་དུ་སོང་ཤིག །ཆུའི་ནང་དུ་སོང་ཤིག །ཐང་ལ་སོང་ཤིག །ཀ་བའི་ནང་དུ་སོང་ཤིག །རྩིག་པའི་ནང་དུ་སོང་ཤིག །ནམ་མཁའ་ལ་སོང་ཤིག །སའི་ནང་དུ་སོང་ཤིག །ཞི་བར་གྱུར་ཅིག་སྭཱ་ཧཱ། རྐུན་པོ་ལ་སོགས་པ་བཟློག་པའི་ཕྱིར་འོད་ཟེར་ཅན་བཟླས་པར་བྱའོ། །པདྨཱ་ཀྲ་མ་སི། པ་རཱ་ཀྲ་མ་སི། ཨ་པ་རཱ་ཀྲ་མ་སི། ཨུ་ད་མ་སི། ན་ད་མ་སི། ནི་རེ་མ་སི། ཨརྐ་མ་སི། ཨོ་རྨ་སི། བ་ན་མ་སི། གུལྨ་མ་སི། ཙཻ་བ་ར་མ་སི། ཨཱནྟ་ར་དྷ་ན་མ་སི་སྭཱ་ཧཱ། ལྷ་མོ་འོད་ཟེར་ཅན་བདག་ལམ་དུ་སྐྱོབས་ཤིག །ལམ་ལོག་པ་ལས་སྐྱོབས་ཤིག །བདག་སྐྱེ་བོའི་འཇིགས་པ་ལས་སྐྱོབས་ཤིག །བདག་རྒྱལ་པོའི་འཇིགས་པ་ལས་སྐྱོབས་ཤིག །བདག་རྐུན་པོའི་འཇིགས་པ་ལས་སྐྱོབས་ཤིག །བདག་ཀླུའི་འཇིགས་པ་ལས་སྐྱོབས་ཤིག །བདག་གླང་པོའི་འཇིགས་པ་ལས་སྐྱོབས་ཤིག །བདག་སེང་གེའི་འཇིགས་པ་ལས་སྐྱོབས་ཤིག །བདག་སྟག་གི་འཇིགས་པ་ལས་སྐྱོབས་ཤིག །བདག་སྦྲུལ་གྱི་འཇིགས་པ་ལས་སྐྱོབས་ཤིག །བདག་མེའི་འཇིགས་པ་ལས་སྐྱོབས་ཤིག །བདག་ཕྱིར་རྒོལ་བ་དང་གྲོགས་པོ་ངན་པ་ཐམས་ཅད་ལས་སྐྱོབས་ཤིག །འཁྲུགས་པ་དང་མ་འཁྲུགས་པ་དང༌། ཉམས་པ་དང་མ་ཉམས་པ་དག་ཏུ་ཡང་བདག་ལ་སྲུངས་ཤིག །བདག་ལ་སྲུངས་ཤིག་སྲུངས་ཤིག །འདི་ལྟ་སྟེ། ཨཱ་ལོ། །ཏ་ལོ། །ཀ་ལོ། །ཀོ་ལི། ཨཙྪིནྟེ། ཏཙྪི་ཏྟེ། བདག་ལ་འཚེ་བ་དང་འཇིགས་པ་དང༌། ནད་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག་སཱ་ཧཱ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ལྷ་མོ་འོད་ཟེར་ཅན་གྱི་སྙིང་པོ་བརྗོད་པར་བྱའོ། །འདི་ལྟ་སྟེ། ཨོཾ་བཏྟཱ་ལི། བ་རཱ་ལི། བ་རཱ་ཧ་མུ་ཁི། སརྦ་དུཥྚཱ་ན། ནི་བཱ་རཱ་ཡ། བན་དྷ་བན་དྷ། བན་དྷ་མུ་ཁི། ཛམྦྷ་ཡ། སྟཾ་བྷ་ཡ། མོ་ཧ་ཡ་སྭཱ་ཧཱ། ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ཨོཾ་བ་ར་ལེ། བ་ད་ལེ། བ་རཱ་ཧ་མུ་ཁི། སརྦ་དུཥྚཱ་ན། བན་དྷ་བན་དྷ་སྭཱ་ཧཱ། འཇིགས་པ་ཐམས་ཅད་ལས་བསྲུང་བའི་ཕྱིར་རིག་སྔགས་འཆང་བའི་


DTG111_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་སྣོད་ལས་འབྱུང་བའི་རིག་སྔགས་ཚེ་རབས་མཐའ་ཡས་པ་དྲན་པར་འགྱུར་བའི་རྒྱུ་མཐུ་ཆེ་བ་ཡི་གེ་ལྔ་བཅུ་རྩ་བདུན་པོ་འདི་ལ་ཡང་སྦྱར་བར་བྱའོ། །འདི་ལྟ་སྟེ། ཨཊྚེ། བཊྚེ། ནཊྚེ་ཀུ་ནཊྚེ། ཊ་ཀེ་ཋ་ཀེ། ཋ་ར་ཀེ་ཋ་ཀེ། ཨུ་རུ་མ་ཏི། རུ་རུ་མ་ཏི། ཏུ་རུ་ཧི་ལི་མི་ལི། སརྦ་ཉ་ཙ་བི་པ་དགྒ། ན་མོ་སཾ། པ་སཾ་མ་སཾ་བུད་དྷཱ་ཎཱཾ། སིད་དྷནྟུ་མེ་མནྟྲ་པ་དཻཿ་སྭཱ་ཧཱ། འདི་ནི་བདག་ལུས་བསྲུང་བ་སྟེ། སྨན་དང་གོས་ལ་སོགས་བཅས་པས་ཀྱང༌། སེམས་ཅན་གྱི་དོན་བྱེད་པའི་དྲན་པ་སྔར་བྱས་ལ་བྱའོ། །བདག་ལ་སྲིད་པས་ལོངས་སྤྱོད་ན། །ཉོན་མོངས་བཅས་པའི་ལྟུང་བར་འགྱུར། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་གཏང་བ་དེ་ལ། གལ་ཏེ་བརྗེད་ནས་གཞན་གྱི་རྫས་བདག་གསོ་བའི་སྲེད་པས་སྤྱད་ན་ཉོན་མོངས་པ་ཅན་གྱི་ལྟུང་བར་འགྱུར་རོ། །ཇི་སྟེ་སྲེད་པ་ནི་མེད་ལ་གཞན་ལ་ཆགས་སམ་སེམས་ཅན་གྱི་བྱ་བ་བརྗེད་ནས་སྤྱོད་ན་ཉོན་མོངས་པ་ཅན་མ་ཡིན་པའི་ལྟུང་བར་འགྱུར་རོ། །གཞན་གྱི་རྫས་སུ་འདུ་ཤེས་ལ་བདག་གི་ཕྱིར་སྤྱོད་ན་བརྐུས་པའི་ལྟུང་བར་འགྱུར་རོ། །རིན་ཐང་ཚང་ན་སོ་སོར་ཐར་པ་ལས་ཕམ་པར་འགྱུར་རོ། །བདག་པོ་དང་བཅས་པའི་ལོངས་སྤྱོད་རྣམས་ཀྱིས་བདག་པོ་དང་བཅས་པའི་ལུས་བསྲུང་ངོ་སྙམ་པས་སྤྱད་ན་ཉེས་པ་མེད་དེ། བྲན་རྟག་ཏུ་རྗེ་བོའི་ལས་བྱེད་པ་གང་གིས་འཚོ་བ་བདག་གི་རྫས་ཡོད་པ་ནི་མ་ཡིན་ནོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང༌། སེམས་ཅན་ཐམས་ཅད་ཀྱི་ཅི་བྱ་བ་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་བྲན་ལྟ་བུ་བྱའོ་ཞེས་གསུངས་སོ། །ཤིན་ཏུ་རྗེ་བོའི་དོན་ལ་བརྩོན་པའི་བྲན་གྱིས་རྗེ་བོ་ན་བ་ལ་སོགས་པས་རྨྱ་བའི་བློ་ཅན་གྱིས་གནང་བ་མེད་པར་སྤྱད་ཀྱང་ཉེས་པ་མེད་དོ། །དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཐད་དུ་འགའ་ཞིག་གིས་དེ་ཁ་ན་མི་རིགས་པར་མ་དད་པར་བྱ་བ་ནི་མི་རིགས་ཏེ། གཏོང་བའི་སེམས་ངོ་མཚར་ཆེན་པོ་ཅན་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །ཚུལ་འདི་ལ་ནི་འགའ་ཞིག་གིས་ཐེ་ཚོམ་བྱ་བར་མི་རིགས་སོ། །ཐམས་ཅད་གཏང་བ་ནི་བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས་པས་གོང་དུ་བཤད་པ་ཡིན་ནོ། །དེ་ལྟར་ན་ལུས་བསྲུང་བ་ནི་སེམས་ཅན་གྱི་དོན་ཉིད་དུ་བསྟན་པ་དེ། གསལ་བར་རྟོགས་པར་བྱ་བའི་ཕྱིར་རིགས་པ་


DTG111_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གསལ་བར་བྱས་སུ་ཟད་ཀྱི་རང་དགར་བྱས་པ་ནི་མ་ཡིན་ནོ། །བསླབ་པ་ཀུན་ལས་བཏུས་པ་ལས་ལུས་བསྲུང་བའི་ལེའུ་སྟེ་དྲུག་པའོ།། །།དེ་ལྟར་རེ་ཞིག་ལུས་བསྲུང་བར་རིག་པར་བྱའོ། །ལོངས་སྤྱོད་བསྲུང་བ་བརྗོད་པར་བྱའོ། །ཞེས་བྱ་བ་སྟེ། ལེགས་སྤྱད་དག་ལ་བརྩམ་པར་བྱ། །ཐམས་ཅད་ལ་ཡང་ཚོད་རིག་བྱ། །དེ་ལྟར་བསླབ་པའི་གཞི་འདི་ལས། །དེ་ཡི་ལོངས་སྤྱོད་བསྲུང་མི་དཀའ། །དྲག་ཤུལ་ཅན་གྱིས་ཞུས་པ་ལས་ཀྱང༌། ཤིན་ཏུ་བརྟགས་ཏེ་ལས་བྱེད་པ་དང་ལེགས་པར་བྱ་བའི་ལས་བྱེད་པ་ཞེས་བསླབ་པའི་གཞི་གསུངས་པས་ལོངས་སྤྱོད་རྣམས་བཞག་ཉེས་པ་དང་མ་བརྟགས་པ་དང་གཡེལ་བ་བཀག་པ་གྲུབ་པ་ཡིན་ནོ། །ཞི་གནས་ཀྱི་སྐབས་ནས་ཀྱང་ཚོད་ཤེས་པ་དང་རིགས་པ་ཤེས་པར་གསུངས་ཏེ། དེས་ན་གང་འདི་ལོངས་སྤྱོད་ཆུང་ངུ་དང་ངན་པས་ཀྱང་དགོས་པ་འགྲུབ་པ་ལྟ་ན་བདག་གམ་གཞན་དག་གིས་ཀྱང་རུང་སྟེ། ལོངས་སྤྱོད་མང་པོ་དང་བཟང་པོ་ཆུད་གསོན་པ་ལ་ཡལ་བར་མི་དོར་བ་དེ་གྲུབ་པ་ཡིན་ནོ། །དེ་བས་ན་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་ཀྱང༌། བུ་དང་ཆུང་མ་དང་བྲན་ཕོ་དང་བྲན་མོ་དང་ལས་བྱེད་པ་དང་ཞོ་ཤས་འཚོ་བ་རྣམས་ཡང་དག་པར་ཡོངས་སུ་སྤྱད་པ་ཞེས་གསུངས་ཏེ། ཅི་ནས་ཀྱང་བདག་དང་གཞན་གྱི་བྱང་ཆུབ་ཀྱི་ཕྱོགས་དང་ཐོས་པ་ལ་སོགས་པའི་བར་ཆད་དུ་འགྱུར་བའི་གཏོང་བའམ་མི་གཏོང་བ་གཉི་ག་མི་བྱའོ། །སེམས་ཅན་གྱི་དོན་ལ་ནུས་པ་ཆེ་བའམ་ནུས་པ་མཚུངས་པའི་བྱང་ཆུབ་སེམས་དཔའི་ལྷག་པའམ། མཚུངས་པའི་དགེ་བའི་བར་ཆད་བྱེད་པའི་གཏོང་བ་དང༌། མི་གཏོང་བ་མི་བྱ་བར་གྲུབ་པ་ཡིན་ནོ། །འདི་ལ་དགོངས་ནས། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས་ཀྱང་བསྟན་ཏེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་བྱང་ཆུབ་ཀྱི་ཡན་ལག་ལ་མངོན་པར་བརྩོན་པ་གང་ཡིན་པ་དེས་ཇི་ལྟར་སྦྱིན་པ་སྦྱིན་པར་བྱ། སྦྱིན་པ་ཇི་ཙམ་ཞིག་སྦྱིན་པར་བྱ། སྦྱིན་པའི་རང་བཞིན་ཅི་འདྲ་བ་ཞིག་སྦྱིན་པར་བྱ། དེ་བཞིན་དུ་སྦྱར་ཏེ། ཆོས་སྦྱིན་པ་དང་ཆོས་ཀྱི་སྦྱིན་བདག་ཏུ་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཁྱིམ་པ་གང་གིས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་བཀང་སྟེ། དེ་བཞིན་


DTG111_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དབུལ་བ་ཕུལ་བ་བས། ཤཱ་རིའི་བུ་རབ་ཏུ་བྱུང་བར་གྱུར་པའི་བྱང་ཆུབ་སེམས་དཔའ་གང་ཞིག་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་བསྟན་ན་འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་དེ། ཤཱ་རིའི་བུ་དེ་བཞིན་གཤེགས་པས་ནི་རབ་ཏུ་བྱུང་བས་ཟང་ཟིང་གི་སྦྱིན་པ་བྱིན་པར་མ་གནང་ངོ༌། །དེ་བཞིན་དུ་སྦྱར་ཏེ། ཤཱ་རིའི་བུ། གང་གིས་ལྷུང་བཟེད་དུ་འོངས་པ་ལྷུང་བཟེད་དུ་ཆུད་པའི་རྙེད་པ་ཆོས་དང་མཐུན་པ་ཆོས་ཀྱིས་རྙེད་པར་གྱུར་ན། དེས་ཚངས་པ་མཚུངས་པར་སྤྱད་པ་རྣམས་དང་ཐུན་མོང་དུ་བཟའ་བར་བྱའོ། །གལ་ཏེ་ལ་ལ་ཞིག་འོངས་ནས་ལྷུང་བཟེད་དང་ཆོས་གོས་སློང་ལ་གལ་ཏེ་སངས་རྒྱས་ཀྱིས་གནང་བའི་ཆོས་གོས་གསུམ་ལས་ལྷག་པར་གྱུར་ན་ཇི་ལྟར་བཏང་བ་བཞིན་དུ་སྦྱིན་པར་བྱའོ། །གལ་ཏེ་དེ་ལ་ཆོས་གོས་ཉུང་བར་གྱུར་ན་གང་ལ་བརྟེན་ཏེ། ཚངས་པར་སྤྱོད་པ་ལ་གནས་པ་དེ་ནི་ཡོངས་སུ་གཏོང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་ཆོས་གོས་གསུམ་གཏང་བར་མི་བྱའོ་ཞེས་གསུངས་པའི་ཕྱིར་རོ། །ཤཱ་རིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔས་ཆོས་གོས་གསུམ་ཡོངས་སུ་གཏང་སྟེ། སློང་བ་པོ་གཙོ་བོར་བྱེད་པར་གྱུར་ན་དེས་འདོད་པ་ཆུང་བ་བསྟན་པ་མ་ཡིན་ནོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔས་གང་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་དེས་ཆོས་ལ་བརྟེན་པར་བྱ་སྟེ། དེས་དེ་ལ་མངོན་པར་བརྩོན་པར་བྱའོ་ཞེས་གསུངས་སོ། །གཞན་དུ་ན་སེམས་ཅན་གཅིག་བསྡུ་བའི་ཕྱིར་སེམས་ཅན་གྱི་ཚོགས་ཆེན་པོ་དང༌། སེམས་ཅན་དེས་ཀྱང་བྱང་ཆུབ་སེམས་དཔའི་བསམ་པ་ཡོངས་སུ་སྦྱར་བར་བྱ་བའི་བར་ཆད་བྱས་པས། དོན་ཆེན་པོ་དམས་པར་བྱས་པར་འགྱུར་རོ། །དེ་བས་ན་དགེ་བའི་ཕྱོགས་རྒྱ་ཆེན་པོ་རྣམ་པར་སྤངས་པས་མ་བསྲུངས་པ་ཞེས་བྱའོ། །དེ་ལྟར་རེ་ཞིག་གཏོང་བ་བཀག་གོ །མི་གཏོང་བ་དགག་པ་ནི། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང༌། ཐེག་པ་ཆེན་པོའི་བར་དུ་གཅོད་པའི་རྙེད་པ་མང་པོ་ཇི་སྐད་གསུངས་པ་ལྟ་བུའོ། །བདག་གི་ཆོ་གར་བསྟན་པ་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་གཞན་ལ་ཡང་བསྒྲུབ་པར་བྱའོ་ཞེས་བྱ་བར་ཅི་མངོན་ཞེ་ན། འཕགས་པ་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་


DTG111_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བསྟན་པའི་ཕྱིར་ཏེ། གཞན་གྱི་བྱ་བ་བྱས་ཤིང་རང་གི་བྱ་བ་ཡོངས་སུ་གཏང་བར་བྱའོ་ཞེས་གསུངས་པ་ལྟ་བུའོ། །དེ་སྐད་དུ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས་ཀྱང༌། འཁོར་བའི་འཇིགས་པས་སྐྲག་པས་ཅི་ལ་བརྟེན་པར་བྱ། སྨྲས་པ། འཇམ་དཔལ་འཁོར་བའི་འཇིགས་པས་སྐྲག་པའི་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་ཆེ་བ་ཉིད་ལ་བརྟེན་པར་བྱའོ། །སྨྲས་པ། སངས་རྒྱས་ཀྱི་ཆེ་བ་ཉིད་ལ་གནས་པར་འདོད་པས་ཇི་ལྟར་གནས་པར་བྱ། སྨྲས་པ། སངས་རྒྱས་ཀྱི་ཆེ་བ་ཉིད་ལ་གནས་པར་འདོད་པས་སེམས་ཅན་ཐམས་ཅད་མཉམ་པ་ཉིད་ལ་གནས་པར་བྱའོ། །སྨྲས་པ། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ལ་གནས་པར་འདོད་པས་གང་དུ་གནས་པར་བྱ། །སྨྲས་པ། སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བ་ལ་གནས་པར་བྱའོ་ཞེས་གསུངས་སོ། །དེ་སྐད་དུ་ཆོས་ཡང་དག་པར་སྡུད་པ་ལས། བྱང་ཆུབ་སེམས་དཔའ་དེད་དཔོན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནི་ཐོག་མ་ཁོ་ནར་སེམས་ཅན་ཐམས་ཅད་བྱང་ཆུབ་བར་འཚལ་བར་བགྱི་སྟེ་བདག་ཉིད་ནི་མ་ལགས་སོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་བརྗོད་པ་ལགས་སོ་ཞེས་བྱ་བའི་བར་དུ་གསུངས་སོ། །གཏང་བས་དེའི་རང་གི་དོན་བྱ་བ་མེད་པར་གྲུབ་མོད་ཀྱི། འོན་ཀྱང་སེམས་ཅན་གྱི་དོན་ཉམས་པས་འཇིགས་པའི་ཕྱིར་སྐལ་བ་མེད་པའི་སེམས་ཅན་ལ་རང་གི་ཁུར་ཁས་འཆི་བར་མི་བྱེད་དོ། །གང་དུ་སེམས་ཅན་གྱི་དོན་ཉམས་པར་མ་མཐོང་བ་དེར་རང་གིས་བྱས་སམ་གཞན་གྱིས་འགྲོ་བ་ལ་ཕན་པར་སྤྱད་པར་བྱེ་བྲག་ཅི་ཡོད་ན། དེ་བྱང་ཆུབ་སེམས་དཔའ་གཞན་གྱི་དགེ་བ་སྒྲུབ་པའི་ཕྱིར། རང་གི་དགེ་བ་མི་འདོར། ཅི་སྟེ་བདག་ངན་འགྲོའི་སྡུག་བསྔལ་གྱིས་འཇིགས་ན་ཅིག་ཤོས་ཀྱང་སྡུག་བསྔལ་དེ་ཉིད་ཀྱིས་འཇིགས་སོ། །ཇི་སྟེ་དེ་སྡུག་བསྔལ་བས་བདག་ལ་གནོད་པ་མེད་དོ་སྙམ་དུ་ཡལ་བར་འདོར་ན་གོང་དུ་སྨོས་པའི་མདོ་རྣམས་ལས་འབྱུང་བ་བཞིན་དུ་ཉེས་པ་དང་བཅས་པར་འགྱུར་རོ། །ཡང་དཀོན་མཆོག་བརྩེགས་པའི་མདོ་ལས། འོད་སྲུངས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ལྟར་བཅོས་པའོ་ཞེས་བྱ་བ་ལས་བརྩམས་ཏེ། བདག་གིས་བདེ་བ་དོན་དུ་གཉེར་བ་ཡིན་ཏེ་སེམས་ཅན་གྱི་སྡུག་བསྔལ་


DTG111_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་བ་དོན་དུ་གཉེར་བ་མ་ཡིན་པའོ་ཞེས་གསུངས་སོ། །དེ་ལྟ་བས་ན་དྲག་ཤུལ་ཅན་གྱིས་ཞུས་པའི་ཚུལ་ལྟར་སྔ་མ་ཡིན་བཞིན་དུ་བདག་ལ་སྨད་པར་བྱའོ། །བྱང་ཆུབ་སེམས་དཔའི་བསླབ་པ་འདི་ནི་ཆོས་ཡང་དག་པར་སྡུད་པའི་མདོ་ལས། འཕགས་པ་རྩོམ་པ་མེད་ཀྱིས་ཇི་སྐད་བསྟན་པ་ལྟ་བུ་སྟེ། རིགས་ཀྱི་བུ་སྒྲུབ་པ་ལ་གནས་པར་ཇི་ལྟར་རིག་པར་བྱ། སྨྲས་པ། གང་སེམས་ཅན་རྣམས་ལ་ལོག་པར་མི་སྒྲུབ་པའོ། །སྨྲས་པ། སེམས་ཅན་རྣམས་ལ་ལོག་པར་མི་སྒྲུབ་པ་ཇི་ལྟ་བུ། སྨྲས་པ། གང་སེམས་ཅན་རྣམས་ལ་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་མི་འདོན་བའོ། །རབ་འབྱོར་གྱིས་སྨྲས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ཆེན་པོ་གང་ཡིན། སྨྲས་པ། གང་ལུས་དང་སྲོག་དང་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་སྦྱིན་ཞིང་ལན་དུ་ཕན་འདོགས་པར་རེ་བ་ཡང་མེད་དོ། །སྨྲས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་གང་ཡིན། སྨྲས་པ། གང་ཐོག་མ་ཁོ་ནར་སེམས་ཅན་ཐམས་ཅད་བྱང་ཆུབ་པར་འདོད་ཀྱི་བདག་ནི་མ་ཡིན་པའོ་ཞེས་བྱའོ། །ཡང་དེ་ཉིད་ལས། སྙིང་རྗེ་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ཀྱི་རྩ་བའོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་དོན་དུ་གཉེར་བ་གང་ཡང་རུང་བས་དོན་དུ་གཉེར་བར་བྱ་བ་ཡིན་པའི་ཕྱིར་ན། གང་གིས་སྦྱིན་པ་པོ་ཡོན་གནས་ཆེན་པོས་དོན་ཆེན་པོ་སྦྱིན་པ་ལས་བསོད་ནམས་ཀྱི་རྒྱ་མཚོའི་ཕུང་པོ་ཆེན་པོ་སྣང་བར་འགྱུར་བ་འདི་ནི་གདོན་མི་ཟ་བར་བཅོམ་ལྡན་འདས་ཀྱིས་བཟློག་པར་བྱ་བ་མ་ཡིན་པ་དང༌། གདོན་མི་ཟ་བར་བསྟན་ཏོ་ཞེས་བྱ་བར་ཡོང་ངེས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་ནི་ཕོངས་པས་འཆི་བར་འགྱུར་བ་འབའ་ཞིག་ཏུ་ཟད་དོ། །རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ལོ་སྟོང་གི་འགོད་པ་གང་ཡིན་པ་དེ་དག་ཐམས་ཅད་བསྡོམས་ཏེ། དགེ་སློང་གཅིག་ལ་བྱིན་པར་གྱུར་ཅིང༌། དེ་བཞིན་དུ་ཐམས་ཅད་དགེ་སློང་ཐམས་ཅད་ལ་སོ་སོར་བྱིན་པར་གྱུར་ལ། གང་ཡང་ལུང་འབོགས་པ་དང་ཁ་ཏོན་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་གུས་པ་དང་བཅས་པ་ཆོས་འདོད་པ་ཞིག་གིས་དད་པས་བྱིན་པ་ཆེན་པོ་ལ་འོས་པ་བླངས་ཏེ། འདི་ལྟར་སྦྱིན་པ་འདིས་བདག་གིས་ཆོས་ཡོངས་སུ་བཙལ་བ་བརྩམ་མོ་སྙམ་དུ་སེམས་བསྐྱེད་ན། དགེ་བའི་རྩ་བ་འདི་ལ་གཏང་བར་བྱ་


DTG111_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆོས་ཡོངས་སུ་གཏང་བ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ་ཞེས་གང་བསྟན་པ་དེ་ནི་ཁྱིམ་གྱི་བདེ་བ་ལ་ཆགས་པའི་དབང་དུ་བྱས་ནས་གསུངས་པ་སྟེ། སྔར་བསྟན་པའི་ཚུལ་གྱིས་ཉེས་པ་ཅི་ཡང་མེད་དོ། ལོངས་སྤྱོད་བསྲུང་བ་མདོ་ཙམ་བསྟན་ཟིན་ཏོ། །བསོད་ནམས་བསྲུང་བ་བརྗོད་པར་བྱ་སྟེ། དེ་ལ། རང་དོན་རྣམ་སྨིན་སྲེད་སྤངས་པས། །དགེ་བ་ཀུན་ཏུ་བསྲུང་བར་འགྱུར། །སྲེད་མེད་ཀྱི་བུས་ཞུས་པ་ལས་ཇི་སྐད་དུ། དེ་རྒྱལ་སྲིད་ཀྱི་ཕྱིར་ཚུལ་ཁྲིམས་མི་སྲུང༌། མཐོ་རིས་ཀྱི་ཕྱིར་མ་ཡིན། བརྒྱ་བྱིན་གྱི་ཕྱིར་མ་ཡིན། ཚངས་པའི་ཕྱིར་མ་ཡིན། ལོངས་སྤྱོད་ཀྱི་ཕྱིར་མ་ཡིན། དབང་ཕྱུག་གི་ཕྱིར་མ་ཡིན། གཟུགས་ཀྱི་ཕྱིར་མ་ཡིན། ཁ་དོག་གི་ཕྱིར་མ་ཡིན། སྙན་པའི་ཕྱིར་མ་ཡིན་ནོ། །དེ་བཞིན་སྦྱར་རོ། །དམྱལ་བའི་འཇིགས་པས་འཇིགས་ནས་ཚུལ་ཁྲིམས་བསྲུང་བ་མ་ཡིན། དེ་བཞིན་དུ་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་གྱིས་འཇིགས་སྐྲག་པས་ཚུལ་ཁྲིམས་བསྲུང་བ་མ་ཡིན་ཏེ། གཞན་དུ་ན་སངས་རྒྱས་ཀྱི་ཚུལ་ལ་དགོད་པའི་ཕྱིར་ཚུལ་ཁྲིམས་བསྲུང་བ་ནས། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་གྲུབ་པ་དང་བདེ་བ་དོན་དུ་གཉེར་བས་ཚུལ་ཁྲིམས་སྲུང་ངོ༌། །དེ་བཞིན་དུ་སྦྱར་ཏེ། ཚུལ་ཁྲིམས་ཀྱི་ཕུང་པོ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་ཆོས་བཅུ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལས་ཡོངས་སུ་མི་ཉམས་ཏེ་དེ་ལ་ཡང་བག་ཡོད་ཅིང་བྱང་ཆུབ་འདོད་པ་ཡིན། བརྒྱ་བྱིན་ལས་ཡོངས་སུ་མི་ཉམས་ཏེ་དེ་ལ་ཡང་བག་ཡོད་ཅིང་བྱང་ཆུབ་འདོད་པ་དང༌། སངས་རྒྱས་མཐོང་བར་འདོད་པ་ཡིན། དེ་བཞིན་དུ་ཚངས་པ་དང༌། སངས་རྒྱས་མཐོང་བ་མི་ཕྱེད་པ་ཐོབ་པ་དང༌། ཆོས་ཉན་པ་ལས་ཡོངས་སུ་མི་ཉམས་པ་ནས་ཇི་ལྟར་ཐོབ་པའི་ཆོས་བསྒྲུབ་པ་ལ་ནན་ཏན་བྱེད་པ་དང༌། བྱང་ཆུབ་སེམས་དཔའི་ཡི་དམ་གྱི་བར་ལས་ཡོངས་སུ་མི་ཉམས་པ་དང༌། སྤོབས་པ་རྒྱུན་མི་འཆད་པ་དང༌། དགེ་བའི་ཆོས་ཐམས་ཅད་དོན་དུ་གཉེར་བ་དང༌། བསམ་གཏན་ལས་ཡོངས་སུ་མི་ཉམས་པའོ། །དེ་བཞིན་དུ་སྦྱར་ཏེ། དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷ་རྣམས་ཀྱིས་རྟག་ཏུ་ཕྱག་བྱས་པ་ཡིན། ཀླུ་རྣམས་ཀྱིས་རྟག་ཏུ་བསྔགས་པ་ཡིན།


DTG111_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་རྣམས་ཀྱིས་རྟག་ཏུ་ཕྱག་བྱས་པ་ཡིན། དྲི་ཟ་རྣམས་ཀྱིས་རྟག་ཏུ་མཆོད་པ་ཡིན། ཀླུའི་དབང་པོ་དང་ལྷ་མ་ཡིན་གྱི་དབང་པོ་རྣམས་ཀྱིས་རྟག་ཏུ་རྗེད་པ་ཡིན། བྲམ་ཟེ་དང་རྒྱལ་རིགས་དང་ཚོང་དཔོན་དང་ཁྱིམ་བདག་རྣམས་ཀྱིས་རྟག་ཏུ་གསོལ་བ་ཡིན། མཁས་པ་རྣམས་ཀྱིས་རྟག་ཏུ་འགྲོ་བར་བྱ་བ་ཡིན། སངས་རྒྱས་རྣམས་ཀྱིས་རྟག་ཏུ་དགོངས་པ་ཡིན། ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྟོན་པ་དང་མཚུངས་པར་བཀུར་བ་ཡིན། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་ཡིན་ནོ། །དེ་བཞིན་དུ་སྦྱར་རོ། །འགྲོ་བ་བཞིར་མི་འགྲོ་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་མ་གཏོགས་པར་མི་ཁོམ་པའི་འགྲོ་བར་མི་འགྲོ་བ་དང༌། སངས་རྒྱས་མེད་པའི་ཞིང་གི་འགྲོ་བར་མི་འགྲོ་བ་དང༌། ལོག་པར་ལྟ་བ་ཅན་གྱི་རིགས་སུ་སྐྱེ་བའི་འགྲོ་བར་མི་འགྲོ་བ་དང༌། ངན་འགྲོའི་འགྲོ་བ་ཐམས་ཅད་དུ་མི་འགྲོ་བའོ་ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་སྔར་བཏང་བའི་བསོད་ནམས་ཉོན་མོངས་པའི་དབང་གིས་ཡང་ལེན་པ་བསྲུང་བར་བྱའོ། །བསོད་ནམས་བྱིན་པའི་བསོད་ནམས་གང་ཡིན་པ་དེ་ལས་གཞན་གྱི་དོན་ལས་མ་གཏོགས་པ་རྣམ་པར་སྨིན་པ་མི་འདོད་པར་བྱའོ། །གཞན་ཡང་བསོད་ནམས་བསྲུང་བར་འདོད་པས། འགྱོད་པར་ཡང་ནི་མི་བྱ་སྟེ། །དྲག་ཤུལ་ཅན་གྱིས་ཞུས་པ་ལས་ཇི་སྐད་དུ། བྱིན་ནས་འགྱོད་པའི་སེམས་བསྐྱེད་པར་ནི་མི་བྱའོ་ཞེས་གསུངས་པ་ལྟ་བུ་སྟེ། མཇུག་མཐུ་ཆུང་བར་བྱས་པས་མཐུ་ཆུང་བར་འགྱུར་ཏེ། འགྱོད་པས་སྡིག་པ་ཟད་པ་བཞིན་དུ་བསོད་ནམས་ཀྱང་ཟད་པར་འགྱུར་བར་དགོངས་པའོ། །བྱས་པར་གྱུར་ཀྱང་བསྒྲགས་མི་བྱ། །བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་དགེ་བ་མི་སྤྱོམས་པ་དང༌། སྡིག་པ་བཤགས་པ་གསུངས་སོ། །དེ་ལ་ཡིད་མི་བདེ་བའི་ཕྱིར་སྡིག་པ་ནི། བཤགས་པས་ཟད་པར་འགྱུར་རོ། །བསོད་ནམས་ནི་དེ་ལྟར་ཟད་པར་མི་འགྱུར་ཏེ། ཡིད་བདེ་བའི་ཕྱིར་ཡང་མི་ཟད་དེ། སེམས་ཅན་གྱི་དོན་གྱི་ཕྱིར་ཟང་ཟིང་མེད་པའི་སེམས་ཀྱིས་བསྒྲགས་པ་ནི་ཉེས་པ་མེད་དོ། །དཀོན་མཆོག་སྤྲིན་ལས་ཇི་སྐད་དུ། སྨན་པའི་དཔེས་བདག་བསྟོད་པ་ཉེས་པ་མེད་པར་བསྟན་པ་ལྟ་བུའོ། །ཡང་བསོད་ནམས་བསྲུང་བར་འདོད་པས། །རྙེད་དང་བཀུར་སྟིས་འཇིགས་བྱ་ཞིང༌། །ཁེངས་པ་རྟག་ཏུ་སྤང་བར་བྱ། །བྱང་ཆུབ་སེམས་དཔའ་དང་བྱ་ཞིང༌། །ཆོས་ལ་ཡིད་གཉིས་སྤང་བར་


DTG111_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །འདི་ནི་དཀོན་མཆོག་བརྩེགས་པ་ལས་རབ་ཏུ་བསྟན་ཏེ། འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པའི་དགེ་བའི་ཆོས་སྐྱེས་ཤིང་བྱུང་བ་རྣམས་ཡོངས་སུ་ཟད་པར་འགྱུར་ཏེ་དགེ་བའི་ཆོས་དེ་དག་གིས་རྒྱས་པར་མི་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། མངོན་པའི་ང་རྒྱལ་གྱིས་འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་ཚོལ་བ་དང༌། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཞེན་པས་ཁྱིམ་ལ་ལྟ་བ་དང༌། བྱང་ཆུབ་སེམས་དཔའ་ལ་རྣམ་པར་སྡང་ཞིང་སྐུར་བ་འདེབས་པ་དང༌། མ་ཐོས་པ་དང་མ་ཟིན་པའི་མདོ་སྡེ་རྣམས་སྤོང་བའོ་ཞེས་བསྟན་ཏོ། །འཕགས་པ་ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱི་གཞུང་ལས་ཀྱང༌། དགེ་སློང་དག་དགེ་སློང་གིས་འདི་ལྟར་སྐྲ་དང་སེན་མོའི་མཆོད་རྟེན་ལ་ཡན་ལག་ཐམས་ཅད་ཀྱིས་ཕྱག་འཚལ་ཏེ་སེམས་དང་བར་བྱེད་པ་ལ་ལྟོས། །བཙུན་པ་དེ་ལྟ་ལགས་སོ། །དགེ་སློང་དག་དགེ་སློང་འདིས་ས་ཇི་ཙམ་ཞིག་ནོན་པའི་འོག་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ན་ཡོད་པའི་གསེར་གྱི་འཁོར་ལོ་ལ་ཐུག་པའི་བར་ན་བྱེ་མ་ཇི་སྙེད་ཡོད་པ་དེ་སྙེད་དུ་དགེ་སློང་འདིས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་སྟོང་འགྱུར་དུ་ལོངས་སྤྱོད་པར་འགྱུར་རོ་ཞེས་བྱ་བ་ནས་དེ་ནས་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་བའི་རྩ་བ་དེ་ལྟ་བུར་ཆེ་བར་གསུངས་ན་བཅོམ་ལྡན་འདས་དགེ་བའི་རྩ་བ་དེ་དག་གང་དུ་བསྲབས་པ་དང་ཡོངས་སུ་བྱང་བ་དང་ཡོངས་སུ་ཟད་པར་འགྱུར། ཉེ་བ་འཁོར་ཇི་ལྟར་ཚངས་པ་མཚུངས་པར་སྤྱོད་པས་ཚངས་པ་མཚུངས་པར་སྤྱོད་པ་ལ་རྨ་བྱུང་བ་དང་རྨས་པར་བྱས་པ་དེ་ལྟ་བུ་ནི་ངས་མ་མཐོང་སྟེ། ཉེ་བ་འཁོར་དེས་དགེ་བའི་རྩ་བ་ཆེན་པོ་འདི་དག་བསྲབས་པ་དང་ཡོངས་སུ་བྱང་བ་དང་ཡོངས་སུ་ཟད་པར་འགྱུར་རོ། །ཉེ་བ་འཁོར་དེ་ལྟ་བས་ན་ཅི་ནས་འགལ་བ་ལ་ཡང་སེམས་ཀྱིས་གནོད་པར་མི་བྱ་ན་རྣམ་པར་ཤེས་པ་དང་བཅས་པའི་ལུས་ལྟ་སྨོས་ཀྱང་ཅི་དགོས་ཞེས་འདོན་ཏོ། །འཕགས་པ་འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། ཁོང་ཁྲོ་བ་ཁོང་ཁྲོ་བ་ཞེས་བྱ་བ་ནི་བསྐལ་པ་བརྒྱར་བསགས་པའི་དགེ་བའི་རྩ་བ་འཇོམས་པས་དེའི་ཕྱིར་ཁོང་ཁྲོ་བ་ཞེས་བྱའོ་ཞེས་གསུངས་སོ། །འཕགས་པ་སྡོང་པོ་བཀོད་པའི་མདོ་ལས། མཚན་མོའི་ལྷ་མོ་སེམས་


DTG111_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཀུན་སྐྱོབ་པའི་དཔལ་གྱིས་སྔོན་གྱི་རྟོགས་པ་བརྗོད་པ་བསྙད་པ་ལས་ཀྱང༌། དེ་དག་ཕན་ཚུན་བརྙས་པའི་མི་དགེ་བ་འདུས་པས་ཚེའི་ཚད་ཀྱང་ཉམས་པར་འགྱུར། ཁ་དོག་དང་སྟོབས་དང་བདེ་བ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་ཞེས་གསུངས་སོ། །འདིར་ནི་བརྒྱ་ལམ་ན་ཡང་ཁེངས་པར་མི་བྱའོ་ཞེས་རབ་ཏུ་བསྟན་པའི་ཕྱིར་རྟག་ཏུ་ཞེས་བརྗོད་དོ། །རྙེད་པ་དང་བཀུར་སྟི་ནི་ཇི་སྟེ་ན་ཁས་བླང་བར་བྱ་སྟེ། དཀོན་མཆོག་སྤྲིན་ལས་ཇི་སྐད་དུ། འདི་ལ་བྱང་ཆུབ་སེམས་དཔའི་རིན་པོ་ཆེའི་ཕུང་པོ་རི་རབ་ཙམ་ཐོབ་ན་ཡང་ལེན་ཏོ། །དངོས་པོ་ངན་པ་ཞིག་ཐོབ་ན་ཡང་ལེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་འདི་ལྟར་སེམས་ཏེ་སེམས་ཅན་འདི་དག་ནི་སེར་སྣ་ཅན་བརྐམ་པ་འདོད་པས་བཀོལ་བ་འཇུངས་པ་ཡིན་ཏེ། རྒྱུ་དེ་དང་རྐྱེན་དེ་དང་གཞི་དེས་ཆུའི་ཕུང་པོ་ཆེན་པོས་ནོན་པ་བཞིན་དུ་འཁོར་བའི་རྒྱ་མཚོར་འབྱུང་ནུབ་བྱེད་པ་དེ་དག་ལ་ཡུན་རིང་པོར་དོན་དང་ཕན་པ་དང་བདེ་བ་ཆེན་པོར་འགྱུར་རོ་སྙམ་སྟེ། དེ་བླངས་ནས་བདག་གིར་མི་བྱེད་ཆགས་པའི་སེམས་མི་བསྐྱེད་དོ། །གཞན་དུ་ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་སངས་རྒྱས་དང་ཆོས་དང་དགེ་འདུན་དག་ལ་ཡང་བྱ་བ་བྱེད་དོ། །སེམས་ཅན་སྡུག་བསྔལ་བ་རྣམས་ལ་ཡང་ཕན་པར་བྱེད་དོ། །སྦྱིན་པའི་བདག་པོ་དེ་ཡང་གཟེངས་བསྟོད་པ་དང་ཤིན་ཏུ་དགའ་བར་བྱེད་དོ་ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་དེ་ཉིད་ལས། སྦྱིན་པ་དེས་ཁེངས་པར་ཡང་མི་འགྱུར་ཞེས་གསུངས་སོ། །ཡང་དེ་ཉིད་ལས། གལ་ཏེ་ཡང་རྒྱུ་དེ་དང་རྐྱེན་དེ་དང་གཞི་དེས་གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པ་ཞིག་བྱུང་ཡང་དེས་ཁེངས་པར་མི་འགྱུར་ང་རྒྱལ་མི་སྐྱེ་རྒྱགས་པ་མི་སྐྱེ་སྟེ་དེ་འདི་སྙམ་དུ་སེམས་སོ། །རིང་པོར་མི་ཐོགས་པར་གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པ་འདི་སུ་ལ་ཉེ་བར་གནས་པ་དང༌། སུ་དག་གིས་ཉེ་བར་གནས་པར་བྱས་པ་དང༌། གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པ་གང་ཞིག་ཉེ་བར་གནས་པ་འདི་གསུམ་གང་ཡང་ཐམས་ཅད་དུ་ཐམས་ཅད་མེད་པར་འགྱུར་ན་དེ་ལ་མཁས་པའི་རང་བཞིན་ཅན་སུ་ཞིག་མི་རྟག་ཅིང་མི་གནས་པའི་ཆོས་མི་བརྟན་པ་ཡིད་བརྟན་དུ་མི་རུང་བ་དག་ལ་དགའ་བའི་སེམས་བསྐྱེད་པའམ། ཁེངས་པར་འགྱུར་བའམ། ང་རྒྱལ་དང་རྒྱགས་པས་དྲེགས་པར་འགྱུར་སྙམ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྙེད་པ་དང་བཀུར་སྟི་དང་གྲགས་


DTG111_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་སྒྲ་དང་ཚིགས་སུ་བཅད་པ་རྣམས་ལ་དྲན་པ་ཤིན་ཏུ་ཉེ་བར་གཞག་ཅིང་གནས་སོ་ཞེས་གསུངས་སོ། །གཞན་ཡང་དམན་པའི་ཡིད་ཀྱིས་གདོལ་བུ་ལྟ་བུར་འཇིག་རྟེན་ན་སྤྱོད་པ་ཡིན། རྟག་ཏུ་རྒྱུན་མི་འཆད་པར་བསོད་སྙོམས་སློང་བའི་འདུ་ཤེས་ཉེ་བར་གཞག་པས་དམན་ཞིང་དམན་པའི་ཡིད་ཀྱིས་ང་རྒྱལ་དང་རྒྱགས་པ་དང་དྲེགས་པ་དང་བྲལ་བ་རྣམས་ཡིན་ནོ་ཞེས་གསུངས་སོ། །ཡང་གསུངས་པ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་སྟེ་རབ་ཏུ་བྱུང་ནས་བདག་གི་གྲོགས་པོ་དང་བློན་པོ་དང་གཉེན་བཤེས་དང་སྣག་གི་གཉེན་མཚམས་ལ་ཤི་བ་དང་འདྲའོ་ཞེས་ང་རྒྱལ་བཅོམ་པ་ཡིན། བདག་གི་གཟུགས་མི་སྡུག་པར་ཁས་བླངས་ཤིང་བདག་གིས་གོས་ཁ་དོག་མི་སྡུག་པ་བགོས་ཏེ་ཚུལ་གཞན་དུ་བསྒྱུར་རོ་ཞེས་ང་རྒྱལ་བཅོམ་པ་ཡིན། སྤྲང་བའི་རྒྱུ་སྤྲང་བའི་ཕྱིར་མགོ་བྲེགས་ཤིང་ལག་ན་ལྷུང་བཟེད་ཐོགས་ནས་གྲོང་ནས་གྲོང་དུ་འགྲོའོ་ཞེས་ང་རྒྱལ་བཅོམ་པ་ཡིན། གདོལ་བུ་དང་འདྲ་བར་དམན་པ་དམན་པའི་སེམས་ཀྱིས་བསོད་སྙོམས་ཀྱི་ཕྱིར་འགྲོའོ་ཞེས་ང་རྒྱལ་བཅོམ་པ་ཡིན། བདག་ནི་བསོད་སྙོམས་པ་སྟེ་བདག་གི་འཚོ་བ་གཞན་ལ་རག་ལུས་སོ་ཞེས་ང་རྒྱལ་བཅོམ་པ་ཡིན། བརྙས་པའི་བསོད་སྙོམས་ངན་ངོན་ལེན་ཏོ་ཞེས་ང་རྒྱལ་བཅོམ་པ་ཡིན། བདག་གིས་སློབ་དཔོན་དང་བླ་མ་དང་སྦྱིན་པའི་གནས་རྣམས་མཉེས་པར་བྱ་དགོས་སོ་ཞེས་ང་རྒྱལ་བཅོམ་པ་ཡིན། བདག་གིས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་འདི་ལྟ་སྟེ། ཆོ་ག་དང་སྤྱོད་ཡུལ་དང་ཀུན་སྤྱོད་པ་དེ་དང་དེས་མགུ་བར་བྱའོ་ཞེས་ང་རྒྱལ་བཅོམ་པ་ཡིན། སངས་རྒྱས་ཀྱི་ཆོས་མ་ཐོབ་པ་རྣམས་ཐོབ་པར་བྱའོ་ཞེས་ང་རྒྱལ་བཅོམ་པ་ཡིན། སེམས་ཅན་ཁྲོས་པ་དང་གནོད་སེམས་རྣམས་ཀྱི་ནང་ན་བཟོད་པ་མང་བར་བྱའོ་ཞེས་ང་རྒྱལ་བཅོམ་པ་ཡིན་ནོ་ཞེས་གསུངས་སོ།། །།བམ་པོ་བདུན་པ། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང༌། དེ་ལུས་ཡོངས་སུ་དག་པ་ཡིན་ཏེ། ལུས་མཚན་གྱིས་ལེགས་པར་བརྒྱན་པ་དང༌། ལག་པ་དང་རྐང་པ་འཇམ་ཞིང་མཉེན་པ་དང༌། བསོད་ནམས་ཀྱི་རྒྱུ་མཐུན་པའི་ལུས་ཤིན་ཏུ་རྣམ་པར་ཕྱེ་བ་དང༌། དབང་པོ་མ་ཚང་བ་མེད་པ་དང༌། ཡན་ལག་དང་ཉིང་ལག་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ཡང༌།


DTG111_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱིས་རྒྱགས་ཤིང་དྲེགས་པ་མེད་པ་ཡིན་ཏེ། ལུས་ཆེ་བའི་ཚུལ་དང་ལྡན་པ་མ་ཡིན་ནོ། །དེ་ཆོས་གཟུང་བར་བྱ་བའི་ཕྱིར་སེམས་ཅན་ཅི་ཙམ་དུ་དམན་པ་གཟུགས་མ་ཚང་བ་རྣམས་ལ་ཡང་འདུད་དོ་རབ་ཏུ་འདུད་དོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་གང་གི་ཚེ་རྒྱ་མཚོ་ཆེན་པོ་མཆིས་པར་འགྱུར་བ་དེའི་ཚེ་གཞོལ་བའི་ཕྱོགས་ན་མཆིས་པར་འགྱུར་རོ། །དེ་གཞོལ་བའི་སླད་དུ་ཆུ་ཀླུང་ཐམས་ཅད་དང་ཆབ་མིག་དང་འབབ་ཆུ་ཐམས་ཅད་ཚེགས་ཆུང་ངུས་དེར་འབབ་བོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ང་རྒྱལ་མ་མཆིས་པ་བླ་མ་དང་སྦྱིན་གནས་ལ་གུས་པ་ལ་ཡང་ཚོགས་ཆུང་དུས་ཆོས་ཟབ་མོའི་སྒོ་རྣམས་རྣ་བའི་དབང་པོ་ལ་གྲག་པར་འགྱུར་ཞིང་དྲན་པ་ལ་ཡང་གནས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ང་རྒྱལ་གྱིས་ཁེངས་ང་རྒྱལ་གྱིས་རེངས་པར་གྱུར་ཏེ། བླ་མ་དང་སྦྱིན་གནས་རྣམས་ལ་ཀུན་དུ་མི་འདུད་ཅིང་འདུད་པར་མི་བགྱིད་ལ་རབ་ཏུ་མི་འདུད་ན། བཅོམ་ལྡན་འདས་ཀྱི་མའོ་བྱང་ཆུབ་སེམས་དཔའ་འདི་ནི་ང་རྒྱལ་གྱི་ལྕགས་ཀྱུས་ཟིན་པར་རིག་པར་བགྱིའོ་ཞེས་གསུངས་སོ། །འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས་ཀྱང༌། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ང་རྒྱལ་གྱི་ལས་སོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། བླ་མ་དང་སྦྱིན་གནས་དང་སློབ་དཔོན་དང་ཕ་མ་དང་དགེ་སྦྱོང་དང་བྲམ་ཟེ་དང་ཡང་དག་པར་སོང་བ་དང་ཡང་དག་པར་ཞུགས་པ་རྣམས་ལ་མི་གུས་པ་ནི་ང་རྒྱལ་གྱི་ལས་སོ། །ཆོས་སྨྲ་བ་དང༌། ཁྱད་པར་ཅན་གྱི་ཆོས་ཁོང་དུ་ཆུད་པ་དང༌། ཆོས་རྒྱ་ཆེན་པོ་སྟོན་པ་དང་ཐེག་པ་ཆེན་པོ་ལ་ཞུགས་པ་དང་འབྱུང་བའི་ལམ་གྱི་ཚུལ་ཤེས་པ་དང༌། གཟུངས་དང་མདོ་སྡེ་ལ་ཤིན་ཏུ་བྱང་བ་རྣམས་ལ་མི་འདུད་དེ། ཁེངས་ཤིང་འགྱིང་ལ་ཆོས་དང་ཆོས་སྨྲ་བ་ལ་གུས་པ་མི་སྐྱེད་ཅིང་སྲི་ཞུ་དང་ཞེས་མི་བྱེད་པ་ནི། ང་རྒྱལ་གྱི་ལས་སོ། །ཆོས་མཉན་པ་དང་ཡང་དག་པའི་གཏམ་བྱ་བར་འདུག་པ་ན། ཆོས་ཀྱི་ཤུགས་རྒྱ་ཆེན་པོ་སྐྱེས་ཀྱང་ལ་ལ་ཞིག་འདི་ལ་དད་པ་སྐྱེས་པར་འགྱུར་དུ་འོང་སྙམ་སྟེ་ཆོས་སྨྲ་བ་ལ་ལེགས་སོ་ཞེས་བྱ་བ་སྦྱིན་པར་མི་བྱེད་པ་ནི་ང་རྒྱལ་གྱི་ལས་སོ། །མངོན་པའི་ང་རྒྱལ་བསྐྱེད་ནས་བདག་གི་གཟེངས་བསྟོད་ཅིང་ཕ་རོལ་ཁྱད་དུ་གསོད་པ་དང་བདག་ཤེས་པ་


DTG111_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་འཇུག་ཅིང་སེམས་ཀྱི་ངེས་པར་སེམས་པ་མི་སྐྱེད་པ་ནི་ང་རྒྱལ་གྱི་ལས་སོ། །ལྷག་པའི་ང་རྒྱལ་བསྐྱེད་ནས་ཤེས་ཤིང་རྟོགས་བཞིན་དུ་བསྔགས་པར་འོས་པའི་གང་ཟག་རྣམས་ཀྱི་བསྔགས་པ་འཆབ་པ་དང་མི་སྙན་པར་བརྗོད་ཅིང་གཞན་གྱི་ཡོན་ཏན་བསྔགས་པས་ཡིད་མི་དགའ་བར་འགྱུར་བ་ནི་ང་རྒྱལ་གྱི་ལས་སོ། །འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་ཡིན་ནོ་ཞེས་བྱ་བར་ཡང་དག་པར་ཤེས་ལ། གང་ཟག་ལ་ཞེ་སྡང་ཞིང་ཆོས་ལ་ཞེ་སྡང་བ་དང་དམ་པའི་ཆོས་སྤོང་བ་དང་གཞན་དག་ཀྱང་རྩོད་དུ་འཇུག་ཅིང་ལྡོག་པར་བྱེད་པ་ནི་ང་རྒྱལ་གྱི་ལས་སོ། །སྟན་མཐོན་པོ་འདོད་པ་དང་གཅེས་ཏེ་ལས་སུ་མི་བསྐོ་བའི་ཆོས་ཚོལ་བ་དང་གཞན་གྱི་རིམ་གྲོ་བྱ་བར་སྡོད་ཅིང་མངོན་བར་དགའ་བ་དང་གནས་བརྟན་རྒན་པོ་ཚངས་པར་སྤྱོད་པ་ཡུན་རིང་དུ་སྤྱད་པ་རྣམས་ལ་མི་ལྡང་ཞིང་མི་སུ་བ་དང་བསྙེན་བཀུར་མི་བྱེད་པ་ནི་ང་རྒྱལ་གྱི་ལས་སོ། །བཞིན་ཁྲོ་གཉེར་ཅན་དུ་བྱས་ཤིང་མི་འཛུམ་པ་དང༌། ཚིག་འཇམ་ཞིང་མཉེན་པ་མེད་ལ་རྟག་ཏུ་ཁེངས་པའི་སེམས་ཀྱིས་གླགས་ལྟ་སྐབས་ཚོལ་བ་ནི་ང་རྒྱལ་གྱི་ལས་སོ། །མངོན་པའི་ང་རྒྱལ་ཅན་དུ་ལྷུང་ཞིང་མཁས་པའི་གན་དུ་མི་འགྲོ་མི་བསྙེན་མི་བསྟེན་བསྙེན་བཀུར་མི་བྱེད་ཡོངས་སུ་མི་འདྲི་ཞིང་དགེ་བ་ནི་ཅི་མི་དགེ་བ་ནི་ཅི། ཅི་བྱས་ན་ཡུན་རིང་པོར་དོན་དང་ཕན་པ་དང་བདེ་བར་འགྱུར། ཅི་བྱས་ན་ཡུན་རིང་པོར་གནོད་པ་དང་མི་ཕན་པ་དང་མི་བདེ་བར་འགྱུར་ཞེས་མི་འདྲི་སྟེ། དེ་རྨོངས་པ་ལས་ཆེས་རྨོངས་པར་གྱུར་ནས། གཏི་མུག་གིས་བློང་ཞིང་ང་རྒྱལ་གྱིས་བརྒྱལ་ཏེ་འབྱུང་བ་མི་མཐོང་བ་ནི་ང་རྒྱལ་གྱི་ལས་སོ། །མངོན་པའི་ང་རྒྱལ་གྱིས་ཟིལ་གྱིས་ནོན་པས་སངས་རྒྱས་འབྱུང་བ་མཉེས་པར་མི་བྱེད་པ་དང་སྔོན་གྱི་དགེ་བའི་རྩ་བ་ཟད་པར་བྱེད་པ་དང་གསར་མི་སྐྱེད་པ་དང༌། བཤད་པར་མི་བྱ་བ་འཆད་པ་དང་འཐབ་མོ་བྱེད་ཅིང་རྩོད་པ་མང་བར་གྱུར་ཏེ། འདི་ལྟ་བུའི་ཆོས་ལ་གནས་པས་འདོད་རྒྱལ་ཆེན་པོར་ལྷུང་བའི་གནས་སུ་གྱུར་ཀྱང༌། བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་སྐྱེད་པས་དབང་ཕྱུག་ཐོབ་པར་འགྱུར་ཡང༌། དེས་བསྐལ་པ་བརྒྱ་སྟོང་དུ་སངས་རྒྱས་འབྱུང་བ་ཡང་མི་མཐོང་ན་ཆོས་ཉན་པར་ལྟ་ག་ལ་འགྱུར་ཏེ་འདི་ནི་ང་རྒྱལ་གྱི་ལས་བཅུ་པའོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་དག་གིས་


DTG111_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ང་རྒྱལ་གྱི་ལས་བཅུ་པོ་དེ་ལྟ་བུ་དེ་དག་ཡོངས་སུ་སྤངས་ནས། ཡེ་ཤེས་ཀྱི་ལས་བཅུ་ཐོབ་པར་འགྱུར་རོ་ཞེས་གསུངས་སོ། །དེ་ཉིད་ལས་སེམས་ཅན་ཐམས་ཅད་ལ་ང་རྒྱལ་མེད་པ་ཞེས་ཡེ་ཤེས་ཀྱི་ལས་ལེགས་པར་བཤད་དོ། །འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས་ཀྱང༌། རྨོངས་པ་དེ་དག་ང་རྒྱལ་དབང་གིས་ན། །ངན་སོང་པ་དང་མི་ཁོམ་སྐྱེ་བ་དང༌། །དབུལ་དང་དམན་པའི་རིགས་སུ་སྐྱེ་བ་དང༌། །དམུས་ལོང་མདོག་ངན་མཐུ་ཆུང་ཉིད་འཛིན་བྱེད། །ཅེས་གསུངས་སོ། །ཆོས་ཡང་དག་པར་སྡུད་པ་ལས་ཀྱང༌། སེམས་ཅན་གྱི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། སངས་རྒྱས་ཀྱི་ཞིང་གང་ལས་སངས་རྒྱས་ཀྱི་ཆོས་རྣམས་འཐོབ་པར་འགྱུར་བ་དེ་ལ་ལོག་པར་བསྒྲུབ་པ་མི་རིགས་སོ་སྙམ་མོ། །དེ་ཡང་འདི་སྙམ་དུ་ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པ་ཐམས་ཅད་ནི་སེམས་ཅན་ལ་བརྟེན་ནས་འབྱུང་ངོ༌། །ཉེས་པར་སྤྱད་པ་ལ་བརྟེན་ནས་ནི་ངན་སོང་རྣམས་འབྱུང་ངོ། །ལེགས་པར་སྤྱད་པ་ལ་བརྟེན་ནས་ནི་ལྷ་དང་མིར་འགྱུར་རོ་སྙོམ་མོ་ཞེས་གསུངས་སོ། །དེ་བས་ན་དཀོན་མཆོག་ཏ་ལ་ལའི་གཟུངས་ལས་ཀྱང༌། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ལ་ཐོག་མ་ཉིད་དུ་སེམས་རྣམ་པ་བཅུ་བསྐྱེད་དེ། རྣམ་པ་བཅུ་གང་ཞེ་ན་འདི་ལྟ་སྟེ། ཕན་པའི་སེམས་དང༌། བདེ་བའི་སེམས་དང༌། སྙིང་བརྩེ་བའི་སེམས་དང༌། མཉེན་པའི་སེམས་དང༌། སྡུག་པའི་སེམས་དང༌། ཕན་གདགས་པའི་སེམས་དང༌། ཀུན་དུ་སྲུང་བའི་སེམས་དང༌། སྙོམས་པའི་སེམས་དང༌། སློབ་དཔོན་གྱི་སེམས་དང༌། སྟོན་པའི་སེམས་ཏེ། སེམས་རྣམ་པ་བཅུ་པོ་འདི་དག་བསྐྱེད་དོ་ཞེས་གསུངས་སོ། །དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། བདག་ཉིད་ནི་སེམས་ཅན་ཐམས་ཅད་ཀྱི་སློབ་མར་ཁས་ལེན་པ་ལ་གནས་ཤིང་སེམས་ཅན་གཞན་དག་ཀྱང་སློབ་མར་ཁས་ལེན་པ་ལ་གཞག་གོ་སྙམ་དུ་དབུགས་དབྱུང་བ་རྙེད་དོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པར་འདུད་པ་དང་རབ་ཏུ་འདུད་པ་ལ་གཞག་གོ་སྙམ་དུ་དབུགས་དབྱུང་བ་རྙེད་དོ། །ཞེས་གསུངས་སོ། །དེ་ལ་རྣམ་པར་འདུད་པ་དང་རབ་ཏུ་འདུད་པ་ནི་སེམས་ཅན་ཐམས་ཅད་ལ་ང་རྒྱལ་མེད་པ་ཉིད་དོ། །དེ་བཞིན་དུ་འཕགས་པ་དྲི་མ་མེད་པར་གྲགས་


DTG111_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྟན་པ་ལས་ཀྱང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་སྟོན་པ་ལྟར་གཅེས་པར་བྱེད་ཅེས་གསུངས་སོ། །སྟན་འདིང་བ་དང་རྐང་པ་འཁྲུ་བ་ལ་སོགས་པའི་ལས་བྱེད་པ་ན་ཡང་འཇིག་རྟེན་མ་དད་པར་འགྱུར་བ་བསྲུང་བའི་ཕྱིར། སེམས་ཀྱིས་གཅེས་པ་དང་གུས་པར་བསམ་པ་གོམས་པར་བྱའོ། །འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་ཀྱང་གསུངས་ཏེ། དེས་སེང་གེའི་ཁྲི་ཆེན་པོ་དེ་ལ་འདུག་མ་ཐག་ཏུ་སྐྱེ་བོ་མང་པོ་དེ་དག་མངོན་དུ་ཕྱོགས་པར་འགྱུར་ཏེ་ཐལ་མོ་སྦྱར་ནས་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །དེ་བཞིན་དུ་སྦྱར་ཏེ། རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོགས་པ་དེས་སློང་མོ་པ་དེ་དག་མཐོང་བའི་མདོ་དེ་ལ་དེའི་རྒྱུས་ཆེས་དགའ་བར་གྱུར་གྱི། བསྐལ་པ་ཚད་མེད་པའི་མཐས་ཀླས་པར་ཞེས་བྱ་བ་ནས། གནས་གཙང་མའི་ལྷའི་རྣམ་པར་ཐར་པ་ཞི་བའི་བདེ་བ་ལ་གནས་པ་ཐོབ་པས་ནི་མ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན། སྐྱེས་བུ་སྲེད་པ་ལ་སྤྱོད་པ་ཕ་མ་དང་ཕུ་ནུ་དང་བུ་སྲིང་དང་མཛའ་བོ་དང་བློན་པོ་དང་གཉེན་བཤེས་དང་བུ་དང་བུ་མོ་དང་ཆུང་མ་དང་ཡུན་རིང་མོ་ཞིག་ཏུ་བྲལ་བ་ལ་འབྲོག་དགོན་པར་འཁྱམས་ཏེ། དེ་དག་མཐོང་བར་འདོད་པ་ལས་དེ་དག་དང་ཕྲད་ན་དེ་དག་མཐོང་བས་མི་ངོམས་ཤིང་དགའ་བ་དང་ཆགས་པ་ཆེན་པོ་སྐྱེ་བར་འགྱུར་རོ། །རིགས་ཀྱི་བུ་དེ་བཞིན་དུ་རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོགས་པས་སློང་མོ་པ་དེ་དག་མཐོང་བར་གྱུར་པའི་མོད་ལ་དགའ་བའི་ཤུགས་ཆེན་པོ་སྐྱེས་སོ། །སེམས་ཀྱི་དགའ་བའི་རོ་བདེ་བ་དང་ལྡན་པར་གྱུར་ཏོ། །སེམས་སྤྲོ་བའི་ཤུགས་རབ་ཏུ་བྱུང་ངོ་ཞེས་བྱ་བ་ནས། སློང་མོ་པ་དེ་དག་ལ་བུ་གཅིག་པའི་འདུ་ཤེས་སྐྱེད་པའི་ཕྱིར་རོ། །ཕ་མའི་འདུ་ཤེས་དང་སྦྱིན་པའི་གནས་ཀྱི་འདུ་ཤེས་དང་དགེ་བའི་བཤེས་གཉེན་གྱི་འདུ་ཤེས་དང༌། དཀོན་པའི་འདུ་ཤེས་དང༌། དཀའ་བ་བྱེད་པའི་འདུ་ཤེས་དང༌། གཅེས་སྤྲས་བྱེད་པའི་འདུ་ཤེས་དང༌། ཕན་འདོགས་པ་དམ་པའི་འདུ་ཤེས་དང༌། བྱང་ཆུབ་ཀྱི་ལམ་ཉེ་བར་སྟོན་པའི་འདུ་ཤེས་དང༌། མཁན་པོའི་འདུ་ཤེས་དང༌། སྟོན་པའི་འདུ་ཤེས་སྐྱེད་པའི་ཕྱིར་ཏེ་ཞེས་བྱ་བའི་བར་དུ་གསུངས་སོ། །དེ་ལྟ་བུའི་ཐབས་གཞན་མེད་ན་སེམས་ཅན་


DTG111_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གན་དུ་འགྲོ་བ་དང་རིམ་གྲོ་བྱེད་པའི་ཚེ་ཐམས་ཅད་དུ་གཏང་བ་དྲན་པར་བྱ་སྟེ། བདག་གི་ལུས་འདི་ནི་འདི་དག་གི་ཡིན་གྱི། བདག་བདེ་བའི་དོན་དུ་ས་བྱི་དོར་བྱེད་པ་དང་བསྐུ་བ་ལ་སོགས་པ་བྱེད་པ་བཞིན་དུ་འདི་ལ་ཅི་དགར་སྤྱོད་ཅིག་སྙམ་དུ་བསམ་མོ། །ཡང་ན་རྗེ་བོ་མི་དགའ་བས་འཇིགས་པ་དེ་དགའ་བར་འདོད་པས་དེས་བསྒོ་བ་བསྒྲུབས་པ་ལྟར་ཡིད་ལ་བྱའོ། །རྟེན་གཞན་མེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་རིམ་གྲོ་མཛད་པ་ཡང་དགེ་སློང་ནད་པས་ཉམས་སུ་བླངས་སོ། །དགེ་སློང་གི་བྱ་བ་རྒྱས་པ་ལས་ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་འཇིགས་ཤིག ། དགེ་སློང་ངས་ཁྱོད་ཀྱི་རིམ་གྲོ་བྱའོ། །དགེ་སློང་ཁྱོད་ཀྱི་གོས་རྣམས་ཚུར་བྱིན་ཅིག་ངས་བཀྲུའོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་ནད་པ་འདིའི་གོས་མི་གཙང་བས་འབགས་པ་རྣམས་མི་བཀྲུ་བར་གསོལ་ལོ། །བཅོམ་ལྡན་འདས་དེ་བདག་གིས་བཀྲུ་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་དགེ་སློང་འདིའི་གོས་རྣམས་ཁྲུས་ཤིག །དེ་བཞིན་གཤེགས་པས་ནི་ཆུ་བླུགས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་ནད་པ་དེའི་གོས་བཀྲུས་སོ། །བཅོམ་ལྡན་འདས་ཀྱིས་ནི་ཆུ་བླུགས་སོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་ནད་པ་དེ་ཤིན་ཏུ་ལེགས་པར་བླངས་ཏེ་ཕྱི་རོལ་དུ་ཕྱུང་ནས་བཀྲུས་སོ། །བཅོམ་ལྡན་འདས་ཀྱིས་ནི་ཆུ་བླུགས་སོ་ཞེས་གསུངས་པ་བཞིན་ནོ། །ཡང་སྨྲས་པ། གང་དག་མགུ་བས་ཆེ་ཉིད་དང༌། །མ་མགུས་མི་བཟང་རྒུད་འགྱུར་བ། །དེ་དག་སྲོག་ཀྱང་ཡོངས་བཏང་ནས། །མགུ་བར་བྱ་བར་རིགས་པ་ཡིན། །གང་དག་མགུ་བྱས་མང་པོ་རྣམས། །གྲུབ་དེ་སེམས་ཅན་འདི་དག་ཉིད། །འཇིག་རྟེན་ན་ནི་སེམས་ཅན་ལས། །གྲུབ་པའི་ཞིང་གཞན་ཡོད་མ་ཡིན། །འདི་དག་ཡིད་བཞིན་ནོར་བུ་དང༌། །བུམ་བཟང་འདོད་འཇོའི་བ་དང་ནི། །བླ་མ་དང་ནི་ལྷ་འདྲ་བ། །དེས་ན་འདི་དག་མགུ་བར་བྱ། །གཞན་ཡང་གཡོ་མེད་གཉེན་གྱུར་ཅིང༌། །ཕན་པ་དཔག་མེད་མཛད་རྣམས་ལ། །སེམས་ཅན་མགུ་བྱ་མ་གཏོགས་པར། །གཞན་འགའ་ཞིག་གིས་ལན་ལོན་འགྱུར། །


DTG111_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

རལ་པའི་ནང་གནས་སེམས་ཅན་རྣམས། །འབད་པས་གཡོ་བ་མེད་པར་ནི། །ཇི་ལྟར་བཞེན་བཞིན་མགོན་པོས་སྔོན། །དབུ་ཡིས་བཟུང་བར་གྱུར་པ་ཡིན། །གང་ཕྱིར་སྐུ་གཏོང་མནར་མེད་འཇུག་པ་ལ། །དེ་ལ་བྱས་པས་ལན་ལོན་ཉིད་འགྱུར་བ། །དེས་ནི་གནོད་ཆེན་བྱེད་ཀྱང་དེ་དག་ལ། །ལེགས་པས་ཐམས་ཅད་རབ་ཏུ་སྤྱད་པར་བྱ། །རེ་ཞིག་བདག་གི་རྗེར་གྱུར་ཉིད་ཀྱང་ནི། །གང་ཕྱིར་རང་གི་སྐུ་ལའང་མི་གཟིགས་པ། །རྗེ་བོ་དེ་དང་དེ་ལ་ཇི་ལྟར་བདག །ང་རྒྱལ་བྱེད་ཅིང་བྲན་གྱི་དངོས་མི་བྱེད། །གང་དག་བདེ་བས་ཐུབ་རྣམས་དགྱེས་འགྱུར་ཞིང༌། །གང་ལ་གནོད་ན་མི་དགྱེས་འབྱུང་འགྱུར་བ། །དེ་དག་དགའ་བས་ཐུབ་དབང་ཀུན་དགྱེས་ཤིང༌། །དེ་ལ་གནོད་བྱས་ཐུབ་ལ་གནོད་པ་བྱས། །ཇི་ལྟར་ལུས་ལ་ཀུན་ནས་མེ་འབར་བ། །འདོད་པ་ཀུན་གྱིས་ཡིད་བདེར་མི་འགྱུར་བ། །དེ་བཞིན་སེམས་ཅན་གནོད་པ་བྱས་ན་ཡང༌། །ཐུགས་རྗེ་ཆེ་རྣམས་དགྱེས་པའི་ཐབས་མེད་དོ། །དེ་བས་བདག་གིས་འགྲོ་ལ་གནོད་བྱས་པས། །ཐུགས་རྗེ་ཆེ་ཀུན་མི་དགེས་གྱུར་པ་གང༌། །སྡིག་དེ་དི་རིང་སོ་སོར་བཤགས་བགྱི་ཡིས། །མི་དགེས་གང་ལགས་དེ་ཐུབ་བཟོད་པར་གསོལ། །དེ་བཞིན་གཤེགས་རྣམས་མཉེས་པར་བགྱིད་སླད་དེང༌། །བདག་ཉིད་ཀུན་གྱིས་འཇིག་རྟེན་བྲན་དུ་མཆི། །འགྲོ་མང་བདག་འདིའི་མགོ་ལ་རྡོག་བསྣུན་ནམ། །ཡང་ན་གནོད་པར་བྱེད་བཟོད་འཇིག་རྟེན་མགོན། །འགྲོ་བ་འདི་ཀུན་ཐུགས་རྗེའི་བདག་ཅན་དེས། །བདག་ཏུ་མཛད་པ་འདི་ལ་ཐེ་ཚོམ་མེད། །སེམས་ཅན་ངོ་བོར་མཐོང་བ་འདི་དག་ནི། །མགོན་དེ་བདག་ཉིད་ཅི་ཕྱིར་གུས་མི་བྱེད། །འདི་ཉིད་དེ་བཞིན་གཤེགས་པ་མཉེས་བྱེད་ཡིན། །རང་དོན་ཡང་དག་སྒྲུབ་བྱེད་འདི་ཉིད་ཡིན། །འཇིག་རྟེན་སྡུག་བསྔལ་སེལ་བའང་འདི་ཉིད་དེ། །དེས་ན་བདག་ཉིད་རྟག་ཏུ་དེ་ཉིད་བྱ། །དཔེར་ན་རྒྱལ་པོའི་མི་འགའ་ཞིག ། །སྐྱེ་བོ་མང་ལ་གནོད་བྱེད་ཀྱང༌། །སྐྱེ་བོ་མིག་རྒྱང་རིང་པོ་དག ། ནུས་ཀྱང་སླར་གནོད་མི་བྱེད་དེ། །འདི་ལྟར་དེ་གཅིག་མ་ཡིན་གྱི། །རྒྱལ་པོའི་མཐུ་སྟོབས་དེ་ཡི་མཐུ། །དེ་བཞིན་གནོད་བྱེད་ཉམ་ཆུང་བ། །འགའ་ཡང་ཁྱད་དུ་གསད་མི་བྱ། །འདི་ལྟར་དམྱལ་བའི་སྲུང་མ་དང༌། །ཐུགས་རྗེ་ལྡན་རྣམས་དེ་ཡི་དཔུང༌། །དེས་ན་དམངས་ཀྱིས་རྒྱལ་གཏུམ་བཞིན། །


DTG111_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས་ནི་མགུ་བར་བྱ། །རྒྱལ་པོ་ལྟ་ཞིག་ཁྲོས་ན་ཡང༌། །སེམས་ཅན་མི་མགུ་བྱས་པ་ཡིས། །མྱོང་བར་འགྱུར་བ་གང་ཡིན་པ། །དམྱལ་བའི་གནོད་པ་དེས་བྱེད་དམ། །རྒྱལ་པོ་ལྟ་ཞིག་མགུ་ན་ཡང༌། །སེམས་ཅན་མགུ་བར་བྱས་པ་ཡི། །ཐོབ་པར་འགྱུར་བ་གང་ཡིན་པ། །སངས་རྒྱས་ཉིད་སྦྱིན་མི་སྲིད་དོ། །སེམས་ཅན་མགུ་ལས་བྱུང་བ་ཡི། །མ་འོངས་སངས་རྒྱས་འགྲུབ་ལྟ་ཞོག །ཚེ་འདི་ཉིད་ལ་དཔལ་ཆེན་དང༌། །གྲགས་དང་སྐྱིད་གྱུར་ཅིས་མ་མཐོང༌། །མཛེས་པ་ཉིད་དང་ནད་མེད་དང༌། །རབ་དགའ་ཡུན་རིང་འཚོ་བ་དང༌། །འཁོར་ལོས་སྒྱུར་བའི་བདེ་རྒྱས་ནི། །འཁོར་ཚེ་བཟོད་པས་ཐོབ་པར་བྱེད། །བྱམས་སེམས་ལྡན་ལ་མཆོད་བྱས་གང༌། །དེ་ནི་སེམས་ཅན་ཆེ་བ་ཉིད། །སངས་རྒྱས་དང་བའི་བསོད་ནམས་གང༌། །དེ་ནི་སངས་རྒྱས་ཆེ་བ་ཉིད། །དེ་ལྟ་བས་ན་ཟློ་བ་སྒྲོན་མའི་མདོ་ལས་ཀྱང༌། བྱམས་པ་བསྒོམས་པའི་འབྲས་བུ་བརྗོད་དེ། །མཆོད་པ་ཚད་མེད་རྣམ་མང་ཇི་སྙེད་པ། །ཞིང་ནི་བྱེ་བ་ཁྲག་ཁྲིག་གཏམས་སྙེད་དུ། །སྐྱེས་བུ་མཆོག་ལ་མཆོད་པ་དེ་བྱས་པས། །བྱམས་པའི་སེམས་ལ་གྲངས་དང་ཆར་མི་ཕོད། །ཅེས་བྱ་བའོ། །དེ་ལྟ་བས་ན་སྦྱིན་པའི་གནས་ཆེན་པོ་དེ་ལྟ་བུ་དག་ལ་ཁེངས་པ་རྟག་ཏུ་སྤང་བར་བྱ། ཁེངས་པ་འདི་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བྱུང་བའི་ཕྱིར་དེ་ལ་མི་འཇུག་པར་སྒྲིམ་པར་བྱ་སྟེ། དཀོན་མཆོག་སྤྲིན་ལས་ཇི་སྐད་དུ། རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་བྲལ་བ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གཅིག་པུ་ཀློག་ཏུ་སོང་སྟེ། རབ་ཏུ་དབེན་པར་གནས་ཤིང། འདི་ལྟར་བདག་ནི་མ་འདྲེས་པར་གནས་པ་སྟེ། བདག་ནི་རབ་ཏུ་དབེན་པ་ན་གནས་པའོ། །བདག་ནི་དེ་བཞིན་གཤེགས་པའི་ཆོས་འདུལ་བ་ལ་ཞུགས་པའོ། །དགེ་སྦྱོང་ངམ་བྲམ་ཟེ་གཞན་གང་ཡིན་པ་དག་ནི་ཀུན་ཀྱང་འདྲེས་པས་གནས་པ། འདུ་འཛི་མང་བ་དེ་བཞིན་གཤེགས་པའི་ཆོས་འདུལ་བ་ལས་ཉམས་པའོ་སྙམ་དུ་སེམས་མི་སྐྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་བྲལ་བ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །ཡང་དེ་ཉིད་ལས་འདི་ལ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་རྩོམ་པ་ནི་བརྩོན་འགྲུས་དེའི་རོ་མྱོང་བར་མི་བྱེད་དེ། བརྩོན་


DTG111_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུས་དེས་གཞན་ལ་མི་སྨོད་བདག་ལ་མི་སྟོད་དོ། །དེ་འདི་སྙམ་དུ་ཤེས་རབ་དང་ལྡན་པའི་རང་བཞིན་ཅན་སུ་ཞིག་བདག་གི་ལས་ལ་བརྩོན་པས་གཞན་ལ་སྨོད་སྙམ་དུ་སེམས་ཏེ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་བསྙེམས་པ་མེད་པའི་བརྩོན་འགྲུས་ཅན་ཡིན་ནོ་ཞེས་གསུངས་སོ། །བསོད་ནམས་བསྲུང་བ་མདོར་བསྡུས་པ་ནི་འདི་ཡིན་ཏེ། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་གང་ཡིན་པའོ། །ཇི་སྐད་དུ་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། དགེ་བའི་རྩ་བ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བར་མདོར་འགའ་ཡང་ཟད་པར་མི་འགྱུར་རོ། །བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་ཆུའི་ཐིགས་པ་རྒྱ་མཚོ་ཆེན་པོར་ལྷུང་བ་ནི་བསྐལ་པའི་མཐར་ཐུག་གི་བར་དུ་བར་མདོར་ཟད་པ་མེད་དོ་ཞེས་གསུངས་སོ། །བསླབ་པ་ཀུན་ལས་བཏུས་པ་ལས་ལོངས་སྤྱོད་དང་བསོད་ནམས་བསྲུང་བའི་ལེའུ་སྟེ་བདུན་པའོ།། །།ལུས་ལ་སོགས་པ་གསུམ་བསྲུང་བ་བཤད་ཟིན་ཏེ། ད་ནི་དག་ལ་བརྗོད་པར་བྱའོ། །ཅིའི་དོན་དུ་ཞེ་ན། ལུས་ནི་རྣམ་པར་སྦྱང་བྱས་ན། །ཕན་པའི་ལོངས་སྤྱོད་འགྱུར་བ་སྟེ། །འབྲས་ཆན་ལེགས་པར་ཚེས་པ་དང༌། །གཟེག་མེད་ལུས་ཅན་ཕན་པ་འདྲ། །འཕགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་ཇི་སྐད་དུ་གང་ཡང་གྲོང་ཁྱེར་ཆེན་པོ་དག་གི་དུར་ཁྲོད་ཆེན་པོ་སྲོག་ཆགས་བརྒྱ་སྟོང་དུ་མས་གང་བར་གྱུར་བ་དེར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་བདག་གི་ལུས་ཆེན་པོ་ཤི་ཞིང་དུས་ལས་འདས་པར་སྟོན་ཏོ། །དེར་སེམས་ཅན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དེ་དག་གིས་ཇི་ཙམ་འདོད་པར་ཤ་ལ་ཟོས་ནས་ཚེའི་མཐར་ཕྱིན་ཏེ་འཆི་བའི་དུས་སུ་གྱུར་ཅིང་ཤི་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷའི་ནང་དུ་སྐྱེ་བ་དང༌། དེ་དག་གི་ཡོངས་སུ་མྱ་ངན་ལས་འདའ་བའི་བར་གྱི་རྒྱུར་འགྱུར་བ་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་དེ་ཉིད་ཀྱི་སྔོན་གྱི་སྨོན་ལམ་ཡོངས་སུ་དག་པའི་ཕྱིར་ཏེ། སེམས་ཅན་གང་དག་གིས་བདག་འཆི་བའི་དུས་སུ་གྱུར་པའི་ཤ་ཟོས་པ་དེ་དག་ལ་དེ་ཉིད་མཐོ་རིས་སུ་སྐྱེ་བ་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་བར་གྱི་རྒྱུར་གྱུར་ཅིག་ཅེས་གང་གིས་ཡུན་རིང་པོ་ནས་སྨོན་ལམ་བཏབ་སྟེ་ཚུལ་ཁྲིམས་དང་ལྡན་པ་དེའི་བསམ་པ་གྲུབ་པ་


DTG111_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དང་དོན་དུ་གཉེར་བ་གྲུབ་པ་དང་སྨོན་ལམ་གྲུབ་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །ཡང་དེ་ཉིད་ལས་དེ་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བས་ན་མཐོང་བས་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །ཐོས་པ་དང་རེག་པས་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན། སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས་རྩི་ཐམས་ཅད་བསྡུས་ཏེ་རྩི་ཤིང་མང་པོ་ལས་བུ་མོའི་གཟུགས་བཟང་ཞིང་མཛེས་པ་བལྟ་ན་སྡུག་པ་ལེགས་པར་བྱས་ཏེ་ལེགས་པར་ཟིན་ཅིང་ལེགས་པར་བྱི་དོར་བྱས་པ་དེ་འོང་ངམ་འགྲོའམ་འགྲེང་ངམ་འདུག་གམ་ཉལ་ཡང་རྟོག་པ་མེད་ཅིང་རྣམ་པར་རྟོག་པ་མེད་དོ། །དེར་ནད་པ་གང་དག་བཙུན་པ་བཙུན་པ་རྒྱལ་པོའམ་རྒྱལ་པོའི་བློན་པོ་ཆེན་པོའམ་རྒྱལ་པོའི་བུའམ་ཚོང་དཔོན་ནམ་ཁྱིམ་བདག་གམ་བློན་པོའམ་རྒྱལ་ཕྲན་གང་དག་འོང་བ་དེ་དག་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས་སྨན་གྱི་བུ་མོ་དེ་དང་དེ་དག་ཕྲད་མ་ཐག་ཏུ་ནད་ཐམས་ཅད་བྱང་སྟེ་ནད་མེད་ཅིང་བདེ་བ་ལས་ཉམས་པ་མེད་པར་འགྱུར་རོ། །ཞི་བའི་བློ་གྲོས་སྨན་པ་གཞན་ལ་མེད་པ་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས་འཇིག་རྟེན་གྱི་ནད་གསོ་བའི་ཤེས་པ་ལ་ལྟོས། །ཞི་བའི་བློ་གྲོས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བ་ཡང་སེམས་ཅན་བུད་མེད་དང་སྐྱེས་པ་དང་ཁྱེའུ་དང་བུ་མོ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཡོངས་སུ་གདུངས་པ་ཇི་སྙེད་པ་དེ་དག་གི་ལུས་ལ་རེག་ན། རེག་མ་ཐག་ཏུ་དེ་དག་གི་ཉོན་མོངས་པ་ཐམས་ཅད་སེལ་བར་འགྱུར་རོ། །ལུས་ཡོངས་སུ་གདུང་བ་དང་བྲལ་བར་ཡང་ཤེས་སོ། །འདི་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་དེ་ཉིད་ཀྱི་སྔོན་གྱི་སྨོན་ལམ་ཤིན་ཏུ་ཡོངས་སུ་དག་པའི་ཕྱིར་རོ་ཞེས་གསུངས་ཏེ། དེའི་དོན་དུ་ལུས་སྦྱང་བར་བྱའོ། །གཞན་ཡང༌། ཇི་ལྟར་ལོ་ཐོག་རྩས་ཁེབས་ན། །ནད་ཀྱིས་ཞུམ་ཞིང་རྒྱས་མི་འགྱུར། །དེ་ལྟར་སངས་རྒྱས་མྱུ་གུ་ཡང༌། །ཉོན་མོངས་ཁེབས་ན་རྒྱས་མི་འགྱུར། །གཉེན་པོས་བསལ་ན་འཕེལ་བར་འགྱུར། ཞེས་བྱ་བར་དགོངས་པའོ། །ལུས་ཀྱི་དག་པ་གང་ཞེ་ན། སྡིག་དང་ཉོན་མོངས་རྣམས་སྦྱང་ཡིན། །རྫོགས་སངས་རྒྱས་ཀྱིས་གསུངས་ཚུལ་དུ། །འབད་པ་མེད་ན་ང་སོང་འགྲོ། །དེ་ལ་སྡིག་པ་སྦྱང་བ་ནི་ཆོས་བཞི་བསྟན་པའི་མདོ་ལས་བསྟེན་ཏེ། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་


DTG111_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་ནོན་པར་འགྱུར་རོ། །བཞི་གང་ཞེ་ན་འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང༌། གཉེན་པོ་ཀུན་ཏུ་སྤྱོད་པ་དང༌། ཉེས་པ་ལས་ཟློག་པའི་སྟོབས་དང༌། རྟེན་གྱི་སྟོབས་སོ། །དེ་ལ་རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བའི་ལས་སྤྱོད་པ་དེ་ལ་འགྱོད་པ་མང་བ་ཡིན་ནོ། །དེ་ལ་གཉེན་པོ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བའི་ལས་བྱས་ནས་ཀྱང་དགེ་བའི་ལས་ལ་ཤིན་ཏུ་བརྩོན་པའོ། །དེ་ལ་ཉེས་པ་ལས་ཟློག་པའི་སྟོབས་ནི་སྡོམ་པ་ཡང་དག་པར་བླངས་པས་མི་བྱེད་པའི་སྡོམ་པ་ཐོབ་པའོ། །དེ་ལ་རྟེན་གྱི་སྟོབས་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་མི་གཏོང་བ་སྟེ། དེ་སྟོབས་དང་ལྡན་པ་ལ་བརྟེན་པས་སྡིག་པས་ཟིལ་གྱིས་གནོན་པར་མི་ནུས་སོ། །བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་ནོན་པར་འགྱུར་རོ་ཞེས་བྱ་བའོ། །དེ་ལ་རྣམ་པར་སྨོད་པ་ཀུན་ཏུ་སྤྱོད་པ་ཇི་ལྟར་བསྒོམ་པར་བྱ་ཞེ་ན། གསེར་འོད་དམ་པའི་མདོ་ལས་ཇི་སྐད་བསྟན་པ་ལྟ་བུ་སྟེ། སངས་རྒྱས་རྐང་གཉིས་དམ་པ་དག །ཐུགས་བརྩེ་ཐུགས་རྗེ་ལྡན་པའི་ཐུགས། །གང་དག་ཕྱོགས་བཅུའི་འཇིག་རྟེན་ན། །བཞུགས་པ་བདག་ལ་དགོངས་སུ་གསོལ། །བདག་གིས་སྔོན་ཆད་སྡིག་པའི་ལས། །ཤིན་ཏུ་མི་བཟད་གང་བགྱིས་པ། །སྟོབས་བཅུའི་སྤྱན་སྔར་མཆིས་ནས་ནི། །དེ་དག་ཐམས་ཅད་བཤགས་པར་བགྱི། །ཕ་མ་དག་ཏུ་མི་འཛིན་དང༌། །སངས་རྒྱས་རྣམས་སུ་མི་འཛིན་དང༌། །དགེ་བ་དག་ཏུ་མི་འཛིན་པས། །སྡིག་པ་བདག་གིས་གན་བགྱིས་དང༌། །ཕྱུག་པའི་རྒྱགས་པས་དྲེགས་པ་དང༌། །རིགས་དང་ལོངས་སྤྱོད་རྒྱགས་པ་དག །གཞོན་པའི་རྒྱགས་པས་དྲེགས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང༌། །ཉེས་པའི་དམིགས་སུ་མ་མཐོང་བས། །ཉེས་པ་བགྱིས་པའི་ལས་དང་ནི། །ཉེས་པར་བསགས་ཤིང་ཉེས་སྨྲས་པའི། །སྡིག་ལས་བདག་གིས་གང་བགྱིས་དང༌། །བྱིས་པའི་བློ་ཡིས་འཇུག་པ་དང༌། །མི་ཤེས་མུན་པའི་སེམས་དང་ནི། །སྡིག་པའི་གྲོགས་པོའི་དབང་གྱུར་དང༌། །ཉོན་མོངས་རྣམ་པར་འཁྲུག་སེམས་


DTG111_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

དང། །རྩེད་མོ་དགའ་བའི་དབང་ཉིད་དང༌། །མྱ་ངན་དང་ནི་ནད་དབང་དང༌། །ནོར་གྱིས་མ་ཆོག་ཉེས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང༌། །འཕགས་མིན་སྐྱེ་བོ་འདྲེ་བ་དང༌། །ཕྲག་དོག་སེར་སྣ་སྒྱུ་དང་ནི། །གཡོ་དང་དབུལ་བའི་ཉེས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང། །ཕོངས་དང་རྒུད་པའི་དུས་ཀྱི་ཚེ། །འདོད་པ་རྣམས་ཀྱི་འཇིགས་རྒྱུ་དང༌། །ཕྱུག་པོ་མ་ཡིན་གྱུར་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང༌། །གཡོ་བའི་སེམས་ཀྱི་དབང་ཉིད་དང༌། །འདོད་དང་ཁྲོ་བའི་དབང་དག་དང༌། །བཀྲེས་དང་སྐོམ་གྱིས་ཉེན་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང༌། །བཟའ་བ་དག་དང་བཏུང་བ་དང༌། །བུད་མེད་རྒྱུ་དང་གོས་ཀྱི་ཕྱིར། །ཉོན་མོངས་གདུང་བ་སྣ་ཚོགས་ཀྱིས། བདག་གིས་སྡིག་པ་གང་བགྱིས་དང༌། །ལུས་དང་ངག་དང་ཡིད་ཀྱི་སྡིག །ཉེས་སྤྱད་རྣམ་པར་གསུམ་བསགས་ནི། །འདི་འདྲའི་ཚུལ་གྱིས་གང་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །སངས་རྒྱས་རྣམས་དང་ཆོས་རྣམས་དང༌། །དེ་བཞིན་ཉོན་ཐོས་རྣམས་ལ་ཡང༌། །གུས་པ་མ་ལགས་གང་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །གང་ཡང་རང་སངས་རྒྱས་རྣམས་དང༌། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང༌། །གུས་པ་མ་ལགས་བགྱིས་པ་རྣམས། །དེ་དག་ཐམས་ཅད་བདག་འཆགས་སོ། །དམ་ཆོས་སྨྲ་བ་རྣམས་ལ་ཡང༌། །གུས་པ་མ་ལགས་བགྱིས་པ་དང༌། །ཆོས་ལའང་གུས་པར་མ་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །བདག་གིས་རྟག་ཏུ་མི་ཤེས་པས། །དམ་པའི་ཆོས་ནི་སྤངས་པ་དང༌། །ཕ་མ་རྣམས་ལ་མ་གུས་དང༌། །དེ་དག་ཐམས་ཅད་བདག་འཆགས་སོ། །བླུན་པ་དང་ནི་བྱིས་པ་དང༌། །འདོད་ཆགས་ཞེ་སྡང་གཏི་མུག་དང༌། །ང་རྒྱལ་དྲེགས་པས་བསྒྲིབས་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །བདག་གིས་ཕྱོགས་བཅུའི་འཇིག་རྟེན་དུ། །སྟོབས་བཅུ་རྣམས་ལ་མཆོད་པར་བགྱི། །བདག་གིས་ཕྱོགས་བཅུའི་སེམས་ཅན་རྣམས། །སྡུག་བསྔལ་ཀུན་ལས་གདོན་པར་བགྱི། །སེམས་ཅན་བསམ་གྱིས་མི་ཁྱབ་ཀུན། །ས་བཅུ་ལ་ནི་དགོད་པར་བགྱི། །ས་བཅུ་ལ་ནི་གནས་ནས་ཀྱང༌། །ཐམས་ཅད་དེ་བཞིན་གཤེགས་གྱུར་ཅིག །ཇི་སྲིད་སྡུག་བསྔལ་རྒྱ་མཚོ་


DTG111_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །དེ་ཀུན་མཐར་བགྱི་ནུས་སྲིད་དུ། །སེམས་ཅན་རེ་རེའི་ཕྱིར་ཡང་ནི། །བསྐལ་པ་བྱེ་བར་སྤྱད་པར་བགྱི། །གསེར་འོད་དམ་པ་ཞེས་བགྱི་བ། །ལས་རྣམས་ཐམས་ཅད་བྱང་བགྱིད་པ། །ཟབ་མོ་དག་ནི་སྟོན་པ་འདི། །སེམས་ཅན་དེ་དག་བསྟན་པར་བགྱི། །གང་གིས་བསྐལ་བ་སྟོང་རྣམས་སུ། །སྡིག་པ་ཤིན་ཏུ་མི་བཟད་བགྱིས། །ལན་ཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །གང་གིས་ལས་ཀྱི་སྒྲིབ་པ་རྣམས། །མྱུར་དུ་ཡང་དག་ཟད་འགྱུར་བ། །གསེར་འོད་དམ་པ་དགེ་བ་ཡིས། །བཤགས་པ་འདི་དག་བཤགས་ནས་ནི། །རིན་ཆེན་འབྱུང་གནས་མཆོག་བཅུ་པོ། །ས་བཅུ་ལ་ནི་གནས་པར་བགྱི། །སངས་རྒྱས་ཡོན་ཏན་སྣང་བར་བགྱི། །སྲིད་པའི་མཚོ་ལས་བསྒྲལ་བར་བགྱི། །སངས་རྒྱས་རྒྱ་མཚོ་ཆུ་བོ་དང༌། །ཡོན་ཏན་རྒྱ་མཚོ་ཟབ་མོ་དེ། །སངས་རྒྱས་ཡོན་ཏན་བསམ་ཡས་ཀྱིས། །ཐམས་ཅད་མཁྱེན་དུ་རྫོགས་པར་བགྱི། །ཏིང་འཛིན་བརྒྱ་ཕྲག་སྟོང་རྣམས་དང༌། །གཟུངས་རྣམས་བསམ་གྱིས་མི་ཁྱབ་དང༌། །དབང་སྟོབས་བྱང་ཆུབ་ཡན་ལག་གིས། །སྟོབས་བཅུ་དམ་པར་འགྱུར་བར་བགྱི། །དགོངས་པའི་ཐུགས་ཀྱིས་སངས་རྒྱས་རྣམས། །བདག་ལ་རྣམ་པར་གཟིགས་སུ་གསོལ།། ཐུགས་རྗེ་ལྡན་པའི་ཐུགས་ཀྱིས་ནི། །ནོངས་པར་རབ་ཏུ་གཟུང་དུ་གསོལ། །བདག་གིས་བསྐལ་པ་བརྒྱ་རྣམས་སུ། །སྔོན་ཆད་སྡིག་པ་གང་བགྱིས་པ། །དེ་ཕྱིར་བདག་ནི་མྱ་ངན་སེམས། །ཕོངས་དང་མྱ་ངན་འཇིགས་པས་གཟིར། །སྡིག་པའི་ལས་ལ་འཇིགས་པར་བགྱི། །ཡིད་ནི་རྟག་ཏུ་དམན་པར་གྱུར། །གང་དང་གང་དུ་སྤྱོད་བགྱིད་པ། །བདག་ནི་གང་དུའང་དགའ་མ་མཆིས། །སངས་རྒྱས་ཐམས་ཅད་ཐུགས་རྗེ་ལྡན། །འགྲོ་བ་ཀུན་གྱི་འཇིགས་སེལ་བས། །ནོངས་པར་རབ་ཏུ་གཟུང་དུ་གསོལ། །འཇིགས་པ་དག་ལས་བདག་ཐར་མཛོད། །བདག་གི་ཉོན་མོངས་ལས་རྣམས་ཀྱི། །དྲི་མ་དེ་བཞིན་གཤེགས་པས་སོལ། །སངས་རྒྱས་རྣམས་ཀྱིས་བདག་ལ་ནི། །སྙིང་རྗེའི་ཆུ་ཡིས་བཀྲུ་བར་གསོལ། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །སྔོན་ཆད་བདག་གིས་གང་བགྱིས་དང༌། །དེ་ལྟར་བདག་གི་སྡིག་པ་གང༌། །དེ་དག་ཐམས་ཅད་བདག་འཆགས་སོ། །ནོངས་


DTG111_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

པར་བགྱིས་པའི་ལས་རྣམས་ཀུན། །སླན་ཆད་མི་བགྱིད་བསྡམས་པར་བགྱི། །བདག་གིས་ནོངས་པར་བགྱིས་པ་གང༌། །སྡིག་དེ་བཅབ་པར་མི་བགྱིའོ། །ལུས་ཀྱི་ལས་ནི་རྣམ་གསུམ་དང༌། །ངག་གི་རྣམ་པ་བཞི་དག་དང༌། །ཡིད་ཀྱི་རྣམ་པ་གསུམ་པོ་རྣམས། །དེ་དག་ཐམས་ཅད་བདག་འཆགས་སོ། །ལུས་ཀྱིས་བགྱིས་དང་ངག་གི་ལས། །ཡིད་ཀྱིས་རྣམ་པར་བསམས་པ་དང༌། །ལས་རྣམས་བཅུ་པོ་བགྱིས་པ་དག །དེ་དག་ཐམས་ཅད་བདག་འཆགས་སོ། །མི་དགེའི་ལས་བཅུ་སྤངས་ནས་སུ། །དགེ་བ་བཅུ་པོ་བསྟེན་བགྱིས་ཏེ། །ས་བཅུ་ལ་ནི་བདག་གནས་བགྱི། །སྟོབས་བཅུ་མཆོག་ཏུ་འགྱུར་བར་བགྱི། །བདག་གི་སྡིག་པའི་ལས་གང་དག །མི་འདོད་འབྲས་བུ་ཐོབ་བགྱིད་པ། །སངས་རྒྱས་སྤྱན་སྔར་མཆིས་ནས་ནི། །དེ་དག་ཐམས་ཅད་བཤགས་པར་བགྱི། །འཛམ་བུའི་གླིང་འདིར་གང་དག་གང༌། །འཇིག་རྟེན་ཁམས་ནི་གཞན་དག་ཏུ། །གང་རྣམས་དགེ་བའི་ལས་བགྱིད་པ། །དེ་དག་ཀུན་ལ་ཡི་རང་ངོ༌། །ལུས་དང་ངག་དང་ཡིད་ཀྱིས་ཀྱང༌། །བདག་གིས་བསོད་ནམས་གང་བསྒྲུབས་པ། །བདག་ནི་དགེ་བའི་རྩ་བ་དེས། །བྱང་ཆུབ་མཆོག་ལ་རེག་པར་བགྱི། །སྲིད་མཚོ་ཉམ་ངར་བྱིས་པས་བློ་ཡིས་ནི། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། །སྟོབས་བཅུ་མངའ་བའི་སྤྱན་སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །སྐྱེ་བ་ཉམ་ང་སྲིད་པ་ཉམ་ང་དང༌། །འཇིག་རྟེན་ཉམ་ང་གཡོ་སེམས་ཉམ་ང་བར། །ལུས་ཀྱི་སྤྱོད་པ་ཉམ་ང་སྣ་ཚོགས་ཀྱིས། །བདག་གིས་སྡིག་པ་གང་བསགས་དེ་འཆགས་སོ། །བྱིས་པ་བླུན་བྱས་ཉོན་མོངས་ཉམ་ང་དང༌། །སྡིག་པའི་གྲོགས་དང་ཕྲད་པ་ཉམ་ང་དང༌། །སྲིད་པ་ཉམ་ང་འདོད་ཆགས་ཉམ་ང་དང༌། །ཞེ་སྡང་གཏི་མུག་མུན་པ་ཉམ་ང་དང༌། །དལ་བའི་ཉམ་ང་དུས་ཀྱི་ཉམ་ང་དང༌། །བསོད་ནམས་བསྒྲུབ་པ་ཉམ་ང་དག་གིས་ཀྱང༌། །རྒྱལ་བ་ཡང་དག་མངོན་སུམ་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །ཞེས་གསུངས་སོ། །ཁྱད་པར་དུ་ན་བྱང་ཆུབ་སེམས་དཔའི་ལྟུང་བ་ལྕི་བ་དང་ཡང་བ་རྣམས་བཤགས་པ་ནི་འཕགས་པ་ཉེ་བ་འཁོར་གྱིས་ཞུས་པ་ལས་གསུངས་པ་གང་ཡིན་པའོ། །ལྟུང་བ་ལྕི་བ་ཡང་གང་ཡིན་ཞེ་ན། སྤྱིར་དེ་ལས་


DTG111_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ནི། ཉེ་བ་འཁོར་གལ་ཏེ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་འདོད་ཆགས་དང་ལྡན་པའི་ལྟུང་བ་གང་གཱའི་ཀླུང་གི་བྱེ་མ་སྙེད་བྱུང་ལ། གང་ཞེ་སྡང་དང་ལྡན་པའི་ལྟུང་བ་གང་ཡིན་པ་ནི་གཅིག་བྱུང་ན་བྱང་ཆུབ་སེམས་དཔའི་ཐེག་པ་བརྩན་བར་བྱ་ན། དེ་གཉིས་ལས་གང་ཞེ་སྡང་དང་ལྡན་ན་ལྟུང་བ་དེ་ནི་ཤིན་ཏུ་ལྕིའོ། །དེ་ཅིའི་ཕྱིར་ཞེ་ན། ཉེ་བ་འཁོར་ཞེ་སྡང་གིས་ནི་སེམས་ཅན་ཡོངས་སུ་གཏོང་བར་བྱེད་ལ། འདོད་ཆགས་ནི་སེམས་ཅན་སྡུད་པར་བྱེད་པའི་ཕྱིར་རོ། །ཉེ་བ་འཁོར་དེ་ལ་ཉོན་མོངས་པ་གང་སེམས་ཅན་སྡུད་པར་འགྱུར་བ་དེ་ལ་ནི་བྱང་ཆུབ་སེམས་དཔའ་འཛེམ་པའང་མེད་འཇིགས་པ་ཡང་མེད་དོ། །དེ་བཞིན་དུ་སྦྱར་ཏེ། ཉེ་བ་འཁོར་དེ་ལྟ་བས་ན་ཁྱོད་ལ་འདོད་ཆགས་དང་ལྡན་པའི་ལྟུང་བ་ཐམས་ཅད་ནི་ལྟུང་བ་མ་ཡིན་པར་བཤད་དོ་ཞེས་བྱའོ། །འདི་ལ་དགོངས་པ་གང་ཞེ་ན། སེམས་ཅན་སྡུད་པ་ཉིད་དེ་སྔར་བྱེ་བྲག་ཏུ་བྱས་པའི་ཕྱིར་རོ། །བསྟན་པ་འདི་ནི་ལྷག་པའི་བསམ་པ་དང་སྙིང་བརྩེ་བ་དང་ལྡན་པ་ལས་ཡིན་ཏེ། དེ་ཉིད་ལས་དེ་མ་ཐག་ཏུ་ཉེ་བ་འཁོར། དེ་ལ་གང་ཐབས་ལ་མི་མཁས་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་འདོད་ཆགས་དང་ལྡན་པས་འཇིགས་ཀྱི་ཞེ་སྡང་དང་ལྡན་པས་ནི་མ་ཡིན་ནོ། །ཉེ་བ་འཁོར་བྱང་ཆུབ་སེམས་དཔའ་གང་དག་ཐབས་ལ་མཁས་པ་དེ་དག་ནི་ཞེ་སྡང་དང་ལྡན་པའི་ལྟུང་བས་འཇིགས་ཀྱི་འདོད་ཆགས་དང་ལྡན་པས་ནི་མ་ཡིན་ནོ་ཞེས་གསུངས་སོ། །ཐབས་མཁས་པ་ཡང་གང་ཞེ་ན། གང་དག་ཤེས་རབ་དང་སྙིང་རྗེ་གཉིས་ཀྱིས་སེམས་ཅན་གཏོང་བ་ལས་ཟློག་པའོ། །གཉི་ག་ལྟར་ཡང་སེམས་ཅན་གཏོང་བར་འགྱུར་ཏེ། ཤེས་རབ་གཅིག་པུས་ནི་སྡུག་བསྔལ་སྟོང་པ་ཉིད་དུ་ཁོང་དུ་ཆུད་པའི་ཕྱིར་དང༌། སྙིང་རྗེ་གཅིག་པུས་ནི་ཉོན་མོངས་པའི་དབང་གིས་རིང་པོར་མི་ཐོགས་པར་སྙིང་རྗེ་ཉམས་པར་འགྱུར་བའི་ཕྱིར་རོ། །ཐབས་ལ་མཁས་པའི་མདོ་ལས་ཀྱང༌། རིགས་ཀྱི་བུ་དཔེར་ན། གསང་སྔགས་དང་རིག་སྔགས་འཛིན་པའི་མིའི་རྒྱལ་པོས་བཟུང་སྟེ། ཐག་པ་ལྔའི་བཅིང་བས་བཅིངས་སུ་ཟིན་ཀྱང་དེ་གང་གི་ཚེ་འགྲོ་བ་འདོད་པ་དེའི་ཚེ་གསང་སྔགས་དང་རིག་སྔགས་ཀྱི་སྟོབས་བསྐྱེད་པ་གཅིག་གིས་བཅིངས་པ་ཐམས་ཅད་


DTG111_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

གཏུབས་ཏེ་འགྲོའོ། །རིགས་ཀྱི་བུ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཡང་གང་གི་ཚེ་འདོད་པའི་ཡོན་ཏན་ལྔ་ལས་དགའ་བར་མྱོང་ཞིང་དེ་དག་དང་ལང་ལོང་དུ་གྱུར་པས་གནས་ཀྱང་གང་གི་ཚེ་འདོད་པར་གྱུར་པ་དེའི་ཚེ་ཤེས་རབ་ཀྱི་སྟོབས་བསྐྱེད་པ་དང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་གཅིག་གིས་འདོད་པའི་ཡོན་ཏན་ཐམས་ཅད་བཅོམ་ནས་ཚངས་པའི་འཇིག་རྟེན་དུ་སྐྱེའོ་ཞེས་གསུངས་སོ། །ཞེ་སྡང་ལ་ཡང་དེ་ལྟར་ཅིའི་ཕྱིར་འདོད་པར་མི་བྱེད་ཅེ་ན། རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པའི་ཕྱིར་དང་སྙིང་རྗེ་དང་བྲལ་བས་ན་ཐབས་ཉིད་མི་སྲིད་པའི་ཕྱིར་རོ། །ཡང་ན་གཞན་གྱི་དོན་གྲུབ་པ་རང་གི་དོན་ལས་ཤིན་ཏུ་ལྕི་བར་ལྷག་པར་མོས་པ་ན། ཁྲོ་བ་ལ་གནས་པས་ཀྱང་གཞན་ལ་རྗེས་སུ་བསྟན་ནས་གདུང་བ་སྔོན་དུ་འགྲོ་བས་དེ་མ་ཐག་ཏུ་ཕྱིན་ཆད་མི་བྱེད་པའི་སྡོམ་པ་འཐོབ་བོ། །གནོད་པ་ལས་བཟློག་པའི་ཕྱིར་ཁྲོས་པ་ལ་ཉེས་པ་ཅི་ཡོད་ཅེ་ན། སྐབས་ཕྱེ་ན་དེའི་བག་ཆགས་གསོས་པར་འགྱུར་བས་སྙིང་རྗེ་ཉམས་པའི་ཉེས་པར་འགྱུར་རོ། །དེ་བཅད་ན་རྩ་བ་འཆད་པར་འགྱུར་རོ་ཞེས་འོག་ནས་བསྟན་པར་བྱའོ། །གལ་ཏེ་སེམས་ཅན་དེ་ལ་ཕན་དུ་ཟིན་ཀྱང་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཉམས་པས་སེམས་ཅན་གྱི་དོན་ཆེན་པོའི་རྒྱུན་ཉམས་པར་འགྱུར་རོ། །འཕགས་པ་བདེན་པ་པོའི་ལེའུའི་དཔེས་ནི་སྙིང་རྗེ་ལ་གནས་པ་ཡིན་པར་རིག་པར་བྱའོ། །དེར་ཧ་ཅང་སྙིང་རྗེ་བཀག་པ་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་དོན་ལ་མཁས་པས་འཇིག་རྟེན་པ་འདུན་པར་བྱ་བའི་ཕྱིར་རོ། །ཟློག་པ་ན་ཡང་གལ་ཏེ་ཕན་པར་འདོད་པའི་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བར་གྱུར་ན། དེ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན་པར་འགྱུར་ཞིང་གཉི་ག་ལ་གནོད་པར་འགྱུར་རོ། །འདོད་ཆགས་ཀྱང་ཉེས་པ་ཡིན་ཏེ། འདོད་པ་དག་ལ་བརྟེན་པའི་མི། །ལྡོངས་འགྱུར་ཕ་མ་གསོད་པར་འགྱུར། །འདོད་བསྟེན་ཚུལ་ཁྲིམས་ལྡན་པའང་གསོད། །དེས་ན་རྟག་ཏུ་སྤང་བར་བྱ། །ཞེས་བསྟན་ཏེ། བདག་བདེ་བ་ལ་ཆགས་པས་ནི་གཞན་གྱི་སྡུག་བསྔལ་ཡལ་བར་འདོར་བར་མཐོང་ངོ་ཞེ་ན། གང་གཞན་གྱི་སྡུག་བསྔལ་བདག་གི་སྡུག་བསྔལ་དུ་མ་གོམས་པ་དེ་ལ་ནི་མཐོང་བ་བདེན་ཏེ། གང་ཤིན་ཏུ་གོམས་པ་དེ་ལ་ནི་ཉེས་པ་གཉི་ག་མི་འབྱུང་ངོ༌། །ཟླ་བ་


DTG111_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོན་མའི་མདོ་ལས་ཇི་སྐད་དུ། ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་འདི་ལ་སྐྱེས་བུ་ལ་ལ་ཞིག་རྐང་པ་ནས་སྤྱི་བོའི་བར་དུ་འབར་བར་གྱུར་ཏེ་རབ་ཏུ་འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་པ་དེ་ལ། སྐྱེས་བུ་ལ་ལ་ཞིག་དེར་ཉེ་བར་འོངས་ཏེ། འདི་སྐད་དུ་ཀྱེ་སྐྱེས་བུ་ཚུར་ཤོག ། །ལུས་ལ་མེ་འབར་བ་མ་ཞི་བར་འདོད་པའི་ཡོན་ཏན་ལྔ་དང་ཕྲད་ཅིང་ལྡན་པར་རྩེས་ཤིག་དགའ་བར་གྱིས་ཤིག་དགའ་མགུར་སྤྱོད་ཅིག་ཅེས་ཟེར་ན་ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། སྐྱེས་བུ་དེ་ལུས་ལ་མེ་འབར་བ་མ་ཞི་བར་འདོད་པའི་ཡོན་ཏན་ལྔ་དང་ཕྲད་ཅིང་ལྡན་པར་འགྱུར་ཏེ་རྩེ་བ་དང་དགའ་བ་དང་དགའ་མགུར་སྤྱོད་པར་བྱེད་དམ། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཡོངས་སུ་བརྟག་པ་བཟུང་སྟེ་སྐྱེས་བུ་དེ་ལུས་ལ་མེ་འབར་བ་མ་ཞི་བར་འདོད་པའི་ཡོན་ཏན་ལྔ་དང་ཕྲད་ཅིང་ལྡན་པར་འགྱུར་ཏེ། རྩེ་བ་དན་དགའ་བ་དང་དགའ་མགུར་སྤྱོད་དུ་ཟིན་ཀྱང་དེ་བཞིན་གཤེགས་པ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་རྣམས་ངན་སོང་གསུམ་གྱིས་སྡུག་བསྔལ་བར་གྱུར་ཅིང་དབུལ་བ་དག་མཐོང་ནས་ཡིད་བདེ་བའམ་སེམས་བདེ་བ་མ་བྱུང་ངོ་ཞེས་རྒྱས་པར་གསུངས་པ་ལྟ་བུའོ། །འཇིག་རྟེན་ན་ཡང་བུ་གསལ་ཤིང་ལ་བསྐྱོན་པ་མཐོང་བ་ན་ཕ་མ་ལ་རང་གི་ཚུལ་དང་མཐུན་པར་སྙིང་རྗེ་བའི་དབང་གིས་རང་གི་བདེ་བ་ལ་མི་ཆགས་པར་སྣང་ངོ༌། །དབེན་པ་ཞིག་ཏུ་བྱས་ན་ཁྱོ་ཡོད་པའམ། མགོ་གཙང་མ་རིགས་དང་ཆོས་དང་རྒྱལ་མཚན་གྱིས་བསྲུངས་པ་ལ་ཡང་རུང་སྟེ་འདོད་པ་ལ་ལོག་པར་གཡེམ་པར་མི་འགྱུར་རོ། །སེམས་ཅན་གྱི་དོན་དུ་འགྱུར་ལ་སེམས་ཅན་ལ་ཡང་མི་གནོད་པ་བསྒྲུབས་ན་ཉེས་པ་མེད་དོ། །ཡང་དག་པར་ཚངས་པར་སྤྱོད་པ་རྣམས་ནི་དོན་བྱས་པའི་ཕྱིར་དེ་དག་ལམ་སྲིད་ལ་སོགས་པ་བཞིན་དུ་རིང་དུ་སྤང་ཞིང་མཆོད་དོ། །དེ་ལྟ་ན་ནི་དགེ་སློང་གིས་ཀྱང་བྱ་བར་འགྱུར་རོ། །དེ་ལྟ་མ་ཡིན་ཏེ། དེ་བཞིན་དུ་ཚངས་པར་སྤྱོད་པའི་རྣམ་པས་སེམས་ཅན་གྱི་དོན་བསྒྲུབ་པའི་ཕྱིར་རོ། །དེ་སྐད་དུ་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། དེས་དུས་དང་དུས་མ་ཡིན་པ་བཏང་སྙོམས་སུ་བྱའོ་ཞེས་གསུངས་སོ། །ཅི་སྟེ་དེ་ལས་སེམས་ཅན་གྱི་དོན་དུ་འགྱུར་བ་ལྷག་པ་མཐོང་ན་བསླབ་པ་


DTG111_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

དབུལ་ལོ། །བསྐལ་པ་མང་པོར་གོམས་པས་བདག་ཉིད་དུ་གྱུར་པའི་སྙིང་རྗེ་ཆེན་པོ་དང་ཐབས་ལ་མཁས་པ་ལ་སོགས་པ་ཡོངས་སུ་རྫོགས་པའི་དགེ་བའི་རྩ་བ་ཅན་གྱི་བྱང་ཆུབ་སེམས་དཔའ་རྣམས་ལ་འདོད་ཆགས་ཀྱིས་བར་དུ་གཅོད་པར་བྱེད་པར་འགྱུར་རམ་ཅི་འདི་ནི་མི་སྲིད་པ་ཉིད་དོ། །ཐབས་ལ་མཁས་པའི་མདོ་ལས་ཀྱང་བསྟན་ཏེ། བྲམ་ཟེའི་ཁྱེའུ་སྐར་མ་ལོ་བཞི་ཁྲི་ཉིས་སྟོང་གི་བར་དུ་ཚངས་པར་སྤྱོད་པའི་དབང་དུ་བྱས་ནས་དེས་གོམ་པ་བདུན་པ་ལ་གནས་ཏེ་སྙིང་རྗེ་སྐྱེས་ནས་བདག་གི་བརྟུལ་ཞུགས་འདི་བཤིག་སྟེ། སེམས་ཅན་དམྱལ་བར་སོང་བར་གྱུར་ཀྱང་སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་མྱོང་བར་བཟོད་ཀྱི། བུད་མེད་འདི་ཤིར་འོང་གིས་བདེ་བར་གྱུར་ཅིག་ཅེས་རིགས་ཀྱི་བུ་བྲམ་ཟེའི་ཁྱེའུ་སྐར་མ་དེ་སླར་ལོག་སྟེ་བུད་མེད་དེ་ལ་ལག་པ་གཡས་པ་ནས་བཟུང་ནས་སྲུ་མོ་ཁྱོད་ཅི་འདོད་པ་བྱའི་ལོངས་ཤིག་ཅེས་དེ་སྐད་ཅེས་སྨྲས་སོ། །དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུ་ང་འདོད་པ་ངན་པ་དང་ལྡན་པའི་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པས་ཀྱང་བསྐལ་པ་ཁྲིར་འཁོར་བ་ཕྱིར་བསྙིལ་ཏེ་སྤངས་པར་གྱུར་ཏོ། །རིགས་ཀྱི་བུ་སེམས་ཅན་གཞན་གང་དག་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བ་དེས་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཚངས་པའི་འཇིག་རྟེན་དུ་སྐྱེས་པ་ལ་ལྟོས་ཞེས་གསུངས་སོ། །ཡང་དེ་ཉིད་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་ཅན་གཅིག་གི་དགེ་བའི་རྩ་བ་སྐྱེ་བར་འགྱུར་བ་ལྟ་ན། ལྟུང་བ་ཇི་ལྟ་བུ་བྱུང་བ་བསྐལ་པ་བརྒྱ་སྟོང་དུ་སེམས་ཅན་དམྱལ་བར་འཚོ་བར་འགྱུར་བ་དེ་འདྲ་བའི་ལྟུང་བ་བྱུང་ཡང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ལྟུང་བ་བྱུང་བ་དང་སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་ལ་སྤྲོ་བ་ཉིད་དུ་བགྱི་སྟེ། སེམས་ཅན་གཅིག་པོ་དེའི་དགེ་བའི་རྩ་བ་ཡོངས་སུ་བཏང་བ་དང་ཡོངས་སུ་བྲི་བར་ནི་མི་བགྱིའོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་བརྒྱ་ལ་ལ་ཞིག་ཏུ་སྡིག་པའི་གྲོགས་པོའི་དབང་གིས་ཉེས་པ་བྱུང་ན་དེ་འདི་ལྟར་སློབ་སྟེ། གལ་ཏེ་བདག་གིས་ཕུང་པོ་འདི་དག་གིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་ན་ནི་བདག་གི་སེམས་ཡོངས་སུ་གདུང་བ་དང་ལྡན་པར་ཡང་འགྱུར་གྱིས་འདི་ལྟར་བདག་གིས་སེམས་ཅན་


DTG111_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཕྱི་མའི་མཐའི་མུར་ཐུག་པར་གནས་པ་དེ་ལྟ་བུའི་གོ་ཆ་བགོས་ལ། བདག་གི་སེམས་ལ་གདུང་བར་ནི་མི་བྱའི། ཇི་ལྟ་ཇི་ལྟར་འཁོར་བར་འཁོར་བར་འགྱུར་བ་དེ་ལྟ་དེ་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བགྱིའོ། །ལྟུང་བ་འདི་ཡང་ཆོས་བཞིན་དུ་གསོ་བར་བྱའོ། །ཕྱིས་ཉེས་པར་མི་བྱའོ་སྙམ་དུ་སེམས་སོ། །རིགས་ཀྱི་བུ་ཡོངས་སུ་བརྟག་པ་བཟུང་ན་གལ་ཏེ་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་རྩ་བའི་ལྟུང་བ་བཞི་པོ་ཐམས་ཅད་ཞིག་པར་གྱུར་ཀྱང༌། ཐབས་ལ་མཁས་པ་འདིས་སེལ་བར་བྱེད་པ་ལྟ་ན། བྱང་ཆུབ་སེམས་དཔའ་ལ་ལྟུང་བར་མི་འགྱུར་བར་ང་སྨྲའོ་ཞེས་གསུངས་སོ། །འདི་ནི་དཀོན་མཆོག་སྤྲིན་ལས་ཀྱང་གསལ་བ་ཉིད་དེ། མཚམས་མེད་པ་བྱེད་པར་འདོད་པའི་མི་གསད་པར་གནང་བའི་ཕྱིར་རོ། །ཉན་ཐོས་ཀྱི་འདུལ་བ་ལས་ཀྱང༌། རྩ་བའི་ལྟུང་བའི་གནས་ཉིད་ལ་སྙིང་རྗེ་བས་རི་དགས་ལ་སོགས་པ་བཏང་བས་ཉེས་པ་མེད་པར་གསུངས་སོ། །གང་བྱང་ཆུབ་སེམས་དཔའ་ལ་འདོད་ཆགས་སྐྱེས་ནས་བདེ་འགྲོ་འཐོབ་པ་འདི་ནི་འདོད་ཆགས་ཡོན་ཏན་ཅན་ཡིན་ཏེ་ཁྲོ་བ་ནི་དེ་ལྟ་མ་ཡིན་ནོ། །འཕགས་པ་ཐབས་ལ་མཁས་པའི་མདོ་ལས་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་དགའ་བྱེད་ལ་བུ་མོ་དཔལ་ཡོན་ཅན་གྱི་མཆོག་ཆགས་པར་གྱུར་བའི་དབང་དུ་བྱས་ནས། །དགའ་བྱེད་སྨོན་ལམ་ཕྱི་ཕྱིར་འདེབས་པ་ནི། །བུད་མེད་གང་དག་ཆགས་སེམས་ཀྱིས་བལྟ་བ། །དེ་ནི་བུད་མེད་ལུས་ཀྱང་ཡོངས་སྤངས་ཏེ། །སྐྱེས་བུ་སྤངས་པའི་སེམས་ཅན་འགྱུར་བར་ཤོག །གང་གིས་སེམས་ཅན་གཞན་དག་དམྱལ་འགྲོ་བ། །དེས་ནི་དཔའ་བོ་དག་ལ་ཆགས་བསྐྱེད་ན། །མཐོ་རིས་འགྲོ་ཞིང་སྐྱེས་པ་ཉིད་འགྱུར་བ། །དེ་ཡི་ཡོན་ཏན་འདི་འདྲ་ཀུན་དགའ་ལྟོས། །དེ་བཞིན་དུ་སྦྱར་ཏེ། །སུ་ཞིག་རྩི་རྒྱལ་གྲགས་པ་ཆེན་པོ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ལ་ཞེ་སྡང་སྐྱེད། །དེ་དག་ཉོན་མོངས་ལས་ཀྱང་བདེ་སྦྱིན་ན།། དེ་ལ་བཀུར་སྟི་བྱེད་པ་སྨོས་ཅི་དགོས། །ཞེས་གསུངས་སོ། །དེ་ལྟར་སེམས་ཅན་གྱི་དོན་གྱི་ཐབས་གཞན་མེད་ན། འདོད་ཆགས་ལས་བྱུང་བའི་ཉེས་པ་ཡང་ཉེས་པ་མ་ཡིན་པར་བཤད་དོ། །ཐབས་ལ་མཁས་པའི་མདོ་ལས་ཀྱང༌། སྨད་འཚོང་མ་ལྟར་དོན་བྱེད་ནས་བྱང་ཆུབ་སེམས་དཔའ་བཏང་


DTG111_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་རྗེས་སུ་བྱེད་དེ་སེམས་ཅན་དེ་འདོར་རོ་ཞེས་རྒྱས་པར་གསུངས་སོ། །ས་ཐོབ་པ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པ་ལ་འདི་བསམ་པར་བྱའི་གཞན་ལ་ནི་མ་ཡིན་ནོ། །དེ་ལྟར་ཞར་ལ་འོངས་པ་ཡིན་ཏེ་རེ་ཞིག་གཞག་གོ །དེའི་ཕྱིར་ཞེ་སྡང་སྐབས་དབྱེ་བར་མི་བྱའོ། །ཉེ་བ་འཁོར་གྱིས་ཞུས་པ་ལས་ཀྱང་བཀའ་སྩལ་ཏེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པའི་ལྟུང་བ་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཞེ་སྡང་དང་ལྡན་པ་དང༌། གཏི་མུག་དང་ལྡན་པའོ། །དེ་བཞིན་དུ་སྦྱར་ཏེ། ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་དང་པོས་ཐོག་མའི་ལྟུང་བ་སྡེ་བཅུ་ལས་ལྕི་བ་རྣམས་བཤགས་པར་བྱའོ། །ལྟུང་བ་ཡོད་པ་སྡེ་ལྔ་ལས་ལྕི་བ་རྣམས་བཤགས་པར་བྱའོ། །ཤཱ་རིའི་བུ་བུད་མེད་ཀྱི་ལག་ནས་འཛིན་པ་དང༌། མིག་གིས་བལྟ་བ་དང༌། གནོད་སེམས་ཀྱང་ལྟུང་བ་སྟེ་གང་ཟག་གཅིག་གམ་གཉིས་ལ་ཡང་བཤགས་པར་བྱའོ། །བྱང་ཆུབ་སེམས་དཔའ་མཚམས་མེད་པ་ལྔ་དང་དན་པའི་ལྟུང་བ་དང༌། བུད་མང་ལས་ལྟུང་བ་བྱུང་བ་དང་ལག་པ་ལས་ལྟུང་བ་བྱུང་བ་དང་ཁྱེའུ་ལས་ལྟུང་བ་བྱུང་བ་དང༌། མཆོད་རྟེན་ལས་ལྟུང་བ་བྱུང་བ་དང༌། དགེ་འདུན་ལས་ལྟུང་བ་བྱུང་བ་དང༌། དེ་ལས་གཞན་པའི་ལྟུང་བ་ལྕི་བ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་སུམ་ཅུ་རྩ་ལྔ་ལ་གཅིག་པོས་ཉིན་མཚན་དུ་ལྟུང་བ་ལྕི་བ་རྣམས་བཤགས་པར་བྱའོ། །དེ་ལ་ལྟུང་བ་བཤགས་པ་ནི་འདི་ལྟ་སྟེ། བདག་མིང་འདི་ཞེས་བགྱི་བ་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སྙིང་པོས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །རིན་ཆེན་འོད་འཕྲོ་ལ་ཕྱག་འཚལ་ལོ། །ཀླུ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དཔའ་བོའི་སྡེ་ལ་ཕྱག་འཚལ་ལོ། །དཔལ་དགྱེས་ལ་ཕྱག་འཚལ་ལོ། །རིན་ཆེན་མེ་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་འོད་ལ་ཕྱག་འཚལ་ལོ། །མཐོང་བ་དོན་ཡོད་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་བ་ལ་ཕྱག་འཚལ་ལོ། །དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །དཔས་བྱིན་ལ་ཕྱག་འཚལ་ལོ། །ཚངས་པ་ལ་ཕྱག་འཚལ་ལོ། །ཚངས་པས་བྱིན་ལ་ཕྱག་འཚལ་ལོ། །ཆུ་ལྷ་ལ་ཕྱག་འཚལ་ལོ། །ཆུ་ལྷའི་ལྷ་ལ་ཕྱག་འཚལ་ལོ།།


DTG111_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་བཟང་ལ་ཕྱག་འཚལ་ལོ། །ཙནྡན་དཔལ་ལ་ཕྱག་འཚལ་ལོ། །གཟི་བརྗིད་མཐའ་ཡས་ལ་ཕྱག་འཚལ་ལོ། །འོད་དཔལ་ལ་ཕྱག་འཚལ་ལོ། །མྱ་ངན་མེད་པའི་དཔལ་ལ་ཕྱག་འཚལ་ལོ། །སྲེད་མེད་ཀྱི་བུ་ལ་ཕྱག་འཚལ་ལོ། །མེ་ཏོག་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །ནོར་དཔལ་ལ་ཕྱག་འཚལ་ལོ། །དྲན་པའི་དཔལ་ལ་ཕྱག་འཚལ་ལོ། །མཚན་དཔལ་ཤིན་ཏུ་ཡོངས་བསྒྲགས་ལ་ཕྱག་འཚལ་ལོ། །དབང་པོ་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཤིན་ཏུ་རྣམ་པར་གནོན་པའི་དཔལ་ལ་ཕྱག་འཚལ་ལོ། །གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ། །རྣམ་པར་གནོན་པས་གཤེགས་པ་ལ་ཕྱག་འཚལ་ལོ། །ཀུན་ནས་སྣང་བ་བཀོད་པའི་དཔལ་ལ་ཕྱག་འཚལ་ལོ། །རིན་ཆེན་པད་མོས་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་པདྨ་ལ་རབ་ཏུ་བཞུགས་ཏེ་རི་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་དག་ལ་སོགས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བདག་ལ་དགོངས་སུ་གསོལ། །གང་བདག་གིས་སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཐོག་མ་མ་མཆིས་པའི་སྐྱེ་བ་ནས་འཁོར་བར་འཁོར་བ་ན། སྡིག་པའི་ལས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་བ་དང༌། མཆོད་རྟེན་གྱི་དང་དགེ་འདུན་གྱི་དང༌། ཕྱོགས་བཞིའི་དགེ་འདུན་གྱི་ནོར་ཕྲོགས་པ་དང༌། འཕྲོག་ཏུ་སྩལ་བ་དང་འཕྲོག་པ་ལ་རྗེས་སུ་ཡི་རང་བར་གྱུར་བ་དང༌། མཚམས་མ་མཆིས་པའི་ལས་བགྱིས་པ་དང་བགྱིད་དུ་སྩལ་བ་དང་བགྱིད་པ་ལ་རྗེས་སུ་ཡི་རང་བར་གྱུར་པ་དང༌། མི་དགེ་བ་བཅུའི་ལས་ཀྱི་ལམ་བཟུང་སྟེ་སྤྱོད་པ་དང་སྤྱོད་དུ་སྩལ་བ་དང་རྗེས་སུ་ཡི་རང་བར་གྱུར་བ་དང༌། ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་ནས་སེམས་ཅན་དམྱལ་


DTG111_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཆི་བའམ། དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་ཡུལ་དུ་མཆི་བའམ། ཡུལ་མཐའ་འཁོར་གྱི་ཀླ་ཀློ་རྣམས་སུ་སྐྱེ་བར་འགྱུར་བའམ། ལྷ་ཚེ་རིང་པོར་སྐྱེ་བར་འགྱུར་བའམ། དབང་པོ་མ་ཚང་བར་འགྱུར་བ་དང༌། ལོག་པར་ལྟ་བ་ཡོངས་སུ་འཛིན་པ་དང༌། སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་པའི་ལས་ཀྱི་སྒྲིབ་པ་དེ་དག་ཐམས་ཅད་ཡེ་ཤེས་སུ་གྱུར་པ། སྤྱན་དུ་གྱུར་པ་དཔང་དུ་གྱུར་པ་ཚད་མར་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་མཁྱེན་ཅིང་གཟིགས་པ་དེ་དག་གི་སྤྱན་སྔར་སོ་སོར་བཤགས་སོ། །མཐོལ་ལོ། །མི་འཆབ་བོ། །སླན་ཆད་ཀྱང་སྡོམ་པར་བགྱིའོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་བདག་ལ་དགོངས་སུ་གསོལ། །གང་བདག་གིས་སྐྱེ་བ་འདི་དང་སྐྱེ་བ་གཞན་དང་ཐོག་མ་མ་མཆིས་པའི་སྐྱེ་བ་ནས་འཁོར་བར་འཁོར་བའི་ཚེ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ལ་ཟན་ཆང་ཅིག་ཙམ་སྦྱིན་པ་སྩལ་བ་དང༌། ཚུལ་ཁྲིམས་བསྲུངས་པར་གྱུར་པ་དང། གང་བདག་གིས་ཚངས་པར་སྤྱད་པར་གནས་པའི་དགེ་བའི་རྩ་བ་དང༌། གང་བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བགྱིས་པའི་དགེ་བའི་རྩ་བ་དང་གང་བདག་གིས་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བ་དང༌། གང་བདག་གིས་བླ་ན་མེད་པའི་ཡེ་ཤེས་ཀྱི་དགེ་བའི་རྩ་བ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས། གཅིག་ཏུ་སྤུངས་བཅལ་ཏེ། མངོན་པར་བསྡུས་ནས། བླ་མའི་ཡང་བླ་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོ་བར་བགྱིའོ། །ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་པ་དང༌། ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོངས་སུ་བསྔོ་བར་འགྱུར་བ་དང༌། ཇི་ལྟར་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོངས་སུ་བསྔོ་བ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོའོ། །སྡིག་པ་ཐམས་ཅད་སོ་སོར་བཤགས་སོ། །བསོད་ནམས་ཐམས་ཅད་ཀྱི་རྗེས་སུ་ཡི་རང་ངོ༌། །སངས་རྒྱས་ཐམས་ཅད་ལ་གསོལ་བ་གདབ་བོ། །བདག་བླ་ན་མེད་པའི་ཡེ་ཤེས་སུ་གྱུར་ཅིག །མི་མཆོག་རྒྱལ་བ་གང་དག་ད་ལྟར་བཞུགས་པ་དང༌། །གང་དག་འདས་པ་དག་དང་དེ་བཞིན་གང་མ་བྱོན། །ཡོན་ཏན་བསྔགས་པ་མཐའ་ཡས་རྒྱ་མཚོ་འདྲ་ཀུན་ལ། །


DTG111_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་མོ་སྦྱར་བ་བགྱིས་ཏེ་སྐྱབས་སུ་ཉེ་བར་མཆི། །བྱང་ཆུབ་སེམས་དཔའི་གང་དག་སྙིང་རྗེའི་སྟོབས་ལྡན་ཞིང༌། །དཔའ་བོ་སེམས་ཅན་རྣམས་ལ་ཕན་ཕྱིར་སྤྱོད་བྱེད་པ། །དེ་དག་རྣམས་ཀྱིས་སྐྱབས་མེད་སྡིག་བྱེད་བདག་ལ་སྐྱོབས། །བྱང་ཆུབ་སེམས་དཔའ་དེ་དག་རྣམས་ལ་བདག་སྐྱབས་མཆི། ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ། སངས་རྒྱས་སུམ་ཅུ་སོ་ལྔ་འདི་དག་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་སོང་བའི་ཡིད་ལ་བྱེད་པས་སྡིག་པ་ཐམས་ཅད་རྣམ་པར་དག་པར་བྱའོ། །དེ་དེ་ལྟར་སྡིག་པ་ཐམས་ཅད་རྣམ་པར་དག་པས། སེམས་ཅན་རྣམ་པར་ཐར་བར་བྱ་བའི་ཕྱིར་དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཞལ་ཉེ་བར་སྟོན་ཏོ། །དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་འཁྲུལ་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཚིག་འབྲུ་སྣ་ཚོགས་རྣམ་པར་ཉེ་བར་སྟོན་ཀྱང་ཆོས་ཀྱི་དབྱིངས་ལས་མི་གཡོའོ། །དེ་བཞིན་དུ་སྦྱར་རོ། །བྱང་ཆུབ་སེམས་དཔའ་ཉིན་མཚན་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་མཚན་འཛིན་པ་དང་ཡོངས་སུ་བརྗོད་པ་དང་ཕུང་པོ་གསུམ་པའི་ཆོས་ཀྱི་རྣམ་གྲངས་ཀློག་པས་ལྟུང་བ་འགྱོད་པ་ལས་བྱུང་བ་དང༌། ཏིང་ངེ་འཛིན་ཀྱང་ཐོབ་པ་གང་ཡིན་པ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཐམས་ཅད་ཀྱིས་ལྟུང་བ་འགྱོད་པའི་གནས་རྣམ་པར་སྦྱང་བར་མི་ནུས་སོ་ཞེས་གསུངས་སོ། །རྣམ་པར་སུན་འབྱིན་པ་ཀུན་དུ་སྤྱོད་པ་བཤད་ཟིན་ཏོ། །གཉེན་པོ་ཀུན་དུ་སྤྱོད་པ་བཤད་པར་བྱ་སྟེ། དེ་ལ་མདོ་སྡེ་ཟབ་མོ་ལ་བརྟེན་པས་ཀྱང་སྡིག་པ་ཟད་པར་འགྱུར་ཏེ། རྡོ་རྗེ་གཅོད་པ་ལས་ཇི་སྐད་དུ་རབ་འབྱོར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་འདི་ལྟ་བུའི་མདོ་སྡེ་ཚིག་འདི་དག་ལེན་པ་དང༌། འཛིན་པ་དང་ཀློག་པ་དང༌། ཀུན་ཆུབ་པར་བྱེད་པ་དེ་དག་ནི་མནར་བར་འགྱུར་ཤིན་ཏུ་མནར་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་སེམས་ཅན་དེ་དག་གི་ཚེ་རབས་སྔ་མའི་མི་དགེ་བའི་ལས་ངན་སོང་དུ་སྐྱེ་བར་འགྱུར་བ་དང་མཐུན་པ་བྱས་པ་གང་དག་ཡིན་པའི་ཚེ་རབས་སྔ་མའི་མི་དགེ་བའི་ལས་དེ་དག་ཚེ་འདི་ལ་མནར་བས་འབྱང་བར་འགྱུར་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ཀྱང་ཐོབ་པར་འགྱུར་རོ་ཞེས་གསུངས་སོ། །སྟོང་པ་ཉིད་ལ་མོས་པས་ཀྱང་སྡིག་པ་དག་པར་འགྱུར་ཏེ། དེ་


DTG111_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པའི་མཛོད་ཀྱི་མདོ་ལས་གསུངས་པ། འོད་སྲུངས་གང་གིས་ཕ་ཡང་ཡིན་ལ། རང་སངས་རྒྱས་ཀྱང་ཡིན་པ་དེ་སྲོག་བཅད་ན་དེའི་སྲོག་གཅོད་པའི་ནང་ནས་མ་རུངས་པའོ། །འདི་ལྟ་སྟེ། དཀོན་མཆོག་གསུམ་གྱི་དཀོར་རྐུ་བ་འདི་ནི་མ་བྱིན་པར་ལེན་པའི་ནང་ན་མ་རུངས་པའོ། །འདི་ལྟ་སྟེ་མ་ཡང་ཡིན་ལ་དགྲ་བཅོམ་མ་ཡང་ཡིན་པ་དེ་ལ་ལོག་པར་སྤྱད་པ་འདི་ནི་འདོད་པ་ལ་ལོག་པར་སྤྱོད་པ་རྣམས་ཀྱི་ནང་ན་མ་རུངས་པའོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་འདི་ནི་བརྫུན་དུ་སྨྲ་བའི་ནང་ན་མ་རུངས་པའོ། །འདི་ལྟ་སྟེ། འཕགས་པའི་དགེ་འདུན་ལ་མི་སྙན་པ་བརྗོད་པ་འདི་ནི་ཕྲ་མའི་ནང་ན་མ་རུངས་པའོ། །འདི་ལྟ་སྟེ་འཕགས་པ་རྣམས་ལ་གནོད་པ་འདི་ནི་ཚིག་རྩུབ་པོའི་ནང་ན་མ་རུངས་པའོ། །འདི་ལྟ་སྟེ་ཆོས་འདོད་པ་རྣམས་རྣམ་པར་གཡེང་བར་བྱེད་པ་འདི་ནི་ཚིག་ཀྱལ་པའི་ནང་ན་མ་རུངས་པའོ། །འདི་ལྟ་སྟེ་མཚམས་མེད་པ་བྱེད་པར་ཤོམ་པ་འདི་ནི་གནོད་སེམས་ཀྱི་ནང་ན་མ་རུངས་པའོ། །འདི་ལྟ་སྟེ། ཡང་དག་པར་སོང་བ་རྣམས་ཀྱི་རྙེད་པ་འཕྲོག་པའི་སེམས་འདི་ནི་བརྣབ་སེམས་ཀྱི་ནང་ན་མ་རུངས་པའོ། །འདི་ལྟ་སྟེ་ལྟ་བས་གཟིངས་པ་འདི་ནི་ལོག་པར་ལྟ་བའི་ནང་ན་མ་རུངས་པ་སྟེ། འོད་སྲུངས་འདི་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་ནི་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པའོ། །འོད་སྲུངས་གལ་ཏེ་སེམས་ཅན་གཅིག་ཅིག་མི་དགེ་བ་བཅུའི་ལས་ཀྱི་ལམ་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པ་འདི་དག་དང་ལྡན་པར་གྱུར་ལ། ད་ཡང་དེ་བཞིན་གཤེགས་པས་རྒྱུ་དང་རྐྱེན་དང་ལྡན་པའི་ཆོས་སྟོན་པ་ལ་འཇུག་སྟེ། འདི་ལ་བདག་གམ། སེམས་ཅན་ནམ། སྲོག་གམ། གང་ཟག་གམ། གང་བྱེད་པའམ། གང་མྱོང་བ་ནི་གང་ཡང་མེད་དོ་སྙམ་ནས། ཆོས་ཐམས་ཅད་ནི་བྱས་པ་མེད་པ་དང༌། མངོན་པར་འདུས་བྱས་པ་མེད་པ་དང༌། སྒྱུ་མ་ལྟ་བུའི་ཆོས་ཉིད་དང༌། ཀུན་ནས་ཉོན་མོངས་པ་མེད་པའི་ཆོས་ཉིད་དང༌། རང་བཞིན་གྱིས་འོད་གསལ་བའི་ཆོས་ཉིད་ལ་འཇུག་ཅིང༌། ཆོས་ཐམས་ཅད་གདོད་མ་ནས་དག་པར་ཡིད་ཆེས་ཏེ་མོས་ན། སེམས་ཅན་དེ་དག་ངན་སོང་དུ་འགྲོ་བར་ང་མི་སྨྲའོ་ཞེས་གསུངས་སོ། །ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་མདོ་ལས་ཀྱང༌། འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་


DTG111_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་ལྟུང་བ་ལ་ལྟུང་བ་མ་ཡིན་པར་མཐོང་བ་དང་འདུལ་བ་མ་ཡིན་པ་ལ་འདུལ་བར་མཐོང་བ་དང༌། ཀུན་ནས་ཉོན་མོངས་པ་ལ་རྣམ་པར་བྱང་བར་མཐོང་བ་དང༌། འཁོར་བའི་ཁམས་ལ་མྱ་ངན་ལས་འདས་པའི་དབྱིངས་སུ་མཐོང་བ་དེས་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཐོབ་པོ་ཞེས་གསུངས་སོ། །དམ་ཚིག་གསུམ་གྱི་རྒྱལ་པོ་ལས་ཀྱང༌། སྡིག་པའི་གཉེན་པོ་ཀུན་དུ་སྤྱད་པར་གསུངས་ཏེ། མིག་བཙུམས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་དམིགས་པའི་སེམས་ཀྱིས་ཡི་གེ་བརྒྱ་པ་ལན་སྟོང་ཕྲག་བརྒྱད་བཟླས་བརྗོད་བྱས་ན། མིག་བཙུམས་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐོང་བར་འགྱུར། སྡིག་པ་དང་བྲལ་བར་འགྱུར་རོ། །ཡང་ན་མཆོད་རྟེན་ལ་སྐོར་བ་བྱེད་ཅིང་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །སྐུ་གཟུགས་དང་དམ་པའི་ཆོས་ཀྱི་གླེགས་བམ་གང་ཡང་རུང་བ་ཞིག་མདུན་དུ་བཞག་ནས་ཀྱང་བསྐོར་ཞིང་ལན་སྟོང་བཟླས་པར་བྱ་སྟེ་ཆོ་ག་ནི་འདི་ཉིད་དོ་ཞེས་གསུངས་སོ། །སྐུལ་བྱེད་མའི་གཟུངས་ལས་ཀྱང༌། ཇི་སྲིད་དུ་སྡིག་པ་བྱད་པའི་མཚན་མ་མཐོང་བ་དེ་སྲིད་དུ་བཟླས་བརྗོད་བྱ་སྟེ། རྨི་ལམ་ན་ཟས་ངན་པ་སྐྱུག་པ་དང༌། ཞོ་དང་འོ་མ་ལ་སོགས་པ་འཐུངས་པ་དང༌། སྐྱུགས་པ་དང༌། ཉི་མ་དང་ཟླ་བ་མཐོང་བ་དང༌། ནམ་མཁའ་ལ་འགྲོ་བ་དང༌། མེ་འབར་བ་དང་མ་ཧེ་དང་མི་ནག་པོ་ཐུབ་པ་དང༌། དགེ་སློང་དང་དགེ་སློང་མའི་དགེ་འདུན་མཐོང་བ་དང༌། འོ་མ་འབྱུང་བའི་ཤིང་དང་གླང་པོ་དང་ཁྱུ་མཆོག་དང༌། རི་དང་སེང་གེའི་ཁྲི་དང་ཁང་བཟངས་ཀྱི་སྟེང་དུ་འཛེག་པ་དང༌། ཆོས་ཉན་པ་རྨིས་ན་སྡིག་པ་དང་བྲལ་བར་འགྱུར་ཏེ། སྡིག་པ་བྱང་བར་ཤེས་པར་བྱའོ་ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་གཟུངས་ཀྱི་ལེའུ་ལས་ཀྱང་གཉེན་པོ་ཀུན་དུ་སྤྱོད་པར་གསུངས་ཏེ། དཔེར་ན་མི་ཞིག་ངན་སྐྱུགས་ཀྱིས་རེག་པ་ལས་ལེགས་པར་བཀྲུས་ཏེ་ཁྲུས་བྱས་ནས་སྤོས་ཀྱིས་བྱུགས་ན། དེའི་དྲི་ང་བ་མེད་ཅིང་བྲལ་བར་འགྱུར་རོ། །དེ་བཞིན་དུ་མཚམས་མེད་པ་ལྔ་བྱེད་པའི་སྡིག་པ་དེ་བྱང་བར་འགྱུར་རོ། །གང་ཡང་མི་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་ལ། དེ་བཞིན་གཤེགས་པ་ལ་དད་པ་རྙེད་ནས་དེ་བཞིན་གཤེགས་པ་དེའི་སྐུ་གཟུགས་བྱེད་ན་དེའི་སྡིག་པ་ཡང་མི་མངོན་པར་འགྱུར། བྱེ་བྲག་ཏུ་ནི་བྱང་ཆུབ་ཀྱི་སེམས་དང་ལྡན་པ་


DTG111_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

དང། བྱེ་བྲག་ཏུ་ནི་ཁྱིམ་གྱི་གནས་ནས་འབྱུང་བ་ཚུལ་ཁྲིམས་དང་ལྡན་པའི་སྡིག་པ་བྱང་བར་འགྱུར་རོ་ཞེས་གསུངས་སོ། །མེ་ཏོག་བརྩེགས་པའི་གཟུངས་ལས་ཀྱང་གསུངས་ཏེ། སེང་གེ་རྣམ་པར་རྩེ་བ་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པ་ལོ་གཅིག་གམ་ལོ་བརྒྱའམ་ལོ་སྟོང་ཡང་རུང་སྟེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དང༌། བྱང་ཆུབ་ཀྱི་སེམས་ཀྱིས་ཡང་དག་པར་ཟིན་པ་གང་གིས་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་ལ་མེ་ཏོག་འགའ་འབུལ་ལམ་ཆུ་སྙིམ་པ་གང་ཙམ་འཐོར་རམ། བྱུག་པའི་ཐིག་ལེ་འདྲི་འམ། མེ་ཏོག་གི་ཉལ་ཉིལ་འཕྱག་གམ། བྱུག་པ་འབུལ་ལམ། མེ་ཏོག་འབུལ་ལམ། བདུག་སྤོས་འབུལ་ལམ། མར་མེ་འབུལ་ཏེ་ཕུལ་ནས་དགའ་བའི་སེམས་ཀྱིས་གོམ་པའི་གར་སྟབས་འགའ་བོར་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་ལ་ཕྱག་འཚལ་ལོ་ཞེས་སྨྲ་བ་དེ་དག་ནི། སེང་གེ་རྣམ་པར་རྩེ་བ་བསྐལ་པར་རམ་བསྐལ་པ་བརྒྱའམ་བསྐལ་པ་སྟོང་དུའམ། བསྐལ་པ་བརྒྱ་ཕྲག་སྟོང་དུ་ཡང་ངན་འགྲོ་ལོག་པར་ལྟུང་བར་འགྱུར་བ་དེའི་གནས་མེད་དོ་ཞེས་གསུངས་སོ། །སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོའི་མདོ་ལས་ཀྱང། གང་དག་ཡང་བསླབ་པའི་གཞི་ལྔ་པོ་དག་འཛིན་པ་དང༌། གང་དག་བསླབ་པའི་གཞི་བཅུ་པོ་དག་འཛིན་པ་དང༌། གང་དག་བྱང་ཆུབ་སེམས་དཔའི་སྡོམ་པ་བསླབ་པའི་གཞི་བཞི་བརྒྱ་པོ་དག་འཛིན་པ་དང༌། ཁྱིམ་གྱི་གནས་ནས་བྱུང་བའི་དགེ་སློང་གང་དག་བསླབ་པའི་གཞི་ཉིས་བརྒྱ་ལྔ་བཅུ་པོ་དག་འཛིན་པ་དང༌། དགེ་སློང་མ་གང་དག་བསླབ་པའི་གཞི་ལྔ་བརྒྱ་པོ་དག་འཛིན་པ་སྟེ། གང་དག་ཇི་ལྟར་ཡོངས་སུ་བཟུང་བའི་བསླབ་པའི་སྡོམ་པ་དེ་དག་གི་ནང་ནས། བསླབ་པའི་གཞི་གང་ཡང་རུང་བ་ཞིག་ལས་ཉམས་པར་གྱུར་ཏེ། ངན་འགྲོ་ངན་སོང་གིས་འཇིགས་སྐྲག་པ་དེ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་དེ་ལ་མཆོད་པ་རྣམ་པ་སྣ་ཚོགས་བྱེད་ན། དེ་དག་ལ་ངན་སོང་གསུམ་གྱི་སྡུག་བསྔལ་མེད་པར་ཤེས་པར་བྱའོ། །བུད་མེད་གང་ལ་ལ་བུ་བཙའ་བའི་དུས་ན་སྡུག་བསྔལ་མ་རུངས་པ་དྲག་པོ་བྱུང་བ་དེས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་


DTG111_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་གྱི་བླ་བཻ་ཌཱུཪྻའི་འོད་དེ་ལ་མཆོད་ན་དེ་མྱུར་དུ་ཡོངས་སུ་ཐར་བར་འགྱུར། བུ་ཡང་ཡན་ལག་ཡོངས་སུ་ཚང་བར་བཙའ་ཞིང་གཟུགས་བཟང་བ་དང་མཛེས་པ་དང༌། བལྟ་ན་སྡུག་པ་དང༌། དབང་པོ་རྣོ་བ་དང༌། བློ་དང་ལྡན་པ་དང༌། ནད་མེད་ཅིང་གནོད་པ་ཉུང་བར་འགྱུར་རོ། །དེ་ལ་ཡི་མ་ཡིན་པས་མདངས་འཕྲོགས་པར་མི་ནུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་གང་གི་ཕྱིར་ང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་དེའི་མཆོད་པ་རྣམ་པ་སྣ་ཚོགས་བྱེད་ན། དེ་དག་ལ་ངན་སོང་གསུམ་གྱི་སྡུག་བསྔལ་མེད་པར་ཤེས་པར་བྱའོ། །ཡོན་ཏན་བརྗོད་པར་ཁྱོད་དད་དམ་ཡིད་ཆེས་སམ། ཡང་ན་ཁྱོད་སངས་རྒྱས་ཀྱི་སྤྱོད་ཡུལ་ཟབ་མོ་འདི་ལ་ཡིད་གཉིས་སམ་སོམ་ཉིའམ། ཐེ་ཚོམ་ཟ་བ་མེད་དམ་དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་དེ་བཞིན་གཤེགས་པས་གསུངས་པའི་ཆོས་རྣམས་ལ་ཡིད་གཉིས་སམ་སོམ་ཉིའམ་ཐེ་ཚོམ་འཚལ་བ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་རྣམས་ལ་སྐུ་དང་གསུང་དང་ཐུགས་ཀྱི་ཀུན་དུ་སྤྱོད་པ་ཡོངས་སུ་མ་དག་པ་མི་མངའ་བའི་སླད་དུའོ། །བཅོམ་ལྡན་འདས་གདུགས་དང་དགུང་ཟླ་འདི་ལྟར་རྫུ་འཕྲུལ་ཆེ་བ་འདི་གཉིས་ནི་དོག་ས་ལ་ལྟུང་ཡང་གདའ། རིའི་རྒྱལ་པོ་རི་རབ་ནི་གནས་ནས་འཕོ་ཡང་གདའི་སངས་རྒྱས་རྣམས་ཀྱི་བཀའ་ནི་གཞན་དུ་མི་འགྱུར་ལགས་སོ། །བཙུན་པ་བཅོམ་ལྡན་འདས་དེ་ལྟར་ལགས་ཀྱིས་ཀྱང༌། སེམས་ཅན་དད་པའི་དབང་པོ་དང་བྲལ་བ་དག་མཆིས་ཏེ། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་སྤྱོད་ཡུལ་འདི་ཐོས་ན་དེ་དག་འདི་སྙམ་དུ་སེམས་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་མཚན་འདི་དྲན་པ་ཙམ་གྱིས་ཇི་ལྟར་ཤིན་ཏུ་ཡོན་ཏན་དང་ཕན་ཡོན་དུ་འགྱུར་སྙམ་ནས་དེ་དག་མི་དད་ཅིང་ཡིད་མི་ཆེས་ཏེ་སྤོང་བས་ཡུན་རིང་པོར་གནོད་པ་དང་མི་སྨན་པ་དང་ཡིད་མི་བདེ་བ་དང་རྣམ་པར་ལྟུང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དེའི་མཚན་སུའི་རྣ་ལམ་དུ་གྲག་པར་གྱུར་པ་དེ། ངན་འགྲོ་ངན་སོང་དུ་འགྲོ་བར་འགྱུར་བ་ནི་གནས་མེད་དེ་གོ་སྐབས་


DTG111_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནོ། །ཀུན་དགའ་བོ་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་སྤྱོད་ཡུལ་ནི་ཡིད་ཆེས་པར་དཀའོ། །ཀུན་དགའ་བོ་ཁྱོད་དད་ཅིང་ཡིད་ཆེས་པར་གྱུར་པ་དེ་ནི། དེ་བཞིན་གཤེགས་པའི་མཐུ་ཡིན་པར་བལྟའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་མ་གཏོགས་པར་འདི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མ་ཡིན་ནོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ཉེ་བར་གནས་ཏེ། ལོ་གཅིག་གམ་ཟླ་བ་གསུམ་དུ་བསླབ་པའི་གཞི་རྣམས་འཛིན་ཅིང༌། གད་དག་གི་བསམ་པ་འདི་ལྟ་བུས། བདག་གི་དགེ་བའི་རྩ་བ་འདིས་ནུབ་ཕྱོགས་གང་ན་དེ་བཞིན་གཤེགས་པ་ཚེ་དཔག་མེད་བཞུགས་པའི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་ཤོག་ཤིག་ཅེས་སྨོན་ལམ་དེ་ལྟ་བུ་བཏབ་པ་དག་ལས། གང་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུ་ཪྻའི་འོད་དེའི་མཚན་ཐོས་པར་གྱུར་པ་དེ་དག་འཆི་བའི་དུས་ཀྱི་ཚེ་བྱང་ཆུབ་སེམས་དཔའ་བརྒྱད་རྫུ་འཕྲུལ་གྱིས་ལྷགས་ནས་ལམ་སྟོན་པར་འགྱུར་ཏེ། དེ་དག་དེར་པདྨ་ཚོན་ཁ་དོག་སྣ་ཚོགས་རྣམས་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ། །གང་ལ་ལ་དག་ལྷའི་འཇིག་རྟེན་དུ་སྐྱ་བར་འགྱུར་བ་དེ་དག་ནི། དེར་སྐྱེས་ནས་སྔོན་གྱི་དགེ་བའི་རྩ་བ་དེ་ཟད་པར་མི་འགྱུར་ཞིང་ངན་འགྲོར་འགྲོ་བར་མི་འགྱུར་རོ། །དེ་ནས་ཤི་འཕོས་ནས་ཀྱང་མིའི་འཇིག་རྟེན་འདིར་གླིང་བཞི་པའི་དབང་ཕྱུག་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཏེ། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་འགོད་པར་འགྱུར་རོ། །ཡང་གཞན་དག་ནི་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ཁྱིམ་དག་ཏུ་སྐྱེ་བར་འགྱུར། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ཁྱིམ་དག་དང༌། ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ཁྱིམ་དག་དང༌། ནོར་དང་འབྲུ་དང་མཛོད་དང་བང་བ་མང་པོ་འབྱོར་པའི་ཁྱིམ་དག་ཏུ་སྐྱེ་བར་འགྱུར་ཏེ། གཟུགས་ཕུན་སུམ་ཚོགས་པ་དང༌། དབང་ཕྱུག་ཕུན་སུམ་ཚོགས་པ་དང༌། གཡོག་ཕུན་སུམ་ཚོགས་པ་དང་དཔའ་བ་དང་རྟུལ་ཕོད་པ་དང་ཚན་པོ་ཆེ་ཆེན་པོའི་སྟོབས་ཀྱི་ཤུགས་དང་ལྡན་པར་འགྱུར་རོ། །བུད་མེད་གང་གིས་དེ་བཞིན་གཤེགས་པ་དེའི་


DTG111_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཐོས་ཤིང་བཟུང་བ་དེའི་བུད་མེད་ཀྱི་དངོས་པོ་དེ་ཐ་མ་ཡིན་པར་ཤེས་པར་བྱའོ་ཞེས་གསུངས་སོ།། །།བམ་པོ་བརྒྱད་པ། འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་རྒྱན་ལས་ཀྱང༌། ཡེ་ཤེས་བླ་མ་འོད་ཀྱི་ཏོག ། །དེ་བཞིན་སྨོན་ལམ་བློ་གྲོས་དང༌། །དབང་པོ་ཞི་དང་འཇམ་དབྱངས་ལ། །བདག་ནི་གུས་པས་ཕྱག་འཚལ་ལོ། །སུ་ཞིག་བྱང་ཆུབ་སེམས་དཔའ་འདི་དག་གི་མིང་འཛིན་པ་དེ་བུད་མེད་ཀྱི་དངོས་པོར་མི་འགྱུར་རོ་ཞེས་གསུངས་སོ། །གཉེན་པོ་ཀུན་ཏུ་སྤྱད་པ་མངོན་པར་བསྟན་ཟིན་ཏོ། །ད་ནི་ཉེས་པ་ལས་བཟློག་པའི་སྟོབས་བརྗོད་པར་བྱ་སྟེ། འཕགས་པ་སའི་སྙིང་པོའི་མདོ་ལས་ཇི་སྐད་དུ་གསུངས་པ་ལྟ་བུ་སྟེ། སྲོག་གཅོད་པ་སྤོང་བའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་ཡིན་ཏེ། སྐྲག་པར་མི་བྱེད་འཁྲུག་པར་མི་བྱེད་སྐུ་ཟིང་ཞེས་འགྱུར་བར་མི་བྱེད་དོ། །དེ་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་དེ་དང་སྲོག་གཅོད་པ་སྤོང་བའི་འཁོར་ལོ་དེས་སྔོན་གྱི་མཐའི་མུ་ནས་འགྲོ་བ་ལྔའི་འཁོར་ལོར་ཞུགས་ཤིང་འཁོར་བའི་ཆུ་ངོས་ཁྱེར་ནས། སྲོག་གཅོད་པའི་རྒྱུས་ལུས་དང་ངག་དང༌། ཡིད་ཀྱི་ལས་ཀྱི་སྒྲིབ་པ་དང་ཉོན་མོངས་པའི་སྒྲིབ་པ་དང་ཆོས་ཀྱི་སྒྲིབ་པ་བྱས་པ་དང་བྱེད་དུ་བཅུག་པ་དང་རྗེས་སུ་ཡི་རང་བ་གང་ཡིན་པ་ཐམས་ཅད་འཇོམས་ཏེ། མ་ལུས་པར་རྣམ་པར་སྨིན་པར་མི་འགྱུར་བའི་བར་དུ་བྱེད་དོ། །དེ་ལ་རིགས་མཐུན་པའི་ལྷ་དང་མི་རྣམས་དགའ་བར་འགྱུར་རོ། །ནད་མེད་པ་དང་ཚེ་རིང་བར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་སྤངས་པར་གྱུར་ཅིང་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་ལ་གཞན་ལ་འགྲན་པ་མེད་པ་དང་འཁྲུག་པ་མེད་པར་རང་གི་རྙེད་པས་ཆོག་ཤེས་ཤིང༌། ཆོས་མ་ཡིན་པའི་ལོངས་སྤྱོད་མི་འདོད་དེ། དགེ་བའི་རྩ་བ་དེས་མ་བྱིན་པར་ལེན་པའི་རྒྱུ་ལས་བྱུང་བའི་བར་གྱི་ལས་ཀྱི་སྒྲིབ་པ་འཇོམས་སོ། །རབ་ཏུ་འཇོམས་སོ། །མ་ལུས་པར་རྣམ་པར་སྨིན་པར་མི་འགྱུར་བའི་བར་དུ་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱིས་རང་གི་མི་མཐུན་པའི་ཕྱོགས་མི་དགེ་བ་རྣམས་འཇོམས་པར་གསུངས་སོ། །དེ་སྐད་དུ་ཟླ་བ་སྒྲོན་མའི་མདོ་ལས་ཀྱང༌། གནོད་སེམས་


DTG111_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་པས་སྡིག་པ་ཟད་པར་འགྱུར་བ་འབྱུང་སྟེ། ཇི་སྐད་དུ། །འདིར་ནི་ཡང་དག་མ་ལགས་པར། །བྱིས་པ་རྣམས་ཀྱིས་མཚང་བྲུས་དང༌། །སྤྱོད་པ་དག་ནི་བཟོད་བགྱི་སྟེ། །སྨོད་པའང་འདྲེན་པ་དང་དུ་བླང༌། །བྱང་ཆུབ་སེམས་དཔས་གཞན་དག་ལ། །བདག་གིས་གནོད་སེམས་བསྐྱེད་པ་དང། །སྔོན་ཆད་བདག་གིས་སྡིག་པའི་ལས། །བགྱིས་པ་རྣམས་ནི་སྦྱང་བར་བགྱི། །ཞེས་གསུངས་པ་ལྟ་བུའོ། །ཉེས་པ་ལས་ཟློག་པའི་སྟོབས་བཤད་ཟིན་ཏོ། །རྟེན་གྱི་སྟོབས་བརྗོད་པར་བྱ་སྟེ། འདིར་ཕག་གི་རྟོགས་པ་བརྗོད་པ་དཔེར་བྱའོ། །གང་དག་སངས་རྒྱས་སྐྱབས་དོང་བ། །དེ་དག་ངན་འགྲོར་འགྲོ་མི་འགྱུར། །མི་ཡི་ལུས་ནི་སྤངས་ནས་སུ། །དེ་དག་ལྷ་ཡི་ལུས་ཐོབ་པོ། །ཞེས་གསུངས་ཏེ། དེ་བཞིན་དུ་ཆོས་དང་དགེ་འདུན་གྱི་དབང་དུ་བྱས་ཏེ་གདོན་ཏོ། །འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས་ཀྱང༌། བྱང་ཆུབ་ཀྱི་སེམས་ཀྱིས་སྡིག་པ་རྣམ་པར་དག་པར་གསུངས་ཏེ། ཉེས་པ་བྱས་པ་ཐམས་ཅད་བསྲེགས་པས་སྲེག་པའི་བསྐལ་པའི་མེ་ལྟ་བུའོ། །མི་དགེ་བའི་ཆོས་ཐམས་ཅད་ཟད་པར་བྱེད་པས་སའི་འོག་ལྟ་བུའོ། །དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་དངུལ་ཆུའི་རིགས་གསེར་དུ་སྣང་བ་ཞེས་བྱ་བ་ཡོད་དེ། དེ་ནི་སྲང་གཅིག་གིས་ཀྱང་ལྕགས་སྲང་སྟོང་གསེར་དུ་འགྱུར་རོ། །དངུལ་ཆུ་སྲང་གཅིག་པ་ད་ནི་ལྕགས་སྲང་སྟོང་པོ་དེས་ཟད་པར་བྱས་པའམ་ལྕགས་སུ་བསྒྱུར་བར་མི་ནུས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་དངུལ་ཆུའི་ཁམས་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་དང་ཡེ་ཤེས་ཀྱིས་བཟུང་བ་གཅིག་གིས་ལས་དང་ཉོན་མོངས་པའི་སྒྲིབ་པའི་ལྕགས་ཐམས་ཅད་ཟད་པར་བྱས་ཏེ། ཆོས་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཁ་དོག་ཏུ་བྱེད་ཀྱང༌། ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་དངུལ་ཆུའི་ཁམས་གཅིག་པོ་དེ་ནི་ལས་དང་ཉོན་མོངས་པའི་ལྕགས་ཐམས་ཅད་ཀྱིས་ཀྱང་ཀུན་ནས་ཉོན་མོངས་པར་བྱ་བའམ་ཟད་པར་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་མར་མེ་གཅིག་གིས་ཁྱིམ་མམ་ཁང་བུ་ཇི་ལྟ་བུར་བཅུག་ཀྱང་རུང་སྟེ་བཅུག་མ་ཐག་ཏུ་ལོ་སྟོང་དུ་བསགས་པའི་མུན་པ་ཡང་རྣམ་པར་སེལ་ཅིང་སྣང་བར་བྱེད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པའི་


DTG111_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་པའི་མར་མེ་གཅིག་གིས་ཀྱང་སེམས་ཅན་གྱི་བསམ་པའི་ཐིབས་པོ་མ་རིག་པའི་མུན་པ་དང་ལྡན་པ་ཇི་ལྟ་བུ་ཡང་རུང་བར་ཞུགས་ན་ཞུགས་མ་ཐག་ཏུ་བསྐལ་པ་བརྒྱ་སྟོང་བརྗོད་དུ་མེད་པར་བསགས་པའི་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་མུན་པ་ཐམས་ཅད་རྣམ་པར་སེལ་ཞིང་ཡེ་ཤེས་ཀྱི་སྣང་བ་སྐྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོའི་ཅོད་པན་ཐོགས་པའི་ཀླུའི་རྒྱལ་པོ་ཆེན་པོ་རྣམས་ལ་གཞན་གྱིས་གནོད་པར་བྱ་བའི་འཇིགས་པ་མེད་དོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ཆེན་པོའི་ནོར་བུ་རིན་པོ་ཆེའི་ཡིད་བཞིན་གྱི་རྒྱལ་པོའི་ཅོད་པན་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང༌། ངན་སོང་དང་ངན་འགྲོས་གནོད་པར་བྱ་བའི་འཇིགས་པ་མེད་དོ་ཞེས་བྱ་བའོ། །འཕགས་པ་ཉེ་བ་འཁོར་གྱིས་ཞུས་པ་ལས་ཀྱང་གསུངས་ཏེ། ཉེ་བ་འཁོར་འདི་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་གལ་ཏེ་སྔ་དྲོའི་དུས་ན་ལྟུང་བ་བྱུང་བ་ཡང༌། ཕྱི་དྲོའི་དུས་ན་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། དེ་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་མེད་དོ། །གལ་ཏེ་ཕྱི་དྲོའི་དུས་ན་ལྟུང་བ་བྱུང་བ་ཡང། ཕྱེ་མ་རེད་ཀྱི་དུས་ན་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། དེ་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོའི་མཐའ་མེད་དོ། །གལ་ཏེ་ཕྱེ་མ་རེད་ཀྱི་དུས་ན་ལྟུང་བ་བྱུང་བ་ཡང་སྲོད་ལ་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། དེ་ལྟར་ན་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་མེད་དོ། །གལ་ཏེ་སྲོད་ལ་ལྟུང་བ་བྱུང་བ་ཡང་ནམ་ཕྱེད་ན་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། དེ་ལྟར་ན་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་མེད་དོ། །གལ་ཏེ་ནམ་ཕྱེད་ན་ལྟུང་བ་བྱུང་ན་ཡང་ཐོ་རངས་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། དེ་ལྟ་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོའི་མཐའ་མེད་དོ། །ཉེ་བ་འཁོར་དེ་ལྟ་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ནི་བཅོས་སུ་


DTG111_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་འགྱོད་པས་ཀུན་ནས་ལྡང་བ་དེ་སྐྱེས་ན་ཧ་ཅང་ཡང་མི་དགའ་བར་མི་བྱའོ། །ཉེ་བ་འཁོར་དེ་ལ་གལ་ཏེ་ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་ལ། ལྟུང་བ་ཡང་དང་ཡང་བྱུང་ན། །ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་ཉམས་པར་རིག་པར་བྱའོ་ཞེས་གསུངས་སོ། །བསླབ་པ་ཀུན་ལས་བཏུས་པ་ལས་སྡིག་པ་སྦྱང་བའི་ལེའུ་སྟེ་བརྒྱད་པའོ།། །།ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་སྷོ།། །།དེས་ན་དེ་ལྟར་རྒྱུན་མི་འཆད་པར་སྡུག་བསྔལ་མང་པོ་དང་ལྡན་པའི་འཆལ་པའི་ཚུལ་ཁྲིམས་སྐྱེ་བ་བསྲུང་ཞིང་དེ་ལྟར་ལས་ཀྱི་སྒྲིབ་པའི་གེགས་སེལ་བ་དེས་ཉོན་མོངས་པ་རྣམ་པར་སྦྱོང་བ་ལ་འབད་པར་བྱའོ། །དེ་ལ་ཐོག་མར་རེ་ཞིག་བཟོད་པར་བྱའོ། །མི་བཟོད་པ་ནི་སྐྱོ་བ་ནི་སྲོན་མི་ནུས་པའི་ཕྱིར་ཐོས་པ་ལ་སོགས་པ་ལ་བརྩོན་པ་ཉམས་པར་འགྱུར་ཞིང༌། ཐོས་པ་དང་མི་ལྡན་པས་ནི་བསམ་གཏན་གྱི་ཐབས་དང་ཉོན་མོངས་པ་རྣམ་པར་སྦྱོང་བའི་ཐབས་ཀྱང་མི་ཤེས་ཏེ། དེ་བས་ན་སྐྱོ་བ་མེད་པར་ཐོས་པ་བཙལ་བར་བྱ། ཤེས་སུ་ཟིན་ཀྱང་འདྲེན་མར་སྤྱོད་པས་མཉམ་པར་གཞག་དཀའ་བར་འགྱུར་ཏེ། དེའི་ཕྱིར། དེ་ནས་ནགས་སུ་གནས་པར་བྱ། །དེར་ཡང་རྣམ་པར་གཡེང་བ་ཞི་བར་བྱ་བ་ལ་མི་བརྩོན་པས་སེམས་མཉམ་པར་འཇོག་པར་མི་འགྱུར་བས། །མཉམ་པར་གཞག་ལ་བརྩོན་བྱ་ཞིང༌། །མཉམ་པར་བཞག་པའི་འབྲས་བུ་ནི་ཉོན་མོངས་པ་སྦྱངས་པ་མ་གཏོགས་པ་ཅི་ཡང་མེད་པས་དེའི་ཕྱིར། མི་སྡུག་ལ་སོགས་བསྒོམ་པར་བྱ། །དེ་ལྟར་འདི་དག་ནི་རེ་ཞིག་སྡིག་པ་སྦྱོང་བ་བསྟན་པའི་ཚིག་གོ ། །ད་ནི་བཤད་པ་བརྗོད་དོ། །དེ་ལ་བཟོད་པ་ནི། ཆོས་ཡང་དག་པར་སྡུད་པའི་མདོ་ལས། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང་གཞན་གྱིས་གནོད་པ་བྱས་པ་ལ་ཇི་མི་སྙམ་པའི་བཟོད་པའོ་ཞེས་རྣམ་པ་གསུམ་གསུངས་སོ། །དེ་ལ་སྡུག་བསྔལ་ཉམས་སུ་ལེན་པའི་བཟོད་པའི་མི་མཐུན་པའི་ཕྱོགས་ནི། སྡུག་བསྔལ་གྱིས་འཇིགས་པ་ཉིད་མི་འདོད་པ་བྱུང་བ་དང་ཕྲད་པ་དང༌། རང་གི་བདེ་བ་ལ་མངོན་པར་ཆགས་པ་ཉིད་འདོད་པའི་གེགས་བྱེད་པ་དང་ཕྲད་པ་སྟེ། དེ་དག་ལས་ཡིད་མི་བདེ་ཞིང༌། དེ་ལས་ནི་


DTG111_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་བའམ་ཞུམ་པ་ཉིད་དོ། །དེ་བས་ན་ཟླ་བ་སྒྲོན་མའི་མདོ་ལས་ཀྱང༌། བདེ་བ་ལ་མི་ཆགས་པ་དང༌། །སྡུག་བསྔལ་ལ་མི་སྐྱོ་བའོ། །ཞེས་གསུངས་སོ། །དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང༌། གང་ནང་གི་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་དེ་དག་བཟོད་ཅིང་དང་དུ་ལེན་ཏོ་ཞེས་གསུངས་སོ། །འཕགས་པ་དྲག་ཤུལ་ཅན་གྱིས་ཞུས་པ་ལས་ཀྱང༌། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་པས་འཇིག་རྟེན་གྱི་ཆོས་བརྒྱད་ལ་མཉམ་པ་ཉིད་ཐོབ་པར་བྱའོ། །དེས་ལོངས་སྤྱོད་རྙེད་དམ་ཆུང་མ་དང་བུ་རྙེད་དམ་ནོར་དང་འབྲུ་དང་རྫས་རྙེད་ཀྱང་ཁེངས་པར་ཡང་མི་བྱའོ། །ཐམས་ཅད་མ་འབྱོར་ཡང་དེ་ཞུམ་པར་ཡང་མི་བྱ་ཡི་མུག་པར་ཡང་མི་བྱའོ། །དེས་འདི་ལྟར་བརྟག་པར་བྱ་སྟེ། འདུས་བྱས་ཐམས་ཅད་ནི་སྒྱུ་མའི་རྣམ་པ་ལྟ་བུ་རྣམ་པར་བསྒྲུབ་པས་སོ་སོར་ཉེ་བར་གནས་པའི་མཚན་ཉིད་དོ། །འདི་ལྟ་སྟེ། ཕ་མ་དང་ཆུང་མ་དང་བྲན་དང་ལས་བྱེད་པ་དང་ཞོ་ཤས་འཚོ་བ་དང་མཛའ་བཤེས་དང་བློན་པོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་དེ་དག་ནི་ལས་ཀྱི་རྣམ་པར་སྨིན་པས་གྲུབ་པ་ཡིན་ཏེ། བདག་དབང་བ་མ་ཡིན་ལ་ང་ཡང་འདི་དག་གི་ནི་མ་ཡིན་ནོ་ཞེས་གསུངས་སོ། གཞན་ཡང༌། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགའ་བ་ཅི་དགོས། །དེ་སྟེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན། །བཅོས་ཀྱང་ཡིད་མི་བདེ་ན་ནི། །ཁྲོ་བས་རྒྱལ་བས་འཐད་པའམ། །ཞུམ་པའི་ཕྱིར་ན་སྤྲོ་ཉམས་པས། །རྒུད་པ་ཆེན་པོས་ཟིན་པར་འགྱུར། །དེ་ལ་ཡང་དང་ཡང་སེམས་པས། །ཚེ་ཡང་ཐུང་བར་འགྱུར་བ་ཡིན། །དེ་ལྟ་བས་ན་གོམས་པ་ལས། །གནོད་པ་བཞིན་དུ་དོན་མེད་སྤང༌། །ཡིད་མི་བདེ་བ་སྤང་བ་ཡང་ཇི་ལྟར་གོམས་པར་བྱ་ཞེ་ན། ཡང་བ་དང་སྙི་བའི་སེམས་སྤངས་པ་ལས་ཏེ། དྲག་ཤུལ་ཅན་གྱིས་ཞུས་པ་ལས་ཇི་སྐད་དུ། ཤིང་བལ་གྱི་འདའ་བ་ལྟ་བུའི་སེམས་དང་བྲལ་བར་བྱའོ་ཞེས་གསུངས་པ་ལྟ་བུའོ། །འཕགས་པ་སྡོང་པོ་བཀོད་པ་ལས་ཀྱང༌། བུ་མོ་ཁྱོད་ཀྱིས་ཉོན་མོངས་པ་ཐམས་ཅད་གཞོམ་པའི་ཕྱིར་ཐུབ་པར་དཀའ་བའི་སེམས་བསྐྱེད་པར་བྱའོ། །མངོན་པར་ཞེན་པ་ཐམས་ཅད་གཞོམ་པའི་ཕྱིར་གཞན་གྱིས་མི་ཐུབ་པའི་


DTG111_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་པར་བྱའོ། །མི་མཐུན་པའི་བསམ་པ་ཅན་གྱི་སེམས་ཅན་རྒྱ་མཚོའི་གློང་འཁྱིལ་བ་ལྟ་བུ་བབ་པ་རྣམས་ལ་མི་འཁྲུགས་པའི་སེམས་བསྐྱེད་པར་བྱའོ་ཞེས་གསུངས་སོ། །གོམས་པར་གྱུར་ན་དཀའ་བ་ཅུང་ཟད་ཀྱང་མེད་དེ། འདི་ལྟར་རེ་ཞིག་ཤིན་ཏུ་བླུན་པ་ཁུར་རྩ་བ་དང་ཉ་པ་དང་ཞིང་པ་ལ་སོགས་པ་དག་ཀྱང་སྡུག་བསྔལ་ལ་གོམས་པ་ལས་འབྲས་བུ་ཤིན་ཏུ་ཆུང་ངུ་དང་ལྡན་པའི་དངོས་པོ་ལ་ཡང་ཡུན་རིང་པོ་ནས་རྨད་དུ་གྱུར་པའི་མཚན་མ་ཅན་གྱི་སེམས་མཁྲང་བ་དང༌། སྒྱིད་ལུག་པས་ཟིལ་གྱིས་མི་ནོན་ན། འཁོར་བའི་བདེ་བ་ཐམས་ཅད་དང་བྱང་ཆུབ་སེམས་དཔའི་བདེ་བ་ཐམས་ཅད་དང་བླ་ན་མེད་པའི་གོ་འཕང་ཐོབ་པའི་འབྲས་བུ་ཅན་གྱི་ལས་ལ་སྨོས་སུ་ཡོད་དམ་ཅི། འདི་ལྟར་ཕལ་པ་དག་ཀྱང་ཅུང་ཟད་གནོད་པ་བྱེད་པ་བདག་གི་ཉེས་པར་བྱས་པས་བཅོམ་ཞིང་རང་ཉིད་འཆི་བ་རྣམས་ལ་བརྡེག་པའི་ཆེད་དུ། དྲག་ཏུ་བརྡེགས་པ་མྱོང་ཡང་གཡུལ་དུ་འཇུག་ན། དུས་ཤིན་ཏུ་རིང་པོར་གནོད་པ་བྱེད་པ་དཀའ་བས་བསྒྲུབས་པའི་དགེ་བའི་ནོར་བག་ཙམ་པའི་རྐུན་པོ་དམྱལ་བ་ཉིད་ཀྱི་གསོད་སར་གསད་བྱའི་གཤེད་མར་གྱུར་པ་སྲིད་པའི་བཙོན་རའི་སྲུང་མར་ངེས་པར་འབྱུང་བའི་ལམ་གྱི་ཕྱིར་ཕྱོགས་མ་རུང་བར་བྱེད་པ་རྗེས་སུ་མཐུན་པ་འདྲ་ཡང་གནོད་པ་དྲག་པོ་བྱེད་པ་གནོད་པ་མ་བྱས་པར་དགྲར་གྱུར་པ། ཐོག་མ་མེད་པའི་བསྐལ་པ་ལས་དམ་དུ་འབྲེལ་བའི་ཤ་འཁོན་ཅན། ཉོན་མོངས་པའི་དགྲ་རྣམས་ལ་གཞོམ་པར་སྤྲོ་བའམ་སྡུག་བསྔལ་བཟོད་པར་གོ་ཇི་ལྟར་མི་འགྱུར་ཏེ། ས་གསུམ་ལས་རྣམ་པར་རྒྱལ་བར་བྱ་བའི་ཕྱིར་ཆས་ཤིང་བདུད་ཀྱི་རི་ཁྲོད་པའི་བདག་པོས་ཟིན་པའི་འགྲོ་བ་གནང་བ་ཅོན་ཐར་བར་བྱ་བའི་ཕྱིར་གཡུལ་ངོར་ཞུགས་པ་ནི་ཁྱད་པར་དུ་ཡང་འགྱུར་བ་ཁོ་ནའོ། །དེ་ལ་སྡུག་བསྔལ་ཆུང་ངུ་ལ་གོམས་པར་བྱ་བ་སྔོན་དུ་བཏང་ན། དཀའ་བ་དང་ཤིན་ཏུ་དཀའ་བ་ལ་ཡང་གོམས་པ་འགྲུབ་སྟེ། དཔེར་ན་གོམས་པའི་དབང་གིས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལ་བདེ་བར་འདུ་ཤེས་པ་དེ་བཞིན་དུ་སྡུག་བསྔལ་འབྱུང་བ་ཐམས་ཅད་ལ་བདེ་བར་འདུ་ཤེས་ཉེ་བར་གཞག་པ་གོམས་པས་བདེ་བའི་འདུ་ཤེས་ཉིད་དུ་ཉེ་བར་གནས་པར་འགྱུར་རོ། །འདིའི་རྒྱུ་མཐུན་པའི་འབྲས་བུ་ནི་ཆོས་ཐམས་ཅད་བདེ་བས་ནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པ་ཡིན་ནོ། །


DTG111_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་དང་སྲས་མཇལ་བའི་མདོ་ལས། བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་བདེ་བས་ནོན་པ་ཞེས་བགྱི་བའི་ཏིང་ངེ་འཛིན་མཆིས་ཏེ། ཏིང་ངེ་འཛིན་དེ་ཐོབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་པའི་དངོས་པོ་ཐམས་ཅད་ལ་བདེ་བའི་ཚོར་བ་ཤ་སྟག་མྱོང་བར་འགྱུར་ཞིང་སྡུག་བསྔལ་གྱི་ཚོར་བ་མི་མྱོང་ལ་སྡུག་བསྔལ་ཡང་མ་ལགས། བདེ་བ་ཡང་མ་ལགས་པ་ཡང་མི་མྱོང་སྟེ། སེམས་ཅན་དམྱལ་བའི་གནོད་པས་གནོད་པར་བགྱིས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པ་དང༌། མིའི་གནོད་པས་གནོད་པར་བགྱིས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པ་དང༌། ལག་པ་བཅད་དམ་རྐང་པ་བཅད་དམ། རྐང་ལག་བཅད་དམ། རྣ་བའམ། སྣའམ། རྣ་བ་དང་སྣ་གཏུབས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པར་འགྱུར་བ་དང༌། སྦ་ལྕག་གིས་གཞུས་སམ། སྦ་ལྕག་ཕྱེད་ཚལ་ལམ། ལྕག་གིས་གཞུས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པར་འགྱུར་བ་དང༌། བཙོན་རར་བཅུག་གམ། ལྕགས་སྒྲོག་དང་ཤིང་སྒྲོག་ཏུ་བཅུག་གམ། བཙོན་ཆ་དམ་པོ་ལ་རྒྱས་བཏབ་བམ། བྱིས་པའི་གཙུག་ཕུད་ལྟར་བཅིངས་སམ། དུགས་ཀྱི་སྣོད་ལྟར་བདུགས་སམ། བུ་རམ་ཤིང་བརྡུངས་པ་ལྟར་བརྡུངས་སམ། འདམ་བུ་གཞོམ་པ་ལྟར་བཅོམ་མམ། འབྲུ་མར་གྱི་མར་མེ་ལྟར་འབར་བར་བྱས་སམ། མར་གྱི་མར་མེ་དང༌། ཞོ་བསྐོལ་བ་ལྟར་འབར་བར་བྱས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པར་འགྱུར་བ་དང༌། མེའི་ནང་དུ་བོར་རམ། སེང་གེའི་ཁར་བསྟབས་སམ། སྟག་གི་ཁར་བསྟབས་སམ། དེ་བཞིན་དུ་སྦྱར་ཏེ། སྐམ་དྲིལ་བྱ་བ་ལྟར་དྲིལ་ཏམ། བྱི་བོའི་ཆད་པ་ལྟ་བུས་བཅད་དམ། ཉེས་པ་བྱུང་བ་བསྒྲགས་པ་ལྟར་བསྒྲགས་སམ། ཀཱཪྵ་པ་ཎ་ཙམ་དུ་གཏུབས་སམ། འབྲས་ཕྱེ་བཙོ་བ་ལྟར་བཙོས་སམ། གླང་པོ་ཆེ་རྣམས་ཀྱིས་བཅོམ་ཡང་བདེ་བའི་འདུ་ཤེས་ཉེ་བར་གནས་པར་འགྱུར་བ་དང༌། མིག་ཕྱུང་ངམ། གསལ་ཤིང་གི་རྩེ་མོ་ལ་གཞག་གམ། གསད་པའི་གནས་སུ་ཁྲིད་དེ་རྣམ་པ་ཐམས་ཅད་དུ་མགོ་བཅད་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པར་འགྱུར་ཏེ་བདེ་བ་ཡང་མ་ལགས་མི་བདེ་བ་ཡང་མ་ལགས་པའི་འདུ་ཤེས་རྣམ་པ་ཐམས་ཅད་དུ་མི་འབྱུང་ངོ༌། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་


DTG111_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོ་དེས། ཡུན་རིང་པོ་ནས་སྤྱད་པ་སྤྱོད་པའི་ཚེ། སྨོན་ལམ་འདི་ལྟར་བཏབ་སྟེ་གང་གིས་བདག་ལ་ཁ་ཟས་བྱིན་པ་དེ་དག་ཉེ་བར་ཞི་བའི་བདེ་བ་ཐོབ་པར་གྱུར་ཅིག །གང་གིས་བདག་ལ་སྐོམ་བླུད་པ་དེ་དག་དང༌། གང་གིས་བདག་ལ་རིམ་གྲོར་བྱས་པ་དང་བཀུར་སྟི་བྱས་པ་དང་བསྟི་སྟང་བྱས་པ་དང་མཆོད་པ་བྱས་པ་དེ་དག་ཐམས་ཅད་ཀྱང་ཉེ་བར་ཞི་བའི་བདེ་བ་ཐོབ་པར་གྱུར་ཅིག །གང་ཡང་བདག་ལ་གཤེ་བར་བྱེད་པ་དང་མི་བདེ་བ་བྱེད་པ་དང་རྡེག་པ་དང་མཚོན་གྱིས་འདེབས་པ་དང་རྣམ་པ་ཐམས་ཅད་དུ་སྲོག་གཅོད་པའི་བར་དུ་བྱེད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་བདེ་བ་ཐོབ་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ། དེ་ཡིད་ལ་བྱ་བ་དེ་དག་དང་ལྡན་ཞིང༌། དེ་ལྟ་བུའི་ལས་དང་དེ་ལྟ་བུའི་སྨོན་ལམ་དང་ལྡན་པས་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་སོང་བའི་བདེ་བའི་འདུ་ཤེས་ལ་བརྟེན་ཞིང་བསྙེན་ལ་བསྒོམ་ཞིང་མང་དུ་བྱེད་དེ། དེ་ལས་དེའི་རྣམ་པར་སྨིན་པས་ཆོས་ཐམས་ཅད་ལ་བདེ་བས་ནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་བདེ་བས་ནོན་པའི་ཏིང་ངེ་འཛིན་ཐོབ་པར་གྱུར་པ་དེའི་ཚེ་བདུད་ཀྱི་ལས་ཐམས་ཅད་ཀྱིས་མི་འཕྲོགས་ཤིང་མི་འཁྲུགས་པར་འགྱུར་རོ་ཞེས་རྒྱས་པར་གསུངས་སོ། །སྦྱོར་བ་འདི་ནི་གཏོང་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང༌། བྱ་བར་དཀའ་བའི་སྤྱོད་པ་ཐམས་ཅད་བསྒྲུབས་པ་དང༌། བཟོད་པ་ཐམས་ཅད་བརྟན་པར་བྱེད་པ་དང༌། བརྩོན་འགྲུས་ཐམས་ཅད་ལ་ནུར་བ་མེད་པར་བྱེད་པ་དང༌། བསམ་གཏན་དང་ཤེས་རབ་ཀྱི་ཡན་ལག་གི་ཚོགས་ཐམས་ཅད་ལ་སྦྱོར་བ་ཡིན་ནོ་ཞེས་གསུངས་པ། དེ་ལྟ་བས་ན་རྟག་ཏུ་དགའ་བར་བྱ་སྟེ། ཟླ་བ་སྒྲོན་མའི་མདོ་ལས། གུས་དང་བཅས་ཤིང་ཡིད་ནི་རྟག་ཏུ་དགའ་བར་བྱ། །ཞི་བའི་ལྟ་བ་ལ་ནི་རྟག་ཏུ་གནས་པར་འགྱུར། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །འཕགས་པ་བློ་གསོས་མི་ཟད་པས་བསྟན་པའི་མདོ་ལས་ཀྱང་གསུངས་སོ། །དེ་ལ་དགའ་བ་ཆེན་པོ་གང་ཞེ་ན། གང་སངས་རྒྱས་ཀྱི་ཆོས་རྣམས་དྲན་པ་དང་རྗེས་སུ་དྲན་པ་དང་དགའ་བ་དང༌། དད་པ་དང་མཆོག་ཏུ་དགའ་བ་དང་སེམས་མ་གོང་ཞིང་མི་བརྫི་བ་དང་སྲིད་པ་


DTG111_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དང༌། འདོད་པའི་དགའ་བ་ཐམས་ཅད་གཏོང་བ་དང༌། ཆོས་ཀྱི་དགའ་བ་ཐམས་ཅད་ཀྱི་རྟེན་དང་སེམས་རབ་ཏུ་དགའ་བ་དང༌། ལུས་རབ་ཏུ་སིམ་པ་དང༌། སངས་རྒྱས་ལ་དགའ་ཞིང་ཡིད་འཕར་བ་དང༌། དེ་བཞིན་གཤེགས་པའི་སྐུ་ལ་དགའ་ཞིང་མོས་པས་མཚན་དང་དཔེ་བྱད་བཟང་པོའི་རྐྱེན་ཚོལ་བ་ལ་མཁས་པ་དང༌། དགེ་བའི་ཆོས་མཉན་པས་མི་སྐྱོ་བ་དང༌། དེ་ཁོ་ནའི་ཆོས་ལ་བརྟེན་པའི་ནན་ཏན་དང༌། དགའ་བ་དང་མགུ་བ་དང་རངས་པ་དང་རབ་ཏུ་དགའ་བས་ཆོས་ལ་མོས་པ་དང༌། རྟག་ཏུ་རྒྱུན་མི་འཆད་པར་སེམས་ཅན་རྣམས་ལ་ཁོང་ཁྲོ་བ་མེད་པའི་བློ་དང༌། སངས་རྒྱས་ཀྱི་ཆོས་ཚོལ་བ་ལ་འདུན་པ་དང༌། ཆོས་ལ་འདུན་པ་དེ་ཡང་མི་འདོར་བ་དང༌། སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ལ་མོས་ཤིང་རྣམ་པར་གྲོལ་བ་དང༌། ཉི་ཚེ་བའི་ཐེག་པ་དང་མ་འདྲེས་པའི་སེམས་བསྐྱེད་པ་དང༌། སེར་སྣ་མེད་པས་མ་ཞུམ་པར་སེམས་བསྐྱེད་པ་དང༌། ནོར་གང་སེམས་ཀྱིས་སྦྱིན་འདོད་པ་དེ་སྦྱིན་ཞིང་བྱིན་ནས་ཀྱང་འཁོར་གསུམ་དག་པར་ཡོངས་སུ་སྦྱངས་པ་དང༌། སྦྱིན་པ་ལ་དགའ་བ་དང༌། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་རྟག་ཏུ་དང་བ་དང༌། ཚུལ་ཁྲིམས་འཆལ་པ་རྗེས་སུ་འཛིན་ཅིང་བྱམས་པ་དང༌། བདག་གི་ཚུལ་ཁྲིམས་ཡོངས་སུ་དག་པ་དང༌། ངན་འགྲོའི་འཇིགས་པ་ཐམས་ཅད་ལས་ཤིན་ཏུ་འདས་པར་དབུགས་འབྱིན་པ་དང༌། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་བསྔོ་བ་དང༌། བརྟན་ཞིང་མི་ཕྱེད་པ་དང༌། ཕ་རོལ་གྱིས་ངན་པར་བརྗོད་པ་དང་ངན་པར་སྨྲས་པའི་ཚིག་གི་ལམ་ལ་ཁོང་ཁྲོ་བ་མེད་པའི་སེམས་ཉིད་དང༌། བཟོད་ཅིང་ངེས་པ་དང༌། ང་རྒྱལ་མེད་པ་དང༌། བླ་མ་ལ་འདུད་ཅིང་རིམ་གྲོ་བྱེད་པ་དང༌། རྟག་ཏུ་བཞིན་འཛུམ་པ་དང༌། ཁྲོ་གཉེར་མེད་པ་དང༌། སྔོན་དུ་གསོང་པོར་སྨྲ་བ་དང༌། ཚུལ་འཆོས་པ་མེད་པ་དང༌། ཁ་གསག་མེད་པ་དང༌། ཐོབ་ཀྱིས་འཇལ་བ་མེད་པ་དང༌། བསམ་པ་དག་པ་དང༌། སེམས་ལ་བརླང་བ་མེད་པ་དང༌། གྱ་གྱུ་མེད་པ་དང༌། ཐམས་ཅད་ལ་ལེགས་པར་ལྟ་བ་དང༌། སྐྱོན་མེད་པར་ལྟ་བ་དང༌། ལྟུང་བ་མི་གླེང་བ་དང༌། ཡང་དག་པར་དགའ་བར་འགྱུར་བའི་ཆོས་ཀྱི་རྗེས་སུ་འཇུག་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པ་ལྟར་ཕངས་པར་འཛིན་པ་དང༌། ཆོས་རྣམས་ལ་བདག་བཞིན་ཕངས་པར་


DTG111_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་དང༌། དེ་བཞིན་གཤེགས་པ་རྣམས་ལ་སྲོག་བཞིན་དུ་ཕངས་པར་འཛིན་པ་དང༌། བླ་མ་ལ་ཕ་མ་བཞིན་དུ་ཕངས་པར་འཛིན་པ་དང༌། སེམས་ཅན་རྣམས་ལ་བུ་བཞིན་དུ་ཕངས་པར་འཛིན་པ་དང༌། མཁན་པོ་དང་སློབ་དཔོན་ལ་སངས་རྒྱས་བཞིན་དུ་ཕངས་པར་འཛིན་པ་དང༌། ནན་ཏན་ལ་ཡན་ལག་གི་དམ་པ་མགོ་བཞིན་དུ་ཕངས་པར་འཛིན་པ་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རྐང་ལག་བཞིན་དུ་ཕངས་པར་འཛིན་པ་དང༌། ཆོས་སྨྲ་བ་རྣམས་ལ་རིན་པོ་ཆེ་ཐམས་ཅད་བཞིན་དུ་ཕངས་པར་འཛིན་པ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡིད་བཞིན་གྱི་ནོར་བུ་བཞིན་དུ་ཕངས་པར་འཛིན་པ་དང༌། རྗེས་སུ་བསྟན་པ་ལ་དགའ་བའི་རྩེད་མོ་བཞིན་དུ་ཕངས་པར་འཛིན་པ་དང༌། ཆོག་ཤེས་པ་ལ་ནད་མེད་པ་བཞིན་དུ་ཕངས་པར་འཛིན་པ་དང༌། ཆོས་ཚོལ་བ་ལ་སྨན་བཞིན་དུ་ཕངས་པར་འཛིན་པ་དང༌། སྐུལ་ཞིང་དྲན་པར་བྱེད་པ་ལ་སྨན་པ་བཞིན་དུ་ཕངས་པར་འཛིན་པ་སྟེ། དེ་ལྟར་གང་དབང་པོ་ཐམས་ཅད་ལ་དབང་པོ་མ་གོང་བ་འདི་ནི་དགའ་བ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་བསླབས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། འཕགས་པ་སྤྲིན་ཆེན་པོའི་མདོ་ལས། སེམས་ཅན་དམྱལ་བའི་འགྲོ་བ་ལ་དགའ་བར་ཡང་འགྱུར་བ་དང༌། སེམས་ཅན་དམྱལ་བའི་འགྲོ་བ་ལ་སེམས་ཤིང་རྟག་ཏུ་བསམ་པ་གཏོང་བའི་ངང་ཚུལ་ཅན་དུའང་འགྱུར་བ་དང༌། སེམས་ཅན་དམྱལ་བའི་ཚོང་རྡལ་གྱི་ཚོང་པར་ཡང་འགྱུར་བ་དང༌། སེམས་ཅན་དམྱལ་བའི་འཐོབ་པ་མི་གཏོང་བར་ཡང་འགྱུར་བ་དང༌། སེམས་ཅན་དམྱལ་བའི་མེ་ལ་སེམས་རྒྱས་པར་འགྱུར་ཞེས་གསུངས་པའི་ཚིག་འདིས་བརྒྱན་པར་བྱེད་དོ། །སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་བཤད་ཟིན་ཏོ། །འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང་བཟོད་པ་རྣམ་པ་གསུམ་བསྟན་ཏེ། བློ་གྲོས་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེ་ལྟར་བསྐྱེད་ནས། འཕགས་པ་མ་ཡིན་པ་ཚུལ་ཁྲིམས་འཆལ་པའི་སེམས་ཅན་རྣམས་སམ། བདུད་རྣམས་སམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་སམ། བདུད་ཀྱིས་བྱིན་གྱིས་བརླབས་པ་རྣམས་སམ། བདུད་ཀྱི་ཕོ་ཉ་རྣམས་ཀྱིས་གཙེས་སམ་རྣམ་པར་གཙེས་སམ་བསྐྱོད་


DTG111_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཀུན་ཏུ་བསྐྱོད་དམ། དཀྲུགས་སམ་ཀུན་ཏུ་དཀྲུགས་སམ། སྤྱོས་སམ་བསྡིགས་སམ་བརྡེགས་ཀྱང༌། བྱང་ཆུབ་ཏུ་བསམ་པའི་སེམས་བསྐྱེད་པ་དེ་ལས་མི་ཕྱེད་པ་དང༌། སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱེད་པའི་སྙིང་རྗེ་ཆེན་པོས། །བརྩོན་འགྲུས་བརྩམས་པ་ལས་མི་ཕྱེད་པ་དང༌། དཀོན་མཆོག་གསུམ་གྱི་རིགས་མི་འཆད་པར་བྱ་བ་ལ་བརྩོན་པ་ལས་མི་ཕྱེད་པ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་དགེ་བའི་རྩ་བ་ལ་སྦྱོར་བ་ལས་མི་ཕྱེད་པ་དང༌། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་བསྒྲུབ་པར་འགྱུར་བའི་བསོད་ནམས་ཀྱི་ཚོགས་བསགས་པ་ལས་མི་ཕྱེད་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་མངོན་པར་བསྒྲུབ་པར་བརྩོན་པ་ལས་མི་ཕྱེད་པ་དང༌། ལུས་དང་སྲོག་འདོར་ཞིང་དམ་པའི་ཆོས་ཡོངས་སུ་འཛིན་པར་མངོན་པར་བརྩོན་པ་ལས་མི་ཕྱེད་པ་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་མངོན་པར་བརྩོན་ཞིང་བདག་བདེ་བ་ལ་མི་ཆགས་པ་ལས་མི་ཕྱེད་པ་སྟེ། དེ་དེ་ལྟར་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པར་གྱུར་པས། སེམས་ཅན་ཐམས་ཅད་ཀྱིས་ཅོ་དྲིས་ཀྱང་བཟོད། ཐིང་སླད་བྱས་པ་དང༌། སྨད་པ་དང༌། བཤུང་བ་བྱས་ཀྱང་བཟོད། །སེམས་ཅན་ཐམས་ཅད་ཀྱིས་མཚང་བྲུས་སམ་སྤྱོས་སམ། བསྡིགས་སམ། ངན་དུ་བརྗོད་དམ། ངན་དུ་སྨྲས་པའི་ཚིག་གི་ལམ་ཀྱང་བཟོད། སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཡང་བཟོད། སེམས་ཅན་ཐམས་ཅད་ཀྱི་ཁུར་ཡང་བཟོད། སྒྲོལ་བས་ཀྱང་སྐྱོ་བ་མེད། ཞུམ་པ་མེད། ཀུན་དུ་ཞུམ་པ་མེད། སྒྱིད་ལུག་པ་མེད། ཡི་ཆད་པ་མེད། སྟོབས་ཉེ་བར་སྟོན་པར་བྱེད། མཐུ་སྐྱེད་པར་བྱེད་ཅིང་བརྩོན་འགྲུས་རྩོམ་པར་བྱེད་ལ། བརྟུལ་བ་ས་བརྟུལ་བར་བྱེད་དེ་དེ་སྤྲོ་བ་སྐྱེད་ཅིང་རྨོངས་པའི་སེམས་མི་འཛིན་ཏོ། །མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བ་དང༌། བརྡེགས་ཀྱང་སླར་མི་རྡེག །ཁྲོས་ཀྱང་སླར་མི་ཁྲོ། །གཤེ་བ་ལ་སླར་ནི་གཤེ་བ་སྟེ། དེ་ལྟར་སེམས་འགྲང་བའི་གོ་ཆ་གྱོན་ནོ། །འདི་ལྟ་སྟེ་ཐེག་པ་ཆེན་པོའི་མདོ་འདི་ནི་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་ཐེག་པའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དེ་དག་ནི་རྒྱུན་གྱི་རྗེས་སུ་འགྲོ་བ་དག་གོ །བདག་ནི་རྒྱུན་ལས་ལྡོག་པར་རྩོལ་བར་འདོད་པའོ། །སེམས་ཅན་དེ་དག་ནི་


DTG111_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཚུན་མི་མཐུན་པ་དག་གོ །བདག་ནི་སེམས་ཅན་ཐམས་ཅད་ཀྱི་མི་མཐུན་པ་སྤང་པའི་ཕྱིར་གོ་ཆ་བ་གོས་པའོ། །སེམས་ཅན་དེ་དག་ནི་གནོད་སེམས་ལ་དཔའ་བདག་གོ །བདག་ནི་བཟོད་པ་དང་དེས་པ་ཡོངས་སུ་ཚོལ་བའོ། །སེམས་ཅན་དེ་དག་ནི་གཅིག་ལ་གཅིག་འདྲིད་ཅིང་ཡོངས་སུ་འདྲིད་པར་གནས་པ་དག་གོ །བདག་ནི་ཤེས་རབ་ཀྱིས་ངོམས་པ་ཡོངས་སུ་ཚོལ་བའོ། །དེ་བཞིན་དུ་སྦྱར་ཏེ། གལ་ཏེ་ཕྱོགས་བཅུའི་རབ་ཏུ་དབྱེ་བས་རབ་ཏུ་ཕྱེ་བའི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད། རལ་གྲི་དང་ཤག་ཏི་དང་མདུང་ཐུང་དང་མཚོན་རྩེ་གཉིས་པ་ལ་སོགས་པ་ལག་ན་ཐོགས་ཏེ་བདག་གི་ཕྱི་བཞིན་འབྲང་ཡང་ས་ཕྱོགས་གང་དུ་འགྲེང་ངམ་འདུག་གམ་འཆག་གམ་ཉལ་ཡང་རུང་སྟེ་བྱང་ཆུབ་ཀྱི་སེམས་སྐྱེ་བར་འགྱུར་བ་དང༌། སྦྱིན་པའི་སེམས་སམ། ཚུལ་ཁྲིམས་ཀྱི་སེམས་སམ། བཟོད་པའི་སེམས་སམ། བརྩོན་འགྲུས་ཀྱི་སེམས་སམ། བསམ་གཏན་གྱི་སེམས་སམ། ཤེས་རབ་ཀྱི་སེམས་སམ། ཐོས་པའི་དགེ་བའི་རྩ་བའི་སེམས་སྐྱེ་བར་འགྱུར་བའི་ས་ཕྱོགས་དེར་བདག་ལུས་རྒྱ་ཤུག་གི་ལོ་མའི་བརྒྱ་ཆ་ཙམ་དུ་གཏུབས་སམ་རྣམ་པར་གཏོར་རམ། རྣམ་པར་བཅོམ་མམ། སེམས་ཅན་དེ་དག་ཐམས་ཅད་ལས་གཞན་མི་བྱེད་པར་རྒྱུན་དུ་གཤེའམ། བསྡིགས་སམ། སྨོད་དམ། བཤུང་ངམ། ཚིག་ངན་པ་དང༌། ངག་རྩུབ་པོ་སྨྲ་བར་གྱུར་ཀྱང་བདག་གིས་སེམས་ཅན་འགའ་ལ་ཡང་འཁྲུག་པའི་སེམས་བསྐྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་གྱི་མཐའ་ནས་འཁོར་བ་ཚད་མེད་པར་བྱས་ཏེ། གང་དུ་བདག་གི་ལུས་འདི་སེམས་ཅན་དམྱལ་བར་སོང་ངམ། དུད་འགྲོའི་སྐྱེ་གནས་སུ་སོང་ངམ། གཤིན་རྗེའི་འཇིག་རྟེན་དུ་སོང་ངམ། མིར་གྱུར་ཀྱང་རུང་སྟེ། འདོད་པའི་ཟས་ཀྱི་དྲི་མས་དྲི་མ་ཅན་དུ་གྱུར་ནས་ཆོས་ཐོས་པ་དང་མི་ལྡན་ཞིང༌། ཡང་བའི་འཚོ་བའི་སྤྱོད་ཡུལ་དོན་མེད་པས་འཚོ་བ་ཅན་དུ་འགྱུར་ཏེ། ཡན་ལག་དང་ཉིང་ལག་རྣམ་པ་བརྒྱར་གཤེགས་ཤིང་གཏུབས་ཏེ་ཕྱེ་ཞིང་ཕྲལ་ལ་བྱ་བ་རྣམ་པ་མང་པོ་བྱས་ཀྱང་བདག་གིས་གཞི་དེ་ལས་བདག་གི་དོན་བྱས་ཀྱི། གཞན་གྱི་དོན་མ་བྱས་ཀྱི་གལ་ཏེ་སེམས་ཅན་དེ་དག་ཐམས་ཅད་ཀྱིས་ཕྱི་མའི་མཐར་བདག་གི་ལུས་གཤེགས་གཏུབས་རྣམ་པར་གཏོར་རྣམ་པར་བཅོམ་པ་དེ་ལྟ་བུར་གྱུར་ཀྱང་བདག་གིས་


DTG111_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་ཡོངས་སུ་མི་གཏོང་ངོ༌། །སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་ངོ༌། །དགེ་བའི་ཆོས་འདོད་པ་ཡོངས་སུ་མི་གཏོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། ལུས་གཏུབས་པའི་ལུས་ཀྱི་གནོད་པ་འདི་ཐམས་ཅད་ཀྱིས་ནི་སེམས་ཅན་དམྱལ་བ་པའི་སྡུག་བསྔལ་གྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་མི་བཟོད་དོ། །བདག་ནི་སེམས་ཅན་དམྱལ་བར་གནས་པར་སྤྲོའི་བདག་གིས་སངས་རྒྱས་ཀྱི་ཆོས་གཏང་བར་ནི་མི་བྱའོ། །དེ་བཞིན་དུ་སྦྱར་ཏེ། གང་གི་གཞི་ལས་གནོད་སེམས་བྱུང་བའི་ཆོས་དེ་བདག་གིས་སྤང་བར་བྱའོ་སྙམ་མོ། །ཆོས་དེ་གང་ཞེ་ན། འདི་ལྟ་སྟེ། ལུས་ལ་དགའ་བ་དང་ལུས་ལ་གནས་པ་དང་ལུས་ལ་ཆགས་པ་སྟེ། ལུས་གཏང་ན་གནོད་སེམས་ཀྱང་གཏོང་ངོ༌། །བློ་གྲོས་རྒྱ་མཚོ་དེ་ལྟར་ཆོས་འགྲང་བ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་གནོད་པ་བཟོད་དེ་མི་སྐྱོ་མི་ཁྲོའོ། །དེ་བཞིན་དུ་སྦྱར་ཏེ། བློ་གྲོས་རྒྱ་མཚོ་དེ་ལ་ཐབས་མཁས་པའི་བྱང་ཆུབ་སེམས་དཔའི་ལུས་གཅོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བློ་གྲོས་རྒྱ་མཚོ་ཇི་ལྟར་ན་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའི་ལུས་གཅོད་པ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། གང་ལུས་འདོར་བ་དང་ལུས་ཡོངས་སུ་གཏོང་བ་དང་ལུས་ལ་མི་ལྟ་བ་འདི་ནི། དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །གང་ལུས་གཅོད་པ་ན་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པ་དང༌། ཚོར་བ་རྣམས་ཀྱིས་མི་འཕྲོགས་པ་འདི་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ལུས་ཡོངས་སུ་གཅོད་པ་ན་གང་དག་དེའི་ལུས་གཅོད་པ་དེ་དག་ཉིད་རབ་ཏུ་ཐར་བར་བྱ་བའི་ཕྱིར་བཟོད་ཅིང་སེམས་ཀྱིས་རྨ་མི་འབྱིན་ཏེ། བཟོད་པའི་སྟོབས་ཉེ་བར་སྟོན་པ་འདི་ནི་དེའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་གང་གིས་ཐམས་ཅད་མཁྱེན་པ་དེ་ལ་འདོད་པ་མི་འདོར་ཞིང་སེམས་ཀྱི་སྟོབས་བསྐྱེད་པ་ཡང་རབ་ཏུ་འཛིན་ལ། འཁོར་བའི་རྗེས་སུ་ཡང་འབྲང་ཞིང་དགེ་བའི་རྩ་བ་བརྩམ་པ་ཡང་རྩོམ་པ་འདི་ནི། དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ལུས་རྣམ་པར་འདོར་བ་ན་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེ་མི་བརྗོད་ཅིང་བྱང་ཆུབ་ཉིད་ལ་ལྟ་བ་


DTG111_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཞི་བ་དང་རབ་ཏུ་ཞི་བ་ལ་སོ་སོར་རྟོག་པ་འདི་ནི་དེའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ལུས་གཅོད་པ་ན་ལུས་ལ་རྩྭ་དང་རྩིག་པ་དང་ཤིང་དང་རྡོ་དང་མིག་ཡོར་ལྟ་བུར་སོ་སོར་རྟོག་ཅིང༌། ལུས་ལ་སྒྱུ་མའི་ཆོས་ཉིད་དུ་འཇུག་པ་དང་ཡང་དག་པར་ན་མི་རྟག་པ་ཉིད་དང་ཡང་དག་པར་ན་སྡུག་བསྔལ་བ་ཉིད་དང་ཡང་དག་པར་ན་བདག་མེད་པ་ཉིད་དང༌། ཡང་དག་པར་ན་ཞི་བ་ཉིད་དུ་ལུས་ལ་རྟོག་པ་འདི་ནི། དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་སྦྱར་ཏེ། གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་ནི་ལེ་ལོ་ཅན་དགེ་བའི་ཆོས་དང་བྲལ་བ་སྟེ། དེ་ནི་བདག་ལ་མཚང་འབྲུ་ཞིང་གཤེ་བའོ། །བདག་ནི་བརྩོན་འགྲུས་བརྩམ་པར་བྱ། དགེ་བའི་རྩ་བ་ཡོངས་སུ་བཙལ་བར་བརྩོན་པ་ལ་མི་ངོམས་པར་བྱ་སྟེ། སེམས་ཅན་འདི་བྱང་ཆུབ་ཀྱི་སྙིང་པོར་སྔར་ཇེ་འདུག་པར་བྱས་ལ། ཕྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །སྙམ་དུ་དེ་ལྟར་གོ་ཆ་གྱོན་པ་འདི་ནི། དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་སྦྱར་ཏེ། སེམས་ཅན་མ་དུལ་བ། མ་ཞི་བ། མ་སྦས་པ། ཉེ་བར་མ་ཞི་བ། འདི་ལྟ་བུ་འདི་དག་གི་དོན་དུ་བདག་གིས་གོ་ཆ་ཆེན་པོ་བགོས་ཏེ། འདི་ལྟར་སེམས་ངེས་པར་སེམས་སུ་གཞུག་གོ་སྙམ་པ་འདི་ནི། དེའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་སྦྱར་ཏེ། བདག་ནི་ཆོས་ཉིད་ལ་བརྟེན་པར་བྱའོ་སྙམ་ནས། དེ་ལ་གཤེ་བ་དང་ཁྲོ་བ་སུ་ཡིན་ཞེས་དེས་ཡོངས་སུ་ཚོལ་བ་ན་གང་གཤེ་བ་དང་ཁྲོ་བའི་ཆོས་དེ་མི་དམིགས་སོ། །དེ་བདག་དང་གཞན་མི་དམིགས་པས་དམིགས་པར་ལྟ་བ་དང་བྲལ་བར་བཟོད་པ་འདི་ནི། དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་གསུངས་སོ། །བཅོམ་ལྡན་འདས་མ་ལས་ཀྱང་གསུངས་ཏེ། འདི་ལྟར་བདག་གིས་སེམས་ཅན་ཐམས་ཅད་ཀྱི་རྩོད་པ་དོར་བར་བྱ་བ་ཡིན་ནོ། །བདག་ཉིད་རྩོད་པར་བྱེད་དམ། བདག་གང་སྨྲ་བ་ལ་སླར་སྨྲ་ན་ནི། བདག་གིས་མ་རྙེད་པ་དང་ཉེས་པ་རྙེད་པར་འགྱུར་རོ། །ཇི་ལྟར་བདག་གིས་ནི་སེམས་ཅན་ཐམས་ཅད་ཀྱི་ཟམ་པ་ལྟ་བུར་བྱ་ན། བདག་གཞན་ལ་ཁྱོད་ཅེས་བྱ་བའི་ཚིག་གམ་ཚིག་རྩུབ་པོ་སྨྲ་བར་བྱ་བའམ། འདི་ནི་བདག་གིས་སྨྲ་བར་མི་བྱ་སྟེ། འཐབ་པ་དང༌། རྩོད་པའི་ནང་དུ་བདག་གིས་བེམ་པོ་ལྟ་བུ་དང༌། ལུག་ལྟར་ལྐུགས་པ་ལྟ་བུར་བྱའོ། །


DTG111_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིས་ངན་དུ་སྨྲས་པ་དང་ངན་དུ་བརྗོད་པའི་ཚིག་གི་ལན་ཐོས་ན་སེམས་ཀྱི་ཀུན་དུ་གནོད་སེམས་སུ་མི་བྱའོ། །བདག་གིས་གཞན་དག་ལ་གང་གཞན་གྱིས་ཉེས་པ་གཞན་སྐྱེས་ན་དེ་ནི་བདག་ལ་ལེགས་པ་མ་ཡིན་པ་དག་གི་ཆ་མ་ཡིན་ནོ། །གང་བདག་གིས་གཞན་དག་གི་ཉེས་པ་གཞན་མཉམ་པར་བསམས་པ་དེ་ནི་བདག་གི་ཆ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བདག་གིས་བསམ་པ་རྣམ་པར་འཁྲུགས་པར་མི་བྱའོ། །འདི་ལྟར་བདག་གིས་ནི་སེམས་ཅན་ཐམས་ཅད་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བདེ་བར་བྱ་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་སྟེ། མྱ་ངན་ལས་འདས་པར་བྱ་བ་ཡིན་ན། དེ་ལ་བདག་གནོད་སེམས་སུ་བྱེད་དམ། ཤིན་ཏུ་ཉེས་པ་བྱས་ཀྱང་གཞན་དག་ལ་གནོད་སེམས་མི་བྱ་བ་ཡིན་ན་དེ་ལ་བདག་གཏི་མུག་ཏུ་འགྱུར་རམ། འདི་ནི་བདག་གིས་བྱ་བའི་ཆ་ཡིན་ཏེ། བརྟུལ་བ་བརྟན་པར་བརྟུལ་པར་བྱའོ། །སྲོག་གི་བར་ཆད་བྱེད་ཀྱང་བདག་གིས་འཁྲུགས་པར་མི་བྱའོ། །བདག་གིས་ཁྲོ་གཉེར་ཅན་གྱི་བཞིན་དབྱུང་བར་མི་བྱའོ་ཞེས་དེ་ལྟར་སེམས་བསྐྱེད་དོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས་ཀྱང༌། སེམས་ཅན་གང་དག་ཁྲོས་པ་དེ་དག་ལ་དབུགས་འབྱིན་ཏོ་ཡིད་ཕེ་བས་པར་བྱེད་དོ་བཟོད་པ་གསོལ་ལོ་རྗེས་སུ་མཐུན་པར་བྱེད་དོ། །ཆོས་ཀྱིས་ཚིམ་པར་བྱེད་དོ་ཞེས་གསུངས་སོ། །བསླབ་པ་ཀུན་ལས་བཏུས་པ་ལས། བཟོད་པའི་ལེའུ་སྟེ་དགུ་པའོ།། །།དེ་ལྟར་བཟོད་པ་ལ་གནས་ནས་ཐོས་པ་ལ་བརྩོན་འགྲུས་རྩོམ་སྟེ། གཞན་དུ་ན་དེའི་ཐོས་པ་ཆུད་ཟ་བ་ཉིད་དུ་འགྱུར་ཏེ། ཟླ་བ་སྒྲོན་མའི་མདོ་ལས་ཇི་སྐད་དུ། ཇི་སྙེད་ཆོས་རྣམས་མང་པོ་ཆུབ་བྱས་ཀྱང༌། །ཐོས་པས་རྒྱགས་ནས་ཚུལ་ཁྲིམས་མི་སྲུང་བ། །ཚུལ་ཁྲིམས་འཆལ་པ་ངན་འགྲོར་གང་འགྲོ་བ། །དེ་ལ་མང་དུ་ཐོས་པས་སྐྱོང་མི་ནུས། །ཞེས་གསུངས་པ་ལྟ་བུའོ། །མང་དུ་ཐོས་པའི་བསྔགས་པ་ནི་སྲེད་མེད་ཀྱི་བུས་ཞུས་པའི་མདོ་ལས་གསུངས་ཏེ། འདི་ལྟར་རིགས་ཀྱི་བུ་ཐོས་པ་དང་ལྡན་ན་ཤེས་རབ་འབྱུང་བར་འགྱུར་རོ། །ཤེས་རབ་དང་ལྡན་ན་ཉོན་མོངས་པ་རབ་ཏུ་ཞི་བར་འགྱུར་རོ། །ཉོན་མོངས་པ་མེད་པ་ལ་བདུད་ཀྱིས་གླགས་མི་རྙེད་དོ་ཞེས་བྱ་བའོ། །དེ་ལས་ཡང་དྲང་སྲོང་ཆེན་པོ་བླ་མའི་སྐྱེས་པའི་རབས་རྒྱ་ཆེར་མཛད་


DTG111_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གསུངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འདོད་པ་བསམ་པ་ཕུན་སུམ་ཚོགས་པ་གུས་པ་དང་བཅས་པ་རྣམས་ལ་འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དག་ཞལ་ཉེ་བར་སྟོན་ཏོ། །ཆོས་ཀྱང་ཐོས་པར་མཛད་དོ། །དྲི་མ་མེད་པའི་གཟི་བརྗིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འདོད་པ་དག་ལ་ནི་ཆོས་ཀྱི་གཏེར་རི་སུལ་དང་ཤིང་གི་ནང་དུ་བཅུག་པ་དང་ཆོས་ཀྱི་གླེགས་བམ་དུ་གྱུར་པ་མཐའ་ཡས་པ་དག་ཀྱང་ལག་མཐིལ་དུ་གནས་པར་འགྱུར་རོ། །དྲི་མ་མེད་པའི་གཟི་བརྗིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འདོད་པ་རྣམས་ལ་སྔོན་སངས་རྒྱས་མཐོང་བའི་ལྷ་རྣམས་སྤོབས་པ་ཉེ་བར་སྒྲུབ་བོ། །དེ་བཞིན་དུ་སྦྱར་ཏེ། ཚེ་ཡོངས་སུ་ཟད་ན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ལྷ་རྣམས་ཚེ་དང་སྟོབས་ཉེ་བར་སྒྲུབ་པོ། །དེ་དག་སངས་རྒྱས་ཀྱི་བྱིན་གྱི་རླབས་དང་ལྷའི་བྱིན་གྱི་རླབས་ཀྱིས་འདོད་ན་ལོ་སྟོང་དུ་ཡང་གནས་སོ། །དེ་བཞིན་དུ་སྦྱར་ཏེ། བསྐལ་པའམ་བསྐལ་པའི་ལྷག་མ་ནས་ཇི་ཙམ་དུ་འདོད་པ་དེ་ཙམ་དུ་གནས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ལ་གུས་པ་བསྐྱེད་པ་རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་རྒ་བ་ཡང་སེལ་བར་མཛད་དོ། །ནད་ཀྱང་སེལ་བར་མཛད་དོ། །དྲན་པ་ཉེ་བར་སྒྲུབ་པོ། །རྟོགས་པ་དང་དང་བློ་གྲོས་དང་སྤོབས་པ་ཡང་ཉེ་བར་སྒྲུབ་པོ། །དེ་བཞིན་དུ་སྦྱར་ཏེ། ལྟ་བར་གྱུར་བ་ཡང་སེལ་ཏོ། །ཡང་དག་པར་ལྟ་བ་ཡང་ཉེ་བར་སྒྲུབ་བོ། །དྲི་མ་མེད་པའི་གཟི་བརྗིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ལ་གུས་པ་རྣམས་ལ་ཕ་རོལ་གྱི་གནོད་པའི་འཇིགས་པ་ཐམས་ཅད་མི་འབྱུང་ངོ༌། །དྲི་མ་མེད་པའི་གཟི་བརྗིད་དེ་ལྟ་བས་ན་བྱང་ཆུབ་དཔའ་སེམས་དཔའ་ཆེན་པོས་ཐོས་པའི་ཚོགས་མཁས་པ་ལ་མངོན་པར་བརྩོན་པར་བྱའོ་ཞེས་གསུངས་སོ། །ཐོས་པའི་རྣམ་པ་ཇི་ལྟ་བུ་བྱང་ཆུབ་སེམས་དཔའི་འདུལ་བ་ལ་བསྔགས་ཤེ་ན། འཕགས་པ་བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས། ཐོས་པའི་རྣམ་པ་ནི་བརྒྱད་ཅུ་སྟེ། འདི་ལྟ་སྟེ། འདུན་པའི་རྣམ་པ་དང༌། བསམ་པའི་རྣམ་པ་དང༌། ལྷག་པའི་བསམ་པའི་རྣམ་པ་དང༌། སྦྱོར་བའི་རྣམ་པ་དང༌། དགེ་བའི་བཤེས་གཉེན་གྱི་རྣམ་པ་དང༌། ང་རྒྱལ་མེད་པའི་རྣམ་པ་དང༌། བག་ཡོད་པའི་རྣམ་པ་དང༌། རི་མོར་


DTG111_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་རྣམ་པ་དང༌། མཐུན་པའི་རྣམ་པ་དང༌། བཀའ་བློ་བདེ་བའི་རྣམ་པ་དང༌། བསྙེན་བཀུར་བྱེད་པའི་རྣམ་པ་དང༌། རྣ་བླགས་ཏེ་ཉན་པའི་རྣམ་པ་དང༌། ཡིད་ལ་བྱེད་པའི་རྣམ་པ་དང༌། མི་གཡེང་བའི་རྣམ་པ་དང༌། གནས་ཀྱི་རྣམ་པ་དང༌། རིན་པོ་ཆེར་འདུ་ཤེས་པའི་རྣམ་པ་དང༌། སྨན་དུ་འདུ་ཤེས་པའི་རྣམ་པ་དང༌། ཉོན་མོངས་པའི་ནད་ཐམས་ཅད་ཞི་བར་བྱེད་པའི་རྣམ་པ་དང༌། དྲན་པའི་སྣོད་ཀྱི་རྣམ་པ་དང༌། ཤེས་པ་རྟོགས་པའི་རྣམ་པ་དང༌། བློ་གྲོས་རྟོགས་པའི་རྣམ་པ་དང༌། བློ་ལ་འཇུག་པའི་རྣམ་པ་དང༌། སངས་རྒྱས་ཀྱི་ཆོས་ལ་མི་ངོམས་པར་ཉན་པའི་རྣམ་པ་དང༌། གཏོང་པ་སྤེལ་པའི་རྣམ་པ་དང༌། དུལ་ཞིང་ཅང་ཤེས་པའི་རྣམ་པ་དང༌། མང་དུ་ཐོས་པ་ལ་བརྟེན་པའི་རྣམ་པ་དང༌། གུས་པར་དགའ་བ་མྱོང་བར་བྱེད་པའི་རྣམ་པ་དང༌། ལུས་བདེ་བའི་རྣམ་པ་དང༌། སེམས་རབ་ཏུ་དགའ་བའི་རྣམ་པ་དང༌། མི་སྐྱོ་བར་ཉན་པའི་རྣམ་པ་དང༌། དོན་ཉན་པའི་རྣམ་པ་དང༌། ཆོས་ཉན་པའི་རྣམ་པ་དང༌། ནན་ཏན་ཉན་པའི་རྣམ་པ་དང༌། གཞན་གྱིས་བསྟན་པ་ཉན་པའི་རྣམ་པ་དང༌། ཆོས་མ་ཐོས་པ་ཉན་པའི་རྣམ་པ་དང༌། མངོན་པར་ཤེས་པ་ཉན་པའི་རྣམ་པ་དང༌། ཐེག་པ་གཞན་ལ་འདོད་པ་མེད་པའི་རྣམ་པ་དང༌། ཕ་རོལ་ཏུ་ཕྱིན་པ་ཉན་པའི་རྣམ་པ་དང༌། རིན་པོ་ཆེ་ཉན་པའི་རྣམ་པ་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཉན་པའི་རྣམ་པ་དང༌། བསྡུ་བའི་དངོས་པོ་ཉན་པའི་རྣམ་པ་དང༌། ཐབས་ལ་མཁས་པ་ཉན་པའི་རྣམ་པ་དང༌། ཚངས་པའི་གནས་པ་ཉན་པའི་རྣམ་པ་དང༌། དྲན་པ་དང་ཤེས་བཞིན་ཉན་པའི་རྣམ་པ་དང༌། སྐྱེ་བ་ལ་མཁས་པ་ཉན་པའི་རྣམ་པ་དང༌། མི་སྐྱེ་བ་ལ་མཁས་པ་ཉན་པའི་རྣམ་པ་དང༌། མི་སྡུག་པའི་རྣམ་པ་དང༌། བྱམས་པའི་རྣམ་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་པ་དང༌། མི་རྟག་པའི་རྣམ་པ་དང༌། སྡུག་བསྔལ་བའི་རྣམ་པ་དང༌། བདག་མེད་པའི་རྣམ་པ་དང༌། ཞི་བའི་རྣམ་པ་དང༌། སྟོང་པ་ཉིད་ཀྱི་རྣམ་པ་དང༌། མཚན་མ་མེད་པའི་རྣམ་པ་དང༌། སྨོན་པ་མེད་པའི་རྣམ་པ་དང༌། མངོན་པར་འདུ་མི་བྱེད་པའི་རྣམ་པ་དང༌། དགེ་བའི་མངོན་པར་འདུ་བྱེད་པའི་རྣམ་པ་དང༌། བདེན་པར་བྱིན་གྱིས་བརླབས་པའི་རྣམ་པ་དང༌། ཆུང་མི་གཟན་པའི་རྣམ་པ་དང༌། རང་དབང་གི་རྣམ་པ་དང༌། བདག་གི་སེམས་སྲུང་བའི་རྣམ་པ་དང༌། བརྩོན་འགྲུས་མི་གཏོང་བའི་རྣམ་པ་དང༌། ཆོས་ལ་ངེས་པར་རྟོག་པའི་རྣམ་པ་དང༌། ཉོན་


DTG111_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པའི་གཉེན་པོའི་རྣམ་པ་དང༌། བདག་གི་ཕྱོགས་སྲུང་བའི་རྣམ་པ་དང༌། ཕ་རོལ་གྱི་ཕྱོགས་དང་ཉོན་མོངས་པ་ཚར་གཅོད་པའི་རྣམ་པ་དང༌། ནོར་བདུན་ལ་བརྟེན་པའི་རྣམ་པ་དང༌། དབུལ་བ་ཐམས་ཅད་ཚར་གཅོད་པའི་རྣམ་པ་དང༌། མཁས་པས་བསྔགས་པའི་རྣམ་པ་དང༌། མཁས་པ་མངོན་པར་དགའ་བའི་རྣམ་པ་དང༌། འཕགས་པས་ཀུན་ཤེས་པའི་རྣམ་པ་དང༌། འཕགས་པ་མ་ཡིན་པ་རྣམས་མོས་པར་བྱེད་པའི་རྣམ་པ་དང༌། བདེན་པ་མཐོང་བའི་རྣམ་པ་དང༌། ཕུང་པོའི་ཉེས་པ་སྤང་བའི་རྣམ་པ་དང༌། འདུས་བྱས་ཀྱི་ཉེས་པ་ཡོངས་སུ་འཇལ་བའི་རྣམ་པ་དང༌། དོན་ལ་བརྟེན་པའི་རྣམ་པ་དང། ཆོས་ལ་བརྟེན་པའི་རྣམ་པ་དང༌། ཡེ་ཤེས་ལ་བརྟེན་པའི་རྣམ་པ་དང༌། ངེས་པའི་དོན་གྱི་མདོ་སྡེ་ལ་བརྟེན་པའི་རྣམ་པ་དང༌། སྡིག་པ་ཐམས་ཅད་མི་བྱ་བའི་རྣམ་པ་དང༌། བདག་དང་གཞན་ལ་ཕན་པའི་རྣམ་པ་དང༌། ལེགས་པར་བྱས་པའི་ལས་ཀྱི་རྣམ་པ་དང༌། མི་འགྱོད་པའི་རྣམ་པ་དང༌། བྱེ་བྲག་ཏུ་འགྲོ་བའི་རྣམ་པ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་པའི་རྣམ་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོས་པའི་རྣམ་པ་བརྒྱད་ཅུ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་གསུངས་པ། གང་ཆོས་ཀྱི་ཚོགས་ལ་སྦྱོར་བ་དེ་ནི་དེའི་ཡེ་ཤེས་ཀྱི་ཚོགས་ཡིན་ནོ། །དེ་ལ་ཆོས་ཀྱི་ཚོགས་སུ་སྦྱོར་བ་གང་ཞེ་ན། གང་འདི་ནི་དོན་ཉུང་བ་དང་སྨྲ་བ་ཉུང་བ་དང་ཡོ་བྱད་ཉུང་བ་དང་སྲོད་དང་ཐོ་རངས་ལ་མི་ཉལ་ཞིང་རྣལ་འབྱོར་ལ་བརྩོན་བས། ཐོས་པའི་དོན་ལ་རྟོགས་པ་དང༌། ཡང་དང་ཡང་ཚོལ་བ་དང༌། སེམས་ལ་རྙོག་པ་མེད་པ་དང༌། སྒྲིབ་པ་རྣམས་གནོན་པ་དང༌། ལྟུང་བ་རྣམས་ལས་འབྱུང་བ་ཤེས་ཤིང་འགྱོད་པ་མེད་པ་དང་ཀུན་ནས་ལྡང་བ་མེད་པ་དང༌། ནན་ཏན་སྙིང་པོར་བྱེད་པ་དང༌། ཆོས་ལ་གཞོལ་པ་དང༌། ཆོས་ལ་འབབ་པ་དང༌། ཆོས་ལ་བབ་པ་དང༌། མཐུ་དང་ལྡན་པ་དང༌། ཡེ་ཤེས་ཚོལ་བ་ལ་མགོ་དང་གོས་ལ་མེ་འབར་བ་ལྟ་བུ་དང༌། དེ་ལ་མ་ཆགས་པར་གནས་པ་དང༌། ཚུལ་ཁྲིམས་མི་ལྷོད་པ་དང༌། བརྩོན་པ་མི་གཏོང་བ་དང༌། བྱེ་བྲག་ཏུ་འགྲོ་བ་དང༌། འདུ་འཛི་ལ་མི་དགའ་བ་དང༌། གཅིག་པུར་དགའ་བ་དང༌། དགོན་པ་ལ་མངོན་པར་ཕྱོགས་ཤིང་ཡིད་ལ་བྱེད་པ་དང༌། འཕགས་པའི་རིགས་ཀྱིས་ཆོག་ཤེས་པ་དང༌། སྦྱངས་པའི་ཡོན་ཏན་ལས་མི་གཡོ་བ་དང༌། ཆོས་ཀྱི་དགའ་བ་


DTG111_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགའ་ཞིང་མོས་པ་དང༌། འཇིག་རྟེན་པའི་སྔགས་དྲན་པར་མི་བྱེད་པ་དང༌། འཇིག་རྟེན་ལས་འདས་པའི་ཆོས་ཚོལ་བ་དང༌། དྲན་པ་ཉམས་པ་མེད་པ་དང༌། དོན་རྟོགས་པའི་རྗེས་སུ་འགྲོ་བ་དང༌། བློ་གྲོས་ཀྱི་ལམ་དང་མཐུན་པ་དང༌། བསྟན་པས་སྔོམ་པ་དང༌། རྐྱེན་གྱིས་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བ་དང༌། ཁྲེལ་ཡོད་པ་དང་ངོ་ཚ་ཤེས་པ་ས་བརྒྱན་པ་དང༌། ཡེ་ཤེས་ཀྱི་རྗེས་སུ་འགྲོ་བ་ལྷུར་བྱེད་པ་དང༌། མི་ཤེས་པ་སེལ་བ་དང༌། མ་རིག་པ་དང༌། གཏི་མུག་གི་མུན་པ་དང་རབ་རིབ་ཀྱི་མུན་པས་ཆོད་པ་བསལ་བ་དང༌། ཤེས་རབ་ཀྱི་མིག་རྣམ་པར་དག་པ་དང༌། བློ་ཤིན་ཏུ་རྣམ་པར་དག་པ་དང། བློ་རྒྱ་ཆེ་བ་དང༌། བློ་མ་ཞུམ་པ་དང༌། བློ་མ་གྱེས་པ་དང༌། མངོན་སུམ་དུ་ཤེས་པ་དང༌། ཡོན་ཏན་གཞན་ལ་རག་མ་ལུས་པ་དང༌། བདག་གི་ཡོན་ཏན་མི་བསྙེམས་པ་དང༌། གཞན་གྱི་ཡོན་ཏན་ཀུན་ལ་བརྗོད་པ་དང༌། ལེགས་པར་བྱ་བའི་ལས་བྱེད་པ་དང༌། ལས་ཀྱི་རྣམ་པར་སྨིན་པ་དང་འགལ་བར་མི་བྱེད་པ་དང༌། ལས་ཡོངས་སུ་དག་པའི་ཡེ་ཤེས་འདི་ནི། བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་མི་ཟད་པ་ཞེས་འབྱུང་ངོ༌། །ཅི་མཉན་པར་བྱ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ཤིན་ཏུ་རྒྱས་པའི་མདོ་ལས། དོན་དང་བཅས་པའི་གཞོན་ནུ་རྩེ་བའི་བསྟན་བཅོས་རྣམས་བསླབ་པར་བྱའོ། །དོན་མེད་པ་རྣམས་ཡོངས་སུ་སྤང་བར་བྱའོ། །འདི་ལྟ་སྟེ། འཇིག་རྟེན་རྒྱང་འཕེན་པའི་བསྟན་བཅོས་རྣམས་དང༌། ཆད་པའི་ཚུལ་གྱི་བསྟན་བཅོས་རྣམས་དང༌། བྱད་སྟེམས་ཀྱི་བསྟན་བཅོས་རྣམས་དང༌། སྨྲ་བའི་རིག་པའི་བསྟན་བཅོས་རྣམས་དང༌། གཞོན་ནུ་རྩེ་བའི་བསྟན་བཅོས་རྣམས་དང༌། རྨུགས་བྱེད་ཀྱི་རིག་པའི་བསྟན་བཅོས་རྣམས་སོ། །དེ་བཞིན་དུ་སྦྱར་ཏེ། དེ་ལས་གཞན་པ་གང་ཅི་ཡང་རུང་སྟེ། རྣམ་པར་ཐར་པ་དང་མི་མཐུན་པའི་བསྟན་བཅོས་ཤེས་པ་རྨོངས་པར་འགྱུར་བ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པས་སྤང་བར་བྱའོ་ཞེས་གསུངས་སོ། །དེ་ལྟར་ཐོས་པ་དང་ལྡན་པ་སེམས་སྦྱང་བའི་ཕྱིར་དགོན་པར་གནས་པར་བྱའོ། །དྲག་ཤུལ་ཅན་གྱིས་ཞུས་པ་ལས། བསམ་པ་ཕུན་སུམ་ཚོགས་པ་མ་ཡིན་པ་ལ་ཡང་ཁྱིམ་གནང་བ་ཇི་ལྟར་ཡིན་ཞེ་ན། འབད་པ་དང་ལྡན་མི་ནུས་པའི་ཕྱིར་རོ། །འོ་ན་གཞན་


DTG111_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཆུང་མ་ལ་ཡང་ལྟུང་བ་མེད་པར་འགྱུར་རོ། །དེ་ནི་མ་ཡིན་ཏེ། དེ་དག་ལ་མི་ནུས་སུ་ཟིན་ཀྱང་རང་བཞིན་གྱིས་སྐྱོན་དུ་འགྱུར་བའི་ཕྱིར་རོ། །ཁྱིམ་དུ་གནས་པ་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པའི་ཕྱིར་རོ། །བསླབ་པ་ཀུན་ལས་བཏུས་པ་ལས། བརྩོན་འགྲུས་ཀྱི་ལེའུ་སྟེ་བཅུ་པའོ།། །། དེ་ལྟར་ན་དྲག་ཤུལ་ཅན་གྱིས་ཞུས་པའི་ཚུལ་གྱིས་ཁྱིམ་གྱི་སྐྱོན་རྣམས་བསྒོམས་ཏེ་དགོན་པ་ལ་གནས་པར་བྱའོ་ཞེས་བྱ་བར་གནས་སོ། །ཇི་སྐད་དུ་ཟླ་བ་སྒྲོན་མའི་མདོ་ལས། །འདོད་པ་དག་ནི་རབ་ཏུ་སྟེན་བྱེད་ཅིང༌། །བུ་དང་ཆུང་མ་དག་ལ་སྲེད་བྱེད་ན། །སྨད་པར་བྱ་བའི་ཁྱིམ་ལ་བརྟེན་པ་དེ། །ནམ་ཡང་བླ་མེད་བྱང་ཆུབ་མཆོག་མི་འཐོབ། །གང་དག་འདོད་པ་ལྕི་སྐམ་མེ་བཞིན་སྤོང༌། །བུ་དང་ཆུང་མ་དག་ལ་སྲེད་སྤངས་ནས། །ཁྱིམ་གྱིས་སྐྲག་སྟེ་ཁྱིམ་ནས་མངོན་བྱུང་བ། །དེ་དག་བྱང་ཆུབ་མཆོག་འདི་རྙེད་མི་དཀའ། །གང་དག་ཁྱིམ་ན་གནས་པར་བྱེད་བཞིན་དུ། །བྱང་ཆུབ་དམ་པ་མཆོག་འདི་འཐོབ་པ་ཡི། །སངས་རྒྱས་གང་དག་སྔོན་ཆད་མ་བྱུང་སྟེ། །མ་འོངས་པ་ནའང་མི་འབྱུང་གནས་པ་མེད། །རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་སྤངས་ནས། །དབེན་པ་འདོད་དེས་དགོན་པར་གནས་བྱེད་པ། །ཉོན་མོངས་སྤངས་ནས་བདུད་ནི་བཅོམ་ནས་སུ། །བྱང་ཆུབ་རྡུལ་མེད་འདུས་མ་བྱས་འཚང་རྒྱ། །དེ་བཞིན་དུ་སྦྱར་ཏེ། རབ་ཏུ་བྱུང་ནས་ཆོས་སྤྱོད་ཅི་འདྲ་བ། །ཟས་དང་སྐོམ་དང་དེ་བཞིན་གོས་རྣམས་དང༌། །མེ་ཏོག་སྤོས་དང་ཕྲེང་བ་རྣམས་ཀྱིས་ནི། །ཁྱུ་མཆོག་རྣམས་ལ་བསྙེན་བཀུར་བྱས་མི་འགྱུར། །གང་ཞིག་བྱང་ཆུབ་རབ་ཏུ་འདོད་བྱེད་ཅིང༌། །འདུས་བྱས་ངན་ལས་ཡིད་བྱུང་སེམས་ཅན་གྱི། །དོན་དུ་དགོན་པར་ཕྱོགས་ཏེ་གོམ་བདུན་བོར། །འདི་ནི་དེ་བས་བསོད་ནམས་ཁྱད་པར་འཕགས། །ཞེས་གསུངས་སོ། །གལ་ཏེ་སྐལ་བ་མི་འདྲ་བའི་སེམས་ཅན་ལ་རྗེས་སུ་ཆགས་པ་དང་འཁོར་འདོད་པ་དང་རྙེད་པ་ལ་སོགས་པ་འདོད་པས་དབེན་པའི་ཕྱོགས་ན་སྡོད་ན། དེའི་ཕྱིར་འདི་ལས་གསུངས་བ། འདི་དག་བདག་ལ་གནོད་སེམས་ལྡན་པ་ཞེས། །མཁས་པས་བྱིས་པ་རྣམས་དང་རྩོད་མི་བྱེད། །བསྟི་སྟང་བྱས་ཏེ་བྱིས་པ་ཡོངས་སུ་སྤོང༌། །བྱིས་པའི་ཆོས་ལ་འདྲིས་པར་ཡོངས་མི་བྱེད། །བྱིས་པ་ཇི་སྲིད་ཡུན་རིངས་ལེགས་བསྟེན་ཀྱང༌། །དེ་དག་ཕྱིར་ཞིང་མི་མཛའ་འགྲས་འགྱུར་ཞེས། །བྱིས་པའི་ངོ་


DTG111_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཉིད་ཀྱི་རྒྱུས་ཤེས་ནས། །མཁས་པ་བྱིས་པ་དག་དང་སྟེན་མི་བྱེད། །བྱིས་པ་རང་བཞིན་ངོ་བོ་ཐ་དད་དེ། །སོ་སོའི་སྐྱེ་བོ་རྣམས་ལ་མཛའ་མེད་ཅེས། །བྱིས་པ་རྣམས་ཀྱི་ངོ་བོ་ཉིད་ཤེས་ནས། །མཁས་པ་འདིར་བྱིས་པ་རྣམས་ལ་ཡིད་མི་རྟོན། །ཆོས་དང་མཐུན་པའི་ཚིག་གིས་སྨྲས་གྱུར་ཀྱང༌། །ཁྲོ་དང་ཞེ་སྡང་ཡིད་མི་ཆེས་བ་དག །རབ་ཏུ་སྨྲ་སྟེ་འདི་ནི་བྱིས་པའི་ཆོས། །དོན་དེ་རྣམ་པར་ཤེས་ནས་ཡིད་མི་རྟོན། །བྱིས་པ་རྣམས་ནི་བྱིས་པ་དག་དང་མཚུངས། །དཔེར་ན་ངན་སྐྱུགས་དང་ནི་ངན་སྐྱུགས་བཞིན། །མཁས་པ་རྣམས་ནི་མཁས་པ་དང་ལྷན་ཅིག་སྟེ། །མར་དང་མར་གྱི་ཉིད་ཁུར་མཚུངས་པ་བཞིན། །ཞེས་བྱའོ། །དེ་སྐད་དུ་ཡང་དེ་ཉིད་ལས། །གང་དག་དགའ་དང་མི་དགའ་ཅུང་ཟད་མེད། །དེ་དག་མི་ཡི་འཇིག་རྟེན་རྟག་རབ་བདེ། །གང་དག་ནགས་དང་རི་སུལ་ལ་དགའ་བ། །དགེ་སྦྱོང་ཉིད་ཀྱི་རབ་བདེ་མྱོང་བར་འགྱུར། །གང་དག་བདག་གིར་བྱེད་པ་ཅི་ཡང་མེད། །གང་དག་ཡོངས་འཛིན་རྣམ་པ་ཀུན་ཏུ་མེད། །བསེ་རུ་ལྟ་བུར་འཇིག་རྟེན་འདིར་གནས་པ། །དེ་དག་ནམ་མཁའ་ལ་ནི་རླུང་ལྟར་འགྲོ། །གང་དག་འཇིག་རྟེན་ལ་ནི་ཡིད་མི་ཆགས། །དེ་དག་མི་ཡི་འཇིག་རྟེན་རབ་ཏུ་བདེ། །དགའ་དང་མི་དགའ་ལ་ནི་ཆགས་མེད་པ། །དེ་དག་འདི་ན་རྟག་ཏུ་སེམས་རླུང་འདྲ། །གང་དག་མི་སྡུག་དེ་ཕྲད་སྡུག་བསྔལ་ཏེ། །གང་དག་སྡུག་དེ་དང་བྲལ་སྡུག་བསྔལ་ཡིན། །མཐའ་དེ་གཉི་ག་རབ་ཏུ་སྤངས་ནས་སུ། །མི་གང་ཆོས་ལ་དགའ་བ་དེ་དག་བདེ། །ཞེས་གསུངས་སོ། །ཡང་དེ་ཉིད་ལས། ཉེས་པའི་ཚོགས་མང་ཐམས་ཅད་སྤངས་ནས་སུ། །རྣལ་འབྱོར་ཅན་ནི་རྟག་ཏུ་བྱེད་པ་ཉུང༌། །རྣལ་འབྱོར་ཅན་བརྩོན་ནམ་ཡང་རྩོད་པ་མེད། །དགོན་པར་གནས་པ་དེ་ཡི་ཡོན་ཏན་འདི། །དེ་ནི་རྟག་ཏུ་འདུས་བྱས་ཡིད་འབྱུང་འགྱུར། །དེ་ནི་འཇིག་རྟེན་ཅི་ལའང་འདོད་པ་མེད། །ཟག་པ་དག་ནི་རྣམ་པར་འཕེལ་མི་འགྱུར། །ནགས་ན་གནས་པ་འདི་ཡི་ཡོན་ཏན་འདི། །དེ་ནི་ནམ་ཡང་རྩོད་པར་མི་འགྱུར་ཏེ།། རྟག་ཏུ་ཞི་ཞིང་དགའ་ལ་དབེན་པར་རྒྱུ། །ལུས་དང་ངག་དང་ཡིད་ཀྱང་རབ་བསྡམ་འགྱུར། །དགོན་པར་གནས་པ་འདི་ལ་ཡོན་ཏན་མང༌། །དེ་ནི་ཐར་པའི་རྗེས་སུ་མཐུན་པ་ཡིན། །དེ་ནི་རྣམ་འགྲོལ་ཞི་བ་མྱུར་རྟོགས་བྱེད། །ནགས་ན་གནས་ཤིང་རྣམ་འགྲོལ་སྟེན་བྱེད་ན། །དགོན་གནས་དེ་ལ་ཡོན་ཏན་འདི་ཀུན་


DTG111_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང། །ཞེས་གསུངས་སོ། །ཡང་དེ་ཉིད་ལས། གྲོང་དང་གྲོང་ཁྱེར་དག་ལ་དགའ་སྤངས་ལ། །རྟག་ཏུ་དབེན་ཞིང་ནགས་ཁྲོད་བསྟེན་པར་གྱིས། །བསེ་རུ་ལྟ་བུར་རྟག་ཏུ་གཉིས་མེད་བྱོས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་ཐོབ་འགྱུར། །ཞེས་གསུངས་སོ། །འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས་ཀྱང༌། །སྐྱོན་གྱིས་གཟིངས་པ་མཐའ་ཡས་ལྡན་པའི་ཁྱིམ་སྤངས་རྟག་ཏུ་ནོར་མི་ལྟ། །དེས་ཤིང་ཡོན་ཏན་ལྡན་པ་དེ་དག་དགོན་པར་དགའ་ཞིང་དབང་པོ་དུལ། །དེ་དག་གང་དུའང་བུད་མེད་རྣམས་དང་སྐྱེས་པ་དག་དང་འདྲིས་མི་བྱེད། །བསེ་ལྟར་གཅིག་པུར་གནས་ཤིང་བསམ་པ་དྲི་མེད་དག་ལ་དྲི་མ་བྲལ། །དེ་དག་ཐོབ་པ་རྣམས་ཀྱིས་དགའ་བར་མི་འགྱུར་མ་ཐོབ་ཡིད་ཞུམ་མེད། །འདོད་པ་ཆུང་སྟེ་ངན་ངོན་ཙམ་ལ་དགའ་ཞིང་སྒྱུ་དང་ཚུལ་འཆོས་སྤོངས། །སེམས་ཅན་དོན་ཕྱིར་བརྩོན་འགྲུས་ཡིད་ལྡན་སྦྱིན་དང་དུལ་བ་ལ་ཡང་གནས། །སངས་རྒྱས་ཡེ་ཤེས་དོན་གཉེར་བསམ་གཏན་བརྩོན་འགྲུས་ཡོན་ཏན་ཕ་རོལ་ཕྱིན། །ལུས་དང་དེ་བཞིན་སྲོག་ལ་མི་ལྟ་སྡུག་པའི་རྩ་ལག་རྣམ་སྤངས་ཏེ། །བསམ་པ་རྡོ་རྗེ་ལྟ་བུར་རབ་བརྟན་རྟག་ཏུ་བྱང་ཆུབ་ལམ་ལ་སྦྱོར། །ལུས་ནི་དུམ་བུ་དུམ་བུར་བཅད་ཀྱང་དེ་དག་སེམས་ལ་གཡོ་བ་མེད། །ཐམས་ཅད་མཁྱེན་ཉིད་རེ་བ་ཕྱིར་ཞིང་བརྩོན་འགྲུས་ཤིན་ཏུ་བརྟན་འདིར་རྩོམ། །ཞེས་གསུངས་སོ། །དྲག་ཤུལ་ཅན་གྱིས་ཞུས་པ་ལས་ཀྱང༌། བདག་ནི་སེམས་ཅན་དང་འདྲེ་བར་མི་བྱའོ། །བདག་གིས་སེམས་ཅན་གཅིག་གི་དགེ་བའི་རྩ་བ་བསྐྱེད་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་ཐོས་པ་དང་ལྡན་པ་དལ་བ་ཕུན་སུམ་ཚོགས་པ་འདི་རྙེད་ནས་རྙེད་པ་ལ་སོགས་པ་ལ་ཆགས་པའི་སེམས་མི་སྦྱོང་ན་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་ལ་སླུ་བ་གཅིག་པུར་འགྱུར་རོ། །འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང༌། །འོད་སྲུངས་འདི་ལྟ་སྟེ་དཔེར་ན་མི་ལ་ལ་ཞིག་རྒྱ་མཚོའི་ཆུ་ཆེན་པོས་ཁྱེར་ལ་ཆུས་སྐོམ་བཞིན་དུ་འཆི་བའི་དུས་བྱེད་པ་དེ་བཞིན་དུ་འོད་སྲུངས་འདི་ནི་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཆོས་མང་པོ་བླངས་ཏེ་ཀུན་ཆུབ་པར་བྱས་ཀྱང༌། འདོད་ཆགས་ལ་སྲེད་པ་མི་སེལ་ཞེ་སྡང་ལ་སྲིད་པ་མི་སེལ་གཏི་མུག་ལ་སྲིད་པ་མི་སེལ་བ་དེ་དག་ནི་ཆོས་ཀྱི་རྒྱ་མཚོ་ཆེན་པོས་ཁྱེར་ལ། ཉོན་མོངས་པའི་སྐོམ་པས་འཆི་བའི་དུས་བྱེད་པར་འགྱུར་ཏེ། ངན་འགྲོར་འགྲོ་བར་


DTG111_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ་ཞེས་གསུངས་སོ། །དེ་ལྟ་བས་ན་གདོན་མི་ཟ་བར་དགོན་པ་ལ་གནས་པར་བྱའོ། །གནས་དེ་ལྟ་བུ་དག་ནི་འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང༌། གནས་གང་དག་ན་བསོད་སྙོམས་བླང་བའི་སྤྱོད་ཡུལ་དང་ཧ་ཅང་ཡང་མི་རིང་ཧ་ཅང་ཡང་མི་ཉེ་བ་དང༌། གནས་གང་དག་ན་ཆུ་དང་ཞིང་རྙོག་པ་མེད་པ་གཙང་ཞིང་དྲི་མ་མེད་པ་ཚོགས་ཆུང་བ་ཡོད་པ་དང༌། གནས་གང་ན་ཤིང་ཕུན་སུམ་ཚོགས་པ་མེ་ཏོག་ཕུན་སུམ་ཚོགས་པ་འབྲས་བུ་ཕུན་སུམ་ཚོགས་པ་ལོ་མ་ཕུན་སུམ་ཚོགས་པ། གཅན་གཟན་ཁྲོ་བོ་མེད་པ་ཕུག་དང་ལྡན་པ་སྨན་གཤོང་དང་ལྡན་པ་ཐག་ཐུག་མེད་པ་འགྲོན་བདེ་བ་ཞིབ་གཉིས་སུ་མེད་པའི་གནས་དེ་འདྲ་བ་དག་ན་གནས་སོ། །དེ་གནས་དེ་དག་ན་གནས་ཤིང༌། གང་དེས་སྔོན་བླངས་པ་དང་སྔོན་ཐོས་པ་དེ་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཧ་ཅང་ཡང་མི་ཆེ་ཧ་ཅང་ཡང་མི་ཆུང་བ་དང༌། དབང་པོ་མི་རྒོད་ཅིང་ཕྱི་རོལ་དུ་མ་སོང་བའི་སེམས་དང་དད་པས་ཉེ་བར་འཚོ་ཞིང་ཚིག་ཉེ་བར་བཟུང་སྟེ། མཚན་མར་འཛིན་ཅིང་གཉིད་ཀྱིས་མ་ལོག་པར་ཁ་ཏོན་བྱེད་དོ། །གལ་ཏེ་དགེ་སློང་དགོན་པའི་དྲུང་དུ་རྒྱལ་པོའམ་བློན་པོའམ་དེ་མ་ཡིན་པ་གཞན་བྲམ་ཟེའམ་རྒྱལ་རིགས་སམ་གྲོང་པའམ་ཡུལ་གྱི་མི་དག་འོངས་ན། དེས་དེ་དག་ལ་གུས་པར་ལེགས་པར་འོངས་སོ་ཞེས་བརྗོད་པར་བྱ་སྟེ། དེས་རྒྱལ་པོ་ཆེན་པོ་ཇི་ལྟར་སྟན་བཏིང་བ་ལ་བཞུགས་ཤིག་ཅེས་དེ་སྐད་བྱས་ནས་གལ་ཏེ་འདུག་ན་གཉི་ག་ཡང་འདུག་པར་བྱའོ། །དེ་སྟེ་མི་འདུག་ན་ཡང་གཉི་ག་མི་འདུག་པར་བྱའོ། །གལ་ཏེ་དབང་པོ་རྒོད་པར་གྱུར་ན་རྒྱལ་པོ་ཆེན་པོ་གང་ཁྱོད་ཀྱིས་ས་ཕྱོགས་ན་དགེ་སློང་དང་བྲམ་ཟེ་རྣམས་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་མང་དུ་ཐོས་པ་དག་མི་རྒོད་དང་སྤྲེའུ་རྣམས་ཀྱིས་མ་གཙེས་པར་གནས་པ་དེ་ནི་རྙེད་པ་ལེགས་པར་རྙེད་དོ་ཞེས་བསྟན་པར་བྱའོ། །དེ་སྟེ་བརྟན་ཞིང་དུལ་བ་དབང་པོ་རབ་ཏུ་ཞི་བ་ཞིག་ཡིན་ཏེ་ཆོས་བསྟན་པར་རུང་ན་དེ་ལ་ཆོས་སྣ་ཚོགས་བསྟན་པར་བྱའོ། །དེ་སྟེ་ཆོས་སྣ་ཚོགས་བསྟན་པ་ལ་མི་དགའ་ན་དེ་ལ་སྐྱོ་བ་དང་མཐུན་པའི་ཆོས་བསྟན་པར་བྱའོ། །དེ་སྟེ་སྐྱོ་བ་དང་མཐུན་པའི་ཆོས་བསྟན་པ་ལ་ཡང་མི་དགའ་ན་དེ་ལ་དེ་བཞིན་གཤེགས་པའི་ཆེ་བ་རྒྱ་ཆེ་བ་དག་བསྟན་པར་བྱའོ། །བྲམ་ཟེ་དང་རྒྱལ་རིགས་དང་གྲོང་པ་དང་ཡུལ་གྱི་མི་དག་འོངས་ན་ཡང་


DTG111_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་རིགས་པར་བྱ་བ་དག་བྱའོ། །དེ་དེ་ལྟར་མང་དུ་ཐོས་པས་ཆོས་ཉན་པ་རྣམས་ཀྱི་སེམས་མགུ་བར་བྱེད་ནུས་པ་ཡིན་ཏེ། སེམས་ཅན་དེ་དག་ཀྱང་དེ་ལ་དགའ་བ་དང་དད་པ་དང་རངས་པ་འཐོབ་པར་འགྱུར་རོ་ཞེས་གསུངས་སོ།། །།བམ་པོ་དགུ་པ། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་ཀྱང༌། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ལ་གནས་པས་འདི་ལྟར་བདག་ཅིའི་ཕྱིར་དགོན་པ་ལ་གནས། དགོན་པ་ན་གནས་པ་འབའ་ཞིག་ནི་དགེ་སྦྱོང་མ་ཡིན་ཏེ། འདི་ན་མ་བྱང་བ་མ་སྦས་པ་མ་ཞི་བ་མ་དུལ་བ་མི་འགྲུས་པ་རབ་ཏུ་མི་བརྩོན་པ། འདི་ལྟ་སྟེ་རི་དགས་དང་སྤྲེའུ་དང་བྱ་མང་པོ་དང་ཆོམ་རྐུན་དང༌། གདོལ་པ་དག་ཀྱང་མང་དུ་གནས་ཏེ། དེ་དག་ཀྱང་དགེ་སྦྱོང་གི་ཡོན་ཏན་དང་ལྡན་པ་མ་ཡིན་པས། གང་གི་ཕྱིར་བདག་དགོན་པ་ལ་གནས་པ་འདི་ལྟ་སྟེ། དགེ་སྦྱོང་གི་དོན་དེ་ཡོངས་སུ་རྫོགས་པར་བྱའོ་སྙམ་དུ་བརྟག་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ན་གནས་པས་བདག་ཅིའི་ཕྱིར་དགོན་པར་འོངས་སྙམ་དུ་བརྟག་པར་བྱ་སྟེ་དེ་ཡང་འདི་ལྟར་བདག་ནི་འཇིགས་ཤིང་སྐྲག་པའི་ཕྱིར་དགོན་པར་འོངས་སོ། །ཅི་ཞིག་གིས་འཇིགས་ཤིང་སྐྲག་ཅེ་ན། འདུ་འཛིས་འཇིགས་ཤིང་སྐྲག་གོ །འགྲོགས་པས་འཇིགས་ཤིང་སྐྲག་གོ །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་འཇིགས་ཤིང་སྐྲག་གོ །ང་རྒྱལ་དང་རྒྱགས་པ་དང༌། འཆབ་པས་འཇིགས་ཤིང་སྐྲག་གོ །ཆགས་པ་དང་ཕྲག་དོག་དང་སེར་སྣས་འཇིགས་ཤིང་སྐྲག་གོ །གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱས་འཇིགས་ཤིང་སྐྲག་གོ །ཕུང་པོའི་བདུད་ཀྱིས་འཇིགས་ཤིང་སྐྲག་གོ །ཉོན་མོངས་པའི་བདུད་ཀྱིས་འཇིགས་ཤིང་སྐྲག་གོ །འཆི་བདག་གི་བདུད་ཀྱིས་འཇིགས་ཤིང་སྐྲག་གོ །ལྷའི་བུའི་བདུད་ཀྱིས་འཇིགས་ཤིང་སྐྲག་གོ །མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག་པས་འཇིགས་ཤིང་སྐྲག་གོ །སྡུག་བསྔལ་ལ་བདེ་བར་ཕྱིན་ཅི་ལོག་པས་འཇིགས་ཤིང་སྐྲག་གོ །བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་པས་འཇིགས་ཤིང་སྐྲག་གོ །མི་གཙང་བ་ལ་གཙང་བར་ཕྱིན་ཅི་ལོག་པས་འཇིགས་ཤིང་སྐྲག་གོ །སེམས་དང་ཡིད་དང་རྣམ་པར་ཤེས་པས་འཇིགས་ཤིང་སྐྲག་གོ །སྲེད་པས་འཇིགས་ཤིང་སྐྲག་གོ།


DTG111_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བས་འཇིགས་ཤིང་སྐྲག་གོ །སྒྲིབ་པ་དང་ཆོད་པ་དང་ཀུན་ནས་ལྡང་བས་འཇིགས་ཤིང་སྐྲག་གོ །འཇིག་ཚོགས་ལ་ལྟ་བས་འཇིགས་ཤིང་སྐྲག་གོ །བདག་ཏུ་འཛིན་པ་དང༌། བདག་གིར་འཛིན་པས་འཇིགས་ཤིང་སྐྲག་གོ །རྒོད་པས་འཇིགས་ཤིང་སྐག་གོ །འགྱོད་པ་དང་ཐེ་ཚོམ་གྱིས་འཇིགས་ཤིང་སྐྲག་གོ །སྡིག་པའི་གྲོགས་པོས་འཇིགས་ཤིང་སྐྲག་གོ །རྙེད་པ་དང་བཀུར་སྟིས་འཇིགས་ཤིང་སྐྲག་གོ །མི་དགེ་བའི་བཤེས་གཉེན་གྱིས་འཇིགས་ཤིང་སྐྲག་གོ །མ་མཐོང་བར་མཐོང་ངོ་སྙམ་དུ་འཛིན་པས་འཇིགས་ཤིང་སྐྲག་གོ །མ་ཐོས་པར་ཐོས་སོ་སྙམ་དུ་འཛིན་པས་འཇིགས་ཤིང་སྐྲག་གོ །མ་དྲན་པར་དྲན་ནོ་སྙམ་དུ་འཛིན་པས་འཇིགས་ཤིང་སྐྲག་གོ །བྱེ་བྲག་མ་ཕྱེད་པར་བྱེ་བྲག་ཕྱེད་དོ་སྙམ་དུ་འཛིན་པས་འཇིགས་ཤིང་སྐྲག་གོ །མི་ཤེས་པར་ཤེས་སོ་སྙམ་དུ་འཛིན་པས་འཇིགས་ཤིང་སྐྲག་གོ །དགེ་སྦྱོང་གི་དྲི་མས་འཇིགས་ཤིང་སྐྲག་གོ ། གཅིག་ལ་གཅིག་གནོད་པར་སེམས་པས་འཇིགས་ཤིང་སྐྲག་གོ །འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་ཀྱིས་འཇིགས་ཤིང་སྐྲག་གོ །སྲིད་པའི་འགྲོ་བ་ཐམས་ཅད་དུ་འཆི་འཕོ་དང་སྐྱེ་བས་འཇིགས་ཤིང་སྐྲག་གོ །སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་ཡི་དགས་ཀྱི་ཡུལ་དུ་འགྲོ་བས་འཇིགས་ཤིང་སྐྲག་གོ །མི་ཁོམ་པས་འཇིགས་ཤིང་སྐྲག་གོ །མདོར་ན་མི་དགེ་བའི་ཆོས་ཐམས་ཅད་ཡིད་ལ་བྱེད་པས་འཇིགས་ཤིང་སྐྲག་སྟེ། བདག་དེ་ལྟ་བུའི་འཇིགས་ཤིང་སྐྲག་པས་འཇིགས་ནས་དགོན་པར་འོངས་སོ། །དེ་བཞིན་དུ་སྦྱར་ཏེ། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་འཇིགས་ཤིང་སྐྲག་ནས། དགོན་པ་ལ་གནས་པས་འདི་ལ་གང་ཅུང་ཟད་འཇིགས་པ་སྐྱེ་བ་དེ་དག་ཐམས་ཅད་ནི་བདག་ཏུ་འཛིན་པ་ལས་སྐྱེས་སོ། །དེ་བཞིན་དུ་སྦྱར་ཏེ། བདག་ཏུ་མངོན་པར་ཆགས་པ་དང༌། བདག་ཏུ་ཡོངས་སུ་འཛིན་པ་དང༌། བདག་གི་གཞི་དང་བདག་ལ་སྲེད་པ་དང༌། བདག་ཏུ་འདུ་ཤེས་པ་དང༌། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་དང༌། བདག་ཏུ་ལྟ་བ་དང༌། བདག་གི་གནས་དང༌། བདག་ཏུ་ཡོངས་སུ་རྟོག་པ་དང༌། བདག་བསྲུང་བ་ལས་སྐྱེས་ཏེ། གལ་ཏེ་བདག་དགོན་པ་ལ་གནས་ལ་བདག་ཏུ་འཛིན་པ་ཡོངས་སུ་མ་སྤངས།


DTG111_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཏུ་མངོན་པར་ཆགས་པ་དང༌། བདག་ཏུ་ཡོངས་སུ་འཛིན་པ་དང༌། བདག་གི་གཞི་དང༌། བདག་ལ་སྲེད་པ་དང༌། བདག་ཏུ་འདུ་ཤེས་པ་དང༌། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་དང༌། བདག་ཏུ་ལྟ་བ་དང༌། བདག་གི་གནས་དང༌། བདག་ཏུ་ཡོངས་སུ་རྟོག་པ་དང༌། བདག་སྲུང་བ་ཡོངས་སུ་མ་སྤངས་ན་ནི། བདག་དགོན་པ་ལ་གནས་པ་དོན་མེད་པར་འགྱུར་རོ་སྙམ་དུ་སེམས་པར་བྱ་སྟེ། བདག་ཏུ་འདུ་ཤེས་པ་ལ་ནི་དགོན་པ་ལ་གནས་པ་དོན་མེད་དོ། །གཞན་དུ་འདུ་ཤེས་པ་ལ་ཡང་མེད་དོ། །དེ་བཞིན་དུ་སྦྱར་ཏེ། ཁྱིམ་བདག་དགོན་པ་ལ་གནས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་མི་བརྟེན་པར་པའོ། །ཆོས་ཐམས་ཅད་ལ་མི་འཛིན་པར་གནས་པའོ། །མཚན་མ་ཐམས་ཅད་ལ་མི་ཆགས་པར་གནས་པའོ། །དེ་བཞིན་དུ་སྦྱར་ཏེ། གཟུགས་ཐམས་ཅད་ལ་མི་བརྟེན་པར་གནས་པའོ། །སྒྲ་དང་དྲི་དང་རོ་དང་རེག་པ་ཐམས་ཅད་ལ་མི་བརྟེན་པར་གནས་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་དང་མི་འགལ་བར་གནས་པའོ། །སེམས་ཤིན་ཏུ་ཞི་བས་ཤིན་ཏུ་སྦྱངས་པར་གནས་པའོ། །འཇིགས་པ་ཐམས་ཅད་སྤངས་པས་མི་འཇིགས་པར་གནས་པའོ། །ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་གྲོལ་བས་ཆུ་བོ་ལས་རྒལ་བར་གནས་པའོ། །བརྟེན་པར་གནས་པའོ། །ངན་ངོན་གྱིས་ཆོག་ཤེས་པར་འཛིན་ཅིང་འདོད་པ་ཆུང་བས་འཕགས་པའི་རིགས་རྣམས་ལ་རབ་ཏུ་དགའ་བར་གནས་པའོ། །དགང་སླ་ཞིང་གསོ་སླ་བས་ཆོག་པར་འཛིན་པར་གནས་པའོ། །ཤེས་རབ་ཀྱི་ཕྱིར་ཚུལ་བཞིན་ལ་སྦྱོར་བས་ཐོས་པ་ལ་གནས་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ལ་སོ་སོར་རྟོག་པས་ཐར་པར་གནས་པའོ། །བཅིངས་པ་བཅད་པས་རྣམ་པར་གྲོལ་བར་གནས་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་དང་མཐུན་པས་མ་དུལ་བ་རྣམས་ཉེ་བར་ཞི་བར་གནས་པའོ། །ཤིན་ཏུ་རྣམ་པར་དག་པས་བྱ་བ་བྱས་པར་གནས་པའོ། །ཁྱིམ་བདག་འདི་ལྟ་སྟེ་དཔེར་ན། དགོན་པ་ལ་རྩྭ་དང་ཤིང་གེལ་བ་དང་ནགས་ཚལ་གནས་ཀྱང་འཇིགས་པ་མེད་ཅིང་མི་སྐྲག་སྐྲག་པར་མི་འགྱུར་རོ། །ཁྱིམ་བདག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ལ་གནས་པས་ཀྱང་ལུས་ལ་རྩྭ་དང་ཤིང་གེལ་པ་དང་སྨན་དང་རྩྭིག་པ་དང་ཤིང་དང་མིག་ཡོར་ལྟ་བུ་དང་སྒྱུ་


DTG111_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་མཚུངས་པའི་འདུ་ཤེས་བསྐྱེད་པར་བྱ་སྟེ། འདི་ལ་སུ་ཞིག་འཇིགས་པར་འགྱུར་འདི་ལ་སུ་ཞིག་སྐྲག་པར་འགྱུར་སྙམ་དུ་སེམས་བསྐྱེད་པར་བྱའོ། །དེས་འཇིགས་ཤིང་སྐྲག་པར་ལྟ་ན། འདི་ལྟར་ལུས་འདི་ལ་ནི་བདག་གམ་སེམས་ཅན་ནམ་སྲོག་གམ་སྐྱེ་བའམ་གསོ་བའམ་སྐྱེས་བུའམ་གང་ཟག་གམ་ཤེད་ལས་སྐྱེས་པའམ་ཤེད་བུ་མེད་དེ། འདི་ལྟར་འཇིགས་པ་ཞེས་བྱ་བ་འདི་ནི། ཡང་དག་པ་མ་ཡིན་པ་ཀུན་བརྟགས་པ་ཡིན་གྱི་བདག་གིས་ནི་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པ་དེ་ལ་བརྟག་པར་མི་བྱའོ་སྙམ་དུ་ལུས་ལ་ཚུལ་བཞིན་དུ་བརྟག་པར་བྱའོ། །དེས་ཇི་ལྟར་དགོན་པ་ལ་རྩྭ་དང་ཤིང་གེལ་བ་དང་སྨན་དང་ནགས་ཚལ་གནས་པ་རྣམས་ངའི་བ་མེད་པས་ཡོངས་སུ་འཛིན་པ་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ངའི་པ་མེད་པ་ཡོངས་སུ་འཛིན་པ་མེད་པས་ཆོས་ཐམས་ཅད་དགོན་པ་ཉིད་དོ་སྙམ་དུ་ཤེས་ནས་ཉེ་བར་བསྒྲུབས་ཏེ་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགོན་པ་ལ་གནས་པ་དེ་ནི་ཉོན་མོངས་པ་གཅོད་པ་སྟེ་ངའི་བ་མེད་པས་ཡོངས་སུ་འཛིན་པ་མེད་པའོ། །དེ་བཞིན་དུ་སྦྱར་ཏེ། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་སངས་རྒྱས་ཀྱིས་དགོན་པ་ལ་གནས་པར་བཀའ་སྩལ་པར་ཤེས་ནས་དགོན་པ་ལ་གནས་པར་བྱ་སྟེ། དེར་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དགེ་བའི་རྩ་བ་ཉེ་བར་བརྟན་ནས། ཕྱིས་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་ལྗོངས་དང་ཡུལ་དང་ཕོ་བྲང་འཁོར་དག་ཏུ་ཞུགས་ཏེ་ཆོས་བསྟན་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ། ཁྱིམ་བདག་གལ་ཏེ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ལུང་དང་ཁ་ཏོན་མནོད་པའི་ཕྱིར་ཚོགས་ཀྱི་ནང་དུ་འཇུག་ན་དེས་དེར་གུས་པ་དང་བཅས་པར་བྱ་སྟེ། སློབ་དཔོན་དང་མཁན་པོ་རྣམས་དང༌། གནས་བརྟན་དང་བར་མ་དང་དགེ་སྦྱོང་གསར་བུ་རྣམས་ལ་ཞེ་ས་དང་བཅས་པར་བྱའོ། །ཚུལ་མཁས་པར་བྱའོ། །སྙོམ་ལས་མེད་པར་རང་གིས་བྱ་བ་དང་གཞན་ལ་གདུང་བ་མེད་པར་བྱའོ། །དེས་བསྙེན་བཀུར་ལ་གདུ་བར་མི་བྱའོ། །དེས་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷ་དང་བཅས་པའི་འཇིག་རྟེན་དང༌། བདུད་དང་བཅས་པ་དང༌། ཚངས་པ་དང་བཅས་པ་དང༌། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་


DTG111_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་དང༌། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པས་མཆོད་པས། སྦྱིན་གནས་སུ་གྱུར་པ་དེ་ཡང་སེམས་ཅན་ཐམས་ཅད་ལ་གང་ལས་ཀྱང་རིམ་གྲོར་བྱ་བ་བདག་གིར་མི་མཛད་ན། བདག་ཅག་མ་བསླབས་པ་སློབ་དཔོན་འདོད་པ་རྣམས་ལྟ་ཅི་སྨོས་ཏེ། བདག་གིས་སེམས་ཅན་ཐམས་ཅད་ལ་བསྙེན་བཀུར་བྱའི། གང་ལས་ཀྱང་བསྙེན་བཀུར་བྱ་བ་བདག་གིར་མི་བྱའོ་སྙམ་དུ་བརྟག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁྱིམ་བདག་དགེ་སྦྱོང་བསྙེན་བཀུར་ལ་གདུ་བ་ནི་ཡོན་ཏན་གྱི་ཆོས་རྗེས་སུ་གཟུང་བ་ཆུད་གཟོན་པ་ཡིན་ཏེ། དེས་གང་དག་སྡུད་པ་དེ་དག་ཀྱང་འདི་སྙམ་དུ་སེམས་ཏེ། བདག་ཅག་ནི་བསྙེན་བཀུར་གྱི་ཕྱིར་སྡུད་ཀྱི་ཆོས་ཀྱི་ཕྱིར་ནི་མ་ཡིན་ནོ་སྙམ་མོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས། ཁྱིམ་བདག་གལ་ཏེ་བྱང་ཆུབ་སེམས་དཔའ་དགོན་པ་པ་ཆོས་ཉན་པར་འདོད་དམ། མཁན་པོ་དང་སློབ་དཔོན་ལ་ལྟ་བར་འདོད་ནས། ནད་འདྲི་བའི་ཕྱིར་གྲོང་གི་གནས་སུ་འོངས་ནས། དེས་དགོངས་སུ་སླར་ལྡོག་པར་བྱ་བའི་ཕྱིར་འགྲོ་བའི་སེམས་བསྐྱེད་པར་བྱའོ། །དེ་གལ་ཏེ་ལུང་མནོད་པ་དང་ཁ་ཏོན་བྱ་བ་གཞན་ལ་རག་ལས་ཏེ་གཙུག་ལག་ཁང་ན་གནས་ན་ཡང༌། དེས་དགོན་པ་ལ་གཞོལ་བའི་སེམས་ཀྱིས། གང་དངོས་པོ་ཐམས་ཅད་ལ་དགོན་པར་འདུ་ཤེས་པ་དང་ཆོས་ཚོལ་བས་མི་ངོམས་པ་དེ་ཉིད་དགོན་པ་ལ་གནས་པ་ཡིན་ནོ་སྙམ་དུ་བསམ་པར་བྱའོ་ཞེས་གསུངས་སོ། །འཕགས་པ་རིན་པོ་ཆེའི་ཕུང་པོའི་མདོ་ལས་ཀྱང༌། གལ་ཏེ་དགེ་སློང་དགོན་པ་པ་འབྲས་བུ་མ་ཐོབ་པ་སོ་སོའི་སྐྱེ་བོའི་དྲུང་དུ་སྡིག་སྦྲུལ་དང་གཅན་གཟན་གཏུམ་པོ་དག་འོངས་ན་དེས་དེ་ལ་འཇིགས་པ་དང་སྐྲག་པར་མི་བྱའི། དེས་འདི་སྙམ་དུ་བདག་ཐོག་མ་ཉིད་ནས་ལུས་དང་སྲོག་བོར་ཏེ་དགོན་པའི་གནས་སུ་འོངས་ཀྱང་འདི་ལ་བདག་གིས་འཇིགས་པར་མི་བྱ་སྐྲག་པར་མི་བྱའི། བྱམས་པའི་སེམས་བསྐྱེད་པར་བྱ་ཞེ་སྡང་རྣམ་པར་སྤང་པར་བྱ་འཇིགས་པ་སྤང་བར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །གལ་ཏེ་དེ་ལྟར་བྱས་ནས་སྦྲུལ་དང་གཅན་གཟན་དེ་དག་གིས་སྲོག་གཅོད་ཅིང་ཟ་ན་ཡང་དེས་འདི་སྙམ་དུ་གཅན་གཟན་འདི་དག་ལ་བདག་གིས་ཟང་ཟིང་ཙམ་གྱིས་ཚིམ་པར་བྱེད་མི་ནུས་ཀྱི། དེ་དག་གིས་བདག་གི་ཤ་ཟོས་ནས་བདེ་བ་ལ་རེག་པར་གནས་པར་འགྱུར་ལ། བདག་གིས་ཀྱང་སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླངས་པར་འགྱུར་བ་ནི་བདག་གིས་རྙེད་པ་


DTG111_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་རྙེད་དོ། །དེ་བཞིན་དུ་སྦྱར་ཏེ། གལ་ཏེ་དགོན་པའི་གནས་དེ་ན་གནས་པ་ན་མི་མ་ཡིན་པ་འོངས་ན་མདོག་སྡུག་ཀྱང་རུང་མི་སྡུག་ཀྱང་རུང༌། དེ་ལ་ཆགས་པར་མི་བྱ་ཁོང་ཁྲོ་བར་མི་བྱའོ། །གལ་ཏེ་སྔོན་སངས་རྒྱས་མཐོང་བའི་ལྷ་དག་དགེ་སློང་དགོན་པ་པའི་གན་དུ་འོངས་ཏེ་དྲི་བ་ཡོངས་སུ་འདྲི་ན། དེ་ལ་དགེ་སློང་དགོན་པ་པ་དེས་ཇི་ལྟར་ཐོས་པ་བཞིན་དུ་ལྷ་དེ་དག་ལ་ཆོས་བཤད་པར་བྱའོ། །ཅི་སྟེ་ལྷ་དེ་དག་ཟབ་མོའི་དྲི་བ་ཡོངས་སུ་དྲིས་ཏེ་དགེ་སློང་དགོན་པ་དེས་ལན་མི་ཐེབས་པ་ལྟ་ན། དེས་ང་རྒྱལ་མེད་པར་བྱས་ལ་འདི་སྐད་ཅེས་མ་བསླབས་པ་ལ་བརྙས་པར་མི་བྱ་སྟེ་སངས་རྒྱས་ཀྱི་བསྟན་པ་ལ་ལུང་མནོས་ནས་འབད་དེ་ཁོང་དུ་མ་ཆུད་པའི་ཆོས་རྣམས་ཁོང་དུ་ཆུད་པར་གྱུར་པ་དེའི་ཚེ་དེའི་དུས་ན་དྲིས་པ་ཐམས་ཅད་ཀྱི་ལན་གདབ་པར་བྱའོ། །བདག་ནི་ཆོས་ཉན་པ་ཡིན་གྱི་ཁྱེད་སྤོབས་པར་གྱིས་ཤིག་ཅེས་བརྗོད་པར་བྱ་སྟེ། འོད་སྲུངས་དགེ་སློང་དགོན་པ་པ་དེ་ལྟར་ལྷ་དེ་དག་ལ་གོ་བར་བྱའོ། །དེ་བཞིན་དུ་སྦྱར་ཏེ། དགོན་པའི་གནས་དེ་ན་གནས་པ་དེས་རྩྭ་དང་ཤིང་གེལ་བ་དང་སྨན་དང་ནགས་ཚལ་དེ་དག་ཇི་ལྟར་འབྱུང་བ་དད་ཇི་ལྟར་འཇིགས་པར་འགྱུར་བ་དང༌། ཇི་ལྟར་ཕྱི་རོལ་གྱི་དངོས་པོ་འདི་དག་བདག་པོ་མེད་པ། གཡོ་བ་མེད་པ། བྱེད་པ་མེད་པ། རྒྱུ་དང་རྐྱེན་ཚོགས་པ་ལས་འབྱུང་གི །རྒྱུ་དང་རྐྱེན་མ་ཚང་ན་མི་འབྱུང་བ་སྟེ། འདི་ལ་དོན་དམ་པར་སྐྱེ་བ་དང་འགག་པའི་ཆོས་གང་ཡང་མེད་དོ་སྙམ་དུ་མཚན་མར་གཟུང་བར་བྱའོ་ཞེས་གསུངས་སོ། །ཡང་གསུངས་པ། དགོན་པའི་གནས་དེ་ན་གནས་པ་ན་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། འདི་ལྟར་བདག་ནི་ལམ་རིང་པོ་ནས་འདིར་འོངས་ལ་གཅིག་པུ་གཉིས་སུ་མེད་པ་སྟེ། ལེགས་པར་བྱས་པའམ་ཉེས་པར་བྱས་པ་བསྐུལ་བའི་གྲོགས་ནི་གང་ཡང་མེད་ཀྱི། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་སངས་རྒྱས་བཅོམ་ལྡན་འདས་གང་བདག་གི་སེམས་ཀྱི་བསམ་པ་ཤེས་པ་དག་ཡོད་དེ། བདག་དགོན་པའི་གནས་ན་གནས་ལ་མི་དགེ་བའི་སེམས་ཀྱི་དབང་དུ་སོང་ན་དེ་དག་དབང་དུ་འགྱུར་རོ། །བདག་ལམ་རིང་པོ་ནས་འོངས་ཤིང་གཅིག་པུ་གཉིས་སུ་མེད་དེ། རྟེན་པ་མེད་བདག་གི་མེད་ཡོངས་སུ་འཛིན་པ་མེད་ལ། གལ་ཏེ་འདོད་པ་ལ་རྣམ་པར་རྟོག་པས་རྣམ་པར་རྟོག །གནོད་སེམས་ཀྱི་རྣམ་པར་རྟོག་པས་རྣམ་པར་རྟོག །


DTG111_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

འཚེ་བའི་རྣམ་པར་རྟོག་པས་རྣམ་པར་རྟོག་གམ། མི་དགེ་བ་གཞན་ལ་རྣམ་པར་རྟོག་པས་རྣམ་པར་རྟོག་པར་གྱུར་ན། གང་འདུ་འཛི་དང་འདུ་བ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་དང་བྱེ་བྲག་མེད་པར་འགྱུར་ཏེ། བདག་གིས་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་རྣམས་ལ་བསླུས་པར་འགྱུར་ཞིང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་མི་མཉེས་པར་བྱས་པར་འགྱུར་གྱིས། ཅི་ནས་ཀྱང་བདག་ལ་ལྷ་རྣམས་འཕྱ་བར་མི་འགྱུར་བ་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་དགྱེས་པར་འགྱུར་བ་དེ་ལྟར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ་ཞེས་གསུངས་སོ། །བསླབ་པ་ཀུན་ལས་བཏུས་པ་ལས། དགོན་པར་གནས་པར་བརྗོད་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ལྟར་དགོན་པ་ལ་གནས་ནས་མཉམ་པར་གཞག་པ་ལ་སྦྱར་བར་བྱ་སྟེ། བཅོམ་ལྡན་འདས་མ་ལས། དེས་སེམས་ཅན་དེ་དག་གི་དོན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་སེམས་གཡེང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་འདི་སྙམ་དུ་སེམས་གཡེང་བ་ལ་ནི་འཇིག་རྟེན་པའི་བསམ་གཏན་བསྐྱེད་པའང་དཀོན་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་ཅི་སྨོས། དེ་ལྟ་བས་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་སེམས་མི་གཡེང་བར་བྱའོ་སྙམ་དུ་སེམས་སོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས། རབ་འབྱོར་གཞན་ཡང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་བསམ་གཏན་ལ་སྙོམས་པར་འཇུག་སྟེ། དེ་མིག་གིས་གཟུགས་རྣམས་མཐོང་ཡང་མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པ་ཡིན་ནོ། །གང་གི་ཕྱིར་མིག་གི་དབང་པོ་སྡོམ་པས་མ་བསྡམས་པར་གནས་ཏེ། བརྣབ་སེམས་དང་ཡིད་མི་བདེ་བ་དང་སྡིག་པ་མི་དགེ་བའི་ཆོས་གཞན་ལ་ཡང་སེམས་རྗེས་སུ་འཇུག་པ་དེ་དག་སྡོམ་པར་བྱེད་མིག་གི་དབང་པོ་སྲུང་བར་བྱེད་དོ། །དེ་བཞིན་དུ་རྣ་བས་སྒྲ་ཐོས་པ་དང༌། སྣས་དྲི་ཚོར་བ་དང༌། ལྕེས་རོ་མྱང་བ་དང༌། ལུས་ཀྱིས་རེག་བྱ་ལ་རེག་པ་དང༌། ཡིད་ཀྱིས་ཆོས་རྣམ་པར་རིག་པ་ན་མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པ་ཡིན་ནོ། །གང་གི་ཕྱིར་


DTG111_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱི་དབང་པོ་སྡོམ་པས་མ་བསྡམས་ཏེ་སྡིག་པ་མི་དགེ་བའི་ཆོས་རྣམས་ལ་རྗེས་སུ་འཇུག་པ་དེ་དག་སྡོམ་པར་བྱེད་ཡིད་ཀྱི་དབང་པོ་སྲུང་བར་བྱེད་དོ། །དེ་འགྲོའམ་འགྲེང་ངམ་འདུག་གམ་ཉལ་ལམ་སྨྲའམ་མི་སྨྲ་ཡང་རུང་སྟེ། མཉམ་པར་གཞག་པར་གནས་པ་དང་ཞི་བར་གནས་པ་མི་འདོར་རོ། །དེ་ལག་པ་མི་རྒོད་པ་དང༌། རྐང་པ་མི་རྒོད་པ་དང༌། མུ་ཅོར་མི་སྨྲ་བ་དང༌། ཚིག་འཆལ་བ་མེད་པ་དང༌། དབང་པོ་མི་གཡེང་བ་དང༌། མི་རྒོད་པ་དང༌། ཡབ་ཡབ་པོ་མ་ཡིན་པ་དང༌། གཟུ་སེམས་ཅན་མ་ཡིན་པ་དང༌། ལུས་འཁྲུལ་པ་མེད་པ་དང༌། སེམས་འཁྲུལ་པ་མེད་པ་དང༌། ལུས་ཞི་བ་དང༌། ངག་ཞི་བ་དང༌། སེམས་ཞི་བ་དང༌། དབེན་ཡང་རུང་མི་དབེན་ཡང་རུང་སྟེ་སྤྱོད་ལམ་བཅོས་པ་མེད་པ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། ཆོག་ཤེས་པ་དང༌། གསོ་སླ་བ་དང༌། དགང་སླ་བ་དང༌། འགྲོགས་ན་བདེ་བ་དང༌། ཆོ་ག་དང་སྤྱོད་ཡུལ་བདེ་བ་དང༌། འདུ་འཛིའི་ནང་ན་ཡང་སྤྱོད་ཡུལ་དབེན་པ་དང༌། རྙེད་པ་དང་མ་རྙེད་པ་ལ་ཡང་མཉམ་ཞིང་འགྱུར་བ་མེད་པ་ཡིན། ཁེངས་པ་མེད་ཅིང་འདུད་པ་དང༌། དེ་བཞིན་དུ་བདེ་བ་དང་སྡུག་བསྔལ་བ་དང༌། བསྟོད་པ་དང་སྨད་པ་དང༌། སྙན་པ་དང་མི་སྙན་པ་དང༌། འཚོ་བ་དང་འཆི་བ་ཡང་མཉམ་ཞིང་འགྱུར་བ་མེད་པ་ཡིན། ཁེངས་པ་མེད་ཅིང་འདུད་པ་དང། དེ་བཞིན་དུ་དགྲ་དང་མཛའ་བོ་དང༌། ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་དང༌། འཕགས་པ་དང་འཕགས་པ་མ་ཡིན་པ་དང༌། སྒྲ་དང་གཟུགས་སྡུག་པ་དང་མི་སྡུག་པ་རྣམས་ལ་ཡང་མཉམ་ཞིང་འགྱུར་བ་མེད་པ་ཡིན། ཁེངས་པ་མེད་ཅིང་འདུད་པ་ཡིན། རྗེས་སུ་ཆགས་པ་དང་མི་མཐུན་པ་དང་བྲལ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་ཞིང་བྱུང་བ་མེད་པ་དང་རྫོགས་པ་མེད་པ་དང༌། མངོན་དུ་གྲུབ་པ་མེད་པར་མཐོང་བའི་ཕྱིར་རོ་ཞེས་རྒྱ་ཆེར་གསུངས་སོ། །དེ་ལ་ཡིད་ཞུམ་ན་དགའ་བ་བསྒོམ་པས་གཟེངས་བསྟོད་པར་བྱའོ། །རྒོད་པར་གྱུར་ན་མི་རྟག་པ་ཡིད་ལ་བྱ་བས་རབ་ཏུ་ཞི་བར་བྱའོ། །གཉི་གའི་གཉེན་པོའི་དོན་དུ་ནི། འཕགས་པ་ཡུལ་འཁོར་སྐྱོང་གིས་བརྗོད་པའི་ཚིགས་སུ་བཅད་པ་དྲན་པར་བྱ་སྟེ། སངས་རྒྱས་འཇིག་རྟེན་ཕན་པ་དྲང་སྲོང་ཆེ། །བསྐལ་པ་བྱེ་མང་བརྒྱ་ལམ་འབྱུང་བར་འགྱུར། །ད་ལྟ་དལ་བ་དམ་པ་རྙེད་པ་ལ། །གལ་ཏེ་


DTG111_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་འདོད་བག་མེད་སྤོང་བར་གྱིས། །ཞེས་གསུངས་སོ། །དེ་བཞིན་དུ། འདི་ནི་སྒྱུ་མ་ལྟ་བུར་བདེན་པ་མིན། །འདུས་བྱས་རྨི་ལམ་མཚུངས་པར་བརྟགས་ནས་ནི། །འདི་ནི་རྟག་ཏུ་སྡུག་པ་ཐམས་ཅད་དང༌། །མྱུར་དུ་འབྲལ་བར་མི་འགྱུར་གང་ཡང་མེད། །ཕ་རོལ་ཕྱིན་དང་སྟོབས་རྣམས་ལ། །རྟག་ཏུ་བརྩོན་བར་གྱིས་ལ་འབད་པར་གྱིས། །རྡུལ་མེད་བྱང་ཆུབ་སངས་རྒྱས་མ་གྱུར་པར། །བརྩོན་འགྲུས་ནམས་ཀྱང་ཉམས་པར་གྱུར་ཏ་རེ། །ཞེས་གསུངས་སོ། །འཕགས་པ་རྒྱ་ཆེར་རོལ་པའི་མདོ་ལས་ཀྱང༌། སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ནི་འཆི་མེད་རབ་འབར་མགོན་མེད་པ། །སྲིད་ལས་འབྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །སྲིད་གསུམ་མི་བརྟན་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ། །སྲིད་སྲེད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་གནས་ངན་སོང་ལམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཕང་ལོ་འཁོར་བ་བཞིན། །རྟག་ཏུ་གཟུགས་སྡུག་མཆོག་དང་སྒྲ་སྙན་དང༌། །དྲི་ཞིས་རོ་མཆོག་རེག་པ་བདེ་བྱེད་པ། །དུས་ངན་རྙིལ་འགྲོ་བ་འདི་དག་ཐོགས། །དཔེར་ན་རྔོན་པའི་རྙི་ལ་སྤྲེའུ་ཐོགས་བཞིན། །འདོད་པའི་ཡོན་ཏན་མྱ་ངན་གནོད་པ་མང༌། །འཇིགས་བཅས་རྟག་ཏུ་དགྲ་བྱེད་ཉོན་མོངས་བཅས། །རལ་གྲིའི་ས་འདྲ་དུག་སྡོང་ལོ་མ་མཚུངས། །ངན་སྐྱགས་སྣོད་ལྟར་འཕགས་པའི་སྐྱེ་བོས་སྤངས། །འདོད་པའི་ཡོན་ཏན་འཇིགས་བཅས་ཉོན་མོངས་བཅས། །རྟག་ཏུ་དྲན་པ་བརྗེད་བྱེད་མུན་པ་བྱེད། །རྟག་ཏུ་འཇིགས་པའི་རྒྱུ་བྱེད་སྡུག་བསྔལ་རྩ། །སྲིད་པའི་སྲེད་པའི་འཁྲི་ཤིང་འཕེལ་བར་བྱེད། །ཇི་ལྟར་མེ་འབར་འོབས་ནས་འཇིགས་བཅས་པ། །དེ་ལྟར་འདོད་འདི་འཕགས་པའི་སྐྱེ་བོས་རིག །འདམ་རྫབ་ཆེ་འདྲ་རལ་གྲི་གཤེགས་གནས་འདྲ། །རལ་གྲིའི་སོ་ལ་སྦྲང་རྩིས་བསྐུས་དང་མཚུངས། །ཇི་ལྟར་སྦྲུལ་གྱི་མགོ་དང་ངན་སྐྱུགས་སྣོད། །དེ་ལྟར་འདོད་འདི་མཁས་པ་རྣམས་ཀྱིས་རིག །བྱ་ཤ་ཁམ་བུ་འདྲ་ཞིང་གསལ་ཤིང་འདྲ། །རོལ་ཁྱི་ལྟར་དགྲ་དང་བཅས་པ་ཡིས། །འདོད་པའི་ཡོན་ཏན་འདི་དག་ཆུ་ཟླ་འདྲ། །གཟུགས་བརྙན་མཚུངས་ཤིང་བྲག་ཅ་འདྲ་བ་དང༌།།


DTG111_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ཡོར་འདྲ་ཞིང་གར་ལ་ལྟ་འདྲ་དང༌། །རྨི་ལམ་མཉམ་པར་འཕགས་པའི་སྐྱོ་བོས་རིག །འདོད་པའི་ཡོན་ཏན་སྐད་ཅིག་ཡ་མ་བརླ། །སྒྱུ་མ་སྨིག་རྒྱུ་འདྲ་ཞིང་བརྫུན་པ་ཅན། །ཆུ་བུར་དབུ་བ་ལྟ་བུར་ཡང་དག་མིན། །ཡོངས་སུ་བརྟགས་ལས་བྱུང་བར་མཁས་པས་རྟོགས། །ན་ཚོད་ཐོག་མར་གཟུགས་མཆོག་འཛིན་པའི་ཚེ། །ཕངས་ཤིང་སྡུག་འདོད་འདི་ནི་བྱིས་པའི་སྤྱོད། །རྒན་སྡུག་བསྔལ་གཟི་བརྗིད་ལུས་བཅོམ་ནས། །རྣམ་པར་སྤངས་ཏེ་རི་དགས་ཀླུང་སྐམ་བཞིན། །ནོར་འབྲུ་དམ་པ་རྫས་མང་སྟོབས་ལྡན་ཚེ། །ཕངས་ཤིང་སྡུག་འདོད་འདི་ནི་བྱིས་པའི་སྤྱོད། །ནོར་ཉམས་སྡུག་བསྔལ་བར་ནི་གྱུར་པའི་ཚེ། །རྣམ་པར་སྤངས་ཏེ་མི་ཡིས་འཕྲོག་སྟོང་བཞིན། །ཇི་ལྟར་མེ་ཏོག་ཤིང་དང་འབྲས་བཅས་ཤིང༌། །དེ་ལྟར་སྦྱིན་འདོད་མི་ལ་དགའ་བར་བྱེད། །ནོར་ཉམས་རྒ་བས་ཉེན་ཅིང་སྤོང་བྱེད་པ། །དེ་དག་དགའ་བར་མི་འགྱུར་བྱ་རྒོད་བཞིན། །རྫས་ལྡན་གཟུགས་མཆོག་ལྡན་ཚེ་དཔོན་པོ་བཞིན། །ཕྲད་ན་སྡུག་ཅིང་དབང་པོ་དགའ་བར་བྱེད། །རྒན་སྡུག་བསྔལ་ཉེན་ཅིང་ནོར་ཟད་པ། །དེ་ཚེ་འདོད་པར་མི་འགྱུར་འཆི་བདག་བཞིན། །རྒ་བས་རྒ་བྱས་ན་ཚོད་ཡལ་གྱུར་ན། །སྡོང་པོ་གནམ་ལྕགས་ཀྱི་ནི་བཅོམ་པ་བཞིན། །རྒ་བས་འཁོགས་ན་འཇིགས་བཅས་ཁང་རུལ་འདྲ། །རྒ་ལས་འབྱུང་བ་ཐུབ་པ་མྱུར་དུ་སྨྲོས། །བུད་མེད་སྐྱེས་པའི་ཚོགས་རྣམས་རྒ་བས་སྐྱེམས། །འཁྲི་ཤིང་སཱ་ལའི་ནགས་ལ་རླུང་དམར་བཞིན། །རྒ་བས་བརྩོན་འགྲུས་རྩལ་དང་ཤུགས་འཕྲོག་སྟེ། །དཔེར་ན་སྐྱེས་བུ་འདམ་དུ་བྱིང་བ་བཞིན། །རྒ་བས་གཟུགས་སྡུག་གཟུགས་ནི་མི་སྡུག་བྱེད། །རྒ་བས་གཟི་བརྗིད་འཕྲོག་ཅིང་མཐུ་སྟོབས་འཕྲོག །རྒ་བས་བདེ་བ་འཕྲོག་ཅིང་བརྙས་པར་བྱེད། །རྒ་བས་འཆི་བྱེད་རྒ་བས་མདངས་ཀྱང་འཕྲོག །ནད་བརྒྱ་མང་དང་ནད་འཐིབས་སྡུག་བསྔལ་གྱིས། །འགྲོ་བ་གཅེས་ཏེ་མི་ཡིས་རི་དགས་བཞིན། །རྒ་དང་ན་བས་བཅོམ་པའི་འགྲོ་ལྟོས་ལ། །སྡུག་བསྔལ་གྱིས་ནི་འབྱུང་བ་མྱུར་ཤོད་ཅིག །དཔེར་ན་དགུན་སྨད་རླུང་དང་ཁ་བ་ཆེ། །རྩི་ཤིང་གེལ་པ་ནགས་སྨན་མདངས་ཀྱང་འཕྲོག །དེ་ལྟར་ནད་འདི་འགྲོ་བའི་མདངས་འཕྲོག་ཅིང༌། །དབང་པོ་གཟུགས་དང་སྟོབས་ནི་ཉམས་པར་བྱེད། །ནོར་འབྲུ་ནོར་ཆེན་ཐ་མར་ཟད་པར་བྱེད། །ནད་ནི་རྟག་ཏུ་འགྲོ་བ་བརྙས་པར་བྱེད། །གནོད་པ་བྱེད་ཅིང་སྡུག་ལ་


DTG111_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་བར་བྱེད། །ཡོངས་སུ་གདུང་བྱེད་མ་བ་ལས་ཉི་མ་བཞིན། །འཆི་དང་འཕོ་དང་འཆི་འཕོ་དུས་བྱེད་པ། །ཕངས་ཤིང་སྡུག་པའི་སྐྱེ་བོ་རྟག་ཏུ་འབྲལ། །ཕྱིར་མི་འོང་ཞིང་ཕྲད་པར་འགྱུར་མ་ཡིན། །ཤིང་ལས་ལོ་འབྲུལ་འདྲ་ཞིང་རླུང་རྒྱུན་མཚུངས། །འཆི་བ་དབང་ཡོད་བདག་དབང་མེད་བྱེད། །འཆི་བས་འཕྲོག་བྱེད་ཆུ་བོས་ཤིང་དེད་བཞིན། །མི་ནི་གཉིས་མིན་གྲོགས་མེད་གཅིག་པུར་འགྲོ། །རང་ལས་འབྲས་བུ་ལྡན་པས་དབང་ཡང་མེད། །འཆི་བས་སྲོག་ཆགས་བརྒྱ་ཕྲག་མང་འཛིན་ཏེ། །འབྱུང་པོའི་ཚོགས་ལ་རྒྱ་མཚོའི་ཆུ་སྲིན་བཞིན། །ཀྲ་ལ་མཁའ་ལྡིང་གླང་ཆེན་སེང་གེ་འདྲ། །རྩ་རྩི་འབྱུང་པོའི་ཚོགས་ལ་མེ་དང་མཚུངས། །ཞེས་གསུངས་སོ། །རྒྱལ་པོ་ལ་གདམས་པའི་མདོ་ལས་ཀྱང༌། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་ཕྱོགས་བཞི་ནས་རི་ཆེན་པོ་སྲ་བ། །བརྟན་པ། སྙིང་པོ་དང་ལྡན་པ། མ་ཞིག་པ། མ་གས་པ། འཕན་མེད་པ། ཤིན་ཏུ་མཁྲེགས་པ་གཅིག་ཏུ་སྟུག་པོ་བཞི། གནམ་ལ་རེག་ཅིང་ས་ཟློག་སྟེ། རྩྭ་དང་ཤིང་གེལ་པ་དང་ཡལ་ག་དང་ལོ་མ་ཐམས་ཅད་དང༌། སེམས་ཅན་སྲོག་ཆགས་འབྱུང་པོ་ཐམས་ཅད་ཕྱེ་མར་འཐག་ཅིང་འོང་བ་དེ་དག་ལས་ནི། མགྱོགས་པར་འབྲོས་པའམ། སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བཟློག་པའམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་བཟློག་པར་སླ་བ་ནི་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ། འཇིགས་པ་ཆེན་པོ་བཞི་པོ་འདི་དག་འོང་སྟེ། དེ་དག་ལས་མགྱོགས་པས་འབྲོས་པའམ། སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བཟློག་པའམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་བཟློག་པར་སླ་བ་མ་ཡིན་ནོ། །བཞི་གང་ཞེ་ན། རྒ་བ་དང༌། ནད་དང༌། འཆི་བ་དང༌། རྒུད་པའོ། །རྒྱལ་པོ་ཆེན་པོ་དེ་རྒ་བ་ནི་དར་ལ་བབ་པ་འཇོམས་ཤིང་འོང༌། ནད་ནི་ནད་མེད་པ་འཇོམས་ཤིང་འོང༌། རྒུད་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཤིང་འོང༌། འཆི་བ་ནི་སྲོག་འཇོམས་ཤིང་འོང་སྟེ། དེ་དག་ལས་ནི་མགྱོགས་པས་འབྲོས་པའམ། སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བཟློག་པའམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་ཞི་བར་སླ་བ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་རི་དགས་ཀྱི་རྒྱལ་པོ་སེང་གེ་རི་དགས་ཀྱི་ཚོགས་ཀྱི་ནང་ན་བཞུགས་ནས་རི་དགས་བཟུང་སྟེ་ཇི་ལྟར་འདོད་པ་བཞིན་དུ་བྱ་བ་བྱེད་དོ། །རི་དགས་དེ་ནི་སྟོབས་པོ་ཆེའི་ཁ་མི་བཟད་པས་བཟུང་བས་


DTG111_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་འཆི་བདག་གི་གསལ་ཤིང་གིས་ཟུག་སྟེ། རྒྱགས་པ་དང་ནི་བྲལ། མགོན་ནི་མེད་སྐྱབས་ནི་མེད། དཔུང་གཉེན་ནི་མེད། གཤིས་ནི་འཇིགས། ཚིགས་ནི་འབྱེ་འབྲལ། ཤ་དང་ཁྲག་ནི་སྐམ། ལུས་ནི་ནད་ཀྱིས་གདུངས་སྐོམ་ནི་སྐོམ། བཞིན་ནི་འགྱུར། རྐང་ལག་ནི་གཡོ་བ། ལས་ནི་མི་ནུས། མཐུ་ནི་མེད། ཁ་ཆུ་དང་སྣབས་དང་གཅིན་དང་ངན་སྐྱུགས་ཀྱིས་ནི་ལུས་ལ་གོས། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་དབང་པོ་དག་ནི་འགག །སྐྱིགས་བུ་ནི་འབྱུང༌། སྒྲ་ངར་ངར་པོ་ནི་འཐོན། སྨན་པས་ནི་བོར།། སྨན་དང་ཁ་ཟས་དང་བཟའ་བ་དང་ཐུག་པ་ཐམས་ཅད་ཀྱིས་ནི་ཀླེས་ལ་བོར་ཏེ། འགྲོ་བ་གཞན་དག་ཏུ་འགྲོ་བར་མལ་གྱི་ཐ་མ་ལ་ནི་ཉལ། ཐོག་མ་མེད་པའི་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བའི་འཁོར་བའི་རྒྱུད་དུ་ནི་ནུབ། སྲོག་ནི་ཅུང་ཟད་ཅིག་ལས། གཤིན་རྗེའི་མིས་ནི་འཇིགས་སྐྲག །བྱུར་གྱི་དབང་དུ་ནི་སོང། །དབུགས་རྒྱུ་བ་ནི་ཆད། ཁ་དང་སྣ་ནི་གདངས། སོ་ནི་གཙེགས་། སྦྱིན་པ་སྦྱིན་ནོ་ཞེས་དེ་སྐད་གསོལ་བ་ནི་འདེབས། ལས་ཀྱི་སྲིད་པ་ནས་ཡང་སྲིད་པ་ལ་ནི་འཇུག །གཅིག་པུ་གཉིས་སུ་མེད་ཅིང་གྲོགས་ནི་མེད་དེ། འཇིག་རྟེན་འདི་ནི་འདོར། འཇིག་རྟེན་ཕ་རོལ་དུ་ནི་འགྲོ། །སྐྱས་ཆེན་པོ་ནི་འདེབས། མུན་པ་ཆེན་པོར་ནི་ཞུགས། གཡང་ས་ཆེན་པོར་ནི་ལྟུང༌། ཁྲོད་སྟུག་པོར་ནི་འཇུག །དགོན་པ་ཆེན་པོར་ནི་འགྲོ། །རྒྱ་མཚོ་ཆེན་པོས་ནི་ཁྱེར། ལས་ཀྱི་རླུང་གིས་ནི་བདས། ས་ཚུགས་མེད་པའི་ཕྱོགས་སུ་ནི་འགྲོ། །གཡུལ་ངོ་ཆེན་པོར་ནི་འཇུག །གདོན་ཆེན་པོས་ནི་ཟིན། ནམ་མཁའ་ལ་ནི་འཆེལ། ཕ་མ་དང་ཕུ་ནུ་དང༌། སྲིང་མོ་དང་བུ་དང་བུ་མོས་ནི་བསྐོར། དབུགས་ནི་འཆད། ནོར་ལ་བགོ་བཤའ་བྱ་ཞེས་ནི་ཟེར། ཀྱི་ཧུད་མ་ཀྱི་ཧུད་ཕ་ཀྱི་ཧུད་བུ་ཞེས་ནི་ཟེར། སྐྲ་ནི་ཞིག་སྟེ། སྦྱིན་པ་དང་དཀའ་ཐུབ་དང་ཆོས་འབའ་ཞིག་གྲོགས་སུ་གྱུར་པ་ན་ཆོས་མ་གཏོགས་པར་སྐྱབས་གཞན་མེད། མགོན་གཞན་མེད་གནས་གཞན་མེད་དཔུང་གཉེན་གཞན་མེད་དོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན། ཆོས་ནི་གླིང་དང་གནས་དང་མགོན་དང་སྐྱབས་དང་དཔུང་གཉེན་དང་སྟོན་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། གྲང་བས་ཉེན་པ་ལ་མེ་དང༌། མེས་རབ་ཏུ་གདུངས་བར་གྱུར་


DTG111_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་མེ་གསོད་པ་དང༌། ཚ་བས་ཉེན་པ་ལ་བསིལ་བ་དང༌། འགྲོན་པོ་ངལ་བ་ལ་གྲིབ་མ་དང་རླུང་བསིལ་བ་དང༌། ལམ་དུ་ཞུགས་པ་ལ་བཞོན་པ་དང༌། ཉལ་བ་ལ་མལ་འཇམ་པོ་དང༌། སྐོམ་པ་ལ་ཆུ་གྲང་མོ་དང༌། ཤིན་ཏུ་བཀྲེས་པ་ལ་ཟས་བཟང་པོ་དང༌། མྱ་ངན་གྱིས་ནོན་པ་ལ་དབུགས་འབྱིན་པ་དང། གདུངས་པ་ལ་སིམ་པར་བྱེད་པ་དང༌། དགོན་པར་ལམ་སྟོར་བ་ལ་ལམ་མཚོན་པར་བྱེད་པ་དང༌། ནད་ཀྱིས་བཏབ་པ་ལ་སྨན་པ་དང་སྨན་དང་ནད་གཡོག་བྱེད་པ་དང༌། ཆུས་ཁྱེར་བ་ལ་གཟིངས་དང༌། འདམ་དུ་བྱིང་བ་ལ་འཇུ་ས་དང༌། རྒལ་དཀའ་བ་ལ་ཟམ་པ་དང༌། ཉམ་ང་བ་ལ་འབབ་སྟེགས་དང༌། མུན་ཁུང་ན་སྒྲོན་མེ་དང༌། རྒྱ་མཚོ་ཆེན་པོ་ལ་གྲུ་དང༌། ལྷགས་པས་ཉེན་པ་ལ་རླུང་མེད་པའི་གནས་དང༌། ཡུལ་གཞན་དུ་འགྲོ་བའི་ལམ་རྒྱགས་དང༌། དབུལ་པོ་ལ་ནོར་དང༌། བྱེད་པར་འདོད་པ་ལ་གྲོགས་དང༌། གཅད་པར་འདོད་པ་ལ་ལག་ཅ་དང༌། གཞིག་པར་འདོད་པ་ལ་རྡོ་རྗེ་དང། གཡུལ་ངོར་ཞུགས་པ་ལ་གོ་ཆ་དང༌། འཇིགས་པ་ལ་སྟོབས་དང་ལྡན་པའི་གྲོགས་དང༌། འཐབ་པ་ལ་དཔུང་གཉེན་དང༌། དོག་པ་ལ་གོ་འབྱེད་པ་དང༌། མུ་གེ་ལ་ནོར་དང་ལྡན་པ་དག་མགོན་དང་སྐྱབས་དང་གནས་དང་རྟེན་དུ་འགྱུར་བ་དེ་བཞིན་དུ། རྒྱལ་པོ་ཆེན་པོ་འཆི་བདག་གི་གསལ་ཤིང་གིས་ཟུག་སྟེ། རྒྱགས་པ་དང་ནི་བྲལ། མགོན་ནི་མེད། སྐྱབས་ནི་མེད། དཔུང་གཉེན་ནི་མེད། གཤིས་ནི་འཇིག །ཚིགས་ནི་འབྱེ་འབྲལ། ཤ་དང་ཁྲག་ནི་སྐམ། ལུས་ནི་ནད་ཀྱིས་གདུང༌། སྐོམ་ནི་སྐོམ། བཞིན་ནི་འགྱུར། རྐང་ལག་ནི་གཡོབ། ལས་ནི་མི་ནུས། མཐུ་ནི་མེད། ཁ་ཆུ་དང༌། སྣབས་དང་གཅིན་དང་ངན་སྐྱུགས་ཀྱིས་ནི་ལུས་ལ་གོས། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང་ལུས་དང་ཡིད་ཀྱི་དབང་པོ་དག་ནི་འགག །སྐྱིགས་བུ་ནི་འབྱུང༌། སྒྲ་ངར་ངར་པོ་ནི་འཐོན། སྨན་པས་ནི་བོར། སྨན་དང་ཁ་ཟས་དང་བཟའ་བ་དང༌། ཐུག་པ་ཐམས་ཅད་ཀྱིས་ནི་ཀླེས་ལ་བོར་ཏེ། འགྲོ་བ་གཞན་དག་ཏུ་འགྲོ་བར་མལ་གྱི་ཐ་མ་ལ་ནི་ཉལ། ཐོག་མ་མེད་པའི་སྐྱེ་བ་དང་རྒ་བ་དང་འཆི་བའི་འཁོར་བའི་རྒྱུད་དུ་ནི་ནུབ། སྲོག་ནི་ཅུང་ཟད་ཅིག་ལས། གཤིན་རྗེའི་མིས་ནི་འཇིགས་སྐྲག །བྱུར་གྱི་དབང་དུ་ནི་སོང༌། དབུགས་རྒྱུ་བ་ནི་འཆད། ཁ་དང་སྣ་ནི་གདངས། སོ་ནི་གཙེགས། སྦྱིན་པ་ནི་སྦྱིན་


DTG111_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ནོ་ཞེས་དེ་སྐད་གསོལ་བ་ནི་འདེབས། ལས་ཀྱི་སྲིད་པ་ནས་ཡང་སྲིད་པ་ལ་ནི་འཇུག །གཅིག་པུ་གཉིས་སུ་མེད་ཅིང་གྲོགས་ནི་མེད་དེ། འཇིག་རྟེན་འདི་ནི་འདོར། འཇིག་རྟེན་ཕ་རོལ་དུ་ནི་འགྲོ། །སྐྱས་ཆེན་པོ་ནི་འདེབས། མུན་པ་ཆེན་པོར་ནི་ཞུགས། གཡང་ས་ཆེན་པོར་ནི་ལྟུང། ཁྲོད་སྟུག་པོར་ནི་འཇུག །དགོན་པ་ཆེན་པོར་ནི་འགྲོ། །རྒྱ་མཚོ་ཆེན་པོས་ནི་ཁྱེར། ལས་ཀྱི་རླུང་གིས་ནི་བདས། ས་ཚུགས་མེད་པའི་ཕྱོགས་སུ་ནི་འགྲོ་བ་ན་ཆོས་མ་གཏོགས་པར་མགོན་གཞན་མེད། སྐྱབས་གཞན་མེད། དཔུང་གཉེན་གཞན་མེད་དོ། །རྒྱལ་པོ་ཆེན་པོ་ཆོས་ནི་དེའི་ཚེ་དེའི་དུས་ན། གླིང་ཆེན་པོ་དང་གནས་དང་མགོན་དང་སྐྱབས་དང་དཔུང་གཉེན་དང་སྟོན་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེའི་ཚེ། འདི་སྙམ་དུ་སེམས་ཏེ། ཀྱི་ཧུད་གང་དུ་འགྲོ་བར་འགྱུར། ཕྱོགས་གར་འགྲོ་བར་འགྱུར། གང་དུ་ཡོངས་སུ་འཛིན་པར་བྱེད་པར་འགྱུར། བདག་གི་མར་ནི་སུ་ཞིག་འགྱུར་སྙམ་པ་ལས། དེས་སེམས་ཅན་དམྱལ་བར་སྐྱེ་བར་མཐོང་བར་འགྱུར་ན་འདི་ལྟ་སྟེ། མནར་མེད་པ་དང༌། ཚ་བ་དང༌། རབ་ཏུ་ཚ་བ་ལ་སོགས་པའི་སེམས་ཅན་དམྱལ་བ་རྣམས་སུ་ལོ་མང་པོ་ལོ་བརྒྱ་ཕྲག་མང་པོ་ལོ་བརྒྱ་སྟོང་ཕྲག་མང་པོར་སྡུག་བསྔལ་ཆེན་པོ་སྡུག་བསྔལ་མི་བཟད་པ་དྲག་པ་རྩུབ་པ་ཡིད་དུ་མི་འོང་བའི་ཚོར་བ་མྱོང་སྟེ། ཇི་སྲིད་དུ་སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་སྡིག་པ་མི་དགེ་བའི་ལས་ཐམས་ཅད་ཀྱི་ཐམས་ཅད་དུ་ཟད་ཅིང་བྱང་བར་མ་གྱུར་པ་དེ་སྲིད་དུ་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །དེ་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བ་མཐོང་བར་གྱུར་ན། འདི་ལྟ་སྟེ། རྒྱ་མཚོ་ཆེན་པོའི་ནང་དུ་ཉ་རློན་དང་ཉ་རློན་མིད་ལ་སོགས་པ་སྲོག་ཆགས་གཅིག་གིས་གཅིག་གསོད་པ་དང་འཚེ་བ་དང་དབང་མེད་པར་སྐྱེའོ། །བདག་ཡི་དགས་ཀྱི་ནང་དུ་སྐྱེ་བར་མི་འགྱུར་རམ་སྙམ་ན། འདི་ལྟ་སྟེ། ལོ་མང་པོ་དང་ལོ་བརྒྱ་ཕྲག་མང་པོ་དང་ལོ་བརྒྱ་སྟོང་ཕྲག་མང་པོར་ཆུའི་སྒྲ་ཡང་མི་ཐོས་ན་མཐོང་བ་ལྟ་ཅི་སྨོས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་ཁྱོད་ཀྱིས་མི་རྟག་པར་བལྟ་ཞིང་ཟད་པ་དང་དེངས་པར་བལྟ་བར་བྱ་སྟེ། འཆི་བས་འཇིགས་སྐྲག་པར་བྱའོ། །ཆོས་ཀྱིས་རྒྱལ་སྲིད་ཀྱིས་ཤིག །ཆོས་མ་ཡིན་པས་ནི་མི་བྱའོ། །ཁྱོད་ཆོས་དང་མཐུན་པར་གྱིས་ཤིག །ཆོས་མ་ཡིན་པ་དང་མཐུན་


DTG111_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

པར་ནི་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ལུས་འདི། འདི་ལྟར་ལེགས་པར་ཡོངས་སུ་བསྲུངས་ལེགས་པར་ཡོངས་སུ་བཙས་པ་ཡང་འཆི་བའི་དུས་བྱེད་པར་འགྱུར་རོ། །ཡོན་ཏན་ཐམས་ཅད་དང་ལྡན་ཞིང་ཤིན་ཏུ་ཡུན་རིང་པོར་བཟའ་བ་དང༌། བཅའ་བ་དང་མྱང་བ་དང་ངོམས་པར་འགྱུར་བ་བསོད་པ་དང་གཙང་མ་མང་པོས་ཚིམ་པར་བྱས་ཏེ་བསྐྱེད་བསྐྱེད་པ་ཡང་ཐ་མའི་མལ་ན་འདུག་པའི་ཚེ། སྨན་པས་བོར་ཞིང་སྨན་དང་ཁ་ཟས་དང་བཟའ་བ་དང་ཐུག་པས་ཀྱང་ཀླེས་ལ་བོར་ནས་བཀྲེས་པ་དང་སྐོམ་པས་ཉེན་ཅིང་ཡིད་མི་བདེ་བར་འཆི་བའི་དུས་བྱེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཁྱོད་ཀྱིས་ལུས་བཀྲུས་ཤིང་བསྐུས་ཏེ་བདུག་པས་བསྒོས་མེ་ཏོག་དྲི་ཞིམ་པོས་བསྒོས་ཀྱང༌། གདོན་མི་ཟ་བར་འཆི་བའི་དུས་སུ་རང་བཞིན་གྱིས་ལྷན་ཅིག་སྐྱེས་པའི་དྲི་ང་བ་འབྱུང་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་འདི་ལྟར་གོས་ཡུལ་ཀ་ཤི་པའི་རས་དང༌། སྲིན་བལ་དང༌། དུ་གུ་ལ་དང༌། དར་དང༌། འདབ་མ་དང༌། བལ་དང༌། གསོ་རས་ལ་སོགས་པའི་གོས་ཀྱི་བྱེ་བྲག་གིས་གཡོགས་ཀྱང་ཐ་མའི་མལ་ན་འདུག་པའི་ཚེ། སྣུམ་རྣམ་པ་མང་པོ་དང་ཆུས་རེག་ཅིང་གོས་དྲི་མ་ཅན་གོན་ཞིང་འཆི་བའི་དུས་བྱེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་ཁྱོད་དེ་ལྟར་བུད་མེད་ཀྱི་ནང་ན་འདུག་བཙུན་མོའི་འཁོར་གྱི་ནང་ན་འདུག་སྟེ། བུད་མེད་ཀྱི་ཚོགས་ཀྱིས་བསྐོར་ཞིང་གར་དང་གླུ་དང་རོལ་མོ་དང་སིལ་སྙན་བྱེད། ཕེག་རྡོབ་པི་བང་དང་གླིང་བུ་ལེན། རྔ་རྡུང་ཞིང་ཡིད་བདེ་བར་རྩེ་དགའ་ཞིང་དགའ་མགུར་སྤྱོད་པ་ཡང་འཆི་བས་འཇིགས་སྐྲག་ནས་ཤིན་ཏུ་ཡིད་མེ་བདེ་ཞིང་འཆི་བའི་དུས་བྱེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཁྱོད་ཀྱི་ཁྱིམ་གྱི་ནང་ན་སྤོས་དྲི་ཞིམ་པོའི་བསྐུབས་ནི་བསྐུས། གཏན་པ་ནི་བཅུག །སྐར་ཁུང་ནི་ལེགས་པར་བཅད། བྱུག་པ་མང་པོས་ནི་བྱུགས། འབྲུ་མར་དྲི་ཞིམ་པོ་དང་ལྡན་པའི་མར་མེ་ནི་འབར། དར་གྱི་ལྔ་ལྡི་མང་པོ་ནི་བྲེས། མེ་ཏོག་དྲི་ཞིམ་པོའི་སིལ་མ་མང་པས་ནི་ཆལ་བར་བཀྲམ། པོག་ཕོར་ནས་ནི་བདུགས། ཁྲིའི་རྩ་བ་གསེར་དང་དངུལ་དང་བཻ་ཌཱུ་ཪྻ་ལས་ནི་བྱས། པ་ཏི་ཀ་དང༌། དྲེའུ་རྡོག་གི་སྟན་དང༌། སྟན་ནང་ཚངས་ཅན་དང༌། ཟ་འོག་གི་སྟན་དང༌། ཡུལ་ཀ་ལིང་ཀའི་སྟན་དང༌། སྟེང་དུ་གདིང་བ་དང༌། དེའི་སྟེང་དུ་གདིང་བས་ནི་བཀབ།


DTG111_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གཡོན་དུ་དར་མང་པོའི་སྔས་ནི་བཞག་པའི་ཁྲི་ལ་ཉལ་བ་ཡང་བྱ་རོག་དང་བྱ་རྒོད་དང༌། ཝ་དང༌། རོ་དང༌། ཤ་དང༌། རུས་པ་དང༌། སྐྲ་དང༌། ཁྲག་དང༌། ཞག་དང༌། ཆུ་སེར་དང་རྣག་གི་གནས་མཆོག་ཏུ་འཇིགས་སུ་རུང་བའི་དུར་ཁྲོད་ཆེན་པོར་བོར་ནས་ལུས་གཡོ་བ་མེད་ཅིང་ས་ལ་ཉལ་དུ་གདོན་མི་ཟའོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཡང་ཁྱོད་གླང་པོ་ཆེའི་བྱ་ལ་ཁའམ་རྟའི་རྒྱབ་བམ་ཤིང་རྟ་ལ་ཞོན་ཏེ། དུང་དང་རྔ་དང་རྫ་རྔ་དང༌། འཁར་རྔ་དང༌། རོལ་མོའི་སིལ་སྙན་གྱི་བྱེ་བྲག་ལེན་པ་དང༌། གདུགས་དང་རྒྱལ་མཚན་དང་བ་དན་དང་རྣམ་པར་རྒྱལ་བའི་བ་དན་ནི་བསྒྲེང༌། བསིལ་ཡབ་ནོར་བུའི་ཡུ་བ་ཅན་དང༌། རྔ་ཡབ་དང་ཤིང་ཏཱ་ལ་ལས་བྱས་པ་ནི་གཡོབ་ཅིང༌། གླང་པོ་ཆེ་དང་རྟ་པ་དང་དཔུང་བུ་ཆུང་དུ་མ་ནི་ཕྱི་བཞིན་འབྲང༌། རྒྱལ་བུ་དང་བྲམ་ཟེས་བསླབ་པ་ཕོག་པའི་བློན་པོ་དང་མདུན་ན་འདོན་པ་དང་སྐྱེ་བོ་ཐལ་མོ་སྦྱར་བ་བརྒྱ་སྟོང་དུ་མས་ནི་ཕྱག་བྱ་ཞིང་རྒྱལ་བར་སྤྱོན་ཅིག་རྒྱལ་བར་སྤྱོན་ཅིག་ཅེས་སྙན་པ་བརྗོད་དེ་ཕྱིར་འབྱུང་མྱོང་བ་ཡང་རིང་པོར་མི་ཐོགས་པར་གཡོ་བ་མེད་ཅིང་མལ་དུ་ཤི་ནས་མི་བཞིས་བཏེག་སྟེ། ཕ་དང་མ་དང་ཕུ་ནུ་དང་སྲིང་མོ་དང་ཆུང་མ་དང་བུ་ཕོ་དང་བུ་མོ་དང༌། བྲན་ཕོ་དང་བྲན་མོ་དང༌། ལས་བྱེད་པ་དང༌། ཞོ་ཤས་འཚོ་བ་དང༌། ཆལ་ཟ་བ་དང། བློན་པོ་དང༌། གྲོང་ཁྱེར་བའི་སྐྱེ་བོ་དག་མྱ་ངན་གྱི་དབང་དུ་སོང་སྟེ། ལག་པ་བཏེག་ནས་བྲང་རྡུང་ཞིང་མཆོག་ཏུ་སྙིང་རྗེ་བར། ཀྱི་ཧུད་བུ་ཀྱི་ཧུད་མགོན་པོ་ཀྱི་ཧུད་ཕུ་བོ་ཀྱི་ཧུད་ཇོ་བོ་ཞེས་ངུ་ཞིང༌། ཞམ་འབྲིང་བ་དང་གྲོང་ཁྱེར་པའི་སྐྱེ་བོ་དག་གིས་འཇིགས་པ་དང་བཅས་པར་མཐོང་སྟེ། གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་སྒོར་ཕྱུང་ནས། སའི་འོག་ཏུ་བཅུག་གམ། འབྲོག་དགོན་པར་སའི་ནང་དུ་བཅུག་ཀྱང༌། བྱ་རོག་དང་བྱ་རྒོད་དང་ཝ་ལ་སོགས་པས་ཟོས་ཤིང༌། རུས་པ་དེ་དག་མེས་བསྲེགས་སམ་ཆུར་བསྐྱུར་རམ་སའི་འོག་ཏུ་བཅུག་ཀྱང་རླུང་དང་ཉི་མ་དང་ཆར་པས་ཕྱེ་མར་བྱས་ཏེ། ཕྱོགས་ཕྱོགས་སུ་གཏོར་ཞིང་དེ་ཉིད་དུ་རུལ་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱང་འདི་བཞིན་དུ་འགྱུར་རོ། །རྒྱལ་པོ་ཆེན་པོ་འདུ་བྱེད་ཐམས་ཅད་ནི་དེ་ལྟར་མི་རྟག་པ་དེ་ལྟར་མི་བརྟན་པ་ཞེས་རྒྱ་ཆེར་གསུངས་སོ། །དེ་ལ་ཉོན་མོངས་པ་ནི་གཙོར་འདོད་ཆགས་དང་ཞེ་


DTG111_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་དང་གཏི་མུག་རྣམས་ཏེ། དེ་དག་གི་ནང་ནས་གང་ལ་མཆོག་ཏུ་གནོད་པར་བྱེད་པའི་གཉེན་པོ་གང་ཡིན་པ་དེ་ཐོག་མར་བསྒོམ་ཞིང་དེའི་གཞི་ཡང་ཡོངས་སུ་སྤང་བར་བྱའོ། །དེ་ལ་རེ་ཞིག་འཕགས་པ་དཀོན་མཆོག་སྤྲིན་ལས། དེ་འདོད་ཆགས་ཀྱི་གཉེན་པོ་ལ་བརྟེན་ཅིང་འདོད་ཆགས་སྐྱེ་བའི་རྐྱེན་རྣམས་ཡོངས་སུ་སྤང་ངོ༌། །འདོད་ཆགས་ཀྱི་གཉེན་པོ་དེ་ནི་གང༌། འདོད་ཆགས་སྐྱེ་བའི་རྐྱེན་དེ་དག་ནི་གང་ཞེ་ན། མི་སྡུག་པ་བསྒོམ་པ་ནི་འདོད་ཆགས་ཀྱི་གཉེན་པོའོ། །ཡུལ་གྱི་བཟང་མོ་ནི་འདོད་ཆགས་སྐྱེ་བའི་རྐྱེན་ནོ། །མི་སྡུག་པ་བསྒོམ་པ་དེ་ཡང་གང་ཞི་ན། འདི་ལྟ་སྟེ། ལུས་འདི་ལ་སྐྲ་དང་སྤུ་དང་སེན་མོ་དང་སོ་དང་རྡུལ་དང༌། དྲི་མ་དང༌། པགས་པ་དང་ཤ་དང་རུས་པ་དང་རྒྱུས་པ་དང་རྩ་དང་མཁལ་མ་དང་སྙིང་དང་མཆིན་པ་དང་གློ་བ་དང་རྒྱུ་མ་དང་གཉེ་མ་དང་ཕོ་བ་དང་སུལ་མངས་དང་ལོང་ཀ་དང་མཆེར་པ་དང་ཕྱི་ས་དང་མཆིལ་མ་དང་རྡུལ་དང་སྣབས་དང་ངར་སྣབས་དང་ཞག་དང་ཆུ་སེར་དང་རྐང་དང་ཚིལ་དང་མཁྲིས་པ་དང་བད་ཀན་དང་རྣག་དང་ཁྲག་དང་ཀླད་པ་དང་ཀླད་རྒྱས་དང་གཅིན་དག་ཡོད་དེ། དངོས་པོ་དེ་དག་ལ་བྱང་ཆུབ་སེམས་དཔའ་ཡོངས་སུ་རྟོག་པའི་རང་བཞིན་ཅན་ཡིན་ཏེ། ཡོངས་སུ་རྟོག་པའི་རང་བཞིན་ཅན་དེ་འདི་སྙམ་དུ་བྱིས་པ་བླུན་པོ་མི་གསལ་བ་མི་མཁས་པ་དེ་ཡང་དངོས་པོ་འདི་དག་ཤེས་ནས་འདོད་ཆགས་ཀྱི་སེམས་མི་སྐྱེ་ན་ཤེས་རབ་དང་ལྡན་པའི་རང་བཞིན་ཅན་ལྟ་སྨོས་ཀྱང་ཅི་དགོས་སྙམ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་མི་སྡུག་པ་མང་དུ་བསྒོམ་པ་ཡིན་ནོ་ཞེས་གསུངས་སོ། །བཅོམ་ལྡན་འདས་མ་ལས་ཀྱང༌། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ལུས་འདི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་བ་ལང་གི་ཤན་པའམ་བ་ལང་གི་ཤན་པའི་སློབ་མས་བ་ལང་བསད་དེ་གྲི་རྣོན་པོས་བག་བཞིར་གཤེགས་ནས་འགྲེང་ངམ་འདུག་སྟེ་སོ་སོར་རྟོག་གོ །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཡང༌། ལུས་འདི་ལ་ཡོད་པ་ནི་སའི་ཁམས་དང་ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་སོ་ཞེས་ལུས་འདི་ལ་ཁམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་གོ་ཞེས་བྱ་བ་ནས།


DTG111_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་སྦྱར་ཏེ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཆུན་པའི་རྫས། འབྲས་སཱ་ལུ་དང༌། འབྲུ་དང༌། ཏིལ་དང༌། འབྲས་དང༌། མོན་སྲན་སྡེའུ་དང༌། མོན་སྲན་གྲེའུ་དང༌། ནས་དང༌། གྲོ་དང༌། སྲན་ཆུང་དང༌། ཡུངས་ཀར་དང༌། འབྲུ་སྣ་ཚོགས་ཀྱིས་གང་བ་དེ་དག་ལ། སྐྱེས་བུ་མིག་དང་ལྡན་པས་བརྟགས་ན། འདི་ལྟར་འདི་དག་ནི་འབྲས་སཱ་ལུའོ། །འདི་དག་ནི་འབྲུའོ། །འདི་དག་ནི་ཏིལ་ལོ། །འདི་དག་ནི་འབྲས་སོ། །འདི་དག་ནི་མོན་སྲན་སྡེའུའོ། །འདི་དག་ནི་མོན་སྲན་སྡེའུའོ། །འདི་དག་ནི་ནས་སོ། །འདི་དག་ནི་གྲོའོ། །འདི་དག་ནི་སྲན་ཆུང་ངོ༌། །འདི་དག་ནི་ཡུངས་ཀར་རོ་ཞེས་བྱ་བར་ཤེས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ལུས་འདི་ལ་རྐང་མཐིལ་ཡན་ཆད་ཀླད་རྒྱས་མན་ཆད་སེན་མོ་དང་སྤུ་དང་པགས་པ་ལ་ཐུག་པ་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བ་སྟེ། ལུས་འདི་ལ་ཡོད་པ་ནི་སྐྲ་དང༌། སྤུ་དང་ཀླད་པ་དང་ཀླད་རྒྱས་དང་མིག་གི་རྔུ་མ་དང་རྣ་སྤབས་ཀྱི་བར་དག་གོ་ཞེས་སྔ་མ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་གོ །དེ་བཞིན་དུ་སྦྱར་ཏེ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་དུར་ཁྲོད་དུ་སོང་སྟེ། དུར་ཁྲོད་དུ་བོར་བ་རོའི་གནས་སུ་བསྐྱལ་བ་ཤི་ནས་ཞག་གཅིག་ལོན་པའམ། ཤི་ནས་ཞག་གཉིས་ལོན་པའམ། ཤི་ནས་ཞག་གསུམ་ལོན་པའམ། ཤི་ནས་ཞག་བཞི་ལོན་པའམ། ཤི་ནས་ཞག་ལྔ་ལོན་པའམ། རྣམ་པར་བམ་པའམ། རྣམ་པར་བསྔོས་པའམ། རྣམ་པར་རྣགས་པའམ། རྣམ་པར་འབུས་གཞིགས་པའི་རོ་སྣ་ཚོགས་མཐོན་ན། དེ་ལུས་འདི་ཡང་དེ་ལྟ་བུའི་རང་བཞིན་ཅན་ནོ། །དེ་ལྟ་བུའི་ཆོས་ཅན་ནོ། །ཆོས་ཉིད་འདི་ལས་མ་འདས་པའོ་ཞེས་ལུས་འདི་ལ་ཡང་དེ་དང་སྦྱོར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། དེ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །དེ་བཞིན་དུ་སྦྱར་ཏེ། གཞན་ཡང་གང་གི་ཚེ་ཤི་བའི་རོ་དུར་ཁྲོད་དུ་བོར་བ། ཤི་ནས་ཞག་དྲུག་ལོན་པའམ། ཤི་ནས་ཞག་བདུན་ལོན་པའམ། བྱ་རོག་གིས་བཏོགས་པའམ། ནེའུ་ལེའམ། བྱ་རྒོད་དམ། ཁྱིའམ། ཅེ་སྦྱང་ངམ། དེ་ལས་གཞན་པ་སྲོག་ཆགས་རྣམ་པ་སྣ་ཚོགས་ཀྱིས་ཟ་བ་མཐོང་ན་དེ་


DTG111_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་འདི་ཡང་དེ་ལྟ་བུའི་རང་བཞིན་ཅན། དེ་ལྟ་བུའི་ཆོས་ཅན་ནོ། །ཆོས་ཉིད་འདི་ལས་མ་འདས་པའོ་ཞེས་ལུས་འདི་ཡང་དེ་དང་སྦྱར་རོ། །དེ་བཞིན་དུ་སྦྱར་ཏེ། གཞན་ཡང་གང་གི་ཚེ་ཤི་བའི་རོ་དུར་ཁྲོད་དུ་བོར་ན། རྣམ་པར་ཟོས་པ། མི་གཙང་བ། དྲི་ང་བ་མཐོང་ན། དེ་ལུས་འདི་ཡང་དེ་དང་སྦྱར་རོ་ཞེས་བྱ་བ་སྔ་མ་བཞིན་ནོ། །གཞན་ཡང་གང་གི་ཚེ། དུར་ཁྲོད་ན་ཀེང་རུས་དང༌། ཤ་དང་ཁྲག་ར་རི་ཆགས་པ་ཆུ་རྒྱུས་བྲང་བྲེང་ཐོགས་པ་མཐོང་ན། དེ་ལུས་འདི་ཡང་དེ་དང་སྦྱར་རོ་ཞེས་བྱ་བ་སྔ་མ་བཞིན་ནོ། །གཞན་ཡང་གང་གི་ཚེ། དུར་ཁྲོད་ན་ཀེང་རུས་སུ་གྱུར་པ་ཤ་དང་ཁྲག་དང་ཆུ་རྒྱུས་མེད་པ་མཐོང་ན། དེ་ལུས་འདི་ཡང་ཞེས་བྱ་བ་སྔ་མ་བཞིན་ནོ། །གཞན་ཡང་གང་གི་ཚེ་དུར་ཁྲོད་ན་རུས་པ་ཕྱོགས་དང་ཕྱོགས་མཚམས་སུ་འཐོར་བ་འདི་ལྟ་སྟེ། རྗེ་ངར་གྱི་རུས་པ་ཡང་གཞན་ན། བརླའི་རུས་པ་ཡང་གཞན་ན། འདོང་མོ་ཡང་གཞན་ན། སྒལ་ཚིགས་ཀྱང་གཞན་ན། རྩིབ་མ་ཡང་གཞན་ན། མཇིང་ཚིགས་ཀྱང་གཞན་ན། དཔུང་པའི་རུས་པ་ཡང་གཞན་ན་འདུག་པ་མཐོང་ན། དེ་ལུས་འདི་ཡང་དེ་ལྟ་བུའི་རང་བཞིན་ཅན་ནོ། །དེ་ལྟ་བུའི་ཆོས་ཅན་ནོ། །ཆོས་ཉིད་འདི་ལས་མ་འདས་པའོ་ཞེས་ལུས་འདི་ཡང་དེ་དང་སྦྱར་རོ། །དེ་བཞིན་དུ་སྦྱར་ཏེ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། དུར་ཁྲོད་ན་རུས་པ་ལོ་དུ་མ་ལོན་པ་རླུང་དང་ཉ་མས་གདུགས་པ་དཀར་བ་དུང་ལྟ་བུ་མཐོང་ན། དེ་ལུས་འདི་ཡང་དེ་ལྟ་བུའི་རང་བཞིན་ནོ། །དེ་ལྟ་བུའི་ཆོས་ཅན་ནོ། །ཆོས་ཉིད་འདི་ལས་མ་འདས་པའོ་ཞེས་ལུས་འདི་ཡང་དེ་དང་སྦྱར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ན། དུར་ཁྲོད་རུས་པ་ལོ་དུ་མ་ལོན་པ་ཐི་བའི་མདོག་ལྟར་སྔོ་བ་སོབ་སོབ་པོར་གྱུར་པ་ཟེགས་པ་ས་ལ་རྡུལ་དང་མཚུངས་ཤིང་མཉམ་པར་གྱུར་པ་མཐོང་ན། དེ་ལུས་འདི་ཡང་དེ་ལྟ་བུའི་རང་བཞིན་ནོ། །དེ་ལྟ་བུའི་ཆོས་ཅན་ནོ། །ཆོས་ཉིད་འདི་ལས་མ་འདས་པའོ་ཞས་ལུས་འདི་ཡང་དེ་དང་སྦྱར་རོ་ཞེས་གསུངས་སོ། །འདི་ནི་རེ་ཞིག་འདོད་ཆགས་ལ་ཀུན་དུ་སྤྱོད་པའི་གཉེན་པོ་མདོར་བསྡུས་པའོ། །ཞེ་སྡང་གི་གཉེན་པོ་ནི་བྱམས་པ་དང་མི་སྡུག་པའི་སེམས་


DTG111_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མི་མཐོང་བའམ་དེ་དང་ལྷན་ཅིག་ཏུ་ཟས་ལ་སོགས་པ་དོན་གཅིག་པས་དགའ་བ་སྐྱེའོ། །དེ་ལ་གཞན་ལ་བདེ་བ་འདོད་པ་དང་དོན་དུ་གཉེར་བ་དང་མོས་པ་དང་མངོན་པར་དགའ་བ་ནི་བྱམས་པ་སྟེ། འདོད་པ་ལ་འདོད་ཆགས་དང་ལན་དུ་ཕན་འདོགས་པའི་རྒྱུ་དག་ལས་ཉོན་མོངས་པ་ཅན་མ་ཡིན་པའི་ཆགས་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་རྣམ་པ་གསུམ་སྟེ། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། སེམས་ཅན་ལ་དམིགས་པའི་བྱམས་པ་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །ཆོས་ལ་དམིགས་པའི་བྱམས་པ་ནི་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །དམིགས་པ་མེད་པའི་བྱམས་པ་ནི་མི་སྐྱ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ་ཞེས་གསུངས་སོ། །ཡང་སངས་རྒྱས་ལ་དམིགས་པ་དང༌། བྱང་ཆུབ་སེམས་དཔའ་ལ་དམིགས་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ལ་དམིགས་པ་དང༌། སེམས་ཅན་ལ་དམིགས་པའོ། །དེ་ལ་སེམས་ཅན་ལ་དམིགས་པ་ནི་གང་ཐོག་མར་སྙིང་དུ་སྡུག་པའི་སེམས་ཅན་ལ་ཕན་པ་དང་བདེ་བ་ཉེ་བར་བསྒྲུབ་པར་བསམ་པར་གོམས་པར་བྱེད་ཅིང་དེ་དང་མཐུན་པའི་བྱམས་པ་ཉེ་བར་བསྒྲུབ་པོ། །དེའི་འོག་ཏུ་འདྲེས་པ་རྣམས་ལའོ། །དེའི་འོག་ཏུ་ཐ་མལ་པ་རྣམས་ལའོ། །དེའི་འོག་ཏུ་ཉེ་འཁོར་བ་རྣམས་ལའོ། །དེའི་འོག་ཏུ་རང་གི་གྲོང་ན་གནས་པ་རྣམས་ལའོ། །དེ་བཞིན་དུ་གཞན་གྱི་གྲོང་པ་ནས་ཕྱོགས་གཅིག་གི་བར་དུ་མོས་པར་བྱས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །ཕྱོགས་བཅུར་ཡང་དེ་བཞིན་ནོ། །སངས་རྒྱས་ལ་སོགས་པ་ལ་དམིགས་པ་ལ་ནི་སྦྱོར་བ་འདི་མེད་དེ། དེ་ནི་རྡོ་རྗེ་རྒྱལ་མཚན་གྱི་ཡོངས་སུ་བསྔོ་བ་ལས། དེ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། གཟུགས་ཡིད་དུ་འོང་བའམ་ཡིད་དུ་མི་འོང་བ་གང་ཇི་སྙེད་ཅིག་མཐོང་བ་དང༌། དེ་བཞིན་དུ་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཡིད་དུ་འོང་བའམ། ཡིད་དུ་མི་འོང་བའམ་ཁ་ན་མ་ཐོ་བ་མེད་པ་དག་ལ་བདེ་བ་རྒྱ་ཆེ་བ་འོད་གསལ་བའམ། གང་གིས་ཡིད་བདེ་བ་སྐྱེ་བ་དང༌། བདེ་བ་བསྒྲུབ་པ་དང༌། དད་པ་སྐྱེ་པ་དང༌། དགའ་བ་འབྱུང་བ་དང༌། མཆོག་ཏུ་དགའ་བ་ལ་གནས་པ་དང༌། མགུ་བ་འབྱུང་བ་དང༌།


DTG111_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་མི་བདེ་བ་ལྡོག་པ་དང༌། སེམས་དགེ་བ་འབྱུང་བ་དང༌། སེམས་ལས་སུ་རུང་བར་འགྱུར་བ་དང༌། བསམ་པ་མཉེན་པར་འགྱུར་བ་དང༌། དབང་པོ་རབ་ཏུ་ཚིམ་པར་འགྱུར་བའི་བདེ་པ་དེ་མྱོང་བ་ན། སངས་རྒྱས་ཐམས་ཅད་ལ་འདི་ལྟར་ཡེངས་སུ་བསྔོ་སྟེ། ཡོངས་སུ་བསྔོ་བ་འདིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་དེ་བས་ཀྱང་སངས་རྒྱས་ཀྱི་གནས་པའི་བདེ་བ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་ཅིག །སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་བདེ་བ་མཚུངས་པ་མེད་པས་ལེགས་པར་ཟིན་པར་གྱུར་ཅིག །སངས་རྒྱས་ཀྱི་བདེ་བ་མཐའ་ཡས་པས་རྒྱ་ཆེར་བརྟན་པར་གྱུར་ཅིག ། སངས་རྒྱས་ཀྱི་རྣམ་པར་ཐར་བའི་བདེ་བ་ཚད་མེད་པ་དང་ལྡན་པར་གྱུར་ཅིག །སངས་རྒྱས་ཀྱི་ཆོས་འཕྲུལ་གྱི་བདེ་བ་དཔག་ཏུ་མེད་པས་ལེགས་པར་ཟིན་པར་གྱུར་ཅིག །སངས་རྒྱས་ཀྱི་གནས་བ་ཆགས་པ་མེད་པའི་བདེ་བ་བསམ་གྱིས་མི་ཁྱབ་པས་ལེགས་པར་ཡོངས་སུ་ཟིན་པར་གྱུར་ཅིག །སངས་རྒྱས་ཀྱི་ཁྱུ་མཆོག་ཏུ་གྱུར་པའི་བདེ་བ་བསྙེན་པར་དཀའ་བ་རྒྱུན་མི་འཆད་པར་གྱུར་ཅིག །སངས་རྒྱས་ཀྱི་སྟོབས་ཀྱི་བདེ་བ་དཔག་ཏུ་མེད་པས་ཤིན་ཏུ་བདེ་བར་གྱུར་ཅིག །ཚོར་བ་ཐམས་ཅད་ཞི་བར་མི་སྐྱེ་བའི་བདེ་བས་འགྱུར་བ་མེད་པར་བདེ་བར་གྱུར་ཅིག །དེ་བཞིན་གཤེགས་པའི་བདེ་བའི་ཆགས་པ་མེད་པར་གནས་པར་རྟག་ཏུ་མཉམ་པར་གཞག་པ་གཉིས་སུ་ཀུན་དུ་མི་སྤྱོད་པས་རྣམ་པར་མི་འཁྲུགས་པར་བདེ་བར་གྱུར་ཅིག །བྱང་ཆུབ་སེམས་དཔས་དེ་ལྟར་དགེ་བའི་རྩ་བ་དེ་དེ་བཞིན་གཤེགས་པ་རྣམས་ལ་ཡོངས་སུ་བསྔོས་ནས་བྱང་ཆུབ་སེམས་དཔའ་རྣམས་ལ་ཡོངས་སུ་བསྔོ་སྟེ། གང་འདི་བསམ་པ་ཡོངས་སུ་མ་རྫོགས་པ་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱ་བ་དང༌། ཐམས་ཅད་མཁྱེན་པའི་ལྷག་པའི་བསམ་པ་ཡོངས་སུ་མ་དག་པ་རྣམས་ཡོངས་སུ་དག་པར་བྱ་བ་དང༌། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཡོངས་སུ་རྫོགས་པར་བྱ་བ་དང༌། བྱང་ཆུབ་ཀྱི་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུའི་གནས་སུ་བྱ་བ་དང་ཐམས་ཅད་མཁྱེན་པ་ལས་ཕྱིར་མི་ལྡོག་པའི་གོ་ཆ་རྒྱུན་མི་གཅད་པ་དང༌། བྱང་ཆུབ་ཀྱི་སྒེའི་དགེ་བའི་རྩ་བ་རྣམས་བསྐྱེད་པ་དང༌། འགྲོ་བ་ཐམས་ཅད་ལ་མཉམ་པ་ཉིད་དུ་གནས་པའི་སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བ་དང༌། བྱང་ཆུབ་


DTG111_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་གནས་པ་ཐམས་ཅད་རྟོགས་པར་བྱ་བ་དང༌། བྱང་ཆུབ་སེམས་དཔའི་དབང་པོ་ཐམས་ཅད་མངོན་པར་ཤེས་པ་རྣོ་བར་བྱ་བ་དང༌། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཐམས་ཅད་མཁྱེན་པ་ཉིད་དུ་རེག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དུ་དགེ་བའི་རྩ་བ་ཡོངས་སུ་བསྔོས་ནས། སངས་རྒྱས་ཀྱི་བསྟན་པ་ལ་སྤྱོད་པ་དང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་དགེ་བའི་རྩ་བ་དེ་འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་གང་ལ་ལ་དག་སེ་གོལ་ཅིག་གཏོགས་པ་སྲིད་དུ་སངས་རྒྱས་ཀྱི་སྒྲ་ཉན་པའམ། ཆོས་ཀྱི་སྒྲ་ཉན་པའམ། འཕགས་པའི་དགེ་འདུན་ལ་བསྙེན་བཀུར་བྱེད་པ་དེ་དག་གི་དགེ་བའི་རྩ་བ་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །སངས་རྒྱས་རྗེས་སུ་དྲན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ཆོས་རྗེས་སུ་དྲན་པ་ལ་སྦྱོར་བར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འཕགས་པའི་དགེ་འདུན་ལ་གུས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སངས་རྒྱས་མཐོང་བ་དང་མི་འབྲལ་བར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སངས་རྒྱས་ཀྱི་ཆོས་རབ་ཏུ་རྟོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ཡོན་ཏན་དཔག་ཏུ་མེད་པ་བསྒྲུབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །མངོན་པར་ཤེས་པ་ཐམས་ཅད་ཀྱི་དགེ་བ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ཆོས་ལ་ཡིད་གཉིས་ཟློག་པའི་ཕྱིར་ཡོངས་སུ་བསྔོའོ། །ཇི་ལྟར་སངས་རྒྱས་ཀྱི་བསྟེན་པ་ལ་ཞུགས་པ་རྣམས་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཡོངས་སུ་བསྔོ་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་དེ་སེམས་ཅན་ཐམས་ཅད་ལ་དགེ་བའི་རྩ་བ་དེ་ཡོངས་སུ་བསྔོ་སྟེ། གང་འདི་སེམས་ཅན་དམྱལ་བ་པའི་ལམ་ལས་བཟློག་པའི་ཕྱིར་ཡོངས་སུ་བསྔོའོ། །དུད་འགྲོའི་སྐྱེ་གནས་རྣམ་པར་གཅད་པའི་ཕྱིར་ཡོངས་སུ་བསྔོའོ། །གཤིན་རྗེའི་འཇིག་རྟེན་ཉེ་བར་གཅད་པའི་བདེ་བའི་ཕྱིར་ཡོངས་སུ་བསྔོའོ། །ངན་སོང་མ་ལུས་པ་ཐམས་ཅད་ཀྱི་འགྲོ་བར་སྐྱེ་བ་རྣམ་པར་གཅད་པའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་དུ་སྦྱར་ཏེ། སེམས་ཅན་དེ་དག་བླ་ན་མེད་པའི་བྱང་ཆུབ་ལ་མོས་པ་


DTG111_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྤེལ་བའི་ཕྱིར་ཡོངས་སུ་བསྔོའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱི་ལྷག་པའི་བསམ་པ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་མི་སྤོང་བའི་ཕྱིར་ཡོངས་སུ་བསྔོའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤིན་ཏུ་བདེ་བ་བསྒྲུབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཤིན་ཏུ་རྣམ་པར་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཡེ་ཤེས་མཐའ་ཡས་པ་རྟོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སེམས་དང་ལྡན་པ་དང༌། དེ་བཞིན་དུ་སྦྱར་ཏེ། འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཡིད་དང་ལྡན་པ་དང༌། དགེ་བའི་རྩ་བ་ལ་རྟག་ཏུ་བརྩོན་པ། རྒྱགས་པ་དང་བག་མེད་པ་བཟློག་པ་དང༌། དེ་བཞིན་དུ་སྦྱར་ཏེ། ཉོན་མོངས་པ་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྗེས་སུ་སློབ་པའི་སེམས་དང་ལྡན་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་དང་ཞེ་མ་འགྲས་པ། ཡེ་ཤེས་ཀྱི་ས་ལ་བརྟེན་པ། མཁས་པ་དང་འགྲོགས་པར་དགའ་བ་དང༌། དེ་བཞིན་དུ་སྦྱར་ཏེ། བུང་བ་ལྟར་དགེ་བའི་རྩ་བ་སོགས་པ་འགྲོ་བ་ཐམས་ཅད་ལ་སྐྱོབ་པའི་རྒྱུ་དང་ལྡན་པ། འདུས་བྱས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་དེའི། གོས་དང་ཟས་དང་ན་བའི་གསོས་སྨན་དང་ཡོ་བྱད་དང་འོང་བ་དང་འགྲོ་བ་དང༌། ལུས་ཀྱི་བསྙེན་བཀུར་དང༌། འདུག་པ་ལ་སོགས་པ་རྟེན་པའི་གནས་ལ་འཇུག་པའི་ལས་དང༌། སྤྱོད་ལམ་གྱི་གནས་དང༌། སྤྱོད་ལམ་རྣམ་པར་མི་འཁྲུགས་པ་དང༌། ལུས་ཀྱི་ལས་དང༌། ངག་གི་ལས་དང༌། ཡིད་ཀྱི་ལས་ལེགས་པར་སྤྱད་པ་དང༌། དབང་པོ་དྲུག་སྡོམ་པ་དང༌། རང་གི་ལུས་གཡོགས་པ་དང༌། མཉེ་བ་དང་བཀྲུ་བའི་ལས་དང༌། ཟོས་པ་དང༌། འཆོས་པ་དང༌། མྱངས་པ་དང༌། བསྐུམ་པ་དང། བརྐྱང་བ་དང༌། ལྟ་བ་དང༌། རྣམ་པར་ལྟ་བ་དང༌། གཉིད་ཀྱིས་ལོག་པ་དང༌། གཉིད་ཀྱིས་ལོག་པ་དང༌། རང་གི་ལུས་སུ་གཏོགས་པའི་བསྙེན་བཀུར་ཅི་གང་ཡང་རུང་སྟེ། དེ་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པ་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བ་ནས།


DTG111_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་བ་རྣམས་དང་དེ་ལས་གཞན་དུད་འགྲོའི་སྐྱེ་གནས་སུ་སོང་བ་རྣམས་ལ། འབྲས་ཆན་ཕོ་ཚུམ་གང་ངམ་ཟན་ཆང་ཅིག་ཙམ་ཡོངས་སུ་གཏོང་པ་ཡང་སྐྱེ་བ་དེ་དང་དེ་དག་ཏུ་དེ་དག་ཉིད་ལ་ཕན་པ་དང་དེ་དག་ཉིད་ཡོངས་སུ་དགྲོལ་བའི་ཕྱིར་དེ་ཐམས་ཅད་ཡོངས་སུ་བསྔོའོ། །སེམས་ཅན་དེ་དག་དུད་འགྲོའི་སྐྱེ་གནས་དེ་དང་སྡུག་བསྔལ་གྱི་རྒྱ་མཚོ་དང་སྡུག་བསྔལ་ཉེ་བར་ལེན་པ་དེ་དང་སྡུག་བསྔལ་གྱི་ཕུང་པོ་དེ་དང་སྡུག་བསྔལ་གྱི་ཚོར་བ་དེ་དང༌། སྡུག་བསྔལ་ཉེ་བར་བསགས་པ་དེ་དང༌། སྡུག་བསྔལ་མངོན་པར་འདུ་བྱེད་པ་དང༌། སྡུག་བསྔལ་གྱི་གཞི་དང༌། སྡུག་བསྔལ་གྱི་རྩ་བ་དེ་དང༌། སྡུག་བསྔལ་གྱི་གནས་དེ་ལས་རྣམ་པར་བཟློག་པའི་ཕྱིར་ཡོངས་སུ་བསྔོའོ། །དེ་ལ་དམིགས་པས་སེམས་ཅན་ཐམས་ཅད་ལ་དམིགས་པར་བྱེད་དོ། །སེམས་ཅན་རྣམས་ལ་མངོན་དུ་བྱེད་དོ། །ཡིད་ལ་བྱེད་དོ། །འདི་ལྟ་སྟེ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་པ་མ་དགེ་བའི་རྩ་བ་དེ་ལ་མངོན་དུ་འགྲོ་བར་བྱེད་དོ། །བྱང་ཆུབ་སེམས་བསྐྱེད་པས་རབ་ཏུ་འཛིན་ཏོ། །དགེ་བའི་རྩ་བ་དེ་ལ་སྦྱོར་རོ། །འཁོར་བའི་དགོན་པ་ལས་རྣམ་པར་ཟློག་གོ །སངས་རྒྱས་ཀྱི་བདེ་བ་སྒྲིབ་པ་མེད་པ་མངོན་དུ་བྱེད་དོ། །འཁོར་བའི་རྒྱ་མཚོ་ལས་འབྱིན་ཏོ། །སངས་རྒྱས་ཀྱི་ཆོས་དང་ལྡན་པའི་བྱམས་པས་ཁྱབ་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གསེར་འོད་དམ་པ་ལས་གསུངས་པའི་བྱམས་པ་དང་སྙིང་རྗེའི་སྙིང་པོ་ཅན་གྱི་ཚིགས་སུ་བཅད་པ་འདི་དག་གུས་པ་ཐམས་ཅད་ཀྱིས་བསམས་ཏེ། ཐ་ན་ཚིག་གིས་ཀྱང་བསྒོམ་པར་བྱའོ། །གསེར་འོད་དམ་པའི་རྔ་ཆེན་སྒྲ་ཡིས་ནི། །སྟོང་གསུམ་འཇིག་རྟེན་འཇིག་རྟེན་གསུམ་འདི་ན། །ངན་སོང་སྡུག་བསྔལ་གཤིན་རྗེའི་སྡུག་བསྔལ་དང༌། །དབུལ་བའི་སྡུག་བསྔལ་སྡུག་བསྔལ་ཞི་བར་ཤོག །རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །འཇིག་རྟེན་ཕོངས་པ་ཐམས་ཅད་ཞི་གྱུར་ཅིག །ཇི་ལྟར་ཐུབ་དབང་འཇིགས་མེད་འཇིགས་ཞི་ལྟར། །སེམས་ཅན་འཇིགས་མེད་འཇིགས་དང་བྲལ་བར་ཤོག །ཇི་ལྟར་འཁོར་བར་ཀུན་མཁྱེན་ཐུབ་དབང་པོ། །འཕགས་པའི་ཡོན་ཏན་ཀུན་དང་ལྡན་པ་ལྟར། །སྐྱེ་དགུ་ཏིང་འཛིན་བྱང་ཆུབ་ཡན་ལག་གི །ཡོན་ཏན་ལྡན་ཞིང་ཡོན་ཏན་རྒྱ་


DTG111_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

མཚོར་གྱུར། །རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །སེམས་ཅན་ཐམས་ཅད་ཚངས་པའི་དབྱངས་ལྡན་གྱུར། །སངས་རྒྱས་བྱང་ཆུབ་དམ་པ་མཆོག་རེག་ཤོག །ཆོས་ཀྱི་འཁོར་ལོ་དགེ་བ་སྐོར་གྱུར་ཅིག །བསྐལ་པ་བསམ་གྱིས་མི་ཁྱབ་བཞུགས་པར་ཤོག །འགྲོ་ལ་ཕན་ཕྱིར་ཆོས་ནི་སྟོན་གྱུར་ཅིག །ཉོན་མོངས་འཇོམས་འགྱུར་སྡུག་བསྔལ་སེལ་བར་ཤོག །འདོད་ཆགས་ཞེ་སྡང་གཏི་མུག་ཞི་གྱུར་ཅིག །སེམས་ཅན་གང་དག་ངན་སོང་སར་གནས་ཏེ། །རུས་པ་དང་ནི་ལུས་གདུངས་རབ་འབར་བ། །དེ་དག་རྔ་ཆེན་བསྒྲགས་པ་ཐོས་གྱུར་ནས། །སངས་རྒྱས་ཕྱག་འཚལ་ལོ་ཞེས་ཚིག་སྨྲ་ཤོག །སེམས་ཅན་ཀུན་གྱི་སྐྱེ་བ་བརྒྱ་དག་དང༌། །སྐྱེ་བ་སྟོང་ཕྲག་བྱེ་བ་སྐྱེ་དྲན་ཤོག །ཐུབ་པའི་དབང་པོ་རྟག་ཏུ་དྲན་གྱུར་ཅིག །དེ་དག་གིས་ནི་རྒྱ་ཆེན་གསུང་ཐོས་ཤོག །རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །སངས་རྒྱས་རྣམས་དང་རྟག་ཏུ་འགྲོགས་རྙེད་གྱུར། །སྡིག་པའི་ལས་རྣམས་རྣམ་པར་སྤོང་བར་ཤོག །བྱ་བ་དགེ་བ་རྣམས་ནི་སྤྱོད་གྱུར་ཅིག །དེ་བཞིན་དུ་སྦྱར་ཏེ། ཞིང་རྣམས་ཀུན་ན་སྲོག་ཆགས་ཐམས་ཅད་ཀྱང༌། །འཇིག་རྟེན་དག་ན་སྡུག་བསྔལ་ཀུན་ཞི་གྱུར། །སེམས་ཅན་དབང་པོ་མ་ཚང་ཡན་ལག་ཉམས། །དེ་ཀུན་ད་ལྟར་དབང་པོ་ཚང་བར་ཤོག ། གང་དག་ནད་བཏབ་ཉམ་ཆུང་ལུས་ཉམས་དང༌། །ཕྱོགས་བཅུ་དག་ན་སྐྱབས་མེད་གྱུར་པ་རྣམས། །དེ་ཀུན་མྱུར་དུ་ནད་ལས་ཐར་གྱུར་ཅིག །ནད་མེད་སྟོབས་དང་དབང་པོ་རྙེད་པར་ཤོག །གང་དག་རྒྱལ་པོ་ཆོམ་རྐུན་ཤོར་བས་བསྡིགས་བསད་འོས། །སྡུག་བསྔལ་རྣམ་པ་སྣ་ཚོགས་བརྒྱ་ཡིས་ཕོངས་གྱུར་པ། །སེམས་ཅན་ཉམ་ཐག་གྱུར་ཅིང་སྡུག་བསྔལ་དེ་དག་ཀུན། །འཇིགས་མཆོག་མི་བཟད་བརྒྱད་པོ་དེ་ལས་ཐར་གྱུར་ཅིག །གང་དག་བརྡེགས་ཤིང་བཅིངས་དང་བཅིངས་པས་གཟིར། །ཕོངས་པ་སྣ་ཚོགས་དག་ན་གནས་གྱུར་ཅིང༌། །ཉོན་མོངས་སྟོང་ཕྲག་དུ་མས་དཀྱུགས་ནས་ཀྱང༌། །འཇིགས་པ་མི་བཟང་མྱ་ངན་སྣ་ཚོགས་རྙེད། །དེ་དག་ཐམས་ཅད་བཅིངས་ལས་གྲོལ་གྱུར་ཅིག །མནར་བ་དག་ནི་བརྡེགས་ལས་ཐར་བར་ཤོག །གསད་བྱ་རྣམས་ཀྱང་སྲོག་དང་ལྡན་གྱུར་ཤོག །ཕོངས་གྱུར་ཐམས་ཅད་འཇིགས་པ་མེད་པར་ཤོག །སེམས་ཅན་གང་དག་


DTG111_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲེས་སྲེད་སྐོམ་གྱིས་གཟིར། །དེ་དག་ཟས་སྐོམ་སྣ་ཚོགས་རྙེད་པར་ཤོག །ལོང་བས་གཟུགས་རྣམས་སྣ་ཚོགས་མཐོང་གྱུར་ཅིག །འོན་བས་ཡིད་འོང་སྒྲ་རྣམས་ཐོས་པར་ཤོག །གཅེར་བུ་རྣམས་ཀྱིས་སྣ་ཚོགས་གོས་རྙེད་གྱུར། །སེམས་ཅན་དབུལ་པོས་གཏེར་རྣམས་རྙེད་པར་ཤོག །ནོར་འབྲུ་རིན་ཆེན་སྣ་ཚོགས་མང་པོ་ཡིས། །སེམས་ཅན་ཐམས་ཅད་བདེ་དང་ལྡན་པར་ཤོག །གང་ཡང་སྡུག་བསྔལ་ཚོར་བས་གནོད་མ་གྱུར། །སེམས་ཅན་ཐམས་ཅད་བལྟ་ན་སྡུག་པ་དང༌། །གཟུགས་བཟང་མཛེས་ཤིང་ཚུལ་དུ་ཤིས་པར་ཤོག་རྟག་ཏུ་བདེ་བ་དུ་མ་སྩོགས་གྱུར་ཅིག །ཡིད་ཀྱིས་ཟས་སྐོམ་རབ་འབྱོར་བསོད་ནམས་དག །བསམས་མ་ཐག་ཏུ་དེ་དག་གྲུབ་གྱུར་ཅིག །རྫ་རྔ་ཕེག་རྔ་པི་བང་སྒྲ་སྙན་དང༌། །ཆུ་མིག་མཚེའུ་དང་རྫིང་བུ་ལྟེང་ཀ་དག །གསེར་གྱི་པདྨ་ཨུཏྤལ་པདྨ་ཅན། །ཟས་སྐོམ་གོས་ནོར་མུ་ཏིག་ནོར་བུ་དབྱིག། རྒྱན་གསེར་རིན་ཆེན་སྣ་ཚོགས་བཻ་ཌཱུ་ཪྻ། དེ་དག་བསམས་མ་ཐག་ཏུ་གྲུབ་གྱུར་ཅིག །དེ་བཞིན་དུ་སྦྱར་ཏེ། འཇིག་རྟེན་གང་ནའང་སྡུག་བསྔལ་སྒྲ་མི་འབྱུང༌། །སེམས་ཅན་གཅིག་ཀྱང་མི་འཕྲོད་མཐོང་མ་འགྱུར། །དེ་དག་ཐམས་ཅད་ཁ་དོག་རྒྱ་ཆེན་དང༌། །ཕན་ཚུན་དུ་ནི་འོད་བྱེད་གྱུར་པར་ཤོག ། མི་ཡི་འཇིག་རྟེན་ཕུན་སུམ་ཚོགས་གང་ཡོད། །དེ་དག་བསམས་པས་སྐྱེ་བར་དེ་དག་གྱུར། །བསམ་པ་ཐམས་ཅད་བསམས་མ་ཐག་ཏུ་ཡང༌། །བསོད་ནམས་འབྲས་བུ་ཡོངས་སུ་རྫོགས་པར་ཤོག །སྤོས་དང་ཕྲེང་བ་དག་དང་བྱུག་པ་དང༌། །གོས་དང་ཕྱེ་མ་མེ་ཏོག་སྣ་ཚོགས་དག །ལྗོན་ཤིང་དག་ལས་དུས་གསུམ་འབབ་པར་ཤོག །སེམས་ཅན་མཐའ་དག་ལེན་ཅིང་དགར་གྱུར་ཅིག །དེ་བཞིན་གཤེགས་པ་བསམ་ཡས་ཐམས་ཅད་དང༌། །རྫོགས་པའི་བྱང་ཆུབ་སེམས་དཔའ་ཉན་ཐོས་དང༌། །རྡུལ་བྲལ་དྲི་མེད་བརྟན་པའི་ཆོས་ལ་ཡང༌། །ཕྱོགས་བཅུ་རྣམས་སུ་མཆོད་པ་བྱེད་པར་ཤོག །འགྲོ་བ་དམན་པ་ཐམས་ཅད་སྤོང་གྱུར་ཅིག །མི་ཁོམ་བརྒྱད་པོ་དག་ལས་འདས་པར་ཤོག །དལ་བའི་རྒྱལ་པོ་དམ་པ་ཐོབ་གྱུར་ཅིག །རྟག་ཏུ་སངས་རྒྱས་འགྲོགས་པ་ཐོབ་པར་ཤོག །དེ་བཞིན་དུ་སྦྱར་ཏེ། རྟག་ཏུ་མཐོན་པོའི་གནས་སུ་སྐྱེ་བར་ཤོག །ནོར་དང་


DTG111_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་ཡི་མཛོད་རྣམས་འབྱོར་གྱུར་ཅིག །སྙན་དང་གྲགས་དང་གཟུགས་དང་ཁ་དོག་གིས། །བསྐལ་པ་དུ་མར་ལེགས་པར་བརྒྱན་པར་ཤོག །བུད་མེད་ཐམས་ཅད་རྟག་ཏུ་པོར་གྱུར་ཏེ། །དཔའ་ཞིང་རྟུལ་ཕོད་མཁས་ཤིང་གསལ་བར་ཤོག །དེ་ཀུན་རྟག་ཏུ་བྱང་ཆུབ་ཕྱིར་སྤྱོད་གྱུར། །ཕ་རོལ་ཕྱིན་པ་དྲུག་ལ་སྤྱོད་པར་ཤོག །ཕྱོགས་བཅུ་དག་ན་རིན་ཆེན་ཤིང་དབང་དྲུང༌། །སངས་རྒྱས་བདེར་བཞུགས་རིན་ཆེན་བཻ་ཌཱུ་ཪྻའི། །ཁྲི་ལ་བཞུགས་པ་དག་ནི་མཐོང་གྱུར་ཅིག །ཆོས་བསྟན་པ་ཡང་བདག་གིས་དེ་ཐོབ་ཤོག །ཅེས་བྱ་བའོ།། །།བམ་པོ་བཅུ་པ། གཏི་མུག་གི་ཕྲ་རྒྱས་ཀྱི་གཉེན་པོ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ལྟ་བའོ། །དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ནི། །སཱ་ལུ་ལྗང་པའི་མདོ་ལས་བསྟན་པ་སྟེ། དེ་ལ་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་དང་འབྲེལ་པ་གང་ཞེ་ན། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བའི་བར་དུའོ། །གལ་ཏེ་མ་རིག་པ་མ་བྱུང་ན་འདི་སྙམ་དུ་བདག་གིས་འདུ་བྱེད་ཀྱང་མ་མཐོང་ཞིང༌། དེ་བཞིན་དུ་སྐྱེ་བ་མ་བྱུང་དུ་ཟིན་ན་རྒ་ཤིའི་བར་དུ་ཡང་མི་མཐོང་བ་ཞིག་ན། འོན་ཀྱང་མ་རིག་པ་ཡོད་པ་ལས་འདུ་བྱེད་རྣམས་མངོན་པར་འགྲུབ་པར་འགྱུར་བ་ནས་སྐྱེ་བ་ཡོད་པ་ལས་རྒ་ཤིའི་བར་དུ་མངོན་པར་འགྲུབ་པར་འགྱུར་རོ། །དེ་ལ་མ་རིག་པ་ཡང་འདི་སྙམ་དུ་བདག་གིས་འདུ་བྱེད་རྣམས་མངོན་པར་བསྒྲུབ་པོ་སྙམ་དུ་མི་སེམས་སོ། །འདུ་བྱེད་རྣམས་ཀྱང་འདི་སྙམ་དུ་བདག་ཅག་ནི་མ་རིག་པས་མངོན་པར་བསྒྲུབ་པོ་སྙམ་དུ་མི་སེམས་པ་ནས། དེ་བཞིན་དུ་སྐྱེ་བ་ཡང་འདི་སྙམ་དུ་བདག་གིས་རྒ་ཤི་མངོན་པར་བསྒྲུབ་པོ་སྙམ་དུ་མི་སེམས་ཤིང༌། རྒ་ཤི་ཡང་འདི་སྙམ་དུ་བདག་ནི་སྐྱེ་བས་མངོན་པར་བསྒྲུབ་པོ་སྙམ་དུ་མི་སེམས་པའི་བར་དུ་སྟེ། འོན་ཀྱང་མ་རིག་པ་ཡོད་པ་ལས་འདུ་བྱེད་རྣམས་མངོན་པར་འགྲུབ་ཅིང༌། འབྱུང་བར་འགྱུར་བ་ནས། དེ་བཞིན་དུ་སྐྱེ་བ་ཡོད་པ་ལས་རྒ་ཤིའི་བར་དུ་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་ཏེ། དེ་ལྟར་ན་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུ་དང་འབྲེལ་པར་བལྟའོ། །ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་བ་ཇི་ལྟར་ལྟ་ཞེ་ན་ཁམས་དྲུག་འདུས་པའི་ཕྱིར་


DTG111_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཁམས་དྲུག་པོ་གང་དག་འདུས་པའི་ཕྱིར་ཞེ་ན། འདི་ལྟ་སྟེ། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་རྣམ་པར་ཤེས་པའི་ཁམས་འདུས་པ་ལས་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་དང་འབྲེལ་པར་བལྟའོ། །དེ་ལ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བའི་སའི་ཁམས་གང་ཞེ་ན། གང་འདི་འདུས་ནས་ལུས་ཀྱི་སྲ་བའི་དངོས་པོ་མངོན་པར་འགྲུབ་པར་བྱེད་པ་འདི་ནི་སའི་ཁམས་ཞེས་བྱའོ། །གང་ལུས་སྡུད་པའི་བྱ་བ་བྱེད་པ་འདི་ནི་ཆུའི་ཁམས་ཞེས་བྱའོ། །གང་ལུས་ཀྱི་བྲོས་པ་དང་འཐུངས་པ་དང་འཆོས་པ་དང་མྱངས་པ་རྣམས་འཇུ་བར་བྱེད་པ་འདི་ནི་མེའི་ཁམས་ཞེས་བྱའོ། །གང་ལུས་ཀྱི་དབུགས་ཕྱི་ནང་དུ་རྒྱུ་བའི་བྱ་བ་བྱེད་པ་དེ་ནི་རླུང་གི་ཁམས་ཞེས་བྱའོ། །གང་ལུས་ཀྱི་ནང་སྦུབས་ཡོད་པར་བྱེད་པ་འདི་ནི་ནམ་མཁའི་ཁམས་ཞེས་བྱའོ། །གང་མདུང་ཁྱིམ་གྱི་ཚུལ་དུ་ལུས་ཀྱི་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་པར་བྱེད་པ་རྣམ་པར་ཤེས་པ་ལྔའི་ཚོགས་སུ་གཏོགས་པ་དང་ཟག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པ་འདི་ནི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །རྐྱེན་འདི་དག་མེད་པར་ལུས་སྐྱེ་བར་མི་འགྱུར་གྱི་ནམ་ནང་གི་སའི་ཁམས་ཚང་ཞིང་དེ་བཞིན་དུ་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་རྣམ་པར་ཤེས་པའི་ཁམས་རྣམས་ཀྱང་ཚང་བར་གྱུར་ལ། ཐམས་ཅད་འདུས་པ་དེ་ལས་ལུས་མངོན་པར་འགྲུབ་པར་འགྱུར་རོ། །དེ་ལ་སའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱི་སྲ་བའི་དངོས་པོ་མངོན་པར་བསྒྲུབ་པོ་སྙམ་དུ་མི་སེམས་སོ། །ཆུའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་སྡུད་པའི་བྱ་བ་འདི་བྱའོ་སྙམ་དུ་མི་སེམས་སོ། །མེའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱིས་ཟོས་པ་དང་འཐུངས་པ་དང་འཆོས་པ་དང་མྱངས་པ་རྣམས་འཇུ་བར་བྱའོ་སྙམ་དུ་མི་སེམས་སོ། །རླུང་གི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱི་དབུགས་ཕྱི་ནང་དུ་རྒྱུ་བའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །ནམ་མཁའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱི་ནང་སྐབས་ཡོད་པར་བྱའོ་སྙམ་དུ་མི་སེམས་སོ། །རྣམ་པར་ཤེས་པའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱི་མིང་དང་གཟུགས་མངོན་པར་བསྒྲུབ་པོ་སྙམ་དུ་མི་སེམས་སོ། །ལུས་


DTG111_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་རྐྱེན་འདི་དག་ཡོད་ན་ལུས་སྐྱེ་བར་འགྱུར་རོ། །དེ་ལ་སའི་ཁམས་ནི་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། སྐྱེ་བ་པོ་མ་ཡིན། ཤེད་ལས་སྐྱེས་པ་མ་ཡིན། ཤེད་བུ་མ་ཡིན། བུད་མེད་མ་ཡིན། སྐྱེས་པ་མ་ཡིན། མ་ནིང་མ་ཡིན། ང་མ་ཡིན། བདག་གི་མ་ཡིན། གཞན་སུའི་ཡང་མ་ཡིན་ནོ། །དེ་བཞིན་དུ་སའི་ཁམས་དང༌། ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་དང༌། ནམ་མཁའི་ཁམས་དང༌། རྣམ་པར་ཤེས་པའི་ཁམས་ཀྱང་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། སྐྱེ་བ་པོ་མ་ཡིན། ཤེད་ལས་སྐྱེས་པ་མ་ཡིན། ཤེད་བུ་མ་ཡིན། བུད་མེད་མ་ཡིན། སྐྱེས་པ་མ་ཡིན། མ་ནིང་མ་ཡིན། ང་མ་ཡིན། བདག་གི་མ་ཡིན། གཞན་སུའི་ཡང་མ་ཡིན་ནོ། །དེ་ལ་མ་རིག་པ་གང་ཞེ་ན། ཁམས་དྲུག་པོ་འདི་དག་ཉིད་ལ་གང་གཅིག་པུར་འདུ་ཤེས་པ་དང༌། རིལ་པོར་འདུ་ཤེས་པ་དང༌། རྟག་པར་འདུ་ཤེས་པ་དང༌། བརྟན་པར་འདུ་ཤེས་པ་དང༌། ཐེར་ཟུག་ཏུ་འདུ་ཤེས་པ་དང༌། བདེ་བར་འདུ་ཤེས་པ་དང༌། བདག་ཏུ་འདུ་ཤེས་པ་དང༌། སེམས་ཅན་དང༌། སྲོག་དང་སྐྱེ་བ་པོ་དང༌། གསོ་བ་དང། སྐྱེས་བུ་དང༌། གང་ཟག་ཏུ་འདུ་ཤེས་པ་དང་ཤེད་ལས་སྐྱེས་པ་དང༌། ཤེད་བུར་འདུ་ཤེས་པ་དང༌། ང་ཞེས་བྱ་བ་དང་བདག་གི་ཞེས་བྱ་བར་འདུ་ཤེས་པ་སྟེ། འདི་ལྟ་བུ་ལ་སོགས་པ་མི་ཤེས་པ་རྣམ་པ་སྣ་ཚོགས་པ་འདི་ནི་མ་རིག་པ་ཞེས་བྱའོ། །དེ་ལྟར་མ་རིག་པ་ཡོད་པས་ཡུལ་རྣམས་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་འཇུག་སྟེ། དེ་ལ་ཡུལ་རྣམས་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གང་ཡིན་པ་འདི་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱའོ། །དངོས་པོ་སོ་སོར་རྣམ་པར་རིག་པ་ནི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་དང་ལྷན་ཅིག་བྱུང་བ་ཉེ་བར་ལེན་པའི་ཕུང་པོ་བཞི་པོ་འདི་དག་ནི་མིང་དང་གཟུགས་སོ། །མིང་དང་གཟུགས་ལ་བརྟེན་པའི་དབང་པོ་རྣམས་ནི་སྐྱེ་མཆེད་དྲུག་གོ །ཆོས་གསུམ་འདུས་པ་ནི་རེག་པའོ། །རེག་པ་མྱོང་བ་ནི་ཚོར་བའོ། །ཚོར་བ་ལ་ཞེན་པ་ནི་སྲེད་པའོ། །སྲེད་པ་འཕེལ་བ་ནི་ལེན་པའོ། །ལེན་པ་ལས་


DTG111_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་ཡང་སྲིད་པ་སྐྱེ་བའི་ལས་ནི་སྲིད་པའོ། །རྒྱུ་དེ་ལས་ཕུང་པོ་འབྱུང་བ་ནི་སྐྱེ་བའོ། །སྐྱེས་ནས་ཕུང་པོ་སྨིན་པ་ནི་རྒ་བའོ། །རྒས་ནས་ཕུང་པོ་འཇིག་པ་ནི་འཆི་བའོ། །འཆི་བ་ན་རྨོངས་པ་མངོན་པར་ཆགས་པ་དང་བཅས་པའི་ནང་གི་ཡོངས་སུ་གདུང་བ་ནི་མྱ་ངན་ཏོ། །མྱ་ངན་ལས་བྱུང་བའི་ཚིག་ཏུ་སྨྲེ་བ་ནི་སྨྲེ་སྔགས་འདོན་པའོ། །རྣམ་པར་ཤེས་པ་ལྔའི་ཚོགས་དང་ལྡན་པའི་མི་བདེ་བ་མྱོང་བ་ནི་སྡུག་བསྔལ་ལོ། །ཡིད་ལ་བྱེད་པ་དང་ལྡན་པ་ཡིད་ཀྱི་སྡུག་བསྔལ་ནི་ཡིད་མི་བདེ་བའོ། །གཞན་ཡང་འདི་ལྟ་བུ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་གང་ཡིན་པ་དེ་དག་ནི་འཁྲུག་པ་ཞེས་བྱའོ། །དེ་བཞིན་དུ་སྦྱར་ཏེ། དེ་ལ་མུན་པ་ཆེན་པོའི་ཕྱིར་མ་རིག་པའོ། །མངོན་པར་འདུ་བྱེད་པའི་ཕྱིར་འདུ་བྱེད་རྣམས་སོ། །རྣམ་པར་རིག་པའི་ཕྱིར་རྣམ་པར་ཤེས་པའོ། རྟེན་པའི་ཕྱིར་མིང་དང་གཟུགས་སོ། །སྐྱེ་བའི་སྒོའི་ཕྱིར་སྐྱེ་མཆེད་དྲུག་གོ །རེག་པའི་ཕྱིར་རེག་པའོ། །མྱོང་བའི་ཕྱིར་ཚོར་བའོ། །སྐོམ་པའི་ཕྱིར་སྲེད་པའོ། །ཉེ་བར་ལེན་པའི་ཕྱིར་ལེན་པའོ། །ཡང་སྲིད་པ་སྐྱེད་པའི་ཕྱིར་སྲིད་པའོ། །ཕུང་པོ་འབྱུང་བའི་ཕྱིར་སྐྱེ་བའོ། །ཕུང་པོ་སྨིན་པའི་ཕྱིར་རྒ་བའོ། །འཇིག་པའི་ཕྱིར་འཆི་བའོ། །མྱ་ངན་བྱེད་པའི་ཕྱིར་མྱ་ངན་ཏོ། །ཚིག་གིས་སྨྲ་བའི་ཕྱིར་སྨྲེ་སྔགས་འདོན་པའོ། །ལུས་ལ་གནོད་པའི་ཕྱིར་སྡུག་བསྔལ་ལོ། །སེམས་ལ་གནོད་པའི་ཕྱིར་ཡིད་མི་བདེ་བའོ། །ཉོན་མོངས་པའི་ཕྱིར་འཁྲུག་པའོ། །གཞན་ཡང་དེ་ཁོ་ན་མི་རྟོགས་ཤིང་ལོག་པར་རྟོགས་པའི་མི་ཤེས་པ་ནི་མ་རིག་པའོ། །དེ་ལྟར་མ་རིག་པ་ཡོད་པ་ན་འདུ་བྱེད་རྣམ་པ་གསུམ་མངོན་པར་འགྲུབ་སྟེ། བསོད་ནམས་སུ་ཉེ་བར་འགྲོ་བ་དང༌། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བ་དང༌། མི་གཡོ་བར་ཉེ་བར་འགྲོ་བ་སྟེ་འདི་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱའོ། །བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་བསོད་ནམས་སུ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར། །བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལ་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར། མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་མི་གཡོ་བར་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་ཏེ་


DTG111_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱའོ། །མིང་དང་གཟུགས་ཀྱང་དེ་བཞིན་ནོ། །མིང་དང་གཟུགས་རྣམ་པར་འཕེལ་བར་སྐྱེ་མཆེད་དྲུག་གི་སྒོ་ནས་བྱ་བ་བྱེད་པ་རྣམས་འབྱུང་སྟེ། དེ་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱའོ། །སྐྱེ་མཆེད་དྲུག་པ་དག་ལས་རེག་པའི་ཚོགས་དྲུག་འབྱུང་སྟེ། དེ་ནི་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱའོ། །ཇི་ལྟ་བུར་རེག་པ་འབྱུང་བ་དེ་ལྟ་བུར་ཚོར་བ་འབྱུང་སྟེ། དེ་ནི་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱའོ། །ཚོར་བའི་བྱེ་བྲག་དེ་དག་མྱོང་བ་དང༌། མངོན་པར་དགའ་བ་དང་ལྷག་པར་ཞེན་པ་དང༌། ལྷག་པར་ཞེན་ནས་འདུག་པ་དེ་ནི་ཚོར་བའི་རྐྱེན་གྱིས་སྲིད་པ་ཞེས་བྱའོ། །མྱོང་བ་དང་མངོན་པར་དགའ་བ་དང་ལྷག་པར་ཞེན་པ་དང་ལྷག་པར་ཞེན་ནས་འདུག་པ་ལས་བདག་སྡུག་པའི་ངོ་བོ་དང་བདེ་བའི་ངོ་བོ་དང་འབྲལ་བར་མ་གྱུར་ཅིག་སྙམ་དུ་མི་གཏོང་བ་དང་ཕྱིར་ཞིང་དོན་དུ་གཉེར་བ་འདི་ནི་སྲིད་པའི་རྐྱེན་གྱིས་ལེན་པ་ཞེས་བྱའོ། །དེ་ལྟར་དོན་དུ་གཉེར་བ་ནས་ཡང་སྲིད་པ་སྐྱེད་པའི་ལས་ལུས་དང་ངག་དང་ཡིད་ཀྱིས་ཀུན་ནས་སློང་བ་དེ་ནི་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱའོ། །ལས་དེ་ལས་སྐྱེས་པའི་ཕུང་པོ་རྣམས་གྲུབ་པ་གང་ཡིན་པ་དེ་ནི་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱའོ། །སྐྱེས་ནས་མངོན་དུ་གྲུབ་པའི་ཕུང་པོ་རྣམས་ཀྱི་འཕེལ་བ་དང་ཡོངས་སུ་སྨིན་པ་ལས་འཇིགས་པར་འགྱུར་བ་དེ་ནི་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱའོ། །དེ་བཞིན་དུ་སྦྱར་ཏེ། དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་པ་འདི་དག་ནི་གཅིག་གི་རྒྱུ་གཅིག་གཅིག་གི་རྐྱེན་གཅིག །རྟག་པ་མ་ཡིན་མི་རྟག་པ་ཡང་མ་ཡིན། འདུས་བྱས་མ་ཡིན་འདུས་མ་བྱས་མ་ཡིན། རྒྱུ་མེད་པ་མ་ཡིན་རྐྱེན་མེད་པ་མ་ཡིན། མྱོང་བ་ཡོད་པ་མ་ཡིན། ཟད་པའི་ཆོས་མ་ཡིན། འཇིག་པའི་ཆོས་མ་ཡིན། འགོག་པའི་ཆོས་མ་ཡིན་ཏེ། ཐོག་མ་མེད་པའི་དུས་ནས་ཞུགས་པ་རྒྱུན་མ་ཆད་པར་རླུང་གི་རྒྱུན་བཞིན་དུ་རྗེས་སུ་ཞུགས་མོད་ཀྱི། འོན་ཀྱང་ཡན་ལག་བཞི་པོ་འདི་དག་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་དེ་བསྡུ་བར་བྱ་བའི་རྒྱུར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། མ་རིག་པ་དང་སྲེད་པ་དན་ལས་དང་རྣམ་པར་ཤེས་པའོ། །དེ་ལ་རྣམ་པར་ཤེས་པ་ནི་ས་བོན་གྱི་རང་བཞིན་གྱིས་རྒྱུ་བྱེད་དོ། །ལས་ནི་ཞིང་


DTG111_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གི་རང་བཞིན་གྱིས་རྒྱུ་བྱེད་དོ། །མ་རིག་པ་དང་སྲེད་པ་ནི་ཉོན་མོངས་པའི་རང་བཞིན་གྱིས་རྒྱུ་བྱེད་དོ། །དེ་ལ་ལས་དང་ཉོན་མོངས་པ་དག་ནི་ས་བོན་རྣམ་པར་ཤེས་པ་བསྐྱེད་དོ། །དེ་ལ་ལས་ནི་ས་བོན་རྣམ་པར་ཤེས་པའི་ཞིང་གི་བྱ་བ་བྱེད་དོ། །སྲིད་པ་ནི་ས་བོན་རྣམ་པར་ཤེས་པ་བརླན་པར་བྱེད་དོ། །མ་རིག་པ་ནི་ས་བོན་རྣམ་པར་ཤེས་པ་འདེབས་ཏེ་རྐྱེན་དེ་དག་མེད་ན་ས་བོན་རྣམ་པར་ཤེས་པ་མངོན་པར་འགྲུབ་པར་མི་འགྱུར་རོ། །དེ་ལ་ལས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པའི་ཞིང་གི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །སྲེད་པ་ཡང་འདི་སྙམ་དུ་བདག་གིས་ས་བེན་རྣམ་པར་ཤེས་པ་བརླན་པར་བྱའོ་སྙམ་དུ་མི་སེམས་སོ། །མ་རིག་པ་ཡང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པ་གདབ་པོ་སྙམ་དུ་མི་སེམས་སོ། །ས་བོན་རྣམ་པར་ཤེས་པ་ཡང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མི་སེམས་ཏེ་འོན་ཀྱང་ས་བོན་རྣམ་པར་ཤེས་པ་ལས་ཀྱི་ཞིང་ལ་བརྟེན་པ་སྲེད་པའི་རླན་གྱིས་བརླན་པ་མ་རིག་པས་བཏབ་པ་སྐྱེ་བ་ན། སྐྱེ་བའི་གནས་ཉིང་མཚམས་སྦྱོར་བ་མའི་མངལ་དེ་དང་དེར་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་སྟེ། མིང་དང་གཟུགས་ཀྱི་མྱུ་གུ་དེ་ཡང་བདག་གིས་མ་བྱས་གཞན་གྱིས་མ་བྱས་གཉི་གས་མ་བྱས། དབང་ཕྱུག་གིས་མ་བྱས་དུས་ཀྱིས་མ་བསྒྱུར་རང་བཞིན་ལས་མ་བྱུང་བྱེད་པ་ལ་རག་ལས་པ་མ་ཡིན་རྒྱུ་མེད་པ་ལས་ཀྱང་མ་སྐྱེས་ཏེ། འོན་ཀྱང་ཕ་དང་མ་ཕྲད་པ་དང་དུས་དང་ལྡན་པ་དང་རྐྱེན་གཞན་ཚོགས་ན་བདག་པོ་མེད་པའི་ཆོས་བདག་གི་མེད་པ་འཛིན་པ་མེད་པ་ནམ་མཁའ་དང་མཚུངས་པ། སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་ལ་རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་སྐྱེ་གནས་སུ་ཉིང་མཚམས་སྦྱོར་བ་མའི་མངལ་དེ་དང་དེར་མྱོང་བ་དང་ལྡན་པའི་ས་བོན་རྣམ་པར་ཤེས་པ་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་སྒྲུབ་པོ། །འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་ནི་རྒྱུ་ལྔ་ལས་འབྱུང་སྟེ། ལྔ་གང་ཞེ་ན། མིག་ལ་བརྟེན་པ་དང་གཟུགས་དང་སྣང་བ་དང་ནམ་མཁའ་དང་དེ་བསྐྱེད་པའི་ཡིད་ལ་བྱེད་པ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ༌། །དེ་ལ་མིག་ནི་མིག་གི་རྣམ་པར་ཤེས་པའི་རྟེན་གྱི་བྱ་བ་བྱེད་དོ། །གཟུགས་ནི་མིག་གི་རྣམ་པར་ཤེས་པ་དམིགས་པའི་བྱ་བ་བྱེད་


DTG111_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །སྣང་བ་ནི་མངོན་པའི་བྱ་བ་བྱེད་དོ། །ནམ་མཁའ་ནི་མི་སྒྲིབ་པའི་བྱ་བ་བྱེད་དོ། །དེ་བསྐྱེད་པའི་ཡིད་ལ་བྱེད་པ་ནི་སེམས་པའི་བྱ་བ་བྱེད་དོ། །རྐྱེན་དེ་དག་མེད་ན་མིག་གི་རྣམ་པར་ཤེས་པ་འབྱུང་བར་མི་འགྱུར་གྱི། ནམ་ནང་གི་སྐྱ་མཆེད་མིག་མ་ཚང་བར་མ་གྱུར་ལ། དེ་བཞིན་དུ་གཟུགས་དང་སྣང་བ་དང༌། ནམ་མཁའ་དང་དེ་སྐྱེད་པའི་ཡིད་ལ་བྱེད་པ་དག་ཀྱང་མ་ཚང་བར་མ་གྱུར་ཏེ། ཐམས་ཅད་འདུས་པ་དེ་ལས་མིག་གི་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ། །དེ་ལ་མིག་ནི་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་རྟེན་གྱི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །གཟུགས་ཀྱང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་དམིགས་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །སྣང་བ་ཡང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་མངོན་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །ནམ་མཁའ་ཡང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་མི་སྒྲིབ་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །དེ་བསྐྱེད་པའི་ཡིད་ལ་བྱེད་པ་ཡང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་སེམས་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །མིག་གི་རྣམ་པར་ཤེས་པ་ཡང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མི་སེམས་ཏེ་འོན་ཀྱང་རྐྱེན་འདི་དག་ཡོད་པ་ལས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་དབང་པོ་ལྷག་མ་རྣམས་ལ་ཡང་ཅི་རིགས་སུ་བྱའོ། །དེ་ལ་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་མི་འཕོ་མོད་ཀྱི། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་ལས་ཀྱི་འབྲས་བུར་མངོན་པར་ཡང་ཡོད་དོ། །དེ་བཞིན་དུ་སྦྱར་ཏེ། འདི་ལྟ་སྟེ་དཔེར་ན་རབ་ཏུ་ཕྱིས་པའི་མེ་ལོང་གི་དཀྱིལ་འཁོར་ལ་བཞིན་གྱི་གཟུགས་བརྙན་སྣང་བ་ཡང་བཞིན་མེ་ལོང་གི་དཀྱིལ་འཁོར་དུ་མ་འཕོས་མོད་ཀྱི། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་བཞིན་དུ་མངོན་པ་ཡང་ཡོད་དོ། །དེ་བཞིན་དུ་འདི་ནས་ཀྱང་སུ་ཡང་ཤི་འཕོས་པ་མེད་ལ་གཞན་དུ་ཡང་མ་སྐྱེས་ཏེ། རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པའི་ཕྱིར་ལས་ཀྱི་འབྲས་བུར་མངོན་པ་ཡང་ཡོད་དོ། །འདི་ལྟ་སྟེ་དཔེར་ན། ཟླ་བའི་དཀྱིལ་འཁོར་ནི་དཔག་ཚད་བཞི་ཁྲི་ཉིས་སྟོང་ནས་འགྲོ་སྟེ། འོན་ཀྱང་སྣོད་ཆུང་ངུ་ཆུས་གང་བར་


DTG111_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བའི་དཀྱིལ་འཁོར་གྱི་གཟུགས་བརྙན་སྣང་བ་ཡང་ཟླ་བའི་དཀྱིལ་འཁོར་ནི་གནས་དེ་ནས་མ་འཕོས་ཏེ། སྣོད་ཆུང་ངུ་ཆུས་གང་བའི་ནང་དུ་སོང་བ་ཡང་མེད་མོད་ཀྱི་རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་ཟླ་བའི་དཀྱིལ་འཁོར་དུ་སྣང་བ་ཡང་ཡོད་དོ། །དེ་བཞིན་དུ་འདི་ནས་ཀྱང་སུ་ཡང་ཤི་འཕོས་པ་མེད་ལ། གཞན་དུ་ཡང་མ་སྐྱེས་མོད་ཀྱི་རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པའི་ཕྱིར་ལས་ཀྱི་འབྲས་བུར་མངོན་པ་ཡང་ཡོད་དོ། །འདི་ལྟ་སྟེ་དཔེར་ན། མེ་ནི་རྒྱུ་དང་རྐྱེན་མ་ཚང་ན་མི་འབར་གྱི་རྒྱུ་དང་རྐྱེན་ཚོགས་པ་ལས་འབར་རོ། །དེ་བཞིན་དུ་བདག་པོ་མེད་པའི་ཆོས་བདག་གི་མེད་པ་འཛིན་པ་མེད་པ་ནམ་མཁའ་དང་མཚུངས་པ་སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་ལ་རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པའི་ཕྱིར་སྐྱེ་བའི་གནས་ཉིང་མཚམས་སྦྱོར་བ་མའི་མངལ་དེ་དང་དེར་ས་བོན་རྣམ་པར་ཤེས་པ་ལས་དང་ཉོན་མོངས་པ་རྣམས་ཀྱིས་བསྐྱེད་པ་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་སྒྲུབ་པོ། །དེ་ལ་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། རྟག་པར་མ་ཡིན་པ་དང༌། ཆད་པར་མ་ཡིན་པ་དང༌། འཕོ་བར་མ་ཡིན་པ་དང༌། རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོར་འབྱུང་བ་དང༌། དེ་དང་འདྲ་བའི་རྒྱུད་དུའོ། །ཇི་ལྟར་རྟག་པར་མ་ཡིན་ནོ་ཞེ་ན། གང་གི་ཕྱིར་ཐ་མ་འཆི་བའི་ཕུང་པོ་རྣམས་ཀྱང་གཞན་ལ་སྐྱེ་བའི་ཆར་གཏོགས་པ་རྣམས་ཀྱང་གཞན་ཏེ། ཐ་མ་འཆི་བའི་ཕུང་པོ་གང་ཡིན་པ་དེ་ཉིད་སྐྱེ་བའི་ཆར་གཏོགས་པ་རྣམས་མ་ཡིན་གྱི། ཐ་མ་འཆི་བའི་ཕུང་པོ་རྣམས་ཀྱང་འགགས་ལ་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་ཀྱང་འབྱུང་བས་དེའི་ཕྱིར་རྟག་པར་མ་ཡིན་ནོ། །ཇི་ལྟར་ཆད་པར་མ་ཡིན་ཞེ་ན། ཐ་མ་འཆི་བའི་ཕུང་པོ་རྣམས་འགགས་པ་ལས་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་འབྱུང་བ་མ་ཡིན་འགགས་པ་ལས་ཀྱང་མ་ཡིན་གྱི་ཐ་མ་འཆི་བའི་ཕུང་པོ་རྣམས་ཀྱང་འགགས་ལ་དེ་ཉིད་ཀྱི་ཚེ་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་སྲང་མདའི་མཐོན་དམན་བཞིན་དུ་འབྱུང་བར་འགྱུར་ཏེ་དེའི་ཕྱིར་ཆད་པར་མ་ཡིན་ནོ། །ཇི་ལྟར་འཕོ་བར་མ་ཡིན་ཞེ་ན། སེམས་ཅན་གྱི་རིས་མི་འདྲ་བ་ནས་སྐལ་བ་མཉམ་པའི་སྐྱེ་བར་སྐྱེ་བ་མངོན་པར་འགྲུབ་པས་དེའི་ཕྱིར་འཕོ་བར་མ་ཡིན་ནོ། །ཇི་ལྟར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་ཞེ་ན།


DTG111_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཆུང་ངུ་བྱས་པ་ལས་འབྲས་བུ་ཆེན་པོའི་རྣམ་པར་སྨིན་པ་མྱོང་སྟེ་དེའི་ཕྱིར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་པོ། །ཇི་ལྟར་མྱོང་བར་འགྱུར་བའི་ལས་བྱས་པ་དེ་ལྟ་བུར་མྱོང་བར་འགྱུར་བའི་རྣམ་པར་སྨིན་པ་མྱོང་བས་དེའི་ཕྱིར་དེ་དང་འདྲ་བའི་རྒྱུད་དུའོ། །བཙུན་པ་ཤཱ་རིའི་བུ་རྟེན་ཅིང་འབྲེལ་བར་འབྱུང་བ་བཅོམ་ལྡན་འདས་ཀྱིས་ཡང་དག་པར་གསུངས་པ་འདི་གང་ལ་ལ་ཞིག་གིས་ཡང་དག་པའི་ཤེས་རབ་ཀྱིས་འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟག་པར་རྒྱུན་དུ་སྲོག་མེད་པ་དང་སྲོག་དང་བྲལ་བ་དང༌། ཇི་ལྟ་བ་ཉིད་དང༌། མ་ནོར་བ་དང༌། མ་སྐྱེས་པ་དང༌། མ་བྱུང་བ་དང༌། མ་བྱས་པ་དང༌། འདུས་མ་བྱས་པ་དང༌། ཐོགས་པ་མེད་པ་དང༌། དམིགས་པ་མེད་པ་དང༌། ཞི་བ་དང༌། འཇིགས་པ་མེད་པ་དང༌། མི་འཕྲོགས་པ་དང༌། མི་ཟད་པ་དང༌། རྣམ་པར་མ་ཞི་བའི་རང་བཞིན་དུ་མཐོང་བ་དང༌། མེད་པ་དང༌། གསོག་དང༌། གསོབ་དང༌། སྙིང་པོ་མེད་པ་དང༌། ནད་དང་འབྲས་དང༌། ཟུག་རྡུ་དང༌། སྡིག་པ་དང༌། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང་བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་དེ་ནི། ཅི་བདག་སྔོན་གྱི་དུས་ན་བྱུང་བ་ཞིག་གམ་འོན་ཏེ་མ་བྱུང་བ་ཞིག་སྙམ་དུ་སྔོན་གྱི་མཐའ་ལ་མི་རྟོག་གོ །མ་འོངས་པའི་དུས་ན་ཅིར་འགྱུར་ཅི་ལྟ་བུར་འགྱུར་ཞེས་མ་འོངས་པའི་མཐའ་ལ་མི་རྟོག་གོ །འདི་ཅི་ཞིག་འདི་ཅི་ལྟ་བུ་ཞིག་ཅི་ཞིག་ཡོད་ཅིར་འགྱུར་སེམས་ཅན་འདི་དག་གང་ནས་འོངས་འདི་ནས་ཤི་འཕོས་ནས་གང་དུ་འགྲོ་བར་འགྱུར་ཞེས་ད་ལྟར་བྱུང་བ་ལ་ཡང་མི་རྟོག་གོ་ཞེས་བྱ་བའོ། །འཕགས་པ་ས་བཅུའི་མདོ་ལས་ཀྱང་གསུངས་ཏེ། དེ་ལ་མ་རིག་པ་དང་སྲེད་པ་དང་ལེན་པ་ནི་ཉོན་མོངས་པའི་ལམ་གྱི་རྒྱུན་མི་འཆད་པའོ། །འདུ་བྱེད་དང་སྲིད་པ་ནི་ལས་ཀྱི་ལམ་གྱི་རྒྱུན་མི་འཆད་པའོ། །ལྷག་མ་རྣམས་ནི་སྡུག་བསྔལ་གྱི་ལམ་གྱི་རྒྱུན་མི་འཆད་པར་རབ་ཏུ་རྣམ་པར་ཕྱེའོ། །དེ་བཞིན་དུ་སྦྱར་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་གང་ཡིན་པ་དེ་ནི་སྔོན་གྱི་མཐའ་ལ་ལྟོས་པའོ། །རྣམ་པར་ཤེས་པ་ནས་ཚོར་བའི་བར་དེ་ནི་ད་ལྟར་བྱུང་བ་ལ་ལྟོས་པའོ། །སྲེད་པ་ནས་སྲིད་པ་ཞེས་བྱ་བའི་བར་དེ་ནི་ཕྱི་མའི་མཐའ་ལ་ལྟོས་པ་སྟེ། དེ་ཕན་ཆད་ཡང་དེ་དག་རབ་ཏུ་འབྱུང་ངོ༌། །དེ་བཞིན་དུ་སྦྱར་ཏེ། དེ་འདི་སྙམ་


DTG111_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སེམས་ཏེ། ལྡན་པ་ལས་ནི་འདུས་བྱས་འབྱུང་ངོ༌། །བྲལ་བ་ལས་ནི་འདུས་བྱས་མི་འབྱུང་ངོ༌། །ཚོགས་པ་ལས་ནི་འདུས་བྱས་འབྱུང་ངོ༌། །མ་ཚོགས་པ་ལས་ནི་འདུས་བྱས་མི་འབྱུང་ངོ༌། །མ་ལ་དེ་ལྟར་བདག་གིས་འདུས་བྱས་ཉེས་པ་མང་པོའི་སྐྱོན་ཆགས་པ་འདི་ལྟ། བུ་འདི་ཤེས་པར་བྱས་ལ། འདུ་བ་འདི་དང་ཚོགས་པ་འདིའི་རྒྱུན་གཅད་པར་ཡང་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདུ་བྱེད་རྣམས་ཤིན་ཏུ་ཞི་བར་བྱ་བ་ཐོབ་པར་ཡང་མི་བྱའོ་སྙམ་མོ་ཞེས་གསུངས་ཏེ། །འདི་ནི་གཏི་མུག་སྦྱང་བ་མདོར་བསྡུས་པའོ། །བསླབ་པ་ཀུན་ལས་བཏུས་པ་ལས། སེམས་ཡོངས་སུ་སྦྱང་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ལྟར་སེམས་ལས་སུ་རུང་ནས་དྲན་པ་ཉེ་བར་གཞག་པ་ལ་འཇུག་སྟེ། དེ་ལ་མི་སྡུག་པའི་སྐབས་ནས་ལུས་དྲན་པ་ཉེ་བར་གཞག་པ་བཤད་ཟིན་ཏོ། །དེ་ཉིད་དབྱེ་བའི་བག་ཙམ་ཞིག་ཆོས་ཡང་དག་པར་སྡུད་པའི་མདོ་ལས་གསུངས་ཏེ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་འདི་ལྟར་ལུས་འདི་ནི་རྐང་པ་དང༌། རྐང་སོར་དང༌། བྱིན་པ་དང༌། བརླ་དང༌། དཀུ་དོ་དང༌། ལྟོ་བ་དང༌། ལྟེ་བ་དང༌། སྒལ་ཚིགས་དང༌། སྙིང་དང༌། རྩིབ་ལོགས་དང༌། སོག་པ་དང༌། ལག་པ་དང༌། ལག་ངར་དང༌། དཔུང་ས་དང། ཐལ་གོང་དང༌། མཇིང་པ་དང༌། འགྲམ་པ་དང༌། དཔྲལ་བ་དང༌། མགོ་དང༌། མགོའི་ཐོད་པ་འདུས་པ་ཙམ་སྟེ། ལས་འབྱུང་བའི་བྱེད་པ་པོས་བསགས་པ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་ཀུན་དུ་རྟོག་པ་དང༌། རྣམ་པར་རྟོག་པ་ཐ་དད་པ་བརྒྱ་སྟོང་གི་གནས་སུ་གྱུར་པའོ། །འདིར་ཁམས་ཀྱི་རྫས་མང་པོ་འདུས་པ་ནི་འདི་ལྟ་སྟེ། སྐྲ་དང་ཁ་སྤུ་དང་སེན་མོ་དང་སོ་དང་རུས་པ་དང་པགས་པ་དང་ཤ་དང་ཤའི་སྤྲི་དང་རྒྱུས་པ་དང་ཚིལ་དང་ཞག་དང་ཆུ་སེར་དང་མཆེར་པ་དང་གཅིན་དང་ཕྱི་ས་དང༌། ཕོ་བ་དང་ལོང་ཀ་དང་ཁྲག་དང་སྣབས་དང་མཁྲིས་པ་དང༌། རྣག་དང་མཆིལ་མ་དང་ཀླད་པ་དང་ཀླད་རྒྱས་རྣམས་ཏེ། དེ་ལྟར་རྫས་མང་པོ་འདུས་པ་ཡིན་ནོ། །འདི་ལ་ལུས་ཞེས་ཇི་སྐད་དུ་བྱ་སྙམ་དུ་ལུས་དྲན་པ་ཉེ་བར་འཇོག་གོ །དེ་ལ་སོ་སོར་རྟོག་པ་ན་འདི་སྙམ་དུ་སེམས་ཏེ། ལུས་འདི་ནི་ནམ་མཁའ་དང་མཚུངས་སོ་སྙམ་ནས་དེ་ལུས་ལ་ནམ་མཁའ་ལྟར་དྲན་པ་ཉེ་


DTG111_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བར་འཇོག་གོ །དེ་ཐམས་ཅད་ནམ་མཁའ་ལྟར་མཐོང་ངོ༌། །དེ་ལུས་ཡོངས་སུ་ཤེས་པའི་ཕྱིར་གང་དུ་ཡང་དྲན་པ་ཉེ་བར་མི་འཇོག་གོ །རྣམ་པར་མི་འཇོག་གོ །རྣམ་པར་མི་འཕྲོའོ་ཞེས་བྱ་བའོ། །ཡང་གསུངས་པ། ལུས་འདི་ནི་སྔོན་གྱི་མཐའ་ནས་ཀྱང་མ་འོངས། ཕྱི་མའི་མཐར་ཡང་མི་འགྲོ་།སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ལ་ཡང་མི་གནས་ཏེ། གཞན་དུ་ན་ཡང་དག་པ་མ་ཡིན་པ་ཕྱིན་ཅི་ལོག་ལས་བྱུང་བ། བྱེད་པ་པོ་དང་ཚོར་བ་པོ་མེད་པ། ཐོག་མ་དང་ཐ་མ་དང་དབུས་མེད་པ། རྩ་བ་གནས་པ་མེད་པ། བདག་པོ་མེད་པ་ངའི་བ་མེད་པ་ཡོངས་སུ་འཛིན་པ་མེད་པ་སྟེ། ཚོགས་ཞེས་བྱ་བ་དང་ལུས་ཞེས་བྱ་བ་དང་ལོངས་སྤྱོད་ཅེས་བྱ་བ་དང་གནས་ཞེས་བྱ་བ་དང་རྟེན་ཞེས་བྱ་བ་དང་ཚང་ཞེས་བྱ་བ་དང༌། སྐྱེ་མཆེད་ཅེས་བྱ་བ་ནི་གློ་བུར་གྱི་ཐ་སྙད་རྣམས་ཀྱིས་ཐ་སྙད་བཏགས་པའོ། །ལུས་འདི་ནི་སྙིང་པོ་མེད་པ་སྟེ། ཕ་དང་མའི་ཁུ་བ་དང་ཁྲག་ལས་བྱུང་བ་མི་གཙང་བ་རུལ་བ་རང་བཞིན་གྱིས་དྲི་མི་ཞིམ་པ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་འཇིགས་པ་དང་སྒྱིད་ལུག་པའི་རྐུན་པོས་དཀྲུགས་པ། རྟག་ཏུ་འཇིག་པ་འབྲལ་བ་འབྲུལ་བ་རྣམ་པར་འཐོར་བ་རྣམ་པར་འཇོམས་པའི་ཆོས་ཅན། ནད་ཐ་དད་པ་བརྒྱ་སྟོང་གི་ཚང་ངོ་སྙམ་དུ་ལུས་ལ་དྲན་པ་ཉེ་བར་འཇོག་གོ་ཞེས་བྱ་བའོ། །འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་ལས་ཀྱང༌། ཀྱེ་མའོ་ལུས་འདི་ནི་མི་རྟག་པའི་རྣམ་པ་སྟེ་རིང་པོར་མི་གནས་པ་ཐ་མར་འཆི་བ་ཡིན་པར་ཤེས་ནས་ལུས་ཀྱི་ཕྱིར་མི་མཐུན་པའི་འཚོ་བ་མི་སྤྱོད་ཅིང་སྙིང་པོ་ལེན་ཏོ། །དེ་སྙིང་པོ་གསུམ་ལེན་ཏེ། གསུམ་གོང་ཞེ་ན། ལུས་ཀྱི་སྙིང་པོ་དང༌། ལོངས་སྤྱོད་ཀྱི་སྙིང་པོ་དང༌། འཚོ་བའི་སྙིང་པོའོ། །དེ་ལུས་མི་རྟག་གོ་སྙམ་ནས་སེམས་ཅན་ཐམས་ཅད་ཀྱི་བྲན་དང་སློབ་མར་ཁས་བླངས་ཏེ་ཅི་བྱའོ་ཅོག་ལ་འབད་པ་ཡིན། ལུས་མི་རྟག་གོ་སྙམ་ནས་ལུས་ཀྱི་ཉེས་པ་ཡོན་པོ་དང་གཡོ་དང་ཚུལ་འཆོས་པ་ཐམས་ཅད་མི་བྱེད་དོ། །ལུས་མི་རྟག་གོ་སྙམ་ནས་སྲོག་ལ་བག་མི་སྟོན་པར་འགྱུར་ཏེ་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་དོ། །ལུས་མི་རྟག་གོ་སྙམ་ནས་ལོངས་སྤྱོད་ལ་སྤྱོད་པ་སྲེད་ཅིང་ཆགས་པར་མི་བྱེད་དེ་དེ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ཡིན་ནོ། །རིགས་ཀྱི་བུ་


DTG111_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་བྱང་ཆུབ་སེམས་དཔའ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་བསྒོམ་པ། བདག་གི་ལུས་དེ་ལས་སེམས་ཅན་ཐམས་ཅད་ཀྱི་ལུས་ཉེ་བར་འདོགས་ཤིང་བདག་གིས་སེམས་ཅན་ཐམས་ཅད་ཀྱི་ལུས་སངས་རྒྱས་ཀྱི་སྐུའི་གནས་ལ་གནས་པར་བྱའོ་སྙམ་སྟེ། ཇི་ལྟར་དེ་བཞིན་གཤེགས་པའི་སྐུ་ཟག་པ་མེད་པ་ལྟར་རང་གི་ལུས་ཀྱི་ཆོས་ཉིད་ལ་ཡང་དེ་བཞིན་དུ་རྟོག་གོ །དེ་ཟག་པ་མེད་པའི་ཆོས་ལ་མཁས་པས་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱང་དེའི་མཚན་ཉིད་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁྱིམ་བདག་དཔས་བྱིན་གྱིས་ཞུས་པ་ལས་ཀྱང༌། འདི་ལྟ་སྟེ་ལུས་འདི་མཐར་གྱིས་འགྲུབ་པ་དང་མཐར་གྱིས་འཇིག་པ་དང་རྡུལ་ཕྲ་རབ་བསྩགས་པ་དང་ཁོང་སྟོང་དང་དགྱེ་གུ་ཅན་དང་བུ་ག་དགུ་དང་སྤུའི་ཁུང་བུ་ནས་ཟག་པ་དང༌། གྲོག་མཁར་ལྔར་སྤྲུལ་གདུག་པའི་གནས་སུ་གྱུར་པ་དང༌། མ་སྐྱེས་དགྲའི་སྤྲེའུ་ལྟར་གྲོགས་ལ་འཁུ་བ་དང༌། བཤེས་གཉེན་ངན་པ་ལྟར་འདྲིད་པའི་བདག་ཉིད་ཅན་དང༌། དབུ་བ་རྡོས་པ་ལྟར་རང་བཞིན་གྱིས་ཉམ་ཆུང་བ་དང༌། ཆུའི་ཆུ་བུར་ལྟར་བྱུང་ནས་འཇིག་ཅིང་འཇུ་བ་དང༌། སྨིག་རྒྱུ་ལྟར་སླུ་བའི་བདག་ཉིད་ཅན་དང༌། ཆུ་ཤིང་ལྟར་བཤིག་ན་སྙིང་པོ་མེད་པ་དང༌། སྒྱུ་མ་ལྟར་སླུ་བའི་བདག་ཉིད་ཅན་དང༌། རྒྱལ་པོ་ལྟར་བསྒོ་བླག་མང་བ་དང༌། དགྲ་ལྟར་གླགས་ལྟ་བ་དང༌། རྐུན་པོ་ལྟར་ཡིད་བརྟན་དུ་མི་རུང་བ་དང་གཤེད་མ་ལྟར་རྗེས་སུ་ཆགས་པ་མེད་པ་དང༌། མི་མཛའ་བ་ལྟར་མི་ཕན་པར་འདོད་པ་དང༌། གསོད་པ་ལྟར་ཤེས་རབ་ཀྱི་སྲོག་གི་བར་ཆད་བྱེད་པ་དང༌། གྲོང་སྟོང་ལྟར་བདག་དང་བྲལ་བ་དང༌། རྫ་མཁན་གྱི་སྣོད་ལྟར་མཐར་འཇིག་པ་དང༌། རྫིང་ལྟར་མི་གཙང་བ་སྣ་ཚོགས་ཀྱིས་ཡོངས་སུ་གང་བ་དང༌། སྦང་མའི་སྣོད་ལྟར་མི་གཙང་བ་ཟག་པ་དང༌། དེ་བཞིན་དུ་སྦྱར་ཏེ། རྨ་ལྟར་བསྐྱོད་མི་བཟོད་པ་དང༌། ཟུག་རྔུ་ལྟར་གནོད་པའི་བདག་ཉིད་ཅན་དང། ཁང་རྙིང་ལྟར་བཅོས་ལེགས་བྱ་ཞིང་བརྟེན་པ་དང༌། གྲུ་རྙིང་ལྟར་བཅོས་ལེགས་བྱ་ཞིང་སྤྱད་པ་དང༌། བུམ་པ་སོ་མ་བཏང་བ་ལྟར་ནན་ཏན་གྱིས་བག་བྱ་དགོས་པ་དང༌། དེ་བཞིན་དུ་སྦྱར་ཏེ། ཆུ་འགྲམ་གྱི་ཤིང་ལྟར་གཡོ་ཞིང་འགུལ་བ་དང༌། ཆུ་ཀླུང་ཆེན་པོའི་རྒྱུན་ལྟར་མཐར་འཆི་


DTG111_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱ་མཚོ་ལ་ཐུག་པ་དང༌། གློ་བུར་བའི་ཁྱིམ་ལྟར་སྡུག་བསྔལ་ཐམས་ཅད་ཀྱི་གནས་སུ་གྱུར་པ་དང༌། མགོན་མེད་པའི་གནས་ཁང་ལྟར་ཡོངས་སུ་གཟུང་བ་མེད་པ་དང༌། བཙོན་སྲུང་ལྟར་གསུག་གིས་བསྒྲུབ་པར་བྱ་བ་དང༌། དེ་བཞིན་དུ་སྦྱར་ཏེ། བྱིས་པ་ཆུང་ངུ་ལྟར་རྟག་ཏུ་ཡོངས་སུ་བསྐྱང་དགོས་པའོ་ཞེས་གསུངས་སོ། །ཡང་གསུངས་པ། འདི་ལྟར་མི་གཙང་ཕུང་པོའི་ལུས་ལ་ནི། །གཟུགས་ཀྱི་ང་རྒྱལ་ཅན་གང་གཅེས་འཛིན་པ། །བྱིས་པའི་བློ་ཅན་དེ་ནི་མངོན་བཞིན་དུ། །མི་ཤེས་ངན་སྐྱུགས་བུམ་པ་ཐོགས་ཤིང་འགྲོ། །དེ་ཡི་སྣ་ནས་རྣག་གི་རྣམ་པ་འཛག །ཁ་ནས་དྲི་མི་ཞིམ་པ་རྟག་ཏུ་འབྱུང༌། །སྐྱེ་བོའི་ཁ་འགྲམ་མིག་ནི་སྲིན་བུ་བཞིན། །དེ་ལ་སུ་ཞིག་ཆགས་ཤིང་གཅེས་པར་བྱེད། །དཔེར་ན་བྱིས་པ་སོལ་བ་ཐོགས་ནས་སུ། །འདི་ནི་དཀར་པོར་བྱ་ཞེས་བདར་བྱེད་ཀྱང༌། །དཀར་པོའི་དངོས་པོར་མི་འགྱུར་ཟད་པར་འགྱུར། །བྱིས་བློ་ཕྱིན་ཅི་ལོག་ཏུ་མངོན་པར་རློམ། །དེ་ལྟར་མི་གང་གཙང་སྦྲའི་བློ་གྲོས་ལྡན། །ང་ཡི་ལུས་འདི་གཙང་མར་བྱ་ཞེས་ཏེ། །བསྐུས་ཕྱིས་འབབ་སྟེགས་བརྒྱར་ནི་ཁྲུས་བྱས་ཀྱང༌། །འཆི་བདག་དབང་གིས་ཟད་འགྱུར་གཙང་མི་འགྱུར། །བྱང་ཆུབ་སེམས་དཔའ་དེ་ལྟར་ལུས་ལ་འཇིག་པ་དང༌། བུ་ག་དགུའི་སྒོ་ནས་འཛག་པར་བརྟག་པར་བྱ་བ་ནས་བྱང་ཆུབ་སེམས་དཔའི་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་བཞི་སྟོང་གི་གནས་སུ་བརྟག་པར་བྱ་བའི་བར་དུའོ། །དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་ལུས་ལ་སྤྱང་ཀི་དང་ཅེ་སྤྱང་དང་ཁྱི་དང་རྗེན་ཤ་ཟ་བ་གཞན་གྱི་ཟས་སུ་བརྟག་པར་བྱ། བྱང་ཆུབ་སེམས་དཔའ་ལུས་ལ་རུས་པ་དང་རྒྱུས་པའི་བོག་རེས་སྦྲེལ་བས་འཁྲུལ་འཁོར་ལྟ་བུར་བརྟག་པར་བྱ། བྱང་ཆུབ་སེམས་དཔའ་ལུས་ལ་ཟས་དང་སྐོམ་ལས་བྱུང་བ་སྟེ་རང་གི་ཁ་ན་ལས་པ་མ་ཡིན་པར་བརྟག་པར་བྱའོ་ཞེས་ཏེ་རྒྱ་ཆེར་ནི་དེ་ཉིད་ལས་ཤེས་པར་བྱའོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་ནི། རེ་ཞིག་འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་ལས་ཇི་སྐད་དུ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་བསྡོམ་པ་ནི་ཚོར་བ་བདེ་བར་གནས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་ཐོབ་པར་འགྱུར་རོ། །


DTG111_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འདི་ལྟར་གང་ལ་ཚོར་བ་མེད་པ་དེ་ནི་བདེ་བ་ཡིན་ནོ་ཞེས་སློབ་སྟེ། དེས་སེམས་ཅན་ཐམས་ཅད་ཀྱི་ཚོར་བ་སྤང་བའི་ཕྱིར་ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་བསྒོམ་མོ། །དེ་སེམས་ཅན་རྣམས་ཀྱི་ཚོར་བ་འགོག་པའི་ཕྱིར་གོ་ཆ་བགོས་ཀྱང་བདག་གི་ཚོར་བ་འགོག་པར་ཡང་མི་བྱེད་དོ། །དེས་ཚོར་བ་གང་ཅི་མྱོང་ཡང་ཚོར་བ་དེ་དག་ཐམས་ཅད་སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་ཞིང་མྱོང་བར་བྱེད་དོ། །དེ་ནམ་བདེ་བའི་ཚོར་བ་མྱོང་བའི་ཚེ་ན་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་རྙེད་དེ་བདག་གི་འདོད་ཆགས་ཀྱི་ཆ་བག་ལ་ཉལ་བ་ཡང་ཡོངས་སུ་སྤོང་ངོ༌། །ནམ་སྡུག་བསྔལ་གྱི་ཚོར་བ་མྱོང་བའི་ཚེ་ན་ཞེ་སྡང་ལ་སྤྱོད་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་རྙེད་དེ་བདག་གི་ཞེ་སྡང་གི་བདག་ལ་ཉལ་ཡང་ཡོངས་སུ་སྤོང་ངོ༌། །ནམ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་མྱོང་བའི་ཚེ་ན་གཏི་མུག་ལ་སྤྱོད་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་རྙེད་དེ་བདག་གི་གཏི་མུག་གི་བག་ལ་ཉལ་ཡང་རབ་ཏུ་སྤོང་ངོ༌། །བདེ་བའི་ཚོར་བ་ལ་རྗེས་སུ་ཆགས་པར་མི་འགྱུར་ཏེ་རྗེས་སུ་ཆགས་པ་ལེགས་པར་འཇོམས་པར་ཡང་བྱེད་དོ། །སྡུག་བསྔལ་གྱི་ཚོར་བ་ལ་ཁོང་ཁྲོ་བར་ཡང་མི་འགྱུར་ཏེ། ཁོང་ཁྲོ་བ་ལེགས་པར་འཇོམས་པར་ཡང་བྱེད་དོ། །སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ལ་མ་རིགས་པ་དང་ལྡན་པར་མི་འགྱུར་ཏེ་མ་རིག་པ་ལེགས་པར་འཇོམས་པར་ཡང་བྱེད་དོ། །དེས་ཚོར་བ་གང་ཅི་མྱོང་བ་དེ་དག་ཐམས་ཅད་ཀྱང་མི་རྟག་པར་ཤེས་ཤིང་མྱོང་བར་བྱེད་དོ། །སྡུག་བསྔལ་དུ་ཤེས་ཤིང་མྱོང་བར་བྱེད་དོ། །བདག་མེད་པར་ཤེས་ཤིང་མྱོང་བར་བྱེད་དོ། །དེ་བདེ་བའི་ཚོར་བ་ལ་ནི་མི་རྟག་པར་ཤེས་པར་འགྱུར་རོ། །སྡུག་བསྔལ་གྱི་ཚོར་བ་ལ་ནི་ཟུག་རྒུར་ཤེས་པར་འགྱུར་རོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ལ་ནི་ཞི་བར་ཤེས་པར་འགྱུར་རོ། །དེ་ལྟར་ན་གང་བདེ་བ་དེ་ནི་མི་རྟག་པའོ། །གང་སྡུག་བསྔལ་བ་དེ་ནི་སྡུག་བསྔལ་བ་ཉིད་དོ། །གང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་དེ་ནི་བདག་མེད་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ། །འཕགས་པ་བློ་གྲོས་


DTG111_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཟད་པའི་མདོ་ལས་ཀྱང༌། སྡུག་བསྔལ་གྱི་ཚོར་བས་རེག་ན་ང་ན་སོང་དང་མི་ཁོམ་པར་སྐྱེས་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་དོ། །དེ་བཞིན་དུ་སྦྱར་ཏེ། ཚོར་བ་ནི་མངོན་པར་ཞེན་པའོ། །ཚོར་བ་ནི་ཡོངས་སུ་འཛིན་པའོ། །ཚོར་བ་ནི་ཉེ་བར་ལེན་པའོ། །ཚོར་བ་ནི་དམིགས་པའོ། །ཚོར་བ་ནི་ཕྱིན་ཅི་ལོག་གོ །ཚོར་བ་ནི་རྣམ་པར་རྟོག་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང༌། ཚོར་བ་མྱོང་བར་རབ་བསྟན་པ། །ཚོར་བ་ལས་གཞན་ཚོར་བ་པོ། །གུད་ན་ཡོད་པ་མ་ཡིན་ན། །གང་གིས་དེ་ནི་ཚོར་བར་འགྱུར། །བྱང་ཆུབ་ཅི་འདྲ་དེ་བཞིན་དུ། །ཞི་ཞིང་དག་ལ་འོད་གསལ་བར། །ཚོར་བ་འདི་ལ་མཁས་པ་རྣམས། །དྲན་པ་དེ་ལྟར་ཉེ་ར་གཞག་ཅེས་གསུངས་སོ། །དེ་ནི་ཚོར་བ་དྲན་པ་ཉེ་བར་གཞག་པ་མདོར་བསྡུས་པའོ། །སེམས་དྲན་པ་ཉེ་བར་གཞག་པ་ནི་དཀོན་མཆོག་བརྩེགས་པ་ལས་ཇི་སྐད་དུ། དེ་འདི་ལྟར་སེམས་ཡོངས་སུ་ཚོར་ཏེ། འདོད་ཆགས་པར་འགྱུར་བའམ་ཞེ་སྡང་བར་འགྱུར་བའམ་གཏི་མུག་པར་འགྱུར་བའི་སེམས་དེ་དག་གང་ཡིན། ཅི་འདས་པའམ་མ་འོངས་པའམ་ད་ལར་བྱུང་བ་ཞིག་ཡིན། དེ་ལ་སེམས་འདས་པ་ཡང་ཡིན་པ་དེ་ནི་ཟད་པའོ། །མ་འོངས་པ་གང་ཡིན་པ་དེ་ནི་མ་ཕྱིན་པའོ། །ད་ལྟར་བྱུང་བ་ནི་གནས་པ་མེད་དོ་སྙམ་མོ། །འོད་སྲུངས་སེམས་ནི་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད་གཉི་ག་ན་ཡང་མེད་ཅིང་མི་དམིགས་སོ། །འོད་སྲུངས་སེམས་ནི་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། རྟེན་མེད་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པའོ། །འོད་སྲུངས་སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །ལོག་པར་ཞུགས་པའི་འདུ་ཤེས་ལས་ཆོས་རྣམས་འབྱུང་བ་མ་གཏོགས་པར། །སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་བ་གང་ཡིན་པ་དེའི་རྒྱུ་བ་ཅི་འདྲ་བར་རིག་པར་བྱ་ཞེ་ན། འོད་སྲུངས་སེམས་ནི་སྒྱུ་མ་དང་མཚུངས་ཏེ་ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པས་སྐྱེ་བ་རྣམ་པ་མང་པོ་ཡོངས་སུ་འཛིན་ཏོ། །དེ་བཞིན་དུ་སྦྱར་ཏེ། འོད་


DTG111_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

སྲུངས་སེམས་ནི་འབབ་ཆུའི་རྒྱུན་དང་མཚུངས་ཏེ་མི་གནས་པ་སྐྱེས་ནས་འཇིག་ཅིང་དེངས་པའོ། །འོད་སྲུངས་སེམས་ནི་རླུང་དང་མཚུངས་ཏེ་རིང་དུ་འགྲོ་ཞིང་གཟུང་དུ་མེད་པར་རྒྱུ་བའོ། །འོད་སྲུངས་སེམས་ནི་མར་མེའི་འོད་འཕྲོ་བ་དང་མཚུངས་ཏེ་རྒྱུ་དང་རྐྱེན་ལས་བྱུང་བའོ། །འོད་སྲུངས་སེམས་ནི་ནམ་མཁའ་དང་མཚུངས་ཏེ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གློ་བུར་བ་རྣམས་ཀྱིས་ཉེ་བར་ཉོན་མོངས་པའོ། །འོད་སྲུངས་སེམས་ནི་གློག་དང་མཚུངས་ཏེ་སྐད་ཅིག་གཅིག་ཏུ་འཇིག་ཅིང་མི་གནས་པའོ། །དེ་བཞིན་དུ་སྦྱར་ཏེ། འོད་སྲུངས་སེམས་ནི་སྡུག་བསྔལ་ཐམས་ཅད་བསྐྱེད་པའི་ཕྱིར་མི་མཛའ་བ་དང་མཚུངས་སོ། །འོད་སྲུངས་སེམས་ནི་དགེ་བའི་རྩ་བ་ཐམས་ཅད་འཇིག་པར་བྱེད་པའི་ཕྱིར་བྱེ་མའི་ཁང་པ་དང་མཚུངས་སོ། །འོད་སྲུངས་སེམས་ནི་སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པའི་ཕྱིར་ཉའི་མཆིལ་པ་དང་མཚུངས་སོ། །འོད་སྲུངས་སེམས་ན་བདག་མེད་པ་ལ་བདག་ཏུ་འདུ་ཤེས་པའི་ཕྱིར་རྨི་ལམ་དང་མཚུངས་སོ། །འོད་སྲུངས་སེམས་ནི་མི་གཙང་བ་ལ་གཙང་བར་འདུ་ཤེས་པའི་ཕྱིར་སྦྲང་མ་སྔོན་པོ་དང་མཚུངས་སོ། །འོད་སྲུངས་སེམས་ནི་གནོད་པ་རྣམ་པ་མང་པོ་བྱེད་པས་ཕྱིར་རྒོལ་བ་དང་མཚུངས་སོ། །འོད་སྲུངས་སེམས་ནི་རྟག་ཏུ་ཀླན་ཀ་ཚོལ་བའི་ཕྱིར་གནོད་སྦྱིན་མདངས་འཕྲོག་པ་དང་མཚུངས་སོ། །འོད་སྲུངས་སེམས་ནི་རྟག་ཏུ་གླགས་ལྟ་བས་དགྲ་དང་མཚུངས་སོ། །འོད་སྲུངས་སེམས་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་ལྡན་པས་རྟག་ཏུ་མཐོ་དམན་ཅན་ནོ། །འོད་སྲུངས་སེམས་ནི་དགེ་བའི་རྩ་བ་ཐམས་ཅད་རྐུ་བས་ཆོམ་རྐུན་དང་མཚུངས་སོ། །འོད་སྲུངས་སེམས་ནི་གཟུགས་ལ་དགའ་བས་ཕྱི་བྱི་ཞི་ལའི་མིག་དང་མཚུངས་སོ། །འོད་སྲུངས་སེམས་ནི་སྒྲ་ལ་དགའ་བས་གཡུལ་གྱི་རྔ་དང་མཚུངས་སོ། །འོད་སྲུངས་སེམས་ནི་ཕག་མི་གཙང་བའི་དྲི་ལ་དགའ་བ་བཞིན་དུ་དྲི་ལ་དགའོ། །འོད་སྲུངས་སེམས་ནི་རོ་ལ་དགའ་ཞིང་ཟས་ཀྱི་ལྷག་མ་ཟ་བའི་བྲན་མོ་དང་མཚུངས་སོ། །འོད་སྲུངས་སེམས་ནི་རེག་པ་ལ་དགའ་བས་སྤྲང་མ་འབྲུ་མར་གྱི་སྣོད་ལ་ཆགས་པ་དང་མཚུངས་སོ། །འོད་སྲུངས་སེམས་ནི་ཀུན་དུ་བཙལ་ཡང་མི་རྙེད་དོ། །གང་མི་རྙེད་པ་དེ་ནི་མི་དམིགས་


DTG111_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །གང་མི་དམིགས་པ་དེ་ནི་འདས་པ་ཡང་མ་ཡིན་མ་འོངས་པ་ཡང་མ་ཡིན་ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །གང་འདས་པ་ཡང་མ་ཡིན་མ་འོངས་པ་ཡང་མ་ཡིན་ད་ལྟར་བྱུང་བ་ཡང་མ་ཡིན་པ་དེ་ནི་དུས་གསུམ་ལས་ཡང་དག་པར་འདས་པའོ། །གང་དུས་གསུམ་ལས་ཡང་དག་པར་འདས་པ་དེ་ནི་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ། །འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་ལས་ཀྱང༌། དེ་སེམས་ཀུན་དུ་ཚོལ་བས་ན་སེམས་ནང་ན་ཡང་ཡང་དག་པར་རྗེས་སུ་མི་མཐོང༌། སེམས་ཕྱི་རོལ་ན་ཡང་ཡང་དག་པར་རྗེས་སུ་མི་མཐོང༌། སེམས་ཕྱི་ནང་ན་ཡང་ཡང་དག་པར་རྗེས་སུ་མི་མཐོང༌། ཕུང་པོ་རྣམས་ལ་ཡང་སེམས་ཡང་དག་པར་རྗེས་སུ་མི་མཐོང༌། ཁམས་རྣམས་ལ་ཡང་སེམས་ཡང་དག་པར་རྗེས་སུ་མི་མཐོང༌། སྐྱེ་མཆེད་རྣམས་ལ་ཡང་སེམས་ཡང་དག་པར་རྗེས་སུ་མི་མཐོང༌། དེས་སེམས་ཡང་དག་པར་རྗེས་སུ་མི་མཐོང་བས། སེམས་གང་ལས་བྱུང་ཞེས་སེམས་ཀྱི་རྒྱུན་ཀུན་དུ་ཚོལ་ཞིང་དེ་འདི་སྙམ་དུ་སེམས་ཏེ། དམིགས་པ་ཡོད་པ་ལས་སེམས་འབྱུང་བར་འགྱུར་རོ་སྙམ་མོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། ཅི་དམིགས་པ་དེ་ཡང་གཞན་ལ་སེམས་དེ་ཡང་གཞན་ནམ། འོན་ཏེ་དམིགས་པ་གང་ཡིན་པ་དེ་ཉིད་སེམས་ཡིན་གལ་ཏེ་དམིགས་པ་ཡང་གཞན་ལ་སེམས་དེ་ཡང་གཞན་ན་ནི། སེམས་དེ་གཉིས་སུ་འགྱུར་རོ། །འོན་ཏེ་དམིགས་པ་གང་ཡིན་པ་དེ་ཉིད་སེམས་ཡིན་ན་ནི་སེམས་ཀྱིས་སེམས་དེ་ཉིད་ཇི་ལྟར་མཐོང་བར་འགྱུར་ཏེ། སེམས་ཀྱིས་སེམས་མཐོང་བར་མི་རུང་ངོ༌། །འདི་ལྟ་སྟེ་དཔེར་ན་རལ་གྲིའི་སོ་དེ་ཉིད་ཀྱིས་རལ་གྲིའི་སོ་དེ་ཉིད་གཅད་པར་མི་ནུས་པ་དང་སོར་མོའི་རྩེ་མོ་དེ་ཉིད་ཀྱིས་སོར་མོའི་རྩེ་མོ་དེ་ཉིད་ལ་རེག་པར་མི་ནུས་པ་དེ་བཞིན་དུ་སེམས་དེ་ཉིད་ཀྱིས་ཀྱང་སེམས་དེ་ཉིད་མཐོང་བར་མི་ནུས་སོ་སྙམ་མོ། །དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུ་གཞན་ཡང་གང་མགྱོགས་པ་རབ་ཏུ་མགྱོགས་པ་མི་གནས་པར་རྒྱུ་བ་སྤྲེའུ་དང་རླུང་དང་འདྲ་བ་འབབ་ཆུའི་རྒྱུན་དང་འབྲུ་མར་གྱི་མར་མེ་དང་འདྲ་བ་རྒྱང་རིང་པོར་འགྲོ་བ། ལུས་མེད་པ། ཡུལ་ལ་བརྐམ་པ། སྐྱེ་མཆེད་དྲུག་ལ་སྤྱོད་པ། གཞན་དང་གཞན་གྱི་ཤེས་པ་དང་ལྡན་པའི་སེམས། གནས་པ། རྩེ་གཅིག་པ། མི་འཕྲོ་བ།


DTG111_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་མི་འཕྲོ་བ། ཞི་གནས་ལ་རྩེ་གཅིག་པ། གཡེང་བ་མེད་པ་འདི་ནི་སེམས་གནས་པ་ཞེས་བྱའོ་ཞེས་གསུངས་སོ། །འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང༌། བདག་གིས་རྣམ་པར་བསྒྲུབ་པར་བྱ་བ་ལ་བརྩོན་པར་བྱ་སྟེ་སེམས་ཀྱི་ཆོས་ཉིད་འདི་ཡང་མི་འདོར་རོ་སྙམ་མོ། །དེ་ལ་སེམས་ཀྱི་ཆོས་ཉིད་ནི་གང་རྣམ་པར་བསྒྲུབ་པ་ནི་གང་ཞེ་ན། སེམས་ནི་སྒྱུ་མ་ལྟ་བུ་སྟེ་འདི་ལ་གང་ཡང་སྦྱིན་པ་དེ་ནི་སེམས་ཀྱི་ཆོས་ཉིད་ཅེས་བྱའོ། །གང་ཡང་བདོག་པ་ཐམས་ཅད་ཡོངས་སུ་བཏང་སྟེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བ་འདི་ནི་རྣམ་པར་བསྒྲུབ་པ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་རྗེས་སུ་དྲན་པ་ནི་རེ་ཞིག་དེ་ཉིད་ལས་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ནི་གང་ལས་སངས་རྒྱས་ཀྱི་ཆོས་མེད་པ་དང༌། གང་ལས་བྱང་ཆུབ་མེད་པ་དང༌། གང་ལས་ལམ་མེད་པ་དང༌། གང་ལས་ཐར་པ་མེད་པ་དང༌། གང་ལས་ངེས་པར་འབྱུང་བ་མེད་པའི་ཆོས་དེ་གང་ཡང་མི་མཐོང་ངོ༌། །དེས་ཆོས་ཐམས་ཅད་འབྱུང་བར་ཤེས་ནས་སེམས་ཅན་རྣམས་ལ་སྒྲིབ་པ་མེད་པར་ཤེས་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱི་སྒོ་ཐོབ་པར་འགྱུར་རོ། །དེ་ཆོས་ཐམས་ཅད་དང་ཉོན་མོངས་པ་ཐམས་ཅད་ལ་ཡང་སྒྱུ་མར་འདུ་ཤེས་པ་ཐོབ་སྟེ། ཆོས་འདི་དག་ནི་ཉོན་མོངས་པ་མེད་པ་སྟེ་འདི་དག་ནི་ཉོན་མོངས་པ་དང་བཅས་པ་མ་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་ངེས་པའི་དོན་ལ་རྟོག་པ་སྟེ། ཉོན་མོངས་པ་རྣམས་ལ་ནི་ཚོགས་མེད། ཕུང་པོར་གྱུར་པ་མེད། འདོད་ཆགས་ཀྱི་དངོས་པོ་མེད། ཞེ་སྡང་གི་དངོས་པོ་མེད། གཏི་མུག་གི་དངོས་པོ་མེད་པ་སྟེ། ཉོན་མོངས་པ་འདི་དག་ཉིད་རྟོགས་པའི་ཕྱིར་བྱང་ཆུབ་པོ། །ཉོན་མོངས་པའི་ངོ་བོ་ཉིད་གང་ཡིན་པ་བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱང་དེ་ཡིན་ནོ་ཞེས་དེ་ལྟར་དྲན་པ་ཉེ་བར་འཇོག་གོ་ཞེས་གསུངས་སོ། །འཕགས་པ་གཙུག་ན་རིན་པོ་ཆེ་ལས་ཀྱང༌། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ལ་གནས་པ་འདི་སྙམ་དུ་སེམས་ཏེ། སྐྱེ་བ་ན་ཆས་རྣམས་ཁོ་ན་སྐྱེ། འགག་པ་ན་ཆོས་


DTG111_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཁོ་ན་འགག་སྟེ། འདི་ལ་བདག་གམ་སེམས་ཅན་ནམ་སྲོག་གམ་སྐྱེ་བ་པོའམ་གསོ་བའམ་སྐྱེས་བུའམ་གང་ཟག་གམ་ཤེད་ལས་སྐྱེས་པའམ་ཤེད་བུའམ་གང་སྐྱེ་བའམ་རྒ་བའམ་འཆི་བའམ། འཕོ་བའམ་སྐྱེ་བར་འགྱུར་བ་གང་ཡང་མེད་དོ། །འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དོ། །གལ་ཏེ་བསྒྲུབས་ན་ནི་གྲུབ་པོ། །གལ་ཏེ་མ་བསྒྲུབས་ན་ནི་མི་འགྲུབ་སྟེ། དགེ་བ་ཡང་རུང་མི་དགེ་བ་ཡང་རུང་མི་གཡོ་བ་ཡང་རུང་སྟེ་ཇི་ལྟར་བསྒྲུབས་པ་དེ་ལྟ་བུར་འགྲུབ་མོད་ཀྱི། ཆོས་རྣམས་ལ་སྒྲུབ་པར་བྱེད་པ་ཡང་མེད་ལ། ཆོས་རྣམས་རྒྱུ་མེད་པར་ཡང་གང་ཡང་མི་སྐྱེའོ་སྙམ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་དེ་ཉིད་ལས། དེ་གང་ཅུང་ཟད་ཆོས་ཟབ་མོ་ལ་སོ་སོར་རྟོག་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པ་དེ་ཡང་མི་འདོར་ཞེས་གསུངས་སོ། །འཕགས་པ་རྒྱ་ཆེར་རོལ་པ་ལས་ཀྱང༌། །འདུ་བྱེད་མི་རྟག་བརྟན་པ་མ་ཡིན་ཏེ། །རྫ་སོ་མ་བཏང་ལྟ་བུར་འཇིག་པའི་བདག །གཞན་གྱི་རྫས་ནི་བརྙན་པོ་བྱས་དང་མཚུངས། །བྱེ་མའི་གྲོང་ཁྱེར་ལྟ་བུར་རིང་མི་ཐོགས། །འདུ་བྱེད་འདི་དག་འཇིག་པའི་ཆོས་ཅན་ཏེ། །དབྱར་གྱི་ཞལ་ཞལ་ཇི་ལྟར་འགོགས་པ་བཞིན། །ཆུ་ངོགས་བྱེ་མ་ཡོད་པ་འདྲ་བ་སྟེ། །རྐྱེན་ལ་རག་ལས་རང་བཞིན་ཉམ་ཆུང་བར། །འདུ་བྱེད་མར་མེའི་འོད་འགྲོ་འདྲ་བ་སྟེ། །མྱུར་དུ་འབྱུང་ཞིང་འགག་པའི་ཆོས་ཅན་ཡིན། །རླུང་དང་མཚུངས་པར་རིང་དུ་མི་གནས་ལ། །སྦུ་བ་ལྟ་བུར་ཉམ་ཆུང་སྙིང་པོ་མེད། །འདུ་བྱེད་གཡོ་བ་མེད་ཅིང་སྟོང་པ་སྟེ། །བརྟགས་ན་ཆུ་ཤིང་དག་གི་ཕུང་པོ་འདྲ། སྒྱུ་མ་ལྟ་བུར་སེམས་ནི་རྨོངས་པར་བྱེད། །ལག་བཅངས་སྟོང་པས་བྱིས་པ་འདྲིད་དང་མཚུངས། །འདུས་བྱས་གྱུར་པ་ཐམས་ཅད་རྒྱུ་དག་དང༌། །རྐྱེན་རྣམས་ཀྱིས་ནི་རབ་ཏུ་འབྱུང་བ་སྟེ། །གཅིག་གིས་གཅིག་རྒྱུ་བྱས་ཏེ་བརྟེན་ནས་བྱུང༌། །བྱིས་པའི་སྐྱེ་བོས་འདི་འདྲ་འདི་མ་རྟོགས། །དཔེར་ན་གྲེས་མ་མུན་ཛ་བརྟེན་བྱས་ལ། །བརྩལ་བའི་སྟོབས་ཀྱིས་ཐག་པར་འགྱུར་བ་དང༌། །ཟོ་ཆུན་རྒྱུད་མོ་འཁོར་འབྱུང་བཅས་པ་ཡང༌། །དེ་དག་རེ་རེས་འགྲུབ་པར་འགྱུར་བ་མེད། །དེ་ལྟར་སྲིད་པའི་ཡན་ལག་ཀུན་འགྲུབ་པ། །གཞན་དང་གཞན་ཚོགས་པ་ལ་བརྟེན་ནས་ནི། །དེ་དག་སོ་སོ་རེ་རེ་འགྲུབ་


DTG111_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ་མི་དམིགས། །ས་བོན་ཡོད་ན་མྱུ་གུ་ཇི་བཞིན་ཏེ། །ས་བོན་གང་ཡིན་དེ་ཉིད་མྱུ་གུ་མིན། །དེ་ལས་གཞན་མིན་དེ་ཡང་མ་ཡིན་ཏེ། །དེ་ལྟར་རྟག་མིན་ཆང་མིན་ཆོས་ཉིད་དེ། །མ་རིག་པ་ནི་འདུ་བྱེད་རྐྱེན་ཡིན་ཏེ། །འདུ་བྱེད་དེ་ཡང་ཡང་དག་ཉིད་དུ་མེད། །མ་རིག་པ་དང་འདུ་བྱེད་དེ་དག་ཀྱང༌། །རང་བཞིན་སྟོང་སྟེ་གཡོ་བ་མེད་པ་ཡིན། །རྒྱ་ལས་རྒྱ་ཡི་འབུར་ནི་སྣང་མོད་ཀྱི། །རྒྱུ་དེ་འཕོས་པར་དམིགས་པའང་ཡོད་མ་ཡིན། །དེ་ལ་དེ་མེད་གཞན་ལས་མ་ཡིན་ཏེ། །དེ་ལྟར་འདུས་བྱས་རྟག་མེད་ཆད་པ་མེད། །མིག་དང་གཟུགས་ལ་བརྟེན་པ་བྱས་ནས་སུ། །མིག་གི་རྣམ་པར་ཤེས་པ་འདིར་བྱུང་ཡང༌། །མིག་ནི་གཟུགས་ལ་བརྟེན་པ་མ་ཡིན་ལ། །གཟུགས་ཀྱང་མིག་ལས་འཕོ་བ་ཡོད་མ་ཡིན། །འདི་དག་བདག་མེད་མི་སྡུག་ཆོས་ཅན་ཡིན། །དེ་དག་བདག་དང་སྡུག་པར་བརྟགས་པ་སྟེ། །ནོར་པ་ཡང་དག་མ་ཡིན་བརྟགས་ཡིན་ཡང༌། །དེ་ལས་མིག་གི་རྣམ་པར་ཤེས་པ་འབྱུང༌། །རྣམ་པར་ཤེས་པ་འགགས་ནས་འབྱུང་གྱུར་ཏེ། །མཁས་པས་སྐྱེ་དང་འཇིག་པ་རྣམ་པར་མཐོང༌། །གང་དུ་མ་སོང་གང་ནས་འོང་བ་མིན། །རྣལ་འབྱོར་པས་ནི་སྟོང་པ་སྒྱུ་ལྟར་མཐོང༌། །དཔེར་ན་གཙུབ་ཤིང་དང་ནི་གཙུབ་སྟན་དང༌། །ལག་པས་བརྩལ་བ་བྱས་པ་གསུམ་ཚོགས་པ། །དེ་ལ་བརྟེན་ནས་མེ་ནི་འབྱུང་འགྱུར་ཏེ། །བྱུང་ནས་རིང་པོར་མི་ཐོགས་འགག་པར་འགྱུར། །དེ་ནས་མཁས་པ་ལ་ལས་བརྟགས་བྱས་ཏེ། །འདི་ནི་གང་ནས་འོངས་ལ་གར་སོང་ཞེས། །ཕྱོགས་དང་ཕྱོགས་མཚམས་ཀུན་དུ་བརྟགས་བྱས་ན། །དེ་ནི་འོང་བའམ་འགྲོ་བ་མི་དམིགས་སོ། །ཕུང་པོ་དག་དང་སྐྱེ་མཆེད་ཁམས་རྣམས་ཀྱི། །རྐྱེན་ནི་མ་རིག་པ་དང་སྲེད་དང་ལས། །དེ་དག་ཚོགས་པ་སེམས་ཅན་ཞེས་བརྗོད་ཀྱང༌། །དེ་ནི་དམ་པའི་དོན་དུ་དམིགས་སུ་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བསླབ་པ་ཀུན་ལས་བཏུས་པ་ལས་དྲན་པ་ཉེ་བར་གཞག་པའི་ལེའུ་སྟེ་བཅུ་གསུམ་པའོ། །དྲན་པ་ཉེ་བར་གཞག་པ་བཤད་ཟིན་ཏོ།། །།དེ་ལྟར་སེམས་འོས་སུ་གྱུར་ནས་ཡང་སྟོང་པ་ཉིད་ལ་འཇུག་པར་བྱ་སྟེ། གང་ཟག་སྟོང་པ་ཉིད་ནི་


DTG111_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཤིན་ཏུ་གྲུབ་པ་ཡིན་ནོ། །དེའི་ཕྱིར་རྩ་བ་ཆད་པས་ཉོན་མོངས་པ་ཐམས་ཅད་ཀུན་དུ་མི་འབྱུང་ངོ༌། །འཕགས་པ་དེ་བཞིན་གཤེགས་པ་གསང་བའི་མདོ་ལས་ཇི་སྐད་དུ། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་ཤིང་རྩ་བ་ནས་བཅད་ན་ཡལ་ག་དང་ལོ་མ་དང་ཡལ་ག་ཕྲ་མོ་ཐམས་ཅད་སྐམ་པར་འགྱུར་རོ། །ཞི་བའི་བློ་གྲོས་དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བ་ཉེ་བར་ཞི་ན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཞི་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །སྟོང་པ་ཉིད་བསྒོམ་པའི་ཕན་ཡོན་ནི་མུ་མེད་དོ། །རེ་ཞིག་ཟླ་བ་སྒྲོན་མའི་མདོ་ལས་ཇི་སྐད་དུ། དེ་ནི་ནམ་ཡང་བདེ་གཤེགས་རྣམས་ཀྱི་བསླབ་མི་འདོར། །དཔའ་བོ་དེ་ནི་ནམ་ཡང་བུད་མེད་དབང་མི་འགྲོ། །དེ་ནི་བདེ་གཤེགས་རྣམས་ཀྱི་བསྟན་ལ་དགའ་བ་རྙེད། །འདི་ནི་ཆོས་ཀྱི་རང་བཞིན་རབ་ཏུ་ཞི་བ་ཤེས། །དེ་འདིར་རིང་པོ་མི་ཐོགས་རྐང་གཉིས་དབང་པོར་འགྱུར། །དེ་ནི་བདེ་བ་སྦྱིན་པར་བྱེད་པའི་སྨན་པར་འགྱུར། །དེ་ནི་སྡུག་བསྔལ་རྣམས་ཀྱི་ཟུག་རྡུ་ཀུན་དུ་འབྱིན། །དེ་ནི་ཆོས་ཀྱི་རང་བཞིན་རབ་ཏུ་ཞི་བ་ཤེས། །མི་ཡི་ཟླ་བ་དེ་ནི་བཟོད་པའི་སྟོབས་ཀྱིས་འཕགས། །དེ་ནི་རྡོ་དབྱུག་དག་གིས་བསྣུན་ཀྱང་འཁྲུགས་མི་འགྱུར། །དེ་ཡི་ཡན་ལག་ཉིད་ལག་བཅད་ཀྱང་འཁྲུགས་པ་མེད། །དེ་ནི་ཆོས་ཀྱི་རང་བཞིན་རབ་ཏུ་ཞི་བ་ཤེས། །དེ་ནི་ནམ་ཡང་ངན་འགྲོར་སྐྱེ་བར་འགྱུར་མ་ཡིན། །རྟག་ཏུ་གཟུགས་མཛེས་ཤིང་ནི་མཚན་དང་ལྡན་པར་འགྱུར། །དེས་ནི་རྟག་ཏུ་མངོན་ཤེས་ལྔ་པོ་འདི་དག་བསྒོམ། །དཔའ་དེ་འདིར་རྟག་བདེ་གཤེགས་རྣམས་ཀྱི་མདུན་ན་གནས། །ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ། །བཅོམ་ལྡན་འདས་མ་ལས་ཀྱང༌། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་སྐུ་ཡོངས་སུ་བསྒྲུབ་པར་འདོད་པ་དང༌། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ཐོབ་པར་འདོད་པ་དང༌། སྐྱེ་བ་ཐམས་ཅད་དུ་སྐྱེ་བ་དྲན་པ་དང་བྱང་ཆུབ་ཀྱི་སེམས་ཆུད་མི་ཟ་བ་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་མིང་རྗེད་པ་ཐོབ་པར་འདོད་པ་དང༌། སྡིག་པའི་བཤེས་གཉེན་དང་སྡིག་པའི་གྲོགས་པོ་ཐམས་ཅད་ཡོངས་སུ་སྤོང་བར་འདོད་པ་དང༌། སངས་རྒྱས་དང་བྱང་ཆུབ་


DTG111_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་དང་དགེ་བའི་བཤེས་གཉེན་ཐམས་ཅད་མཉེས་པར་བྱ་བར་འདོད་པ་དང༌། བདུད་ཀྱི་རིས་ཀྱི་ལྷ་ཐམས་ཅད་གདུལ་བར་འདོད་པ་དང༌། སྒྲིབ་པ་ཐམས་ཅད་རྣམ་པར་སྦྱང་བར་འདོད་པ་དང༌། ཆོས་ཐམས་ཅད་ལ་བསྒྲིབ་པ་མེད་པ་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱོགས་བཅུ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་པ་དེ་དག་བདག་གིས་བསྔགས་པ་བརྗོད་དོ་སྙམ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་པ་གཅིག་གིས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་འདའ་བར་འདོད་པ་དང༌། དེ་བཞིན་དུ་སྦྱར་ཏེ། ཕྱོགས་བཅུ་ཐམས་ཅད་འདའ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་ལ་ཇི་ལྟར་ཆོས་ཐམས་ཅད་བདག་མེད་ཀྱང་ལས་དང་འབྲས་བུར་འབྲེལ་པ་མི་འགལ་བ་དང༌། རང་བཞིན་མེད་ཀྱང་ཇི་ལྟར་མཐོང་བཞིན་པའི་ཆོས་ཐམས་ཅད་མི་འགལ་བ་དེ་ལྟར་ནི། ཡབ་དང་གྲས་མཇལ་བའི་མདོ་ལས་བསྟན་ཏེ། རྒྱལ་པོ་ཆེན་པོ་སྐྱེས་བུ་འདི་ནི་ཁམས་དྲུག་པ། རེག་པའི་སྐྱེ་མཆེད་དྲུག་པ། ཡིད་ཀྱི་ཉེ་བར་སྤྱོད་པ་བཅོ་བརྒྱད་པའོ། །རྒྱལ་པོ་ཆེན་པོ་སྐྱེས་བུ་འདི་ནི་ཁམས་དྲུག་པ་ཞེས་གང་སྨྲས་པ་དེ་ཅི་ལ་བརྟེན་ཏེ་སྨྲས་ཤེ་ན། རྒྱལ་པོ་ཆེན་པོ་ཁམས་དྲུག་ནི་འདི་དག་གོ །དྲུག་གང་ཞེ་ན། འདི་ལྟ་སྟེ། སའི་ཁམས་དང༌། ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་དང༌། ནམ་མཁའི་ཁམས་དང༌། རྣམ་པར་ཤེས་པའི་ཁམས་དང༌། རྒྱལ་པོ་ཆེན་པོ་དེ་དག་ནི་ཁམས་དྲུག་སྟེ། སྐྱེས་བུ་འདི་དག་ནི་ཁམས་དྲུག་པའོ་ཞེས་གང་ངས་སྨྲས་པ་དེ་ནི་དེ་ལ་བརྟེན་ཏེ་སྨྲས་སོ། །སྐྱེས་བུ་འདི་ནི་རེག་པའི་སྐྱེ་མཆེད་དྲུག་པའོ་ཞེས་གང་སྨྲས་པ་དེ་ཅི་ལ་བརྟེན་ཏེ་སྨྲས་ཤེ་ན། རྒྱལ་པོ་ཆེན་པོ་རེག་པའི་སྐྱེ་མཆེད་དྲུག་ནི་འདི་དག་སྟེ། དྲུག་གང་ཞེ་ན། གཟུགས་རྣམས་ལ་ལྟ་བའི་ཕྱིར་མིག་རེག་པའི་སྐྱེ་མཆེད་དང༌། སྒྲ་རྣམས་ལ་ཉན་པའི་


DTG111_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རྣ་བ་རེག་པའི་སྐྱེ་མཆེད་དང༌། དྲི་རྣམས་ལ་སྣོམ་པའི་ཕྱིར་སྣ་རེག་པའི་སྐྱེ་མཆེད་དང༌། རོ་རྣམས་ལ་མྱང་བའི་ཕྱིར་ལྕེ་རེག་པའི་སྐྱེ་མཆེད་དང༌། རེག་བྱ་རྣམས་ལ་རེག་པའི་ཕྱིར་ལུས་རེག་པའི་སྐྱེ་མཆེད་དང༌། ཆོས་རྣམས་རྣམ་པར་ཤེས་པའི་ཕྱིར་ཡིད་རེག་པའི་སྐྱེ་མཆེད་དོ། །རྒྱལ་པོ་ཆེན་པོ་དེ་དག་ནི་རེག་པའི་སྐྱེ་མཆེད་དྲུག་སྟེ། སྐྱེས་བུ་འདི་དག་ནི་རེག་པའི་སྐྱེ་མཆེད་དྲུག་པའོ་ཞེས་གང་ངས་སྨྲས་པ་དེ་ནི་དེ་ལ་བརྟེན་ཏེ་སྨྲས་སོ། །རྒྱལ་པོ་ཆེན་པོ་སྐྱེས་བུ་འདི་ནི་ཡིད་ཀྱི་ཉེ་བར་སྤྱོད་པ་བཅོ་བརྒྱད་པའོ་ཞེས་གང་སྨྲས་པ་དེ་ཅི་ལ་བརྟན་ཏེ་སྨྲས་ཤེ་ན། རྒྱལ་པོ་ཆེན་པོ་ཡིད་ཀྱི་ཉེ་བར་སྤྱོད་པ་བཅོ་བརྒྱད་ནི་འདི་དག་སྟེ། བཅོ་བརྒྱད་གང་ཞེ་ན། འདི་ལ་མིག་གིས་གཟུགས་མཐོང་ན་ཡིད་བདེ་བ་དང་ཡིད་མི་བདེ་བ་དང་བཏང་སྙོམས་སུ་འགྱུར་བར་གཟུགས་ལ་ཉེ་བར་སྤྱོད་དོ། །དེ་བཞིན་དུ་རྣ་བ་ལ་སོགས་པ་ལ་ཡང་བརྗོད་པར་བྱའོ། །རྒྱལ་པོ་ཆེན་པོ་དེ་ལ་གང་དག་ཡིད་བདེ་བར་ཉེ་བར་སྤྱོད་པ་དྲུག་དང༌། གང་དག་ཡིད་མི་བདེ་བར་ཉེ་བར་སྤྱོད་པ་དྲུག་དང༌། གང་དག་བཏང་སྙོམས་སུ་ཉེ་བར་སྤྱོད་པ་དྲུག་པོ་དེ་དག་གཅིག་ཏུ་བསྡུས་ན་ཡིད་ཀྱི་ཉེ་བར་སྤྱོད་པ་བཅོ་བརྒྱད་དུ་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ། རྒྱལ་པོ་ཆེན་པོ་ནང་གི་སའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ། ལུས་འདི་ལ་ནང་གི་ཁོང་ན་སྲ་བ་དང་མཁྲང་བའི་རྣམ་པ་དང་ཉེ་བར་གྱུར་པ་དང་ཟིན་པའོ། །དེ་ཡང་གང་ཞེ་ན། འདི་ལྟ་སྟེ། སྐྲ་དང་སྤུ་དང༌། སེན་མོ་དང་ཞེས་བྱ་བ་ལ་སོགས་པའོ། །རྒྱལ་པོ་ཆེན་པོ་ཕྱི་རོལ་གྱི་སའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ། ཕྱི་རོལ་གྱི་སྲ་བ་དང་མཁྲང་བའི་རྣམ་པ་དང༌། ཉེ་བར་མ་གྱུར་པ་དང་མ་ཟིན་པ་འདི་ནི་ཕྱི་རོལ་གྱི་སའི་ཁམས་ཞེས་བྱའོ། །རྒྱལ་པོ་ཆེན་པོ་དེ་ལ་ནང་གི་སའི་ཁམས་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང༌། འགག་པའི་ཚེ་གང་དུ་ཡང་སྩོགས་པར་མི་འགྱུར་རོ། །རྒྱལ་པོ་ཆེན་པོ་བུད་མེད་ནང་དུ་བདག་ནི་བུད་མེད་དོ་ཞེས་རྟོག་པའི་དུས་དེ་ཡོད་དོ། །དེ་ནང་དུ་བུད་མེད་ཅེས་བརྟགས་ནས་ཕྱི་རོལ་དུ་སྐྱེས་པ་ལ་སྐྱེས་པ་ཞེས་རྟོག་གོ །དེ་ཕྱི་རོལ་དུ་སྐྱེས་པ་ལ་སྐྱེས་པ་ཞེས་བརྟགས་ནས་ཆགས་པར་གྱུར་ཏེ་ཕྱི་རོལ་གྱི་སྐྱེས་པ་དང་ཕྲད་པར་འདོད་དོ། །སྐྱེས་པ་ཡང་ནང་དུ་


DTG111_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ནི་སྐྱེས་པའོ་ཞེས་རྟོག་སྟེ་དེ་ནང་དུ་བདག་ནི་སྐྱེས་པ་ཞེས་བརྟགས་ནས་ཕྱི་རོལ་དུ་བུད་མེད་ལ་བུད་མེད་ཅེས་རྟོག་གོ །ཕྱི་རོལ་དུ་བུད་མེད་ལ་བུད་མེད་ཅེས་བརྟགས་ནས་ཆགས་པར་འགྱུར་ཏེ། ཕྱི་རོལ་གྱི་བུད་མེད་དང་ཕྲད་པར་འདོད་དོ། །ཕྲད་པར་འདོད་པས་ཕྲད་པར་འགྱུར་རོ། །ཕྲད་པའི་རྐྱེན་གྱིས་མེར་མེར་པོ་སྐྱེ་བར་འགྱུར་བའི་དུས་དེ་ཡོད་དོ། །རྒྱལ་པོ་ཆེན་པོ་དེ་ལ་ཀུན་དུ་རྟོག་པ་གང་ཡིན་པ་དང༌། གང་ཀུན་དུ་རྟོག་པ་པོ་གང་ཡིན་པ་དེ་གཉིས་ཀ་ཡང་མེད་དོ། །བུད་མེད་ལ་ནི་བུད་མེད་མེད་དོ། །སྐྱེས་པ་ལ་ནི་སྐྱེས་པ་མེད་དོ། །དེ་ལྟར་མེད་ཅིང་ཡང་དག་པ་མ་ཡིན་པར་ཀུན་དུ་རྟོག་པ་སྐྱེ་སྟེ། ཀུན་དུ་རྟོག་པ་དེ་ཡང་ངོ་བོ་ཉིད་ཀྱིས་མེད་དོ། །ཀུན་དུ་རྟོག་པ་ཇི་ལྟ་བ་བཞིན་དུ་ཕྲད་པ་དང་མེར་མེར་པོ་ཡང་ངོ་བོ་ཉིད་ཀྱིས་མེད་དོ། །གང་ངོ་བོ་ཉིད་ཀྱིས་མེད་པ་དེ་ཇི་ལྟར་སྲ་བ་སྐྱེད་པར་འགྱུར། རྒྱལ་པོ་ཆེན་པོ་དེ་ལྟར་ཀུན་དུ་རྟོག་པ་ཤེས་པར་བྱས་ནས་སྲ་བ་ཉིད་རྟོག་པར་བྱ་སྟེ། ཅི་ནས་སྲ་བ་ནི་སྐྱེ་བའི་ཚེ་གང་ནས་ཀྱང་མི་འོང་བར་ཤེས་པར་བྱའོ། །རྒྱལ་པོ་ཆེན་པོ་འདི་ལྟར་གང་ལུས་འདི་དུར་ཁྲོད་ཀྱི་མཐར་འགྱུར་བའི་དུས་དེ་ཡོད་དོ། །དེའི་སྲ་བ་དེ་འཇིག་ཅིང་འགག་པར་འགྱུར་བའི་ཚེ། ཤར་ཕྱོགས་སུ་མི་འགྲོ། ལྷོ་ཕྱོགས་དང༌། ནུབ་ཕྱོགས་དང༌། བྱང་ཕྱོགས་དང༌། སྟེང་དང་འོག་དང༌། ཕྱོགས་མཚམས་རྣམས་སུ་ཡང་མི་འགྲོ་སྟེ། རྒྱལ་པོ་ཆེན་པོ་ནང་གི་སའི་ཁམས་ནི་དེ་ལྟར་བལྟའོ། །རྒྱལ་པོ་ཆེན་པོ་འཇིག་རྟེན་གནས་པ་འདི་ནམ་མཁར་གྱུར་པ་ལ། ཚངས་པའི་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་གྱི་རྒྱུ་ལས་གྲུབ་པ་ལ་གནས་པའི་དུས་དེ་ཡོད་དོ། །རྒྱལ་པོ་ཆེན་པོ་དེའི་སྲ་བ་དེ་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་ངོ༌། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་གྱི་རྒྱུ་ལས་གྲུབ་པ་བྱུང་ཡང་རྒྱལ་པོ་ཆེན་པོ་དེའི་སྲ་བ་དེ་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་ངོ༌། །ཁོར་ཡུག་དང་ཁོར་ཡུག་ཆེན་པོའི་རི་རྡོ་རྗེའི་རྒྱུ་ལས་གྲུབ་པ་སྲ་ཞིང་བརྟན་ལ་ལྷུན་སྟུག་པ་རྣམས་གནས་པར་གྱུར་ཀྱང་དེ་དག་གི་ས་བ་དེ་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་ངོ༌། །རིའི་རྒྱལ་པོ་རི་རབ་དག་དང༌། གཉའ་ཤིང་འཛིན་དག་དང༌། མུ་ཁྱུད་འཛིན་དག་དང་


DTG111_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

གཤོལ་མདའ་འཛིན་དག་དང༌། རྡོ་རྗེ་འཛིན་དག་དང༌། སེང་ལྡེང་ཅན་དག་དང༌། རྣམ་པར་འདུད་དག་དང༌། རི་རྟ་རྣ་དག་དང༌། བལྟ་ན་སྡུག་དག་དང༌། བལྟ་ན་སྡུག་ཆེན་པོ་དག་དང༌། ཐེར་སྒྲེ་དག་དང༌། སྤོས་ཀྱི་དད་ལྡང་དག་དང༌། གངས་ཀྱི་རི་དག་དང༌། དེ་མ་ཡིན་པའི་རི་ནག་པོའི་བར་དག་གནས་པ་དག་དང༌། ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གནས་པ་དག་དང༌། རྔམས་སུ་དཔག་ཆད་བརྒྱད་ཁྲི་བཞི་སྟོང་ཡོད་ལ་རྒྱར་དཔག་ཚད་དྲུག་ཁྲི་ཡོད་པའི་ས་ཆེན་པོ་གནས་པར་གྱུར་ཀྱང་རྒྱལ་པོ་ཆེན་པོ་སྲ་བདེ་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་ངོ༌། །རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་འཇིག་པར་འགྱུར་བའི་ཚེ་ས་ཆེན་པོ་འདི་མེས་ཚིག་པའམ། ཆུས་བཤིག་པའམ། རླུང་གིས་གཏོར་བར་འགྱུར་བའི་དུས་དེ་ཡོད་དོ། །དེ་མེས་ཚིག་ན་ནི་དུ་བ་ཡང་མི་མངོན་ཐལ་བའི་ལྷག་མ་ཡང་མི་མངོན་བར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན། མར་རམ་འབྲུ་མར་མེས་བསྲེགས་ན་དུ་བ་ཡང་མི་མངོན་ཞིང་ཐལ་བའི་ལྷག་མ་ཡང་མི་མངོན་པར་འགྱུར་རོ། །དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་མེས་ཚིག་པའི་ཚེ་དུ་བ་ཡང་མི་མངོན་ཞིང་ཐལ་བའི་ལྷག་མ་ཡང་མི་མངོན་པར་འགྱུར་རོ། །ཆུས་བཤིག་པའི་ཚེ། ཡང་ལྷག་མ་ཅི་ཡང་མི་མངོན་པར་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན་ལན་ཚྭ་ཆུའི་ནང་དུ་ཞུ་བ་ནི་ལྷག་མ་ཅུང་ཟད་མི་མངོན་པར་འགྱུར་རོ། །དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་ཆུས་བཤིག་པའི་ཆེ་ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་རོ། །རླུང་གིས་གཏོར་བའི་ཚེ་ཡང་ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན་རྣམ་པར་འཐོར་རླུང་གིས་བདས་པའི་བྱེའུ་ནི་ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་རོ། །དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རླུང་གིས་གཏོར་བའི་ཚེ་ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟར་སའི་ཁམས་དེ་འབྱུང་བ་ཡང་སྟོང༌། སའི་ཁམས་འཇིག་པ་དང་འབྱུང་བ་ཡང་ངོ་བོ་ཉིད་ཀྱིས་སྟོང་ངོ༌། །རྒྱལ་པོ་ཆེན་པོའི་སའི་ཁམས་ནི་ཐ་སྙད་ཙམ་མ་གཏོགས་པར་སའི་


DTG111_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཉིད་དུ་མི་དམིགས་ཏེ། ཐ་སྙད་ད་ཡང་བུད་མེད་མ་ཡིན། སྐྱེས་པ་མ་ཡིན་གྱི། རྒྱལ་པོ་ཆེན་པོ་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་རབ་ཀྱིས་རྟོགས་ཤིག །རྒྱལ་པོ་ཆེན་པོ་དེ་ལ་ཆུའི་ཁམས་ནི་རྣམ་པ་གཉིས་ཏེ། ནང་དང༌། ཕྱི་རོལ་གྱིའོ། །ནང་གི་ཆུའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ་ལུས་འདི་ལ་ནང་གི་ཁོང་ན་ཆུ་དང་ཆུའི་རྣམ་པ་དང་ཆུ་ཉིད་དང༌། རླན་པ་དང༌། རླན་པའི་རྣམ་པ་དང་རླན་པ་ཉིད་དང་གཤེར་བ་ཉིད་དང༌། ཉེ་བར་གྱུར་པ་དང་ཟིན་པའོ། །དེ་ཡང་གང་ཞེ་ན། འདི་ལྟ་སྟེ། མཆི་མ་དང༌། རྡུལ་དང༌། མཆིལ་མ་དང། སྣབས་དང༌། ཆུ་སེར་དང༌། ཚིལ་དང༌། མཁྲིས་པ་དང༌། ངར་སྣབས་དང༌། རྣག་དང༌། ཁྲག་དང༌། འོ་མ་དང༌། གཅིན་དང༌། གཞན་ཡང་གང་ལུས་འདིའི་ནང་གི་ཁོང་ན། ཆུ་དང་ཆུའི་རྣམ་པ་དང་ཆུ་ཉིད་དང་རླན་པ་དང་རླན་པའི་རྣམ་པ་དང་རླན་པ་ཉིད་དང་གཤེར་བ་ཉིད་དང༌། ཉེ་བར་གྱུར་པ་དང་ཟིན་པ་འདི་ནི་ནང་གི་ཆུའི་ཁམས་ཞེས་བྱའོ། །དེ་བཞིན་དུ་སྦྱར་ཏེ། རྒྱལ་པོ་ཆེན་པོའི་སྡུག་པ་མཐོང་ན་མཆི་མ་འབྱུང་བ་དང༌། སྡུག་བསྔལ་གྱིས་ཉེན་པ་དང་ཆོས་ཀྱི་ཤུགས་ཀྱིས་མཆི་མ་འབྱུང་བ་དང་རླུང་གིས་བཏབ་བམ། རྣམ་པ་གཞན་དག་གིས་ཀྱང་མཆི་མ་འབྱུང་སྟེ། དཔྱད་བྱས་པས་ཀྱང་ནང་གི་ཆུའི་ཁམས་འཕེལ་བར་འགྱུར་བའི་དུས་དེ་ཡོད་དེ། རྒྱལ་པོ་ཆེན་པོ་ཆུའི་ཁམས་དེ་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་ངོ༌། །རྒྱལ་པོ་ཆེན་པོ་གང་ནང་གི་ཆུའི་ཁམས་དེ་ཡོངས་སུ་སྐམ་པར་འགྱུར་བའི་དུས་དེ་ཡོད་དེ། དེ་ཡོངས་སུ་སྐམ་ཞིང་འགག་པའི་ཚེ་གང་དུ་ཡང་མི་འགྲོའོ། །རྒྱལ་པོ་ཆེན་པོ་གང་ནང་གི་མེའི་ཁམས་ཤས་ཆེ་བར་གྱུར་ན། དེས་ནང་གི་ཆུའི་ཁམས་ཡོངས་སུ་གདུང་བར་འགྱུར་བའི་དུས་དེ་ཡོད་དེ། གདུངས་པའི་ཚེ་གང་དུ་ཡང་མི་འགྲོའོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་ནང་གི་ཆུའི་ཁམས་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་ངོ༌། །འགག་པའི་ཚེ་གང་དུ་ཡང་མི་འགྲོའོ། །རྒྱལ་པོ་ཆེན་པོ་གང་འཇིག་རྟེན་འདི་ཆགས་པར་འགྱུར་བའི་དུས་དེ་ཡོད་དེ། འཇིག་རྟེན་གྱི་ཁམས་འདི་ཆགས་པར་འགྱུར་བའི་ཚེ། ནམ་མཁའ་འདི་ལ་ཀུན་དུ་སྤྲིན་ཤིན་ཏུ་སྟུག་པོའི་ཚོགས་སུམ་ཅུ་རྩ་


DTG111_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་འཁྲིགས་པར་འགྱུར་ཏེ། དེ་དག་འཁྲིགས་པས་ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་གཡོགས་པར་འགྱུར་ཏེ། དེ་ལས་བསྐལ་པ་བར་མ་ལྔའི་བར་དུ་གཤོལ་མདའ་ཙམ་གྱི་ཆར་གྱི་རྒྱུན་འབབ་པོ། །བསྐལ་པ་བར་མ་ལྔའི་བར་དུ་གླང་པོ་ཆེའི་ཕོ་མཚན་ཙམ་གྱི་ཆར་འབབ་པོ། །བསྐལ་པ་བར་མ་ལྔའི་བར་དུ་རྒྱུན་མི་འཆད་པའི་ཆར་འབབ་པོ། །བསྐལ་པ་བར་མ་ལྔའི་བར་དུ་ཐིགས་པ་ཆེན་པོའི་ཆར་འབབ་པོ། །དེས་ས་ཆེན་པོ་འདི་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་ཆུས་ཁྱབ་པར་གང་བར་འགྱུར་ཏེ། རྒྱལ་པོ་ཆེན་པོ་ཆུའི་ཕུང་པོ་ཆེན་པོ་དེ་འབྱུང་བའི་ཚེའང་གང་ནས་མི་འོང་ངོ༌། །རྒྱལ་པོ་ཆེན་པོ་གང་འཇིག་རྟེན་འདི་འཇིག་པར་འགྱུར་བའི་དུས་དེ་ཡོད་དེ། འཇིག་རྟེན་གྱི་ཁམས་འཇིག་པར་འགྱུར་བའི་ཚེ། ཉི་མ་གཉིས་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། ཉི་མ་གཉིས་འཇིག་རྟེན་དུ་བྱུང་བས་ཆུ་མིག་དང་ཆུ་བྲན་རྣམས་སྐམ་པར་འགྱུར་རོ། །དེ་ནས་ཉི་མ་གསུམ་འཇིག་རྟེན་དུ་འབྱུང་སྟེ། ཉི་མ་གསུམ་འཇིག་རྟེན་དུ་བྱུང་བ་ན་ཆུ་མིག་ཆེན་པོ་དང་ཆུ་ཀླུང་ཆེན་པོ་རྣམས་སྐམ་པར་འགྱུར་རོ། །དེ་ནས་ཉི་མ་བཞི་འཇིག་རྟེན་དུ་འབྱུང་སྟེ། ཉི་མ་བཞི་འཇིག་རྟེན་དུ་བྱུང་བས་གང་ནས་ཆུ་ཀླུང་ཆེན་པོ་བཞི་པོ་དེ་དག་འབབ་པའི་མཚོ་ཆེན་པོ་མ་དྲོས་པ་དེ་དེ་ཡང་ཐམས་ཅད་ཀྱི་ཐམས་ཅད་དུ་སྐམ་པར་འགྱུར་ཐིམ་པར་འགྱུར་ཏེ་མེད་པར་འགྱུར་རོ། །དེ་ནས་ཉི་མ་ལྔ་འཇིག་རྟེན་དུ་འབྱུང་སྟེ། ཉི་མ་ལྔ་འཇིག་རྟེན་དུ་བྱུང་བས་རྒྱ་མཚོ་ཆེན་པོ་ཡང་དཔག་ཚད་གཅིག་ཙམ་གྱི་ཆུ་ཡོངས་སུ་ཟད་ཅིང་ཡོངས་སུ་འགྲིབ་པར་འགྱུར་རོ། །དཔག་ཚད་གཉིས་དང༌། དཔག་ཚད་གསུམ་དང༌། བཞི་དང༌། ལྔ་དང༌། བཅུ་དང༌། ཉི་ཤུ་དང༌། སུམ་ཅུ་དང༌། བཞི་བཅུ་དང༌། དཔག་ཚད་ལྔ་བཅུ་ཙམ་གྱི་ཆུ་ཡོངས་སུ་ཟད་ཅིང་ཡོངས་སུ་འགྲིབ་པར་འགྱུར་བ་ནས། དཔག་ཚད་བཞི་ཁྲིའི་བར་གྱི་ཆུ་ལས་པར་འགྱུར་བ་དང༌། ཤིང་ཏ་ལ་གཉིས་ཙམ་ནས་མཚན་ཁུང་ནུ་བ་ཙམ་དང༌། བ་ལང་གི་རྗེས་ཀྱི་ཆུ་ཙམ་གྱི་བར་དུ་ལས་པར་འགྱུར་བའི་དུས་དེ་ཡོད་དོ། །རྒྱལ་པོ་ཆེན་པོ་གང་རྒྱ་མཚོ་ཆེན་པོ་དེ་ལས་ཟིལ་པ་ཕྲམ་ཕྲུམ་ཙམ་


DTG111_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ལས་པར་འགྱུར་བའི་དུས་དེ་ཡོད་དོ། །རྒྱལ་པོ་ཆེན་པོ་གང་རྒྱ་མཚོ་ཆེན་པོ་དེ་ལ་མཛུབ་མོ་སྣུབས་པ་ཙམ་གྱི་ཆུའང་མ་ལས་པར་འགྱུར་བའི་དུས་དེ་ཡོད་དོ། །རྒྱལ་པོ་ཆེན་པོ་དེ་ཙམ་དུ་ཡང་ཆུའི་ཁམས་དེ་འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོ་སྟེ། ཤར་ཕྱོགས་དང། ལྷོ་ཕྱོགས་དང་ནུབ་ཕྱོགས་དང་བྱང་ཕྱོགས་དང་སྟེང་དང་འོག་དང༌། ཕྱོགས་མཚམས་རྣམས་སུ་མི་འགྲོའོ། །རྒྱལ་པོ་ཆེན་པོ་ཆུའི་ཁམས་དེ་ནི་སྐྱེ་བ་ཡང་སྟོང༌། འཇིག་པ་ཡང་སྟོང༌། གནས་པའི་ཚེ་ཡང་ཆུའི་ཁམས་དེ་རང་བཞིན་གྱིས་སྟོང་སྟེ། རྒྱལ་པོ་ཆེན་པོ་ཆུའི་ཁམས་དེ་ནི་ཐ་སྙད་ཙམ་མ་གཏོགས་པར་ཆུའི་ཁམས་ཀྱིས་སྟོང་ཞིང་མི་དམིགས་པ་སྟེ། ཐ་སྙད་དེ་ཡང་བུད་མེད་མ་ཡིན། སྐྱེས་པ་མ་ཡིན་ནོ་ཞེས་བྱ་བ་སྔ་མ་བཞིན་ནོ། །མེའི་ཁམས་ནི་རྣམ་པ་གཉིས་ཏེ། ནང་གི་དང༌། ཕྱི་རོལ་གྱིའོ། །ནང་གི་མེའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ། ལུས་འདི་ལ་མེ་དང་མེའི་རྣམ་པ་དང༌། དྲོ་བ་དང་དྲོ་བའི་རྣམ་པ་དང༌། ཉེ་བར་གྱུར་པ་དང་ཟིན་པའོ། །དེ་ཡང་གང་ཞེ་ན། གང་གིས་ལུས་འདི་གདུང་བ་དང༌། ཀུན་དུ་གདུང་བ་དང་ཡོངས་སུ་གདུང་བ་དང༌། གང་གིས་ཟོས་པ་དང་འཐུངས་པ་དང༌། འཆོས་པ་དང་མྱངས་པ་རྣམས་བདེ་ཞིང་ལེགས་པར་ཞུ་བར་འགྱུར་བ་དང༌། གང་གི་ཤས་ཆེ་ན། རིམ་མོ་རིམ་མོ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དང་ཞེས་བྱ་བ་ལ་སོགས་པའོ། །ཕྱི་རོལ་གྱི་མེའི་ཁམས་གང་ཞེ་ན། གང་ཕྱི་རོལ་གྱི་མེ་དང་མེའི་རྣམ་པ་དང༌། དྲོ་བ་དང་དྲོ་བའི་རྣམ་པ་དང༌། ཉེ་བར་མ་གྱུར་པ་དང་མ་ཟིན་པ་སྟེ། དེ་དག་ནི་མི་དག་གཙུབ་ཤིང་དང་ལྡན་པ་དང་རྩྭ་དང་ལྡན་པའམ། བ་ལང་གི་ལྕི་བའི་སྦུར་མའམ་ཤིང་བལ་གྱི་འདའ་བ་དང་ལྡན་པར་བྱས་ཤིང་མེ་འབྱིན་ཏེ། དེ་བྱུང་ནས་གྲོང་ཡང་ཚིག་གྲོང་གི་ཕྱོགས་ཀྱང་ཚིག །གྲོང་ཁྱེར་རམ་གྲོང་ཁྱེར་གྱི་ཕྱོགས་སམ་ཡུལ་ལམ་ཡུལ་གྱི་ཕྱོགས་སམ། གླིང་ངམ། རྩྭའི་གཏོས་སམ། ནགས་སམ། ཤིང་ངམ། རྩྭའམ། བ་ལང་གི་ལྕི་བ་དག་སྲེག་ཅིང་འགྲོ་བ་དང་ཞེས་བྱ་བ་ལ་སོགས་པའོ། །རྒྱལ་པོ་ཆེན་པོ་དེ་ལ་ཕྱི་རོལ་གྱི་མེའི་ཁམས་ནི་འབྱུང་བའི་ཚེའང་གང་ནས་ཀྱང་མི་འོང༌། འགག་པའི་ཚེ་ཡང་གང་དུ་


DTG111_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་འགྲོ་སྟེ། དི་ནི་རང་བཞིན་དང་བྲལ་བའི་ཕྱིར་མེད་པ། ལས་ཡོད་པར་འགྱུར་ཞིང་ཡོད་པར་གྱུར་ནས་ཀྱང་མེད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ནང་གི་རླུང་གི་ཁམས་གང་ཞེ་ན། གང་ལུས་འདི་ལ་རླུང་དང་རླུང་གི་རྣམ་པ་དང༌། ཡང་བ་ཉིད་དང་གཡོ་ག་ཉིད་དང༌། ཉེ་བར་གྱུར་པ་དང་ཟིན་པའོ། །དེ་ཡང་གང་ཞེ་ན། འདི་ལྟ་སྟེ། གྱེན་དུ་འགྲོ་བའི་རླུང་དང༌། ཐུར་དུ་འགྲོ་བ་དང༌། ཐད་ཀར་འགྲོ་བ་དང༌། རྒྱབ་ཏུ་འགྲོ་བ་དང༌། རྒྱབ་ན་གནས་པ་དང༌། ལྟོ་ན་གནས་པ་དང༌། འཆད་པར་བྱེད་པ་དང༌། འགས་པར་བྱེད་པ་དང༌། གཟེར་བ་དང༌། འདར་བུ་དང༌། སྣ་སྐད་དང༌། རླུང་སྐྲན་དང༌། དབུགས་འབྱུང་བ་དང༌། རྔུབ་པ་དང་ལྡན་པ་དང༌། ཡན་ལག་དང་ཡན་ལག་ལ་གནས་པའི་རླུང་དག་དང་ཞེས་བྱ་བ་ལ་སོགས་པའོ། །ཕྱི་རོལ་གྱི་རླུང་དེ་ཡང་ཤར་ཕྱོགས་ཀྱི་རླུང་ཡོད་དོ། །ལྷོ་ཕྱོགས་དང༌། ནུབ་ཕྱོགས་དང༌། བྱང་ཕྱོགས་ཀྱི་རླུང་ཡོད་དོ། །རྡུལ་དང་བཅས་པ་དང༌། རྡུལ་མེད་པ་དང་ཆུང་བ་དང་ཆེ་བའི་རླུང་ཡོད་དོ། །ཀུན་དུ་ཁྱབ་པའི་རླུང་དང༌། རྣམ་པར་འཐོར་བའི་རླུང་དང༌། ཚུབ་མའི་རླུང་དག་ཀྱང་ཡོད་དོ། །རྒྱལ་པོ་ཆེན་པོ་རླུང་གི་ཕུང་པོ་ཆེན་པོ་ལངས་ན་ཤིང་དག་ཀྱང་གཅོག །རྩིག་པའི་ཁ་དག་དང་རིའི་རྩེ་མོ་དག་ཀྱང་བསྙིལ་ཞིང་བསྙིལ་ནས་རྨེག་མེད་པར་འགྱུར་བ་དག་དང༌། ཡང་སེམས་ཅན་དག་གོས་ཀྱི་མཐའ་མའམ་སྦུད་པའམ་རླུང་གཡབ་དག་གིས་རླུང་གཡོབ་པའི་དུས་དེ་ཡོད་དོ། །གཞན་ཡང་གང་ཚུལ་འདི་དང་འདྲ་བ་དེ་ནི་ཕྱི་རོལ་གྱི་རླུང་གི་ཁམས་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ།། །། བམ་པོ་བཅུ་གཅིག་པ། ནང་གི་ནམ་མཁའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ། ལུས་འདི་ལ་ནང་གི་ཁོང་ན་ཉེ་བར་གྱུར་པ་དང༌། ཟིན་པ་དང༌། ནམ་མཁའ་དང་ནམ་མཁའི་རྣམ་པ་ནང་ཞེས་བྱ་བའི་གྲངས་སུ་འགྲོ་བ། མ་གང་བ་དང་པགས་པ་དང་ཤ་དང་ཁྲག་གིས་གང་བར་བྱ་བ་མ་ཡིན་པའོ། །དེ་ཡང་གང་ཞེ་ན། ལུས་འདི་ལ་མིག་གི་ནང་ཞེའམ། རྣ་བ་དང༌། སྣའི་ནང་ཞེའམ། ཁའམ་ཁའི་ནང་ཞེའམ། ཁའི་སྒོ་ཞེའམ། ལྐོག་མ་ཞེའམ། མིད་པ་ཞེའམ། གང་ནས་ཀྱང་མིད་པ་དང༌། གང་དུ་གནས་པ་དང༌། གང་གིས་ཟོས་པ་དང་འཐུངས་བ་དང་འཆོས་པ་


DTG111_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དང་མྱངས་པ་རྣམས་ཐུར་དུ་རྒྱུ་བར་བྱེད་པ་དང༌། གཞན་ཡང་གང་ལུས་འདི་ལ་ནང་གི་ཁོང་ན་ཉེ་བར་གྱུར་བ་དང༌། ཟིན་པ་དང༌། ཕུང་པོར་གྱུར་པའམ་ཁམས་སུ་གྱུར་པའམ་སྐྱེ་མཆེད་དུ་གྱུར་པ་དག་ནི་ནམ་མཁའི་དང༌། ནམ་མཁའི་རྣམ་པ་དང༌། མ་གང་བ་དང་པགས་པ་དང་ཤ་དང་ཁྲག་གིས་གང་བར་བྱ་བ་མ་ཡིན་པ་ནང་གི་གྲངས་སུ་འགྲོ་བ་ཁོང་སྟོང་དང་བུ་ག་ཞེས་བྱ་བ་དག་སྟེ། དེ་དག་ནི་ནང་གི་ནམ་མཁའི་ཁམས་ཞེས་བྱའོ། །ཕྱི་རོལ་གྱི་ནམ་མཁའི་ཁམས་གང་ཞེ་ན། གང་ཚ་ཡང་རུང་སྟེ། ཕྱི་རོལ་གྱི་ནམ་མཁའ་དང་ནམ་མཁའི་རྣམ་པ་དང། མ་གང་བ་དང༌། གཟུགས་སུ་གྱུར་པས་གང་བར་བྱ་བ་མ་ཡིན་པ། མ་འདྲེས་པ་ཁོང་སྟོང་དང་བུ་གར་གྱུར་པ་འདི་ནི་ཕྱི་རོལ་གྱི་ནམ་མཁའི་ཁམས་ཞེས་བྱའོ། །རྒྱལ་པོ་ཆེན་པོ་གང་ལས་ཀྱི་རྐྱེན་གྱིས་སྐྱེ་མཆེད་རྣམས་འབྱུང་བའི་དུས་དེ་ཡོད་དོ། །དེ་དག་ནམ་མཁའི་ཁམས་ལ་ཀུན་ནས་སྐོར་བར་བྱེད་དོ། །དེ་ནང་གི་ནམ་མཁའི་ཁམས་ཞེས་བྱ་བའི་གྲངས་སུ་འགྲོ་ཡང་དེ་ནི་གང་ལས་ཀྱང་མ་འོངས་སོ། །རྒྱལ་པོ་ཆེན་པོ་གཟུགས་ཞིག་ན་ཐམས་ཅད་ནམ་མཁའ་འགྱུར་བའི་དུས་དེ་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་ཁམས་ནི་ཟད་མི་ཤེས་པའི་ཕྱིར་རོ། །དེ་ལྟ་ན་ནང་གི་ནམ་མཁའི་ཁམས་ནི་གནས་ཤིང་མི་གཡོ་བའོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། འདུས་མ་བྱས་དེ་ནི་མྱ་ངན་ལས་འདས་པའི་དབྱིངས་ཏེ། དེ་བཞིན་དུ་ནམ་མཁའི་ཁམས་ཀྱང་ཐམས་ཅད་དུ་སོང་བར་བལྟ་བར་བྱའོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། མི་ཞིག་གིས་ཐང་ལ་ཁྲོན་པའམ་རྫིང་བུའམ་ཁྲོན་རིངས་སམ་རྫིང་ཞིག་བརྐོས་ན། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས། དེའི་ནམ་མཁའ་དེ་ག་ལས་འོངས། གསོལ་པ། བཅོམ་ལྡན་འདས་དེ་ནི་གང་ལས་ཀྱང་མ་མཆིས་སོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། མེ་དེས་ཁྲོན་པ་ནས་རྫིང་གི་བར་དེ་དག་ཕྱིར་བཀང་ན་རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། དེའི་ནམ་མཁའ་དེ་གང་དུ་སོང༌། གསོལ་པ། བཅོམ་ལྡན་འདས་དེ་ནི་གང་དུ་ཡང་མ་མཆིས་ཏེ། དེའི་སླད་དུ་ཞེ་ན། ནམ་མཁའི་ཁམས་ནི་འགྲོ་བའམ་འོང་བར་ཉེ་བར་གནས་པ་མ་ལགས།


DTG111_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་ཀྱི་དངོས་པོ་དང་སྐྱེས་པའི་དངོས་པོར་ཉེ་བར་གནས་པ་མ་ལགས་པའི་སླད་དུའོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཕྱི་རོལ་གྱི་ནམ་མཁའི་ཁམས་ནི་མི་གཡོ་མི་འགྱུར་པའོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་ཁམས་ནི་ནམ་མཁའི་ཁམས་ཀྱིས་སྟོང་ཞིང་ནམ་མཁའི་ཁམས་དང་བྲལ་བ་སྟེ། ནམ་མཁའི་ཁམས་ནི་བུད་མེད་ཀྱི་དངོས་པོར་ཉེ་བར་མི་གནས། སྐྱེས་པའི་དངོས་པོར་ཉེ་བར་མི་གནས་ཀྱིས། དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་རྟོགས་ཤིག །རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པའི་ཁམས་གང་ཞེ་ན། མིག་གི་དབང་བ་ནི་བདག་པོ། །གཟུགས་ནི་དམིགས་པ། གཟུགས་སོ་སོར་རྣམ་པར་རིག་པ་སྟེ། སྔོན་པོ་རྣམ་པར་རིག་པའམ། སེར་པོ་དང་དམར་པོ་དང་ཁྲ་བོ་རྣམ་པར་རིག་པའམ། རིང་པོ་དང་ཐུང་ངུ་དང༌། སྦོམ་པོ་དང་ཕྲ་མོ་རྣམ་པར་རིག་པ་སྟེ། རྒྱལ་པོ་ཆེན་པོ་དེ་ལྟར་གང་ཅི་ཡང་རུང༌། ཁ་དོག་དང་དབྱིབས་རྣམ་པར་རིག་པ་འདི་ནི་མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །དེ་བཞིན་དུ་གང་ཅི་ཡང་རུང༌། རྣ་བའི་དབང་པོ་ནི་བདག་པོ་ནས། ཡིད་ཀྱི་དབང་པོ་ནི་བདག་པོ། །ཆོས་ནི་དམིགས་པ་སྟེ། སྒྲ་རྣམ་པར་རིག་པའམ། དྲི་རྣམ་པར་རིག་པའམ། རོ་རྣམ་པར་རིག་པའམ། རིག་པ་རྣམ་པར་རིག་པའམ། ཆོས་རྣམ་པར་རིག་འདི་ནི། རྣ་བའི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་ཏེ། དེ་ལྟར་དབང་པོ་དྲུག་ནི་བདག་པོ། །ཡུལ་དྲུག་ནི་དམིགས་པ་ཡིན་ལ། ཡུལ་རྣམ་པར་རིག་པ་འདི་ནི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པའི་ཁམས་དེ་ནི་དབང་པོ་ལ་མི་བརྟེན། ཡུལ་རྣམས་ལས་མ་འོངས། བར་གྱི་དབུས་ན་མི་གནས་ཏེ། དེ་ནི་ནང་ན་ཡང་མ་ཡིན། ཕྱི་རོལ་ལན་ཡང་མ་ཡིན། གཉི་ག་མེད་པར་ཡང་མ་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་དེ་ནི་དངོས་པོ་སོ་སོར་རྣམ་པར་རིག་ནས་འགག་སྟེ། དེ་འབྱུང་བའི་ཚེ་གང་ནས་ཀྱང་མ་འོངས། འགག་པའི་ཚེ་གང་དུ་ཡང་མི་འགྲོའོ། །རྣམ་པར་ཤེས་པའི་ཁམས་དེ་འབྱུང་བ་ཡང་སྟོང༌། འཇིག་པ་ཡང་སྟོང་སྟེ། རྣམ་པར་ཤེས་པའི་ཁམས་དེ་འབྱུང་བ་ཡང་རང་བཞིན་གྱིས་


DTG111_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ངོ། །རྒྱལ་པོ་ཆེན་པོ་དེ་ལྟར་ན། ཐ་སྙད་མ་གཏོགས་པར་རྣམ་པར་ཤེས་པའི་ཁམས་དེ་ནི་རྣམ་པར་ཤེས་པའི་ཁམས་ཉིད་ཀྱིས་སྟོང་སྟེ། ཐ་སྙད་དེ་ཡང་སྐྱེས་པ་མ་ཡིན། བུད་མེད་མ་ཡིན་གྱི། དེ་ནི་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱི་ས་རྟོགས་ཤིག །རྒྱལ་པོ་ཆེན་པོ་དེ་ལ་མིག་གི་སྐྱེ་མཆེད་གང་ཞེ་ན། དེ་ནི་འབྱུང་བ་ཆེན་པོ་བཞི་དང་བ་སྟེ། འདི་ལྟར་སའི་ཁམས་དང༌། ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་སོ། །དེ་ལ་སའི་ཁམས་དང་བ་ནི་སྐྱེ་མཆེད་མ་ཡིན་ནོ། །ཆུའི་ཁམས་དང་བ་ཡང་མ་ཡིན་ནོ། །མེའི་ཁམས་དང་བ་ཡང་མ་ཡིན་ནོ། །རླུང་གི་ཁམས་དང་བ་ཡང་མིག་གི་སྐྱེ་མཆེད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སའི་ཁམས་དང་བ་ནི་ཆོས་གང་ལ་ཡང་སྐྱེ་མཆེད་དམ་སྐྱེ་མཆེད་ཐོབ་པར་བྱ་བར་ཉེ་བར་མི་གནས་སོ། །དེ་བཞིན་དུ་རླུང་གི་ཁམས་ཀྱི་བར་དང་བ་ནི་ཚེས་གང་ལ་ཡང་སྐྱེ་མཆེད་དམ་སྐྱེ་མཆེད་ཐོབ་པར་བྱ་བར་ཉེ་བར་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ནི་སེམས་པ་མེད་ཅིང་བྱེད་པ་མེད་ལ་ཅི་ལ་ཡང་མི་ནུས་པ་སྟེ། རྒྱལ་པོ་ཆེན་པོ་ཆོས་རྣམས་ནི་རེ་རེ་ནས་བཙལ་ན་ཐ་སྙད་ཙམ་མ་གཏོགས་པར་མིག་གི་སྐྱེ་མཆེད་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། སའི་ཁམས་དང་བ་ནི་སའི་ཁམས་དང་བས་སྟོང༌། རླུང་གི་ཁམས་དང་བའི་བར་ནི་རླུང་གི་ཁམས་དང་བས་སྟོང་སྟེ། ཆོས་གང་དག་རང་བཞིན་གྱིས་སྟོང་པ་དེ་དག་ལ་དང་བའམ་འཁྲུགས་པར་འགྱུར་བའང་ག་ལ་ཡོད་དེ། གང་ལ་ཡང་དང་བའམ་འཁྲུགས་པ་མི་དམིགས་པ་དེ་དག་ཇི་ལྟར་གཟུགས་ལ་ལྟ་བར་འགྱུར། དེ་ལྟར་མིག་གི་སྐྱེ་མཆེད་ནི་མིག་གི་སྐྱེ་མཆེད་ཀྱི་རང་བཞིན་གྱིས་ཤིན་ཏུ་སྟོང་སྟེ། དེ་ནི་འོང་བ་དང་འགྲོ་བ་མེད་པའི་ཕྱིར་སྔོན་གྱི་མཐའ་ཡང་མི་དམིགས་ཕྱི་མའི་མཐའ་ཡང་མི་དམིགས་སོ། །རང་བཞིན་མེད་པའི་ཕྱིར་དེ་ལ་གནས་པ་ཡང་མི་དམིགས་སོ། །གང་རང་བཞིན་གྱིས་མེད་པ་དེ་ནི་བུད་མེད་ཀྱང་མ་ཡིན་སྐྱེས་པ་ཡང་མ་ཡིན་ནོ། །གང་བུད་མེད་ཀྱང་མ་ཡིན་སྐྱེས་པ་ཡང་མ་ཡིན་པ་དེ་ནི་དེས་རློམ་སེམས་སུ་ལྟ་ག་ལ་འགྱུར་ཏེ། རྒྱལ་པོ་ཆེན་པོ་རློམ་སེམས་ནི་བདུད་ཀྱི་སྤྱོད་ཡུལ་ལོ། །རློམ་


DTG111_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་མེད་པ་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ལོ། །དེའི་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་རློམ་སེམས་དང་བྲལ་བའོ། །དེ་བཞིན་དུ་སྦྱར་ཏེ། རྒྱལ་པོ་ཆེན་པོ་དེ་ལ་རྣ་བའི་སྐྱེ་མཆེད་ནས་ལུས་ཀྱི་སྐྱེ་མཆེད་ཀྱི་བར་གང་ཞེ་ན། གང་འབྱུང་བ་ཆེན་པོ་བཞི་དང་བའོ། །རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་ཐམས་ཅད་ཀྱི་བར་ནི། རྣམ་པར་ཐར་པ་ལ་མངོན་པར་ཕྱོགས་པ་ཆོས་ཀྱི་དབྱིངས་སུ་ངེས་པ། ནམ་མཁའི་ཁམས་ཀྱི་མཐས་ཀླས་པ། གདགས་སུ་མེད་པ། ཐ་སྙད་མེད་པ། བརྗོད་དུ་མེད་པ། བརྗོད་པར་བྱ་བ་མ་ཡིན་པའོ། །རྒྱལ་པོ་ཆེན་པོ་གང་ལ་དབང་པོ་རྣམས་ཐོགས་པར་འགྱུར་བ་དེ་ནི་ཡུལ་རྣམས་ཞེས་བྱ་སྟེ། མིག་གིས་གཟུགས་རྣམས་ལ་ཐོགས་པར་འགྱུར་བ་དེའི་ཕྱིར་གཟུགས་རྣམས་ནི་མིག་གི་ཡུལ་ཞེས་བྱའོ། །དེ་བཞིན་དུ་རྣ་བའི་སྒྲ་རྣམས་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་མིག་གཟུགས་རྣམས་ལ་ཐོགས་སོ་ཞེས་བྱ་བ་འདི་ནི་འབབ་པའི་ཐོགས་པར་འགྱུར་བར་བསྟན་ཏེ། འདི་ལྟར་མིག་ནི་གཟུགས་རྣམས་ལ་རྣམ་པར་གསུམ་དུ་འབབ་སྟེ། མཐུན་པ་རྣམས་ལ་སྡུག་པའི་འདུ་ཤེས་ཀྱིས་འབབ་པ་དང༌། མི་མཐུན་པ་རྣམས་ལ་ཁོང་ཁྲོ་བའི་འདུ་ཤེས་ཀྱིས་འབབ་པ་དང༌། མཐུན་པ་ཡང་མ་ཡིན་མི་མཐུན་པ་ཡང་མ་ཡིན་པ་རྣམས་ལ་བཏང་སྙོམས་ཀྱི་འདུ་ཤེས་ཀྱིས་འབབ་པ། །དེ་བཞིན་དུ་ཡིད་ནི་ཆོས་རྣམས་ལ་ཞེས་བྱ་བ་ལ་སོགས་པ་སྟེ། ཡུལ་དེ་དག་ནི་ཡིད་ཀྱི་སྤྱོད་ཡུལ་ཞེས་བྱ་བ་སྟེ། དེ་ལ་ཡིད་སྤྱོད་ཅིང་རྣམ་པར་སྤྱོད་པས་དེའི་ཕྱིར་ཡིད་ཀྱི་སྤྱོད་ཡུལ་ཞེས་བྱའོ། །རྒྱལ་པོ་ཆེན་པོ་ཡིད་དེ་མཐུན་པའི་གཟུགས་རྣམས་ལ་རྗེས་སུ་ཆགས་པར་སྤྱོད་པ་དེས་ནི་དེའི་འདོད་ཆགས་སྐྱེ་བར་འགྱུར། མི་མཐུན་པའི་གཟུགས་རྣམས་ལ་ཁོང་ཁྲོ་བར་སྤྱོད་པ་དེས་ནི་དེའི་ཞེ་སྡང་སྐྱེ་བར་འགྱུར། མཐུན་པ་ཡང་མ་ཡིན་མི་མཐུན་པ་ཡང་མ་ཡིན་པ་རྣམས་ལ་རྨོངས་པར་སྤྱོད་བདེས་ནི་དེའི་གཏི་མུག་སྐྱེ་བར་འགྱུར་ཏེ། དེ་བཞིན་དུ་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ལ་ཡང་ཆོས་རྣམ་པ་གསུམ་གསུམ་ལ་དམིགས་པ་མྱོང་བར་འགྱུར་ཏེ་སྔ་མ་བཞིན་ནོ། །རྒྱལ་པོ་ཆེན་པོ་དེ་ལ་དབང་པོ་རྣམས་ནི་སྒྱུ་མ་ལྟ་བུ་ཡུལ་རྣམས་ནི་རྨི་ལམ་ལྟ་བུར་ཤེས་པར་བྱའོ། །


DTG111_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་ཡུལ་གྱི་བཟང་མོ་དང་ལྷན་ཅིག་ཏུ་ཡོངས་སུ་སྤྱོད་པར་རྨིས་ལ། དེ་ཉལ་བ་ལས་སད་ནས་བུད་མེད་ཡུལ་གྱི་བཟང་མོ་དེ་རྗེས་སུ་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས། རྨི་ལམ་ན་མཐོང་བའི་ཡུལ་གྱི་བཟང་མོ་དེ་ཡོད་དམ་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སེ། །བཀའ་སྩལ་པ་རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས་སྐྱེས་བུ་གང་རྨི་ལམ་ན་ཡུལ་གྱི་བཟང་མོ་མཐོང་བའི་བུད་མེད་དེ་དང་ལྷན་ཅིག་ཏུ་རྩེ་བ་དང་དགའ་བ་དང༌། མངོན་པར་ཞེན་པར་འགྱུར་བ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་ནི་མཐོང་བའི་ཡུལ་གྱི་བཟང་མོ་དེ་ནི་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་དང་ལྷན་ཅིག་ཏུ་ཡོངས་སུ་སྤྱོད་པ་ལྟ་ག་ལ་མཆིས་ཏེ་གཞན་དུ་ན་གང་དེ་ལ་ཞེན་པའི་མི་དེ་ནི་ཤིན་ཏུ་ཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་མིག་གིས་གཟུགས་མཐོང་ན་ཡིད་བདེ་བར་འགྱུར་བ་རྣམས་ལ་མངོན་པར་ཞེན་པར་འགྱུར་ཏེ། དེ་མངོན་པར་ཞེན་ནས་རྗེས་སུ་ཆགས་པར་འགྱུར་རོ། །རྗེས་སུ་ཆགས་པར་གྱུར་ནས་ཡོངས་སུ་ཆགས་པར་འགྱུར་རོ། །ཡོངས་སུ་ཆགས་པར་གྱུར་ནས་འདོད་ཆགས་ལས་བྱུང་བའི་ལུས་ཀྱིས་ནི་རྣམ་པ་གསུམ་ངག་གིས་ནི་རྣམ་པ་བཞི་ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེ་ཡང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ་བྲལ་ཞིང་རྣམ་པར་འགྱུར་བ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན། ལྷོ་ཕྱོགས་དང་ནུབ་ཕྱོགས་དང་བྱང་ཕྱོགས་དང༌། སྟེང་དང༌། འོག་དང༌། ཕྱོགས་མཚམས་རྣམས་སུ་བརྟེན་ཏེ་གནས་པ་མ་ཡིན། འདི་ན་མ་ཡིན་ཕ་བི་ན་མ་ཡིན་པར་བར་མ་དོར་མ་ཡིན་ཏེ། དུས་གཞན་ན་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེ། སྲོག་གི་དབང་པོ་འགགས་ཏེ་ཚེ་ཡོངས་སུ་ཟད་ཅིང་དེ་དང་སྐལ་བ་འདྲ་བའི་ལས་རྣམས་ཀྱང་ཟད་ནས་རྣམ་པར་ཤེས་པ་ཐ་མ་


DTG111_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

འགགས་པའི་ཚེ། འདི་ལྟ་སྟེ་དཔེར་ན་ཉལ་ཉལ་བ་ལས་སད་པའི་ཡུལ་གྱི་བཟང་མོ་དང་འདྲ་བར་ཡིད་ཀྱིས་དམིགས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མའི་དབང་དང་ལས་དམིགས་པ་དེ་དང་རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། ཡང་ན་ནི་སེམས་ཅན་དམྱལ་བར། ཡང་ན་ནི་དུད་འགྲོའི་སྐྱེ་གནས་སུ། ཡང་ན་ནི་གཤིན་རྗེའི་འཇིག་རྟེན་དུ། ཡང་ན་ནི་ལྷ་མ་ཡིན་གྱི་རིས་སུ། ཡང་ན་ནི་མིའི་ནང་དུ། ཡང་ན་ནི་ལྷའི་ནང་དུ་སྐྱེ་བར་འགྱུར་ཏེ། རྣམ་པར་ཤེས་པ་དང་པོ་སྐྱེ་བའི་ཆར་གཏོགས་པ་དེ། དེ་འགགས་མ་ཐག་ཏུ་བར་མ་ཆད་པར། གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་བ་འདྲ་བར་འབྱུང་ངོ༌། །དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར་རོ། །གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ལ་ནི་སྐྱེ་བ་ཞེས་བྱའོ། །རྒྱལ་པོ་ཆེན་པོ་དེ་ལྟ་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོ་བའང་མེད་ལ་འཆི་འཕོ་དང་སྐྱེ་བར་མངོན་པའང་ཡོད་དེ། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་ཐ་མ་དེ་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང༌། །འགག་པའི་ཚོ་གང་དུ་ཡང་མི་འགྲོའོ། །ལས་ཀྱང་སྐྱེ་བའི་ཚེ་གང་ནས་ཀྱང་མི་འོང་འགག་པའི་ཚེ་གང་དུ་ཡང་མི་འགྲོའོ། །རྣམ་པར་ཤེས་པ་དང་པོ་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང་འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་མེད་པའི་ཕྱིར་ཏེ། རྣམ་པར་ཤེས་པ་ཐ་མ་ནི་རྣམ་པར་ཤེས་པ་ཐ་མས་སྟོང༌། ལས་ནི་ལས་ཀྱིས་སྟོང༌། རྣམ་པར་ཤེས་པ་དང་པོ་ནི་རྣམ་པར་ཤེས་པ་དང་པོས་སྟོང༌། འཆི་འཕོ་ནི་འཆི་འཕོས་སྟོང༌། སྐྱེ་བ་ནི་སྐྱེ་བས་སྟོང་ལ། ལས་རྣམས་འབྲས་བུ་མེད་པར་མི་འགྱུར་ཞིང་རྣམ་པར་སྨིན་པ་མྱོང་བར་མངོན་པ་ཡང་ཡོད་དེ། དེ་ལ་མིང་གི་བརྡ་ཙམ་མ་གཏོགས་པར་བྱེད་པ་པོའམ་ཟ་བ་པོ་གང་ཡང་མེད་དོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། མི་ཞིག་ཉལ་བའི་རྨི་ལམ་ན་དགྲ་དང་འཐབ་པ་ཞིག་རྨིས་ལ། ཉལ་བ་ལས་སད་ནས་དེ་ཉིད་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་


DTG111_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རྨི་ལམ་དུ་རྨིས་པའི་དགྲ་དེའམ་དགྲ་དེ་དང་འཐབ་པ་ཡོད་དམ། གསེལ་བ་བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས་འོ་ན་སྐྱེས་བུ་གང་རྨི་ལམ་གྱི་དགྲ་ལ་མངོན་པར་ཞེན་པའམ། དགྲ་དང་འཐབ་པར་འགྱུར་བ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་ན་མཐོང་བའི་དགྲ་དེ་ཉིད་ཀྱང་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན་དེ་དང་འཐབ་པ་ལྟ་ག་ལ་མཆིས་ཏེ་གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་ཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་མིག་གིས་གཟུགས་མཐོང་ན་ཡིད་མི་བདེ་བར་འགྱུར་བ་རྣམས་ལ་ཡང་མངོན་པར་ཞེན་པར་འགྱུར་ཏེ་མངོན་པར་ཞེན་ནས་ཁོང་ཁྲོ་བར་འགྱུར་རོ། །ཁོང་ཁྲོ་བར་གྱུར་ནས་ཞེ་སྡང་བར་འགྱུར། ཞེ་སྡང་བར་གྱུར་ནས་ཞེ་སྡང་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ་ངག་གིས་ནི་རྣམ་པ་བཞི་ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ་སྔ་མ་བཞིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན། མི་ཞིག་གཉིད་ཀྱིས་ལོག་པའི་རྨི་ལམ་ན་འདྲེས་ནོན་པར་རྨིས་ཏེ་འཇིགས་པས་ཤིན་ཏུ་རྨོངས་པར་འགྱུར་ལ། ཉལ་བ་ལས་སད་ནས་འདྲེ་དང་ཤིན་ཏུ་རྨོངས་པར་གྱུར་པ་དེ་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས་རྨི་ལམ་ན་མཐོང་བའི་འདྲེ་དེ་དང་ཤིན་ཏུ་རྨོངས་པར་གྱུར་པ་དེ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས་འོ་ན་དེ་ལྟར་རྨི་ལམ་ན་མཐོང་བའི་འདྲེ་དེ་ལ་མངོན་པར་ཞེན་ཅིང་ཤིན་ཏུ་རྨོངས་པར་འགྱུར་བའི་མི་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་གྱི་འདྲ་དེ་ནི་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན་ཤིན་ཏུ་རྨོངས་པ་ལྟ་ག་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་ཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ། །


DTG111_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་མིག་གིས་གཟུགས་མཐོང་ན་བཏང་སྙོམས་སུ་འགྱུར་བ་རྣམས་ལ་ཡང་མངོན་པར་ཞེན་པར་འགྱུར་ཏེ། མངོན་པར་ཞེན་ནས་ཤིན་ཏུ་རྨོངས་པར་འགྱུར་རོ། །ཤིན་ཏུ་རྨོངས་ནས་ཀུན་ནས་ཉོན་མོངས་པར་འགྱུར་རོ། །ཀུན་ནས་ཉོན་མོངས་ནས་གཏི་མུག་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ་ངག་གིས་ནི་རྣམ་པ་བཞི་ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་ཡུལ་གྱི་བུད་མེད་བཟང་མོ་གླུ་ལེན་པའི་གླུ་སྙན་པ་དང་པི་བང་ལེན་པའི་སྒྲ་སྙན་པ་ཉན་ཅིང་དེ་གླུ་དང་རོལ་མོའི་སྒྲ་དེས་ཡོངས་སུ་སྤྱོད་པ་རྨིས་ལ། ཉལ་བ་ལས་སད་ནས་གླུ་དང་རོལ་མོའི་སྒྲ་དེ་ཉིད་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས་རྨི་ལམ་ན་མཐོང་བའི་ཡུལ་གྱི་བུད་མེད་བཟང་མོ་དང༌། གླུ་དང་རོལ་མོའི་སྒྲ་དེ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འོ་ན་རྨི་ལམ་ན་མཐོང་བའི་ཡུལ་གྱི་བུད་མེད་བཟང་མོ་དེ་གླུ་དང་རོལ་མོའི་སྒྲ་ལ་མངོན་པར་ཞེན་པའི་མི་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་བ་བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། རྨི་ལམ་ན་མཐོང་བའི་ཡུལ་གྱི་བུད་མེད་བཟང་མོ་དེ་ནི་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེའི་གླུ་དང་རོལ་མོའི་སྒྲ་ལྟ་ག་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་ཞེན་པའི་མི་དེ་ནི་ཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་རྣ་བས་སྒྲ་ཐོས་ན་ཡིད་དུ་འོང་བ་རྣམས་ལ་མངོན་པར་ཞེན་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །དེ་བཞིན་དུ་དྲི་ལ་སོགས་པ་ལ་ཡང་རྣམ་པ་གསུམ་གསུམ་དུ་རིག་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཇི་ལྟར་ན་བདག་ལྷ་དང་བཅས་པའི་འཇིག་རྟེན་གྱི་མིག་དང༌། སྒྲོན་མ་དང༌། མར་མེ་དང༌། སྣང་བ་དང༌། གྲུ་དང༌། དོགས་


DTG111_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དང། འབབ་སྟེགས་དང༌། འདྲེན་པ་དང༌། ཡོངས་སུ་འདྲེན་པ་དང༌། སྟོན་པ་དང༌། དེད་དཔོན་དང༌། སྔོན་དུ་འགྲོ་བར་འགྱུར་སྙམ་པ་དང༌། བདག་གྲོལ་ནས་དགྲོལ་བར་བྱའོ། །རྒལ་ནས་བསྒྲལ་བར་བྱའོ། །དབུགས་ཕྱིན་ནས་དབུགས་དབྱུང་བར་བྱའོ། །ཡོངས་སུ་མྱ་ངན་ལས་འདས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་སྙམ་དུ་ཡིད་ལ་གཞག་པར་བྱའོ། །རྒྱལ་པོ་ཆེན་པོ་དབང་ཕྱུག་ལྟ་ཞིག་ནི་སྔོན་མྱོང་བར་གྱུར་པའི་མཐའ་ཡང་མི་མངོན་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་དབང་པོ་རྣམས་ནི་སྒྱུ་མ་ལྟ་བུ་སྟེ་ཆོག་མི་ཤེས་སོ། །ཚིམ་པར་མི་འགྱུར་བའོ། །ཡུལ་རྣམས་ནི་རྨི་ལམ་ལྟ་བུ་སྟེ་ཚིམ་པར་མི་ནུས་པ་ངོམས་པར་མི་ནུས་པའོ་ཞེའོ། །དེ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱི་གཏམ་རྒྱུད་ལས་མཐོ་རིས་ནས་ལྷུང་སྟེ། དེའི་ཚེ་རྒྱལ་པོ་ཆེན་པོ་དང་གྲོང་ཁྱེར་པས་བསྐོར་བ་ལས་འདི་སྐད་འབྱུང་སྟེ། འདི་ལྟ་སྟེ། དཔེར་ན། མར་གྱི་གོང་བུའམ། མར་གསར་གྱི་གོང་བུ་བྱེ་མ་ཆ་བ་ལ་གཞག་པ་ནི་འཇུ་ཞིང་མི་གནས་སོ། །དེ་བཞིན་དུ་རྒྱལ་པོ་ཆེན་པོ་གྲགས་པ་མཐའ་ཡས་ཀྱང་བྱིང་ཞིང་མི་གནས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཆེན་པོ་དགའ་བྱེད་ཀྱིས། རྒྱལ་པོ་ཆེན་པོ་གྲགས་པ་མཐའ་ཡས་དེ་ལྟར་བྱིང་བ་དེ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་གྲགས་པ་མཐའ་ཡས་ཀྱིས་ལེགས་པར་བརྗོད་པ་ཇི་སྐད་ཅིག་གསུངས་ཞེས་མཆིན་བདག་གིས་འཇིག་རྟེན་པ་རྣམས་ལ་ཇི་སྐད་ཅིག་ལུང་བསྟན་པར་བགྱི། དེས་སྨྲས་པ། རྒྱལ་པོ་ཆེན་པོ་གྲགས་པ་མཐའ་ཡས་ནི་གླིང་ཆེན་པོ་བཞིར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་ཤིང་བསམ་པ་ཡིད་བཞིན་དུ་གྲུབ་ལ་དོན་མེད་པར་མ་གྱུར་པའང་མྱོང༌། ཤིང་ཐམས་ཅད་ན་དུས་མ་ཡིན་པར་ཡིད་བཞིན་དུ་འབྲས་བུ་ཆགས་པ་དང༌། གནོད་པ་ཐམས་ཅད་རྒྱུན་ཆད་པ་དང༌། སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་བསམས་པ་དོན་ཡོད་པ་དང༌། སྤོས་ཆུའི་ཆར་དབབ་པ་དང༌། ལྷའི་ཡིད་བཞིན་གྱི་གོས་ཀྱི་ཆར་དབབ་པ་དང༌། དབྱིག་གི་ཆར་དབབ་པ་དང༌། གསེར་གྱི་ཆར་དབབ་པ་དང༌། རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་དབབ་པ་དང༌། ཡོ་བྱད་ཐམས་ཅད་ཀྱི་ཆར་དབབ་པ་ཡང་མྱོང་བར་གྱུར་ནས། གླིང་


DTG111_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བཞི་དག་ཏུ་གནས་ཏེ་གླིང་ཆེན་པོ་བཞིའི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་ནས། བརྒྱ་བྱིན་གྱི་སྟན་ཕྱེད་མནན་པ་ལ་འདོད་པ་ཆེན་པོས་མ་བཏང་སྟེ། འདོད་པས་མ་ངོམས་བཞིན་དུ་འཆི་བའི་དུས་བྱས་སོ་ཞེས་རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ལུང་སྟོན་ཅིག་དེ་བས་ན་རྒྱལ་པོ་ཆེན་པོ་ཁྱོད་ཀྱི་དབང་པོ་རྣམས་ནི་སྒྱུ་མ་ལྟ་བུ། ཡུལ་རྣམས་ནི་རྨི་ལམ་ལྟ་བུའོ་ཞེས་དེ་ལྟར་རིག་པར་བྱས་ནས་སེམས་ངེས་པར་གཞག་པར་བྱ་སྟེ། གཞན་གྱི་དྲིང་མི་འཇོག་པར་བྱའོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། སྨིག་རྒྱུའི་རང་བཞིན་ནི་མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ། །དེ་བཞིན་དུ་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་རང་བཞིན་ཡང་མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ་ཞེས་བྱ་བ་ལ་སོགས་པའོ། །ཡང་དེ་ཉིད་ལས་གསུངས་པ། འདི་ལྟར་དེ་བཞིན་གཤེགས་པས་ཀུན་རྫོབ་དང་དོན་དམ་པ་གཉིས་ཐུགས་སུ་ཆུད་དེ་ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་འདིར་ཟད་དོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་དུ་རབ་ཏུ་གཟིགས་རབ་ཏུ་མཁྱེན་ལེགས་པར་མངོན་དུ་མཛད་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱའོ། །དེ་ལ་ཀུན་རྫོབ་ནི་འཇིག་རྟེན་གྱི་སྤྱོད་པར་དེ་བཞིན་གཤེགས་པས་གཟིགས་སོ། །དོན་དམ་པ་གང་ཡིན་པ་དེ་ནི་བརྗོད་དུ་མེད་པ་སྟེ། ཤེས་པར་བྱ་བ་མ་ཡིན་པ། རྣམ་པར་ཤེས་པར་བྱ་བ་མ་ཡིན་པ། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་པ། མ་བསྟན་པ། རབ་ཏུ་མ་བསྟན་པ། མ་ཐོས་པ། ཐོས་པར་མ་བྱས་པ། མ་ཤེས་པ། རྣམ་པར་མ་ཤེས་པ། མ་བསྟན་པ། མ་མཐོང་བ། མ་བཏགས་པ། འཛིན་དུ་མ་བཅུག་པ། རྟོགས་པར་མ་བྱས་པ། ཐོབ་པར་མ་བྱས་པ། མ་ཐོབ་པ། ཉེ་བར་མ་བསྙེན་པ། མ་བོར་བ། མ་བཞག་པ། མ་སྤངས་པ། བྱ་བ་མེད་པ། བྱེད་པ་མེད་པ། རབ་ཏུ་ཞི་བ་མེད་པ། མ་སྨད་པ། མ་བསྟོད་པ། ཐོགས་པ་མ་ཡིན་པ། མ་ཐོགས་པ་མ་ཡིན་པ། བདེ་བ་མ་ཡིན་པ། སྡུག་བསྔལ་བ་མ་ཡིན་པ། སྙན་པ་མ་ཡིན་པ། མི་སྙན་པ་མ་ཡིན་པ། གཟུགས་མ་ཡིན་པ། གཟུགས་མེད་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་དང༌། གང་གི་བདེ་བར་གཤེགས་ལ་འགྲོ་བ་རྣམས། །


DTG111_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བའི་དོན་དུ་དད་པ་སྐྱེ་འགྱུར་བ། །རྒྱལ་བས་འགྲོ་བ་རྣམས་ཀྱི་དོན་སླད་དུ། །འཇིག་རྟེན་ཕན་ཕྱིར་ཀུན་རྫོབ་དེ་བསྟན་ཏོ། །སེམས་ཅན་ཚོགས་ཀྱི་འགྲོ་དྲུག་གང་བསྟན་པ། །སེམས་ཅན་དམྱལ་དང་དུད་འགྲོ་ཡི་དགས་དང༌། །ལྷ་མིན་རིས་དང་མི་དང་ལྷ་ཡི་རྣམས། །མི་ཡི་སེང་གེས་ཀུན་རྫོབ་བཏགས་པ་མཛད། །རིགས་དམར་དེ་བཞིན་མཐོ་བའི་རིགས་རྣམས་དང༌། །ཕྱུག་པོའི་ཁྱིམ་དང་དབུལ་བའི་རིགས་རྣམས་དང༌། །ཞེས་བྱ་བ་ལ་སོགས་པའོ། །ཡང་གསུངས་པ། གང་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་ཆོས་དེ་གང་ཞིག་ཅི་གཟུགས་སམ། འོན་ཏེ་ཚོར་བའམ། འོན་ཏེ་འདུ་ཤེས་སམ། འོན་ཏེ་འདུ་བྱེད་དམ། འོན་ཏེ་རྣམ་པར་ཤེས་པ་ཞིག་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་སྙམ་ནས། དེ་དག་འདི་སྙམ་དུ་སེམས་ཏེ། གཟུགས་ནི་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་པ་ནས། རྣམ་པར་ཤེས་པའི་བར་དུ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱང་མ་སྐྱེས་པ། བྱང་ཆུབ་ཀྱང་མ་སྐྱེས་པ་སྟེ། ཇི་ལྟར་མ་སྐྱེས་པས་མ་སྐྱེས་པར་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ། དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་ཤེས་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ། དེ་ལྟར་ཆོས་ཐམས་ཅད་མི་དམིགས་ན། འདི་ལ་སངས་རྒྱས་ནི་གང༌། བྱང་ཆུབ་སེམས་དཔའ་ནི་གང༌། བྱང་ཆུབ་ནི་གང༌། ལུང་བསྟན་པ་ནི་གང། གཟུགས་ནི་གཟུགས་ཀྱིས་སྟོང་པ་ནས་རྣམ་པར་ཤེས་པའི་བར་དུའོ། །དེ་བཞིན་དུ་སྦྱར་ཏེ། དེ་དག་ནི་ཐ་སྙད་ཙམ་མིང་ཙམ་བརྡ་ཙམ་ཀུན་རྫོབ་ཙམ་བརྗོད་པ་ཙམ་གདགས་པ་ཙམ་སྟེ། དེ་ལ་མཁས་པ་རྣམས་ཀྱིས་མངོན་པར་ཞེན་པར་བྱ་བའི་མི་ཆའོ་ཞེའོ། །ཡང་དེ་ཉིད་ལས་འདི་སྐད་ཅེས་གསུངས་ཏེ། འཕྲུལ་དགའི་ལྷ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་ཅག་གིས་འཚལ་བ་ལྟར་ན། ཆོས་ཐམས་ཅད་ནི་ཡང་དག་པའི་མཐའ་དང༌། སྒྲིབ་པ་མ་མཆིས་པའི་མཐའ་དང༌། མཐའ་ཡས་པའི་མཐའ་དང༌། མི་


DTG111_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་མཐའ་ཞེས་བྱ་བ་ལ་སོགས་པ་དང༌། བཅོམ་ལྡན་འདས་ཆོས་ཐམས་ཅད་རང་བཞིན་མ་ཡིན་པ་ནི་བྱང་ཆུབ་ལེགས་པར་རིག་པར་བགྱིའོ། །ཐ་ན་མཚམས་མེད་པ་རྣམས་ཀྱང་བྱང་ཆུབ་པོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་ནི་རང་བཞིན་མ་མཆིས་པ་སྟེ། མཚམས་མེད་པ་རྣམས་ཀྱང་རང་བཞིན་མ་མཆིས་པ་ལགས་པས་དེའི་སླད་དུ་མཚམས་མེད་པ་རྣམས་ཀྱང་བྱང་ཆུབ་ཅེས་བགྱིའོ། །བཅོམ་ལྡན་འདས་གང་སུ་དག་ཡོངས་སུ་མྱ་ངན་ལས་འདས་པར་འཚལ་བ་དེ་དག་ནི་གནོད་པར་འགྱུར་བའི་ཆོས་ཅན་ཏེ། དེ་ཅིའི་སླད་དུ་ཞེ་ན། གལ་ཏེ་འཁོར་བར་ཞུགས་པ་ཞིག་མཆིས་ན་ནི་མྱ་ངན་ལས་འདས་པ་ཡང་འཚལ་བར་འགྱུར་ན་ཞེས་བྱ་བའོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་འཕྲུལ་དགའི་ལྷ་རྣམས་ཀྱིས་ཡང་དག་པའི་མཐའ་ཞེས་གང་སྨྲས་པ་དེ་ལ་བདག་ཅག་གིས་ནི་ཡང་དག་པ་ཡང་མ་དམིགས་ན་དེའི་མཐའ་ལྟ་སྨོས་ཀྱང་ཅི་འཚལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གང་ལ་ལ་ཞིག་གིས་ཡང་དག་པར་དམིགས་ན་ནི། མཐའ་ཡང་དེས་དམིགས་པར་འགྱུར་ཏེ། དེ་ནི་གཉིས་ཀྱིས་སྤྱོད་པའོ་ཞེས་སོ། །དེ་ཉིད་ལས་འདི་སྐད་དུ། མི་མཛོད་ཀྱི་བདག་པོས་སྟོན་པ་ལ་བསྟོད་པ། །ཇི་ལྟར་མི་ཞིག་རྨི་ལམ་བཀྲེས་གྱུར་པས། །ཁ་ཟས་རོ་བརྒྱ་ཟོས་པས་འགྲངས་འགྱུར་བ། །དེ་ལ་བཀྲེས་མེད་ཟས་མེད་སེམས་ཅན་མེད། །རྨི་ལམ་དེ་འདྲར་ཆོས་རྣམས་ཐམས་ཅད་གཟིགས། །མི་ཞིག་ཡིད་དུ་འོང་བའི་ཚིག་སྨྲས་ན། །དགའ་བར་འགྱུར་ཡང་ཚིག་ལ་འཕོ་བ་མེད། །ཚིག་ཉིད་མེད་ཅིང་དགར་འགྱུར་དངོས་ཀྱང་མེད། །དེ་མཁྱེན་དེ་ལ་ཐེ་ཚོམ་ཡང་མི་མངའ། །པི་ཝང་སྒྲ་སྙན་མཉན་ན་རྣར་སྙན་ཏེ། །སྒྲ་དེ་རང་བཞིན་གང་ཡང་ཡོད་མ་ཡིན། །དེ་ལྟར་མཁས་པས་ཕུང་པོ་འདི་གཟིགས་ན། །ཕུང་པོའི་རང་བཞིན་གང་ཡང་དམིགས་མི་མངའ། །ཇི་ལྟར་མི་ཡིས་དུང་གི་སྒྲ་ཐོས་ཏེ། །སྒྲ་འདི་གང་ལས་བྱུང་ཞེས་བརྟགས་བྱས་ཀྱང༌། །རང་བཞིན་སྟོང་པའི་དངོས་དེ་མི་དམིགས་པ། །མི་དབང་ཁྱོད་ཀྱིས་དེ་བཞིན་ཆོས་ཀུན་གཟིགས། །ཇི་ལྟར་མི་ཞིག་བསོད་པའི་ཁ་ཟས་ལ། །ཡན་ལག་


DTG111_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཕན་ཇི་ལྟར་འགྱུར་བརྟགས་ན། །དངོས་མེད་ཡན་ལག་སྲོག་ཀྱང་དེ་བཞིན་ཏེ། །དྲང་སྲོང་ཆེན་པོས་དེ་བཞིན་ཆོས་ཀུན་གཟིགས། །ཇི་ལྟར་མི་ཞིག་ནམ་མཁའི་འཇའ་མཐོང་ན། །ཡན་ལག་གཞིགས་བརྟགས་རང་བཞིན་མེད་ཕྱིར་སྟོང༌། །འཇའ་འདྲར་ཡན་ལག་དེ་དག་སྟོང་པ་ཉིད། །དྲང་སྲོང་ཆེ་ཁྱོད་དེ་བཞིན་ཆོས་ཀུན་གཟིགས། །གྲོང་ཁྱེར་མཆོག་ཀྱང་ཡན་ལག་རྣམས་གཟིགས་ན། །གྲོང་ཁྱེར་རང་བཞིན་དེ་བཞིན་མིང་མི་དམིགས། །གྲོང་ཁྱེར་ཇི་བཞིན་དེ་ལྟར་ཡན་ལག་སྟོང༌། །མི་དབང་ཁྱོད་ཀྱིས་དེ་བཞིན་ཆོས་ཀུན་གཟིགས། །སྐྱེས་བུ་དགའ་བར་རྔ་ཞིག་བརྡུངས་བགྱིས་ན། །དགའ་བ་སྐྱེས་ཀྱང་སྒྲ་ཡི་རང་བཞིན་སྟོང༌། །ཇི་ལྟར་སྒྲ་བཞིན་དེ་ཡི་ཡན་ལག་སྟོང༌། །མི་དབང་ཁྱེད་ཀྱིས་དེ་བཞིན་ཆོས་ཀུན་གཟིགས། །སྐྱེས་བུས་ཇི་སྐད་རྔ་དེ་བརྡུངས་པའི་ཚེ། །སྒྲ་ནི་ཕྱོགས་སུ་མི་འགྲོ་འབྱུང་བ་མེད། །ཕྱོགས་སུ་དེ་བཞིན་འགག་པར་མི་འགྱུར་ཏེ། །མི་དབང་ཁྱེད་ཀྱིས་དེ་བཞིན་ཆོས་ཀུན་གཟིགས། །སྐྱེས་བུས་ཇི་ལྟར་རྔ་དེ་བརྡུངས་པའི་ཚེ། །ཐོགས་པ་མེད་ཅིང་སྙན་པའི་རང་བཞིན་ཏེ། །སྒྲ་འདྲར་དེ་ཡི་ཡན་ལག་དེ་རང་བཞིན། །མི་དབང་ཁྱོད་ཀྱིས་ཆོས་ཀུན་དེ་ལྟར་གཟིགས། །སྐྱེས་བུས་ཇི་ལྟར་རྔ་དེ་བརྡུངས་པའི་ཚེ། །སྒྲ་དེ་འཇིག་རྟེན་དགའ་བྱར་རྟོག་པ་མེད། །སྒྲ་འདྲར་དེ་ཡི་ཡན་ལག་དེ་རང་བཞིན། །མི་དབང་ཁྱོད་ཀྱིས་ཆོས་ཀུན་དེ་ལྟར་གཟིགས། །སྐྱེས་བུས་ཇི་ལྟར་རྔ་དེ་བརྡུངས་པའི་ཚེ། །གཡོ་བ་མེད་ཅིང་ཞི་བའི་དངོས་ཀྱང་མེད། །སྒྲ་འདྲར་དེ་ཡི་ཡན་ལག་དེ་རང་བཞིན། །མི་དབང་ཁྱོད་ཀྱིས་ཆོས་ཀུན་དེ་ལྟར་གཟིགས། །སྐྱེས་བུས་ཇི་ལྟར་རྔ་དེ་བརྡུངས་པའི་ཚེ། །སྒྲ་དེ་རང་དབང་མ་བྱུང་ཡན་ལག་མིན། །ཇི་ལྟར་སྒྲ་བཞིན་ཁྱོད་ཀྱི་ཡན་ལག་སྟོང༌། །མི་དབང་ཁྱོད་ཀྱིས་ཆོས་ཀུན་དེ་ལྟར་གཟིགས། །ཞེའོ། །ཡང་གསུངས་པ། བྱམས་པ་དགེ་བསྒོམས་སེམས་ཅན་དམིགས་པ་ཡིན་ཞེས་འདྲེན་པས་བཀའ་སྩལ་པ། །སེམས་ཅན་རྣམ་པར་བཤིག་ཅིང་འགྲོ་བ་ཐམས་ཅད་སེམས་ཅན་མེད་པར་མཁྱེན། །དེ་ལྟར་རྐང་གཉིས་དམ་པ་རྙོག་པ་མི་མངའ་ཐེ་ཚོམ་བྲལ་ཐུགས་ལྡན། །དེས་ན་བདེ་གཤེགས་


DTG111_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བརྟགས་བློ་མངའ་མཆོད་འོས་ཁྱོད་ལ་མཆོད་པར་འཚལ། །བདེ་བར་གཤེགས་པས་སྡུག་བསྔལ་ཕྱོགས་བཅུར་གནས་པ་ཀུན་དུ་མི་དམིགས་ཀྱང༌། །ལྷ་ཡི་ལྷར་གྱུར་ཁྱོད་ཀྱིས་སེམས་ཅན་རྣམས་ལ་སྙིང་རྗེ་བགྱི་བར་གསུངས། །དེ་ལྟར་རྒྱལ་མཆོག་བདག་ཅག་རྒྱལ་བའི་དགོངས་པ་ཇི་བཞིན་འཚལ། །དེས་ན་རྐང་གཉིས་གཙོ་བོ་མི་མཆོག་འོས་ཁྱོད་ལ་མཆོད་པར་འཚལ། །ཐུབ་པ་ཁྱོད་ཀྱིས་སེམས་ཅན་དང་ནི་བསལ་བགྱི་སྡུག་བསྔལ་མ་གཟིགས་ལ། །དགྱེས་པ་སྐྱེས་ནས་རབ་ཏུ་དགྱེས་པའི་ཐུགས་ཀྱིས་མི་དགྱེས་རྣམ་པར་བསལ།། དེ་ལྟར་སངས་རྒྱས་ཚུལ་ནི་བསམ་གྱིས་མི་ཁྱབ་ཚུལ་འདི་ཇི་བཞིན་འཚལ། །དེས་ན་མི་མཆོག་ཁྱོད་ལ་མཆོག་ནས་མཉེས་པའི་འབྲས་བུ་ཐོབ་པར་བགྱི། །ཐུབ་པས་སྐུ་ནི་རྣམ་པར་སྤངས་པས་སྐུ་བཙལ་མཛད་ན་མ་བསྙེངས་ཀྱང༌། །དེ་ལྟར་འདྲེན་པ་དྲན་བ་མ་གསུང་མ་ལགས་བསྙེལ་བ་ཡོང་མི་མངའ། །བདེ་བར་གཤེགས་པས་ལུས་ལ་སོང་བའི་བསྒོམ་པ་བསྒོམ་པར་གྱིས་ཞེས་གསུངས། །སངས་རྒྱས་ཚུལ་འདི་རིག་ནས་བདེ་བར་གཤེགས་པ་སྐྱོ་བ་ལ་མཆོད་པར་བགྱིས། །སྡུག་བསྔལ་ཞི་བྱ་ཕྱིར་ནི་ཞི་གནས་ལྷག་མཐོང་ལམ་ཡང་བསྒོམས་ཞེས་གསུངས། །བཅོམ་ལྡན་གང་གིས་འགྲོ་བ་ཉོན་མོངས་བག་ཆགས་དྲི་མ་དེ་དག་ཞི། །ཐུབ་པ་ཞི་གནས་ལྷག་མཐོང་དྲི་མ་ཐམས་ཅད་སྟོང་པ་སྟེ། །འདི་ལ་ལྷ་ཚོགས་གང་དུའང་ཐེ་ཚོམ་མ་མཆིས་སྐྱོན་བྲལ་ཁྱོད་ལ་མཆོད། །ཡང་གསུངས་པ། མིག་ནི་མིག་གི་རང་བཞིན་དང་བྲལ་བ། ཁམས་ནི་ཁམས་ཀྱི་རང་བཞིན་དང་བྲལ་བའི་སླད་དུ་སྟེ། ཆོས་གང་ལ་རང་བཞིན་མ་མཆིས་པ་དེ་ནི་དངོས་པོ་མ་མཆིས་པའོ། །གང་ལ་དངོས་པོ་མ་མཆིས་པ་དེ་ནི་ཡོངས་སུ་མ་གྲུབ་པའོ། །གང་ཡོངས་སུ་མ་གྲུབ་པ་དེ་ལ་ནི་སྐྱེ་བ་མ་མཆིས་སོ། །གང་སྐྱེ་བ་མ་མཆིས་པ་དེ་ལ་ནི་འགག་པ་མ་མཆིས་སོ། །དེ་བཞིན་དུ་སྦྱར་ཏེ། གང་དུས་གསུམ་དུ་མི་དམིགས་པ་དེ་ནི་མིག་མ་ལགས་དབང་པོ་མ་ལགས་སོ། །གང་མིག་མ་ལགས་ཤིང་དབང་པོ་མ་ལགས་པ་དེའི་ཐ་སྙད་ཇི་ལྟར་འཚལ་བར་བགྱི། འདི་ལྟ་སྟེ་དཔེར་ན། ཆང་པ་སྟོང་པ་ནི་


DTG111_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

བརྫུན་པ་ཡང་དག་པ་མ་ལགས་པ་མ་མཆིས་པ་སྟེ། འདི་ལྟར་མིང་དུ་གདགས་པར་བས་ཀྱི་དོན་དམ་པའི་ནི་སྟོང་པར་ཡང་མི་དམིགས་ཆད་པར་ཡང་མི་དམིགས་སོ། །དེ་བཞིན་དུ་མིག་དང་དབང་པོ་ཡང་ཆང་པ་སྟོང་པ་ལྟར་བརྫུན་ཞིང་མ་མཆིས་ལ་ཡང་དག་པ་མ་ལགས་པ་སྟེ། གསོབ་གསོག་ལོག་པ་སླུ་པའི་ཆོས་ཅན་བྱིས་པ་འདྲིད་པ་གླེན་པ་རྨོངས་པར་བགྱིས་པ་སྟེ། འདི་ལྟར་མིང་དུ་གདགས་པར་བས་ཀྱི་དོན་དམ་པར་ནི་མིག་ཀྱང་མི་དམིགས་ཞེས་བྱ་བའོ། །ཡང་དེ་ཉིད་ལས་གསུངས་པ། རྨི་ལམ་ཆར་ཆེན་འབབ་པ་ལྟར། །དེ་བཞིན་ཟག་པ་རྣམས་འབྱུང་བར། །ཟག་པ་འབྱུང་བ་མཁས་པ་པོ། །དཔའ་བོ་ཆེན་པོ་ཁྱོད་ཀྱིས་བསྟན། །རྨི་ལམ་དག་ན་མགོ་བཅད་བཞིན། །ཁྱོད་ཀྱིས་ཟག་པ་ཟད་པ་གཟིགས། །དེ་ནི་མཁས་པ་རྣམས་ལ་བསྟན། །ཐམས་ཅད་གཟིགས་ལ་ཕྱག་ཀྱང་འཚལ། །ཞེས་སོ། །འདི་ཉིད་ལས་མིའམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོང་པ་ཉིད་དང་ལུང་བསྟན་པ། །བདག་གིས་མ་འཚལ་ཞེས་སྨྲས་པ། །གལ་ཏེ་འགའ་ཞིག་མི་སྟོང་ན། །རྒྱལ་བས་དེ་ལུང་བསྟན་མི་གསུངས། །ཅི་ཕྱིར་ཞེ་ན་འདི་ལྟ་བུར། །རང་གི་རང་བཞིན་གནས་གྱུར་ནས། །འགྱུར་བ་མེད་ཅིང་ཐེར་ཟུག་སྟེ། །དེ་ལ་འཕེལ་མེད་འགྲིབ་པ་མེད། །དཔེར་ན་རང་བཞིན་སྟོང་པ་ཡི། །མེ་ལོང་དཀྱིལ་འཁོར་ཡོངས་དག་ལ། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་རྣམས་ཤེས་པར་གྱིས། །ཆོས་ཀྱི་དབྱིངས་ནི་འགྱུར་མེད་ན། །མཆོད་པའི་ཡན་ལག་འགྱུར་གང་ཞེས། །ཡན་ལག་རྣམས་ལ་རྟག་བྱོས་ལ། །ལྗོན་པ་མཆོད་པ་འདི་ལ་སྤྱོད། །གཡོ་བ་མ་མཆིས་བགྱི་བ་རྣམས། །བསྟན་པ་མ་འཚལ་ཞེས་སྨྲས་པ། །ཤིང་རྟའི་ཡན་ལག་འདུས་པ་དང༌། །ཤིང་རྟའི་བྱ་བ་བཞིན་དུ་རྟོགས། །ངས་ནི་ལས་ཀྱི་རྣམ་པ་བསྟན། །བྱེད་པོ་ཕྱོགས་བཅུ་རྣམས་ན་མེད། །ཤིང་རྣམས་རླུང་གིས་བསྒུལ་བ་ལས། །མེ་འབྱུང་འགྱུར་བ་ཇི་བཞིན་ནོ། །བདག་ཅག་མེ་འདི་བསྐྱེད་བྱ་ཞེས། །རླུང་དང་ཤིང་ལ་སེམས་པ་མེད། །འོན་ཀྱང་མེ་ནི་འབྱུང་བ་ལྟར། །ལས་ཀྱི་བྱེད་པ་དེ་བཞིན་ནོ། །


DTG111_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡང་བསོད་ནམས་ཚོགས་དང་ནི། །བྱང་ཆུབ་ཡང་དག་བསྒྲུབ་པ་དང༌། །ལེགས་སྤྱོད་ཡོད་མིན་ཞེས་ཟེར་བ། །དེ་ཚུལ་ཡང་དག་མཉན་པར་བྱོས། །མི་ཡི་ཚེ་ཚད་ལོ་བརྒྱ་ནི། །འཚོ་བ་ཡིན་ཞེས་ཇི་སྐད་བརྗོད། །ལོ་ལ་ཕུང་པོ་སྤུངས་པ་མེད། །སྒྲུབ་པ་དེ་ཡང་དེ་དང་མཚུངས། །ཞེས་སོ། །བཅོམ་ལྡན་འདས་མ་ལས་ཀྱང༌། ཚེ་དང་ལྡན་པ་རབ་འབྱོར་ཅི་ཆོས་མ་སྐྱེས་པ་སྐྱེའམ་འོན་ཏེ་སྐྱེས་པ་སྐྱེ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོ་ནི་ཆོས་མ་སྐྱེས་པ་སྐྱེ་བར་ཡང་མི་འདོད་སྐྱེས་པ་སྐྱེ་བར་ཡང་མི་འདོད་དོ་ཞེས་གསུངས་སོ། །འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ཀྱང༌། རིགས་ཀྱི་བུ་དེ་བཞིན་ཉིད་ཅེས་བྱ་བ་དེ་ནི་སྟོང་པ་ཉིད་ཀྱི་ཚིག་བླ་དགས་ཏེ་སྟོང་པ་ཉིད་ནི་མི་སྐྱེ་མི་འགག་གོ་སྨྲས་པ། བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་དུ་ཆོས་ཐམས་ཅད་ནི་སྟོང་པའོ་ཞེས་གསུངས་ཏེ། དེ་བས་ན་ཆོས་ཐམས་ཅད་ནི་མི་སྐྱེ་མི་འགག་གོ །བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། །ཇི་ལྟར་ཁོང་དུ་ཆུད་པ་བཞིན་ཏེ། ཆོས་ཐམས་ཅད་ནི་མི་སྐྱེ་མི་འགག་གོ་སྨྲས་པ། གང་འདི་བཅོམ་ལྡན་འདས་ཀྱིས་འདུས་བྱས་ཀྱི་ཆོས་ཐམས་ཅད་ནི་སྐྱེའོ་འགག་གོ་ཞེས་གསུངས་ན་དེ་བཞིན་གཤེགས་པས་འདི་ཅི་ལས་དགོངས་ཏེ་གསུངས། །སྨྲས་པ་རིགས་ཀྱི་བུ་འཇིག་རྟེན་གནས་པ་སྐྱེ་བ་དང་འགག་པ་ལ་མངོན་བར་ཆགས་པས་དེ་ལ་དེ་བཞིན་གཤེགས་པས་ཐུགས་རྗེ་ཆེན་པོས་འཇིག་རྟེན་དང་ང་པའི་གནས་བསལ་བའི་ཕྱིར་ཐ་སྙད་ཀྱི་དབང་གིས་སྐྱེའོ་འགག་གོ་ཞེས་གསུངས་ཏེ། འདི་ལ་ཆོས་གང་ཡང་སྐྱེ་བ་དང་འགག་པ་མེད་དོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས། བཅོམ་ལྡན་འདས་དེ་ལ་མིག་གིས་གཟུགས་རྣམས་ལ་སྒྲ་མི་འབྱིན། རྣ་བས་སྒྲ་རྣམས་དང༌། སྣས་དྲི་རྣམས་དང༌། ལྕེས་རོ་རྣམས་དང༌། ལུས་ཀྱིས་རེག་བྱ་རྣམས་དང༌། ཡིད་ཀྱིས་ཆོས་རྣམས་ལ་སྒྲ་མི་འབྱིན་པ་དེ་ནི་ཆོས་སོ། །དེ་ལ་ཇི་ལྟར་ན་མིག་གིས་གཟུགས་རྣམས་ལ་སྒྲ་མི་འབྱིན་ཞེ་ན། ཕྲད་པ་མ་མཆིས་པའི་སླད་དུའོ། །མིག་ནི་གཟུགས་ལ་ཕྲད་པར་མི་བགྱིད་པ་ནས། རྣ་བས་སྒྲ་ལ་མ་ལགས། སྣས་དྲི་ལ་མ་ལགས། ལྕེས་རོ་ལ་མ་ལགས། ལུས་ཀྱིས་རེག་


DTG111_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ལ་མ་ལགས། ཡིད་ཀྱིས་ཆོས་ཀྱི་བར་ལ་ཕྲད་པར་མི་བགྱིད་དོ། །གང་ཕྲད་པར་མི་བགྱིད་པ་དེ་ནི་སྒྲ་མི་འབྱིན་པའོ། །བཅོམ་ལྡན་འདས་གཉིས་སུ་མ་མཆིས་ན་ཆོས་ལ་སྒྲ་འབྱིན་པ་མ་མཆིས་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་གཉིས་སུ་མ་མཆིས་པ་སྟེ་གཅིག་གིས་གཅིག་མ་འཚལ་རྣམ་པར་མ་འཚལ། མི་རྟོག་རྣམ་པར་མི་རྟོག །འབྱུང་བར་མི་བགྱིད་འཇིག་པར་མི་བགྱིད། འབྲི་བར་མི་བགྱིད། འཕེལ་བར་མི་བགྱིད། ཆགས་པར་མི་བགྱིད་མི་ཆགས་པར་མི་བགྱིད། འཁོར་བར་མི་བགྱིད། ཡོངས་སུ་མྱ་ངན་ལས་འདའ་བར་མི་བགྱིད་དེ། འདི་དག་ནི་སུའི་ཡང་མ་ལགས། འདི་དག་གི་སུ་ཡང་མ་ལགས་སོ། །བཅོམ་ལྡན་འདས་ཆོས་འདི་དག་ནི་སྐྱོ་བར་ཡང་མི་བགྱིད་ཆགས་པར་ཡང་མི་བགྱིད་དོ། །བཅོམ་ལྡན་འདས་ཆོས་འདི་དག་ནི་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་རྣམ་པར་བྱང་བར་ཡང་མི་འགྱུར་རོ། །བཅོམ་ལྡན་འདས་བདག་གིས་དེ་ལྟར་འཚལ་ཏོ། །བདག་གིས་དེ་ལྟར་རྟོགས་སོ། །བཅོམ་ལྡན་འདས་གང་བདག་འདི་ལྟར་འཚལ་འདི་ལྟར་རྟོགས་སོ་ཞེས་དེ་ལྟར་མཆི་བ་དེ་ནི་སྐྱེ་མཆེད་རྣམས་ཀྱིས་འགྱུར་བའོ། །བཅོམ་ལྡན་འདས་སྐྱེ་མཆེད་རྣམས་ནི་འདི་སྙམ་དུ་འདི་དག་ནི་བདག་གི་འགྱུར་བའོ་སྙམ་དུ་མི་སེམས་སོ། །གང་དེ་ལྟར་འཚལ་བ་དེ་ནི་སུ་དང་ཡང་མི་རྩོད་དོ། །གང་མི་རྩོད་པ་དེ་དག་ནི་དགེ་སྦྱོང་གི་ཆོས་ཀྱི་རྗེས་སུ་འཇུག་པའོ། །གང་དགེ་སྦྱོང་གི་ཆོས་ཀྱི་རྗེས་སུ་འཇུག་པ་དེ་ནི་གང་ནས་ཀྱང་འཇུག་པར་མི་བགྱིད་མི་འཇུག་པར་ཡང་མི་བགྱིད། སྦྱོར་བར་ཡང་མི་བགྱིད་མི་སྦྱོར་བ་ཡང་མི་བགྱིད། འགྲོ་བར་ཡང་མི་བགྱིད་སྡོད་པར་ཡང་མི་བགྱིད་འབྲི་བར་ཡང་མི་བགྱིད་འཕེལ་བར་ཡང་མི་བགྱིད་དེ། ཐམས་ཅད་ཆོས་ཀྱི་ཚུལ་དུ་མཐོང་ངོ༌། །ཐམས་ཅད་རྣམ་པར་གྲོལ་བའི་ཚུལ་དུ་མཐོང་ངོ༌། །ཆོས་ཀྱི་དབྱིངས་ཉིད་དུ་མཐོང་ངོ༌། །དེ་ལྟར་ཐམས་ཅད་འབྱུང་བར་མཐོང་སྟེ། གང་འབྱུང་བ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཞན་དུ་ན་མིང་ཙམ་དང་བཏགས་པ་ཙམ་དང་ཐ་སྙད་ཙམ་དུ་མཐོང་བ་ནི་མ་མཆིས་པ་མ་ལགས་སོ། །མིང་དེ་ཡང་མིང་མ་མཆིས་པའོ། །བཏགས་པ་ཡང་བཏགས་པ་མ་མཆིས་པའོ། །ཐ་སྙད་


DTG111_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཐ་སྙད་མ་མཆིས་པའོ། །ཆོས་མཐོང་བས་སངས་རྒྱས་མཐོང་ངོ༌། །སངས་རྒྱས་མཐོང་བས་སེམས་ཅན་ཐམས་ཅད་མཐོང་ངོ༌། །སེམས་ཅན་ཐམས་ཅད་མཐོང་བས་རྒྱུ་དང་རྐྱེན་མཐོང་ངོ༌། །རྒྱུ་དང་རྐྱེན་མཐོང་བས་སྟོང་པ་ཉིད་མཐོང་ངོ༌། །སྟོང་པ་ཉིད་མཐོང་བ་ནི་མཐོང་བ་མ་མཆིས་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་མ་མཐོང་བ་ནི་ཡང་དག་པ་མཐོང་བའོ་ཞེས་གསུངས་སོ། །གནས་མེད་པ་ཀུན་རྫོབ་ཏུ་ཇི་ལྟར་རུང་ཞེ་ན། ཇི་ལྟར་མི་རུང་སྟེ། ཇི་ལྟར་སྡོང་པོ་མེད་ན་སྐྱེས་བུར་འཁྲུལ་པ་བཞིན་ནོ། །གང་ལ་བརྟེན་ནས་སྐྱེས་བུར་འཁྲུལ་པར་འགྱུར་བ་སྟོང་པ་ཉིད་དུ་སྨྲ་བ་ལ་སྡོང་པོ་དེ་དོན་དམ་པར་ཇི་ལྟར་གྲུབ། ཆོས་ཐམས་ཅད་ནི་རྩ་བ་མེད་པ་སྟེ། ཡང་དག་པར་ན་རྩ་བ་མི་འཐད་པའི་ཕྱིར་རོ། །དེ་སྐད་དུ་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང༌། ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའི་རྩ་བ་གང་ཡིན། སྨྲས་པ་ཡང་དག་པ་མ་ཡིན་པར་ཀུན་དུ་རྟོག་པའི་རྩ་བ་ནི་ཕྱིན་ཅི་ལོག་གི་འདུ་ཤེས་སོ། །སྨྲས་པ་ཕྱིན་ཅི་ལོག་གི་འདུ་ཤེས་ཀྱི་རྩ་བ་གང་ཡིན། སྨྲས་པ་ཕྱིན་ཅི་ལོག་གི་འདུ་ཤེས་ཀྱི་རྩ་བ་ནི་རྟེན་མེད་པའོ། །སྨྲས་པ་རྟེན་མེད་པའི་རྩ་བ་གང་ཡིན། སྨྲས་པ་འཇམ་དཔལ་གང་རྟེན་མེད་པ་དེའི་རྩ་བར་འགྱུར་བ་ཅི་ཞིག་ཡོད། དེ་ལྟར་ཆོས་ཐམས་ཅད་ནི་རྟེན་མེད་པའི་རྩ་བ་ལ་གནས་པའོ་ཞེས་གསུངས་སོ། །འདི་ནི་སེམས་སྦྱང་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱ་བ་མདོར་བསྡུས་པ་སྟེ། བསྒོམས་ནས་ཀྱང་ཉོན་མོངས་པའི་དགྲ་དང་འཐབ་པ་ལ་མཁས་པར་བྱའི་རང་གི་ཁྱིམ་ན་དཔའ་བར་ནི་མི་བྱའོ། །འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། སྟོང་པ་ཉིད་སྨྲ་བ་ནི་མི་གནས་པའི་ཕྱིར་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་འཕྲོགས་ཏེ། རྙེད་པས་དགའ་བ་ཡང་མེད་མ་རྙེད་པས་མི་དགའ་བ་ཡང་མེད། གྲགས་པས་ཡི་སོས་པ་ཡང་མེད་མ་གྲགས་པས་སྲོ་ཤི་བ་ཡང་མེད། སྨད་པས་ཞུམ་པ་ཡང་མེད་བསྟོད་པས་དགའ་བར་སེམས་པ་ཡང་མེད། བདེ་བས་ཆགས་པར་འགྱུར་བ་ཡང་མེད་སྡུག་བསྔལ་བས་ཡིད་འབྱུང་བར་འགྱུར་བའང་མེད། གང་དེ་ལྟར་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་


DTG111_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོགས་པ་དེ་ནི་སྟོང་པ་ཉིད་ཤེས་པ་སྟེ། དེ་ལྟར་མི་འཕྲོགས་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་དང༌། དེ་བཞིན་དུ་སྟོང་པ་ཉིད་སྨྲ་བ་ནི་གང་དུ་ཡང་ཆགས་པའམ་མི་ཆགས་པ་མེད་དོ། །གང་ལ་ཆགས་པ་དང་གང་ལ་མི་ཆགས་པ་དེ་སྟོང་པ་ཉིད་དུ་ཤེས་པ་སྟོང་པ་ཉིད་དུ་མཐོང་ངོ༌། །གང་གི་ཆོས་གང་ལ་ཆགས་པ་དང་ཆགས་པ་མེད་པ་དེས་ནི་སྟོང་པ་ཉིད་དུ་ཤེས་སོ། །དེ་བཞིན་དུ་གང་ལ་ལ་འཐབ་ཅིང་རྩོད་པར་བྱེད་པ་དེ་ནི་སྟོང་པ་ཉིད་མི་ཤེས་ཏེ། དེ་གང་དང་འཐབ་ཅིང་རྩོད་པར་བྱེད་པ་དེ་སྟོང་པ་ཉིད་དུ་ཤེས་དེ་སྟོང་པ་ཉིད་དུ་མཐོང་ངོ་ཞེས་བྱ་བ་ལ་སོགས་པའོ། །འདི་ནི་སེམས་སྦྱང་བ་མདོར་བསྡུས་པའོ། །གང་ལ་འབད་པ་བྱས་ན་མྱུར་དུ་སེམས་དག་པར་འགྱུར་ཞེ་ན། བདག་བསྟོད་པ་དང་གཞན་ལ་བརྙས་པ་སྤང་བས་སོ། །འདི་ཉིད་ཀྱི་རྩ་བ་ནི་བདག་དང་སེམས་ཅན་དུ་ལྟ་བ་སྟེ། དེ་ཡང་འདི་གོམས་པར་བྱས་ན་ཡང་སླ་བར་འགྱུར་ཏེ། གཞན་ལ་གུས་པར་བྱ་བ་དང་བདག་ཁྱད་དུ་བསད་པ་དེ་ལྟར་བསྒོམ་པར་བྱའོ། །གལ་ཏེ་སེམས་ཅན་ཕུང་པོ་རྣམས། །རྣམ་པ་ཀུན་དུ་མཉམ་གནས་ན། །གཅིག་ལ་བདག་དང་གཞན་ཉིད་དུ། །འགལ་བར་འབྱུང་བ་ཇི་ལྟར་འགྱུར། །དེ་ནི་དམིགས་པ་མེད་པར་ཡང༌།། ཐོག་མེད་རྟོགས་པ་གོམས་པ་ཡིས། །ལུས་ཅན་དག་ནི་ཀུན་དུ་སྤྱོད། །གོམས་ན་དགའ་བ་ཅི་ཞིག་ཡོད། །དེ་ལྟར་གོམས་པའི་བདག་ཉིད་དུ། །མཚུངས་ན་ཅི་ཕྱིར་བདེ་བའི་རྒྱུ། །གཞན་ལ་གུས་བྱས་བཏང་ནས་ནི། །རང་སྡུག་འགྱུར་བ་གཞན་འདོད་བྱེད། །ཡིད་བཞིན་ནོར་བུའི་གཏམ་བརྗོད་ལས། །གུས་པར་བྱ་བའི་རྒྱུ་ཡོད་དོ། །བདག་ལ་གུས་བྱེད་སྐལ་ངན་གྱི། །སྐྱེ་བོ་ལས་འདིར་བདེ་བའང་མེད། །དེ་ལྟར་བདག་ལ་ཆགས་ལྡན་པ། །བརླང་ཞིང་ང་རྒྱལ་སེར་སྣ་ཅན། །ཀུན་ལས་འཕགས་པའི་ཚུལ་ལྟ་བུ། །དེ་ལས་ཟློག་སྟེ་བསྒོམ་པར་བྱ། །བདག་ལ་གུས་པར་བྱེད་པ་འདི། །བསྟོད་སྨད་ལ་སོགས་ཆུས་བཅུས་པས། །འཕེལ་ཏེ་དམྱལ་བའི་ཚིལ་ཞག་གིས། །བཏབ་པས་དམྱལ་བའི་མེ་བཞིན་ནོ། །རེ་ཞིག་དགྲ་ལ་སེམས་མེད་ཕྱིར། །བདག་ལ་བསྟོད་དོ་སྙམ་མི་སྲིད། །བདག་ལ་གཞན་དགའ་གྲགས་སྙམ་པ། །འདི་ནི་


DTG111_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་བློ་གྲོས་འཁྲུལ། །དེ་མགུ་བ་ལ་བདག་དགའ་བ། །དེ་ནི་རྟག་ཏུ་སྤྱིར་འགྱུར་མོད། །དེ་བདེས་བྱ་བ་མེད་ཅེ་ན། །དགའ་དེས་བདག་ལ་ཅི་ཞིག་བྱ། །གཞན་ནམ་ཡང་ན་བདག་ལའང་རུང༌། །གཞན་དགས་བདག་ལ་ཅི་ཞིག་བྱ། །འདི་ནི་གཞན་གྱི་དགའ་བས་བདག །ལུས་ཀྱིས་བདེ་བ་འདོད་མ་ཡིན། །དེ་ལྟར་ཤེས་ནས་གཞི་མེད་ཀྱི། །རྣམ་པར་རྟོག་པ་སྤང་བར་བྱ། །མ་གྲགས་སྨད་དང་མ་བཀུར་བ། །དེ་ལྟ་དོན་མེད་ཤེས་པར་བྱ། །ཕྱག་འཚལ་སོགས་པས་ཆོས་མི་འགྱུར། །ཚེ་དང་ནད་མེད་སྟོབས་མི་འགྱུར། །ཅོ་འདྲི་བྱེད་པའི་ཚེ་ན་ནི། །གཞན་གྱིས་ལུས་སྒྱུར་བྱེད་དང་མཚུངས། །དགའམ་འོན་ཏེ་མི་དགའ་ཡང༌། །རྙེད་དང་མ་རྙེད་མཚུངས་པར་འགྱུར། །དེ་ལྟར་དོན་མེད་རྣམ་སྤང་སྟེ། །རི་དང་མཚུངས་པའི་ཡིད་དུ་བྱ། །འདྲིས་པ་སྤངས་པས་སེམས་མྱུར་དུ་དག་པར་འགྱུར་རོ། །འདིར་ཡང་བསམ་པར་བྱ་སྟེ། །མཚན་མར་འཛིན་པ་ལས་བྱུང་བའི། །ངོ་ཤེས་པས་ནི་ཡང་དང་ཡང༌། །རྗེས་སུ་ཆགས་པ་སྐྱེ་བར་བྱེད། །དེ་ལ་ཁོང་ཁྲོ་འབྱུང་བར་འགྱུར། །གང་ལ་རྗེས་ཆགས་ཁོང་ཁྲོ་ཡོད། །དེས་ནི་སྡིག་པ་བཟློག་མ་ཡིན། །ཕྲག་དོག་སེར་སྣ་ལྷན་ཅིག་ཏུ། །སྐུར་པ་འདེབས་པ་སྣ་ཚོགས་འབྱུང༌། །རྙེད་ལ་སོགས་པ་འདོད་པ་དག་ང་རྒྱལ་ལ་སོགས་མང་པོ་འབྱུང༌། །དེས་ན་འབད་པ་ཐམས་ཅད་ཀྱིས། །ཐུབ་པས་འདྲིས་པ་ཡོངས་སུ་སྤང༌། །འདྲ་ཕྱིར་འདི་ནི་གཞན་ཡིན་ཡང༌། །འཁྲུལ་པས་དེ་ནི་འདིའོ་ཞེས། །རྒྱུན་རྒྱུད་བཞིན་དུ་རྟོག་དེའི་ཕྱིར། །སྟོབས་ཀྱིས་དེ་ཉིད་ལ་གནས་བྱ། །འདྲ་བ་འདི་ནི་དངོས་མེད་དེ། །ཁྱེད་ལ་སྡུག་བསྔལ་བསྐྱེད་པར་འགྱུར། །ང་དང་དེ་དག་ཐམས་ཅད་ཀྱང༌། །རིང་པོར་མི་ཐོགས་མེད་པར་འགྱུར། །བསླབ་པ་ཀུན་ལས་བཏུས་པ་ལས་ལུས་ཡོངས་སུ་དག་པའི་ལེའུ་སྟེ་བཅུ་བཞི་པའོ།། །།ཡང་དག་འཚོ་བ་སྦྱངས་པ་ཡིས། །ལོངས་སྤྱོད་དག་པར་ཤེས་པར་བྱ། །ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པ་ལས་ཇི་སྐད་དུ། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་ཀྱིས་ལོངས་སྤྱོད་ཚོལ་གྱི་ཆོས་མ་ཡིན་པས་ནི་མི་ཚོལ་ལོ། །མཐུན་པས་ཚོལ་གྱི་མི་མཐུན་པས་མ་ཡིན་ནོ། །ཡང་དག་པས་འཚོ་བ་ཡིན་གྱི་ལོག་པས་


DTG111_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་བ་མ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང༌། བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱེད་པ་དང་སྦྱིན་པའི་བདག་པོ་མཐོང་ན་སྤྱོད་ལམ་མི་འཆོས་སོ། །ཇི་ལྟར་ན་སྤྱོད་ལམ་མི་འཆོས་ཤེ་ན། གཉའ་ཤིང་གང་ཙམ་དུ་བལྟ་བ་དང། སྐྱོ་བར་བལྟ་བ་དང༌། སྒྲིམ་པ་མེད་པར་བལྟ་བས་གོམ་པས་བགས་ཀྱིས་དལ་ནས་དལ་ནས་འདོར་ཞིང་འདེབས་པ་མ་ཡིན་ཏེ། དེ་ལྟར་ན་ལུས་ཀྱིས་ཚུལ་འཆོས་པ་མི་བྱེད་དོ། །ངག་གིས་ཚུལ་འཆོས་པར་མི་བྱེད་དོ། །ཇི་ལྟར་ངག་གིས་ཚུལ་འཆོས་པར་མི་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་ནི་རྙེད་པའི་རྒྱུ་རྙེད་པའི་ཕྱིར་གཅོམ་བསྐྱུངས་ཤིང་སྨྲ་བ་མ་ཡིན་འཇམ་པོར་སྨྲ་བ་མ་ཡིན་དགའ་བར་སྨྲ་བ་མ་ཡིན། རྗེས་སུ་འབྲང་བའི་ཚིག་བརྗོད་པ་མ་ཡིན་ཏེ། དེ་ལྟར་ན་ངག་གིས་ཚུལ་འཆོས་པ་མི་བྱེད་དོ། །ཇི་ལྟར་ན་སེམས་ཀྱིས་ཚུལ་འཆོས་པར་མི་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་བྱེད་པའམ་སྦྱིན་པའི་བདག་པོས་རྙེད་པ་བསྟན་ན། ཚིག་གིས་འདོད་པ་ཆུང་བར་སྟོན་ཅིང་སེམས་ཀྱིས་འདོད་པ་བསྐྱེད་པ་མ་ཡིན་ནོ། །རིགས་ཀྱི་བུ་འདི་ལྟ་སྟེ། ཚིག་གིས་འདོད་པ་ཆུང་ལ་སེམས་ཀྱིས་རྙེད་པ་འདོད་པ་འདི་ནི་ནང་གི་གདུང་བ་ཡིན་ཏེ། དེ་ལྟར་ན་སེམས་ཀྱིས་ཚུལ་འཆོས་པ་མི་བྱེད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཚུལ་འཆོས་པ་དང་ཁ་གསག་གི་རྙེད་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན་གཞོགས་སློང་གི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་བྱེད་པའམ་སྦྱིན་བདག་མཐོང་ན་བདག་གོས་ཀྱིས་ཕོངས་སོ་བདག་ལྷུང་བཟེད་ཀྱི་ཕོངས་སོ། །བདག་ན་བའི་གསོས་སྨན་གྱིས་ཕོངས་སོ་ཞེས་གཞོགས་སློང་མི་བྱེད་ཅིང༌། སྦྱིན་པ་བྱེད་པའམ་སྦྱིན་པའི་བདག་པོ་ལ་མི་སློང་ཞིང་ཚིག་ཏུ་མི་བརྗོད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་གཞོགས་སློང་གི་རྙེད་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན་ཐོབ་ཀྱིས་འཇལ་བའི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་བྱེད་པ་དང་སྦྱིན་པ་དག་མཐོང་ན་བདག་ལ་སྦྱིན་པའི་བདག་པོ་ཆེ་གེ་མོ་ཞིག་གིས་དངོས་པོ་ཆེ་གེ་མོ་ཞིག་བྱིན་ཏེ། དེ་ལ་བདག་གིས་ཀྱང་ཕན་པ་ཆེ་གེ་མོ་ཞིག་བྱས་སོ། །འདིས་ཀྱང་བདག་ལ་འདི་ནི་ཚུལ་ཁྲིམས་དང་


DTG111_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པར་རིག་སྟེ་མང་དུ་ཐོས་པའོ་འདོད་པ་ཆུང་བའོ་ཞེས་འདི་དང་འདི་བྱིན་ནོ། །བདག་གིས་ཀྱང་དེ་ལ་སྙིང་རྗེ་བའི་སེམས་ཉེ་བར་གཞག་སྟེ་བླངས་སོ་ཞེས་དེ་སྐད་ཀྱི་ཚིག་མི་བརྗོད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཐོབ་ཀྱིས་འཇལ་བའི་རྙེད་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མི་རིགས་པར་བཙལ་བའི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་ལུས་ལ་རྨ་བྱུང་བ་དང་སེམས་ལ་རྨ་བྱུང་བར་རྙེད་པ་ཚོལ་བ་མ་ཡིན་ནོ། །དེ་ལ་ལུས་ཀྱི་རྨ་ནི་འདི་ལྟ་སྟེ། རྙེད་པའི་རྒྱུ་རྙེད་པའི་ཕྱིར་བརྒྱུག་པ་དང་ཀུན་དུ་བརྒྱུག་པ་དང༌། ཚུལ་ཁྲིམས་འཆལ་པ་ལ་སྤྱོད་པའོ། །སེམས་ཀྱི་རྨ་ནི་འདི་ལྟ་སྟེ། རྙེད་པ་ལ་སྨོན་པ་དང་ཚངས་པ་མཚུངས་པར་སྤྱོད་པ་གཞན་གྱི་རྙེད་པ་དག་ལ་གནོད་སེམས་མང་བ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་མི་རིགས་པར་བཙལ་བའི་རྙེད་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་མ་ཡིན་པའི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་སྲང་ལ་སྒྱུ་མེད་པ་དང་བཙལ་བ་ལ་སྒྱུ་མེད་པ་དང་ཡིད་བརྟན་པ་ལ་གནོད་པར་བྱེད་པ་མེད་པ་དང་གཡོས་རྙེད་པ་མི་སྒྲུབ་པ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་མ་ཡིན་པའི་རྙེད་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་མ་དག་པའི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གང་མཆོད་རྟེན་གྱི་དང་འདྲེས་པའམ་ཆོས་ཀྱི་དང་འདྲེས་པའམ། དགེ་འདུན་གྱི་དང་འདྲེས་པའམ་མ་བྱིན་པ་མ་གནང་བ་དེ་དག་མི་ལེན་ཅིང་བདག་གིར་མི་བྱེད། ཆགས་པའི་སེམས་མི་སྐྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་མ་དག་པའི་རྙེད་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྙེད་པ་ལ་ཞེན་པ་མེད་པ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་རྙེད་པ་རྙེད་ཀྱང་བདག་གིར་མི་བྱེད། ནོར་དུ་མི་རྩི་ཚོགས་སུ་མི་བྱེད་ཅིང༌། དུས་དུས་སུ་དགེ་སྦྱོང་དང་བྲམ་ཟེ་དང་ཕ་མ་དང་མཛའ་བོ་དང་བློན་པོ་དང་གཉེན་བཤེས་དང་སྣག་གི་གཉེན་མཚམས་དག་ལ་གཏོང་ཞིང་དུས་དུས་སུ་བདག་ཀྱང་ཡོངས་སུ་སྤོད་ལ་ཡོངས་སུ་སྤྱོད་པའི་ཚེ་ཆགས་པ་མེད་པ་དང་ཞེན་པ་མེད་པར་ཡོངས་སུ་སྤྱོད་དོ། །


DTG111_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་པ་མ་རྙེད་ན་ཡང་སྐྱོ་བའི་སེམས་མི་སྐྱེད་ཅིང་ཡོངས་སུ་ཡི་མི་འཆད་དེ། སྦྱིན་པ་བྱེད་པ་དང་སྦྱིན་བདག་རྣམས་མ་དད་པར་མི་འཛིན་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྟོང་པ་སྙིང་རྗེའི་སྙིང་པོ་ཅན། །སྤྱོད་པས་བསོད་ནམས་དག་པར་འགྱུར། འཕགས་པ་ནམ་མཁའི་མཛོད་ཀྱི་མདོ་ལས་གསུངས་པ། འདི་ལྟ་སྟེ། ངར་འཛིན་པ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན་ནོ། །ང་ཡིར་འཛིན་པ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན། རྒྱུ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན། ལྟ་བ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན། མཚན་མ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན། ཐ་དད་པ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན། རྣམ་པར་སྨིན་པ་ལ་མི་རེ་བ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན། ནམ་མཁའ་དང་མཚུངས་པའི་སེམས་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན་ནོ། །རྣམ་པར་དག་པ་བརྒྱད་པོ་འདི་དག་གི་སྒོ་ནས་སྦྱིན་པ་དེ་སྦྱིན་ནོ། །ཇི་ལྟར་ནམ་མཁའ་མཐའ་མེད་པ་བཞིན་དུ་སེམས་ཅན་མཐའ་མེད་པར་བྱས་ཏེ་སྦྱིན་པ་དེ་སྦྱིན། ཇི་ལྟར་ནམ་མཁའ་རྒྱ་ཆེ་ཞིང་སྒྲིབ་པ་མེད་པ་དེ་བཞིན་དུ་བྱང་ཆུབ་ཏུ་བསྔོས་ཏེ་སྦྱིན་པ་དེ་སྦྱིན། ཇི་ལྟར་ནམ་མཁའ་ལ་གཟུགས་མེད་པ་དེ་བཞིན་དུ་གཟུགས་ཐམས་ཅད་ལ་མི་གནས་པར་སྦྱིན་པ་དེ་སྦྱིན། ཇི་ལྟར་ནམ་མཁའ་ལ་ཚོར་བ་མེད་པ་དེ་བཞིན་དུ་ཚོར་བ་ཐམས་ཅད་དང་བྲལ་བར་སྦྱིན་པ་དེ་སྦྱིན། ཇི་ལྟར་ནམ་མཁའ་ལ་འདུ་ཤེས་མེད་པ་དེ་བཞིན་དུ་འདུ་ཤེས་ཐམས་ཅད་ཀྱི་མདུད་པ་མེད་པར་སྦྱིན་པ་དེ་སྦྱིན། ཇི་ལྟར་ནམ་མཁའ་འདུས་མ་བྱས་པ་དེ་བཞིན་དུ་འདུས་བྱས་ཐམས་ཅད་མེད་པར་སྦྱིན་པ་དེ་སྦྱིན། ཇི་ལྟར་ནམ་མཁའ་མཚན་ཉིད་རྣམ་པར་རིག་པ་མེད་པ་དེ་བཞིན་དུ་རྣམ་པར་ཤེས་པ་ལ་མི་གནས་པར་སྦྱིན་པ་དེ་སྦྱིན། ཇི་ལྟར་ནམ་མཁའ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་ཁྱབ་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་སྦྱིན་པ་དེ་སྦྱིན། ཇི་ལྟར་ནམ་མཁའ་སེམས་ཅན་ཐམས་ཅད་ཀྱི་གོ་སྐབས་འབྱེད་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་སྦྱིན་པ་དེ་སྦྱིན། ཇི་ལྟར་ནམ་མཁའ་ལ་ངའི་བ་མེད་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཡིད་ལ་བྱེད་པ་ཐམས་ཅད་དང་བྲལ་བར་སྦྱིན་པ་དེ་སྦྱིན། ཇི་ལྟར་སྤྲུལ་པས་


DTG111_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་ལ་སྦྱིན་པ་སྦྱིན་པ་ལྟ་བུར་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་གྲུབ་སྟེ་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་ཞིང་ཆོས་ཐམས་ཅད་ལ་རེ་བ་མེད་པ་དེ་ལྟར་རྣམ་པར་ཤེས་པ་དང་བྲལ་བའི་ཕྱིར་སྒྱུ་མའི་མཚན་ཉིད་ཀྱི་ངོ་བོ་ཉིད་རྣམ་པར་དག་པར་བྱང་ཆུབ་སེམས་དཔས་སྦྱིན་པ་དེ་སྦྱིན་ཏེ། རིགས་ཀྱི་བུ་གང་དེ་ལྟ་བུར་སྦྱིན་པ་ཡོངས་སུ་གཏོང་བ་དེ་ནི། ཤེས་རབ་ཀྱི་ཡེ་ཤེས་ཀྱིས་ནི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཡོངས་སུ་འདོར་ཞིང་ཐབས་ཀྱི་ཡེ་ཤེས་ཀྱིས་ནི་སེམས་ཅན་ཐམས་ཅད་མི་གཏོང་བ་སྟེ། རིགས་ཀྱི་བུ་དེ་ལྟ་བུར་གཏོང་བའི་སེམས་ནི་བྱང་ཆུབ་སེམས་དཔས་སྦྱིན་པ་ནམ་མཁའ་དང་མཚུངས་པ་ཡིན་ནོ་ཞེས་གསུངས་སོ། །འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང༌། སེམས་ཅན་ཐམས་ཅད་ལ་གནོད་པའི་སྦྱིན་པ་མེད་པ་ནས། ཇི་སྐད་སྨོས་པ་ལས་བྲི་བའི་སྦྱིན་པ་མེད་པའི་བར་དང༌། སེམས་ཅན་ཐམས་ཅད་ལ་སྦྱིན་གནས་མ་ཡིན་ནོ་ཞེས་བརྙས་པའི་སྦྱིན་པ་མེད་པའི་བར་དང༌། དེ་བཞིན་དུ་སྦྱར་ཏེ། སྨྲེ་བའི་སྦྱིན་པ་མེད་དོ། །སློང་བ་རྣམས་ལ་གནོད་པའི་བར་གྱི་སྦྱིན་པ་མེད་དོ། །བསྟིང་བ་དང་བྲིད་པའི་སྦྱིན་པ་མེད་དོ། །རྒྱབ་ཀྱིས་ཕྱོགས་པའི་སྦྱིན་པ་མེད་དོ། །བོར་བའི་སྦྱིན་པ་མེད་དོ། །བརྙས་པའི་སྦྱིན་པ་མེད་དོ། །རང་གིས་ལག་མ་དར་བའི་སྦྱིན་པ་མེད་དོ། །དེ་བཞིན་དུ་སྦྱར་ཏེ། མི་རུང་བའི་སྦྱིན་པ་མེད་དོ། །དུས་མ་ཡིན་པའི་སྦྱིན་པ་མེད་དོ། །དུག་དང་མཚོན་ཆ་སྦྱིན་པ་མེད་དོ། །སེམས་ཅན་རྣམས་ལ་རྣམ་པར་འཚེ་བའི་སྦྱིན་པ་མེད་དོ་ཞེས་གསུངས་སོ། །དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། དེས་གཞན་དག་ལ་ཆང་ཡང་སྦྱིན་ཏེ། དས་འདི་སྙམ་དུ་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དུས་ཡིན་ཏེ། གང་ཅི་འདོད་པ་དེ་ལ་དེ་སྦྱིན་པའི་དུས་ལ་བབ་ཀྱི་བདག་གིས་འདི་ལྟར་བྱ་སྟེ། གང་དང་གང་ལ་འདི་ལྟར་ཆང་ཡང་བྱིན་ནས་གང་འདི་འཁྲུལ་པ་མེད་པའི་སྤྱོད་པ་ལ་དེ་དང་དེ་དག་དྲན་པ་དང་ཤེས་བཞིན་ཡང་དག་པར་འཛིན་དུ་གཞུག་གོ་སྙམ་པའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས་གང་གསུངས་པ་ནི། ཆང་གི་སྒོ་ནས་ཀྱང་བྱང་ཆུབ་སེམས་དཔའ་ལ་རེ་ཐག་ཆད་དེ་ཁོང་ཁྲོ་བ་ལྕི་བར་འགྱུར་བས། འདིས་སེམས་ཅན་བསྡུ་བ་ཉམས་པར་འགྱུར་ཏེ།


DTG111_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དད་པར་བྱ་བའི་ཐབས་སུ་འགྱུར་བས་ཆང་སྦྱིན་ནོ་ཞེས་བྱ་བར་དགོངས་པའོ། །མཚོན་ཆ་ལ་སོགས་པ་ཡང་གལ་ཏེ་གནོད་པར་མི་འགྱུར་བ་ལྟ་ན་ལྕི་ཡང་བརྟགས་ཏེ། བྱིན་ན་ལྟུང་བ་མེད་པར་འདི་ཉིད་ཀྱིས་མངོན་ནོ། །མདོ་སྡེ་ལས་ནི་སྤྱིར་བཀག་པ་གསུངས་སོ།། སྦྱིན་པ་རྣམ་པར་དག་པའི་ཕྱོགས་ཙམ་ཞིག་བཤད་ཟིན་ཏོ། །ཚུལ་ཁྲིམས་རྣམ་པར་དག་པ་ནི། འཕགས་པ་ནམ་མཁའ་མཛོད་ཀྱི་མདོ་ལས་གསུངས་ཏེ། སེམས་ཅན་རྣམ་པར་དག་པའི་ཕྱིར་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བ་དང༌། ཚད་མར་གྱུར་པ་རྣམ་པར་དག་པའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་མེད་པ་ཞེས་བྱ་བ་ལ་སོགས་པའོ། །གཞན་ཡང་ཚུལ་ཁྲིམས་རྣམ་པར་དག་པ་ནི་ནམ་མཁའ་དག་པ་སྟེ། ཚུལ་ཁྲིམས་དེ་ཡང་དག་པའོ། །ནམ་མཁའ་དྲི་མ་མེད་པ་སྟེ་ཚུལ་ཁྲིམས་དེ་ཡང་དྲི་མ་མེད་པའོ། །ནམ་མཁའ་ཞི་བ་སྟེ་ཚུལ་ཁྲིམས་དེ་ཡང་ཞི་བའོ།། ནམ་མཁའ་མི་མཐོང་བ་སྟེ་ཚུལ་ཁྲིམས་དེ་ཡང་མི་མཐོང་བའོ། །ནམ་མཁའ་མི་དམའ་བ་སྟེ་ཚུལ་ཁྲིམས་དེ་ཡང་མི་དམའ་བ་ནས། ནམ་མཁའ་མི་ཆོད་མི་ཕྱེད་པ་སྟེ་ཚུལ་ཁྲིམས་དེ་ཡང་མི་ཆོད་མི་ཕྱེད་པ་ལ་སོགས་པའི་བར་དུའོ། །ནམ་མཁའ་ལ་ཞེ་འགྲས་པ་མེད་དེ། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་བཟོད་པ་ཡོངས་སུ་དག་པ་དང༌། ནམ་མཁའ་ནི་མཉམ་པར་སྦྱོར་བ་སྟེ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའི་བཟོད་པ་ཡོངས་སུ་དག་པ་ཞེས་བྱ་བ་ལ་སོགས་པའོ། །འདི་ལྟ་སྟེ་དཔེར་ན་ཤིང་སཱ་ལ་ཆེན་པོའི་ཚལ་ཡོད་པར་ལ་ལ་ཞིག་འོངས་ཏེ་ཤིང་སཱ་ལ་བཅད་ན། དེ་ལ་ཤིང་སཱ་ལ་བཅད་པའི་ལྷག་མ་རྣམས་འདི་སྙམ་དུ་འདི་དག་ནི་བཅད་དོ། །བདག་གིས་བཅད་དོ་སྙམ་དུ་མི་སེམས་ཏེ། དེ་དག་ལ་རྗེས་སུ་ཆགས་པ་ཡང་མེད་དོ། །ཁོང་ཁྲོ་བ་ཡང་མེད་དོ། །མི་རྟོག་རྣམ་པར་མི་རྟོག་ཡོངས་སུ་མི་རྟོག་གོ །དེ་བཞིན་དུ་གང་བཟོད་པ་ནི་བྱང་ཆུབ་སེམས་དཔའི་བཟོད་པ་ནམ་མཁའ་དང་མཚུངས་པར་ཡོངས་སུ་དག་པའི་མཆོག་གོ་ཞེས་སོ། །འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་ལས། རྒྱ་ཆེར་སྨོས་ཏེ་གསུངས་པ་འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེའི་ཡོངས་སུ་དག་པ་གང་ཞེ་ན། གང་


DTG111_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་མི་གཡོར་དང་གཟུགས་བརྙན་དུ་ཤེས་པ། ཚིག་བརྗོད་དུ་མེད་པར་ཤེས་པ། སེམས་ཅན་ལ་ཤིན་ཏུ་ཉེ་བར་ཞི་བར་ཤེས་པའོ། །དེ་བཞིན་དུ་བྱམས་པ་ཆེན་པོའི་གོ་ཆ་བགོས། སྙིང་རྗེ་ཆེན་པོའི་གནས་ལ་གནས་ཏེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རྣམ་པས་མངོན་པར་བསྒྲུབས་པས་བསམ་གཏན་དུ་བྱེད་དོ། །དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གང་ཞེ་ན། སྦྱིན་པ་མ་ཚང་བ་མེད་པ་ནས་ཐབས་མ་ཚང་བ་མེད་པའི་བར་དང༌། བྱམས་པ་ཆེན་པོ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་མ་ཚང་བ་མེད་པ་དང༌། བདེན་པ་ཤེས་པ་ལ་འཇུག་པ་མ་ཚང་བ་མེད་པ་དང༌། བྱང་ཆུབ་ཀྱི་སེམས་སེམས་ཅན་ལ་ལྟ་བ་མ་ཚང་བ་མེད་པ་དང༌། བསམ་པ་དང་ལྷག་པའི་བསམ་པའི་སྦྱོར་བ་མ་ཚང་བ་མེད་པ་དང༌། སྦྱིན་པ་དང་སྙན་པར་སྨྲ་བ་དང་དོན་སྤྱོད་པ་དང་དོན་མཐུན་པ་མ་ཚང་བ་མེད་པ་དང༌། དྲན་པ་དང་ཤེས་བཞིན་མ་ཚང་བ་མེད་པ་དང༌། དྲན་པ་ཉེ་བར་གཞག་པ་དང་ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཚང་བ་མེད་པ་དང༌། ཞི་གནས་དང་ལྷག་མཐོང་མ་ཚང་བ་མེད་པ་དང༌། དེ་བཞིན་དུ་སྦྱར་ཏེ། རང་བཞིན་གྱིས་ཉེ་བར་ཞི་བ་ལ་ལས་དང་ཉོན་མོངས་པ་རྣམས་ཀྱིས་ཉེ་བར་མ་ཞི་བ་དང༌། ཆོས་ཉིད་ཀྱིས་བཏང་སྙོམས་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ལྟ་བ། རང་གི་མཚན་ཉིད་ཀྱིས་བེམས་པོ་དང༌། བྱིན་གྱི་རླབས་བྱ་བའི་ཕྱིར་རྣམ་པར་འགྲོ་བ་མེད་པ་དང༌། རང་གི་ངང་གིས་མི་ལྡོག་པ་དང༌། སངས་རྒྱས་ཀྱི་བྱ་བ་ལ་རྟག་ཏུ་བརྩོན་པ་དང༌། ཉེ་བར་ཞི་བས་བསིལ་བར་གྱུར་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་རྟག་ཏུ་འབད་པ་སྟེ། འདི་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཅེས་བྱ་བ་ནས། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པའོ་ཞེས་བྱ་བའི་བར་དུའོ། །འདིས་ཤེས་རབ་ཡོངས་སུ་དག་པ་ཡང་རིག་པར་བྱ་སྟེ། བསོད་ནམས་ཐམས་ཅད་ལ་ཡང་དེ་བཞིན་ནོ། །བསླབ་པ་ཀུན་ལས་བཏུས་པ་ལས། ལོངས་སྤྱོད་དང་བསོད་


DTG111_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་དག་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།ད་ནི་གསུམ་ཆར་གྱིས་འཕེལ་བ་ཡང་བརྗོད་པར་བྱ་སྟེ། ཅིའི་དོན་དུ་ཞེ་ན། གཟུང་བར་བྱ་བ་རབ་མང་ལ། །འདི་ནི་ཉུང་ན་འདིས་ཅི་བྱ། །ཤིན་ཏུ་ངོམས་པ་བསྐྱེད་མ་ཡིན། །དེ་ཕྱིར་འདི་ནི་འཕེལ་བར་བྱ། །ཤིན་ཏུ་ངོམས་པ་ནི་སངས་རྒྱས་ཉིད་དེ། དེ་ནི་ཉན་ཐོས་དང་ཐུན་མོང་བའི་དག་པ་ཙམ་གྱིས་སེམས་ཅན་རྣམས་ལ་མི་བསྐྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ །ལུས་འཕེལ་བྱ་བ་གང་ཞེ་ན། ལེ་ལོ་མེད་དང་སྟོབས་བསྐྱེད་ཡིན། །དེ་ལ་འཕགས་པ་དཀོན་མཆོག་སྤྲིན་ལས་སྟོབས་གསུངས་ཏེ། གང་བྱང་ཆུབ་སེམས་དཔའི་སྟོབས་ལ་སྟོབས་ཀྱིས་བརྫི་བའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིས་ན་མེད་དོ་ཞེས་བྱ་བ་ལ་སོགས་པའོ། །དེ་བསྐྱེད་པ་ཇི་ལྟ་བུ་ཞེ་ན། གང་འཕགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་ཀྱང་མ་སྐྱེས་དགྲས། འཕགས་པ་ལག་ན་རྡོ་རྗེའི་སྟོབས་མཐོང་ནས་ངོ་མཚར་དུ་གྱུར་ཅེས་ཞུས་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་ན་སྟོབས་འདི་ལྟ་བུ་ཐོབ་སྟེ། བཅུ་གང་ཞེ་ན། རྒྱལ་པོ་ཆེན་པོ་འདི་ལ་བྱང་ཆུབ་སེམས་དཔའ་ལུས་དང་སྲོག་ནི་ཡོངས་སུ་གཏོང་གི་དམ་པའི་ཆོས་ནི་ཡོངས་སུ་མི་གཏོང་བ་དང་སེམས་ཅན་ཐམས་ཅད་ལ་འདུད་ཅིང་ང་རྒྱལ་འཕེལ་བར་མི་བྱེད་པ་དང༌། སེམས་ཅན་མཐུ་ཆུང་བ་རྣམས་ལ་བཟོད་ཅིང་ཁོང་ཁྲོ་བར་མི་བྱེད་པ་དང༌། སེམས་ཅན་བཀྲེས་པ་རྣམས་ལ་ཁ་ཟས་བཟང་པོ་མཆོག་སྦྱིན་པ་དང༌། སེམས་ཅན་འཇིགས་པ་རྣམས་ལ་མི་འཇིགས་པ་སྦྱིན་པ་དང༌། སེམས་ཅན་ནད་པ་རྣམས་ལ་ཡང་དག་པའི་གསོ་བར་བྱ་བར་སྤྲོ་བ་དང༌། སེམས་ཅན་དབུལ་པོ་རྣམས་ལ་ལོངས་སྤྱོད་དག་གིས་ཚིམ་པར་བྱེད་པ་དང༌། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རྡོ་ཐལ་གྱིས་སྐུད་པ་དང༌། སེམས་ཅན་རྣམས་ལ་ཀུན་ཏུ་དགའ་བར་འགྱུར་བའི་ཚིག་སྒྲོགས་པ་དང༌། སེམས་ཅན་དབུལ་པོ་སྡུག་བསྔལ་བ་ངལ་བ་ཆད་པ་རྣམས་ཀྱི་ཁུར་ཁྱེར་བ་སྟེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་ཆོས་བཅུ་པོ་དེ་དག་དང་ལྡན་ན་སྟོབས་འདི་ལྟ་བུ་འཐོབ་པོ་ཞེས་བྱ་བའོ། །ལེ་ལོ་མེད་པ་བསྐྱེད་པ་གང་ཞེ་ན།


DTG111_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

གང་བརྩོན་འགྲུས་བསྐྱེད་པ་སྟེ། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་རྟག་ཏུ་བརྟུལ་བ་བརྟན་པར་བརྩོན་འགྲུས་བརྩམ་པར་བྱའོ། །བྱང་ཆུབ་སེམས་དཔའ་གཅེས་པ་མི་འདོར་བར་མོས་པ་དྲག་པོ་བྱའོ། །བློ་གྲོས་རྒྱ་མཚོ་བརྩོན་འགྲུས་བརྩམས་པ་རྣམས་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དཀའ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་གང་ན་བརྩོན་འགྲུས་ཡོད་པ་དེ་ན་བྱང་ཆུབ་ཡོད་དོ། །ལེ་ལོ་ཅན་ལ་ནི་བྱང་ཆུབ་ཤིན་ཏུ་རིང་ཞིང་རྣམ་པར་རིང་ངོ༌། །ལེ་ལོ་ཅན་རྣམས་ལ་ནི་སྦྱིན་པ་མེད་པ་ནས་ཤེས་རབ་ཀྱི་བར་དུ་མེད་དོ། །ལེ་ལོ་ཅན་རྣམས་ལ་ནི་གཞན་གྱི་དོན་མེད་དོ་ཞེས་བྱའོ། །ཟླ་བ་སྒྲོན་མའི་མདོ་ལས་ཀྱང༌། །ཨུཏྤལ་ཆུ་ནང་ཇི་བཞིན་དུ། །དེ་ནས་མཐར་གྱིས་རྣམ་པར་འཕེལ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ནི་ལུས་འཕེལ་བ་མདོར་བསྡུས་པའོ། །སྟོང་དང་སྙིང་རྗེའི་སྙིང་པོ་ཅན། །སྦྱིན་པས་ལོངས་སྤྱོད་འཕེལ་བར་འགྱུར། །རྡོ་རྗེ་གཅོད་པ་ལས། བྱང་ཆུབ་སེམས་དཔའ་གང་མི་གནས་པར་སྦྱིན་པ་སྦྱིན་པ་དེའི་བསོད་ནམས་ཀྱི་ཕུང་པོ་ཚད་གཟུང་བར་སླ་བ་མ་ཡིན་ནོ་ཞེས་ཇི་སྐད་དུ་གསུངས་པ་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལས་ཀྱང༌། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སེམས་ཅན་ཐམས་ཅད་ལ་སྦྱིན་པ་ཆུང་ངུ་ཞིག་བྱིན་ལ། ཐབས་མཁས་པས་རྣམ་པ་ཐམས་ཅད་མཁྱེན་པར་ཡོངས་སུ་བསྔོས་པས་གྲངས་མེད་དཔག་ཏུ་མེད་པར་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །གསེར་དང་དངུལ་དང་སྐྱེད་མོས་ཚལ་དང་རྒྱལ་སྲིད་ལ་སོགས་པའི་ཡོ་བྱད་ཀྱི་བར་གྱིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡིད་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སྙིང་རྗེ་མེད་པར་ཅི་ཡང་མི་སྤྱོད་དོ་ཞེས་བརྗོད་པར་བྱའོ། །འདི་ནི་ལོངས་སྤྱོད་འཕེལ་བ་མདོར་བསྡུས་པའོ།། །།བམ་པོ་བཅུ་གཉིས་པ། བསོད་ནམས་


DTG111_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བ་ནི་སྤེལ་བ་རྣམས་ཀྱི་རྩ་བ་ཡིན་པ་དེས་ན་དེའི་དོན་དུ་གྲབས་བཤམ་པ་བརྗོད་པར་བྱའོ། །བརྩོན་དང་བསམ་པ་བརྟན་པ་ཡང༌། །དང་པོར་ནན་ཏན་བྱས་ནས་ནི། །སྙིང་རྗེ་མདུན་དུ་གཞག་ནས་སུ། །དགེ་བ་སྤེལ་ལ་ནན་ཏན་བྱ། །སེམས་སྦྱང་བའི་ཕྱིར་བརྩོན་འགྲུས་དང་པོར་དུས་སུ་བསྒོམ་པ་སྦྱོར་བ་རྩོམ་པའི་ཚེ་ཡང་སྔོན་དུ་བྱེད་པས་བརྟན་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པའོ། །འཐོབ་པའི་དུས་ཉེ་བར་འགྱུར་བའི་ཚེ་མཚོན་ཆ་ལ་མཁས་པ་ལ་གུས་པ་བཞིན་དུ་སྦྱོར་བ་དང་དུས་མཉམ་དུ་བརྟན་པར་བྱའོ་ཞེས་ལྷོད་པར་བཟློག་པའི་ཕྱིར་དང་པོ་ཞེས་བྱ་བ་སྨོས་སོ། །དེ་ལ་བརྩོན་པ་བརྟན་པར་བྱེད་པ་ཇི་ལྟ་བུ་ཞེ་ན། ཇི་ལྟར་འཕགས་པ་ནོར་བཟངས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྗེས་སུ་བསྟན་པ་དེ་ནི་རྗེས་སུ་རྣམ་པར་སེམས། སྔོན་གྱི་མཐའི་མུར་ཐུག་པའི་ལུས་མང་པོ་ཡང་དག་པའི་སྤྱོད་པ་ཉམས་སུ་མ་བླངས་པར་ཆུད་ཟོས་པ་ལ་བསམ་པས་ནི་ལུས་ཀྱི་སྟོབས་རབ་ཏུ་བརྟན་པར་བྱེད། སྔོན་གྱི་མཐའི་མུར་ཐུག་པའི་ལུས་དང་སེམས་ཡོངས་སུ་དག་ཀྱང་དོན་མེད་པར་འཁོར་བའི་སེམས་ཀྱི་རྒྱུད་དུ་གྱུར་པ་ལ་བསམ་པས་ནི་སེམས་དང་ཡིད་ལ་བྱ་བ་ཤིན་ཏུ་ཚར་གཅོད། སྔོན་གྱི་མཐའི་མུར་ཐུག་པའི་ལས་ཡང་དག་པ་མ་ཡིན་པས་འཇིག་རྟེན་གྱི་དོན་དུ་གཡེན་སྤྱོ་སྟེ་དོན་མེད་པར་ཤ་ཐང་བ་ལ་བསམ་པས་ནི་ད་ལྟར་བྱུང་བའི་དོན་ཤིན་ཏུ་གཅེས་པ་ལ་ལེགས་པར་བསྒྲུབ་པར་རྣམ་པར་སེམས། སྔོན་གྱི་མཐའི་མུར་ཐུག་པའི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པས་ཀུན་ནས་བསླང་བའི་ཕྱིན་ཅི་ལོག་གི་ཀུན་དུ་རྟོག་པས་ཡང་དག་པར་བརྟན་པའི་ཡིད་ལ་བྱེད་པའི་བསམ་པས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡང་དག་པའི་རྟོག་པས་མངོན་པར་འདུ་བྱས་པའི་སྟོབས་ཡང་དག་པར་བསྐྱེད། འདས་པའི་ལུས་ཀྱིས་བདག་གི་དོན་གྱི་སྦྱོར་བ་ལ་རྩོམ་པའི་ཡུལ་ལ་ཡོངས་སུ་བསམ་པས་ནི་སེམས་ཅན་ཐམས་ཅད་ཀྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པར་ལྷག་པའི་བསམ་པའི་སྟོབས་རབ་ཏུ་བརྟན་པར་བྱེད། འདས་པའི་འདོད་པ་ཡོངས་སུ་ཚོལ་བའི་སྤྱོད་པ་རོ་མེད་པ་ལ་ཡོངས་སུ་བསམ་པས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པའི་སྦྱོར་བས་དབུགས་ཕྱིན་པ་ཆེན་པོ་འཐོབ་པའི་དབང་པོའི་ཤུགས་དྲག་པོ་རྣམ་


DTG111_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཕེལ་བར་བྱེད། འདས་པའི་དུས་ཀྱི་བསམ་པ་ཕྱིན་ཅི་ལོག་དང་ལྡན་པའི་སྦྱོར་བ་ལ་ཡོངས་སུ་བསམ་པས་ནི་ད་ལྟར་བྱུང་བའི་དུས་སུ་ཕྱིན་ཅི་ལོག་མེད་པ་དང་ལྡན་པའི་ཡང་དག་པའི་ལྟ་བ་དང་བྱང་ཆུབ་སེམས་དཔའི་སྨོན་ལམ་ལ་ཡི་དམ་བཅའ་བས་སེམས་ཀྱི་རྒྱུད་ཡོངས་སུ་རྒྱས་པར་བྱེད། སྔོན་གྱི་མཐའི་བརྩོན་འགྲུས་བརྩམས་པ་མི་ཆ་ལ་དོན་མ་ཡིན་པ་དང༌། ཡོངས་སུ་མ་གྲུབ་པའི་བརྩོན་འགྲུས་ཉམས་སུ་བླངས་པ་ལ་ཡོངས་སུ་བསམ་པས་ནི་ད་ལྟར་བྱུང་བའི་དུས་སུ་སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྡུ་བ་ལ་སྟ་གོན་དུ་གནས་པའི་བརྩོན་འགྲུས་ཆེན་པོ་རྩོམ་པའི་རྣམ་པར་གནོན་པས་ལུས་དང་སེམས་ཀྱི་གཟེངས་མཐོ་བ་ཡང་དག་པར་བསྐྱེད། སྔོན་གྱི་མཐའི་མུར་ཐུག་པའི་འགྲོ་བ་ལྔའི་རྒྱུད་ཀྱི་ངན་སོང་དུ་བདག་དང་གཞན་བོར་བ་ལ་བརྟགས་པས་ལུས་འཚོ་བ་མེད་པ་ཡོངས་སུ་བཟུང་བ་ལ་ཡང་དག་པར་བསམ་པས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བསྒྲུབ་པ་དང་འགྲོ་བ་ཐམས་ཅད་ཉེ་བར་འཚོ་བ་དག་དགེ་བའི་བཤེས་གཉེན་ཐམས་ཅད་བསྙེན་བཀུར་བར་ནུས་པའི་ལུས་ཡོངས་སུ་བཟུང་བས་དགའ་བ་དང་མཆོག་ཏུ་དགའ་བའི་ཤུགས་དྲག་པོ་རྒྱ་ཆེན་པོ་རྣམ་པར་འཕེལ་བར་བྱེད། ད་ལྟར་བྱུང་བའི་སྐྱེ་བ་མངོན་པར་འགྲུབ་པའི་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་གྱི་འབྱུང་གནས་སུ་འགྱུར་ཏེ་འདུ་བ་དང་འབྲལ་བའི་གཏེར་དུ་གྱུར་པའི་ལུས་ཀྱང༌། ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ལ་བརྩོན་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྡུ་བས་བརྩོན་པ་དང་དེ་བཞིན་གཤེགས་པའི་ཞལ་བལྟ་ཞིང་ཞིང་ཐམས་ཅད་དུ་རྒྱུ་བ་དང༌། ཆོས་སྨྲ་བ་ཐམས་ཅད་ལ་རིམ་གྲོ་བྱ་བ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་ཡོངས་སུ་བཟུང་བ་ལ་བརྩོན་པ་དང་ཆོས་ཐམས་ཅད་ཡོངས་སུ་བཙལ་བའི་གྲོགས་སུ་གྱུར་པ་དང་དགེ་བའི་བཤེས་གཉེན་ཐམས་ཅད་མཐོང་བར་བྱ་བ་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྡུ་བ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའི་སྨོན་ལམ་དང་ཡེ་ཤེས་ཀྱི་རྒྱུ་དང་རྐྱེན་དུ་གྱུར་པ་ལ་བལྟས་ཤིང་དགེ་བའི་རྩ་བའི་དབང་པོ་དང་ཤུགས་བསམ་གྱིས་མི་ཁྱབ་པ་རྣམ་པར་འཕེལ་བར་བྱེད་ཅིང་འཕགས་པ་


DTG111_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པའི་དྲུང་དུ་སོང་བ་བཞིན་ནོ། །འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་ནི་གཅིག་པུ་གཉིས་སུ་མེད་ཅིང་གྲོགས་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཏུ་གོ་ཆ་གྱོན་ཏེ། དེ་བརྩོན་འགྲུས་ཀྱི་སྟོབས་ཀྱིས་ཡོངས་སུ་ཟིན་པའི་ལྷག་པའི་བསམ་པས། ཕ་རོལ་གྱི་སྐབས་མི་འབྱེད་པར་བདག་ཉིད་བྱེད་དོ། །རང་གི་སྟོབས་ཀྱིས་འཕགས་སོ། །དེ་དེ་ལྟར་གོ་ཆ་སྲ་བ་བགོས་པས་སེམས་ཅན་ཐམས་ཅད་ཀྱིས་ཡོངས་སུ་ཐོབ་པར་བྱ་བ་གང་ཅི་ཡིན་པ་དེ་བདག་གིས་ཐོབ་པར་བྱའོ། །གང་འཕགས་པ་ཐམས་ཅད་དང་ཐེག་པ་ལ་གསར་དུ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོབ་པར་མི་འགྱུར་བ་དེ་བདག་གིས་ཡོངས་སུ་ཐོབ་པར་བྱའོ། །སྦྱིན་པ་ནི་བདག་གི་གྲོགས་མ་ཡིན་གྱི་བདག་ནི་སྦྱིན་པའི་གྲོགས་སོ། །ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་ནི་བདག་གི་གྲོགས་མ་ཡིན་གྱི། བདག་ནི་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་རྣམས་ཀྱི་གྲོགས་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་བདག་ལ་བསྙེན་བཀུར་མི་བྱའི། བདག་གིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བསྙེན་བཀུར་བྱའོ། །དེ་བཞིན་དུ་བསྡུ་བའི་དངོས་པོ་རྣམས་དང་དགེ་བའི་རྩ་བ་ཐམས་ཅད་ལ་ཡང་སྦྱར་རོ། །ཇི་ཙམ་དུ་བདག་གཅིག་པུ་གཉིས་སུ་མེད་ཅིང་གྲོགས་མེད་པར་རྡོ་རྗེའི་རང་བཞིན་གྱི་སའི་དཀྱིལ་འཁོར་ལ་གནས་ཏེ། བདུད་སྟོབས་དང་བཅས་པ་བཏུལ་ནས་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་གསུངས་སོ། །འཕགས་པ་རྡོ་རྗེ་རྒྱལ་མཚན་གྱི་མདོ་ལས་ཀྱང༌། འདི་ལྟ་སྟེ། དཔེར་ན་ལྷའི་བུ་ཉི་མ་འཆར་བ་ན་དམུས་ལོང་གི་ཉེས་པས་མི་འདུག་གོ །དྲི་ཟའི་གྲོང་ཁྱེར་གྱི་ཉེས་པས་མི་འདུག་གོ །གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སའི་རྡུལ་གྱི་ཉེས་པས་མི་འདུག་གོ །ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱི་ཉེས་པས་མི་འདུག་གོ །དུ་བའི་དཀྱེལ་འཁོར་གྱི་ཉེས་པས་མི་འདུག་གོ །འཛམ་བུའི་གླིང་གི་ཉེ་བའི་ཉོན་མོངས་པའི་ཉེས་པས་མི་འདུག་གོ །


DTG111_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

གྲིབ་མ་ཐ་དད་པའི་ཉེས་པས་མི་འདུག་གོ །རི་མི་མཉམ་པའི་ཉེས་པས་མི་འདུག་གོ །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲན་པ་དང་ཤེས་བཞིན་ཅན་སེམས་ཟབ་ཅིང་རྒྱ་ཆེ་བ་རྣམ་པར་མ་ཞུམ་པ་ཡོན་ཏན་གྱི་སྤྱོད་པ་དང་ཡེ་ཤེས་ཀྱི་སྤྱོད་པ་མཐས་གཏུགས་པ་ནི་སེམས་ཅན་འཁུ་བའི་ངང་ཚུལ་ཅན་གྱི་ཉེས་པས་མི་ལྡོག་གོ །སེམས་ཅན་དམུ་རྒོད་ཀྱི་ཉེས་པས་མི་ལྡོག་གོ །དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་མེད་པར་མི་གནས་སོ། །སེམས་ཅན་དང་ལྟ་བའི་སྙིགས་མའི་ཉེས་པས་མི་ལྡོག་གོ །སེམས་ཅན་སེམས་འཁྲུགས་པ་རྣམས་དང་རིང་བར་མི་འགྱུར་རོ། །སེམས་ཅན་སེམས་མ་རུང་བར་གྱུར་པས་བྱང་ཆུབ་ཀྱི་གོ་ཆ་རྒྱུན་གཅོད་པར་མི་བྱེད་དོ། །སེམས་ཅན་གྱི་འཐབ་པའི་རྙོག་པ་རྣམས་ཀྱིས་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་སྨོན་ལམ་རྒྱུན་གཅོད་པར་མི་བྱེད་དོ། །ཇི་ཙམ་དུ་བྱིས་པའི་སྐྱེ་བོ་དང་འགྲོགས་པ་དང་སེམས་ཅན་གཞན་གྱི་ཉེས་པ་རྣམས་ཀྱིས་སྐྱོ་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་འདི་ལྟ་སྟེ། འགྲོ་བ་ཐམས་ཅད་རྣམ་པར་དག་པར་གདུལ་བའི་ཕྱིར་སྒྲིབ་པ་མེད་པའི་དཀྱིལ་འཁོར་དུ་འཆར་དོ། །དེ་བཞིན་དུ་སྦྱར་ཏེ། གང་སེམས་ཅན་དེ་དག་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་པོ་དང༌། སྒྲིབ་པ་སྣ་ཚོགས་དང་ལས་ཉེ་བར་གནས་པའི་སྒྲིབ་པ་གང་དག་གིས་དེ་དག་སངས་རྒྱས་མཐོང་བར་མི་འགྱུར་བ་དང༌། ཆོས་ཉན་པར་མི་འགྱུར་བ་དང་དགེ་འདུན་ཤེས་པར་མི་འགྱུར་བ་དེ་དག་གིས་དེ་དག་གི་སྒྲིབ་པར་འགྱུར་བ་དེ་དག་གི་ལས་རྣམ་པ་གསུམ་བསགས་པའི་སྡུག་བསྔལ་གྱི་ཕུང་པོ་རང་གི་ལུས་འདིས་བླང་བར་བྱའོ། །སེམས་ཅན་དམྱལ་བར་སྐྱེ་བ་དེ་དག་དང་ངན་སོང་གི་ས་ལ་གནས་པའི་སེམས་ཅན་དེ་དག་ཐམས་ཅད་དེ་ནས་ཤི་འཕོས་པར་གྱུར་ཅིག །བདག་གིས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་བླང་བར་བྱའོ། །བརྩོན་པར་བྱའོ། །སྤྲོ་བར་བྱའོ། །མི་ལྡོག་པར་བྱའོ། །མི་འབྲོས་པར་བྱའོ། །མི་སྐྲག་པར་བྱའོ། །མི་འཇིགས་པར་བྱའོ། །ཕྱིར་མི་ལྡོག་པར་བྱའོ། །སྒྱིད་མི་ལུག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བདག་གིས་ནི་སེམས་ཅན་ཐམས་ཅད་ཀྱི་ཁུར་བསྐུར་བར་བྱའོ། །བདག་ནི་འདོད་དགར་བྱེད་པ་མ་ཡིན་ཏེ། བདག་ནི་སེམས་ཅན་


DTG111_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བསྒྲལ་བའི་སྨོན་ལམ་ཅན་ཡིན་གྱི་བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱའོ། །བདག་གིས་འགྲོ་བ་ཐམས་ཅད་བསྒྲལ་བར་བྱས་ཏེ། སྐྱེ་བའི་དགོན་པ་དང༌། རྒ་བའི་དགོན་པ་དང༌། ནད་ཀྱི་དགོན་པ་དང༌། འཆི་འཕོ་དང་སྐྱེ་བའི་དགོན་པ་དང༌། ངན་སོང་ཐམས་ཅད་ཀྱི་དགོན་པ་དང༌། མི་ཁོམ་པའི་དགོན་པ་དང༌། འདུ་བྱེད་ཐམས་ཅད་ཀྱི་དགོན་པ་དང༌། ལྟ་བ་ཐིབས་པོ་ཐམས་ཅད་ཀྱི་དགོན་པ་དང༌། དགེ་བའི་ལས་ཆུད་ཟ་བའི་དགོན་པ་དང་མི་ཤེས་པ་ཀུན་ནས་ལངས་པའི་དགོན་པ་དེ་དག་ཐམས་ཅད་ལས། བདག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་ཐར་བར་བྱའོ། །སྲིད་པའི་དྲ་བར་ཆུད་པ། མ་རིག་པའི་སྒྲིབ་པས་བསྒྲིབས་པ། སྲིད་པའི་སྲེད་པ་དང་ལྡན་པ། མཐར་རབ་ཏུ་འཇིག་པར་འགྱུར་བ། སྡུག་བསྔལ་གྱི་གཟེབ་ཏུ་བཅུག་པ། འཁོར་བའི་བརྩོན་ར་ན་གནས་པ། མི་མཁས་པ། དམ་བཅས་པ་དང་འགལ་བ། ཐེ་ཚོམ་ཟ་བར་གྱུར་བ། རྟག་ཏུ་ཡིད་གཉིས་ཟ་བ། མི་བདེ་བ་མཐོང་བ། འབྱུང་བ་མི་མཁས་པ། སྲིད་པའི་རྒྱ་མཚོ་ཀློང་འཁྱིལ་བའི་དཀྱིལ་འཁོར་ན་གཅིག་པུ་རྒྱུ་བའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཀྱི་རྒྱལ་སྲིད་ལ་དགོད་པའི་ཕྱིར་བདག་གིས་སྤྱོད་པ་སྤྱད་པར་བྱའོ། །བདག་ནི་བདག་འབའ་ཞིག་ཡོངས་སུ་ཐར་བར་བྱ་བ་ལ་བརྩོན་པ་མ་ཡིན་གྱི། བདག་གིས་སེམས་ཅན་འདི་དག་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱི་གཟིང་གིས་འཁོར་བ་བགྲོད་དཀའ་བ་ལས་བསྒྲལ་བར་བྱའོ། །གཡང་ས་ཆེན་པོ་ལས་དབྱུང་བར་བྱའོ། །གནོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་བྱའོ། །འཁོར་བའི་རྒྱུན་ལས་བསྒྲལ་བར་བྱའོ། །བདག་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་པོ་ཁས་བླངས་སོ། །ཇི་ཙམ་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པའི་ངན་སོང་ཐམས་ཅད་ཀྱི་སྡུག་བསྔལ་གྱི་གནས་མྱོང་བར་སྤྲོ་བར་བྱའོ། །བདག་གིས་དགེ་བའི་རྩ་བ་རྣམས་ཀྱིས་སེམས་ཅན་ཐམས་ཅད་མི་དོར་བར་བྱའོ། །བདག་ངན་སོང་གཅིག་ཏུ་ཡང་ཕྱི་མའི་མཐའི་མུའི་བསྐལ་པར་གནས་པར་བརྩོན་པར་བྱའོ། །ངན་སོང་གཅིག་ལ་ཇི་ལྟར་བ་བཞིན་དུ་འཇིག་རྟེན་གྱི་


DTG111_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཐམས་ཅད་དུ་གཏོགས་པའི་ངན་སོང་མ་ལུས་པ་ཐམས་ཅད་དུ་གནས་པའི་སེམས་ཅན་ཐམས་ཅད་ཡོངས་སུ་ཐར་བར་བྱ་བའི་ཕྱིར་ཡང་དེ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བདག་གཅིག་པུ་སྡུག་བསྔལ་བར་གྱུར་པ་ནི་བླའི། བདག་གི་སེམས་ཅན་ཐམས་ཅད་ངན་སོང་གི་སར་རབ་ཏུ་ལྟུང་བ་ནི་དེ་ལྟ་བུ་མ་ཡིན་ཏེ། བདག་གིས་འདིར་བདག་ཉིད་གཏར་བཅུག་ལ་སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་གྱི་དགོན་པ་ལས་འགྲོ་བ་ཐམས་ཅད་བླུ་བར་བྱའོ། །བདག་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྡུག་བསྔལ་གྱི་ཚོར་བའི་ཕུང་པོ་ཐམས་ཅད་བདག་ཉིད་ཀྱི་ལུས་འདིས་མྱོང་བར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བདག་ཉིད་སེམས་ཅན་ཐམས་ཅད་ཀྱི་གཉའོ། །བདེན་པར་སྨྲ་བ་ཡིད་ཆེས་སུ་རུང་བ་མི་སླུ་བ་བྱ་བར་སྤྲོ་སྟེ་བདག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། བདག་ནི་སེམས་ཅན་ཐམས་ཅད་ལ་དམིགས་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་བསྐྱེད་པ་སྟེ། འདི་ལྟར་འགྲོ་བ་ཐམས་ཅད་ཡོངས་སུ་ཐར་བར་བྱ་བའི་ཕྱིར་བདག་དགའ་བ་འདོད་པ་མ་ཡིན་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་སོ། །བདག་ནི་འདོད་པའི་ཡོན་ཏན་ལྔའི་དགའ་བ་མྱོང་བར་བྱ་བ་མ་ཡིན། འདོད་པའི་ཡུལ་བསྟེན་པའི་ཕྱིར་མ་ཡིན། བདག་ནི་འདོད་པའི་ཁམས་སུ་གཏོགས་པའི་དགའ་བ་བཀོད་པ་གཞན་དང་གཞན་སྒྲུབ་པའི་ཕྱིར་མ་ཡིན་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ཐམས་ཅད་ཀྱི་དགའ་བ་འདི་ནི་དགའ་བ་མ་ཡིན་པའི་ཕྱིར་རོ། །འདི་ལྟ་སྟེ་འདོད་པ་བསྟེན་པ་འདི་ནི་བདུད་ཀྱི་སྤྱོད་ཡུལ་ལོ། །འདི་ལྟ་སྟེ་འདོད་པ་བསྟེན་པའི་ལམ་འདི་ནི་བློ་ངན་པས་བསྟེན་པའོ། །ཉེ་བར་བསྟེན་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་མ་བསྔགས་པའོ། །དེའི་ཕྱིར་ཉེ་བར་བསྟེན་པ་འདི་ནི་སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་འབྱུང་བ་ཉིད་ཡིན་ཏེ། དེ་ཉིད་ལས་སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་རྣམས་འབྱུང་ངོ༌། །སེམས་ཅན་རྣམས་འཐབ་པ་དང་རྩོད་པ་དང་མཚང་འབྲུ་བ་དང་འགྱེད་པ་དང༌། འཁྲུགས་པ་དང༌། ཀུན་དུ་འཁྲུགས་པ་རྣམས་འབྱུང་


DTG111_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ངོ། །སེམས་ཅན་དེ་དག་གིས་འདོད་པ་བསྟེན་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་ཐག་རིང་དུ་འགྱུར་རོ། །འདོད་པ་འདི་དག་ནི་མཐོ་རིས་སུ་སྐྱེ་བའི་བར་ཆད་དུ་ཡང་འགྱུར་ན་བླ་ན་མེད་པའི་ཡེ་ཤེས་ཀྱི་རྒྱལ་སྲིད། སེམས་ཅན་ཐམས་ཅད་ཀྱི་གྲུབ་པ་དང་བདེ་བ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟར་བདག་གིས་འདོད་པ་སྐྱོན་ཚད་མེད་པ་དང་ལྡན་ལ་རབ་ཏུ་འབར་ཞིང་ཀུན་དུ་རབ་ཏུ་འབར་བར་མཐོང་གིས། དེ་ལྟ་བས་ན་བདག་གཞི་དེ་ལ་མི་སྤྱོད་པར་ནན་ཏན་བྱའོ། །དེ་བཞིན་དུ་སྦྱར་ཏེ། ཇི་ལྟ་ཇི་ལྟར་སེམས་ཅན་ཐམས་ཅད་ཤིན་ཏུ་བདེ་བ་དང༌། མྱོང་བ་མེད་པའི་བདེ་བ་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་བདེ་བའི་བར་དུ་ཐོབ་པར་འགྱུར་བ་དེ་ལྟ་དེ་ལྟར། བདག་ཁ་ལོ་སྒྱུར་བ། ཡོངས་སུ་འདྲེན་པ་བདག་སྒྲོན་མ་འཛིན་པ། བདག་ཞི་བའི་འགྲོ་བ་སྟོན་པ། བདག་ལ་བའི་འགྲོ་བ་ཐོབ་པ། བདག་ཐབས་ཤེས་པ། བདག་དོན་ལ་མཁས་པ། བདག་འཁོར་བའི་རྒྱ་མཚོ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གྲུས་ཡུལ་ཆེན་པོ་ལ་གནས་པ། བདག་ཡོངས་སུ་བསྔོ་བ་ལ་མཁས་པ། ཕ་རོལ་སྟོན་པ་བདག་གིས་དེ་ལྟ་དེ་ལྟར་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྔོ་བར་བྱའོ། །དེ་བཞིན་དུ་སྦྱར་ཏེ། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་སྣང་བར་བྱ་བའི་ཕྱིར་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་པ་དེ་སྙེད་ཀྱི་ཉི་མ་འཆར་བ་མ་ཡིན་གྱི་གླིང་བཞི་བ་སྣང་བར་བྱ་བའི་ཕྱིར་ཉི་མ་གཅིག་པོ་འདི་ཁོ་ན་འཆར་རོ། །གང་གིས་དེ་དག་ཉིན་མོའི་གྲངས་སུ་ཤེས་པར་འགྱུར་བ་དང་རང་གི་བྱ་བ་ཡོངས་སུ་ཐོབ་པར་འགྱུར་བ་དང༌། ལོ་ཏོག་ཡོངས་སུ་སྨིན་པར་བྱེད་པར་འགྱུར་བ་དང༌། ཉིན་གཅིག་བཞིན་དུ་སྐྱེད་མོས་ཚལ་དང་གྲོང་ཁྱེར་རྣམས་སུ་དགའ་ཞིང་རྩེ་ལ་དགའ་དགུར་སྤྱོད་པ་མྱོང་བར་འགྱུར་བ་དང༌། ཕྱོགས་མཐོང་བར་འགྱུར་བ་དང༌། གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དན། ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་འཁོར་རྣམས་སུ་འོང་བ་དང་འགྲོ་བར་འགྱུར་བའི་སྣང་བ་གླིང་བཞི་པར་སྐྱེས་པའི་སེམས་ཅན་རེ་རེའི་ལུས་ལས་འབྱུང་བ་མ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། ལྷའི་བུ་ཉི་མ་འཆར་བ་ན་ཉི་མའི་དཀྱིལ་འཁོར་གཅིག་པུ་གཉིས་སུ་མེད་པར་གླིང་བཞི་པའི་ཁམས་ཀྱི་


DTG111_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས་ལ་སྣང་བར་འབྱུང་ངོ༌། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་བསྒྲུབ་ཅིང་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་ཡང་འདི་ལྟར་སེམས་བསྐྱེད་དེ། སེམས་ཅན་འདི་དག་ལ་ནི་གང་གིས་འདི་དག་བདག་ཡོངས་སུ་སྐྱོབ་པར་འགྱུར་བའི་དགེ་བའི་རྩ་བ་དེ་མེད་ན། གཞན་སྐྱོབ་པར་ལྟ་སྨོས་ཀྱང་ཅི་དགོས། བདག་ནི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་དགེ་བའི་རྩ་བ་རྣམས་ཡང་དག་པར་བསྒྲུབ་པར་བྱའོ། །དགེ་བའི་རྩ་བ་ཡོངས་སུ་བསྔོ་བར་བྱའོ། །འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཐར་བར་བྱ་བ་དང༌། སེམས་ཅན་ཐམས་ཅད་ལ་སྣང་བར་བྱ་བ་དང༌། སེམས་ཅན་ཐམས་ཅད་ཤེས་པར་བྱ་བ་དང༌། སེམས་ཅན་ཐམས་ཅད་སྒྲོལ་བར་བྱ་བ་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་བཟུང་བ་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་བསྒྲུབ་པ་དང༌། སེམས་ཅན་ཐམས་ཅད་རབ་ཏུ་ཚིམ་པར་བྱ་བ་དང༌། སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་བཅད་པའི་ཕྱིར། བདག་ཉི་མའི་དཀྱིལ་འཁོར་ལྟ་བུར་བྱས་ཏེ། གཞན་ལ་མི་ལྟོས་པར་བྱ། གཞན་ལ་སྐབས་ཕྱེ་ཞིང་སེམས་ཅན་ལ་གོ་ཆ་དོར་བར་མི་བྱ། སེམས་ཅན་ཐམས་ཅད་ཀྱི་ཐད་དུ་སེམས་ཅན་བསྐྱབ་པའི་བརྩོན་པ་ལས་ལྡོག་པར་མི་བྱ། སྡུག་བསྔལ་ཐམས་ཅད་བསལ་བའི་ཡོངས་སུ་བསྔོ་བ་ལས་ལྡོག་པར་མི་བྱ། དགེ་བའི་རྩ་བ་ཆུང་ངུ་ཡོངས་སུ་བཟུང་བར་མི་བྱ། ཡོངས་སུ་བསྔོ་བ་ཆུང་ངུ་ཆོག་པར་མི་བསམ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཕགས་པ་བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས་ཀྱང༌། དེ་བསྐལ་པ་འདི་སྙེད་ཅིག་ཏུ་གོ་ཆ་བགོའོ། །བསྐལ་པ་འདི་སྙེད་ཅིག་ཏུ་གོ་ཆ་མི་བགོའོ། །ཞེས་བསྐལ་པ་གྲང་པས་བྱང་ཆུབ་མི་ཚོལ་གྱི་བསམ་གྱིས་མི་ཁྱབ་པའི་གོ་ཆ་གྱོན་པར་བྱེད་དོ། །གལ་ཏེ་འཁོར་བའི་སྔོན་གྱི་མཐའ་ཇི་ཙམ་པ་དེ་ཙམ་ལ་ཉིན་ཞག་གཅིག་ཏུ་གྱུར་ལ། ཉིན་ཞག་གི་ཚུལ་དེ་ལྟར་བུའི་ཉི་མ་བཅོ་ལྔས་ཟླ་བ་ཕྱེད་དུ་གྱུར་ལ། ཉི་མ་སུམ་ཅུས་ཟླ་བ་གཅིག་ཏུ་གྱུར་ཏེ། ཟླ་བ་བཅུ་གཉིས་ཀྱིས་ལོ་གཅིག་ཏུ་གྱུར་ལ། ལོ་བགྲང་བ་འདིས་ལོ་འབུམ་ལ་བྱང་ཆུབ་ཀྱི་སེམས་གཅིག་བསྐྱེད་ཅིང༌། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཅིག་མཐོང་ལ། འཇུག་པ་


DTG111_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དང་བགྲང་བ་འདིས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་བསྐྱེད་པ་དང་དེ་བཞིན་གཤེགས་པ་མཐོང་བས་སེམས་ཅན་གཅིག་གི་སེམས་དང་སྤྱོད་པ་ཤེས་པར་གྱུར་ལ། འཇུག་པ་འདི་དང་བགྲངས་པ་འདིས་དེ་སྙེད་ཀྱི་སེམས་བསྐྱེད་པ་དང༌། དེ་བཞིན་གཤེགས་པ་མཐོང་བས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་རྣམས་ཤེས་པར་གྱུར་ཀྱང༌། མི་ཞུམ་པའི་གོ་ཆ་འདི་ནི་བྱང་ཆུབ་སེམས་དཔའི་གོ་ཆ་མི་ཟད་པ་ཞེས་གསུངས་སོ། །དེ་བཞིན་དུ་སྦྱིན་པ་ལ་སོགས་པ་དང་བྱང་ཆུབ་ཀྱི་ཕྱོགས་དང་སྐྱེས་བུ་ཆེན་པོའི་མཚན་རྣམས་ལ་ཡང་སྦྱར་རོ། །འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང༌། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་དམུ་རྒོད་སེམས་ཅན་གདུལ་དཀའ་བར་རིག་སྟེ། དེ་རྣམས་ཀྱིས་ཡི་ཆད་ནས་འདི་ལྟ་བུའི་དམུ་རྒོད་འདི་ལྟ་བུའི་གདུལ་དཀའ་བའི་སེམས་ཅན་འདི་དག་གིས་ཆོག་གོ་ཞེས་ཏེ། གཞི་དེ་ལས་ཡོངས་སུ་སྐྱོ་ཞིང་རྒྱབ་ཀྱིས་ཕྱོགས་པར་འགྱུར་ཏེ། གང་ན་སེམས་ཅན་འདི་ལྟ་བུ་དག་གི་མིང་ཡང་མི་ཐོས་པའི་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པར་སྨོན་ལམ་ནི་འདེབས་སོ། །སེམས་ཅན་གྱི་དོན་ལ་མ་ཕྱོགས་པའི་བྱང་ཆུབ་སེམས་དཔའ་ནི་ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་སུ་ཡང་སྐྱེ་བར་མི་འགྱུར་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཅན་ནི་འདི་ལྟར་སེམས་ཅན་གྱི་ཁམས་ཐམས་ཅད་ན་སེམས་ཅན་གང་རྣམས་ངན་པ་བརྩོན་འགྲུས་ཆུང་བ་བླུན་པོ་གླེན་པ་ལུག་ལྟར་ལྐུགས་པའི་རང་བཞིན་ཅན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན། སེམས་ཅན་གྱི་ཁམས་མ་ལུས་པ་འདི་ལས་བསྙིགས་པ་སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྤང་བར་གྱུར་པ་ཡོད་པ་དེ་དག་བདག་གི་སངས་རྒྱས་ཀྱི་ཞིང་དུ་འདུས་པར་གྱུར་ལ། བདག་གིས་དེ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ཏུ་བཅུག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་སེམས་བསྐྱེད་དེ། བྱང་ཆུབ་སེམས་དཔའ་དེ་ལྟར་སེམས་པའི་སེམས་བསྐྱེད་པ་རེ་རེ་ལ་ཡང་བདུད་ཀྱི་གནས་ཐམས་ཅད་རབ་ཏུ་གཡོའོ། །སངས་རྒྱས་ཐམས་ཅད་ཀྱང་དེའི་བསྔགས་པ་གསུང་པར་འགྱུར་རོ་ཞེས་གསུངས་སོ། །དེ་ལྟར་


DTG111_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ཞིག་བསོད་ནམས་མངོན་པར་སྤེལ་བར་འདོད་པས་བརྩོན་པ་བརྟན་པར་བྱའོ། །ད་ནི་བསམ་པ་བརྟན་པར་བྱ་བ་བརྗོད་པར་བྱ་སྟེ། བརྟན་པར་བྱ་བ་འདིས་ཅི་བྱ་སྙམ་དུ་རྟོག་པ་བསལ་བའི་ཕྱིར། འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་གསུངས་པ། བཅོམ་ལྡན་འདས་བསམ་པ་ཕུན་སུམ་ཚོགས་པ་ནི་ཆོས་རྣམས་ཀྱི་རྩ་བ་སྟེ། གང་ལ་བསམ་པ་མ་མཆིས་པ་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རིང་བ་ལགས་སོ། །བཅོམ་ལྡན་འདས་བསམ་པ་ཕུན་སུམ་ཚོགས་པ་ལ་ནི། གལ་ཏེ་སངས་རྒྱས་མི་བཞུགས་ན་ཡང་ནམ་མཁའི་དཀྱིལ་དང་རྩིག་པ་དང་ཤིང་རྣམས་ལས་ཆོས་འབྱུང་ངོ༌། །བྱང་ཆུབ་སེམས་དཔའ་བསམ་པ་དག་པ་ལ་ནི་རང་གི་ཡིད་ཀྱི་སྤྱོད་པ་ཉིད་ལས་གདམས་ངག་དང་རྗེས་སུ་བསྟན་པ་འབྱུང་ངོ༌། །བཅོམ་ལྡན་འདས་དེ་བས་ན་བྱང་ཆུབ་སེམས་དཔའ་བསམ་པ་ཕུན་སུམ་ཚོགས་པར་བགྱིའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་གང་ལ་རྐང་པ་མཆིས་པ་དེ་ལ་འགྲོ་བ་མཆིས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་གང་ལ་བསམ་པ་མཆིས་པ་དེ་ལ་སངས་རྒྱས་ཀྱི་ཆོས་རྣམས་མཆིས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ཡན་ལག་གི་དམ་པ་མགོ་གང་ལ་མཆིས་པ་དེ་ལ་འཚོ་བ་མཆིས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་བསམ་པ་གང་ལ་མཆིས་པ་དེ་ལ་སངས་རྒྱས་ཀྱི་བྱང་ཆུབ་མཆིས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་གང་ལ་འཚོ་བ་མཆིས་པ་དེ་ལ་རྙེད་པ་མཆིས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་གང་ལ་བསམ་པ་མཆིས་པ་དེ་ལ་སངས་རྒྱས་ཀྱི་རྙེད་པ་མཆིས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་ཞུགས་ཤིང་མཆིས་ན་ཞུགས་འབར་གྱི་ཞུགས་ཤིང་མ་མཆིས་ན་ཞུགས་མི་འབར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་བསམ་པ་མཆིས་པའི་བྱང་ཆུབ་སེམས་དཔའ་དེ་ལ་སངས་རྒྱས་ཀྱི་ཆོས་རྣམས་འབར་གྱི་བསམ་པ་མ་མཆིས་པ་ལ་མི་འབར་རོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སྤྲིན་ཆགས་ན་ཆར་འབབ་ཀྱི་སྤྲིན་མ་ཆགས་ན་ཆར་མི་འབབ་པོ། །བཅོམ་ལྡན་འདས་དེ་བཞིན་དུ་བསམ་པ་མ་མཆིས་ན་སངས་རྒྱས་ཀྱི་ཆོས་རྣམས་འབྱུང་གི་བསམ་པ་མཆིས་ན་མི་འབྱུང་ངོ༌། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་ཞུགས་ཤིང་


DTG111_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གང་རྩ་བ་ཉམས་པ་དེ་ལས་མེ་ཏོག་དང་འབྲས་བུ་རྣམས་མི་འབྱུང་ངོ༌། །བཅོམ་ལྡན་འདས་དེ་བཞིན་དུ་གང་བསམ་པ་ལོག་པར་ཞུགས་པ་དེ་ལས་དགེ་བའི་ཆོས་ཐམས་ཅད་མི་འབྱུང་ངོ༌། །བཅོམ་ལྡན་འདས་དེ་བས་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་བྱང་ཆུབ་ཚོལ་བས་རང་གི་བསམ་པ་ཤིན་ཏུ་བཟུང་བ་དང་ཤིན་ཏུ་བསྲུང་བ་དང་ཤིན་ཏུ་སྦྱང་བར་བགྱིའོ་ཞེས་བྱ་བའོ། །བསམ་པ་ཞེས་བྱ་བ་འདི་ཇི་ལྟ་བུ་ཞེ་ན། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། བསམ་པ་དེ་ཡང་མ་བྱས་པས་ན་བཅོས་མ་མ་ཡིན་ནོ། །གཡོ་མེད་པས་ན་མ་བྱས་པའོ། །རབ་ཏུ་རྟོགས་པས་ན་གཡོ་མེད་པའོ། །སྒྱུ་མེད་པས་ན་རབ་ཏུ་རྟོགས་པའོ། །དག་པས་ན་སྒྱུ་མེད་པའོ། །དྲང་བས་ན་དག་པའོ། །གྱ་གྱུ་མེད་པས་ན་དྲང་བའོ། །གསལ་བས་ན་གྱ་གྱུ་མེད་པའོ། །མི་མཉམ་པ་མེད་པས་ན་གསལ་བའོ། །སྲ་བས་ན་མཉམ་པ་མེད་པའོ། །མི་ཕྱེད་པས་ན་སྲ་བའོ། །མཁྲང་བས་ན་མི་ཕྱེད་པའོ། །མི་གཡོ་བས་ན་མཁྲང་བའོ། །མི་གནས་པས་ན་མི་གཡོ་བའོ་ཞེས་བྱ་བ་ལ་སོགས་པའོ། །འདི་ཉིད་ཡོན་ཏན་ལྷག་པ་ཐོབ་པར་བྱ་བའི་ཕྱིར་ཞུགས་པ་ནི་ལྷག་པའི་བསམ་པ་ཞེས་བྱའོ། །དེ་ཉིད་ལས་ཇི་སྐད་དུ། བྱེ་བྲག་ཏུ་འགྲོ་བའི་ཕྱིར་རྒྱལ་བའི་ལྷག་པའི་བསམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང༌། ཡང་ལྷག་པའི་བསམ་པ་ཞེས་བྱ་བ་ནི་འབྱུང་པོ་རྣམས་ལུས་ངེས་པའོ། །སེམས་ཅན་ཐམས་ཅད་ལ་བྱམས་པའོ། །འཕགས་པ་རྣམས་ལ་ཕན་པར་སེམས་པའོ། །འཕགས་པ་མ་ཡིན་པ་ལ་སྙིང་རྗེ་བའོ། །བླ་མ་ལ་རིམ་གྲོ་བྱེད་པའོ། །དཔུང་གཉེན་མེད་པ་རྣམས་ལ་དཔུང་གཉེན་ནོ། །སྐྱབས་མེད་པ་རྣམས་ལ་སྐྱབས་སོ། །གླིང་མེད་པ་རྣམས་ལ་གླིང་ངོ༌། མགོན་མེད་པ་རྣམས་ལ་མགོན་ནོ། །གྲོགས་མེད་པ་རྣམས་ལ་གྲོགས་སོ། །གྱ་གྱུ་ཅན་རྣམས་ལ་དྲང་བའོ། །དམུ་རྒོད་རྣམས་ལ་གསལ་བའོ། །གཡོ་ཅན་རྣམས་ལ་གཡོ་མེད་པའོ། །སྒྱུ་ཅན་རྣམས་ལ་སྒྱུ་མེད་པའོ། །བྱས་པ་མི་གཟོ་བ་རྣམས་ལ་བྱས་པ་གཟོ་བའོ། །འཁུ་བ་རྣམས་ལ་བྱས་པ་ཚོར་བའོ། །མི་ཕན་པ་རྣམས་ལ་ཕན་འདོགས་པའོ། །ལོག་པར་ཞུགས་པ་ལ་བདེན་པའོ། །ཕོ་ཐེགས་


DTG111_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལ་ང་རྒྱལ་མེད་པའོ། །ལེགས་པར་བྱས་པ་རྣམས་ལ་མི་སྨོད་པའོ། །གཞན་གྱི་འཁྲུལ་པ་ལ་མི་རྩོད་པའོ། །ལོག་པར་ཞུགས་པ་རྣམས་ལ་ཀུན་དུ་སྲུང་བའོ། །ཐབས་ཀྱི་དགེ་བ་སྤྱོད་པ་ཐམས་ཅད་ལ་ཉེས་པར་མི་ལྟ་བའོ། །སྦྱིན་པའི་གནས་རྣམས་ལ་རིམ་གྲོ་བྱེད་པའོ། །བསྟན་པ་ལ་མཐུན་པར་འཛིན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ལྟར་བརྩོན་པ་དང་བསམ་པ་ལ་བརྟན་པར་བྱས་ནས། སྙིང་རྗེ་མདུན་དུ་བཞག་ནས་སུ། །དགེ་བ་སྤེལ་ལ་ནན་ཏན་བྱ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་ཤིན་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་གཅིག་རབ་ཏུ་གཟུང་ཞིང་རབ་ཏུ་རྟོགས་པར་བགྱིས་ན། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་དུ་མཆིས་པ་ལགས་སོ། །ཆོས་གཅིག་པུ་གང་ཞེ་ན། འདི་ལྟ་སྟེ། སྙིང་རྗེ་ཆེན་པོའོ། །བཅོམ་ལྡན་འདས་སྙིང་རྗེ་ཆེན་པོས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་མཐིལ་དུ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་གང་དུ་མཆི་བ་དེར་དཔུང་གི་ཚོགས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་གང་དུ་མཆི་བ་དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་གདུགས་ཤར་ན་སེམས་ཅན་རྣམས་ཀྱི་བྱ་བ་ཐམས་ཅད་ཤིན་ཏུ་མང་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་སྙིང་རྗེ་ཆེན་པོ་གང་དུ་ཤར་བར་གྱུར་པ་དེར་བྱང་ཆུབ་བྱེད་པའི་ཆོས་ཀྱི་བྱ་བ་གཞན་རྣམས་ཀྱང་ཤིན་ཏུ་མང་བར་འགྱུར་རོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་ཡིད་ཀྱིས་བྱིན་གྱིས་བརླབས་པའི་དབང་པོ་ཐམས་ཅད་ནི་རང་རང་གི་ཡུལ་འཛིན་པ་ལ་འཇེབས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་སྙིང་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་བྱང་ཆུབ་པར་བྱེད་པའི་ཆོས་རྣམས་རང་རང་གི་བྱ་བ་ལ་རབ་ཏུ་


DTG111_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

འཇེབས་པར་འགྱུར་རོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སྲོག་གི་དབང་པོ་མཆིས་ན་དབང་པོ་གཞན་རྣམས་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་སྙིང་རྗེ་ཆེན་པོ་མཆིས་ན་བྱང་ཆུབ་པར་བྱེད་པའི་ཆོས་གཞན་རྣམས་ཀྱང་འབྱུང་བར་འགྱུར་ཞེས་བྱ་བའོ། །འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང༌། བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་དབུགས་འབྱུང་བ་དང་རྔུབ་པ་ནི། སྐྱེས་བུའི་སྲོག་གི་དབང་པོའི་སྔོན་དུ་འགྲོ་བའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་བསྒྲུབ་པའི་སྙིང་རྗེ་ཆེན་པོ་ཡང་སྔོན་དུ་འགྲོ་བའོ། །དེ་བཞིན་དུ་སྦྱར་ཏེ། འདི་ལྟ་སྟེ། དཔེར་ན་ཚོང་དཔོན་ནམ་ཁྱིམ་བདག་བུ་གཅིག་པ་ལ་སྙིང་ཐག་པ་ནས་སྡུག་པར་འཛིན་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་ལ་གནས་པ་ཡང་སེམས་ཅན་ཐམས་ཅད་ལ་སྙིང་ཐག་པ་ནས་སྡུག་པར་འཛིན་པ་ཡིན་ནོ་ཞེས་གསུངས་སོ། །འདི་ཇི་ལྟར་བསྒོམ་པར་བྱ་ཞེ་ན། རང་གིས་སྔོན་མྱོང་བ་དང་མྱོང་བར་འགྱུར་བའི་སྡུག་བསྔལ་དང་འཇིགས་པ་རྣམ་པ་དུ་མ་རང་གིས་ཤིན་ཏུ་མི་འདོད་པ་བསྒོམས་ཏེ། བྱམས་པ་དང་ལྡན་པས་སྡུག་པ་ལ་སོགས་པ་ལ་བྱམས་པ་བཞིན་དུ་བསྒོམ་པར་བྱ་བའམ་ད་ལྟར་བྱུང་བའི་སྡུག་བསྔལ་གྱིས་ཉེན་པ་རྣམས་དང་སྡུག་བསྔལ་ཆེན་པོའི་རྒྱ་མཚོ་འཁོར་བ་ཡུན་རིང་པོ་དུས་ཚིགས་མེད་པ་ན་སྡུག་བསྔལ་དང་ལྡན་པ་རྣམས་ལ་བསྒོམ་པར་བྱའོ། །འཕགས་པ་ས་བཅུ་པ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མའོ་བྱིས་པ་སོ་སོའི་སྐྱེ་བོ་འདི་དག་ནི་མི་ཤེས་པ་རྨོངས་པ་དག་སྟེ། དེ་དག་གི་ལུས་གྲངས་མེད་པ་འགགས་ལ་འགག་པར་འགྱུར་ཞིང་འགག་བཞིན་ཏེ། དེ་ལྟར་མཆི་ཡང་ལུས་ལ་ཡིད་འབྱུང་བ་མི་སྐྱེད་ཅིང༌། སྡུག་བསྔལ་གྱི་འཁྲུལ་འཁོར་ཇེ་བས་ཇེ་འཕེལ་དུ་བྱེད། འཁོར་བའི་རྒྱུད་ལས་མི་ལྡོག་ཕུང་པོའི་གནས་མི་འདོར། །ཁམས་ཀྱི་སྦྲུལ་དག་གིས་སྐྱོ་བར་མི་འགྱུར། དགའ་བའི་འདོད་ཆགས་ཀྱིས་རྨོངས་པ་རྟོགས་པར་མི་བྱེད། སྐྱེ་མཆེད་ཀྱི་གྲོང་སྟོང་པ་ལ་མི་ལྟ། ངར་འཛིན་པ་དང་ང་ཡིར་འཛིན་པའི་ཕྲ་རྒྱས་མི་སྤོང༌། ང་རྒྱལ་དང་ལྟ་བའི་ཟུག་རྡུ་མི་འབྱིན། འདོད་ཆགས་དང་ཞེ་


DTG111_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་དང་གཏི་མུག་གི་མེ་ལྕེ་འབར་བ་ཞི་བར་མི་བྱེད། མ་རིག་པའི་མུན་པ་མི་སེལ། སྲེད་པའི་རྒྱ་མཚོ་མི་སྐེམས། སྟོབས་བཅུའི་དེད་དཔོན་ཡོངས་སུ་མི་ཚོལ་ཞིང་བདུད་ཀྱི་བསམ་པ་ཐིབས་པོའི་རྗེས་སུ་སོང་བ་སྟེ། འཁོར་བའི་རྒྱ་མཚོ་རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་ཀྱི་ཆུ་སྲིན་འཛིན་ཁྲིས་དཀྲུགས་པས་ཡོངས་སུ་གཡེངས་པ་ངོ་མཚར་ཆེ་སྟེ། མ་ལ་བདག་གིས་སེམས་ཅན་དེ་ལྟར་སྡུག་བསྔལ་གྱིས་ཉམ་ཐག་པ། མགོན་མེད་པ། དཔུང་གཉེན་མེད་པ། སྐྱབས་མེད་པ། གནས་མེད་པ། གཞི་མེད་པ། རྟེན་མེད་པ། ལོང་བར་གྱུར་པ། མ་རིག་པའི་སྒོ་ངའི་སྦུབས་དང་སྤྲིས་གཡོགས་པ། མུན་པས་ཟིལ་གྱིས་ནོན་པ་དེ་དག་གི་དོན་དུ་གཅིག་པུ་གཉིས་སུ་མེད་པར་གྱུར་ནས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསག་པར་བྱ་བ་རྣམ་པ་ཇི་ལྟ་བུས་སེམས་ཅན་དེ་དག་ཤིན་ཏུ་རྣམ་པར་དག་པ་འཐོབ་པར་འགྱུར་བ་ནས། སྟོབས་བཅུའི་སྟོབས་ཀྱིས་ཡེ་ཤེས་ཆགས་པ་མེད་པའི་བར་གྱི་མཐར་ཐུག་པ་འཐོབ་པར་འགྱུར་བའི་རྣམ་པ་དེ་ལྟ་བུའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསག་པར་བྱའོ་སྙམ་མོ་ཞེས་བྱའོ། །ཡང་དེ་ཉིད་ལས་གསུངས་པ། ཀྱེ་མའོ་སེམས་ཅན་འདི་དག་ནི་འཁོར་བའི་མྱ་ངན་གྱི་ལམ་དུ་ཞུགས་པ། སེམས་ཅན་དམྱལ་བ་དང་དུད་འགྲོའི་གནས་དང་གཤིན་རྗེའི་འཇིག་རྟེན་གྱི་གཡང་ས་ལ་མངོན་དུ་ཕྱོགས་པ། ལྟ་བ་ངན་པའི་དྲ་བ་ཉམ་ང་བར་ཞུགས་པ་གཏི་མུག་གི་ཐིབས་པོས་ཀུན་ནས་ཡོག་པ། ལོག་པའི་ལམ་དུ་ཞུགས་པ། ལྡོངས་པར་གྱུར་པ། ཡོངས་སུ་འདྲེན་པ་མེད་པ་ཞེས་བྱ་བ་ནས། དེ་བཞིན་དུ་སྦྱར་ཏེ། འཁོར་བ་རྒྱུན་གྱིས་བདས་པ། སྲིད་པའི་ཀླུང་དུ་ཞུགས་པ། ཤུགས་དྲག་པོས་བདས་ཏེ་བལྟ་བའི་མཐུ་མེད་པ་འདོད་པ་དང་གནོད་སེམས་དང་རྣམ་པར་འཚེ་བའི་རྣམ་པར་རྟོག་པ་མང་པོའི་རྗེས་སུ་ཞུགས་པ། འཇིག་ཚོགས་ལ་ལྟ་བ་ཆུ་སྲིན་ཆེན་པོས་ཟིན་པ། འདོད་པ་ཐིབས་པོའི་ཀློང་དུ་ཞུགས་པ། དགའ་བ་ཅན་དང་འདོད་ཆགས་ཀྱི་དཀྱིལ་དུ་ཀུན་དུ་ཐོགས་པ། ངའོ་སྙམ་པའི་ང་རྒྱལ་གྱི་ཐང་ལ་འཁྱམས་པ། དཔུང་གཉེན་མེད་པ། སྐྱེ་མཆེད་ཀྱི་གྲོང་ནས་མ་འཕགས་པ། སྒྲོལ་བ་ལ་མཁས་པ་དང་བྲལ་བར་གྱུར་པ་ཡིན་གྱི། དེ་དག་བདག་གིས་སྙིང་


DTG111_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོ་དང་དགེ་བའི་རྩ་བའི་སྟོབས་ཀྱིས་བཏོན་ཏེ། ཐམས་ཅད་མཁྱེན་པའི་གླིང་འཚེ་བ་མེད་པ་རྡུལ་མེད་པ་འཇིགས་པ་དང་སྐྲག་པ་ཐམས་ཅད་མེད་པ་ལ་རབ་ཏུ་དགོད་པར་བྱའོ། །ཀྱེ་མའོ་སེམས་ཅན་འདི་དག་ནི་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་མང་པོ་མང་བ། སྡུག་པ་དང་མི་སྡུག་པ་དང་འབྲེལ་པ། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་བཅས་པའི་རྗེས་སུ་རྒྱུ་བ། སྲེད་པའི་སྒྲོག་ཏུ་བཅུག །ཁམས་གསུམ་པའི་མ་རིག་པའི་ཐིབས་པོས་ཀུན་ནས་ཁེབས་པ་ཡིན་གྱི། དེ་དག་བདག་གིས་ཁམས་གསུམ་པའི་གནས་ཐམས་ཅད་ལ་དབེན་པ། མྱ་ངན་ལས་འདས་པ་ལ་རབ་ཏུ་དགོད་པར་བྱའོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་བརྩོན་པ་དང་བསམ་པ་དང་སྙིང་རྗེ་གཅིག་གིས་གཅིག་བརྟན་པར་བྱས་པ་དེ་དག་གི་བསོད་ནམས་མངོན་པར་སྤེལ་པ་རྩོམ་མོ། །དེ་ལ་རེ་ཞིག་བཟང་པོ་སྤྱོད་པའི་ཆོ་ག་བཞིན། །ཕྱག་འཚལ་ལ་སོགས་གུས་པར་བྱ། །དྲག་ཤུལ་ཅན་གྱིས་ཞུས་པ་ལས། ཉིན་ལན་གསུམ་མཚན་ལན་གསུམ་དུ། གཙང་བ་དང་གོས་གཙང་མ་བགོས་ཏེ་ཕུང་པོ་གསུམ་པ་བཀླག་པར་བྱའོ་ཞེས་གསུངས་སོ། །དེ་ལ་ཕུང་པོ་གསུམ་ནི་སྡིག་པ་བཤགས་པ་དང༌། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང༌། སངས་རྒྱས་ལ་བསྐུལ་བ་ཞེས་བྱ་བ་སྟེ་བསོད་ནམས་ཀྱི་ཕུང་པོ་ཡིན་པའི་ཕྱིར་རོ། །དེ་ལ་ཕྱག་འཚལ་བ་ནི་སྡིག་པ་བཤགས་པའི་ནང་དུ་འདུས་ཏེ་སངས་རྒྱས་ལ་ཕྱག་འཚལ་ནས་སྡིག་པ་བཤགས་སོ་ཞེས་ཉེ་བ་འཁོར་གྱིས་ཞུས་པ་ལས་བསྟན་པའི་ཕྱིར་རོ། །གསོལ་བ་གདབ་པ་ནི་བསྐུལ་བ་དང་དོན་གཅིག་པའི་ཕྱིར་རོ། །མཆོད་པ་ནི་འབྱོར་པ་མེད་པའི་ཕྱིར་མི་རྟག་པས་མ་སྨོས་སོ། །ཡིད་དང་ངག་ནི་མདོ་སྡེ་གཞན་ལས་གྲགས་པའི་ཕྱིར་མ་བཤད་དེ། །ཚིག་གསུམ་ནི་གཙོ་བོ་ཡིན་པར་ཤེས་པར་བྱའོ། །དེ་ལ་ཕྱག་འཚལ་བ་ནི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ལྟ་བུ་སྟེ། ཚིགས་སུ་བཅད་པ་བཞི་པ་དང༌། ཇི་ལྟར་སྟོན་པའི་བསྟོད་པ་དང༌། བཟང་པོ་སྤྱོད་པ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་སོ། །མཆོད་པ་ནི་འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་


DTG111_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་གི་རྣམ་པའམ་འབྲས་བུའི་རྣམ་པ་ང་ཡིར་བྱ་བ་མེད་པ་ཡོངས་སུ་གཟུང་བ་མེད་པ་གང་ཡིན་པ་དེ་རྣམས་ཉིན་ལན་གསུམ་མཚན་ལན་གསུམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ་ལོ། །དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་བདུག་པའི་ཤིང་ངམ་སྤོས་ཀྱི་ཤིང་ངམ་རིན་པོ་ཆེའི་ཤིང་ངམ་དཔག་བསམ་གྱི་ཤིང་ངམ་མེ་ཏོག་གི་ཤིང་ངམ་འབྲས་བུའི་ཤིང་ང་ཡིར་བྱ་བ་མེད་པ་ཡོངས་སུ་གཟུང་བ་མེད་པ་གང་ཡིན་པ་དེ་ལྟ་བུ་དེ་དག་ཀྱང་ཉིན་ལན་གསུམ་མཚན་ལན་གསུམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ་ལོ་ཞེས་བྱ་བའོ། །དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་ལས་ཀྱང་ཐང་ལས་སྐྱེས་པའི་རིན་པོ་ཆེའི་རྣམས་དང་ཆུ་ལས་སྐྱེས་པའི་རིན་པོ་ཆེའི་རི་རྣམས་དང་ཐང་ལས་སྐྱེས་པའི་རིན་པོ་ཆེ་ལ་སོགས་པ་ཕྱོགས་བཅུ་ན་རྣམས་པར་གནས་པ་ང་ཡིར་བྱ་བ་མེད་པ་ཡོངས་སུ་གསུང་བ་མེད་པ་རྣམས་འབུལ་ལོ་ཞེས་གསུངས་སོ། །ཕྱོགས་འདིས་སྨན་ཐམས་ཅད་དང་བཅུད་ཀྱིས་ལེན་ཐམས་ཅད་དང་ཆུ་ཐམས་ཅད་དང་ཁ་ན་མ་ཐོ་བ་མེད་པའི་ཆུའི་དཀྱིལ་འཁོར་དང་གསེར་གྱི་དཀྱིལ་འཁོར་ཐམས་ཅད་དང༌། འཇིག་རྟེན་གྱི་ཁམས་ཆགས་པ་རྣམས་ན་རོ་དང་རེག་པ་མཆོག་ཏུ་ཕུན་སུམ་ཚོགས་པའི་ས་ཞག་དང་བདུད་རྩིའི་སྦུ་གུ་དང་མ་རྨོས་མ་བཏབ་པའི་འབྲས་བུ་སཱ་ལུ་དང་བྱང་གི་སྒྲ་མི་སྙན་གྱི་གླིང་དང་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་རྣམས་ན་ཡོད་པ་མཆོག་ཏུ་ཉམས་དགའ་བའི་ལོངས་སྤྱོད་རྣམས་འབུལ་ལོ། །འཕགས་པ་དཀོན་མཆོག་སྤྲིན་ལས་འདི་སྐད་དུ། དེ་མདོ་སྡེ་རྣམས་ལས་མཆོད་པ་དང་རིམ་གྲོ་བྱ་བ་རྒྱ་ཆེན་པོ་གང་ཡིན་པ་དེ་ལྟ་བུ་དག་ཉན་ཅིང༌། དེ་དག་སྙིང་ཐག་པ་ནས་ལྷག་པའི་བསམ་པ་མཆོག་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡོངས་སུ་བསྔོའོ་ཞེས་བྱ་བ་དང༌། དེ་བཞིན་དུ་མཆོད་པ་དང་རིམ་གྲོ་སྣ་ཚོགས་བྱ་བ་རྗེས་སུ་སེམས་སོ་ཞེས་གསུངས་སོ། །བཤགས་པ་ནི་སྔར་བརྗོད་པ་ཉིད་དོ། །འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ནི། བདག་དང་གཞན་གྱི་སྡིག་པ་བཤགས་པ་ནི་བསོད་ནམས་ཀྱི་ཚོགས་སུ་བརྗོད་དོ། །རྗེས་སུ་ཡི་རང་བ་ནི་བཟང་པོ་སྤྱོད་པའི་ཚིགས་


DTG111_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཅད་པའམ། ཟླ་བ་སྒྲོན་མའི་རྗེས་སུ་ཡི་རང་བའི་ལེའུ་ལས་སོ། །གསོལ་བ་གདབ་པ་ནི་བཟང་པོ་སྤྱོད་པ་ཉིད་ཀྱིས་སོ། །ཡོངས་སུ་བསྔོ་བ་ནི་མཐའ་དག་བཟང་པོ་སྤྱོད་པ་ཉིད་དུ་རྫོགས་པའམ། རྡོ་རྗེ་རྒྱལ་མཚན་གྱི་ཡོངས་སུ་བསྔོ་བ་ཡང་ཡིན་པར་བལྟའོ། །ཡང་ན་ས་བཅུ་པ་ལས་གསུངས་པའི་སྨོན་ལམ་ཆེན་པོ་རྣམས་ཏེ། འདི་ལྟ་སྟེ། སངས་རྒྱས་མ་ལུས་པ་ལ་མཆོད་པ་དང༌། རིམ་གྲོ་ལྷག་མ་མེད་པ་མཐའ་དག་བྱ་བའི་ཕྱིར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། མོས་པ་རྒྱ་ཆེན་པོ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲང་བར་སངས་རྒྱས་འབྱུང་བ་བགྲངས་པ་ཐམས་ཅད་ལ་མཆོད་པ་དང་རིམ་གྲོ་ཆེན་པོ་བྱ་བ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་དང་པོ་མངོན་པར་བསྒྲུབ་པོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་ཆོས་ཀྱི་ཚུལ་ཡང་དག་པར་བཟུང་བ་དང༌། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཡང་དག་པར་ཡོངས་སུ་བཟུང་བ་དང༌། ཡང་དག་པར་རྫོགས་པའི་སངས་རྒྱ་ཐམས་ཅད་ཀྱི་བསྟན་པ་ཡོངས་སུ་བསྲུང་བའི་ཕྱིར། ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ། མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲང་བར་སངས་རྒྱས་འབྱུང་བ་བགྲངས་པ་ཐམས་ཅད་ཀྱིས་དམ་པའི་ཆོས་ཡོངས་སུ་བཟུང་བ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་གཉིས་པ་མངོན་པར་བསྒྲུབ་པོ། །འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་རབ་འབྱམ་མ་ལུས་པ་ཐམས་ཅད་དུ་སངས་རྒྱས་འབྱུང་བ་ཐམས་ཅད་ཀྱི་དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པ་ཐོག་མར་མཛད་དེ། འཕོ་བ་དང་གཤེགས་པ་དང༌། ལྷུམས་ན་བཞུགས་པ་དང༌། བལྟམ་པ་དང༌། གཞོན་ནུ་རོལ་པ་དང༌། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་དང༌། མངོན་པར་འབྱུང་བ་དང༌། དཀའ་བ་སྤྱད་པ་དང༌། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང༌། བདུད་འདུལ་བ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པའི་དྲུང་དུ་འགྲོ་ཞིང་མཆོད་པ་དང་


DTG111_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱིས་ཡང་དག་པར་བསྡུ་བའི་སྦྱོར་བ་སྔོན་དུ་འགྲོ་བས་ཐམས་ཅད་དུས་གཅིག་ཏུ་བསྒྲུབ་པའི་ཕྱིར། ཆོས་ཀྱི་དབྱིངས་ཀྱི་མཐས་ཀླས་པར་རྒྱ་ཆེན་བ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲང་བར་སངས་རྒྱས་འབྱུང་བ་བགྲངས་པ་ཐམས་ཅད་ཀྱི་གན་དུ་འགྲོ་བ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་གསུམ་པ་མངོན་པར་བསྒྲུབ་པོ། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཤིན་ཏུ་རྒྱས་པ། ཆེ་བ། ཚད་མེད་པ། ཐ་མི་དད་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱིས་བསྡུས་པ། ས་ཡོངས་སུ་སྦྱོང་བ། ཡན་ལག་དང༌། ཉེ་བའི་ཡན་ལག་ཏུ་བཅས་པ་བསྒྲུབ་པ་དང༌། མཚན་ཉིད་འདྲ་བ་དང༌། མི་འདྲ་བ་དང༌། འདུ་བ་དང༌། རྒྱས་པ་དང་བཅས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པར་གྱུར་པའི་སའི་ལམ་ཐམས་ཅད་ཇི་ལྟ་བ་བཞིན་དུ་སྟོན་པས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱ་བའི་གདམས་ངག་དང་རྗེས་སུ་བསྟན་པ་རབ་ཏུ་སྦྱིན་པས་བརྟན་པའི་སེམས་བསྐྱེད་པ་མངོན་པར་བསྒྲུབ་པའི་ཕྱིར། ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲང་བར་སྤྱོད་པ། བགྲངས་པ་ཐམས་ཅད་དུ་རྒྱུན་མི་འཆད་པར་མངོན་པར་བསྒྲུབ་པའི་སྨོན་ལམ་ཆེན་པོ་བཞི་པ་མངོན་པར་བསྒྲུབ་པོ། །འདི་ལྟ་སྟེ། སེམས་ཅན་གྱི་ཁམས་མ་ལུས་པ་ཐམས་ཅད་གཟུགས་ཅན་དང༌། གཟུགས་མེད་པ་དང༌། འདུ་ཤེས་ཅན་དང༌། འདུ་ཤེས་ཅན་མ་ཡིན་པ་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་དང༌། སྒོ་ང་ལས་སྐྱེས་པ་དང༌། མངལ་ནས་སྐྱེས་པ་དང༌། དྲོད་གཤེར་ལས་སྐྱེས་པ་དང༌། རྫུས་ཏེ་སྐྱེས་པ་དང༌། ཁམས་གསུམ་དུ་གཏོགས་པ། འགྲོ་བ་དྲུག་ཏུ་འདུས་པ། སྐྱེ་བ་ཐམས་ཅད་དུ་གཏོགས་པར། མིང་དང་གཟུགས་ཀྱིས་བསྡུས་པའི་སེམས་ཅན་མ་ལུས་པ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བར་སངས་རྒྱས་ཀྱི་ཆོས་ལ་གཟུད་པ་དང་འགྲོ་བ་བགྲངས་པ་ཐམས་ཅད་གཅད་པ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རབ་ཏུ་དགོད་པའི་ཕྱིར། ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་


DTG111_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

མུར་ཐུག་པ་བསྐལ་པ་བགྲང་བར་སེམས་ཅན་གྱི་ཁམས་བགྲངས་པ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་ལྔ་པ་མངོན་པར་བསྒྲུབ་པོ། །འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་ཤིན་ཏུ་རྒྱས་པ་དང༌། ཐ་གྲུ་ཆེ་བ་དང༌། ཚད་མེད་པ་དང༌། ཕྲ་བ་དང༌། རགས་པ་དང༌། སྣྲེལ་ཞི་དང༌། སྤྱིའུ་ཚུགས་དང༌། ངོས་ཕྱལ་བ་དང༌། འཇུག་པའི་ཁྱིམ་ཅན་དང༌། མིག་འཕྲུལ་ལྟར་རྣམ་པར་ཕྱེ་བ་དང༌། ཕྱོགས་བཅུ་རྣམ་པ་ཐ་དད་པ་རྣམ་པར་འབྱེད་པ་ལ་འཇུག་པ་ལ་མ་ལུས་པ། ཡེ་ཤེས་ཀྱི་ཁོང་དུ་ཆུད་པར་བྱ་ཞིང་མངོན་དུ་འགྱུར་བར་བྱ་བའི་ཕྱིར། ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲང་བར་འཇིག་རྟེན་གྱི་ཁམས་བགྲངས་པ་ཐམས་ཅད་དུ་འཇུག་པ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་དྲུག་པ་མངོན་པར་བསྒྲུབ་པོ། །འདི་ལྟ་སྟེ། ཞིང་ཐམས་ཅད་ཞིང་གཅིག་དང༌། ཞིང་གཅིག་ཞིང་ཐམས་ཅད་དུ་ཡང་དག་པར་གཞོལ་བར་བྱ་བ་ཡོངས་སུ་སྦྱོང་བ་དང༌། སངས་རྒྱས་ཀྱི་ཞིང་ཚད་མེད་པ་དག་འོད་དང་རྣམ་པར་བཀོད་པའི་རྒྱན་གྱིས་རབ་ཏུ་བརྒྱན་པ་དང༌། ཡོངས་སུ་དག་པའི་ལམ་དང་ལྡན་པས་ཉོན་མོངས་པ་ཐམས་ཅད་བསལ་བ་དང༌། སེམས་ཅན་ཡེ་ཤེས་ཀྱི་འབྱུང་གནས་ཚད་མེད་པས་རབ་ཏུ་གང་བ་དང༌། སངས་རྒྱས་ཀྱི་ཡུལ་རྒྱ་ཆེན་པོ་ལ་ཡང་དག་པར་གཞོལ་བ་དང༌། སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་བསྟན་ཅིང་ཤིན་ཏུ་ཚིམ་པར་བྱ་བའི་ཕྱིར། ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲང་བར་སངས་རྒྱས་ཀྱི་ཞིང་བགྲངས་པ་ཐམས་ཅད་ཡོངས་སུ་སྐྱོང་བ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་བདུན་པ་མངོན་པར་བསྒྲུབ་པོ། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བསམ་པ་དང་སྦྱོར་བ་གཅིག་པར་བྱ་བ་དང༌། འགྲན་ཟླ་མེད་པའི་དགེ་བའི་རྩ་བ་བསག་པར་བྱ་བ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དམིགས་པ་གཅིག་པས་མཉམ་པ་ཉིད་དུ་བྱ་བ་དང༌། རྟག་ཏུ་རྒྱུན་མི་འཆད་པར་བྱང་ཆུབ་སེམས་དཔའ་དང་འགྲོགས་ཤིང་


DTG111_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

མི་འབྲལ་བར་བྱ་བ་དང༌། སངས་རྒྱས་འབྱུང་བ་ཅི་དགར་བསྟན་པར་བྱ་བ་དང༌། རང་གི་སེམས་བསྐྱེད་པར་དེ་བཞིན་གཤེགས་པའི་མཐུ་ཡེ་ཤེས་ཀྱི་མཐུ་ཁོང་དུ་ཆུད་པར་བྱ་བ་དང༌། མ་ཉམས་ཤིང་རྗེས་སུ་འགྲོ་བའི་མངོན་པར་ཤེས་པ་རབ་ཏུ་ཐོབ་པར་བྱ་བ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་རྒྱུ་བར་བྱ་བ་དང༌། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་སྣང་བ་ཐོབ་པར་བྱ་བ་དང༌། སྐྱེ་བ་ཐམས་ཅད་དུ་རང་གི་ལུས་རྗེས་སུ་འགྲོ་བར་བྱ་བ་དང༌། ཐེག་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་བྱ་བ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བྱ་བའི་ཕྱིར། ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲང་བར་སྤྱོད་པ་བགྲངས་པ་ཐམས་ཅད་དུ་ཐེག་པ་ཆེན་པོ་ལ་འཛུད་པ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་བརྒྱད་པ་མངོན་པར་བསྒྲུབ་པོ། །འདི་ལྟ་སྟེ། ཕྱིར་མི་ལྡོག་པའི་འཁོར་ལོ་ལ་ཡང་དག་པར་གནས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བྱ་བ་དང༌། ལུས་དང་ངག་དང་ཡིད་ཀྱི་ལས་དོན་ཡོད་པར་བྱ་བ་དང༌། མཐོང་མ་ཐག་ཏུ་སངས་རྒྱས་ཀྱི་ཆོས་ངེས་པར་ཐོབ་པར་བྱ་བ་དང༌། དབྱངས་བརྗོད་མ་ཐག་ཏུ་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བ་དང༌། དད་པར་གྱུར་མ་ཐག་ཏུ་ཉོན་མོངས་པ་ལྡོག་པར་བྱ་བ་དང༌། སྨན་གྱི་རྒྱལ་པོ་ལྟ་བུའི་ལུས་ཐོབ་པར་བྱ་བ་དང༌། ཡིད་བཞིན་གྱི་ནོར་བུ་ལྟ་བུའི་ལུས་ཐོབ་པར་བྱ་བ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་པ་སྤྱད་པའི་ཕྱིར། ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲང་བར་སྤྱོད་པ་བགྲངས་པ་ཐམས་ཅད་དོན་ཡོད་པར་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་དགུ་པ་མངོན་པར་བསྒྲུབ་པོ། །འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་བ་དང༌། བྱིས་པའི་ལམ་གཅིག་དང་ཐ་མི་དད་པར་བྱིས་པའི་ལམ་ཐམས་ཅད་དུ་སྐྱེ་བ་དང༌། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བསྟན་པར་བྱ་བ་དང༌།


DTG111_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཡུལ་ཆེན་པོ་མཐུ་དང་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བས་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ། སངས་རྒྱས་འབྱུང་བར་དལ་བ། དལ་བ་ལ་རྟོགས་པར་བྱེད། ཞི་བར་བྱེད། ཐོབ་པར་བྱེད་ཅིང་བསྟན་པར་བྱ་བ་དང༌། གཅིག་མངོན་དུ་ཡང་དག་པར་རྟོགས་པས་ཆོས་ཀྱི་དབྱིངས་ཐམས་ཅད་མྱ་ངན་ལས་འདས་པས་རྒྱས་པར་བྱ་བ་དང༌། དབྱངས་གཅིག་བརྗོད་པས་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཚིམ་པར་བྱ་བ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བསྟན་ཀྱང་སྤྱོད་པའི་སྟོབས་རྒྱུན་མི་གཅད་པ་དང། ཡེ་ཤེས་ཆེན་པོས་ཆོས་ཐམས་ཅད་འབྱུང་བར་བྱེད་པ་བསྟན་པར་བྱ་བ་དང༌། ཆོས་ཤེས་པར་བྱ་བ་དང༌། རྫུ་འཕྲུལ་དང་སྒྱུ་མའི་མངོན་པར་ཤེས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་བྱ་བའི་ཕྱིར། ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲང་བར་མངོན་པར་རྫོགས་པར་བྱང་ཆུབ་པ་བགྲངས་པ་ཐམས་ཅད་དུ་ཐེག་པ་ཆེན་པོ་མངོན་པར་བསྒྲུབ་པ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་བཅུ་པོ་མངོན་པར་བསྒྲུབ་སྟེ། སྨོན་ལམ་བཅུ་པོ་འདི་དག་མངོན་པར་བསྒྲུབ་པོ། །ཞེས་བྱ་བའོ། །འདི་བསྒོམ་པའི་ཚེ་ཐམས་ཅད་ལ་ཡང་ཡོངས་སུ་བསྔོའོ་ཞེས་བྱ་བར་སྦྱར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་ཐར་པ་ལས་གང་གསུངས་པ་དེ་ཡང་འདི་ལྟར་བྱ་སྟེ། དགེ་བའི་རྩ་བ་འདི་སེམས་ཅན་ཐམས་ཅད་གཡང་སའི་འཇིགས་པ་དང་བྲལ་བར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་རྒྱུན་ལས་བྱུང་བའི་འཇིགས་པ་རབ་ཏུ་ཞི་བར་བྱ་བ་དང༌། སེམས་ཅན་ཐམས་ཅད་ཀྱི་རྨོངས་པའི་འཇིགས་པ་བཟློག་པའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་བཅིང་བའི་འཇིགས་པ་བཅད་པ་དང༌། སེམས་ཅན་ཐམས་ཅད་ཀྱི་སྲོག་འཆད་པར་བྱེད་པའི་འཇིགས་པ་རྣམ་པར་བཟློག་པ་དང༌། སེམས་ཅན་ཐམས་ཅད་ཀྱི་ཡོ་བྱད་དང་བྲལ་བའི་འཇིགས་པ་བསལ་བ་དང༌། སེམས་ཅན་ཐམས་ཅད་ཀྱི་འཚོ་བ་མེད་པའི་འཇིགས་པ་ཉེ་བར་ཞི་བར་བྱ་བ་དང༌། སེམས་ཅན་ཐམས་ཅད་ཀྱི་ཚིགས་སུ་བཅད་པ་


DTG111_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་འཇིགས་པ་ལས་ཤིན་ཏུ་བཟླ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་འཁོར་བའི་འཇིགས་པ་ཉེ་བར་ཞི་བར་བྱ་བ་དང༌། སེམས་ཅན་ཐམས་ཅད་འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་དང་བྲལ་བར་བྱ་བ་དང༌། སེམས་ཅན་ཐམས་ཅད་འཆི་བའི་འཇིགས་པ་ལས་ཤིན་ཏུ་བཟློག་པ་དང༌། སེམས་ཅན་ཐམས་ཅད་ངན་འགྲོའི་འཇིགས་པ་ལས་རྣམ་པར་བཟློག་པར་བྱ་བ་དང༌། སེམས་ཅན་ཐམས་ཅད་ཡང་བའི་འགྲོ་བ་མུན་པ་མུན་ནག་ཅན་བཟློག་པ་ལ་སྣང་བར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་རིས་མི་མཐུན་པ་དང་ཕྲད་པའི་འཇིགས་པ་དང་ཤིན་ཏུ་བྲལ་བར་བྱ་བ་དང༌། སེམས་ཅན་ཐམས་ཅད་ཀྱི་སྡུག་པ་དང་བྲལ་བའི་འཇིགས་པ་འགག་པ་དང༌། སེམས་ཅན་ཐམས་ཅད་ཀྱི་མི་སྡུག་པ་དང་འགྲོགས་པའི་འཇིགས་པ་བསལ་བ་དང༌། སེམས་ཅན་ཐམས་ཅད་ལུས་ལ་ཡོངས་སུ་གནོད་པའི་འཇིགས་པ་དང་ཤིན་ཏུ་བྲལ་བར་བྱ་བ་དང༌། སེམས་ཅན་ཐམས་ཅད་སེམས་ལ་ཡོངས་སུ་གནོད་པའི་འཇིགས་པ་ལས་ཐར་བར་བྱ་བ་དང༌། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་ཡིད་མི་བདེ་བ་དང་འཁྲུགས་པ་ལས་ཡང་དག་པར་བཟླ་བའི་ཕྱིར་ཡོངས་སུ་བསྔོའོ་ཞེས་བྱ་བའོ།། མདོར་ན་བཟང་པོ་སྤྱོད་པ་ལས་ཚིགས་སུ་བཅད་པ་གཉིས་འབྱུང་བ་འདི་ནི་ཡོངས་སུ་བསྔོ་བ་བླ་ན་མེད་པ་སྟེ། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཀུན་དུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་གི་ནི་རྗེས་སུ་བདག་སློབ་ཅིང༌། །དགེ་བ་འདི་དག་ཐམས་ཅད་ཡོངས་སུ་བསྔོ། །དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གིས་དགེ་བ་འདི་དག་ཐམས་ཅད་ཀྱང༌། །བཟང་པོ་སྤྱོད་པ་མཆོག་ཕྱིར་བསྔོ་བར་བགྱི། །ཞེས་བྱ་བའོ། །བསླབ་པ་ཀུན་ལས་བཏུས་པ་ལས་ལེའུ་བཅུ་དྲུག་པའོ།། །། བམ་པོ་བཅུ་གསུམ་པ། ཕྱག་འཚལ་བ་ལ་སོགས་པ་བཤགས་པ་དེས་བསོད་ནམས་འཕེལ་བར་འགྱུར་བར་ཅི་མངོན་ཞེ་ན། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས་ཤེས་ཏེ། དེ་ལས་འདི་སྐད་དུ། ངས་ནི་གང་དག་བསྟན་པ་ཡི། །མི་ཁོམ་བརྒྱད་པོ་དེ་དག་སྤོང༌། །སངས་རྒྱས་


DTG111_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་རབ་མཛེས་པ། །མཉེས་པར་བྱེད་འདི་དལ་བ་གཅིག །མདོག་ལྡན་གཟུགས་ནི་ཕུན་སུམ་ཚོགས། །མཚན་གྱིས་ལེགས་པར་བརྒྱན་པ་དང༌། །མཐུ་དང་སྟོབས་དང་ལྡན་པར་འགྱུར། །ལེ་ལོ་ཅན་དུ་དེ་མི་འགྱུར། །དེ་ནི་ཕྱུག་ཅིང་ནོར་ཆེར་འགྱུར། །བསོད་ནམས་ལྡན་ཞིང་བརྫི་བ་མེད། །འཇིག་རྟེན་སྒྲོན་མ་མཉེས་བྱས་ནས། །ཡང་དང་ཡང་དུ་བསྟི་སྟང་བྱེད། །ཚོང་དཔོན་ཁྱིམ་ནི་རྒྱས་པ་དང༌། །ཕྱུག་པོ་རྣམས་སུ་སྐྱེ་བར་འགྱུར། །དཔའ་ཞིང་སྦྱིན་པའི་བདག་པོར་འགྱུར། །ལྷུག་པར་གཏོང་ཞིང་སེར་སྣ་མེད། །རིས་བསྐོར་རྒྱ་མཚོ་ཚུན་ཆད་ཀྱི། །ས་ཀུན་ལ་ནི་དེ་བརྟེན་ཞིང༌། །དེ་ནི་མངའ་བདག་གླིང་བཞི་ཡི། །དབང་ཕྱུག་རྒྱས་པ་ཆོས་ལྡན་འགྱུར། །འཁོར་ལོས་སྒྱུར་བ་རྫུ་འཕྲུལ་ཆེ། །རིན་ཆེན་བདུན་དང་ལྡན་པར་འགྱུར། །རྒྱལ་སྲིད་གནས་ནས་སངས་རྒྱས་ལ། །ཡང་དང་ཡང་དུ་བསྟི་སྟང་བྱེད། །འདི་ནས་ཤི་འཕོས་མཐོ་རིས་སུ། །སོང་ནས་སངས་རྒྱས་བསྟན་ལ་དང༌། །ལྷུན་པོའི་སྟེང་གི་དབང་ཕྱུག་པོ། །ལྷ་ཡི་དབང་པོ་བརྒྱ་བྱིན་འགྱུར། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །མི་གང་སྐོར་བ་བྱེད་པ་ཡི། །བསྔགས་པ་བསྐལ་པ་བྱེ་བར་ཡང༌། །བརྗོད་པས་ཟད་པར་བྱ་མི་ནུས། །སུ་ཞིག་བྱང་ཆུབ་སེམས་བསྐྱེད་ནས། །སྟོན་པའི་མཆོད་རྟེན་ཕྱག་འཚལ་བ། །དེ་ནི་བསྐལ་པ་བྱེ་བར་ཡང༌། །ནམ་ཡང་ལོང་ཞིང་འཐེང་མི་འགྱུར། །མཆོད་རྟེན་བསྐོར་བ་བྱས་ནས་ནི། །བརྩོན་འགྲུས་བརྟན་ཞིང་མཐུ་བརྟེན་ལ། །བརྟེན་ཞིང་རྣམ་པར་གནོན་བརྟན་དང༌། །དེ་ནི་མྱུར་དུ་མཁས་པར་འགྱུར། །གང་ཞིག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ། །བསྐལ་པ་བྱེ་བ་གཞལ་བྱས་བསྟི་སྟང་བྱས་པ་བས། །གང་ཞིག་ཕྱི་མ་མི་བཟང་བསྐལ་པ་འདི་ལ་ནི། །མཆོད་རྟེན་ཕྱག་འཚལ་དེ་ཡི་བསོད་ནམས་ཤིན་ཏུ་ཆེ། །སངས་རྒྱས་དམ་པ་སྦྱིན་གནས་མཚུངས་པ་མེད་གྱུར་པ། །སྤྱོད་པ་དམ་པ་སྤྱད་ནས་ཁྱད་པར་བརྙེས་གྱུར་པ། །མི་ཡི་ཁྱུ་མཆོག་དེ་ལ་འདིར་ནི་མཆོད་བྱས་ན། །རྣམ་པར་སྨིན་པ་དམ་པ་མཚུངས་མེད་རང་བཞིན་འགྱུར། །མི་ཡི་ནང་ནས་ཤི་འཕོས་ནས། །སུམ་ཅུ་གསུམ་དུ་འགྲོ་བར་འགྱུར། །དེར་ནི་རིན་ཆེན་སྣ་ཚོགས་ཀྱི། །གཞལ་མེད་ཁང་པ་ཐོབ་པར་འགྱུར། །


DTG111_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་ཕྲེང་བ་འདིར་ཕུལ་ན། །ཁང་བཟང་དག་དང་ཁང་བརྩེགས་པ། །ལྷ་ཡི་བུ་མོས་བསྙེན་པ་རྣམས། །སུམ་ཅུ་རྩ་གསུམ་སྤྱོད་པར་འགྱུར། །ཡན་ལག་བརྒྱད་ལྡན་ཆུས་གང་ཞིང༌། །གསེར་གྱི་བྱེ་མ་བདལ་གྱུར་པ། །བཻ་ཌཱུཪྻ་དང་ཤེལ་དག་གི །ལྷ་ཡི་རྫིང་བུ་ཐོབ་པར་འགྱུར། །དེར་ནི་ལྷ་ཡི་དགའ་སྤྱད་ནས། །མཁས་པས་ཚེ་ཚད་རྫོགས་པར་འགྱུར། །ལྷ་ཡི་འཇིག་རྟེན་ཤི་འཕོས་ནས། །མི་ནང་ལོངས་སྤྱོད་ལྡན་པར་འགྱུར། །མཆོད་རྟེན་ཕྲེང་བ་འབུལ་བྱེད་པ། །ཚེ་རབས་བྱེ་བ་སྟོང་རྣམས་དང༌། །ཁྲག་ཁྲིག་དག་ནི་བརྒྱ་བགྲངས་པ། །ཀུན་དུ་བཀུར་སྟི་བྱས་པར་འགྱུར། །མཆོད་རྟེན་བྱེ་བ་འབུལ་བྱེད་པ། །དེ་ནི་འཁོར་ལོས་སྒྱུར་རྒྱལ་འགྱུར། །བརྒྱ་བྱིན་ལྷ་ཡི་དབང་ཕྱུག་འགྱུར། །ཚངས་པའི་འཇིག་རྟེན་ཚངས་པར་འགྱུར། །འཇིག་རྟེན་མགོན་པོ་སྐྱོབ་པ་ལ། །དར་གྱི་དབུལ་བ་ཕུལ་བྱས་ན། །ལྷ་ཡི་དག་དང་མི་རྣམས་ཀྱི། །དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར། །འཇིག་རྟེན་མགོན་པོ་སྐྱོབ་པ་ལ། །ཕྲེང་བའི་ཁང་པ་བྱས་ནས་ནི། །དེ་ཡི་གཡོག་འཁོར་མི་བྱེད་ཅིང༌། །རྒྱལ་པོ་འབྱོར་བ་ཆེན་པོར་འགྱུར། །འཕགས་པ་རྣམས་ཀྱིས་གང་སྤངས་པ། །སྡིག་པའི་ལས་ནི་སྤོང་བར་བྱེད། །རྫོགས་སངས་རྒྱས་ཀྱིས་བཤད་པ་ཡི། །དགེ་བའི་ལས་ལ་རྟེན་པར་བྱེད། །ལྷའམ་འོན་ཏེ་ཀླུ་རྣམས་སམ། །འཇིག་རྟེན་དག་ནི་གང་མཁས་པ། །དེ་དག་དགའ་ཞིང་མགུ་བ་དང༌། །བསྟི་སྟང་བྱས་ཤིང་བསྔགས་པར་འགྱུར། །བརྟན་པ་དེ་ནི་གར་སྐྱེས་པར། །བསོད་ནམས་གཟི་ཡིས་ཤིན་ཏུ་བརྗིད། །ཡུལ་འཁོར་དག་དང་གྲོང་ཁྱེར་དང༌། །རིགས་དིར་བསྟི་སྟང་བྱས་པར་འགྱུར། །གང་གིས་སྤོས་ཆུ་ཡུངས་འབྲུ་ཙམ་བླངས་ཏེ། །བཅོམ་ལྡན་མཆོད་རྟེན་ལ་ནི་བདུག་བྱེད་པ། །དེ་ཡི་ཕན་ཡོན་བརྗོད་ཀྱིས་སེམས་དང་ཞིང༌། །རྡུལ་དང་དྲི་མ་སྤངས་ལ་མཉན་པར་གྱིས། །དེ་ནི་བསོད་ནམས་ལྡན་ཞིང་ཕྱོགས་ཀུན་རྒྱུ། །ནད་མེད་གྱུར་ཅིང་བློ་བརྟན་བག་ཡོད་ལྡན། །སྤྱད་པ་རྣམ་པར་སྤྱོད་ཚེ་མྱ་ངན་འདུལ། །སྐྱེ་བོ་མང་པོ་དགའ་ཞིང་ཡིད་དུ་འོང༌། །རྒྱལ་སྲིད་ཐོབ་ནས་རྒྱལ་བ་མཆོག་བཀུར་འགྱུར། །མཐུ་ཆེན་རབ་མཁས་འཁོར་ལོས་སྒྱུར་འགྱུར་ཏེ། །གསེར་གྱི་མདོག་ལྡན་མཚན་གྱི་


DTG111_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

གོ་ཆ་ཅན། །འཇིག་རྟེན་ཀུན་ན་ཡིད་འོང་དྲི་ལྡན་ཐོབ། །བཅོམ་ལྡན་མཆོད་རྟེན་གོས་ཀྱིས་དཀྲིས་བྱས་ན། །དེ་ནི་བཙས་མ་ཐག་ཏུ་གོས་མཆོག་ཐོབ། །ལྷ་ཡི་ཁྱད་འཕགས་དར་གོས་རབ་བཟང་རྙེད། །བཙས་མ་ཐག་ཏུ་དེ་ལུས་ཤིན་ཏུ་བདེ། །གང་ཞིག་གོས་ཀྱིས་བཅོམ་ལྡན་མཆོད་རྟེན་དང༌། །འདྲེན་པ་མཚུངས་མེད་རྣམས་ལ་མཆོད་བྱེད་པ། །དེ་འདིར་མཚུངས་པ་མེད་པའི་ལུས་འཐོབ་སྟེ། །སུམ་ཅུ་རྩ་གཉིས་མཚན་གྱི་མེ་ཏོག་རྒྱས། །བཅོམ་ལྡན་མཆོད་རྟེན་གོས་ཀྱིས་དཀྲིས་བྱས་ན། །ལག་མཐིལ་ནས་ནི་མུ་ཏིག་ཕྲེང་མཛེས་པ། །སྣ་ཚོགས་དག་དང་སེང་གེའི་ཕྲེང་བ་དང༌། །གསེར་སྐུད་རབ་མཛེས་བསྐལ་པ་མཐའ་ཡས་འབྱུང༌། །འཇིག་རྟེན་སངས་རྒྱས་འགྱུར་ཞེས་མོས་བསྐྱེད་དེ། །བཅོམ་ལྡན་མཆོད་རྟེན་བ་དན་ཕུལ་བྱས་ན། །དེ་ནི་སྐྱེ་བོ་མང་པོའི་མཆོད་འོས་འགྱུར། །བྱང་ཆུབ་སྤྱོད་མཆོག་དམ་པ་ཞི་བ་སྤྱོད། །རྡུལ་བསལ་སེམས་ཅན་མཆོག་ལ་རྒྱལ་མཚན་ཕུལ། །རིང་པོར་མི་ཐོགས་ནོར་མང་རྙེད་པར་འགྱུར། །ཤེས་རབ་མཐའ་ཡས་མཛོད་ནི་མང་ལྡན་ཡང༌། །སེམས་ཆུང་མི་འགྱུར་དམན་པའི་སེམས་མི་འགྱུར། །དེ་ནི་གཞན་ལ་གནོད་པའི་སེམས་མི་སྐྱེད། །སེམས་ནི་རབ་དང་རྟག་ཏུ་བག་ཡོད་ལྡན།། དེ་ལ་མེ་དང་དུག་དང་མཚོན་མི་ཚུགས། །སྐྱེ་བོ་ཚོགས་ཆེན་གྱིས་ནི་བལྟ་བར་འགྱུར། །སངས་རྒྱས་མཆོད་རྟེན་མར་མེ་གཅིག་ཕུལ་ན། །འདི་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་བར། །སངས་རྒྱས་ཞིང་ནི་འཛམ་གླིང་གསེར་གྱིས་གང༌། །དེ་འདྲའི་དཔལ་དེ་ཟད་པར་བྱ་མི་ནུས། །བཅོམ་ལྡན་མཆོད་རྟེན་མར་མེ་ཕུལ་བྱས་ན། །དེ་ཡི་ལུས་ནི་མདོག་ངན་ཡོང་མི་འགྱུར། །གཟུགས་མཆོག་སྲ་ཞིང་ལག་པ་གཟུ་བ་འདྲ། །སྣང་བ་ཐོབ་ནས་འཇིག་རྟེན་ཀུན་དུ་རྒྱུ། །གལ་ཏེ་ཁྲག་ཁྲིག་བརྒྱ་སྟོང་སངས་རྒྱས་ཞིང༌། །ཡུངས་འབྲུ་དག་གིས་བྱུར་བུར་གང་གྱུར་པ། །བགྲང་བ་དང་ནི་གཞལ་ཞིང་བརྗོད་པར་ནུས། །བདེ་གཤེགས་མར་མེ་གཅིག་ཕུལ་དེ་ལྟ་མིན། །རྒྱན་གྱིས་བརྒྱན་པའི་གཟུགས་མཛེས་བལྟ་སྡུག་པ། །སུ་ཞིག་བཅོམ་ལྡན་མཆོད་རྟེན་འབུལ་བྱེད་པ། །དེ་འདིར་ལུས་ནི་མཚུངས་པ་མེད་འགྱུར་ཏེ། །གང་གིས་རྒྱལ་བའི་སྐུ་ནི་རབ་འབར་བ། །སུམ་ཅུ་


DTG111_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གཉིས་མཚན་གྱི་གོ་བགོས་འགྱུར། །ཁྱད་པར་འཕགས་པའི་གཟུགས་དང་གསེར་འདྲ་དང༌། །འཛམ་གླིང་གསེར་ལྟར་རབ་མཛེས་བལྟ་ན་སྡུག །མཚན་གྱི་མེ་ཏོག་རྒྱས་པས་མངོན་དུ་གང༌། །མངོན་པར་ཤེས་པ་འཐོབ་ཅིང་དབང་ཆེར་གྲགས། །བྱང་ཆུབ་སྤྱོད་མཆོག་དམ་པ་ཞི་བ་སྤྱོད། །དེ་ནི་ནམས་ཀྱང་ལོངས་སྤྱོད་འགྲིབ་མི་འགྱུར། །ལྷས་ཀྱང་བསྟི་སྟང་བྱ་ཞིང་མཆོད་པར་འོས། །བརྟན་པ་འདོད་པའི་ལོངས་སྤྱོད་གཞར་མི་དགའ། །ཚུལ་ཁྲིམས་རྣམ་དག་རབ་མཁས་ཚངས་པར་སྤྱོད། །ཡི་དམ་བཅས་ནས་ནགས་དང་ནགས་འདབ་སོང༌། །མངོན་ཤེས་འཐོབ་ཅིང་ཁྱད་པར་འཐོབ་པར་འགྱུར། །བཅོམ་ལྡན་མཆོད་རྟེན་རྣམས་ལ་གདུགས་འབུལ་བ། །ཇི་ལྟ་བུར་ཡང་བྱང་ཆུབ་སེམས་མི་འདོར། །བྱམས་ལ་གནས་ཤིང་མི་དམན་སེམས་སུ་འགྱུར། །དེ་ཡི་ཤེས་པ་རྣམས་ཀྱང་ཉམས་པ་མེད། །རོལ་མོ་སྒྲ་ཡིས་མི་མཆོག་མཆོད་བྱས་ན། །མྱ་ངན་མེད་ཅིང་དབང་ལྡན་རྒྱལ་པོར་འགྱུར། །མི་ཡི་འཇིག་རྟེན་ཡིད་འོང་སྒྲ་ལྡན་འགྱུར། །དེ་སྒྲ་ཡན་ལག་ཚང་ཞིང་དག་པར་འོང༌། །བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན། །ཤེས་བཞིན་ལྡན་ཞིང་མིག་ནི་རྣམ་དག་འགྱུར། །རྣ་བ་རྣམ་པར་དག་ཅིང་སེམས་ཀྱང་དག །སྣ་ཡི་དབང་པོ་མཆོག་དང་ལྡན་པར་འགྱུར། །དེ་ཡི་ལྕེ་ནི་རབ་མཛེས་བལྟ་ན་སྡུག །ཐོག་མར་རབ་མཉེན་མཛེས་ཤིང་སྒྲ་ཡིད་འོང༌། །དཔེར་ན་ལྷ་ཡི་རིན་ཆེན་བྱི་རུ་འདྲ། །སྒྲ་སྐད་ཡན་ལག་བྱེ་བ་དཔག་མེད་འབྱིན། །བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན། །ནམས་ཀྱང་སྦྲུལ་དུ་མི་འགྱུར་ལྕེ་མེད་མིན། །ཞར་བ་སྒུར་པོ་ཡ་ཡོ་ཅན་མི་འགྱུར། །ལུས་ནི་ཁྱད་པར་འཕགས་ཤིང་ཤིན་ཏུ་མཛེས། །བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན། །ལྷའམ་ཀླུའམ་མིའམ་ལྟོ་འཕྱེ་ཆེ། །སུ་ཡང་དེ་ལ་མ་དད་སྐྱེད་མི་འགྱུར། །དབུགས་ཕྱིན་ཐོབ་ནས་འཇིག་རྟེན་ཀུན་དུ་རྒྱུ། །བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་ཕྱགས། །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ། །ཡན་ལག་མ་སྨད་ཁྱད་འཕགས་ལུས་ཐོབ་ཅིང༌། །མཛེས་ལ་མཚན་གྱིས་གོ་ཆར་བྱས་པར་འགྱུར། །བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་ཕྱགས། །ལྷ་ཡི་ཙནྡན་ཁྱད་འཕགས་རབ་མཛེས་པའི། །གཞལ་མེད་ཁང་མཆོག་


DTG111_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་འོང་དྲི་ལྡན་འཐོབ། །དེ་ནི་དེ་ལ་ནམ་ཡང་སྲེད་མི་སྐྱེད། །རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན། །བཅོམ་ལྡན་འདས་ཀྱི་བསྟན་པ་འཇིག་འགྱུར་ཚེ། །འཛམ་བུའི་གླིང་དུ་སྐྱེ་བར་མི་འགྱུར་ཞིང༌། །དེ་ནི་དེ་ཚེ་མཐོ་རིས་བདག་པོར་འགྱུར། །རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན། །དྲི་མི་ཞིམ་དང་མི་གཙང་སྨད་པ་རྣམས། །རྟག་ཏུ་སྤོང་ཞིང་ཚུལ་ཁྲིམས་ཕུང་པོར་གནས། །དེ་ནི་རྟག་ཏུ་ཚངས་སྤྱོད་མཆོག་འདི་སྤྱོད། །རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན། །འདི་ནས་ཤི་འཕོས་མཐོ་རིས་ལྷ་དབང་འགྱུར། །རིང་པོར་མི་ཐོགས་དོན་སྟོང་རྣམས་ལ་རྟོག །ལྷ་རྣམས་ལ་ནི་རྒྱ་ཆེན་དོན་ཀྱང་བྱེད། །རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན། །ཁྱད་འཕགས་ཚིག་ལྡན་སྒྲ་དབྱངས་ཡིད་འོང་འགྱུར། །སྐྱེ་བོ་མང་པོའི་ཡིད་འོང་དགའ་ཞིང་བཀུར། །དེ་ཡི་ཁ་བཞིན་རྟག་ཏུ་གསལ་བར་འགྱུར། །རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན། །དེ་ནི་ངན་སོང་ས་རྣམས་མ་ལུས་སྤོང༌། །དེ་བཞིན་གཤེགས་དང་ཉེ་བ་འཐོབ་པར་འགྱུར། །དད་པ་ཐོབ་ཅིང་རྟག་ཏུ་བདེ་བ་དགའ། །བཅོམ་ལྡན་མཆོད་རྟེན་བ་རྒྱ་བསལ་བྱས་ན། །དེ་ནི་མི་ཁོམ་བརྒྱད་པོ་ཀུན་སྤོང་ཞིང༌། །དེ་ནི་དལ་འགྱུར་དེ་ནི་ཁྱད་པར་འཕགས། །དེ་ནི་སངས་རྒྱས་མཚུངས་མེད་མཆོད་པར་བྱེད། །བཅོམ་ལྡན་མཆོད་རྟེན་བ་རྒྱ་བསལ་བྱས་ན། །བག་ཡོད་བློ་གྲོས་བརྟན་ལ་དཔའ་བོར་འགྱུར། །འདོད་པའི་ཡོན་ཏན་དག་ལ་དགའ་མི་བསྐྱེད། །མི་དམན་སེམས་ཀྱིས་མངོན་པར་འབྱུང་བར་འགྱུར། །བཅོམ་ལྡན་མཆོད་རྟེན་བ་རྒྱ་བསལ་བྱས་ན། །དེ་ནི་ནམས་ཀྱང་བྱང་ཆུབ་སེམས་མི་འདོར། །ཚུལ་ཁྲིམས་སྐྱོན་མེད་ཤིན་ཏུ་བསྡམས་པར་འགྱུར། །རྣམ་དག་འདོད་ཆགས་བྲལ་བའི་ཆོས་ཀྱང་འཐོབ། །བཅོམ་ལྡན་མཆོད་རྟེན་བ་རྒྱ་བསལ་བྱས་ན། །དེ་ནི་མདོག་ངན་དུས་རྣམས་རྟག་ཏུ་སྤོང༌། །འཆལ་བའི་ཤེས་རབ་མ་ལུས་རྣམ་པར་སྤོང༌། །ཤེས་རབ་རྒྱ་ཆེན་གྱུར་ནས་སྤྱོད་ལ་གནས། །བཅོམ་ལྡན་མཆོད་རྟེན་བ་རྒྱ་བསལ་བྱས་ན། །ཁ་ཟས་གཙང་མ་དག་ཀྱང་རྙེད་འགྱུར་ཞིང༌། །ཁྱད་འཕགས་ཁ་དོག་ལྡན་ཞིང་བལྟ་སྡུག་པ། །རེག་དང་ལྡན་ཞིང་རབ་མཛེས་གོས་རྣམས་འཐོབ། །དད་པའི་ཤུགས་བསྐྱེད་བཅོམ་ལྡན་མཆོད་རྟེན་ལ། །མེ་ཏོག་


DTG111_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

སྐོམ་པོ་ཉལ་ཉིལ་ཕྱགས་བྱས་ན། །འདོད་པ་སྨད་པ་སྡུག་བསྔལ་བྱེ་བ་སྤོང༌། །སྟོབས་བཅུ་མངའ་བའི་དེད་དཔོན་མཉེས་པར་བྱེད། །མཆོད་རྟེན་མེ་ཏོག་རྙིང་པ་སུ་འཕྱག་པ། །དེ་ནི་མཛེས་ཤིང་རྣམ་དག་ལུས་སུ་འགྱུར། །སྐྱེ་བོ་མང་པོས་མཆོད་འོས་བལྟ་འོས་འགྱུར། །དེ་ལ་རྒྱལ་པོ་གནོད་པར་སེམས་མི་འགྱུར། །བཅོམ་ལྡན་མཆོད་རྟེན་དག་ལ་སྔ་རབས་མིས། །མེ་ཏོག་ཕུལ་བ་སྐམ་པོ་ཕྱགས་བྱས་ན། །ངན་སོང་ས་ཡི་ལམ་ངན་ཐམས་ཅད་གཅོད། །བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཕུང་པོར་གནས། །མཆོད་རྟེན་མེ་ཏོག་རྙིང་པ་སུ་འཕྱག་པ། །བག་ཡོད་མྱ་ངན་རྣམས་དང་སྐྱོན་རྣམས་སྤོང༌། །ནད་རྣམས་དུ་མ་མ་ལུས་རྣམ་པར་སྤོང༌། །བསྐལ་པ་མཐའ་ཡས་རྣམས་སུ་དབུགས་འབྱིན་འཐོབ། །མཆོད་རྟེན་མེ་ཏོག་རྙིང་པ་སུ་འཕྱག་པ། །སྦྱིན་གནས་མཚུངས་མེད་སེམས་རྒྱས་འཐོབ་པར་འོང༌། །མཚུངས་མེད་ཐོབ་ཅིང་ལྷ་མིས་མཆོད་འོས་འགྱུར། །རྣམ་དག་ལུས་ལྡན་རྒྱན་གྱིས་བརྒྱན་པར་འགྱུར། །ལྷ་ཡི་མེ་ཏོག་རབ་མཛེས་མནད་ར། །མཚུངས་མེད་པ་ཏ་ལ་ཡང་སུ་འབུལ་དང༌། །མཆོད་རྟེན་མེ་ཏོག་ཉལ་ཉིལ་སུ་འཕྱག་པ། །དེ་དག་རྣམ་སྨིན་འདྲ་སྟེ་མཆོག་ཏུ་འགྱུར། །འཇིག་རྟེན་སངས་རྒྱས་འགྱུར་བྱར་མོས་བསྐྱེད་དེ། །སྟོན་པའི་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ། །འཇིག་རྟེན་དག་ན་བླ་མར་བཀུར་སྟི་བྱ། །དེ་ནི་མཛེས་ཤིང་བལྟ་ན་སྡུག་པར་འགྱུར། །དེ་འདིར་རྒྱལ་སྲིད་ཐོབ་ནས་ལྷ་ཀླུ་མི། །ལྟོ་འཕྱེ་ཆེ་དང་འཇིག་རྟེན་ཐམས་ཅད་འདུད། །སྟོང་གི་འཇིག་རྟེན་ཁམས་ཀུན་རྒྱས་པར་འགྱུར། །དབང་ཕྱུག་ཉིད་དུ་དབང་ཐོབ་རྒྱལ་སྲིད་བསྟེན། །དེ་ཡི་ཡུལ་ལ་སེམས་ཅན་གང་གནས་པ། །དེ་ཀུན་སངས་རྒྱས་ཡེ་ཤེས་རྫོགས་པར་འགོད། །དེས་ནི་ངན་སོང་ས་ཡང་རྣམ་པར་སྤོང༌། །དེ་དག་རྣམས་ཀྱིས་དོན་མཆོག་དམ་པ་བྱེད། །བསོད་ནམས་བློ་གྲོས་དྲན་ལྡན་མཆོད་འོས་འགྱུར། །དབུགས་ཕྱིན་ཐོབ་ནས་འཇིག་རྟེན་ཀུན་དུ་རྒྱུ། །དེ་ཡི་གཡོག་འཁོར་ཡིད་འོང་སྒྲ་སྐད་ལྡན། །བསམ་པ་ཇི་བཞིན་དེ་དག་དགའ་བ་བསྐྱེད། །གསལ་སྙན་ངག་གིས་སེམས་ཅན་གོ་བར་བྱེད། །དེ་སྲོག་དབང་ཕྱུག་སུས་ཀྱང་ཕན་མི་བྱེད། །སྐྱེ་བོ་ཚོགས་ཆེན་དག་གིས་བལྟ་འོས་འགྱུར། །དེ་ཡི་གཡོག་ཀྱང་དབྱངས་


DTG111_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཡན་ལག་དག །སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ། །སྦྱིན་དང་སྙན་པར་སྨྲ་དང་དོན་སྤྱོད་དང༌། །དོན་མཐུན་པ་དག་སྐྱེ་བོ་མང་ལ་བྱེད། །སྤྱོས་ཤིང་བརྒྱད་ཀྱང་ཁྲོ་བའི་དངོས་མི་བསྐྱེད། །སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ། །མཐོ་རིས་འཇིག་རྟེན་གནས་ཤིང་ལྷ་དབང་འགྱུར། །མིར་གྱུར་ན་ཡང་མི་ཡི་རྒྱལ་པོ་འོས། །དེ་ནི་ནམ་ཡང་ཡོངས་སུ་ཉམས་མི་འགྱུར། །སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ། །དེ་ནི་ནམ་ཡང་ངན་སོང་ཕྱིས་མི་ལྟུང༌། །འཇིག་རྟེན་འདིར་དེ་རྟག་ཏུ་འདོད་པ་སྤོང༌། །ནོར་ཅན་ནང་ན་ཕྱུག་ཅིང་ནོར་མང་འགྱུར། །ཡོན་ཏན་ལྡན་ལ་ཚིག་གཅིག་སུ་སྨྲ་བ། །དེ་ནི་ནམ་ཡང་མི་རིགས་བསྔགས་མི་སྤྱོད། །མི་ཡི་འཇིག་རྟེན་གནས་མིན་སྤྱོད་མི་འགྱུར། །དེ་ལ་སེམས་ཅན་མི་ངོམས་དགའ་བར་འགྱུར། །ཞེས་གསུངས་སོ། །སྙིང་རྗེ་ཆེན་པོ་པད་མ་དཀར་པོའི་མདོ་ལས་ཀྱང༌། ཀུན་དགའ་བོ་ང་འདུག་པ་ལ་མངོན་སུམ་དུ་བསྟི་སྟོང་བྱེད་པ་དང་བླ་མར་བྱེད་པ་ནས་མཆོད་པར་བྱེད་པའི་བར་ལྟ་ཞོག །གང་ང་ཡོངས་སུ་མྱ་ངན་ལས་འདས་ནས་རིང་བསྲེལ་ཡུངས་འབྲུ་ཙམ་ལ་བསྟི་སྟོང་བྱེད་པ་ལྟ་ཡང་ཞོག །ངའི་ཕྱིར་མཆོད་རྟེན་བྱས་པ་ལ་གང་བསྟི་སྟོང་བྱེད་པ་ལྟ་ཡང་ཞོག་སྟེ། ཀུན་དགའ་བོ་གང་དག་ཁ་ཅིག་སངས་རྒྱས་ལ་དམིགས་ནས་ཐ་ན་སངས་རྒྱས་ལ་དམིགས་པའི་སེམས་ཀྱིས་མེ་ཏོག་གཅིག་ནམ་མཁའ་ལ་འདོར་ན། བསོད་ནམས་ཀྱི་ཕུང་པོ་དེའི་རྣམ་པར་སྨིན་པ་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་འབྲས་བུ་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་མྱ་ངན་ལས་འདས་པར་ང་སྨྲའོ། །ཀུན་དགའ་བོ་གང་དག་ཁ་ཅིག་སངས་རྒྱས་ལ་དམིགས་ནས་ཐ་ན་སངས་རྒྱས་ལ་དམིགས་པའི་སེམས་ཀྱིས་མེ་ཏོག་གཅིག་ནམ་མཁའ་ལ་འདོར་ན། དེའི་རྣམ་པར་སྨིན་པ་གང་ཡིན་པ་དེ་ནི། ཀུན་དགའ་བོ་གལ་ཏེ་སེམས་ཅན་འགའ་ཞིག་བསྐལ་པ་གཅིག་ཏུ་འཁོར་བ་ལ་འདི་ཇི་སྲིད་པར་ཀུན་དུ་བརྒྱུག་ཅིང་འཁོར་ཡང༌། འཁོར་བའི་སྔོན་གྱི་མཐའ་མི་ཤེས་པ་བཞིན་དུ་བསོད་ནམས་མངོན་པར་འདུ་བྱ་བའི་དགེ་བའི་རྩ་བ་མངོན་པར་འདུ་བྱས་པ་དེའི་མཐའ་དེ་ནི་བརྒྱ་བྱིན་ཉིད་རྣམས་ཀྱིས་རྙེད་པར་སླ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན།


DTG111_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགའ་བོ་འདི་ལྟར་སངས་རྒྱས་ལ་ཕུལ་བའི་ཡོན་ཏན་ནི་འཁོར་བ་ན་སྤྱོད་པའི་བདེ་བ་ཐམས་ཅད་ཀྱི་མཐས་གཏུགས་པར་སླ་བ་མ་ཡིན་ཏེ། གཞན་དུ་ན་དགེ་བའི་རྩ་བ་དེའི་འབྲས་བུ་མྱ་ངན་ལས་འདས་པ་ཉིད་འབྲས་བུ་ཡིན་པས་ཐ་མ་མྱ་ངན་ལས་འདའ་བར་ང་སྨྲའོ། །ཀུན་དགའ་བོ་གང་དག་ཁ་ཅིག་མངོན་དུ་བསྟི་སྟང་བྱེད་པ་ལྟ་ཡང་ཞོག །གང་ངའི་སྐུ་གདུང་དང་རིང་བསྲེལ་ཡུངས་འབྲུ་ཙམ་ལ་སྐུ་གདུང་གི་མཆོད་པ་བྱེད་པ་ལྟ་ཡང་ཞོག །གང་ངའི་ཕྱིར་མཆོད་རྟེན་བྱས་པ་རྣམས་ལ་བསྟི་སྟང་བྱེད་པ་ལྟ་ཡང་ཞོག །གང་སངས་རྒྱས་ལ་དམིགས་ནས་ཐ་ན་མེ་ཏོག་གཅིག་ནམ་མཁའ་ལ་འདོར་བ་ཡང་ལྟ་ཡང་ཞོག་སྟེ། ཀུན་དགའ་བོ་གལ་ཏེ་སེམས་ཅན་མྱ་ངན་ལས་འདས་པའི་སྐལ་པ་མེད་པ་ཞིག་གིས་སངས་རྒྱས་ལ་དམིགས་ནས་ཐ་ན་མེ་ཏོག་གཅིག་ནམ་མཁའ་ལ་འདོར་ན་ཡང་ཀུན་དགའ་བོ་དགེ་བའི་རྩ་བ་དེའི་འབྲས་བུ་དེ་ཡང་མྱ་ངན་ལས་འདས་པའི་འབྲས་བུ་ཡིན་ཏེ། མྱ་ངན་ལས་འདས་པས་ཀླས་པ་དང་མྱ་ངན་ལས་འདས་པའི་མཐས་གཏུགས་པར་ང་སྨྲའོ་ཞེས་གསུངས་སོ། །ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཆེན་པོ་ལས་ཀྱང༌། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་ཆོས་བརྒྱད་དང་ལྡན་ན། རྟག་ཏུ་རྒྱུན་མི་འཆད་པར་སངས་རྒྱས་དང་ཕྲད་པ་འཐོབ་པོ། །བརྒྱད་གང་ཞེ་ན། སེམས་ཅན་སངས་རྒྱས་ཀྱི་གཟུགས་ལ་ལྟ་བ་ཡང་དག་པར་འཛིན་དུ་འཇུག་པ་དང༌། དེ་བཞིན་གཤེགས་པ་ལ་རིམ་གྲོ་བྱེད་པ་དང༌། རྒྱུན་མི་འཆད་པར་དེ་བཞིན་གཤེགས་པའི་བསྔགས་པ་བརྗོད་པ་དང༌། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་པ་དང༌། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་ལ་བལྟ་བ་ཡང་དག་པར་འཛིན་དུ་འཇུག་པ་དང༌། སངས་རྒྱས་ཀྱི་ཞིང་གང་ན་དེ་བཞིན་གཤེགས་པའི་སྒྲ་གྲག་པའི་སངས་རྒྱས་ཀྱི་ཞིང་དེར་སྨོན་ལམ་འདེབས་པ་དང༌། རྒྱུན་ཞུམ་པ་མེད་པ་དང༌། རྒྱུན་རྒྱ་ཆེན་པོར་གྱུར་ནས་སངས་རྒྱས་ཀྱི་ཡེ་ཤེས་ཚོལ་བའོ་ཞེས་གསུངས་སོ། །བསོད་ནམས་འཕེལ་བར་འདོད་པ་ལ་སངས་རྒྱས་དང་འཕྲད་པ་ཅི་དགོས་ཤེ་ན། དེའི་མཐའ་ནི་ཐམས་ཅད་མཁྱེན་པ་མ་ཡིན་པས་མི་ཤེས་ཏེ། འཕགས་པ་སྡོང་པོ་བཀོད་པ་ལས་ཇི་སྐད་བསྔགས་པ་ལྟ་བུའོ། །


DTG111_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་བྱེ་བ་ཕྲག་བརྒྱར་ཡང༌། །སངས་རྒྱས་སྒྲ་ནི་རབ་བཀོད་ན། །ཐེ་ཚོམ་ཐམས་ཅད་གཅོད་པའི་མཆོག །མཐོང་བར་འགྱུར་བ་སྨོས་ཅི་དགོས། །ཆོས་ཀུན་རྟོགས་པར་ཐུགས་ཆུད་ཅིང༌། །འཇིག་རྟེན་གསུམ་གྱི་བསོད་ནམས་སྟེགས། །སེམས་ཅན་ཐམས་ཅད་རྣམ་སྦྱོང་བ། །འཇིག་རྟེན་སྒྲོན་མ་མཐོང་བ་ལེགས། །བསོད་ནམས་ཆེ་ལས་གྲུབ་པའི་ཞིང༌། །ཡེ་ཤེས་དཀྱིལ་འཁོར་རབ་ཤར་བ། །འཇིག་རྟེན་དཔག་མེད་སྣང་བར་མཛད། །བསོད་ནམས་ཕུང་པོ་རྣམ་པར་འཕེལ། །སྡུག་བསྔལ་དྲ་བ་གཅོད་མཛད་ཅིང༌། །ཡེ་ཤེས་ཕུང་པོ་སྦྱོང་བ་ཡི། །རྒྱལ་བ་གང་གིས་མཉེས་བྱས་པ། །དེ་དག་ངན་འགྲོའི་འཇིགས་པ་མེད། །རྐང་གཉིས་དམ་པ་མཐོང་ན་ནི། །སེམས་རྒྱ་ཆེན་པོ་སྐྱེ་འགྱུར་ཞིང༌། །ཤེས་རབ་སྟོབས་ནི་འོད་གསལ་བ། །གྲངས་མེད་པ་ཡང་སྐྱེ་བར་འགྱུར། །ཞེས་གསུངས་སོ། །ཡང་དེ་ཉིད་ལས། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བརྟན་ཞིང་ཐུགས་རྗེ་ཆེ་ལྡན་ལ། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། །དེ་བཞིན་གཤེགས་པ་རྣམས་ཀྱང་འབྱུང༌། དོན་ཀུན་བརྩོན་པའི་སངས་རྒྱས་ལ། །བསྐལ་པ་བྱེ་བ་ཕྲག་བརྒྱར་ཡང༌། །ལུས་ཅན་དག་ནི་ཐམས་ཅད་ཀྱིས། །ལན་དུ་ཕན་གདགས་ཇི་ལྟར་ནུས། །ངན་སོང་གསུམ་པོ་མི་བཟད་དུ། །བསྐལ་པ་བྱེ་བར་བསྲེག་བླ་ཡི། །ཆགས་པ་ཐམས་ཅད་རྣམ་བཟློག་པ། །སྟོན་པ་མི་མཐོང་དེ་ལྟ་མིན། །འཇིག་རྟེན་ཇི་སྙེད་ཐམས་ཅད་ཀྱི། །ངན་སོང་འགྲོ་བ་སོ་སོ་དེར། །ཤིན་ཏུ་ཡུན་རིང་གནས་བླ་ཡི། །སངས་རྒྱས་མི་ཐོས་དེ་ལྟ་མིན། །ཅི་ཡི་ཕྱིར་ན་ངན་སོང་དུ། །ཡུན་རིང་གནས་པར་འདོད་ཅེ་ན། །གང་ཕྱིར་རྒྱལ་བའི་དབང་པོ་དག །མཐོང་ན་ཡེ་ཤེས་འཕེལ་ཕྱིར་རོ། །འཇིག་རྟེན་དབང་ཕྱུག་རྒྱལ་མཐོང་ན། །སྡུག་བསྔལ་ཐམས་ཅད་རྒྱུན་ཆད་འགྱུར། །རྫོགས་པའི་སངས་རྒྱས་སྤྱོད་ཡུལ་གྱིས། །ཡེ་ཤེས་ལ་ཡང་འཇུག་པར་འགྱུར། །མི་མཆོག་སངས་རྒྱས་མཐོང་ན་ནི། །སྒྲིབ་པ་ཐམས་ཅད་ཟད་པར་འགྱུར། །གང་གིས་བྱང་ཆུབ་ཐོབ་འགྱུར་བའི། །བསོད་ནམས་དཔག་ཏུ་མེད་པ་འཕེལ། །ཞེས་གསུངས་སོ། །བསོད་ནམས་རབ་ཏུ་འཕེལ་བར་བྱ་བ་ལ་སངས་རྒྱས་དང་ཕྲད་པ་ནི་དེ་ལྟར་


DTG111_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་ཡོད་དོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གཟུགས་ཙམ་མཐོང་བ་ཡང་དེ་ཙམ་དུ་འབྲས་བུ་དཔག་ཏུ་མེད་ན། རང་གི་ངོ་བོ་མཐོང་བ་ལྟ་སྨོས་ཀྱང་ཅི་དགོས། དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་རང་སངས་རྒྱས་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་སངས་རྒྱས་རི་མོར་བྲིས་པའམ་གཟུགས་སུ་བྱས་པ་མཐོང་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་ན། ཐལ་མོ་སྦྱར་བའམ་མེ་ཏོག་གམ་བདུག་པའམ་སྤོས་སམ་མར་མེ་འབུལ་བ་ལྟ་ཅི་སྨོས་ཏེ། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་དོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང༌། བསོད་ནམས་སྤེལ་བའི་ཐབས་གསུངས་ཏེ། གང་དེ་བཞིན་གཤེགས་པའི་མཆོད་རྟེན་འཕྱག་པ་དེ་སྨོན་ལམ་རྣམ་པར་དག་པ་མཆོག་བཞི་འཐོབ་སྟེ། བཞི་གང་ཞེ་ན། གཟུགས་ལ་སྨོན་ལམ་རྣམ་པར་དག་པ་མཆོག་དང༌། མཉམ་པར་གཞག་པ་བརྟན་པ་ལ་སྨོན་ལམ་རྣམ་པར་དག་པ་མཆོག་དང༌། དེ་བཞིན་གཤེགས་པ་མཐོང་བ་ལ་སྨོན་ལམ་རྣམ་པར་དག་པ་མཆོག་དང༌། མཚན་ཕུན་སུམ་ཚོགས་པ་ལ་སྨོན་ལམ་རྣམ་པར་དག་པ་མཆོག་ཅེས་བྱ་བའོ། །ཡང་དེ་ཉིད་ལས། དེ་བཞིན་གཤེགས་པའི་མཆོད་རྟེན་རྣམས་ལ་མེ་ཏོག་འབུལ་བའམ་སྤོས་རིས་འདྲི་ན་མ་ཚང་བ་མེད་པ་བརྒྱད་འཐོབ་སྟེ། བརྒྱད་གང་ཞེ་ན། གཟུགས་མ་ཚང་བ་མེད་པར་འགྱུར་བ་དང༌། ལོངས་སྤྱོད་མ་ཚང་བ་མེད་པ་དང༌། གཡོག་འཁོར་མ་ཚང་བ་མེད་པ་དང༌། ཚུལ་ཁྲིམས་མ་ཚང་བ་མེད་པ་དང༌། ཏིང་ངེ་འཛིན་མ་ཚང་བ་མེད་པ་དང༌། ཐོས་པ་མ་ཚང་བ་མེད་པ་དང༌། ཤེས་རབ་མ་ཚང་བ་མེད་པ་དང༌། སྨོན་ལམ་མ་ཚང་བ་མེད་པ་ཞེས་གསུངས་སོ། །རིན་པོ་ཆེའི་ཕུང་པོའི་མདོ་ལས་ཀྱང༌། གང་དག་སྲིད་པ་གསུམ་དུ་གཏོགས་པའི་སེམས་ཅན་དེ་དག་ཐམས་ཅད་སོ་སོ་ནས་དེ་བཞིན་


DTG111_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་མཆོད་རྟེན་འཕང་དུ་འདི་ལྟ་སྟེ། རིའི་རྒྱལ་པོ་རི་རབ་ལྟ་བུ་བྱེད་ལ་དེ་དག་ལ་ཡང་སོ་སོ་ནས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་བསྟི་སྟང་བྱ་བ་ཐམས་ཅད་ཀྱིས་བསྟི་སྟང་བྱེད་པ་བས་བྱང་ཆུབ་སེམས་དཔའ་གང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བས་མེ་ཏོག་གཅིག་འདོར་ན། དེ་ནི་བསོད་ནམས་ཀྱི་ཕུང་པོ་སྔ་མ་བས་བསོད་ནམས་ཆེས་མང་དུ་བསྐྱེད་དོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་དག་ཡོད་པ་དེ་དག་ཐམས་ཅད་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་གྱུར་ལ། ཐམས་ཅད་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང་ལྡན་པར་གྱུར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་རེ་རེས་ཀྱང་མར་མེའི་སྣོད་རྒྱ་མཚོ་ཆེན་པོ་ཙམ་བྱས་ཏེ། རི་རབ་ཙམ་གྱི་མར་མེའི་སྙིང་པོས་མར་མེ་བུས་ལ། སོ་སོ་ནས་དེ་ལྟ་བུའི་མར་མེའི་མཆོད་པས་དེ་བཞིན་གཤེགས་པའི་མཆོད་རྟེན་རྣམས་ལ་མཆོད་པ་བས། བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་འབྱུང་བ་གང་གིས་མར་མེའི་སྙིང་པོ་འབྲུ་མར་གྱིས་བསྐུས་ཏེ་དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་དྲུང་དུ་འཛིན་ན། རས་འབྲུ་མར་གྱིས་བསྐུས་པའི་མར་མེ་འདི་ལ་སྔ་མའི་མར་མེ་ཕུལ་བ་དེས་བརྒྱའི་ཆར་ཡང་མི་ཕོད་པ་ནས་རྒྱུའི་བར་དུ་ཡང་མི་བཟོད་དོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་དག་གིས་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་ལ་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་ཕུ་དུད་བྱེད་པ་བས། བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་གང་གིས་བསོད་སྙོམས་བླངས་ཏེ། ལྷུང་བཟེད་དུ་ཆུད་པ་དེ་བཞིན་དག་དང་བགོ་བཤའ་བྱས་ཏེ་ཟན་དེ་ནི་དེ་བས་ཆེས་མང་ཞིང་ཆེས་རིན་ཆེའི། །གང་ཡང་རྒྱལ་པོ་ཆེན་པོ་དག་གིས་རི་རབ་ཙམ་གྱི་གོས་ཀྱི་ཕུང་པོ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཕུན་བ་བས། བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་གང་གིས་ཕྱི་རོལ་དུ་བྱུང་སྟེ། སངས་རྒྱས་ལ་སོགས་པ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་དགེ་སློང་གི་དགེ་འདུན་དང༌། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཆོས་གོས་གསུམ་ཕུལ་ན། དགེ་སློང་གི་ཆོས་གོས་བྱིན་པ་འདིས་གོས་སྦྱིན་པ་སྔ་མ་དེ་ཟིལ་གྱིས་ནོན་པར་


DTG111_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །ཡང་རྒྱལ་པོ་དེ་དག་རེ་རེས་འཛམ་བུའི་གླིང་ཐམས་ཅད་མེ་ཏོག་གིས་མཛེས་པར་བྱས་ཏེ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕུལ་བ་བས། བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་བྱུང་བ་གང་གིས་ཐ་ན་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་གཅིག་ཕུལ་ན་སྦྱིན་པ་འདི་ལ་སྦྱིན་པ་སྔ་མ་བས་དེས་བརྒྱའི་ཆར་ཡང་མི་ཕོད་པ་ནས་རྒྱུའི་བར་དུ་ཡང་མི་ཕོད་དོ་ཞེས་གསུངས་སོ། །མཐར་གྱིས་ཡང་དག་པར་འཕགས་པའི་ལེའུ་ལས་ཀྱང་བསྟན་ཏེ། ཕན་ཡོན་བཟང་པོ་བཞི་པོ་འདི་དག་མཐོང་ནས་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་མཆོད་པ་ལ་སྤྲོ་བར་འགྱུར་ཏེ། བཞི་གང་ཞེ་ན། བདག་གིས་སྦྱིན་གནས་ཀྱི་མཆོག་ལ་མཆོད་པ་བྱས་པར་འགྱུར་བ་དང༌། བདག་མཐོང་ནས་གཞན་དག་ཀྱང་དེ་བཞིན་དུ་སློབ་པར་འགྱུར་བ་དང༌། དེ་བཞིན་གཤེགས་པ་ལ་མཆོད་པས་བྱང་ཆུབ་ཀྱི་སེམས་བརྟན་པར་འགྱུར་བ་དང༌། མངོན་སུམ་དུ་མཐོང་བས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་དགེ་བའི་རྩ་བ་སོགས་པར་འགྱུར་བ་སྟེ། བཞི་པོ་འདི་དག་གོ་ཞེས་སོ། །འདི་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱེད་པ་བླ་ན་མེད་པ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཇི་སྐད་དུ། བློ་གྲོས་རྒྱ་མཚོ་གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱེད་པ་བླ་ན་མེད་པའོ། །གསུམ་གང་ཞེ་ན། གང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། གང་དམ་པའི་ཆོས་ཡོངས་སུ་འཛིན་པ་དང༌། གང་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་པའོ་ཞེས་གསུངས་པ་ལྟ་བུའོ། །འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་བསྟན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་ན་མངལ་གྱི་དྲི་མས་མི་གོས་པར་སྐྱེའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་གཟུགས་བྱེད་པ་དང༌། མཆོད་རྟེན་ཞིག་པ་འཆོས་པ་དང༌། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་སྤོས་ཀྱི་བྱུག་པ་འབུལ་བ་དང༌། དེ་བཞིན་གཤེགས་པའི་སྐུ་གཟུགས་དག་ལ་ཁྲུས་ཀྱི་སྤོས་ཆུ་འབུལ་བ་དང༌། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་ཕྱག་ངར་དང་སྐྱང་ནུལ་བྱ་བ་འབུལ་བ་དང༌། ཕ་མ་ལ་ལུས་ཀྱི་རིམ་གྲོ་བྱེད་པ་དང༌། མཁན་པོ་དང་སློབ་དཔོན་དག་ལ་ལུས་ཀྱི་རིམ་གྲོ་བྱེད་པ་དང༌།


DTG111_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ལུས་ཀྱི་རིམ་གྲོ་བྱེད་པ་དང༌། དེ་ཡང་ཟང་ཟིང་མེད་པའི་སེམས་ཀྱིས་ཏེ་ཟང་ཟིང་དང་བཅས་པས་མ་ཡིན་པ་དང༌། དགེ་བའི་རྩ་བ་དེ་ཡང་འདི་ལྟར། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་མངལ་གྱི་དྲི་མས་མ་གོས་པར་སྐྱེ་བར་གྱུར་ཅིག་ཅེས་ཡོངས་སུ་བསྔོ་ཞིང་དེ་ཡང་བསམ་པ་ཐག་པ་ནས་སེམས་པ་སྟེ། རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་གོ་ཞེས་བྱ་བའོ། །རྗེས་སུ་ཡི་རང་བའི་ཕན་ཡོན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་ཏེ། གང་ཐེག་པ་ལ་དང་པོ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་བསྐྱེད་པ་དེ་ལ་རྗེས་སུ་ཡི་རང་བར་བགྱིད། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱད་པ་རྣམས་ཀྱི་སེམས་བསྐྱེད་པ་དེ་ལ་རྗེས་སུ་ཡི་རང་བར་བགྱིད། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་རྣམས་ཀྱི་ཕྱིར་མི་ལྡོག་པའི་ཆོས་དེ་ཉིད་ལ་རྗེས་སུ་ཡི་རང་བར་བགྱིས་ན། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་ཅིག་བསྐྱེད་པར་འགྱུར། དེ་སྐད་ཅེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་སྲང་ཚད་ཀྱིས་གཞལ་བས་ཚད་གཟུང་བར་ནུས་ཀྱི། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་ཡི་རང་བའི་མདོ་ལས་སྐྱེས་པའི་སེམས་བསྐྱེད་པ་དེ་དག་གི་བསོད་ནམས་ནི་ཚད་གཟུང་བར་མི་ནུས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་གང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་ལ་རྗེས་སུ་ཡི་རང་བ་ལས་སྐྱེས་པའི་བསོད་ནམས་འདི་ལྟར་དཔག་ཏུ་མེད་དོ་ཞེས་བྱ་བ་མི་ཉན་པ་དང་མ་འཚལ་བ་དང་རྗེས་སུ་ཡི་རང་བར་མི་བགྱིད་པ་དང་མི་སེམས་པ་དེ་དག་ནི་བདུད་ཀྱིས་བྱིན་གྱིས་བརླབས་པ་ལགས་སོ། །སེམས་ཅན་དེ་དག་ནི་བདུད་ཀྱི་ཕྱོགས་སུ་འགྱུར་བ་ལགས་སོ། །


DTG111_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའི་ཐེག་པ་པའམ་རང་སངས་རྒྱས་ཀྱི་ཐེག་པ་པའམ་ཉན་ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་གིས་སེམས་བསྐྱེད་པ་ལ་རྗེས་སུ་ཡི་རང་བ་དེ་དག་གིས་མྱུར་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་པར་འགྱུར་གྱི་མི་མཉེས་པར་བྱེད་པར་མི་འགྱུར་རོ། །དེ་ལྟར་རྗེས་སུ་ཡི་རང་བའི་མདོ་ལས་སྐྱེས་པའི་སེམས་བསྐྱེད་པའི་དགེ་བའི་རྩ་བ་དེ་དག་གིས་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕུ་དུད་དུ་བྱ་བར་འགྱུར་བླ་མར་བྱ་བར་འགྱུར་རི་མོར་བྱ་བར་འགྱུར་མཆོད་པར་བྱ་བར་འགྱུར་རྗེད་པར་འགྱུར་གསོལ་བར་འགྱུར་རོ། །དེ་དག་ནི་ཡིད་དུ་མི་འོང་བའི་གཟུགས་རྣམས་མཐོང་བར་མི་འགྱུར་རོ། །དེ་དག་ནི་ཡིད་དུ་མི་འོང་བའི་སྒྲ་རྣམས་ཐོས་པར་མི་འགྱུར་རོ། །དེ་བཞིན་དུ་དྲི་དང་རོ་རྣམས་མ་ཡིན་ཞིང་རེག་བྱ་རྣམས་རེག་པར་མི་འགྱུར་རོ། །དེ་དག་ནི་ངན་སོང་དུ་སྐྱེ་བར་མི་འགྱུར་བར་ཤེས་པར་བྱའོ། །དེ་དག་ནི་མཐོ་རིས་སུ་སྐྱེ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་དེ་དག་གིས་སེམས་ཅན་གྲངས་མེད་པའི་དགེ་བའི་རྩ་བ་སེམས་ཅན་དེ་དག་ཐམས་ཅད་ལ་བདེ་བ་སྐྱེད་པ་དག་ལ་རྗེས་སུ་ཡི་རང་བའི་ཕྱིར་ཏེ། དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གྲངས་མེད་པ་དཔག་ཏུ་མེད་པ་དག་ཡོངས་སུ་མྱ་ངན་ལས་འདའ་བའི་བར་དུ་བྱེད་པར་འགྱུར་རོ་ཞེས་བྱ་བའོ། །ཡང་དེ་ཉིད་ལས། རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ན་སེམས་ཅན་གང་དག་ཡོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པར་གྱུར་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་ནས་ཀྱང་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་དམིགས་པའི་འདུ་ཤེས་ཀྱིས། བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་བས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་ཐབས་མཁས་པས་ཟིན་པ་གང་གིས། འདས་པ་དང་མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་


DTG111_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང༌། ཤེས་རབ་དང་རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང༌། རང་སངས་རྒྱས་ཀྱི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང༌། ཉན་ཐོས་ཀྱི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཐམས་ཅད་གཅིག་ཏུ་བསྡུས་ཏེ། བཟླུམས་ཤིང་གཞལ་ལ། མ་ལུས་པ་ལ་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བ་དང༌། གཙོ་བོ་དང་དམ་པ་དང་རབ་དང་ཕུལ་དང་གྱ་ནོམ་པ་དང་བླ་མ་དང་བླ་ན་མེད་པ་དང་བླ་མའི་བླ་མ་དང་མཉམ་པ་མེད་པ་དང༌། མི་མཉམ་པ་དང་མཉམ་པ་དང་དཔེ་ཟླ་མེད་པས་རྗེས་སུ་ཡི་རང་ལ་རྗེས་སུ་ཡི་རང་བའི་མོད་ལས་སྐྱེས་པའི་བསོད་ནམས་བྱ་བའི་དངོས་པོ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། རབ་འབྱོར་རྗེས་སུ་ཡི་རང་བའི་མོད་ལས་སྐྱེས་པའི་བསོད་ནམས་བྱ་བའི་དངོས་པོ་འདི་ལ། བྱང་ཆུབ་སེམས་དཔའ་དམིགས་པ་ཅན་གྱི་བསམ་གཏན་བཞིའི་བསོད་ནམས་མངོན་པར་འདུ་བྱེད་པ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་མི་བཟོད་དོ་ཞེས་གསུངས་སོ། །ཚུལ་འདི་ཉིད་ནི་ཡོངས་སུ་བསྔོ་བ་ལ་ཡང་གསུངས་སོ། །གསོལ་བ་གདབ་པའི་ཕན་ཡོན་ནི་དྲག་ཤུལ་ཅན་གྱིས་ཞུས་པ་ལས། ཆོས་ཡོངས་སུ་གཟུང་བར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་གཞལ་དུ་མེད་གྲངས་མེད་པ་རྣམས་སུ་ཚེ་ཡོངས་སུ་བསྒྱུར་རོ་ཞེས་གསུངས་སོ། །བསླབ་པ་ཀུན་ལས་བཏུས་པ་ལས་ཕྱག་འཚལ་བ་ལ་སོགས་པའི་ཕན་ཡོན་གྱི་ལེའུ་སྟེ་བཅུ་བདུན་པའོ། །བཟང་པོ་སྤྱོད་པ་ལ་སོགས་པའི་ཚུལ་ཁྲིམས་ཀྱིས་བསོད་ནམས་འཕེལ་བར་བཤད་ཟིན་ཏོ།། །།འདི་ཡང་འདིའི་རྒྱུ་གཞན་ཡིན་ཏེ། དད་པ་ལ་སོགས་པ་རྟག་ཏུ་བསྒོམ་པ་གང་ཡིན་པའོ། །དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། རྒྱལ་པོ་ཆེན་པོ་ཆོས་བཞི་པོ་འདི་དག་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཡོངས་སུ་མི་ཉམས་ཤིང་ཁྱད་པར་དུ་འགྲོ་བར་འགྱུར་བའོ། །བཞི་གང་ཞེ་ན། རྒྱལ་པོ་ཆེན་པོ་དད་པ་ནི་ཡོངས་


DTG111_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མི་ཉམས་ཤིང་ཁྱད་པར་དུ་འགྲོ་བར་འགྱུར་བའོ། །དད་པ་གང་ཞེ་ན། དད་པ་གང་གིས་འཕགས་པའི་དྲུང་དུ་ཉེ་བར་འགྲོ་བ་དང་མི་བྱ་བ་མི་བྱེད་པའོ། །རྒྱལ་པོ་ཆེན་པོ་གུས་པ་ནི་ཁྱད་པར་དུ་འགྲོ་བར་འགྱུར་བ་སྟེ། གུས་པ་གང་གིས་འཕགས་པ་རྣམས་ཀྱིས་ལེགས་པར་བཤད་པ་རྣམས་གུས་པར་ཉན་པ་དང་རྣ་བླགས་ཏེ་ཆོས་ཉན་པའོ། །རྒྱལ་པོ་ཆེན་པོ་ང་རྒྱལ་མེད་པ་ནི་ཁྱད་པར་དུ་འགྲོ་བར་འགྱུར་བ་སྟེ། ང་རྒྱལ་མེད་པ་གང་གིས་འཕགས་པ་རྣམས་ལ་མངོན་པར་འདུད་པ་དང་རབ་ཏུ་འདུད་པ་ལ་ཕྱག་འཚལ་བའོ། །རྒྱལ་པོ་ཆེན་པོ་བརྩོན་འགྲུས་ནི་ཁྱད་པར་དུ་འགྲོ་བར་འགྱུར་བ་སྟེ། བརྩོན་འགྲུས་གང་གིས་ལུས་ཡང་བ་དང་སེམས་ཡང་བ་འཐོབ་པ་དང་བྱ་བ་ཐམས་ཅད་ཀྱང་ཉམས་འོག་ཏུ་ཆུད་པར་བྱེད་པ་སྟེ། རྒྱལ་པོ་ཆེན་པོ་ཆོས་བཞི་པོ་འདི་དག་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཡོངས་སུ་མི་ཉམས་ཤིང་ཁྱད་པར་དུ་འགྲོ་བར་འགྱུར་བའོ་ཞེས་བྱ་བ་སྟེ། དད་པ་ལ་སོགས་པ་འདི་དག་ལ་རྟག་ཏུ་གོམས་པར་བྱའོ། །ཡང་ན་དད་པ་ལ་སོགས་པ་གཞན་དག་ལ་སྟེ། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཇི་སྐད་དུ། བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ལྔ་རྣམས་མི་ཟད་པ་སྟེ། དེ་ལ་དབང་པོ་ལྔ་གང་ཞེ་ན། གང་འདི་དད་པའི་དབང་པོ་དང༌། བཙོན་འགྲུས་ཀྱི་དབང་པོ་དང༌། དྲན་པའི་དབང་པོ་དང༌། ཏིང་ངེ་འཛིན་གྱི་དབང་པོ་དང༌། ཤེས་རབ་ཀྱི་དབང་པོའོ། །དེ་ལ་དད་པའི་དབང་པོ་གང་ཞེ་ན། དད་པ་གང་གིས་ཆོས་བཞི་ལ་དད་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། འཁོར་བ་ན་སྤྱོད་པའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་དད་པ་སྟེ། དེ་ལས་ཀྱི་རྣམ་པར་སྨིན་པ་ལ་སྟོན་པ་ཡིན། དགེ་བའམ་སྡིག་པའི་ལས་གང་དང་གང་བྱས་པ་དེ་དང་དེའི་རྣམ་པར་སྨིན་པ་མྱོང་བར་འགྱུར་རོ་སྙམ་སྟེ་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་དད་པ་སྟེ། སྤྱོད་པ་དེ་ལ་ཞུགས་ནས་ཀྱང་ཐེག་པ་གཞན་ལ་འདོད་པ་མི་བསྐྱེད་པ་དང༌། ཆོས་ཐམས་ཅད་ལ་དོན་དམ་པ་ངེས་པའི་དོན་ཟབ་མོ། རྟེན་ཅིང་འབྲེལ་བར་འབྱུང་བ་བདག་མེད་པ་སེམས་ཅན་མེད་པ་སྲོག་མེད་པ་གསོ་བ་མེད་པ་གང་ཟག་མེད་པར་རྣམ་པར་


DTG111_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་པ་དང༌། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་མཚན་ཉིད་དུ་དད་པ་སྟེ། ལྟ་བར་གྱུར་པ་ཐམས་ཅད་བག་ལ་ཉལ་བར་མི་བྱེད་པ་དང༌། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དད་པ་སྟེ། དད་པའི་ཕྱིར་ཐེ་ཚོམ་དང་ནེམ་ནུར་དང་བྲལ་བས་སངས་རྒྱས་ཀྱི་ཆོས་དེ་དག་ཡང་དག་པར་སྒྲུབ་པ་སྟེ་འདི་ནི་དད་པའི་དབང་པོ་ཞེས་བྱའོ། །དེ་ལ་བརྩོན་འགྲུས་ཀྱི་དབང་པོ་གང་ཞེ་ན། ཆོས་གང་ལ་དད་པའི་དབང་པོས་དད་པར་འགྱུར་བའི་ཆོས་དེ་དག་བརྩོན་འགྲུས་ཀྱི་དབང་པོས་ཡང་དག་པར་སྒྲུབ་པ་སྟེ། འདི་ནི་བརྩོན་འགྲུས་ཀྱི་དབང་པོ་ཞེས་བྱའོ། །དེ་ལ་དྲན་པའི་དབང་པོ་གང་ཞེ་ན། ཆོས་གང་བརྩོན་འགྲུས་ཀྱི་དབང་པོས་ཡང་དག་པར་བསྒྲུབ་པའི་ཆོས་དེ་དག་དྲན་པའི་དབང་པོས་ཆུད་མི་གསོན་ཏེ། འདི་ནི་དྲན་པའི་དབང་པོ་ཞེས་བྱའོ། །དེ་ལ་ཏིང་ངེ་འཛིན་གྱི་དབང་པོ་གང་ཞེ་ན། དྲན་པའི་དབང་པོས་ཆོས་གང་ཆུད་མི་གསོན་པའི་ཆོས་དེ་དག་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱེད་དེ། འདི་ནི་ཏིང་ངེ་འཛིན་གྱི་དབང་པོ་ཞེས་བྱའོ། །དེ་ལ་ཤེས་རབ་ཀྱི་དབང་པོ་གང་ཞེ་ན། ཆོས་གང་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱས་པའི་ཆོས་དེ་དག་ཤེས་རབ་ཀྱི་དབང་པོས་རབ་ཏུ་རྟོག་ཅིང་ཤིན་ཏུ་རྟོག་པར་བྱེད་དེ། གང་ཆོས་དེ་དང་དེ་དག་ལ་གཞན་གྱི་དྲིང་མི་འཇོག་པར་ཤེས་ཤིང་སོ་སོར་རང་གིས་ཤེས་པ་འདི་ནི་ཤེས་རབ་ཀྱི་དབང་པོ་ཞེས་བྱའོ། །དེ་ལྟར་ན་དབང་པོ་ལྔ་པོ་འདི་དག་ནི་ལྷན་ཅིག་ཏུ་འགྲོགས་ཤིང་རྗེས་སུ་འབྲེལ་བ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །ལུང་བསྟན་པའི་སར་ཡང་གཞོག་གོ་ཞེས་གསུངས་པ་བཞིན་ནོ། །དད་པ་ལ་སོགས་པའི་སྟོབས་རྣམས་ལ་ཡང་རྟག་ཏུ་གོམས་པར་བྱ་སྟེ། འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་ལས་ཇི་སྐད་དུ། རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་སྟོབས་ཀྱི་སྤྱོད་པ་ཡོངས་སུ་དག་པ་གང་ཞེ་ན། གང་དབང་པོ་དེ་དག་གིས་ཉེ་བར་བསྟན་ནས་བདུད་ཐམས་ཅད་ཀྱིས་མི་བརྫི་བར་འགྱུར་བ་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་གཉིས་ཀྱིས་མི་འཕྲོགས་པར་འགྱུར་བ་དང༌། ཐེག་པ་ཆེན་པོ་འདི་ལས་ཕྱིར་མི་ལྡོག་པར་འགྱུར་བ་དང༌། ཉོན་མོངས་པ་ཐམས་ཅད་ཀྱིས་མི་


DTG111_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཐུལ་བར་འགྱུར་བ་དང༌། སྔོན་གྱི་དམ་བཅས་པ་ལ་བརྟན་པར་འགྱུར་བ་དང༌། སེམས་ཀྱི་སྟོབས་ཤིན་ཏུ་བརྟན་པར་འགྱུར་བ་དང༌། ལུས་ཀྱི་སྟོབས་དང་ལྡན་པར་འགྱུར་བ་དང༌། དབང་པོ་རྣམས་སྦེད་པར་འགྱུར་བ་དང༌། དགྲ་རྣམས་ཀྱིས་མི་ཚུགས་པར་འགྱུར་བ་དང༌། ཕྱིར་རྒོལ་བ་ཐམས་ཅད་ཀྱིས་མི་བསྐྱོད་པར་འགྱུར་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ། །དེ་ལྟར། །རེ་ཞིག་བསོད་ནམས་སྤེལ་བའི་ཕྱིར། །དད་པ་ལ་སོགས་རྟག་ཏུ་བསྒོམ། །གཞན་ཡང་བྱམས་དང་ཞེས་བྱ་བ་ནི། ཟླ་བའི་སྒྲོན་མའི་མདོ་ལས་ཇི་སྐད་དུ། །བྱེ་བ་ཁྲག་ཁྲིག་དཀྲིགས་པའི་ཞིང་དག་ན། །མཆོད་པ་རྣམ་མང་དཔག་མེད་ཇི་སྙེད་པ། །སྐྱེས་མཆོག་རྣམས་ལ་དེ་ཡིས་རྟག་མཆོད་པས། །བྱམས་པའི་སེམས་ཀྱི་གྲངས་དང་ཆར་མི་ཕོད། །ཅེས་གསུངས་པ་ལྟ་བུའོ། །གཞན་ཡང་སངས་རྒྱས་སྩོགས་དྲན་བྱ། །སངས་རྒྱས་ལ་སོགས་པ་རྗེས་སུ་དྲན་པ་དེ་ཡང་གང་ཞེ་ན། འཕགས་ཕ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས་བསྔགས་པ་སྟེ། མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་ལོ།། རྒྱལ་བའི་དབུ་སྐྲ་འཇམ་མཛེས་སྣུམ་ཞིང་བཟང༌། །ཁྱོད་ཀྱི་གཙུག་ཏོར་འདི་ན་རི་རྒྱལ་བཞིན། །གཙུག་ཏོར་མི་མཐོང་ཁྱོད་དང་མཚུངས་མ་མཆིས། །ཐུབ་པ་ཁྱོད་ཀྱི་སྨིན་མཚམས་མཛོད་སྤུས་མཛེས། །ཀུན་ད་ཟླ་བ་ཁ་བ་དུང་ལྟར་དཀར། །ཐུགས་རྗེ་གང་གིས་འགྲོ་བ་འདི་གཟིགས་པ། །སྤྱན་མཆོག་བཟང་པོ་ཨུཏྤལ་སྔོན་པོ་འདྲ། །རྒྱལ་བ་དྲི་མེད་སྤྱན་ལ་ཕྱག་འཚལ་ལོ། །ལྗགས་ཡངས་སྲབ་ལ་ཟངས་ཀྱི་མདོག་འདྲ་བ། །དེ་ཡིས་རང་གི་ཞལ་གྱི་གདོང་ཡང་ཁེབས། །ཆོས་གསུངས་པས་ནི་འགྲོ་བ་འདུལ་བར་བགྱི། །འཇམ་སྣམ་གསུང་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །ཚེམས་བཟངས་ཤིན་ཏུ་བརྟན་པ་རྡོ་རྗེ་འདྲ། །བཅུ་དང་སུམ་ཅུ་སྙོམས་ཤིང་ཐགས་བཟང་བ། །འཛུམ་པ་མཛད་ནས་འགྲོ་བ་འདུལ་བར་བགྱིད། །བདེན་གཏམ་སྙན་པ་ཁྱོད་ལ་ཕྱག་འཚལ་ལོ། །རྒྱལ་བ་ཁྱོད་ཀྱི་གཟུགས་དང་མཚུངས་མ་མཆིས། །འོད་ཀྱིས་


DTG111_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བརྒྱ་དག་ཀྱང་སྣང་བར་བགྱིད། །འཇིག་རྟེན་ན་ནི་ཚངས་དབང་སྐྱོང་དེ་དག །བཅོམ་ལྡན་ཁྱོད་ཀྱི་འོད་ཀྱིས་ཟིལ་དུ་བརླག །ཨེ་ནའི་བྱིན་པ་མཉམ་མེད་བཅོམ་ལྡན་འདས། །གླང་པོའི་རྒྱལ་པོ་རྨ་བྱ་སེང་གེའི་སྟབས། །བཅོམ་ལྡན་གཉའ་ཤིང་གང་དུ་གཟིགས་ཤིང་གཤེགས། །ས་དང་རི་དང་ངམ་པ་གཡོ་བར་མཛད། །བཅོམ་ལྡན་འདས་སྐུ་མཚན་གྱིས་བརྒྱན་པ་སྟེ། །ཁྱོད་ཀྱི་པགས་པ་འཇམ་ཞིང་གསེར་མདོག་འདྲ། །འགྲོ་བ་གཟུགས་འདི་ལྟ་བས་ངོམས་མི་འགྱུར། །ཁྱོད་ནི་མཚུངས་པ་མ་མཆིས་གཟུགས་དང་ལྡན། །ཁྱོད་སྔོན་བསྐལ་པ་བརྒྱར་ནི་དཀའ་ཐུབ་སྤྱད། །ཁྱོད་གཏོང་དུལ་དང་སྦྱིན་པ་ཀུན་ལ་དགྱེས། །སེམས་ཅན་ཀུན་ལ་ཐུགས་རྗེ་བྱམས་ཐུགས་ལྡན། །མཆོག་ཏུ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ཁྱོད་ནི་སྦྱིན་དང་ཚུལ་ཁྲིམས་རྟག་ཏུ་དགྱེས། །ཁྱོད་ནི་བཟོད་དང་བརྩོན་འགྲུས་དགེས་རབ་བརྟན། །ཁྱོད་ནི་བསམ་གཏན་ཤེས་རབ་འོད་གཟིགས་མངའ། །མཚུངས་མེད་ཡེ་ཤེས་མངའ་ལ་ཕྱག་འཚལ་ལོ། །ཁྱོད་ནི་སྨྲ་བ་ངན་པའི་ཚོགས་ཅན་འཇོམས། །ཁྱོད་ནི་སེང་གེ་ལྟ་བུར་འཁོར་དུ་སྒྲོགས། །ཁྱོད་ནི་སྨན་པའི་རྒྱལ་པོ་དྲི་གསུམ་སེལ། །མཆོག་ཏུ་དགའ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཐུབ་པ་སྐུ་གསུང་ཐུགས་ནི་རྣམ་པར་དག །པད་མ་ཆུ་ལྟར་སྲིད་པ་གསུམ་མི་གོས། །ཁྱོད་ནི་ཚངས་དབྱངས་ཀ་ལ་པིང་ཀའི་སྐད། །སྲིད་གསུམ་ཕ་རོལ་གཤེགས་ལ་ཕྱག་འཚལ་ལོ། །ཁྱོད་ཀྱིས་འགྲོ་འདི་སྒྱུ་མ་ལྟ་བུ་དང༌། །གར་ལ་ལྟ་དང་རྨི་ལམ་འདྲ་བ་དང༌། །བདག་མེད་སེམས་ཅན་མེད་ཅིང་སྲོག་འགྲོ་མེད། །ཆོས་རྣམས་སྨིག་རྒྱུ་ཆུ་ཟླ་འདྲ་བར་མཁྱེན། །སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མ་ཤེས་པས་ན་འགྲོ་བ་འཁྱམས་འགྱུར་ཏེ། །ཐུགས་རྗེ་ཐབས་ཚུལ་རིག་པ་བརྒྱ་དག་གིས། །དེ་དག་རྣམས་ནི་འཛུད་པར་མཛད་པ་ལགས། །འདོད་ཆགས་ལ་སོགས་ནད་མང་བརྒྱ་དག་གིས། །སྐྲག་པར་འགྱུར་བའི་འགྲོ་ལ་རྟག་གཟིགས་ཏེ། །བདེ་གཤེགས་སེམས་ཅན་བརྒྱ་དག་ཡོངས་འགྲེལ་ཅིང༌། །ཟླ་མེད་དམན་པ་ལྟ་བུ་རྣམ་པར་རྒྱུ། །སྐྱེ་དང་རྒ་དང་འཆི་དང་མྱ་ངན་ནོན། །སྡུག་དང་བྲལ་དང་སྨྲེ་སྔགས་འདོན་པ་བརྒྱས། །རྟག་ཏུ་ན་བའི་འགྲོ་བ་གཟིགས་ནས་ནི། །ཐུབ་པ་


DTG111_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེས་ཡོངས་སུ་འགྲེལ་ཞིང་རྒྱུ། །དུད་འགྲོ་ཡི་དགས་དམྱལ་བའི་འགྲོ་རྣམས་སུ། །འགྲོ་ཀུན་ཤིང་རྟའི་འཕང་ལོ་བཞིན་དུ་འཁོར། །གླེན་པ་དམིགས་བུ་མ་མཆིས་མགོན་མ་མཆིས། །དེ་ལ་ལམ་གྱི་དམ་པ་སྟོན་མཛད་པ། གཙོ་བོ་མཚུངས་པ་མེད་པས་གང་བསྟན་ལ། །འཕགས་ལམ་དེ་ཉིད་གང་དག་སྔོན་ཆད་ཀྱི། །ཆོས་ཀྱི་དབང་ཕྱུག་འགྲོ་བའི་དོན་མཛད་པ། །རྒྱལ་བ་དེ་དག་རྣམས་ཀྱིས་རབ་ཏུ་གསུངས། །འཇམ་ཞིང་མཉེན་ལ་ཡིད་དུ་འོང་བའི་མཆོག །ཚངས་ལས་ལྷག་པར་མཆོག་ཏུ་དགའ་བགྱིད་པ། །དྲི་ཟ་མི་ཅི་ལྷ་ཡི་བུ་མོ་མཆོག །སྒྲ་དེ་ཟིལ་གྱིས་མནན་ནས་གསུང་པ་མཛད། །བདེན་དང་དྲང་བ་མི་ཟད་ཐབས་ཚུལ་གྱིས། །ཡོངས་སྦྱངས་ཡོན་ཏན་མཐའ་ཡས་ལྡན་པའི་གསུང༌། །དེ་ཐོས་སེམས་ཅན་ཁྲག་ཁྲིག་ཕྲག་བརྒྱ་དག །ཐེག་པ་གསུམ་གྱིས་ཞི་བར་མཆི་བར་བགྱིད། །ཁྱོད་ལ་མཆོད་པས་ལྷ་ཡི་བདེ་བ་ནི། །རྣམ་པ་མང་དང་དེ་བཞིན་མི་ཡིས་འཐོབ། །མི་ཡི་བདག་པོ་འགྲོ་ལ་ཕན་བགྱིད་པ། །ཕྱུག་ཅིང་ནོར་ཆེ་འབྱོར་བ་ཆེན་པོར་འགྱུར། །མཚུངས་མེད་ཁྱོད་ལ་དད་པ་བསྐྱེད་པ་ནི། །གླིང་བཞི་བདག་པོ་འཁོར་ལོས་སྒྱུར་བ་མཆོག །འགྲོ་ལ་དགེ་བ་བཅུ་པོ་ཀུན་འབྱེད་པ། །རིན་ཆེན་རབ་བཟངས་བདུན་ལྡན་ཐོབ་པར་འགྱུར། །རྒྱལ་བ་ཁྱོད་ལ་མཆོད་པ་བགྱིས་པས་ནི། །ཚངས་པ་བརྒྱ་བྱིན་འཇིག་རྟེན་བདག་པོ་དང༌། །ཡོངས་སུ་དགའ་ལྡན་ལྷ་ཡི་བདག་པོ་དང༌། །གཞན་འཕྲུལ་བ་དང་འཐབ་བྲལ་རབ་དགར་འགྱུར། །འགྲོ་བའི་སྡུག་བསྔལ་རྣམ་མང་སེལ་མཛད་པ། །མཉམ་མེད་ཁྱོད་ལ་མཆོད་དང་མཐོང་བ་དང༌། །ཐོས་པའང་དེ་ལྟར་འབྲས་བུ་མཆིས་ལགས་ཏེ། །གནས་མཆོག་རྒ་ཤི་མེད་པ་འཐོབ་པར་འགྱུར། །བཅོམ་ལྡན་ལམ་ལ་མཁས་ཤིང་ལམ་མཁྱེན་པ། །འཇིག་རྟེན་འདི་ནི་ངན་པའི་ལམ་ལས་ཟློག །བཅོམ་ལྡན་འགྲོ་བ་དག་ནི་འཕགས་པའི་ལམ། །བདེ་བ་ཞི་བ་རྡུལ་དང་བྲལ་ལ་འགོད། །བསོད་ནམས་གཏེར་ཁྱོད་བསོད་ནམས་དོན་གཉེར་བའི། །བསོད་ནམས་བགྱི་བ་རྟག་ཏུ་མི་བས་ཏེ། །བྱང་ཆུབ་དམ་པ་མ་ཐོབ་བར་དུ་ནི། །བསྐལ་པ་བྱེ་བ་མང་པོར་བས་མི་འགྱུར། །གཞན་འཕྲུལ་འདྲ་བ་རྟག་ཏུ་དགའ་བགྱིད་པ། །ཡོངས་སུ་


DTG111_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཅིང་མཛེས་པ་ཐོབ་པར་འགྱུར། །དམ་པའི་ཞིང་དུ་ལུས་དང་ངག་ཡིད་ཀྱིས། །སེམས་ཅན་དག་ནི་རྣམ་པར་དག་པར་འགྱུར། །རྒྱལ་བ་མཆོད་པའི་མི་ཡིས་འདི་ལ་སོགས། །ཡོན་ཏན་རྣམ་པ་དུ་མ་ཐོབ་པར་འགྱུར། །མཐོ་རིས་ཐར་པ་མི་ཡི་བདེ་བ་དང༌། །འགྲོ་བ་ཀུན་གྱི་བསོད་ནམས་གཏེར་ཐོབ་འགྱུར། །ཁྱོད་ཀྱི་བརྗོད་དང་གྲགས་པ་རྒྱ་ཆེན་པོ། །ཕྱོགས་རྣམས་ཀུན་གྱི་ཞིང་མང་བརྒྱར་ཡང་མཆིས། །རྒྱལ་བ་ཁྱོད་ཀྱི་བསྔགས་པའི་ཕྲེང་བ་ནི། །བདེ་བར་གཤེགས་རྣམས་འཁོར་དུ་རྟག་པར་སྒྲོགས། །རིམས་ནད་བྲལ་ཞིང་འགྲོ་བ་ཐར་མཛད་པ།། མཐོང་ན་དགའ་བ་ཐུགས་རྗེ་མཆོག་ལྡན་པ། །བཅོམ་ལྡན་དབང་པོ་ཞི་བ་ཞི་དགེས་པ། །མི་མཆོག་དམ་པ་ཁྱོད་ལ་ཕྱག་འཚལ་ལོ། །བདག་གིས་རྒྱལ་བ་ཁྱོད་ཀྱི་གསུང་ཐོས་ནས། །མངོན་པར་ཤེས་པ་ལྔ་ཐོབ་མཁའ་ལ་གནས། །དཔའ་བོ་བདེ་གཤེགས་མཚུངས་པར་བདག་གྱུར་ཏེ། །དྲི་མེད་ཆོས་ནི་འགྲོ་ལ་རྣམ་པར་དབྱེ། །ལྷ་དང་མི་དང་ཀླུས་མཆོད་བདེ་བར་གཤེགས། །ཡོན་ཏན་ཀུན་གྱི་མཐར་ཕྱིན་དེང་བསྟོད་པས། །བསོད་ནམས་རྒྱ་ཆེན་གང་བསྒྲུབས་གྱུར་པ་འདིས། །འགྲོ་བ་སངས་རྒྱས་གོ་འཕང་ཐོབ་པར་ཤོག །ཅེས་བྱའོ། །ཡང་ན་ཆོས་ཡང་དག་པར་སྡུད་པའི་མདོ་ལས་གསུངས་པ་སྟེ། གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་མངའ་བ། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོའི་སྤྱོད་ཡུལ་ཅན། །སེམས་ཅན་གྱི་ཕུང་པོ་ཆེན་པོའི་སྐྱབས་སུ་གྱུར་པ། མགོན་དུ་གྱུར་པ། སྨན་པ་ཆེན་པོ་ཟུག་རྡུ་འབྱིན་པ། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ། རྟག་ཏུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་པ། འཁོར་བ་དང་མྱ་ངན་ལས་འདས་པ་ལས་རྣམ་པར་གྲོལ་བ་ནས། སེམས་ཅན་ཐམས་ཅད་ཀྱི་ཕ་མ་ལྟ་བུར་གྱུར་པ་དགྲ་ཟིན་ལ་སེམས་སྙོམས་པའི་བར་དུའོ། །དེ་བཞིན་དུ་སྦྱར་ཏེ། འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་པ། འཇིག་རྟེན་ཐམས་ཅད་ཀྱི་སྣང་བར་གྱུར་བ། རྣལ་འབྱོར་ཆེན་པོ་ལ་རྣལ་འབྱོར་པ། བསམ་གཏན་ཆེན་པོའི་སྤྱོད་ཡུལ་བ། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ། བདག་ཉིད་ཆེན་པོ། །སྐྱེ་བོ་ཆེན་པོའི་ཞམ་འབྲིང་བ་དང་ལྡན་པ། སྐྱེ་བོ་ཁྱད་


DTG111_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཅན་གྱི་ཞམ་འབྲིང་བ་དང་ལྡན་པ། ལྟ་བ་དང་ཉན་པ་དང་བརྟེན་པ་དང་བསྙེན་བཀུར་བྱེད་པ་མི་ཟློགས་པ། བདག་བདེ་བ་ལ་མི་ལྟ་བ། གཞན་གྱི་སྡུག་བསྔལ་ཞི་བར་བྱེད་པ་ལ་དགྱེས་པ། ཆོས་ལ་གཞོལ་བ། ཆོས་ཀྱི་ནོར་ཅན། ཆོས་ཀྱི་ཟས་ཅན། ཆོས་ཀྱི་སྨན་ཅན། ཆོས་ཀྱི་གཏེར་ཆེན། ཆོས་ཀྱི་དབང་ཕྱུག །ཆོས་ཀྱི་བདག་པོ། ཆོས་ཀྱི་སྦྱིན་བདག །རྟག་ཏུ་གཏོང་བ་ལ་མངོན་པར་དགྱེས་པ། རྟག་ཏུ་བག་ཡོད་པ། རྟག་ཏུ་དབེན་པ་ལ་མངོན་པར་དགྱེས་པ། ཐམས་ཅད་དུ་སྟེགས་དང་ཟམ་པར་གྱུར་པ། རྒྱལ་པོའི་ལམ་ཆེན་པོ་དང་འདྲ་བ། ཉི་མ་ཆེན་པོ་དང་འདྲ་བ། ཚངས་པ་ཆེན་པོ་དང་འདྲ་བ། ཡེ་ཤེས་ཆེན་པོའི་རྡོ་རྗེ་འཆང་བ། ཆོས་ཆེན་པོས་དབུགས་འབྱིན་པ། གཟུགས་ལྟ་བས་མི་ངོམས་པ་མཐོང་བས་མི་ངོམས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་དེ་ལྟར་རྗེས་སུ་དྲན་ནོ། །དེ་དག་དེ་ལྟར་རྗེས་སུ་དྲན་པས་དེ་དག་གི་ཡོན་ཏན་ཡོངས་སུ་སྒྲུབ་པའི་ཕྱིར་སྦྱོར་རོ། །དྲན་པ་ཉེ་བར་འཇོག་གོ །བརྩོན་འགྲུས་རྩོམ་མོ། །དེའི་ཕྱིར་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་རྗེས་སུ་དྲན་པ་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །འདི་ཉིད་ལས་ཆོས་རྗེས་སུ་དྲན་པ་གསུངས་པ། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ནི་ཡོན་ཏན་མཐའ་ཡས་མུ་མེད་པ་སྟེ། དེ་དག་ནི་ཆོས་ལས་སྐྱེས་པ། ཆོས་ཀྱི་བགོ་སྐལ་ལ་སྤྱོད་པ། ཆོས་ཀྱིས་སྤྲུལ་པ། ཆོས་བདག་པོར་གྱུར་པ། ཆོས་ལས་བྱུང་བ། ཆོས་ཀྱི་སྤྱོད་ཡུལ། ཆོས་ལ་བརྟེན་པ། ཆོས་ཀྱིས་གྲུབ་པ་སྟེ། གང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་དང་དཔེ་བྱད་བཟང་པོ་དེ་དག་ཀྱང༌། ཆོས་ལས་སྐྱེས་པ། ཆོས་ལས་རྙེད་པ་ཆོས་ཀྱིས་གྲུབ་པའོ། །གང་དེ་བཞིན་གཤེགས་པ་རྣམས་ཀྱི། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་བཞི་པོ་དེ་དག་ཀྱང་ཆོས་ལས་སྐྱེས་པ་ཆོས་ལས་རྙེད་པ་ཆོས་ཀྱིས་གྲུབ་པའོ། །གང་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་པོ་དེ་དག་ཀྱང་ཆོས་ལས་སྐྱེས་པ་ཆོས་ལས་རྙེད་པ་ཆོས་ཀྱིས་གྲུབ་པའོ། །གང་འཇིག་རྟེན་པ་དང་


DTG111_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ལས་འདས་པའི་བདེ་བའི་ཡོ་བྱད་དེ་དག་ཀྱང་ཆོས་ལས་སྐྱེས་པ་ཆོས་ལས་རྙེད་པ་ཆོས་ཀྱིས་གྲུབ་པའོ། །དེ་བས་ན་བདག་སངས་རྒྱས་ཀྱི་བྱང་ཆུབ་ཚོལ་བས་ཆོས་གཙོ་བོར་བྱའོ། །ཆོས་སྤྱོད་ཡུལ་བ་དང༌། ཆོས་ལ་བརྟེན་པ་དང༌། ཆོས་ལ་གཞོལ་བ་དང༌། ཆོས་སྙིང་པོར་བྱེད་པ་དང༌། ཆོས་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པར་བྱའོ་སྙམ་པ་འདི་ནི་བྱང་ཆུབ་སེམས་དཔའི་ཆོས་རྗེས་སུ་དྲན་པ་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ཆོས་ནི་སེམས་ཅན་ཐམས་ཅད་ལ་མཉམ་པར་འཇུག་པས་ཆོས་ནི་ཐ་མ་དང་འབྲིང་དང་རབ་མཐོང་ནས་འཇུག་པ་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་ཕྱོགས་སུ་མ་ལྷུང་བས་ཆོས་ནི་ངོར་ལྟ་ཞིང་འཇུག་པ་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་དུས་ཆད་པ་མེད་པ། འདི་མཐོང་བ་ལ་དོན་ཡོད་པ་རང་གི་རིག་པས་ཆོས་ནི་དུས་ལ་ལྟ་ཞིང་འཇུག་པ་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་མཐོན་དམན་མེད་པས་ཆོས་ནི་རྒྱ་ཆེ་བ་ལ་འཇུག་པ་མ་ཡིན་དམན་པ་ལ་འཇུག་པ་མ་ཡིན་ཏེ། །དེ་ལྟར་བདག་གིས་ཀྱང་ཆོས་དང་མཐུན་པའི་སེམས་སུ་བྱའོ། །ཆོས་ནི་མཆོག་དང་ཐ་མ་དང་བྲལ་བས་ཆོས་ནི་རྣམ་པར་དག་པ་ལ་ཡང་འཇུག་པ་མ་ཡིན་ཉམས་པ་ལ་འཇུག་པ་ཡང་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་ཞིང་དང་ཞིང་མ་ཡིན་པའི་ལྟ་བ་དང་བྲལ་བས་ཆོས་ནི་འཕགས་པ་ལ་འཇུག་པ་ཡང་མ་ཡིན་སོ་སོའི་སྐྱེ་བོ་ལ་འཇུག་པ་ཡང་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་རྟག་ཏུ་རྒྱུན་མི་འཆད་པར་འཇུག་པས་ཆོས་ནི་ཉིན་མོ་འཇུག་པ་མ་ཡིན་མཚན་མོ་འཇུག་པ་མ་ཡིན། མཚན་མོ་འཇུག་ལ་ཉིན་མོ་མི་འཇུག་པ་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་གང་ལ་ཡང་ནམ་ཡང་སྡོད་པ་མ་ཡིན་པས་ཆོས་ནི་འདུལ་བའི་དུས་ལས་ཀྱང་མི་འདའ་སྟེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་


DTG111_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ་འདོད་པ་མེད་པས་ཆོས་ནི་སྡང་བ་རྣམས་ལ་ཞེ་འགྲས་པ་ཡང་མེད་དད་པ་རྣམས་ལ་རྗེས་སུ་ཆགས་པ་ཡང་མེད་དེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་བྲི་བ་ཡང་མ་ཡིན་གང་བ་ཡང་མ་ཡིན་ཏེ་དཔག་ཏུ་མེད་གྲངས་མེད་པས་ནམ་མཁའ་ལྟར་འབྲི་བ་ཡང་མ་ཡིན་འཕེལ་བ་ཡང་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་སེམས་ཅན་རྣམས་ཀྱིས་སྲུང་བ་མ་ཡིན་གྱི་ཆོས་ཀྱིས་སེམས་ཅན་རྣམས་སྲུང་བ་སྟེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་སྐྱབས་ཡོངས་སུ་ཚོལ་བ་མ་ཡིན་པས་ཆོས་ནི་འཇིག་རྟེན་ཐམས་ཅད་ཀྱི་སྐྱབས་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་ཐོགས་པ་མེད་པའི་མཚན་ཉིད་པས་ཆོས་ནི་གང་ལ་ཡང་ཐོགས་པ་མེད་དེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་བག་ལ་ཉལ་མེད་པས་བག་ལ་ཉལ་མི་འཇུག་སྟེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་རྟག་ཏུ་རྣམ་པར་མི་རྟོག་པས་ཆོས་ནི་འཁོར་བས་འཇིགས་སྐྲག་པ་ཡང་མ་ཡིན་མྱ་ངན་ལས་འདས་པ་ལ་རྗེས་སུ་ཆགས་པ་ཡང་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ་སྙམ་མོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ལྟར་དྲན་པ་ཉེ་བར་འཇོག་པས་དེའི་ཕྱིར་ཆོས་རྗེས་སུ་དྲན་པ་ཞེས་བྱ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་ཆོས་རྗེས་སུ་དྲན་པ་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ་ཞེས་སོ། །ཡང་དེ་ཉིད་ལས་གསུངས་པ། དགེ་འདུན་ནི་ཆོས་སྨྲ་བ། ཆོས་སྤྱོད་པ། ཆོས་སེམས་པ། ཆོས་ཀྱི་ཞིང༌། ཆོས་འཛིན་པ། ཆོས་ལ་སྟོན་པ། ཆོས་ལ་མཆོད་པ། ཆོས་ཀྱི་བྱ་བ་བྱེད་པ། ཆོས་ཀྱི་སྤྱོད་ཡུལ་བ། ཆོས་སྤྱོད་པ་ཕུན་སུམ་ཚོགས་པ། རང་བཞིན་གྱིས་དྲང་བ། རང་བཞིན་གྱིས་དག་པ། སྙིང་རྗེའི་ཆོས་ཅན། སྙིང་རྗེ་དང་ལྡན་པ། རྟག་ཏུ་དབེན་པའི་སྤྱོད་ཡུལ་བ། རྟག་ཏུ་ཆོས་ལ་གཞོལ་བ། རྟག་ཏུ་དཀར་པོ་སྤྱོད་པའོ་སྙམ་མོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་དགེ་འདུན་རྗེས་སུ་དྲན་པ་ནི་འདི་ལྟ་བུ་ཡིན་ཏེ།


DTG111_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་གྱི་ཡོན་ཏན་ཡང་དག་པ་གང་ཡིན་པ་དེ་དག་བདག་གིས། བདག་དང་སེམས་ཅན་ཐམས་ཅད་ལ་བསྒྲུབ་པར་བྱའོ་སྙམ་པ་སྟེ། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས། བྱང་ཆུབ་སེམས་དཔའི་ཡོན་ཏན་ཇི་སྐད་དུ་འབྱུང་བ་དེ་ལྟ་བུར་དགེ་འདུན་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །སེམས་ཅན་ཀུན་གྱི་གཟུགས་དང་ནི། །སྐད་དང་དབྱངས་སུ་གང་བརྗོད་པ། །བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱིས། །སྐད་ཅིག་གཅིག་ལ་སྟོན་པར་བྱེད། །སྒྱུ་མའི་ཆོས་ཀྱིས་རྣམ་རྩེན་པ། །དེ་དག་སེམས་ཅན་སྨིན་བྱའི་ཕྱིར། །རྒ་བ་དང་ནི་ན་བར་འགྱུར། །བདག་ཉིད་ཤི་བར་རབ་ཏུ་སྟོན། །ས་རྣམས་ཀུན་དུ་ཚིག་པར་ནི། །བསྐལ་པས་བསྲེག་པར་ཀུན་སྟོན་ཏེ། །སེམས་ཅན་རྟག་པར་འདུ་ཤེས་པ། །མི་རྟག་པར་ནི་རབ་བསྟན་ཏོ། །སེམས་ཅན་བྱེ་བ་སྟོང་རྣམས་ཀྱང༌། །ཡུལ་གཅིག་ཏུ་ནི་མགྲོན་དུ་གཉེར། །ཐམས་ཅད་ཁྱིམ་དུ་ཟན་བྱིན་ཏེ། །ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ། །སྔགས་དང་རིག་པ་ཅི་ཡོད་དང༌། །བཟོ་གནས་རྣམ་པ་མང་པོ་དག །ཐམས་ཅད་ཀྱི་ཡང་ཕ་རོལ་ཕྱིན། །སེམས་ཅན་ཐམས་ཅད་བདེ་ཐོབ་བྱེད། །འཇིག་རྟེན་ཡ་མཚན་ཇི་སྙེད་པ། །དེ་དག་ཀུན་དུ་རབ་བྱུང་ནས། །ལྟ་བ་ཐ་དད་གྱུར་པ་ཡི། །སེམས་ཅན་རྣམས་ནི་ཡོངས་སུ་འགྲོལ། །ཟླ་བའམ་ཉི་མར་དེ་གྱུར་ཏེ། །བརྒྱ་བྱིན་ཚངས་པ་སྐྱེ་དགུའི་བདག །ཆུ་དང་མེ་ཡང་རབ་འགྱུར་ཏེ། །ས་དང་རླུང་དུའང་དེ་བཞིན་ནོ། །ནད་ཀྱི་བསྐལ་པ་བར་མ་ལ། །དེ་ནི་རྩི་མཆོག་དམ་པར་འགྱུར། །དེས་ནི་སེམས་ཅན་རྣམ་གྲོལ་ཞིང༌། །ནད་རྣམས་མེད་ཅིང་བདེ་བར་འགྱུར། །མུ་གེའི་བསྐལ་པ་བར་མ་ལ། །ཟས་དང་སྐོམ་དུ་བསྒྱུར་ནས་སུ། །བཀྲེས་ཤིང་སྐོམ་པ་མེད་བྱས་ཏེ། །སྲོག་ཆགས་རྣམས་ལ་ཆོས་སྟོན་ཏོ། །མཚོན་གྱི་བསྐལ་པ་བར་མ་ལ། །དེ་དག་བྱམས་པ་བསྒོམ་འགྱུར་ཏེ། །སེམས་ཅན་བྱེ་བ་བརྒྱ་མང་པོ། །གནོད་སེམས་མེད་ལ་འཛུད་པར་བྱེད། །གཡུལ་ཆེན་འདྲེས་པའི་ནང་དུ་ནི། །དེ་དག་ཕྱོགས་ལ་མཉམ་པར་འགྱུར། །བྱང་ཆུབ་སེམས་དཔའ་སྟོབས་ཆེན་རྣམས། །འདུམ་ཞིང་འདུ་བར་དགའ་བར་བྱེད། །སངས་རྒྱས་


DTG111_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ནི་ཇི་སྙེད་པ། །བསམ་གྱིས་མི་ཁྱབ་དམྱལ་བར་ཡང༌། །སེམས་ཅན་རྣམས་ལ་ཕན་བྱའི་ཕྱིར། །བསམས་བཞིན་དུ་ནི་དེར་འགྲོའོ། །ཇི་སྙེད་དུད་འགྲོའི་སྐྱེ་གནས་ཀྱི། །འགྲོ་བའི་བར་དུ་བསྟན་པ་ནི། །ཐམས་ཅད་དུ་ཡང་ཆོས་སྟོན་ཏེ། །དེའི་ཕྱིར་རྣམ་པར་འདྲེན་ཅེས་བྱ། །འདོད་པའི་ལོངས་སྤྱོད་རྣམས་ཀྱང་སྟོན། །བསམ་གཏན་པ་ལ་བསམ་གཏན་སྟོན། །བདུད་རྣམས་རབ་ཏུ་འཇོམས་བྱེད་ཅིང༌། །དེ་དག་གླགས་སུ་འགྱུར་མི་བྱེད། །མེ་དབུས་ན་ནི་པད་མ་ལྟར། །བྱུང་མ་མྱོང་བ་དེ་སྟོན་ཏེ། །དེ་བཞིན་འདོད་དང་བསམ་གཏན་ཡང༌། །བྱུང་མ་མྱོང་བ་དེ་སྟོན་ཏོ། །བསམས་བཞིན་སྨད་འཚོང་རྣམས་སུ་སྒྱུར། །སྐྱེས་པ་རྣམས་ནི་བསྡུ་བའི་ཕྱིར། །འདོད་ཆགས་ལྕགས་ཀྱུས་དྲོངས་ནས་སུ། །དེ་དག་སངས་རྒྱས་ཡེ་ཤེས་འགོད། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །གྲོང་མི་དང་ནི་དེད་དཔོན་དང༌། །མདུན་ན་འདོན་དང་བློན་པོ་དང། །བློན་པོ་ཆེན་པོར་རྟག་ཏུ་འགྱུར། །སེམས་ཅན་དབུལ་པོ་རྣམས་ལ་ནི། །ཟད་མི་ཤེས་པའི་གཏེར་དུ་གྱུར། །གང་ལ་སྦྱིན་པ་བྱིན་པ་ཡང༌། །དེ་དག་བྱང་ཆུབ་སེམས་བསྐྱེད་བཙུད། །ང་རྒྱལ་ཁེངས་པའི་སེམས་ཅན་ལ། །དེ་དག་ཚན་ཆེན་མཆོག་གྱུར་ཏེ། །ང་རྒྱལ་ཀུན་ཀྱང་བཅོམ་ནས་སུ། །བླ་མེད་བྱང་ཆུབ་ཚོལ་དུ་བཙུད། །འཇིགས་སྐྲག་སེམས་ཅན་རྣམས་ལ་ནི། །རྟག་ཏུ་དེ་ཡི་མདུན་ན་འདུག །དེ་དག་མི་འཇིགས་བྱིན་ནས་ཀྱང༌། །བྱང་ཆུབ་ཏུ་ནི་སྨིན་པར་བྱེད། །དེ་དག་ལྔ་མངོན་ཤེས་པ་ཡི། །དྲང་སྲོང་ཚངས་པར་སྤྱོད་གྱུར་ཏེ། །བཟོད་དང་དེས་དང་ཚུལ་ཁྲིམས་དང༌། །སྡོམ་པ་ལ་ནི་སེམས་ཅན་འགོད། །རིམ་གྲོ་ལྷུར་བྱེད་སེམས་ཅན་རྣམས། །འཇིགས་པ་མེད་པས་འདིར་མཐོང་ནས། །བྲན་དང་གཡོག་ཏུ་ཤིན་ཏུ་འགྱུར། །སློབ་མར་ཡང་ནི་ཉེ་བར་འགྲོ། །ཡན་ལག་གང་དང་གང་རྣམས་ཀྱིས། །སེམས་ཅན་ཆོས་ལ་དགར་གྱུར་པ། །ཐབས་ཆེན་ཤིན་ཏུ་བསླབས་པ་དག །བྱ་བ་དག་ནི་ཐམས་ཅད་སྟོན། །དེ་དག་སློབ་མ་མཐའ་ཡས་ཤིང༌། །སྤྱོད་ཡུལ་རྣམས་ཀྱང་མཐའ་ཡས་ཏེ། །ཡེ་ཤེས་མཐའ་ཡས་རྫོགས་པས་ན། །སྲོག་ཆགས་མཐའ་ཡས་གྲོལ་བར་བྱེད། །བསྐལ་པ་བྱེ་བ་ཕྲག་


DTG111_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱར་ནི། །བཅོམ་ལྡན་སངས་རྒྱས་རྣམས་ཀྱིས་ཀྱང༌། །དེ་ཡི་ཡོན་ཏན་མཐའ་བརྗོད་དཀའ། །ཞེས་བྱ་བའོ།། །།བམ་པོ་བཅུ་བཞི་པ་སྟེ་ཐ་མ། བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམས་ནི། དཀོན་མཆོག་ཏ་ལ་ལའི་གཟུངས་ལས་ཇི་སྐད་གསུངས་པ་དེ་ལྟར་བསྒོམ་པར་བྱ་སྟེ། མེ་ཏོག་ཕལ་ཆེར་མེ་ཏོག་བླ་རེ་དང༌། །མེ་ཏོག་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མེ་ཏོག་སྣ་ཚོགས་ཀུན་དུ་བཀྲམ་བྱས་ཤིང༌། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །བདུག་པ་ཕལ་ཆེར་བདུག་པའི་བླ་རེ་དང༌། །བདུག་པ་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །བདུག་པ་སྣ་ཚོགས་ཀུན་དུ་བཀྲམ་བྱས་ཤིང༌། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །ཕལ་ཆེར་སྤོས་དང་སྤོས་ཀྱི་བླ་རེ་དང༌། །སྤོས་ཀྱི་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །སྣ་ཚོགས་སྤོས་རྣམས་ཀུན་དུ་བཀྲམ་བྱས་ཤིང༌། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །ཕྲེང་བ་ཕལ་ཆེར་ཕྲེང་བའི་བླ་རེ་དང༌། །ཕྲེང་བ་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །ཕྲེང་བ་སྣ་ཚོགས་ཀུན་དུ་བཀྲམ་བྱས་ཤིང༌། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །ཕྱེ་མ་ཕལ་ཆེར་ཕྱེ་མའི་བླ་རེ་དང༌། །ཕྱེ་མ་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །ཕྱེ་མ་སྣ་ཚོགས་ཀུན་དུ་བཀྲམ་བྱས་ཤིང། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །ན་བཟའ་ཕལ་ཆེར་ན་བཟའི་བླ་རེ་དང༌། །ན་བཟའ་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །ན་བཟའ་སྣ་ཚོགས་ཀུན་དུ་བཀྲམ་བྱས་ཤིང༌། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །ཕལ་ཆེར་གདུགས་དང་གདུགས་ཀྱི་བླ་རེ་དང༌། །གདུགས་ཀྱི་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །སྣ་ཚོགས་གདུགས་རྣམས་ཀུན་དུ་བཀྲམ་བྱས་ཤིང༌། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །རིན་ཆེན་ཕལ་ཆེར་རིན་ཆེན་བླ་རེ་དང༌། །རིན་ཆེན་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །རིན་ཆེན་སྣ་ཚོགས་ཀུན་དུ་བཀྲམ་བྱས་ཤིང༌། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །པད་མ་ཕལ་ཆེར་པདྨའི་བླ་རེ་དང༌། །པད་མ་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །པད་མ་སྣ་ཚོགས་ཀུན་དུ་བཀྲམ་བྱས་ཤིང༌། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །རྒྱན་ཕྲེང་ཕལ་ཆེར་རྒྱན་ཕྲེང་བླ་རེ་དང༌། །རྒྱན་ཕྲེང་བཀོད་པའི་འོད་ཟེར་རབ་བཀྱེ་


DTG111_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །རྒྱན་ཕྲེང་སྣ་ཚོགས་ཀུན་དུ་བཀྲམ་བྱས་ཤིང༌། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །རྒྱལ་མཚན་མཆོག་བཀོད་འོད་ཟེར་རབ་བཀྱེ་ཞིང༌། །དེ་དག་རྒྱལ་མཚན་དཀར་དམར་སེར་པོ་དང༌། །སྔོ་དང་རྒྱལ་མཚན་བཀོད་པ་སྣ་ཚོགས་པ། །དུ་མས་རྒྱལ་བའི་ཞིང་རྣམས་བརྒྱན་པར་བྱེད། །ནོར་བུའི་དྲ་བ་སྣ་ཚོགས་བཀོད་པའི་གདུགས། །དར་གྱི་ལྔ་ལྡི་བ་དན་རབ་དཔྱངས་ཤིང༌། །དྲིལ་གཡེར་དྲ་བ་རྒྱལ་བའི་གསུང་སྒྲོགས་པ། །དེ་བཞིན་གཤེགས་ཀྱི་དབུ་ལ་དེ་དག་འཛིན། །ལག་པའི་མཐིལ་ནས་མཆོད་པ་བསམ་བྱས་རྣམས། །རྒྱལ་བ་གཅིག་ལ་མཆོད་པ་བྱེད་པ་ལྟར། །རྒྱལ་བ་མ་ལུས་ཀུན་ལའང་དེ་བཞིན་ཏེ། །དྲང་སྲོང་ཏིང་འཛིན་རྣམ་འཕྲུལ་འདི་འདྲའོ། །དེ་དག་འགྲོ་བ་སྡུད་པའི་ཡེ་ཤེས་ཀྱིས། །རྣམ་པར་འཕྲུལ་དང་ཏིང་འཛིན་མཆོག་བསྒྲུབས་ཤིང༌། །བྱ་བ་དག་དང་བསྙེན་བཀུར་ཀུན་གྱི་སྒོ། །ཐབས་སྟོང་དག་གིས་སེམས་ཅན་འདུལ་བར་བྱེད། །ཁ་ཅིག་དེ་བཞིན་གཤེགས་པ་མཆོད་སྒོ་དང༌། །སྦྱིན་པ་བསམ་གྱིས་མི་ཁྱབ་གཏོང་སྒོ་དང༌། །སྦྱངས་པའི་ཡོན་ཏན་ཚུལ་ཁྲིམས་སྲུང་སྒོ་དང༌། །བཟོད་པ་མི་ཟད་མི་འཁྲུགས་སྒོ་དག་དང༌། །ཁ་ཅིག་བརྟུལ་ཞུགས་དཀའ་ཐུབ་བརྩོན་སྒོ་དང༌། །བསམ་གཏན་རབ་ཏུ་ཞི་བར་གནས་སྒོ་དང༌། །དོན་ལ་རྣམ་ངེས་ཤེས་རབ་སྒོ་རྣམས་དང༌། །སྤྱོད་པ་ཀུན་ལྡན་ཐབས་ཀྱི་སྒོ་དག་དང༌། །ཚངས་པའི་གནས་པ་དག་དང་མངོན་ཤེས་སྒོ། །བསྡུ་བའི་དངོས་པོས་ཕན་པར་འདོད་སྒོ་དང༌། །བསོད་ནམས་བསགས་དང་ཡེ་ཤེས་སྒོ་དག་དང༌། །བདེན་དང་རྟེན་དང་རྣམ་ཐར་སྒོ་དག་དང༌། །ཁ་ཅིག་སྟོབས་དང་དབང་པོ་ལམ་སྒོ་དང༌། །ཉན་ཐོས་ཐེག་པས་རྣམ་པར་གྲོལ་སྒོ་དང༌། །རྐྱེན་གྱི་ཐེག་པས་རྣམ་པར་དག་སྒོ་དང༌། །ཐེག་པ་མཆོག་གི་རྣམ་པར་འཕྲུལ་སྒོ་དང༌། །ཁ་ཅིག་མི་རྟག་ཉིད་དང་སྡུག་བསྔལ་སྒོ། །ཁ་ཅིག་བདག་མེད་སྲོག་མེད་སྒོ་དག་དང༌། །མི་སྡུག་འདུ་ཤེས་འདོད་ཆགས་བྲལ་སྒོ་དང༌། །ཞི་འགོག་ཏིང་ངེ་འཛིན་གྱི་སྒོ་ཡིས་འདུལ། །འགྲོ་བ་སྤྱོད་པའི་སྒོ་རྣམས་ཇི་སྙེད་པ། །དེ་སྙེད་ཆོས་ཀྱི་སྒོ་ལ་རབ་ཞུགས་ཏེ། །དེ་དག་ཀུན་དུ་རྣམ་ཐར་སྒོ་དག་ནས། །བསམ་པ་ཇི་བཞིན་འཇིག་རྟེན་སེམས་ཅན་འདུལ། །གང་དག་ཀུན་དུ་རྣམ་ཐར་སྒོ་དག་ནས། །བསམས་


DTG111_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འཇིག་རྟེན་སེམས་ཅན་འདུལ་བྱེད་པ། །དེ་དག་སུས་ཀྱང་མཚན་མར་གཟུང་མི་ནུས། །ཏིང་འཛིན་རྣམ་པར་འཕྲུལ་བ་དེ་འདྲའོ། །དེ་དག་དགའ་བ་བཀོད་པ་ཏིང་འཛིན་མཆོག །འགྲོ་བ་ཐམས་ཅད་ཡོངས་སྨིན་མཐུན་བྱེད་པ། །དགའ་བདེ་སྤྲོ་བ་རབ་དགའ་ཀུན་ལྡན་རྣམས། །བསམས་ཤིང་བསྟན་ཞིང་སེམས་ཅན་འདུལ་བར་བྱེད། །གང་དུ་ལོ་ཉེས་འཇིག་རྟེན་ཡོ་བྱད་གང༌། །བདེ་བྱེད་ཐམས་ཅད་རབ་ཏུ་དཀོན་གྱུར་པ། །དེར་ནི་ཀུན་གྱི་བསམས་བཞིན་བྱ་བ་ཡིས། །སྦྱིན་པ་སྦྱིན་ཞིང་འགྲོ་བའི་དོན་རྣམས་བྱེད། །དེ་དག་ཟས་སྐོམ་མཆོག་དང་རོ་མཆོག་དང། །གོས་དང་བགོ་བ་རིན་ཆེན་སྣ་ཚོགས་དང༌། །རྒྱལ་སྲིད་ནོར་དང་བདག་ཕངས་ཡོངས་གཏོང་བས། །སྦྱིན་ལ་མོས་པའི་འགྲོ་བ་འདུལ་བར་བྱེད། །བརྟེན་པ་དེ་དག་མཚན་མཆོག་ལུས་སྤྲས་ཤིང༌། །གོས་དང་རྒྱན་མཆོག་བགོས་ཤིང་བརྒྱན་བྱས་ཏེ། །ཕྲེང་བས་བརྒྱན་ཅིང་སྤོས་ཀྱིས་བསྐུས་པ་ཡིས། །གཟུགས་རྣམས་བསྟན་པས་སེམས་ཅན་འདུལ་བར་བྱེད། །མཐོང་ན་དགའ་ཚེམ་རབ་ཏུ་དགའ་རྣམས་ལ། །བློ་མཆོག་དེ་དག་མཆོག་ཏུ་གཟུགས་བཟང་བ། །གཟུགས་ཀྱི་དམ་པ་ཡོངས་སུ་སྟོན་བྱེད་ཅིང༌། །གཟུགས་ལ་མོས་པའི་སེམས་ཅན་འདུལ་བར་བྱེད། །དེ་དག་ཀ་ལ་པིང་ཀའི་སྒྲ་སྙན་དང༌། །ཁུ་བྱུག་ཀུན་ལ་ངང་པའི་སྒྲ་སྐད་དང༌། །རྔ་དང་ཚངས་དང་མིའམ་ཅི་ཡི་སྒྲས། །མོས་པ་ཀུན་ལ་དེ་བཞིན་ཆོས་ཀྱང་སྟོན། །སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གང་ཡིན་པས། །རྒྱལ་བ་གང་དག་འགྲོ་བའི་དོན་མཛད་པའི། །ཆོས་ཀྱི་བྱེ་བྲག་སྒོ་མོ་དེ་དག་གིས། །བསམ་པ་ཇི་བཞིན་འཇིག་རྟེན་སེམས་ཅན་འདུལ། །དེ་དག་བདེ་དང་སྡུག་བསྔལ་གྲོགས་ཀྱང་བྱེད། །དོན་དང་གནོད་པའི་གྲོགས་ཀྱང་དེ་བཞིན་བྱེད། །བྱ་བ་ཀུན་ལ་གྲོགས་སུ་འགྱུར་བྱས་ཤིང༌། །གྲོགས་ཀྱི་སྒོ་ནས་སེམས་ཅན་འདུལ་བར་བྱེད། །སྡུག་བསྔལ་གནོད་པ་འདུས་བྱས་སྐྱོན་རྣམས་ལ། །གྲོགས་ཀྱི་དོན་དུ་དེ་དག་བཟོད་བྱེད་ཅིང༌། །འགྲོ་བ་ཀུན་ལ་ཕན་དོན་བདེ་དོན་དུ། །དེ་དག་གྲོགས་དོན་གནོད་པ་དང་དུ་ལེན། །གང་ན་སྔོན་བྱུང་མེད་ཅིང་ཆོས་མེད་དེ། །དགོན་པར་འགྲོ་དང་ཐར་པ་མི་དམིགས་པ། །དེར་ནི་རྒྱལ་སྲིད་


DTG111_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་རབ་སྤངས་ཏེ། །ཞི་བའི་ཡིད་ཀྱིས་གནས་མེད་མངོན་པར་འབྱུང༌། །དེ་དག་ཁྱིམ་དང་འཆིང་དང་བསྲེག་པའི་གནས། །འགྲོ་བ་ཐམས་ཅད་ཡོངས་སུ་དགྲོལ་བའི་རྒྱུར། །འདོད་པའི་དགའ་བ་ཀུན་ལ་མི་གནས་པར། །མངོན་པར་བྱུང་ཞིང་ཐར་པ་རབ་ཏུ་བརྗོད། །དེ་དག་སྤྱོད་པ་བཅུ་རྣམས་རྗོད་བྱེད་ཅིང༌། །སྐྱེས་ཆེན་རྣམས་ཀྱི་ཆོས་སྤྱོད་གང་ཡིན་དང༌། །དྲང་སྲོང་རྣམས་ཀྱི་སྤྱོད་ཡུལ་མ་ལུས་པར། །ཡོངས་སུ་བརྗོད་ཅིང་འགྲོ་བའི་དོན་རྣམས་བྱེད། །གང་ན་སེམས་ཅན་དཔག་མེད་ཚེ་ལྡན་ཞིང༌། །བདེ་དང་ལྡན་ལ་ཉོན་མོངས་ཆུང་ཡོད་པ། །དེར་ནི་རྒ་བས་ཉེན་ཅིང་ནད་བུ་ཅན། །བདག་ལ་དབང་མེད་འཆི་བའི་དབང་གྱུར་སྟོན། །འདོད་ཆགས་འབར་ཞིང་ཞེ་སྡང་རབ་འབར་ལ། །འཇིག་རྟེན་གཏི་མུག་མེ་ཆེན་རབ་འབར་ཞིང༌། །རྒ་དང་ན་དང་འཆི་བ་རབ་འབར་བའི། །འཇིག་རྟེན་བསྟན་གནས་སེམས་ཅན་འདུལ་བར་བྱེད། །དེ་དག་སངས་རྒྱས་སྟོབས་བཅུ་བརྩོན་བཞི་དང༌། །ཆོས་ཀྱི་ཁྱད་པར་བཅོ་བརྒྱད་རྣམས་ཀྱིས་ཀྱང༌། །སངས་རྒྱས་ཆེ་བའི་བདག་ཉིད་རྗོད་བྱེད་ཅིང༌། །སངས་རྒྱས་ཡོན་ཏན་རྣམས་ཀྱིས་འགྲོ་དོན་བྱེད། །དེ་དག་ཀུན་བརྗོད་རྫུ་འཕྲུལ་རྗེས་བསྟན་པས། །གཟུགས་ཀྱི་བྱིན་རླབས་སྟོབས་ཀྱིས་ཐམས་ཅད་དུ། །དེ་བཞིན་གཤེགས་པའི་རྫུ་འཕྲུལ་སྟོན་བྱེད་ཅིང༌། །རྫུ་འཕྲུལ་རྣམ་པར་འཕྲུལ་པས་སེམས་ཅན་འདུལ། །དེ་དག་ཐབས་ཚུལ་རྣམ་པ་སྣ་ཚོགས་ཀྱིས། །འཇིག་རྟེན་རྒྱུ་ཞིང་འགྲོ་བའི་དོན་རྣམས་བྱེད། །འཇིག་རྟེན་མི་ཆགས་ཆུ་ལ་པད་མ་བཞིན། །དགའ་ཞིང་དད་པར་བྱེད་ལ་རྣམ་པར་རྒྱུ། །དེ་དག་སྙན་དང་གས་མཁན་རྒྱལ་སྙན་དང་གས་སྦྱོར། །གར་མཁན་རྔ་མཁན་གྱད་དང་རོལ་མོ་མཁན། །བཞུགས་མཛེས་རྒྱན་ཕྲེང་ཐོགས་ཤིང་གར་བྱེད་དང༌། །སྒྱུ་མ་མཁན་པོ་གཟུགས་མང་ཀུན་དུ་སྟོན། །གྲོང་པ་གྲོང་དཔོན་ཁ་ལོ་སྒྱུར་བར་འགྱུར། །དེ་བཞིན་དེད་དཔོན་ཚོང་དཔོན་ཁྱིམ་བདག་འགྱུར། །རྒྱལ་པོ་བློན་པོ་མདུན་འདོན་ཕོ་ཉ་དང༌། །སྨན་པ་འཇིགས་མེད་བསྟན་བཅོས་ཆོ་ག་མཁན། །དེ་དག་དགོན་པར་ལྗོན་ཤིང་ཆེན་པོར་འགྱུར། །སྨན་དང་རིན་ཆེན་མི་ཟད་གཏེར་རྣམས་དང༌། །ཡིད་བཞིན་ནོར་བུ་འདོད་སྦྱིན་སྡོང་པོ་དང༌། །ལམ་གོལ་དོང་བ་རྣམས་ལ་ལམ་སྟོན་འགྱུར། །


DTG111_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་བྱུང་ནས་མི་རིང་ཤེས་གྱུར་ཅིག །སེམས་ཅན་ལམ་གྱི་ཚུལ་རྣམས་མི་ཤེས་པ། །དེ་དག་ཀུན་ལ་རྨོངས་ཆོས་ཚོང་ཐབས་དང༌། །སྣ་ཚོགས་བཟོ་རྣམས་འཇིག་རྟེན་རྗོད་པར་བྱེད། །འཚེ་མེད་གནོད་སེམས་མེད་པའི་སྦྱོར་བ་གང༌། །སེམས་ཅན་བདེ་བྱེད་མཁས་པས་རབ་བསྔགས་པ། །རིག་སྟོབས་སྨན་དང་བསྟན་བཅོས་སྣ་ཚོགས་ཀུན། །དྲང་སྲོང་དེ་དག་རྣམས་ཀྱིས་རབ་ཏུ་བརྗོད། །གང་ལ་ལྷར་བཅས་འཇིག་རྟེན་རྨོངས་འགྱུར་བ། །དྲང་སྲོང་སྤྱོད་མཆོག་དམ་པ་གང་ཡིན་དང༌། །བརྟུལ་ཞུགས་དཀའ་སྤྱད་དཀའ་ཐུབ་སྤྱོད་ཀུན་ཀྱང༌། །མཁས་པས་དེ་དག་རྣམས་ཀྱིས་རབ་ཏུ་བརྗོད། །དེ་དག་སྤྱོད་ཅན་ཀུན་རྒྱུ་མུ་སྟེགས་ཅན། །གདུང་བ་གཽ་ཏ་མ་དང་མི་སྨྲར་སྤྱོད། །གཅེར་བུ་གོས་མེད་ལྷུར་ལེན་དགེ་སྦྱོང་ལ། །མུ་སྟེགས་ཅན་གྱི་སློབ་དཔོན་མཁས་པར་སྟོན། །དེ་དག་ཀུན་དུ་འཚོ་བའི་ཆོས་འཛིན་དང༌། །བླ་ན་ཡོད་དང་བླ་ན་མེད་རྣམས་དང༌། །རལ་པ་རིང་དང་གཞོན་ནུའི་བརྟུལ་ཞུགས་ཅན། །དེ་དག་ཏུ་ཡང་སློབ་དཔོན་འགྱུར་བ་ཡིན། །ཉི་མའི་རྗེས་ལྟ་དཀའ་ཐུབ་ལྔ་ལྡན་དང༌། །ཁྱི་དང་བ་ལང་བརྟུལ་ཞུགས་རི་དགས་སྤྱོད། །གླེའུ་ཅན་དང་མུ་སྟེགས་སུམ་ཅུ་པ། །དེ་དག་ཏུ་ཡང་དེ་དག་སློབ་དཔོན་འགྱུར། ལྷག་པའི་ཤེས་ལ་འཇུག་པར་དགའ་རྣམས་དང༌། །མུ་སྟེགས་ཉེ་རེག་ཡུལ་དུ་རྒྱུ་རྣམས་སུ། །རྩ་བ་འབྲས་བུ་ཆུ་སྤྱོད་གྱུར་ནས་ཀྱང༌། །བསམ་ཡས་ཆོས་ལ་དེ་དག་དམ་པ་མཆོག །ཙོག་པུར་འདུག་དང་གཅིག་པུར་རྒྱུ་བ་དང༌། །ཚེར་མ་རྩྭ་དང་ཐལ་བར་ཉལ་བ་དང༌། །གང་དག་གཏུན་ཤིང་མལ་ཅན་གནས་པ་དང༌། །དེ་དག་ཏུ་ཡང་དེ་དག་སློབ་དཔོན་འགྱུར། །ཕྱི་རོལ་མུ་སྟེགས་ཅན་རྣམས་ཇི་སྙེད་པ། །དེ་དག་བསམ་པ་མོས་པ་རྟོགས་བྱས་ཤིང༌། །བསྙེན་དཀའ་མི་བཟད་དྲག་ཤུལ་དཀའ་ཐུབ་ཀྱིས། །མུ་སྟེགས་ཅན་གྱི་སྡུག་བསྔལ་སྤང་བར་འདུལ། །འཇིག་རྟེན་སྟེ་བས་འཁྲུག་པ་ཤེས་བྱས་ནས། །ལྟ་བ་ངན་ལ་གནས་པའི་མུ་སྟེགས་ཅན། །ཀུན་ལ་ཕྲ་བའི་གཞི་དང་ཐབས་ཚུལ་གྱིས། །དེ་དག་རྣམས་ལ་བདེན་པ་སྟོན་པར་བྱེད། །ལ་ལར་འགྲོ་ལྡིང་བ་ཡི་སྔགས་ཀྱི་གཞི། །ཤིན་ཏུ་གསང་བའི་གཞི་ཡིས་བདེན་པ་སྟོན། །ལ་ལ་དག་ལ་


DTG111_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཞིང་དྲང་ཚིག་གིས། །ལ་ལ་དག་ལ་ལྷ་ཡི་གསང་ཚིག་གིས། །ལ་ལ་དག་ལ་ཡི་གེ་དབྱེ་ཚིག་དང༌། །དོན་ལ་རྣམ་ངེས་རྡོ་རྗེའི་ཚིག་རྣམས་དང༌། །རྒོལ་བ་འདུལ་བར་ཤེས་པའི་ཚིག་རྣམས་དང༌། །བསྟན་བཅོས་ཐུབ་མེད་ཐར་པའི་ཚིག་རྣམས་ཀྱིས། །ལ་ལ་དག་ལ་མི་སྐད་ཚིག་རྣམས་དང༌། །ཀུན་ལ་འཇུག་པ་ངེས་ཚིག་རྣམས་ཀྱིས་སུ། །ལ་ལ་དག་ལ་ལྷ་ཡི་ངེས་ཚིག་དང༌། །ཀླུ་ཡི་ངེས་ཚིག་གནོད་སྦྱིན་ངེས་ཚིག་གིས། །ལ་ལར་སྲིན་པོ་འབྱུང་པོ་ཤ་ཟ་དང༌། །དྲི་ཟ་གྲུ་ལ་བུམ་ལྟོ་འཕྱེ་ཆེ་ཚིག་དང༌། །མི་ཅི་ལྷ་མིན་མཁའ་ལྡིང་ཚིག་རྣམས་ཀྱིས། །བདེན་པ་བསྟན་ཅིང་ཐར་པར་འདྲེན་པར་བྱེད། །དེ་དག་བདེན་དང་ངེས་ཚིག་ཚུལ་ཤེས་ཏེ། །དེ་ལྟར་རྒྱལ་བའི་ཆོས་རྣམས་མ་ལུས་པའི། །ཆོས་ཉིད་བསམ་བྱས་ཚིག་ལམ་ཤེས་པར་སྟོན། །དེ་དག་ཏིང་འཛིན་རྣམ་འཕྲུལ་དེ་འདྲའོ། །དེ་དག་འགྲོ་བ་དེ་མཆོག་གི་ཏིང་ངེ་འཛིན། །འགྲོ་བ་ཀུན་ལ་མངོན་པར་སྒྲུབ་བྱེད་ཅིང༌། །འོད་ཟེར་བསམ་གྱིས་མི་ཁྱབ་རབ་བཀྱེ་སྟེ། །འོད་ཟེར་བཀྱེ་ནས་སེམས་ཅན་འདུལ་བར་བྱེད། །མཐོང་ན་ལེགས་པའི་འོད་ཟེར་རབ་གཏོང་ཞིང༌། །སེམས་ཅན་ཇི་སྙེད་འོད་ཟེར་དེ་ཤེས་པ། །དེ་དག་མཐོང་ལེགས་དོན་མེད་མ་ཡིན་ཏེ། །བླ་ན་མེད་པའི་ཡེ་ཤེས་མཆོག་གི་རྒྱུ། །མི་རྣམས་ཀུན་ལ་སངས་རྒྱས་ཡོངས་བསྟན་དང༌། །ཆོས་ཀྱང་ཡོངས་སུ་བསྟན་དེ་ལམ་བསྟན་ཅིང༌། །རྒྱལ་བའི་སྐུ་གཟུགས་མཆོད་རྟེན་བསྟན་བྱས་པས། །དེས་ན་མཐོང་ལེགས་འོད་ཟེར་གྲུབ་པར་འགྱུར། །ལྷ་ཡི་འོད་ཟེར་ཟིལ་གྱིས་གནོན་པ་ཡི། །འོད་ཟེར་འོད་བྱེད་ཅེས་བྱ་རབ་གཏོང་ཞིང༌། །རྡུལ་དང་མུན་པ་ཐམས་ཅད་བསལ་བྱས་ཏེ། །འཇིག་རྟེན་ཕན་པའི་འོད་དེ་རབ་ཏུ་སྣང༌། །སེམས་ཅན་གང་དག་འོད་ངེས་བསྐུལ་བྱས་པ། །དེ་དག་རྒྱལ་བ་མཆོད་ཕྱིར་སྒྲོན་མ་འཛིན། །དེ་དག་རྒྱལ་བ་མཆོད་ཕྱིར་སྒྲོན་བཟུང་བས། །འཇིག་རྟེན་སྒྲོན་མ་མཛད་པའི་རྒྱལ་བར་གྱུར། །འབྲུ་མར་མར་མེ་མར་གྱི་མར་མེ་དང༌། །རྩྭ་ཤིང་འདམ་བུ་འོད་མའི་སྒྲོན་མ་དང༌། །སྤོས་དང་བཅུད་ལེན་རིན་ཆེན་སྒྲོན་མ་དག །རྒྱལ་བ་རྣམས་ལ་ཕུལ་ནས་འོད་བྱེད་ཐོབ། །སྒྲོལ་ཞེས་བྱ་བའི་འོད་ཟེར་རབ་གཏོང་ཞིང༌། །སེམས་ཅན་གང་དག་འོད་དེས་


DTG111_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་བྱས་ལ། །དེ་དག་སྲེད་སྤངས་སྲེད་པའི་རྒྱ་མཚོ་ལས། །སེམས་ཅན་སྒྲོལ་བའི་དོན་དུ་གོ་ཆ་གྱོན། །གང་དག་སྲེད་སྤངས་སྲེད་པའི་རྒྱ་མཚོ་ལས། །སེམས་ཅན་སྒྲོལ་བའི་དོན་དུ་གོ་གྱོན་པ། །དེ་དག་ཆུ་བོ་བཞི་ལས་རབ་ཏུ་སྒྲོལ། །མྱ་ངན་མེད་པའི་བདེ་བའི་གྲོང་ཁྱེར་སྟོན། །སྟེགས་དང་ཟམ་པ་དུ་མ་བྱས་པ་དང༌། །ཆུ་ཀླུང་ལམ་ལ་སྒྲོལ་བའི་གྲུ་བྱིན་ཏེ། །འདུས་བྱས་སུན་ཕྱུང་ཞི་བ་བསྔགས་བྱས་པས། །དེས་ན་སྒྲོལ་བའི་འོད་ཟེར་གྲུབ་པར་འགྱུར། །སྐོམ་པ་སེལ་བའི་འོད་ཟེར་རབ་གཏོང་ཞིང༌། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །འདོད་པའི་ཡོན་ཏན་སྐོམ་པ་རབ་སྤངས་ཤིང༌། །ཆོས་ལ་མོས་པའི་རོ་ནི་དོན་དུ་གཉེར། །འདོད་པའི་ཡོན་ཏན་སྐོམ་པ་རབ་སྤངས་ཏེ། །ཆོས་མོས་རོ་ལ་དོན་དུ་གཉེར་གྱུར་པས། །བདུད་རྩི་ཆར་པ་འབེབས་པའི་སངས་རྒྱས་འགྱུར། །འཇིག་རྟེན་སྐོམ་པའི་སྲེད་པ་རྣམ་པར་སེལ། །རྫིང་དང་ཁྲོན་པ་ཆུ་ཀླུང་ཆུ་རྡོ་དང༌། །མཚོ་རྣམས་བྱང་ཆུབ་དོན་དུ་བྱེད་བཙུད་དེ། །འདོད་པ་སྨད་ཅིང་བསམ་གཏན་བསྔགས་བྱས་པས། །དེས་ན་སྐོམ་པ་སེལ་བ་གྲུབ་པར་འགྱུར། །དགའ་བར་བྱེད་པའི་འོད་ཟེར་རབ་གཏོང་ཞིང༌། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །དགའ་བས་རྒྱས་ཤིང་བྱང་ཆུབ་མཆོག་དོན་དུ། །རབ་འབྱུང་འགྱུར་བར་བྱ་ཞེས་སེམས་བསྐྱེད་དོ། །ཐུགས་རྗེ་ལྡན་པའི་སྐུ་གཟུགས་མཚན་བརྒྱན་པ། །པདྨའི་གདན་ལ་བཞུགས་པ་རྣམས་བྱས་ཤིང༌། །རྟག་ཏུ་སངས་རྒྱས་ཡོན་ཏན་རྣམས་བརྗོད་པ། །དེས་ན་དགའ་བྱེད་འོད་ཟེར་གྲུབ་པར་འགྱུར། །མགུ་བར་བྱེད་པའི་འོད་ཟེར་རབ་གཏོང་ཞིང༌། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །རྟག་ཏུ་སངས་རྒྱས་ལ་ནི་དགའ་མགུ་ཞིང༌། །ཆོས་ལ་དགའ་མགུ་དགེ་འདུན་དགའ་མགུའོ། །དེ་དག་རྟག་ཏུ་སངས་རྒྱས་དགའ་མགུ་ཞིང༌། །ཆོས་ལ་དགའ་མགུ་དགེ་འདུན་དགའ་མགུ་ནས། །སངས་རྒྱས་ཆོས་དང་འཕགས་པའི་ཚོགས་རྣམས་དང༌། །རྟག་ཏུ་འགྲོགས་ཐོབ་བཟོད་པ་བླ་མེད་འཐོབ། །སངས་རྒྱས་རྗེས་དྲན་ཆོས་དང་ཚོགས་མཆོག་ལ། །སེམས་ཅན་མང་པོ་བསྐུལ་ཞིང་དྲན་བྱས་ཏེ། །བྱང་ཆུབ་


DTG111_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་ཡོན་ཏན་རབ་བརྗོད་པས། །དེས་ན་མགུ་བྱེད་འོད་ཟེར་གྲུབ་པར་འགྱུར། །བསོད་ནམས་བསགས་པའི་འོད་ཟེར་རབ་གཏོང་ཞིང༌། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །བླ་ན་མེད་པའི་བྱང་ཆུབ་དོན་གཉེར་ཞིང༌། །སྦྱིན་པ་སྣ་ཚོགས་དུ་མ་སྦྱིན་པར་བྱེད། །གཏན་པ་མེད་པའི་མཆོད་པ་དེ་བྱེད་ཚེ། །སློང་བ་རྣམས་ཀྱི་བསམ་པ་རྫོགས་བྱེད་དེ། །བསམ་པ་ཐམས་ཅད་སྦྱིན་པ་བྱིན་བྱས་པས། །བསོད་ནམས་བསགས་པའི་འོད་ཟེར་གྲུབ་པར་གྱུར། །ཡེ་ཤེས་ལྡན་པའི་འོད་ཟེར་རབ་གཏོང་ཞིང༌། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །ཆོས་གཅིག་སྒོ་མོ་ནས་ནི་དུ་མ་ཡི། །ཆོས་ཀྱི་སྒོ་རྣམས་ཡུད་ཀྱིས་ཁོང་དུ་ཆུད། །ཆོས་ཀྱི་དབྱེ་བ་སེམས་ཅན་འཛིན་བཙུད་དེ། །དོན་ལ་ངེས་པའི་ཡེ་ཤེས་རྣམས་ཕྱེ་ཞིང༌། །ཆོས་ཀྱི་ཚིག་དོན་བརྗོད་པ་བྱས་པས་ན། །དེས་ན་ཡེ་ཤེས་ལྡན་པའི་འོད་ཟེར་འགྲུབ། །ཤེས་རབ་སྒྲོན་མའི་འོད་ཟེར་རབ་གཏོང་ཞིང༌། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །སྟོང་པ་བདག་མེད་མ་སྐྱེས་མ་བྱུང་ཞིང༌། །རང་བཞིན་མེད་པའི་ཆོས་ལ་རབ་ཏུ་འཇུག །བདག་པོ་མེད་ཆོས་སྟོང་པ་བྱེད་མེད་པ། །སྒྱུ་མ་སྨིག་རྒྱུ་ཆུ་ཟླ་མཚུངས་འདྲ་ཞིང༌། །རྨི་ལམ་མཚུངས་ལ་གཟུགས་བརྙན་འདྲ་བ་དག །སྟོན་པས་ཤེས་རབ་སྒྲོན་མ་དེ་གྲུབ་པོ། །ཆོས་ཀྱི་རྣམ་འཕྲུལ་འོད་ཟེར་རབ་གཏོང་ཞིང༌། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །མི་ཟད་མཛོད་ཀྱི་གཟུངས་ནི་ཐོབ་གྱུར་ནས། །དེ་བཞིན་གཤེགས་པ་ཀུན་གྱི་མཛོད་ཀྱང་འཛིན། །ཆོས་འཛིན་རྣམས་ལ་ཡོངས་སུ་ཕན་བཏགས་ཏེ། །དྲང་སྲོང་རྣམས་ལ་ཆོས་ཀྱིས་བསྲུང་བྱས་ཤིང༌། །འགྲོ་བ་ཆོས་ཀྱི་རྗེས་སུ་གཟུང་བྱས་པས། །ཆོས་ཀྱི་རྣམ་འཕྲུལ་འོད་ཟེར་གྲུབ་པར་འགྱུར། །གཏོང་དང་ལྡན་པའི་འོད་ཟེར་རབ་གཏོང་ཞིང༌། །སེམས་ཅན་འཇུངས་པ་གང་དག་དེས་བསྐུལ་བ། །ལོངས་སྤྱོད་མི་རྟག་མི་བརྟན་ཤེས་གྱུར་ནས། །དེ་དག་རྟག་ཏུ་གཏོང་ལ་དགའ་མོས་འགྱུར། །མ་དུལ་གདུལ་དཀའི་སེམས་ཅན་སེར་སྣ་ཅན། །ནོར་རྣམས་རྨི་ལམ་སྤྲིན་དང་འདྲར་ཤེས་ནས། །དགའ་བའི་ཡིད་ཀྱིས་སྦྱིན་པ་སྤེལ་བྱས་པས། །དེས་ན་གཏོང་དང་ལྡན་པའི་འོད་གྲུབ་


DTG111_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

པོ། །ཡོངས་སུ་གདུང་མེད་འོད་ཟེར་རབ་གཏོང་ཞིང༌། །ཁྲིམས་འཆལ་སེམས་ཅན་གང་དག་དེས་བསྐུལ་བ། །ཚུལ་ཁྲིམས་རྣམ་པར་དག་ལ་གནས་གྱུར་ནས། །རང་འབྱུང་འགྱུར་བར་བྱ་ཞེས་སེམས་བསྐྱེད་དོ། །དགེ་བའི་ལས་ལམ་ཡོངས་སུ་དག་པ་དང། །ཚུལ་ཁྲིམས་ལ་ཡང་སེམས་ཅན་མང་འཛུད་ཅིང༌། །བྱང་ཆུབ་སེམས་ཀྱང་ཡང་དག་འཛིན་བཅུག་པས། །ཡོངས་གདུང་མེད་པའི་འོད་ཟེར་དེ་གྲུབ་པོ། །བཟོད་པ་བཀོད་པའི་འོད་ཟེར་རབ་གཏོང་ཞིང༌། །མི་བཟོད་སེམས་ཅན་གང་དག་དེས་བསྐུལ་བ། །ཁྲོ་དང་ཐ་བ་ང་རྒྱལ་ཡོངས་སྤོངས་ཤིང༌། །དེ་ནི་རྟག་ཏུ་བཟོད་མོས་དགའ་བར་འགྱུར། །སྡིག་ལྡན་རྣམས་ཀྱིས་ཉེས་བྱས་བཟོད་བྱས་ཏེ། །བྱང་ཆུབ་དོན་དུ་འཁྲུག་པ་མ་བྱས་ཤིང༌། །བཟོད་པའི་ཡོན་ཏན་རྟག་ཏུ་བསྔགས་བརྗོད་པས། །དེས་ན་བཟོད་པ་བཀོད་པ་དེ་གྲུབ་པོ། །བརྟུན་དང་ལྡན་པའི་འོད་ཟེར་རབ་གཏོང་ཞིང༌། །ལེ་ལོའི་སེམས་ཅན་གང་དག་དེས་བསྐུལ་བ། །རིགས་པར་བརྩོན་པ་དཀོན་མཆོག་གསུམ་རྣམས་ལ། །སྦྱོར་བ་སྐྱོ་མེད་མཆོད་པ་བྱེད་པར་འགྱུར། །རིགས་པར་བརྩོན་པ་དཀོན་མཆོག་གསུམ་རྣམས་ལ། །སྦྱོར་བ་སྐྱོ་བ་མེད་པས་མཆོད་བྱས་ནས། །དེ་དག་བདུད་བཞིའི་ལམ་ལས་རབ་འདས་ཏེ། །བྱང་ཆུབ་བླ་མེད་མྱུར་དུ་རེག་པར་འགྱུར། །སེམས་ཅན་མང་པོ་བརྩོན་འགྲུས་འཛིན་བཅུག་སྟེ། །དཀོན་མཆོག་གསུམ་ལ་མཆོད་པ་རབ་བྱས་ནས། །ཟད་པའི་དུས་ན་དམ་ཆོས་ཡོངས་བཟུང་བས། །དེས་ན་བརྟུན་པར་ལྡན་པའི་འོད་ཐོབ་བོ། །ཞི་བར་བྱེད་པའི་འོད་ཟེར་རབ་གཏོང་ཞིང༌། །རྣམ་འཁྲུག་སེམས་ཅན་ཇི་སྙེད་དེས་བསྐུལ་བ། །དེ་དག་ཆགས་དང་སྡང་དང་རྨོང་མེད་ཅིང༌། །རྟོགས་པར་གྱུར་ནས་མཉམ་གཞག་སེམས་སུ་འགྱུར། །སྡིག་པའི་གྲོགས་པོ་སྐྱོན་ལྡན་སྤྱོད་ཅན་དང༌། །འདྲེ་བ་ཡོངས་སུ་རྣམ་པར་སྤངས་བྱས་ཏེ། །དགོན་པར་རབ་ཞི་བསམ་གཏན་རབ་བརྗོད་པས། །དེས་ན་ཞི་བར་བྱེད་པའི་འོད་གྲུབ་བོ། །ཤེས་རབ་བཀོད་པའི་འོད་ཟེར་རབ་གཏོང་ཞིང༌། །ཤེས་འཆལ་སེམས་ཅན་ཇི་སྙེད་དེས་བསྐུལ་བ། །བདེན་དང་རྟེན་དང་རྣམ་ཐར་ཚུལ་རྣམས་དང༌། །


DTG111_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་ཤེས་པ་རྟོགས་པར་ཁོང་ཆུད་ཅིང༌། །ཉི་མའི་སྒྲོན་མའི་ཏིང་འཛིན་ཐོབ་གྱུར་ནས། །ཤེས་རབ་སྣང་བར་མཛད་པའི་རྒྱལ་བར་འགྱུར། །རྒྱལ་སྲིད་ནོར་དང་བདག་ཕངས་ཡོངས་བཏང་སྟེ། །བྱང་ཆུབ་དོན་དུ་ཆོས་གང་བཙལ་བྱས་པ། །ཆོས་དེ་གུས་པར་བྱས་ནས་རབ་བཤད་པས། །ཤེས་རབ་བཀོད་པའི་འོད་ཟེར་དེ་གྲུབ་པོ། །སངས་རྒྱས་ལྡན་པའི་འོད་ཟེར་རབ་གཏོང་ཞིང༌། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །སངས་རྒྱས་སྟོང་ཕྲག་དུ་མ་བསམ་ཡས་རྣམས། །པདྨ་དམ་པ་རྣམས་ལ་བཞུགས་པར་མཐོང༌། །སངས་རྒྱས་ཆེ་དང་སངས་རྒྱས་རྣམ་ཐར་དང༌། །སངས་རྒྱས་རྣམ་འཕྲུལ་མཐའ་ཡས་བརྗོད་བྱས་ཤིང༌། །སངས་རྒྱས་སྟོབས་དང་རྫུ་འཕྲུལ་རབ་བརྗོད་པས། །དེས་ན་སངས་རྒྱས་ལྡན་པའི་འོད་གྲུབ་པོ། །མི་འཇིགས་སྦྱིན་པའི་འོད་ཟེར་རབ་གཏོང་ཞིང༌། །འཇིགས་ཉེན་སེམས་ཅན་གང་ལ་དེས་རེག་པ། །འབྱུང་པོ་གཟའ་དང་གསད་བརྡེག་བཅིང་བ་དང༌། །ནད་འགོ་འཇིགས་པ་ཀུན་ལས་ཐར་བར་འགྱུར། །མི་འཇིགས་སྦྱིན་པས་སེམས་ཅན་བསྐྱབ་པ་དང༌། །སྲོག་ཆགས་གསོད་ལས་བཟློག་པར་བྱས་པ་དང༌། །འཇིགས་པ་སྐྱབས་ཚོལ་རྣམས་ལ་སྐྱབས་བྱས་པས། །མི་འཇིགས་སྦྱིན་པའི་འོད་ཟེར་དེ་གྲུབ་པོ། །བདེ་བ་ཀུན་བྱེད་འོད་ཟེར་རབ་གཏོང་ཞིང༌། །ནད་པ་ན་བ་གང་དག་དེས་རེག་པ། །རྣམ་པ་ཀུན་དུ་ནད་ཀྱི་སྡུག་བསྔལ་ཐར། །བསམ་གཏན་ཏིང་འཛིན་བདེ་བ་རྣམས་ཀྱང་འཐོབ། །ནད་གསོས་འབྲས་བུ་སྨན་དང་རྩ་བ་དང། །རིན་ཆེན་བཅུད་ལེན་སྤོས་དང་བྱུག་པ་དང༌། །བུ་རམ་སྦྲང་རྩི་འོ་མ་མར་དག་དང༌། །འབྲུ་མར་ཟས་སྐོམ་བྱིན་པས་དེ་ཐོབ་པོ། །སངས་རྒྱས་སྟོན་པའི་འོད་ཟེར་རབ་གཏོང་ཞིང༌། །ཚེ་ཟད་ཐ་མར་གང་དག་དེས་བསྐུལ་བ། །སངས་རྒྱས་རྗེས་དྲན་སངས་རྒྱས་མཐོང་བར་འགྱུར། །དེ་དག་ཤི་འཕོས་སངས་རྒྱས་བཞུགས་ཤིང་འགྲོ། །འཆི་བའི་དུས་སུ་སངས་རྒྱས་དྲན་བྱས་ཏེ། །དགའ་བྱེད་རྒྱལ་བའི་སྐུ་གཟུགས་བསྟན་བྱས་ཤིང༌། །འཆི་ཀར་སངས་རྒྱས་སྐྱབས་སུ་གཏང་བརྗོད་པས། །སངས་རྒྱས་སྟོན་པའི་འོད་ཟེར་དེ་ཐོབ་པོ། །ཆོས་རབ་བརྗོད་པའི་འོད་ཟེར་རབ་


DTG111_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་ཞིང༌། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །ཆོས་ཉན་ཀློག་ཅིང་ཡི་གེར་འདྲི་བར་བྱེད། །དེ་དག་རྟག་ཏུ་ཆོས་ལ་དགའ་མོས་འགྱུར། །ཆོས་ཀྱི་མུ་གེ་བྱུང་ཚེ་ཆོས་བརྗོད་དེ། །ཆོས་ཚོལ་རྣམས་ཀྱི་བསམ་པ་རྫོགས་བྱས་ཤིང༌། །འདུན་པ་བསྐྱེད་དེ་ཆོས་ལ་བརྩོན་གྱིས་ཞེས། །བརྗོད་པས་ཆོས་རབ་བརྗོད་པ་དེ་ཐོབ་པོ། །སངས་རྒྱས་སྲས་རྣམས་ཡོངས་སུ་བསྐུལ་བའི་ཕྱིར། །དབྱངས་དང་ལྡན་པའི་འོད་ཟེར་རབ་གཏོང་ཞིང༌། །འཇིག་རྟེན་གསུམ་ན་སྒྲ་རྒྱུན་ཇི་སྙེད་པ། །ཀུན་ཀྱང་དེ་བཞིན་གཤེགས་པའི་གསུང་དུ་ཐོས། །གསང་བསྟོད་སྒྲ་ཡིས་དྲང་སྲོང་ཆེ་བསྟོད་དེ། །རྒྱལ་བའི་གསུང་སྒྲ་དོན་དུ་སིལ་སྙན་དང༌། །སྒྲ་ཆེན་དྲིལ་བུ་སྦྱིན་རྣམས་འགྲོ་ཀུན་ལ། །རབ་ཏུ་བསྔགས་པས་དབྱངས་ལྡན་འོད་གྲུབ་པོ། །འཆི་མེད་སྦྱིན་པའི་འོད་ཟེར་རབ་གཏོང་ཞིང༌། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །བག་མེད་སྤྱོད་པ་ཐམས་ཅད་རབ་སྤངས་ཏེ། །ཡོན་ཏན་ཀུན་ལ་བརྩོན་པ་ཉམས་སུ་ལེན། །འདུས་བྱས་རྟག་ཏུ་བདེ་བ་མེད་པ་སྟེ། །སྡུག་བསྔལ་འཚེ་བ་དུ་མས་ཡོངས་སུ་གང༌། །འགོག་པ་རྟག་ཏུ་བདེ་ཞིང་ཞི་སྤྱོད་ཅེས། །བརྗོད་པས་འཆི་མེད་སྦྱིན་པ་དེ་ཐོབ་པོ། །ཁྱད་པར་ལྡན་པའི་འོད་ཟེར་རབ་གཏོང་ཞིང༌། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །རྒྱལ་བ་རྣམས་ཀྱི་ཚུལ་ཁྲིམས་ཁྱད་པར་དང༌། །ཏིང་འཛིན་ཁྱད་པར་ཤེས་རབ་ཁྱད་པར་ཐོབ། །ཐུབ་ཆེན་རྒྱལ་པོ་ཁྲིམས་ཀྱི་མཆོག་གྱུར་ཅིང༌། །ཏིང་འཛིན་མཆོག་དང་ཤེས་རབ་མཆོག་གྱུར་ཅེས། །བྱང་ཆུབ་དོན་དུ་བསྟོད་ཅིང་བསྔགས་བརྗོད་པས། །དེས་ན་ཁྱད་པར་ལྡན་པའི་འོད་གྲུབ་པོ། །རིན་ཆེན་བཀོད་པའི་འོད་ཟེར་རབ་གཏོང་ཞིང༌། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །རིན་ཆེན་མི་ཟད་གཏེར་རྣམས་ཐོབ་གྱུར་ནས། །དྲང་སྲོང་ཆེ་ལ་རིན་ཆེན་དམ་པས་མཆོད། །རྒྱལ་དང་རྒྱལ་བའི་མཆོད་རྟེན་རིན་ཆེན་ཕུལ། །སྐྱེ་བོ་ཉོན་མོངས་རིན་ཆེན་རྣམས་ཀྱིས་བསྡུས། །རྒྱལ་བ་རྣམས་ལ་རིན་ཆེན་རབ་ཕུལ་བས། །རིན་ཆེན་བཀོད་པའི་འོད་ཟེར་གྲུབ་པར་གྱུར། །སྤོས་རབ་སྣང་བའི་འོད་ཟེར་རབ་གཏོང་ཞིང༌། །སེམས་ཅན་གང་དག་འོད་དེས་


DTG111_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་བྱས་པས། །མི་ལ་མེད་སྤོས་ཡིད་འོང་ཚོར་གྱུར་ནས། །སངས་རྒྱས་ཡོན་ཏན་རྣམས་ལ་ངེས་པར་འགྱུར། །མི་དང་ལྷ་ཡི་སྤོས་དང་བྱུག་པ་ཡིས། །མི་ཡི་གཙོ་ལ་མཆོད་པ་རབ་བྱས་ཏེ། །སྤོས་ལས་རྒྱལ་བའི་གཟུགས་དང་མཆོད་རྟེན་དག །བྱས་པས་སྤོས་རབ་སྣང་བ་དེ་གྲུབ་པོ། །སྣ་ཚོགས་བཀོད་པའི་འོད་ཟེར་རབ་གཏོང་ཞིང༌། །རྒྱལ་མཚན་བ་དན་གདུགས་མཆོག་སྣ་ཚོགས་དང༌། །སིལ་སྙན་བསྒྲགས་ཤིང་སྤོས་ཀྱི་བདུག་པ་ཡིས། །ཕོ་བྲང་དམ་པ་མཛེས་བྱས་མེ་ཏོག་བཀྲམ། །སིལ་སྙན་དག་གིས་རྒྱལ་བ་རྣམས་བསུ་ཞིང༌། །མེ་ཏོག་བདུག་པ་བདུག་སྤོས་ཕྱེ་མ་དང༌། །རྒྱལ་མཚན་བ་དན་གདུགས་མཆོག་རྣམས་ཀྱིས་མཆོད། །དེས་ན་སྣ་ཚོགས་བཀོད་པ་གྲུབ་པར་གྱུར། །ཤིན་ཏུ་དང་བྱེད་འོད་ཟེར་རབ་གཏོང་ཞིང༌། །ས་རྣམས་ལག་མཐིལ་བཞིན་དུ་གནས་པར་བྱེད། །མཆོད་རྟེན་དྲང་སྲོང་གནས་རྣམས་སྦྱང་བྱས་པས། །དེས་ན་ཤིན་ཏུ་དང་བྱེད་འོད་གྲུབ་པོ། །སྤྲིན་དང་ལྡན་པའི་འོད་ཟེར་རབ་གཏོང་ཞིང༌། །སྤོས་ཀྱི་ཆར་འབེབས་སྤྲིན་རྣམས་ཀུན་དུ་གནས། །མཆོད་རྟེན་འཁོར་སར་སྤོས་ཀྱི་ཆུས་བཏང་པས། །སྤྲིན་དང་ལྡན་པའི་འོད་དེ་རབ་ཏུ་འཐོབ། །ལྷབ་ལྷུབ་བཀོད་པའི་འོད་ཟེར་རབ་གཏོང་ཞིང༌། །གཅེར་བུ་གོས་གྱོན་རྒྱན་དང་ལྡན་པར་འགྱུར། །གོས་དང་བགོ་བ་རྒྱན་ཕྲེང་སྣ་ཚོགས་དག །སྦྱིན་པ་བྱས་པས་ལྷབ་ལྷུབ་བཀོད་པ་གྲུབ། །རོ་མཆོག་ལྡན་པའི་འོད་ཟེར་རབ་གཏོང་ཞིང༌། །བཀྲེས་པ་ཁ་ཟས་རོ་མཆོག་ཐོབ་པར་འགྱུར། །ཟས་དང་སྐོམ་དང་རོ་མཆོག་སྣ་ཚོགས་རྣམས། །བྱིན་པས་རོ་མཆོག་ལྡན་པའི་འོད་གྲུབ་པོ། །ནོར་རྣམས་སྟོན་པའི་འོད་ཟེར་རབ་གཏོང་ཞིང༌། །དབུལ་པོ་དག་གིས་རིན་ཆེན་གཏེར་རྣམས་འཐོབ། །དཀོན་མཆོག་གསུམ་ལ་གཏེར་གཞི་མི་ཟད་པ། །དབུལ་བ་བྱས་པས་ནོར་སྟོན་འོད་ཐོབ་པོ། །མིག་རྣམས་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང༌། །དེ་ཚེ་ལོང་བས་སྣ་ཚོགས་གཟུགས་རྣམས་མཐོང༌། །རྒྱལ་བ་དག་དང་རྒྱལ་བའི་མཆོད་རྟེན་ལ། །མར་མེ་ཕུལ་བས་མིག་སྦྱོང་འོད་ཟེར་གྲུབ། །རྣ་བ་རྣམ་སྦྱོང་འོད་ཟེར་རབ་གཏོང་ཞིང༌། །རྣ་བ་ཉམས་པས་སྒྲ་མང་ཐོས་པར་འགྱུར། །


DTG111_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་རྣམས་དང་རྒྱལ་བའི་མཆོད་རྟེན་ལ། །སིལ་སྙན་ཕུལ་བས་རྣ་སྦྱོང་འོད་གྲུབ་པོ། །སྣ་རྣམས་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང༌། །སྔོན་ཆད་མ་ཚོར་དྲི་ཞིམ་ཚོར་བར་འགྱུར། །རྒྱལ་བ་རྣམས་དང་རྒྱལ་བའི་མཆོད་རྟེན་ལ། །སྤོས་རབ་ཕུལ་བས་སྣ་སྦྱོང་འོད་ཟེར་གྲུབ། །ལྕེ་རྣམ་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང༌། །སྒྲ་སྙན་ཡིད་འོང་རྣམས་ཀྱིས་སངས་རྒྱས་བསྟོད། །མི་སྙན་བསླང་བར་སྨྲ་བ་རྣམས་སྤོངས་ཏེ། །འཇམ་པར་སྨྲས་པས་ལྕེ་སྦྱོང་འོད་ཟེར་གྲུབ། །ལུས་རྣམས་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང༌། །དབང་པོ་ཉམས་པ་དབང་པོ་ལྡན་པར་འགྱུར། །རྒྱལ་བ་རྣམས་དང་རྒྱལ་བའི་མཆོད་རྟེན་ལ། །ལུས་བཏུད་བྱས་པས་ལུས་རྣམས་སྦྱོང་བ་ཐོབ། །སེམས་རྣམས་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང༌། །སྨྱོས་པ་ཐམས་ཅད་སེམས་དང་ལྡན་པར་འགྱུར། །ཏིང་འཛིན་དབང་རྗེས་སེམས་འགྲོ་བྱས་པས་ན། །སེམས་རྣམས་སྦྱོང་བའི་འོད་ཟེར་དེ་གྲུབ་པོ། །གཟུགས་རྣམས་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང༌། །མི་དབང་རྣམས་ཀྱི་བསམ་ཡས་སྐུ་མཐོང་སྟེ། །སྐུ་གཟུགས་རི་མོ་སྣ་ཚོགས་མང་པོ་དང༌། །མཆོད་རྟེན་བརྒྱན་བྱས་གཟུགས་སྦྱོང་འོད་གྲུབ་པོ། །སྒྲ་རྣམས་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང༌། །སྒྲ་ནི་སྒྲ་མིན་སྟོང་པར་རབ་ཏུ་ཤེས། །རྐྱེན་ལས་བྱུང་བས་བྲག་ཅ་འདྲའོ་ཞེས། །སྒྲ་རྣམས་བསྟན་པས་འོད་ཟེར་དེ་གྲུབ་པོ། །དྲི་རྣམས་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང༌། །དྲི་ང་ཐམས་ཅད་དྲི་ཞིམ་མཆོག་ཏུ་འགྱུར། །སྤོས་རབ་མཆོག་ཆུས་རྒྱལ་བའི་མཆོད་རྟེན་དག །ཁྲུས་བྱས་བྱང་ཆུབ་ཞིང་གི་འོད་དེ་ཡིན། །རོ་བྲོ་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང༌། །དུག་ཅན་དུག་མེད་རོའི་མཆོག་ཏུ་འགྱུར། །སངས་རྒྱས་ཉན་ཐོས་བཅས་དང་ཕ་མ་ལ། །རོ་མཆོག་ཐམས་ཅད་ཕུལ་བའི་འོད་དེ་ཡིན། །རེག་རྣམ་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང༌། །རེག་ན་རྩུབ་པ་འཇམ་ཞིང་བདེ་བར་འགྱུར། །མདུང་ཐུང་རྩེ་གསུམ་རལ་གྲི་མདའ་ཆེན་ཆར། །ཕྲེང་བ་འཇམ་པ་པདྨ་ཨུཏྤལ་འགྱུར། །བཅོས་བུའི་རས་མང་འཇམ་ཞིང་རེག་བདེ་རྣམས། །རྒྱལ་བ་རྣམས་ཀྱི་གཤེགས་ཤུལ་བཏིང་བཀྲམ་སྟེ། །མེ་ཏོག་བྱུག་པ་ན་བཟའ་


DTG111_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་རྣམས་དང༌། །ཕྲེང་བ་བླ་རེ་ཕུལ་བའི་འོད་དེ་ཡིས། །ཆོས་རྣམ་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང༌། །འཇིག་རྟེན་ཕན་མཛད་རྒྱལ་བ་ཐམས་ཅད་ཀྱི། །སྤུ་རྣམས་ཀུན་ནས་ཆོས་རྣམས་བསམ་མི་ཁྱབ། །བྱུང་བ་ཐོས་ནས་མོས་པ་ཐམས་ཅད་ཚིམ། །རྐྱེན་ལས་བྱུང་བས་མ་སྐྱེས་ངོ་བོ་ཉིད། །རྒྱལ་བ་རྣམས་ཀྱི་སྐུ་ནི་ཆོས་སྐུ་སྟེ། །ཆོས་ཉིད་ནམ་མཁའ་བཞིན་དུ་གནས་སོ་ཞེས། །བརྗོད་པས་ཆོས་རྣམ་སྦྱོང་བ་ཐོབ་པར་འགྱུར། །འོད་ཟེར་སྒོ་མོ་དེ་དག་ལ་སོགས་པ། །དྲང་སྲོང་རྣམས་ཀྱི་སྤུ་ཡི་སྒོ་གཅིག་ནས། །འོད་ཟེར་གང་གའི་བྱེ་མ་སྙེད་འབྱུང་སྟེ། ཀུན་ལ་སྦྱོར་བ་ཐ་དད་ཚུལ་ཅན་ནོ། །ཇི་ལྟར་སྐུ་ཡི་སྤུ་ཡི་སྒོ་གཅིག་ནས། །འོད་ཟེར་གང་གཱའི་བྱེ་མ་སྙེད་འབྱུང་བ། །མ་ལུས་སྤུ་རྣམས་ཀུན་ནས་དེ་བཞིན་ཏེ། །དྲང་སྲོང་ཏིང་འཛིན་རྣམ་འཕྲུལ་འདི་འདྲའོ། །ཡོན་ཏན་གང་གིས་འོད་ཟེར་གང་འགྲུབ་པའི། །ཡོན་ཏན་དེ་གྲོགས་སྔོན་ཆད་གང་གྱུར་པ། །དེ་དག་ཉིད་ལས་འོད་ཟེར་རབ་འབྱུང་སྟེ། །དྲང་སྲོང་ཡེ་ཤེས་རྣམ་འཕྲུལ་འདི་འདྲའོ། །དེ་དག་བསོད་ནམས་སྔོན་གྲོགས་གང་ཡིན་ལ། །རྗེས་སུ་ཡི་རང་གསོལ་བ་སུས་བཏབ་དང༌། །གང་གིས་མཐོང་སྟེ་དགེ་བ་བསགས་གྱུར་པ། །དེ་དག་ཀུན་གྱིས་འོད་ཟེར་དེ་དག། ཤེས། །གང་དག་བསོད་ནམས་བྱས་ཤིང་དགེ་བསགས་དང༌། །གང་དག་ཡང་ཡང་སངས་རྒྱས་རྣམས་མཆོད་ཅིང༌། །སངས་རྒྱས་ཡོན་ཏན་འདུན་ཏེ་དོན་གཉེར་བ། །དེ་དག་ཀུན་ལ་འོད་ཟེར་དེ་དག་བསྐུལ། །དཔེར་ན་དམུས་ལོང་ཉི་མ་མི་མཐོང་ཡང༌། །དེ་མེད་མ་ཡིན་འཇིག་རྟེན་ཀུན་དུ་འཆར། །མིག་དང་ལྡན་པས་ཤར་བར་ཤེས་གྱུར་ནས། །ཀུན་ཀྱང་རང་རང་སོ་སོའི་ལས་ལ་འཇུག །དེ་བཞིན་སྐྱེས་ཆེན་འོད་ཟེར་དེ་དག་ཀུན། །རབ་ཏུ་བྱུང་ཡང་ལོག་པས་ཉེན་གྱུར་ཅིང༌། །མོས་ཉམས་ཕལ་པ་རྣམས་ཀྱིས་མི་མཐོང་སྟེ། །བློ་གྲོས་ཡངས་པ་རྣམས་ལ་དེ་དག་མོད། །དཔེར་རྒྱན་ནོར་བུ་བཞོན་པ་གཞལ་མེད་ཁང༌། །བཅུད་ཀྱིས་ལེན་དང་རིན་ཆེན་བྱུག་པ་སྤོས། །དེ་དག་སྐྱེ་བོ་ཆེ་ལ་ཡོད་མོད་ཀྱི། །ཕོངས་པར་གྱུར་པ་རྣམས་ལ་དེ་དག་མེད། །དེ་བཞིན་སྐྱེས་ཆེན་འོད་ཟེར་དེ་དག་ཀུན། །དེ་དག་ཡོད་ཀྱང་ལོག་པས་ཉེན་གྱུར་ཅིང༌། །མོས་


DTG111_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉམས་པ་རྣམས་ཀྱིས་མི་མཐོང་སྟེ། །བློ་གྲོས་ཡངས་པ་རྣམས་ལ་དེ་དག་མོད། །གང་དག་འོད་ཟེར་དབྱེ་བ་འདི་ཐོས་ནས། །དད་ཅིང་མོས་ལ་དང་བ་སྐྱེས་གྱུར་ནས། །བདག་ནི་ཡོན་ཏན་ཆེ་རྒྱུར་མི་འགྱུར་ཞེས། །དེ་དག་དོགས་དང་སོམ་ཉི་མི་བསྐྱེད་དོ། །དེ་དག་གཡོག་འཁོར་བཀོད་པ་རྣམ་འཕྲུལ་པ། །ཏིང་འཛིན་དམ་པ་མངོན་པར་གྲུབ་བྱེད་ཅིང༌། །ཕྱོགས་བཅུ་ཀུན་དུ་དོ་ཟླ་མེད་རྣམས་ཀྱི། །ཞམ་རིང་སངས་རྒྱས་སྲས་རྣམས་སྟོན་པར་བྱེད། །འོད་བཀོད་དེ་དག་པདྨ་སྣ་ཚོགས་པ། །སྟོང་གསུམ་ཚད་ཙམ་བྱིན་གྱིས་བརླབ་བྱས་ནས། །སྐྱིལ་ཀྲུང་བཅས་པའི་ལུས་ཀྱིས་ཀུན་ཁྱབ་སྟེ། །ཏིང་འཛིན་རྣམ་པར་འཕྲུལ་པ་འདི་འདྲའོ། །དེ་དག་ཞིང་བཅུའི་རྡུལ་སྙེད་པདྨ་གཞན། །འཁོར་དང་བཅས་པས་བྱིན་གྱིས་བརླབ་བྱས་ཤིང༌། །སངས་རྒྱས་སྲས་ཀྱིས་ཐམས་ཅད་ཡོངས་སུ་བསྐོར། །དེ་དག་ཏིང་འཛིན་ཏིང་འཛིན་མེད་པར་གནས། །དྲང་སྲོང་དེ་ཡིས་སེམས་ཅན་གང་དག་རྣམས། །ཡོངས་སུ་སྨིན་བྱས་སངས་རྒྱས་ལེགས་བསྒྲུབས་པས། །དེ་དག་པདྨ་ཆེན་པོ་དེ་བསྐོར་ཞིང༌། །ཀུན་ཀྱང་ཐལ་མོ་སྦྱར་ནས་ལྟ་ཞིང་འཁོད། །གང་དག་ཏིང་འཛིན་གནས་པར་རབ་ཞུགས་པ། །སྐྱེས་ཆེན་རྣམས་ཀྱི་ཆོས་ཉིད་འདི་ཡིན་ཏེ། །རང་གི་སློབ་མས་ཀུན་ཀྱང་ཡོངས་བསྐོར་ནས། །སྐར་མའི་ཚོགས་ཀྱིས་ཟླ་བ་བསྐོར་བ་བཞིན། །དེ་དག་ཇི་ལྟར་ཕྱོགས་གཅིག་རབ་འཇུག་ཅིང༌། །ཞམ་འབྲིང་སངས་རྒྱས་སྲས་རྣམས་སྟོན་བྱེད་པ། །དེ་བཞིན་གཤེགས་རྣམས་མ་ལུས་ཀུན་དུ་སྟོན། །ཏིང་འཛིན་རྣམ་པར་འཕྲུལ་པ་འདི་འདྲའོ། །དེ་དག་ཕྱོགས་ཀྱི་དྲ་བ་ཁྱབ་གནས་པའི། །ཏིང་འཛིན་དམ་པ་མངོན་པར་སྒྲུབ་བྱེད་ཅིང༌། །ཁ་ཅིག་མཉམ་གཞག་ཁ་ཅིག་ལྡན་པར་ཡང༌། །ཕྱོགས་རྣམས་ཀུན་དུ་རང་གི་ལུས་སྟོན་ཏོ། །དེ་དག་ཤར་གྱི་ཕྱོགས་སུ་མཉམ་གཞག་ཅིང༌། །ནུབ་ཀྱི་ཕྱོགས་སུ་དཔའ་བོ་རྣམ་པར་ལྡང༌། །ནུབ་ཀྱི་ཕྱོགས་སུ་མཉམ་པར་བཞག་གྱུར་ཅིང༌། །བདག་ཉིད་ཆེན་པོ་ཤར་གྱི་ཕྱོགས་ནས་ལྡང༌། །དེ་བཞིན་ཕྱོགས་བཅུ་རྣམས་སུ་རབ་ཏུ་འཇུག །གཞན་གྱི་ཕྱོགས་སུ་མཉམ་པར་བཞག་གྱུར་ལ། །ཡེ་ཤེས་ཡོན་ཏན་ཕྱུག་པོ་གཞན་ནས་ལྡང༌། །དྲང་སྲོང་ཏིང་འཛིན་རྣམ་འཕྲུལ་འདི་འདྲའོ། །


DTG111_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ཕྱོགས་སངས་རྒྱས་ཞིང་རྣམས་གང་ཡིན་པ། །གྲངས་མེད་མ་ལུས་དག་ན་རང་བྱུང་བ། །དེ་དག་སྤྱན་སྔར་ཞབས་དྲུང་དེ་དག་རྣམས། །ཞི་བའི་ཏིང་ངེ་འཛིན་ལ་རྣམ་པར་སྣང༌། །ཕྱོགས་དེར་མཉམ་པར་གཞག་པ་བརྟན་བྱས་ནས། །དཔའ་བོ་ནུབ་ཀྱི་ཞིང་ཁམས་མ་ལུས་པར། །རྣམ་པར་ལྡང་ཞིང་མངོན་སུམ་རྒྱལ་ཀུན་ལ། །མཆོད་པ་དུ་མ་རབ་ཏུ་བྱེད་པར་སྣང༌། །ནུབ་ཕྱོགས་སངས་རྒྱས་ཞིང་རྣམས་གང་ཡིན་པ། །གྲངས་མེད་མ་ལུས་དག་ན་བཞུགས་སངས་རྒྱས། །དེ་དག་སྤྱན་སྔར་ཞབས་དྲུང་དེ་དག་རྣམས། །ཞི་བའི་ཏིང་ངེ་འཛིན་ལ་གནས་པར་སྣང༌། །ཕྱོགས་དེར་མཉམ་པར་གཞག་པ་བརྟན་བྱས་ནས། །དཔའ་བོ་ཤར་གྱི་ཞིང་རྣམས་མ་ལུས་པར། །རྣམ་པར་ལྡང་ཞིང་མངོན་སུམ་རྒྱལ་ཀུན་ལ། །མཆོད་པ་དུ་མ་རབ་ཏུ་བྱེད་པར་སྣང༌། །དེ་བཞིན་ཕྱོགས་བཅུ་དག་གི་ཞིང་རྣམས་སུ། །ཕྱོགས་རྣམས་མ་ལུས་ཀུན་དུ་བརྟན་ལ་འཇུག །ཁ་ཅིག་མཉམ་གཞག་ཁ་ཅིག་ལངས་གྱུར་ཅིང༌། །འཇིག་རྟེན་སྒྲོན་མ་རྣམས་མཆོད་བྱེད་པར་སྣང༌། །དེ་དག་མིག་གི་ལམ་ལ་མཉམ་གཞག་ཅིང༌། །གཟུགས་ཀྱི་ལམ་ནས་བདག་ཉིད་ཆེན་པོ་ལྡང༌། །གཟུགས་རྣམས་བསམ་གྱིས་མི་ཁྱབ་སྟོན་པ་ན། །དེ་ལ་ལྷར་བཅས་འཇིག་རྟེན་རྨོངས་པར་འགྱུར། །གཟུགས་ཀྱི་ལམ་ལ་མཉམ་པར་བཞག་གྱུར་ལ། །མི་ནི་མ་སྐྱེས་མ་བྱུང་རང་བཞིན་ཏེ། །སྟོང་པ་བྱེད་པ་མེད་པར་རབ་སྟོན་ཅིང༌། །མིག་གི་ལམ་ནས་དྲན་ལྡན་རྣམ་པར་ལྡང༌། །དེ་དག་རྣ་བའི་ལམ་ལ་མཉམ་གཞག་ཅིང༌། །སྒྲ་ཡི་ལམ་ནས་བདག་ཉིད་ཆེན་པོ་ལྡང༌། །གང་ལ་ལྷར་བཅས་འཇིག་རྟེན་རྨོངས་གྱུར་པ། །སྒྲ་དང་སྐད་རྣམས་ལན་ལ་རབ་ཏུ་ཞུགས། །སྒྲ་ཡི་ལམ་ལ་མཉམ་པར་བཞག་གྱུར་ཅིང༌། །རྣ་བ་མ་སྐྱེས་མ་བྱུང་རང་བཞིན་ཏེ། །སྟོང་པ་བྱེད་པ་མེད་པར་རབ་སྟོན་ཅིང༌། །རྣ་བའི་ལམ་ནས་དྲན་ལྡན་རྣམ་པར་ལྡང༌། །དེ་དག་སྣ་ཡི་ལམ་ལ་མཉམ་གཞག་ཅིང༌། །དྲི་ཡི་ལམ་ནས་བདག་ཉིད་ཆེན་པོ་ལྡང༌། །གང་དུ་ལྷར་བཅས་འཇིག་རྟེན་རྨོངས་གྱུར་པ། །དྲི་མཆོག་དམ་པ་འཇུག་པར་རབ་ཏུ་ཞུགས། །དྲི་ཡི་ལམ་ལ་མཉམ་པར་བཞག་གྱུར་ཅིང༌། །སྣ་ནི་མ་སྐྱེས་མ་བྱུང་རང་བཞིན་ཏེ། །སྟོང་པ་བྱེད་པ་མེད་པར་རབ་སྟོན་ཅིང༌། །སྣ་ཡི་ལམ་ནས་དྲན་ལྡན་


DTG111_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ལྡང༌། །དེ་དག་ལྕེ་ཡི་ལམ་ལ་མཉམ་གཞག་ཅིང༌། །རོ་མཆོག་ཀུན་གྱི་ལམ་ནས་རྣམ་པར་ལྡང༌། །གང་དུ་ལྷར་བཅས་འཇིག་རྟེན་རྨོངས་གྱུར་པ། །བདག་ཉིད་ཆེན་པོ་རོ་མཆོག་རྣམ་པར་ལྡང༌། །རོ་མཆོག་རྣམས་ལ་མཉམ་པར་བཞག་གྱུར་ཅིང༌། །ལྕེ་ནི་མ་སྐྱེས་མ་བྱུང་རང་བཞིན་ཏེ། །སྟོང་པ་བྱེད་པ་མེད་པར་རབ་སྟོན་ཅིང༌། །ལྕེ་ཡི་ལམ་ནས་དྲན་ལྡན་རྣམ་པར་ལྡང༌། །དེ་དག་ལུས་ཀྱི་ལམ་ལ་མཉམ་གཞག་ཅིང༌། །རེག་པའི་ལམ་ནས་བདག་ཉིད་ཆེན་པོ་ལྡང༌། །གང་དུ་ལྷར་བཅས་འཇིག་རྟེན་རྨོངས་གྱུར་པ། །འཇིག་རྟེན་བདེ་བ་བསྐྱེད་པའི་རེག་ལ་བཞུགས། །རེག་པའི་ལམ་ལ་མཉམ་པར་བཞག་གྱུར་ཅིང༌། །ལུས་ནི་མ་སྐྱེས་མ་བྱུང་རང་བཞིན་ཏེ། །སྟོང་པ་བྱེད་པ་མེད་པར་རབ་སྟོན་ཅིང༌། །ལུས་ཀྱི་ལམ་ནས་དྲན་ལྡན་རྣམ་པར་ལྡང༌། །དེ་དག་སེམས་ཀྱི་ལམ་ལ་མཉམ་གཞག་ཅིང༌། །ཆོས་ཀྱི་ལམ་ནས་བདག་ཉིད་ཆེན་པོ་ལྡང༌། །གང་དུ་ལྷར་བཅས་འཇིག་རྟེན་རྨོངས་གྱུར་པ། །ཆོས་ལ་གནས་པའི་འཇུག་པར་རབ་ཏུ་ཞུགས། །ཆོས་ཀྱི་ལམ་ལ་མཉམ་པར་བཞག་གྱུར་ཅིང༌། །སེམས་ནི་མ་སྐྱེས་མ་བྱུང་རང་བཞིན་ཏེ། །སྟོན་པ་བྱེད་པ་མེད་པར་རབ་སྟོན་ཅིང༌། །སེམས་ཀྱི་ལམ་ནས་དྲན་ལྡན་རྣམ་པར་ལྡང༌། །དེ་དག་བྱིས་པའི་ལུས་ལ་མཉམ་གཞག་ཅིང༌། །ལང་ཚོ་ཤུགས་ལ་གནས་པ་རྣམས་ལས་ལྡང༌། །ལང་ཚོ་ཤུགས་གནས་རྣམས་ལ་མཉམ་གཞག་ཅིང༌། །རྒས་ཤིང་འཁོགས་པའི་ལུས་ལས་རྣམ་པར་ལྡང༌། །རྒས་ཤིང་འཁོགས་པའི་ལུས་ལ་མཉམ་གཞག་ཅིང༌། །དད་པའི་དགེ་བསྙེན་མ་ཡི་ལུས་ལས་ལྡང༌། །དགེ་བསྙེན་དད་པའི་ལུས་ལ་མཉམ་གཞག་ཅིང༌། །དད་པའི་དགེ་བསྙེན་ལུས་ལས་རྣམ་པར་ལྡང༌། །དད་པའི་དགེ་བསྙེན་ལུས་ལ་མཉམ་གཞག་ཅིང༌། །དགེ་སློང་མ་ཡི་ལུས་ལས་རྣམ་པར་ལྡང༌། །དགེ་སློང་མ་ཡི་ལུས་ལ་མཉམ་གཞག་ཅིང༌། །དགེ་སློང་མང་དུ་ཐོས་པའི་ལུས་ལས་ལྡང༌། །དགེ་སློང་མང་ཐོས་ལུས་ལ་མཉམ་གཞག་ཅིང༌། །སློབ་དང་མི་སློབ་ལུས་ལས་རྣམ་པར་ལྡང༌། །སློབ་དང་མི་སློབ་ལུས་ལ་མཉམ་གཞག་ཅིང༌། །རྐྱེན་གྱིས་སངས་རྒྱས་ལུས་ལས་རྣམ་པར་ལྡང༌། །རྐྱེན་གྱིས་སངས་


DTG111_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ལུས་ལ་མཉམ་གཞག་ཅིང༌། །སངས་རྒྱས་སྐུ་མཆོག་རབ་ལས་རྣམ་པར་ལྡང༌། །སངས་རྒྱས་སྐུ་མཆོག་རབ་ལ་མཉམ་གཞག་ཅིང༌། །ལྷ་ཡི་ལུས་གཟུགས་ལས་ནི་རྣམ་པར་ལྡང༌། །ལྷ་ཡི་ལུས་གཟུགས་ལ་ནི་མཉམ་གཞག་ཅིང༌། །རྫུ་འཕྲུལ་ཆེན་པོ་ཀླུ་ཡི་ལུས་ལས་ལྡང༌། །རྫུ་འཕྲུལ་ཀླུ་ཡི་ལུས་ལ་མཉམ་གཞག་ཅིང༌། །རྫུ་འཕྲུལ་གནོད་སྦྱིན་ལུས་ལས་རྣམ་པར་ལྡང༌། །འཕྲུལ་ཆེན་གནོད་སྦྱིན་ལུས་ལ་མཉམ་གཞག་ཅིང༌། །འབྱུང་པོ་ཀུན་གྱི་ལུས་ལས་རྣམ་པར་ལྡང༌། །འབྱུང་པོ་ཀུན་གྱི་ལུས་ལ་མཉམ་གཞག་ཅིང༌། །སྤུ་ཡི་སྒོ་གཅིག་ནས་ནི་རྣམ་པར་ལྡང༌། །སྤུ་སྒོ་གཅིག་ལ་མཉམ་པར་བཞག་གྱུར་ཅིང༌། །སྤུ་སྒོ་ཐམས་ཅད་ལས་ནི་རྣམ་པར་ལྡང༌། །སྤུ་སྒོ་ཀུན་ལ་མཉམ་པར་བཞག་གྱུར་ཅིང༌། །སྐྲ་རྩེ་གཅིག་གི་ཁྱོན་ལས་རྣམ་པར་ལྡང༌། །སྐྲ་རྩེ་གཅིག་གི་ཁྱོན་ལ་མཉམ་གཞག་ཅིང༌། །སྐྲ་རྩེ་ཀུན་གྱི་ཁྱོན་ལས་རྣམ་པར་ལྡང། །སྐྲ་རྩེ་ཀུན་གྱི་ཁྱོན་ལས་མཉམ་གཞག་ཅིང༌། །ཕྲ་རབ་རྡུལ་གྱི་རྡུལ་ལས་དེ་དག་ལྡང༌། །རྡུལ་གཅིག་ལ་ནི་མཉམ་པར་བཞག་གྱུར་ཅིང༌། །མ་ལུས་རྡུལ་རྣམས་ཀུན་ལས་རྣམ་པར་ལྡང༌། །རྡུལ་རྣམས་མ་ལུས་ཀུན་ལ་མཉམ་གཞག་ཅིང༌། །རྒྱ་མཚོ་རྡོ་རྗེའི་གཞི་ལས་རྣམ་པར་ལྡང། །རྒྱ་མཚོ་རྡོ་རྗེའི་གཞི་ལ་མཉམ་གཞག་ཅིང༌། །ནོར་བུའི་ཤིང་ཐོག་དག་ལས་རྣམ་པར་ལྡང༌། །ཤིང་ཐོག་དག་ལ་མཉམ་པར་བཞག་གྱུར་ཅིང༌། །རྒྱལ་བ་རྣམས་ཀྱི་འོད་ཟེར་སྒོ་ནས་ལྡང༌། །རྒྱལ་བའི་འོད་ཟེར་སྒོ་ལ་མཉམ་གཞག་ཅིང༌། །རྒྱ་མཚོའི་ཆུ་ཡི་ཆུ་ཀླུང་རྣམས་ལས་ལྡང༌། །རྒྱ་མཚོའི་ཆུ་ཀླུང་རྣམས་ལ་མཉམ་གཞག་ཅིང༌། །བདག་ཉིད་ཆེན་པོ་མེ་ཡི་ལམ་ལས་ལྡང༌། །མེ་ཡི་ལམ་ལ་མཉམ་པར་བཞག་གྱུར་ཅིང༌། །རླུང་གི་ལམ་ལས་དྲན་ལྡན་རྣམ་པར་ལྡང༌། །རླུང་གི་ལམ་ལ་མཉམ་པར་བཞག་གྱུར་ཅིང༌། །བདག་ཉིད་ཆེན་པོ་ས་ཡི་གཞི་ལས་ལྡང༌། །ས་ཡི་གཞི་ལ་མཉམ་པར་བཞག་གྱུར་ཅིང༌། །ལྷ་ཀུན་གཞལ་མེད་ཁང་ལས་རྣམ་པར་ལྡང༌། །ལྷ་ཀུན་གཞལ་མེད་ཁང་ལ་མཉམ་གཞག་ཅིང༌། །དྲན་ལྡན་དེ་ནི་མཁའ་ལས་རྣམ་པར་ལྡང༌། །ཡོན་ཏན་མཐའ་ཡས་བསགས་པ་དེ་དག་གི །ཏིང་འཛིན་རྣམ་ཐར་དེ་དག་བསམ་མི་ཁྱབ། །རྒྱལ་བ་


DTG111_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱིས་བསྐལ་པ་བསམ་ཡས་སུ། །བཤད་པ་མཛད་ཀྱང་ཟད་པར་མཛད་མི་སྤྱོད། །འགྲོ་ལས་རྣམ་སྨིན་བསམ་གྱིས་མི་ཁྱབ་སྟེ། །རྒྱལ་བ་ཀུན་གྱིས་དེ་དག་གསུངས་པ་ནི། །ལྷ་ཀླུའི་རྣམ་འཕྲུལ་སངས་རྒྱས་རྣམ་འཕྲུལ་དང༌། །བསམ་བྱེད་བསམ་གཏན་རྣམ་འཕྲུལ་བསམ་མི་ཁྱབ། །དེ་དག་ལ་ཡང་དཔེས་སྟོན་བརྗོད་པར་བྱ། །དེ་དག་འདྲ་བའི་དཔེ་ལྟ་ཅང་མེད་དེ། །མཁས་ཤིང་རིག་པའི་སྐྱེ་བོ་དཔེ་རྣམས་ཀྱིས། །བསྟན་ན་མྱུར་དུ་དོན་རྣམས་ཤེས་པར་འགྱུར། །རྣམ་ཐར་བརྒྱད་ཀྱི་དབང་ལ་གནས་པ་ཡི། །ཉན་ཐོས་གཅིག་ཏུ་གྱུར་ནས་མང་པོར་འགྱུར། །མང་པོར་གྱུར་ནས་ཕྱིར་ཡང་གཅིག་འགྱུར་ཏེ། །མཁའ་ལ་བསམ་གཏན་འཆའ་ཞིང་འབར་བར་བྱེད། །སྨད་ནས་མེ་འབར་སྟོད་ནས་ཆུ་ཡི་རྒྱུན། །སྟོད་ནས་མེ་འབར་སྨད་ནས་ཆུ་ཡི་རྒྱུན། །འགྲོ་དང་འགྲེང་དང་ཉལ་དང་འདུག་པ་དང༌། །ལུས་འཕྲུལ་སྐད་ཅིག་གཅིག་ལ་བསམ་མི་ཁྱབ། །དེ་ནི་སྙིང་རྗེ་ཆེ་དང་མི་ལྡན་ཞིང༌། །བྱང་ཆུབ་མི་ཚོལ་འཇིག་རྟེན་ཡལ་འདོར་ཡང༌། །ལུས་ཀྱི་རྣམ་འཕྲུལ་བསམ་ཡས་སྟོན་བྱེད་ན། །འཇིག་རྟེན་ཕན་འདོད་ཅི་ཕྱིར་སྟོན་མི་བྱེད། །ཉི་ཟླ་མཁའ་ལས་རྣམ་པར་རྒྱུ་འདོད་ཅིང༌། །ཕྱོགས་རྣམས་ཀུན་གྱི་ཆུ་ཡི་ངོགས་དག་དང༌། །མཚོ་མཚེའུ་མཚོ་བྲན་སྣོད་དང་རིན་ཆེན་དང༌། །རྒྱ་མཚོ་ཆུ་ཀླུང་རྣམས་དང་གཟུགས་བརྙན་སྟོན། །དེ་བཞིན་གཟུགས་རྣམས་བསམ་གྱིས་མི་ཁྱབ་པ། །སྐྱེས་བུ་དཔའ་བོ་ཕྱོགས་བཅུ་ཀུན་དུ་སྟོན། །ཏིང་འཛིན་རྣམ་ཐར་ཀུན་གྱི་ཚུལ་ལ་མཁས། །དེ་ལ་དེ་བཞིན་གཤེགས་པ་རང་བྱུང་དཔང༌། །དང་བའི་མཚོ་ལ་ཡན་ལག་བཞི་པའི་དམག །དེ་དག་སོ་སོའི་རང་གི་གཟུགས་བརྙན་མཐོང༌། །རལ་གྲི་མདའ་ཆེན་གཞུ་དང་མདའ་རྣམས་དང༌། །གོ་གྱོན་བཞོན་དང་ཐེག་པར་བཅས་སུ་མཐོང༌། །གང་གི་གཟུགས་གང་གནས་གང་ཆ་བྱད་གང༌། །དེ་དང་དེ་དག་དེ་ལྟར་ཆུ་ལས་མཐོང༌། །འོན་ཀྱང་ཆུ་ལ་བྱམས་སྡང་རྣམ་རྟོག་མེད། །དྲང་སྲོང་ཏིང་འཛིན་རྣམ་འཕྲུལ་འདི་འདྲ་ཡི། །རྒྱ་མཚོའི་ལྷ་མོ་སྒྲ་ལྡན་ཞེས་བྱ་བ། །སེམས་ཅན་རྒྱ་མཚོར་ཇི་སྙེད་སྐྱེས་རྣམས་ཀྱི། །སྐྲ་ཡི་ཡན་ལག་དབྱངས་ཀྱི་ཚུལ་མཁས་ཏེ། །རང་གི་སྐད་ཀྱིས་འགྲོ་ཀུན་ཚིམ་པར་བྱེད། །སྒྲ་ལྡན་ཆགས་


DTG111_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་གཏི་མུག་ལྡན་དེ་ཡང༌། །སྐད་རྣམས་ཀུན་གྱི་སྒྲ་ཡི་ཚུལ་མཁས་ན། །གཟུངས་དང་ཆོས་ཀྱི་སྟོབས་ལ་དབང་ཐོབ་རྣམས། །ལྷར་བཅས་འཇིག་རྟེན་ཅི་ཕྱིར་མགུ་མི་བྱེད། །ཏམ་བུ་ར་ཡི་ཆུང་མ་དབྱངས་ལྡན་ནམ། །ཚངས་པའི་བུ་མོ་ཡིད་ལ་བྱུང་བ་དེ། །བདེན་དང་དམ་བཅས་མི་ཚེ་དགའ་རྣམས་ཀྱི། །སེམས་དང་ཡིད་དང་ཁ་ཡི་སྒོར་འཇུག་སྟེ། །དབྱངས་ལྡན་ཆགས་བཅས་ཞེ་སྡང་ཅན་དེ་ཡང༌། །བརྟུལ་ཞུགས་གྲུབ་མཐུན་དབྱངས་ཀྱི་ཡན་ལག་གིས། །ཡིད་འོང་སྐད་ཀྱིས་འཇིག་རྟེན་མགུ་བྱེད་ན། །ཡེ་ཤེས་ཡོན་ཏན་ཕྱུག་རྣམས་ཅིས་མི་བྱེད། །རིག་སྔགས་ཚུལ་མཁས་སྒྱུ་མའི་མཁན་པོ་ནི། །སྣ་ཚོགས་གཟུགས་མང་མཐའ་ཡས་སྟོན་པ་བྱེད། །ཉིན་མཚན་ཡུད་དང་ཟླ་བ་ལོ་བརྒྱ་དང༌། །ཁྱིམ་བཟང་རྒྱས་པ་ཤིན་ཏུ་མཛེས་པ་སྟོན། །འདོད་ཆགས་སྡང་ལྡན་སྒྱུ་མའི་མཁན་པོ་ཡང༌། །སྒྱུ་མའི་འཕྲུལ་གྱིས་འཇིག་རྟེན་མགུ་བྱེད་ན།། བསམ་གཏན་མངོན་ཤེས་རྣམ་ཐར་རབ་བསླབས་པ། །སྤྱོད་ཚུལ་མཁས་རྣམས་ཅི་ཕྱིར་མགུ་མི་བྱེད། །ལྷ་དང་ལྷ་མིན་དབང་པོ་འཐབ་པའི་ཚེ། །རྒྱལ་ལྡན་ལྷ་ཡིས་ལྷ་མིན་ཕམ་བྱས་ན། །དེ་དག་འཇིགས་པས་གདུགས་བཅས་བཞོན་བཅས་ཤིང༌། །ཐེག་བཅས་དམག་བཅས་གོ་གྱོན་བཞིན་དུ་འབྱེར། །འདོད་ཆགས་སྡང་ལྡན་ལྷ་དབང་དེ་དག་ཀྱང༌། །ལུས་ཀྱི་རྣམ་འཕྲུལ་བསམ་ཡས་སྟོན་བྱེད་ན། །དབང་ཕྱུག་རྫུ་འཕྲུལ་དབང་གནས་དཔའ་བ་རྣམས། །ལུས་ཀྱི་རྣམ་འཕྲུལ་ཅི་ཕྱིར་སྟོན་མི་བྱེད། །རྡོ་རྗེ་འཆང་བའི་གླང་པོས་སྲུང་བུ། །དབང་པོའི་འཁོར་གྱུར་རྫུ་འཕྲུལ་ཆེན་པོ་དེ། །མགོ་བོ་སུམ་ཅུ་རྩ་གསུམ་མངོན་སྤྲུལ་ཞིང༌། །མགོ་རྣམས་ཀུན་ལའང་མཆེ་བ་དྲུག་དྲུག་སྟེ། །མཆེ་བ་དེ་དག་སོ་སོ་རེ་རེ་ལའང༌། །རྫིང་བུ་ཆུས་གང་བདུན་བདུན་སྤྲུལ་པ་བྱེད། །རྫིང་བུ་རེ་རེའང་པདྨ་སྣ་ཚོགས་པ། །རྣམ་པར་བཀོད་པ་བདུན་བདུན་སྤྲུལ་པ་བྱེད། །པདྨ་རེ་ལའང་ལྷ་ཡི་བུ་མོ་དག །སྒྱུ་རྩལ་ཀུན་ཤེས་བདུན་བདུན་སྤྲུལ་པ་བྱེད། །དེ་དག་རྩེད་མོ་གླུ་གར་ཚུལ་ལ་མཁས། །སུམ་ཅུ་རྩ་གསུམ་དབང་པོ་དེ་དང་རྩེ། །གླང་པོ་དེ་ཡང་ལུས་ནི་བསྒྱུར་བྱས་ཏེ། །ལྷ་རྣམས་ཀུན་དང་འགྲོགས་ཤིང་བདེ་བར་བྱེད། །སྤྱོད་པའི་ཚུལ་དང་ལོངས་སྤྱོད་ཀུན་ཀྱང་མཐུན། །གླང་པོ་


DTG111_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་རྣམ་འཕྲུལ་དེ་ལྟར་སྣང༌། །གླང་པོ་ཆགས་སྡང་གཏི་མུག་ལྡན་དེ་ཡང༌། །འདི་འདྲའི་རྫུ་འཕྲུལ་རབ་ཏུ་སྟོན་བྱེད་ན། །ཤེས་རབ་ཐབས་ཀྱིས་སྟོབས་ལ་སྦྱངས་པ་རྣམས། །ཏིང་འཛིན་བརྒྱ་ཡི་རྣམ་འཕྲུལ་ཅིས་མི་བྱེད། །སྒྲ་གཅན་ཇི་ལྟར་འདོད་བཞིན་ལུས་སྤྲུལ་ཏེ། །རྡོ་རྗེའི་གཞི་ལ་རྐང་པ་འཇོག་བྱེད་ཅིང༌། །རྒྱ་མཚོ་ལྟེ་བར་ཕྱིན་པ་ཙམ་དུ་སྟོན། །རི་རབ་རྩེ་དང་ཉིད་ཀྱི་མགོ་ཡང་སྙོམས། །སྒྲ་གཅན་ཆགས་སྡང་གཏི་མུག་ལྡན་དེ་ཡང༌། །འདི་འདྲའི་རྫུ་འཕྲུལ་ཀུན་དུ་སྟོན་བྱེད་ན། །འཇིག་རྟེན་སྒྲོན་མ་བདུད་རྣམས་རབ་འབྱམ་པ། །རྫུ་འཕྲུལ་མཐའ་ཡས་ཅི་སྟེ་སྟོན་མི་བྱེད། །བརྒྱ་བྱིན་རྣམ་འཕྲུལ་བསམ་ཡས་པ་ལ་ལྟོས། །ལྷ་དང་ལྷ་མིན་དབང་པོ་གཡུལ་འགྱེད་ཚེ། །ལྷ་མིན་བྱེ་བ་འབྱེར་བ་ཇི་སྙེད་པ། །དེ་སྙེད་བརྒྱ་བྱིན་རང་གི་ལུས་ལས་སྤྲུལ། །ལྷ་མིན་དབང་དང་ལྷ་མིན་ཕལ་ཀུན་གྱིས། །བརྒྱ་བྱིན་རང་རང་མདུན་དུ་འདུག་པར་ཤེས། །དེ་ནི་རྡོ་རྗེ་འཆང་བས་གཟུང་ངོ་ཞེས། །ལྷ་མིན་དབང་པོ་ཀུན་ཀྱང་མགོ་མྱོས་གྱུར། །འཇིགས་པར་བྱེད་པའི་མིག་སྟོང་རབ་བསྟན་ཏེ། །རྡོ་རྗེ་མེ་ལྕེ་འབར་བ་ཐོགས་བྱེད་ཅིང༌། །ལུས་ལ་གོ་བགོས་གཟི་བརྗིད་བསྙེན་དཀའ་བའི། །བརྒྱ་བྱིན་མཐོང་ནས་ལྷ་མིན་དབང་པོ་འབྱེར། །དེ་ཡང་བསོད་ནམས་ཕལ་པའི་མཐུ་སྟོབས་ཀྱིས། །ལྷ་རྒྱལ་དོན་དུ་རྣམ་པར་འཕྲུལ་བྱེད་ན། །འགྲོ་བ་མ་ལུས་ཀུན་གྱི་སྐྱབས་གྱུར་པ། །བསོད་ནམས་མི་ཟད་རྣམས་ལྟ་ཅིས་མི་འཕྲུལ། །ལྷ་ལ་སྐུལ་མ་འདེབས་པའི་ལྷ་ཡི་རྔ། །ལྷ་ལས་རྣམ་པར་སྨིན་པས་གྲུབ་གྱུར་པ། །ལྷ་རྣམས་བག་མེད་གནས་པར་ཤེས་གྱུར་ནས། །རྔ་དེ་ནམ་མཁའ་ལས་ནི་སྒྲ་སྒྲོགས་ཏེ། །འདོད་པ་ཐམས་ཅད་མི་རྟག་ཐེར་ཟུག་མིན། །ཐ་ཤལ་མི་བརྟན་དབུ་བའི་ངོ་བོ་ཉིད། །སྒྱུ་མ་སྨིག་རྒྱུ་ཆུ་ཟླ་མཚུངས་འདྲ་ཞིང༌། །སྲིད་པ་ཐམས་ཅད་རྨི་ལམ་སྤྲིན་དང་མཚུངས། །བག་མེད་ཐམས་ཅད་དགྲ་བཅས་མྱ་ངན་ཅན། །འཆི་བའི་ལམ་ཡིན་མི་འཆིའི་ལམ་མ་ཡིན། །ཇི་སྙེད་སུ་དག་བག་མེད་གནས་གྱུར་པ། །དེ་དག་འཆི་བདག་ཆུ་སྲིན་ཆེན་པོས་ཟིན། །སྡུག་བསྔལ་རྩ་བ་ཡོངས་འཛིན་ཐམས་ཅད་ཡིན། །སྐྱེ་བ་ཐམས་ཅད་འཕགས་པ་རྣམས་ཀྱིས་སྨད། །འདོད་པའི་ཡོན་ཏན་


DTG111_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཡུལ་ལ་རྨོངས། །ཆོས་ཀྱི་སྟོབས་ལ་རྟག་དགའ་གྱིས་ཞེས་བསྐུལ། །རྔ་དེས་བསྐུལ་ནས་བརྒྱ་བྱིན་ལྷ་རྣམས་དང༌། །ལྷ་ཡི་འདུན་ས་ཆོས་བཟངས་འདུག་ནས་སུ། །གཏམ་གང་ཞི་ཞིང་འདོད་ཆགས་བྲལ་མཐུན་པ། །ཆོས་ཀྱི་གཏམ་དེ་ལྷ་རྣམས་ཀུན་ལ་བརྗོད། །རྔ་དེ་གཟུགས་མེད་བསྟན་དུ་མི་རུང་ཡང༌། །དེ་ལྟར་རྔ་སྒྲས་དོན་ཆེན་རབ་བྱེད་ན། །བསམ་པ་ཇི་བཞིན་གཟུགས་ནི་ཡོངས་སྟོན་རྣམས། །འགྲོ་བ་ཀུན་གྱི་དོན་ཆེན་ཅིས་མི་བྱེད། །ལྷ་དང་ལྷ་མིན་དབང་པོ་གཡུལ་འགྱེད་ཚེ། །ལྷ་ཡི་བསོད་ནམས་ཁྱད་པར་མཐུ་སྟོབས་ཀྱིས། །ལྷ་ལ་སྐུལ་མ་འདེབས་པའི་ལྷ་ཡི་རྔ། །ལྷ་རྣམས་མ་འཇིགས་ཤིག་ཅེས་སྒྲ་འབྱིན་ཏེ། །རྔ་ཡིས་བསྐུལ་ནས་ལྷ་རྣམས་རབ་དགའ་ཞིང༌། །སྐྲག་པ་མེད་དེ་སྟོབས་ཀྱང་སྐྱེས་པར་གྱུར། །ལྷ་མིན་དབང་པོ་སྐྲག་པས་ཉེན་པ་རྣམས། །འཇིགས་ནས་དམག་བཅས་དེ་ཡི་མོད་ལ་འབྱེར། །དེ་ལྟར་རྔ་སྐད་འབྱིན་པའི་རྔ་འདྲ་བ། །འགྲོ་བ་ཀུན་གྱི་སྐྱབས་དང་དཔུང་གཉེན་པོ། །ཉོན་མོངས་བདུད་བཅོམ་སྙིང་རྗེ་ཆེ་ལྡན་རྣམས། །ཞི་བའི་སྒྲ་བསྒྲགས་ཉོན་མོངས་སེལ་བར་བྱེད། །དབང་པོ་ལྷ་ཡི་བུ་མོ་དགུ་བཅུ་གཉིས། །དབང་པོའི་སྤྲུལ་པས་ཀུན་ཀྱང་དགའ་བར་འགྱུར། །གཅིག་ཀྱང་བདག་དང་བརྒྱ་བྱིན་རྩེ་བར་ཤེས། །གཅིག་ལྟར་ལྷ་མོ་ཀུན་ཀྱང་དེ་བཞིན་ནོ། །ལྷ་མོ་ཀུན་དང་དགའ་བར་གནས་སྣང་ཞིང༌། །ཆོས་བཟངས་འདུན་ས་ན་ཡང་དེ་བཞིན་འདུག །ལྷ་རྣམས་ཀུན་ལ་ཆོས་རབ་སྟོན་སྣང་ཞིང༌། །བརྒྱ་བྱིན་སྐད་ཅིག་གཅིག་ལ་རྣམ་པར་འཕྲུལ། །བརྒྱ་བྱིན་ཆགས་སྡང་གཏི་མུག་ལྡན་པ་ཡང༌། །སྤྲུལ་པས་རང་གི་འཁོར་རྣམས་དགའ་བྱེད་ན། །འགྲོ་དོན་མི་སྐྱོ་སྦྱོར་རྣམས་ཅི་ཡི་ཕྱིར། །རྫུ་འཕྲུལ་སྟོབས་ཀྱིས་འཇིག་རྟེན་མགུ་མི་བྱེད། །བདུད་ཀྱིས་དཀྲུགས་མ་འགྲོ་བའི་དབང་སྒྱུར་བ། །དེ་ཡི་དབང་དུ་སེམས་ཅན་འདི་ཀུན་འདོང༌། །ལས་དང་ཉོན་མོངས་ཀུན་དུ་ཞུགས་པ་ཡིས། །སོ་སོའི་སྐྱེ་བོ་ཐམས་ཅད་བདུད་དེས་བཅིངས། །ཆགས་སྡང་གཏི་མུག་ལྡན་པའི་བདུད་དེ་ཡང༌། །འགྲོ་བ་ཐམས་ཅད་དབང་དུ་འགྱུར་བྱེད་ན། །དབང་བཅུ་དབང་ཐོབ་རྣམས་ལ་ཅི་རོབ་སྟེ། །འགྲོ་བ་ཐམས་ཅད་རང་གི་


DTG111_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་མ་བཞག །སྟོང་གསུམ་གནས་ཀྱི་བདག་པོ་ཚངས་པ་ཡང༌། །སྟོང་གསུམ་ཚངས་གནས་ཇི་སྙེད་ཡོད་པ་ན། །དེ་དག་ཀུན་ན་འདུག་པར་རབ་སྣང་ཞིང༌། །ཚངས་པའི་སྒྲ་དབྱངས་ཤིན་ཏུ་ཡིད་འོང་སྒྲོགས། །ཚངས་དེ་འཇིག་རྟེན་པ་ཡི་ཚངས་ལམ་གྱི། །བསམ་གཏན་མངོན་ཤེས་རྣམ་པར་འཕྲུལ་བྱེད་ན། །འཇིག་རྟེན་རབ་འདས་བླ་ན་མེད་པ་ཡི། །བསམ་གཏན་རྣམ་ཐར་གནས་པ་ཅིས་མི་འཕྲུལ། །དབང་ཕྱུག་ཆེན་པོའི་ཤེས་པའི་རྣམ་འཕྲུལ་ལྟོས། །རྒྱ་མཚོའི་སྤྲིན་གྱིས་ཆར་ཐིགས་རབ་བཀྱེ་བ། །སྐད་ཅིག་གཅིག་ལ་ཐམས་ཅད་བགྲང་བར་བྱེད། །ཐིགས་འགའི་ཟེར་ཀྱང་མ་ཤེས་དེ་མེད་ན། །བསླབས་པ་བསྐལ་པ་བསམ་ཡས་རབ་བསླབས་ཏེ། །བྱང་ཆུབ་བླ་མེད་ཡེ་ཤེས་ཐོབ་པ་རྣམས། །ཅི་ཕྱིར་སྐད་ཅིག་གཅིག་ལ་སེམས་ཀྱིས་ནི། །འགྲོ་བ་མ་ལུས་ཀུན་གྱི་སེམས་མི་ཤེས། །སེམས་ཅན་ལས་སྨིན་བསམ་གྱིས་མི་ཁྱབ་པས། །འཇིག་རྟེན་འདི་ཀུན་རླུང་ལས་ཡོངས་སུ་བྱུང༌། །རྒྱ་མཚོ་རི་དང་ལྷ་ཡི་གཞལ་མེད་ཁང༌། །རིན་ཆེན་རྣམ་ཕྱེས་ས་བོན་བཀྲམ་པའང་བྱུང༌། །རླུང་ལས་བྱུང་གྱུར་སྤྲིན་གྱིས་ཆར་འབེབས་ཤིང༌། །སླར་ཡང་རླུང་ཉིད་ཀྱིས་ནི་སྤྲིན་ཞི་བྱེད། །འཇིག་རྟེན་གྱི་ནི་ལོ་ཏོག་རླུང་གིས་བསྐྱེད། །འགྲོ་བ་ཀུན་གྱི་བདེ་མང་རླུང་གིས་བྱས། །རླུང་དེས་ཕ་རོལ་ཕྱིན་ལམ་བསླབས་ཤིང༌། །སངས་རྒྱས་ཡོན་ཏན་རྣམས་ལ་མ་བསླབས་པར། །འཇིག་རྟེན་རྣམ་སྨིན་བསམ་མི་ཁྱབ་སྟོན་ན། །མཆོག་ཐོབ་པ་དག་ཅི་སྟེ་སྟོན་མི་བྱེད། །ཅེས་བྱ་བའོ། །བསླབ་པ་ཀུན་ལས་བཏུས་པ་ལས་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།བསོད་ནམས་འཕེལ་བའི་དོན་དུ་རྒྱུ་གཞན་ཡང་བྱ་སྟེ། གང་ཞིག་དུས་རྣམས་ཀུན་དུ་སེམས་ཅན་དོན་བྱ་བ་འདི་ཡིན་ནོ། །འདི་ནི་དཀོན་མཆོག་སྤྲིན་ལས། དེ་དེ་བཞིན་གཤེགས་པའི་མཆོད་རྟེན་ནམ་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་མེ་ཏོག་གམ་བདུག་པའམ་སྤོས་གསོལ་ན། སེམས་ཅན་ཐམས་ཅད་ཀྱི་ངང་ཚུལ་ངན་པའི་དྲི་ང་བ་བསལ་བ་དང༌། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་དྲི་བྲོ་བར་ཡོངས་སུ་བསྔོའོ། །དེ་ཕྱག་དར་དང་ཞལ་ཞལ་བྱེད་ན་སེམས་ཅན་ཐམས་ཅད་ཀྱི་སྤྱོད་ལམ་མི་སྡུག་པ་མེད་པར་འགྱུར་བ་དང་སྤྱོད་


DTG111_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མཛེས་པ་ཕུན་སུམ་ཚོགས་པར་ཡོངས་སུ་བསྔོའོ། །དེ་མེ་ཏོག་གི་གདུགས་གསོལ་ན་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་གདུང་བ་མེད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་གཙུག་ལག་ཁང་གི་ནང་དུ་འགྲོ་ན་འདི་ལྟར་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་གཟུད་དོ་སྙམ་དུ་སེམས་བསྐྱེད་དོ། །དེ་ཕྱིར་འབྱུང་ན་འདི་ལྟར་སེམས་ཅན་ཐམས་ཅད་འཁོར་བའི་བཙོན་ར་ནས་གདོན་ཏོ་སྙམ་དུ་སེམས་བསྐྱེད་དོ། །དེ་གནས་ཁང་གི་སྒོ་འབྱེད་ན་འདི་ལྟར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་བདེ་འགྲོ་ཐམས་ཅད་ཀྱི་སྒོ་དབྱེའོ་སྙམ་དུ་སེམས་བསྐྱེད་དོ། །དེ་སྒོ་གཅོད་ན་འདི་ལྟར་ངན་འགྲོ་ཐམས་ཅད་ཀྱི་སྒོ་རྣམས་བཅད་དོ་སྙམ་དུ་སེམས་བསྐྱེད་དོ། །དེ་འདུག་ན་འདི་ལྟར་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་འགོད་དོ་སྙམ་དུ་སེམས་བསྐྱེད་དོ། །དེ་གློ་གཡས་པས་ཉལ་ན་འདི་ལྟར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའོ་སྙམ་དུ་སེམས་བསྐྱེད་དོ། །དེ་དེ་ནས་ལྡང་ན་འདི་ལྟར་སེམས་ཅན་ཐམས་ཅད་ཉོན་མོངས་པ་ཀུན་ནས་ལྡང་བ་རྣམས་ལས་བསླང་ངོ་སྙམ་དུ་སེམས་བསྐྱེད་དོ། །དེ་ལུས་ཀྱི་ཆེད་ལ་འགྲོ་ན་འདི་ལྟར་སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་འགྲོས་སུ་འགྲོ་བར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་དོ། །དེ་དེ་ལྟར་འདུག་ན་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཟུག་རྔུ་འབྱུང་ངོ་སྙམ་དུ་སེམས་བསྐྱེད་དོ། །དེ་བཀྲུ་བཤལ་བྱེད་ན་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་དྲི་མའི་སྐྱོན་རྣམས་བཀྲུའོ་སྙམ་དུ་སེམས་བསྐྱེད་དོ། །དེ་ལག་པ་བསྙལ་ན་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་དྲི་ང་བ་རྣམས་བསལ་ལོ་སྙམ་དུ་སེམས་བསྐྱེད་དོ། །དེ་རྐང་པ་འཁྲུ་ན་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་རྡུལ་རྣམ་པ་སྣ་ཚོགས་བསལ་ལོ་སྙམ་དུ་སེམས་བསྐྱེད་དོ། །དེ་གདོང་འཁྲུ་ན་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་ཆོས་ཐམས་ཅད་ཀྱི་སྒོ་ཡོངས་སུ་སྦྱང་ངོ་སྙམ་དུ་སེམས་བསྐྱེད་དོ། །དེ་སོ་ཤིང་ཟ་ན་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་དྲི་མ་རྣམ་པ་སྣ་ཚོགས་བསལ་ལོ་སྙམ་དུ་སེམས་བསྐྱེད་དོ། །དེ་


DTG111_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་གཡོ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་ཡོངས་སུ་བསྔོའོ། །དེ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་ན་འདི་ལྟར་སེམས་ཅན་ཐམས་ཅད་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བར་ཤོག་ཅིག་སྙམ་དུ་སེམས་བསྐྱེད་དོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཡང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། ཤཱ་རིའི་བུ་གཞན་ཡང་གཅན་གཟན་ཁྲོ་བོའི་དགོན་པར་སོང་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཇིགས་པར་མི་བྱ་སྐྲག་པར་མི་བྱ་དང་ང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐམས་ཅད་ཡོངས་སུ་གཟུང་བའི་ཕྱིར་ཏེ། དེས་འདི་སྙམ་དུ་གལ་ཏེ་གཅན་གཟན་དག་གིས་བདག་ཟོས་ན་འདི་ལྟར་སྦྱིན་པ་དེ་བྱིན་པར་གྱུར་ཅིག །བདག་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་ཤིན་ཏུ་ཉེ་བར་འགྱུར་རོ། །ཇི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། སངས་རྒྱས་ཀྱི་ཞིང་དེ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སེམས་ཅན་ཡོང་ཡེ་མེད་པར་འགྱུར་བ་དེ་ལྟར་བྱའོ་སྙམ་དུ་སེམས་བསྐྱེད་དོ། །ཤཱ་རིའི་བུ་རྐུན་པོའི་དགོན་པར་སོང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཇིགས་པར་མི་བྱ་སྐྲག་པར་མི་བྱ་དང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལ་མཁས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལུས་ཀྱང་ཡོངས་སུ་བཏང་བ་ཡིན། ཡོ་བྱད་དང་འཚོག་ཆས་ཀྱང་ཡོངས་སུ་བཏང་བ་ཡིན། དེས་འདི་སྙམ་དུ་གལ་ཏེ་སེམས་ཅན་དེ་དག་གིས་བདག་གི་ཡོ་བྱད་དང་འཚོག་ཆས་རྣམས་ཕྲོགས་ན་དེ་དག་ལ་སྦྱིན་པ་དེ་བྱིན་པར་གྱུར་ཅིག །གལ་ཏེ་དེ་དག་གིས་བདག་གི་སྲོག་བཅད་པར་གྱུར་ཀྱང་དེ་ལ་བདག་གིས་ཞེ་སྡང་དང་ཁོང་ཁྲོ་བསྐྱེད་བར་མི་བྱ། བདག་གིས་དེ་དག་ལ་ལུས་དང་ངག་དང་ཡིད་ཀྱིས་ཀྱང་ཉེས་པར་མི་བྱའོ། །དེ་ལྟར་ན་དེའི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌།


DTG111_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་ཞིང༌། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཤིན་ཏུ་ཉེ་བར་འགྱུར་ཏེ། ཇི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། སངས་རྒྱས་ཀྱི་ཞིང་དེ་ན་ཉེས་པ་འདི་དང་བཞན་གཞན་ཡང་ཡོང་ཡེ་རྣམ་པ་ཐམས་ཅད་དུ་མི་འབྱུང་ཞིང་མེད་པར་འགྱུར་བ་དེ་ལྟར་བྱའོ། །དེ་ལྟར་བསྒྲུབ་པོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །ཤཱ་རིའི་བུ་ཆུའི་དགོན་པར་ཕྱིན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཇིགས་པར་མི་བྱ་སྐྲག་པར་མི་བྱ་དང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་མི་འཇིགས་པའི་ཆོས་ཅན་ཡིན་ཏེ། དེས་འདི་སྙམ་དུ་བདག་གིས་སེམས་ཅན་ཐམས་ཅད་ཀྱི་སྲེད་པ་ཐམས་ཅད་གཅོད་པར་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྐྲག་པར་མི་བྱའོ། །གལ་ཏེ་བདག་སྐོམ་པས་འཆི་བའི་དུས་བྱས་པར་གྱུར་ན་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པར་བྱ་སྟེ། ཀྱེ་མ་འདི་ལྟར་འཇིག་རྟེན་ན་ཆུའི་དགོན་པ་འདི་ལྟ་བུ་སྣང་བས་སེམས་ཅན་འདི་དག་ནི་བསོད་ནམས་ཆུང་བ་དག་སྟེ། ཇི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། སངས་རྒྱས་ཀྱི་ཞིང་དེ་ན་ཆུའི་དགོན་པ་ཡོང་ཡེ་རྣམ་པ་ཐམས་ཅད་དུ་མི་འབྱུང་བ་དང་མི་སྣང་བར་འགྱུར་བ་དེ་ལྟར་བྱའོ་དེ་ལྟར་བསྒྲུབ་པོ། །ཇི་ལྟར་ཡན་ལག་བརྒྱད་དང་ལྡན་པའི་ཆུ་རྙེད་པར་འགྱུར་བ་དེ་ལྟར་བསོད་ནམས་ཀྱི་ལས་ལ་སེམས་ཅན་རྣམས་སྦྱར་བར་བྱའོ། །ཇི་ལྟར་དེའི་ཚེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བརྩོན་འགྲུས་བརྟན་པ་བརྩམ་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བཀྲེས་པའི་དགོན་པར་སོང་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཇིགས་པར་མི་བྱ་སྐྲག་པར་མི་བྱ་དངང་བར་མི་བྱའོ། །དེས་འདི་ལྟར་འདིས་གོ་ཆ་བགོ་སྟེ། ཇི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། སངས་རྒྱས་ཀྱི་ཞིང་དེ་ན་བཀྲེས་པའི་དགོན་


DTG111_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ལྟ་བུ་ཡོང་ཡེ་རྣམ་པ་ཐམས་ཅད་དུ་མི་འབྱུང་བ་དང༌། མི་སྣང་བར་འགྱུར་བ་དང་སེམས་ཅན་དེ་དག་ཐམས་ཅད་བདེ་བར་འགྱུར་ཞིང་བདེ་བ་ལ་དབང་བ་དང༌། བདེ་བ་དང་ལྡན་པར་འགྱུར་བ་དེ་ལྟར་བརྩོན་འགྲུས་བརྟན་པོ་བརྩམ་པར་བྱ་སྟེ། དེ་ལྟར་རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བར་བྱའོ། །ཇི་ལྟར་ན་སེམས་ཅན་དེ་དག་གང་ཅི་སེམས་པར་འགྱུར་བ་དང་ཡིད་ཀྱིས་གང་དང་གང་འདོད་པ་དེ་དང་དེ་འབྱུང་བར་འགྱུར་བ། འདི་ལྟ་སྟེ་དཔེར་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཡིད་ལ་བསམ་པ་ཐམས་ཅད་འགྲུབ་པ་དང༌། ཡིད་ལ་བསམ་པ་ཐམས་ཅད་འབྱུང་བ་བཞིན་དུ་དེ་ལྟར་བྱའོ། །ཇི་ལྟར་སེམས་ཅན་དེ་དག་ཆོས་དང་ལྡན་པའི་བསམ་པ་ཡོངས་སུ་རྫོགས་པར་འགྱུར་བ་དང༌། སེམས་ཅན་ཐམས་ཅད་ཐམས་ཅད་དུ་ཐམས་ཅད་ལས་འཚོ་བའི་ཡོ་བྱད་དང་བྲལ་བར་མི་འགྱུར་བ་དེ་ལྟར་བརྩོན་འགྲུས་བརྟན་པོ་བརྩམ་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ་ཞེས་བྱའོ། །དེ་ལྟར་དུས་རྣམས་རྟག་ཏུ་སེམས་ཅན་གྱི་དོན་བྱ་བ་འདི་ནི་བསོད་ནམས་འཕེལ་བའི་རྒྱུ་སྟེ། ཞིབ་ཏུ་ནི་སྤྱོད་ཡུལ་ཡོངས་སུ་དག་བའི་མདོ་ལས་བལྟ་བར་བྱའོ། །གཞན་ཡང༌། ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད། །བསོད་ནམས་འཕེལ་བའི་རྒྱུར་འགྱུར་ཏེ། །ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། བྱམས་པ་གང་ཞིག་ཐོབ་བ་དང་བཀུར་སྟི་མི་འདོད་པར་ཆོས་ཀྱི་སྦྱིན་པ་བྱིན་ན། ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད་པའི་ཕན་ཡོན་ཉི་ཤུ་སྟེ། ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། དྲན་པ་དང་ལྡན་པ་ཡིན། བློ་དང་ལྡན་པ་ཡིན། བློ་གྲོས་དང་ལྡན་པ་ཡིན། མོས་པ་དང་ལྡན་པ་ཡིན། ཤེས་རབ་དང་ལྡན་པ་ཡིན། འཇིག་རྟེན་ལས་འདས་པའི་ཤེས་རབ་རྗེས་སུ་རྟོགས་པར་འགྱུར་པ་ཡིན། འདོད་ཆགས་ཆུང་བ་ཡིན། ཞེ་སྡང་ཆུང་བ་ཡིན། གཏི་མུག་ཆུང་བ་ཡིན། བདུད་ཀྱིས་དེ་ལ་གླགས་མི་རྙེད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་པ་ཡིན། མི་མ་ཡིན་པ་རྣམས་ཀྱིས་དེ་སྲུང་བ་ཡིན། ལྷ་རྣམས་དེའི་ལུས་ལ་མདངས་འཇུག་པ་ཡིན། མི་མཛའ་བ་རྣམས་ཀྱིས་དེ་ལ་གླགས་མི་རྙེད་པ་ཡིན། དེ་མཛའ་བོ་རྣམས་དང་མི་ཕྱེད་པ་ཡིན། ཚིག་


DTG111_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་བར་འོས་པ་ཡིན། མི་འཇིགས་པ་ཐོབ་པ་ཡིན། ཡིད་བདེ་བ་མང་བ་ཡིན། མཁས་པས་བསྔགས་པ་ཡིན། དེ་ཆོས་ཀྱི་སྦྱིན་པ་དེ་རྗེས་སུ་དྲན་པར་འགྱུར་བ་ཡིན་ཏེ། བྱམས་པ་ཕན་ཡོན་ཉི་ཤུ་པོ་དེ་དག་གོ་ཞེས་བྱ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་གསུངས་ཏེ། གལ་ཏེ་ཀུན་དགའ་བོ་ཁྱོད་ཀྱིས་ཉན་ཐོས་ཀྱི་ཐེག་པའི་གང་ཟག་རྣམས་ལ་ཉན་ཐོས་ཀྱི་སའི་ཆོས་བསྟན་ལ། ཆོས་བསྟན་པ་དེས་ཀྱང་གང་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིགས་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་དགྲ་བཅོམ་པ་ཉིད་མངོན་དུ་བྱས་པར་གྱུར་ཀྱང༌། ད་དུང་ཉན་ཐོས་ཁྱོད་ཀྱིས་ང་ལ་ཉན་ཐོས་ཀྱི་བྱ་བ་བྱས་པར་མི་འགྱུར་རོ། །ཀུན་དགའ་བོ་གལ་ཏེ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཚིག་གཅིག་ཅིག་བསྟན་ནམ་བཤད་ན། དེ་ལྟར་ན་ཉན་ཐོས་ཀྱིས་ང་མཉེས་པར་བྱས་པར་འགྱུར་རོ། །ཆོས་བསྟན་པ་སྔ་མས་གང་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ལ། དགྲ་བཅོམ་པ་དེ་དག་གི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང༌། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང༌། བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དེ་ལ་ཀུན་དགའ་བོ་ཇི་སྙམ་དུ་སེམས། བསོད་ནམས་ཀྱི་ཕུང་པོ་མང་བ་ཡིན་ནམ། གསོལ་བ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ལྟ་བས་ཀྱང་སུ་ཞིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་སྟོན་ན། ཉན་ཐོས་ཀྱི་ཐེག་པའི་གང་ཟག་དེ་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་བསྐྱེད་དེ། །ཀུན་དགའ་བོ་དེ་བས་ཀྱང་གང་སུ་ཞིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་ཐ་ན་ཉི་མ་གཅིག་སྟོན་ན་དེ་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་བསྐྱེད་དོ། །ཀུན་དགའ་བོ་ཉི་མ་གཅིག་ལྟ་ཞོག་ལ་ཐ་ན་སྔ་དྲོའམ། ཀུན་དགའ་བོ་སྔ་དྲོ་ལྟ་ཞོག་ལ་ཐ་ན་ཆུ་ཚོད་གཅིག་ནས་


DTG111_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་གཅིག་ཅེས་བྱའོ། །དེ་བཞིན་དུ་སྦྱར་ཏེ། ཀུན་དགའ་བོ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཆོས་སྦྱིན་པ་སྟེ། ཉན་ཐོས་ཀྱི་ཐེག་པ་ཐམས་ཅད་དང་རང་སངས་རྒྱས་ཀྱི་ཐེག་པའི་གང་ཟག་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཟིལ་གྱིས། མནན་པའོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་འདི་ལྟ་བུ་དང་ལྡན་པ། དགེ་བའི་རྩ་བ་འདི་ལྟ་བུ་སེམས་པ་ལ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པ་དེ་ནི་གནས་མེད་དོ་ཞེས་བྱ་བའོ། །ཆོས་ཀྱི་སྦྱིན་པ་ཇི་ལྟར་སྦྱིན་པར་བྱ་ཞེ་ན། འཕགས་པ་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས་གསུངས་པ། མཁས་པ་དུས་སུ་སེམས་པར་བྱེད་པ་ན། །ཁང་བུར་ཞུགས་ཏེ་དེ་བཞིན་སྒོ་བཅད་ནས། །ཆོས་འདི་ཐམས་ཅད་ལ་ནི་ཚུལ་བཞིན་བལྟ། །ལངས་ནས་ཞུམ་པ་མེད་པའི་སེམས་ཀྱིས་ཤོད། །མཁས་པ་བདེ་ལ་རྟག་ཏུ་གནས་པར་འགྱུར། །བདེ་ལ་འདུག་ནས་དེ་བཞིན་ཆོས་ཀྱང་སྟོན། །གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ། །ཡངས་པའི་སྟན་ནི་རབ་ཏུ་བཤམས་བཏིང་སྟེ། །བཟང་པོའི་ཚོན་གྱིས་ལེགས་པར་ཁ་བསྒྱུར་བ། །ཆོས་གོས་གཙང་མ་དེ་ནི་རབ་བགོས་ནས། །རྡུལ་གཟན་ནག་པོ་དེ་བཞིན་བཤམས་བྱས་ལ། །ཤམ་ཐབས་ཆེ་ཚད་ལེགས་པར་རབ་བགོས་ནས། །བཅོས་བུའི་རས་རྣམས་སྣ་ཚོགས་ལེགས་པ་བཏིང་བ། །རྐང་རྟེན་བཅས་པའི་ཁྲི་ལ་རབ་འདུག་ཅིང༌། །རྐང་པ་ལེགས་པར་བཀྲུས་ཏེ་སྟེང་འཛེགས་ནས། །གདོང་དང་བཞིན་གྱི་མདངས་ནི་རབ་སྣུམ་ཞིང༌། །ཆོས་ཀྱི་སྟན་དེ་ལ་ནི་རབ་འདུག་ནས། །སེམས་ཅན་ལྷགས་པ་རྩེ་གཅིག་གྱུར་རྣམས་ལ། །གཏམ་མང་སྣ་ཚོགས་མང་པོ་སྨྲ་བ་དང༌། །དགེ་སློང་དག་དང་དགེ་སློང་མ་རྣམས་དང༌། །དགེ་བསྙེན་རྣམས་དང་དགེ་བསྙེན་མ་དག་དང༌། །རྒྱལ་པོ་དག་དང་རྒྱལ་བུ་རྣམས་ལ་ཡང༌། །མཁས་དེ་རྟག་ཏུ་ཕྲག་དོག་མེད་པར་ནི། །སྣ་ཚོགས་དོན་ལྡན་སྙན་པའི་གཏམ་ཡང་སྟོན། །ལེ་ལོ་དག་ཀྱང་རྣམ་པར་རབ་སྤངས་ནས། །སྐྱོ་བ་ཡི་ནི་འདུ་ཤེས་བསྐྱེད་མི་བྱ། །མཁས་པས་མི་དགའ་ཐམས་


DTG111_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རྣམ་པར་སྤང༌། །བྱམས་པའི་སྟོབས་ནི་འཁོར་ལ་བསྒོམ་པར་བྱ། །ཉིན་མཚན་དུ་ཡང་ཆོས་མཆོག་རབ་ཏུ་བསྒོམ། །མཁས་པ་དེ་ནི་བྱེ་བ་ཁྲག་ཁྲིག་དཔེས། །འཁོར་རྣམས་མགུ་ཞིང་དེ་བཞིན་དགའ་བར་བྱེད། །དེ་ལ་ནམ་ཡང་འདོད་པ་ཆུང་ཟད་མེད། །ཟས་དང་སྐོམ་དང་བཟའ་དང་བཅའ་བ་དང། །གོས་དང་མལ་ཆ་ཆོས་གོས་རྣམས་དང་ནི། །ན་བའི་གསོས་སྨན་དག་ཀྱང་མི་བསམ་སྟེ། །འཁོར་རྣམས་ལ་ནི་ཅི་ཡང་མི་བསླང་ངོ༌། །གཞན་དུ་མཁས་པ་རྟག་ཏུ་བདག་ཉིད་དང༌། །སེམས་ཅན་འདི་དག་སངས་རྒྱས་འགྲུབ་པར་ཤོག །ཕན་ཕྱིར་འཇིག་རྟེན་ཆོས་གང་བསྟན་པ་དེ། །བདག་གི་བདེ་བའི་ཡོ་བྱད་ཀུན་སྙམ་སེམས། །ཞེས་བྱའོ། །ཡང་དེ་ཉིད་ལས། ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྟོན་པ་ན། ཆོས་ཀྱི་དགའ་བ་སྙོམས་པ་བྱེད་དེ་ཐ་ན་འགའ་ཙམ་ལ་ཡང་ཆོས་ཀྱི་དགའ་བས་ལྷག་པར་ཕན་འདོགས་པར་མི་བྱེད་དོ་ཞེས་གསུངས་སོ། །ཟླ་བ་སྒྲོན་མའི་མདོ་ལས་ཀྱང༌། ཆོས་ཀྱི་སྦྱིན་པའི་ཆེད་ཀྱི་ཕྱིར། །གལ་ཏེ་ཁྱོད་ལ་གསོལ་འདེབས་ན། །རབ་རྒྱས་དག་གིས་མ་བརླབས་ཞེས། །ཐོག་མར་ཚིག་དེ་བརྗོད་པར་བྱ། །ཁྱོད་ནི་ཤེས་ཤིང་མཁས་ཡིན་ན། །བདག་ཉིད་ཆེན་པོའི་མདུན་དུ་ནི། །བདག་གིས་ཇི་ལྟར་བཤད་ནུས་ཞེས། །ཁྱོད་ཀྱིས་དེ་སྐད་བརྗོད་པར་བྱ། །འཕྲལ་དུ་བརྗོད་པར་མི་བྱ་ཡི། །སྣོད་ལ་བརྟག་པ་བྱས་ནས་བྱ། །གལ་ཏེ་སྣོད་ནི་ཤེས་གྱུར་ན། །གསོལ་མ་བཏབ་ཀྱང་བཤད་པར་བྱ། །འཁོར་ནི་མང་པོ་འཁོར་ནང་དུ། །གལ་ཏེ་ངང་ཚུལ་ངན་མཐོང་ན། །ཁྱོད་ཀྱི་ཡོ་བྱད་བསྙུངས་མི་བཤད། །སྦྱིན་པའི་བསྔགས་པ་བརྗོད་པར་བྱ། །གལ་ཏེ་འདོད་པ་ཆུང་གྱུར་ཏེ། །ཚུལ་ཁྲིམས་དག་པར་གནས་ཡིན་ན། །ཁྱོད་ཀྱིས་བྱམས་པའི་སེམས་བསྐྱེད་ལ། །ཡོ་བྱད་བསྙུངས་པའི་གཏམ་གྱིས་ཤིག །གལ་ཏེ་སྡིག་འདོད་ཉུང་གྱུར་ཅིང༌། །ཚུལ་ཁྲིམས་ལྡན་པ་མང་གྱུར་ལ། །གཉེན་པོ་རྙེད་པ་དེ་ཡི་ཚེ། །ཚུལ་ཁྲིམས་བསྔགས་པ་བརྗོད་པར་བྱ། །ཞེས་གསུངས་སོ། །འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང༌། འདི་ལྟ་སྟེ། ཤ་མེ་ཤ་མ་བ་ཏི། ཤ་མི་ཏ་ཤ་ཏྲུ་ཨཾ་ཀུ་རེ། མཾ་ཀུ་རེ། མཱ་ར་ཛི་ཏེ། ཀ་རོ་ཏི། ཀེ་ཡཱུ་རེ། ཨཱུ་ཀོ་ཧཱ་ཡ་ཏི། བི་ཤ་ཐ་ནི་རྨ་ལེ། མ་ལཱ་པ་ན་ཡ། ཨུ་ཁ་རེ། ཁ་རོ་གྲ་སེ། གྲ་ས་ནེ། ཧེ་མཱུ་ཁཱི། པ་རཱ་


DTG111_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཁཱི། ཨཱ་མཱ་ཁཱི། ཤ་མི་ཏཱ་ནི། སརྦ་གྲ་ཧ་བནྡྷ་ནཱ་ནི། ནི་གྲྀ་ཧཱི་ཏྭ། སརྦ་པ་ར་པྲ་བཱ་དི་ན་པི་མུ་ཀྟཱ་མཱ་ར་པྲ་ཤཱ་སྠཱ་པི་ཏཱ། བུདྡྷ་མུ་དྲཱ། ས་མུ་དྒྷ་ཏི་ཏཱ་སརྦ་མཱ་ར། ཨ་ཙ་ལི་ཏ་པ་ད་པ་རི་ཤུདྡྷེ། བི་ག་ཙྪནྟུ། སརྦ་མཱ་ཀརྨ་ཎི། བློ་གྲོས་རྒྱ་མཚོ་སྔགས་ཀྱི་ཚིག་འདི་དག་ནི་བདུད་ཚར་གཅད་པའི་ཚིག་ཉོན་མོངས་པ་བསལ་བའི་ཚིག་སྟེ། དེ་དག་ཆོས་སྨྲ་བ་དེས་ལེགས་པར་ཁ་ཏོན་དུ་བྱས་ལ་ཆོས་ཀྱི་ཁྲི་ལ་འདུག་སྟེ། བྱང་ཆུབ་ཀྱི་རྣམ་པས་མངོན་པར་སྒྲུབ་པའི་བྱམས་པས་འཁོར་ཐམས་ཅད་ལ་ཁྱབ་པར་བྱས་ལ། བདག་ལ་སྨན་པའི་འདུ་ཤེས་བསྐྱེད་དེ། ཆོས་ལ་སྨན་གྱི་འདུ་ཤེས་དང༌། ཆོས་ཉན་པ་ལ་ནད་པའི་འདུ་ཤེས་དང༌། དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པའི་འདུ་ཤེས་དང༌། ཆོས་ཀྱི་ཚུལ་ལ་ཡུན་རིང་དུ་གནས་པའི་འདུ་ཤེས་བསྐྱེད་ལ། སྔགས་ཀྱི་ཚིག་འདི་དག་མངོན་དུ་བྱས་ཏེ། དེ་ཆོས་ཀྱི་གཏམ་བྱེད་ན། དེའི་ཁོར་ཡུག་དཔག་ཚད་བརྒྱ་ཚུན་ཆད་དུ་བདུད་ཀྱི་རིས་ཀྱི་ལྷ་རྣམས་མཐོ་བཙམ་པར་བྱ་བའི་ཕྱིར་འོང་བར་མི་འགྱུར་རོ། །གང་དག་འོང་བ་དེ་དག་གིས་ཀྱང་བར་ཆད་བྱེད་པར་མི་ནུས་སོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་གསུངས་པ། ཆོས་སྨྲ་བས་གཙང་སྦྲ་དང༌། ཀུན་དུ་སྤྱོད་པ་གཟོབ་པ་དང། ལེགས་པར་བཀྲུས་པ་དང༌། ལེགས་པར་གོས་བགོ་བར་བྱའོ་ཞེས་སོ། །དེ་ལྟར་ཆོས་ཀྱི་སྦྱིན་པ་དང༌། །བྱང་ཆུབ་སེམས་ནི་མདོར་བསྡུ་ན། །བསོད་ནམས་འཕེལ་བའི་རྒྱུ་ཡིན་ནོ། །དཀོན་མཆོག་ཟ་མ་ཏོག་གི་མདོ་ལས་ཇི་སྐད་དུ་འཇམ་དཔལ་འདི་ལྟ་སྟེ། དཔེར་ན་སྤོས་ཀྱི་ཤིང་ལྗོན་པ་སྣ་ཚོགས་ནི་ཁམས་བཞིས་བཟུང་ནས་རྣམ་པར་འཕེལ་ལོ། །འཇམ་དཔལ་དེ་བཞིན་དུ་ཚོགས་སྣ་ཚོགས་བསགས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་བཟུང་ཞིང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་ན་རྣམ་པར་འཕེལ་ལོ་ཞེས་གསུངས་པ་བཞིན་ནོ། །ཕྱོགས་འདི་ནི་ལས་དང་པོ་བ་རྣམས་འཕྲལ་དུ་བྱང་ཆུབ་སེམས་དཔའི་བསླབ་པ་དྲན་པར་བྱ་བའི་ཕྱིར་བསྟན་ཏེ། རྒྱ་ཆེར་ནི་སངས་རྒྱས་ཀྱི་ཡུལ་ཉིད་ཡིན་ནོ། །འདིར། བསླབ་པ་ཇི་ལྟར་བརྗོད་པ་འདིའི། །འགྲུབ་པ་ཡང་དག་སྤོང་རྣམས་ཏེ། །བག་ཡོད་པ་དང་མ་བྲལ་ཞིང༌།།


DTG111_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་དང་ནི་ཤེས་བཞིན་དང༌། །ཚུལ་བཞིན་དུ་ནི་སེམས་པས་སོ། །དེ་ལ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་དོ་འབད་དོ་བརྩོན་འགྲུས་རྩོམ་མོ་སེམས་རབ་ཏུ་འཛིན་ཏོ་ཡང་དག་པར་རབ་ཏུ་འཇོག་གོ་ཞེས་བྱ་བ་འདིས་ནི་བསྲུང་བའོ། །སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་ཅེས་བྱ་བ་འདིས་ནི་དག་པའོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་པ་དང༌། སྐྱེས་པ་རྣམས་གནས་པ་དང་འཕེལ་བར་བྱ་བའི་ཕྱིར་ཞེས་བྱ་བ་འདིས་ནི་འཕེལ་བ་བསྟན་ཏོ། །དེ་དག་ཀྱང་རྟག་ཏུ་བག་ཡོད་པ་དང་མ་བྲལ་བར་བྱ་སྟེ། དེ་ནི་དགེ་བ་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་རོ། །ཟླ་བ་སྒྲོན་མའི་མདོ་ལས་ཇི་སྐད་དུ། ཚུལ་ཁྲིམས་ཐོས་དང་གཏོང་དང་དེ་བཞིན་བཟོད། །དགེ་བའི་ཆོས་སུ་བརྗོད་པ་ཇི་སྙེད་པ། །ཀུན་གྱི་རྩ་བ་བག་ཡོད་འདི་ཡིན་ཏེ། །གཏེར་འཐོབ་བྱེད་ཅེས་བདེ་བར་གཤེགས་པས་བསྟན། །ཞེས་གསུངས་པ་བཞིན་ནོ། །བག་ཡོད་པ་ཞེས་བྱ་བ་འདི་ཇི་ལྟ་བུ་ཞེ་ན། འདོད་པ་ལས་ཉམས་པ་དང་མི་འདོད་པ་བྱུང་བར་དོགས་པ་སྔོན་དུ་འགྲོ་བས་གཟོབ་པ་ལྷུར་ལེན་པ་སྟེ། འདི་ལྟ་སྟེ། དཔེར་ན་རྒྱལ་པོ་དྲག་པོ་ཁྲོ་ཞིང་མགུ་དཀའ་བའི་བྲན་སྨན་གྱི་འབྲུ་མར་གྱིས་གང་བའི་སྣོད་ཐོགས་ཏེ། སྟེགས་འདྲོད་པ་ལ་འགྲོ་བས་བྱ་བ་བཞིན་ནོ། །དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་གསུངས་ཏེ། དེ་ལ་བག་ཡོད་པ་གང་ཞེ་ན། གང་འདི་དབང་པོ་སྡོམ་པའོ། །དེ་མིག་གིས་གཟུགས་རྣམས་མཐོང་ན་མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པ་ནས། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་ན་མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པ་ཡིན་ཏེ། ཆོས་རྣམས་ཀྱི་རོ་མྱང་བ་དང་ཉེས་དམིགས་དང་འབྱུང་བ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་སྟེ། འདི་ནི་བག་ཡོད་པ་ཞེས་བྱའོ། །གཞན་ཡང་བག་ཡོད་པ་ནི་གང་རང་གི་སེམས་འདུལ་བ་དང༌། གཞན་གྱི་སེམས་རྗེས་སུ་སྲུང་བ་དང༌། ཉོན་མོངས་པ་ལ་དགའ་བ་སེལ་བ་དང༌། ཆོས་ལ་དགའ་བའི་རྗེས་སུ་འཇུག་པ་ལ་སོགས་པ་འདི་ནི་བག་ཡོད་པ་ཞེས་བྱའོ། །གསང་བ་པའི་བདག་པོ་སུ་དད་པ་དང་ལྡན་ཞིང་བག་ཡོད་པ་དང་ལྡན་པ་དེས་ནི་


DTG111_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་འགྲུས་གང་གིས་བག་ཡོད་པར་བྱེད་པ་དང་དད་པར་བྱེད་པའི་ཆོས་དེ་དག་ཡང་དག་པར་སྒྲུབ་པར་འགྱུར་བའི་བརྩོན་འགྲུས་དང་ལྡན་པར་བྱའོ། །གསང་བ་པའི་བདག་པོ་སུ་དད་པ་དང་བག་ཡོད་པ་དང་བརྩོན་འགྲུས་དང་ལྡན་པ་དེས་ནི། དྲན་པ་དང་ཤེས་བཞིན་གང་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཆུད་ཟ་བར་མི་འགྱུར་བའི་དྲན་པ་དང་ཤེས་བཞིན་དང་ལྡན་པར་བྱའོ། །གསང་བ་པའི་བདག་པོ་སུ་དད་པ་དང་བག་ཡོད་པ་དང༌། བརྩོན་འགྲུས་དང་དྲན་པ་དང་ཤེས་བཞིན་དང་ལྡན་པ་དེས་ཚུལ་བཞིན་དུ་སྦྱོར་བ་ལ་བརྩོན་པར་བྱའོ།། གསང་བ་པའི་བདག་པོ་ཚུལ་བཞིན་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ནི་གང་ཡོད་པ་དེ་ཡང་ཡོད་པར་རབ་ཏུ་ཤེས་སོ། །གང་མེད་པ་དེ་ཡང་མེད་པར་རབ་ཏུ་ཤེས་ཞེས་བྱ་བ་ནས། ཀུན་རྫོབ་ཏུ་མིག་ལ་སོགས་པ་ཡོད་དོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་དེ་ཉིད་ལས། སེམས་ཅན་དོན་བརྩོན་བྱང་ཆུབ་སེམས་དཔའ་ནི། །ཚུལ་བཞིན་ཉིད་ཀྱིས་དབེན་སེམས་གང་ཡིན་དང༌། །རྟག་ཏུ་བག་ཡོད་འཆི་མེད་རྒྱུ་ཡིན་ཏེ། །ཡོངས་སུ་འཛིན་མེད་བདེ་བ་ཀུན་གྱི་རྒྱུ། །ཞེས་གསུངས་སོ། །ཡང་སྨྲས་པ། བདག་གཞན་མཉམ་ཉིད་གོམས་བྱས་པས། །བྱང་ཆུབ་སེམས་ནི་བརྟན་པར་འགྱུར། །བདག་དང་གཞན་ཉིད་ལྟོས་པ་སྟེ། །ཕ་རོལ་ཚུ་རོལ་ཇི་བཞིན་བརྫུན། །དོགས་དེ་རང་གིས་ཕ་རོལ་མིན། །གང་ལ་ལྟོས་ཏེ་ཚུ་རོལ་འགྱུར། །བདག་ཉིད་རང་གིས་མི་གྲུབ་ན། །གང་ལ་ལྟོས་ཏེ་གཞན་དུ་འགྱུར། །གལ་ཏེ་དེ་ལ་སྡུག་བསྔལ་བས། །བདག་ལ་མི་གནོད་ཕྱིར་མི་སྲུང༌། །མ་འོངས་སྡུག་བསྔལ་ཁྱོད་ལ་ནི། །གནོད་མི་བྱེད་པས་ཅི་སྟེ་སྲུང༌། །དེ་ཚེའང་བདག་ཉིད་ཡིན་སྙམ་པའི། །རྣམ་རྟོག་དེ་ནི་ལོག་པ་སྟེ། །གང་ཕྱིར་འཆི་བ་གཞན་ཉིད་ལ། །དེར་སྐྱེ་བ་ཡང་གཞན་ཉིད་ཡིན། །གལ་ཏེ་གཞན་ཞིག་དེར་སྐྱེས་ན། །བསོད་ནམས་ཀྱིས་ནི་ཅི་ཞིག་དགོས། །ཅི་ཕྱིར་གཞོན་ཚེ་ལུས་རྒས་པ། །བདེ་བར་བྱ་ཕྱིར་ནོར་སྩོགས་བྱེད། །མངལ་ན་གནས་པ་ཞིག་པ་ལས། །བྱིས་པར་གྱུར་པ་གཞན་ཡིན་ལ། །བྱིས་པ་ཞིག་ནས་གཞོན་ནུ་ཉིད། །དེ་ཞིག་ནས་ནི་དར་ལ་བབ། །དེ་ཞིག་ནས་


DTG111_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྒས་གྱུར་ཏེ། །ལུས་ནི་ཇི་ལྟར་གཅིག་པར་འདོད། །དེ་ལྟར་སྐད་ཅིག་སོ་སོ་བས། །ལུས་གཞན་སེན་མོ་སྐྲ་ཚོགས་བཞིན། །ཅི་སྟེ་བྱིས་པའི་ཚང་བོར་ནས། །བྱིས་པ་གཞོན་ནུ་ཉིད་གྱུར་ན། །གང་ཞིག་གནས་སྐབས་བྲལ་གནས་པ། །ལུས་ཀྱི་རང་བཞིན་བརྗོད་པར་གྱིས།། ལུས་ནི་སྐུ་གཟུགས་འདྲ་ཞེ་ན། །མར་མེ་ཐལ་བ་ལ་དེ་མེད། །གལ་ཏེ་རགས་སྤངས་ཕྲ་དངོས་སུ། །དེ་ལ་རྣམ་པར་གནས་ཤེ་ན། །རང་ཉིད་བསྟན་པ་ཙམ་འགྱུར་བས། །དེ་ནི་ལུས་ཞེས་བརྗོད་མི་བྱ། །དེ་ལ་བདག་ནི་བསམ་པ་མེད། །སྣང་བའི་ལུས་ནི་འཇིག་དང་ལྡན། །གནས་སྐབས་རྣམས་དང་འབྲེལ་གྱུར་པ། །ཀུན་རྫོབ་ཉིད་དུ་སྣང་བ་ཡིན། །ལུང་གིས་ཀྱང་ནི་དེ་ཡོད་ན། །རིགས་པ་དང་ནི་ལུང་གིས་བཟློག །འདི་ལྟར་ཡོན་ཏན་མ་གཏོགས་པར། །གཙོ་བོ་ཡོད་པ་མ་ཡིན་ལ། །གཙོ་བོ་གསུམ་ཡང་ཡོད་མ་ཡིན། །དེ་བཞིན་ཡོན་ཏན་ཡོད་ན་དེ་ཡང། །དེ་ནི་སོ་སོ་རྣམ་གསུམ་བདག །འགྲོ་བ་ལྷག་མ་རྣམ་པ་དགུར། །སེམས་པ་མེད་པ་གོས་ལ་སོགས། །དེ་བདེའི་བདག་ཉིད་ཇི་ལྟ་བུ། །སྣམ་སྩོགས་ལས་སྐྱེས་བདེ་སོགས་མིན། །སྣམ་སྩོགས་ལས་ནི་བདེ་སོགས་ཡིན། །སྣམ་བུ་ལ་སོགས་རྒྱུ་མེད་ཕྱིར། །མེད་ན་དེ་བདེ་ག་ལ་ཡོད། །དེ་ལྟར་ལུང་དང་རིགས་པ་ཡིས། །འདུས་བྱས་ཐམས་ཅད་མི་རྟག་པ། །དེ་ཡི་རྒྱུ་འབྲས་འབྲེལ་བ་ནི། །མངོན་སུམ་ཡིན་པས་མི་གནོད་དོ། །དེ་ནི་རང་གི་རྒྱུད་ལས་མཐོང༌། །རྟག་པ་ལ་ནི་ཇི་ལྟ་བུར། །ཕྲ་རབ་རྡུལ་ཡང་གཅིག་མིན་ཏེ། །ཕྱོགས་ཀྱི་དབྱེ་བ་མི་འཐད་ཕྱིར། །མར་མེའི་འབྲུ་མར་ཟད་འགྱུར་བ། །ཟད་འགྱུར་ཚེ་ན་མངོན་པ་མེད། །དེ་ལྟར་དངོས་པོ་ཟད་པར་ཡང༌། །སྐད་ཅིག་རེ་རེ་མི་མངོན་ནོ། །རྒྱུད་དང་ཚོགས་ཞེས་བྱ་བ་ཡང༌། །ཕྲེང་བ་དམག་ལ་སོགས་བཞིན་བརྫུན། །དེ་ལ་གོམས་པས་ངར་འཛིན་ན། །གཞན་ལ་ཅི་ཕྱིར་སྐྱེ་མི་འགྱུར། །དེ་ཕྱིར་སྐྱེ་མཆེད་ཚོགས་བཞིན་དུ། །འགྲོ་བ་གཅིག་ཏུ་ཤེས་པར་བྱ། །མ་བྱུང་ཉིད་ནས་སྡུག་བསྔལ་དེ། །གཞན་གྱི་བདག་ལས་ཕྱིར་བཟློག་བྱ། །དེ་ཡང་མི་རིགས་འགྱུར་ཞེ་ན། །གཞན་ལའང་རང་གི་བདག་ཉིད་མེད། །བདག་གཞན་མི་


DTG111_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་གང་ཡིན་དེ། །ཅི་རིགས་པར་ནི་བཟློག་བྱ་ཡིན། །སྙིང་རྗེས་སྡུག་བསྔལ་མང་གྱུར་པས། །ཅི་ཕྱིར་ནན་གྱིས་སྐྱེད་ཅེ་ན། །འགྲོ་བའི་སྡུག་བསྔལ་བརྟག་བྱས་ན། །ཇི་ལྟར་སྙིང་རྗེ་སྡུག་བསྔལ་མང༌། །དེ་ལྟར་རྒྱུད་ནི་གོམས་གྱུར་པ། །གཞན་གྱི་སྡུག་བསྔལ་ཞི་དགའ་བས། །པདྨའི་ནགས་སུ་ངང་པ་ལྟར། །མནར་མེད་པར་ཡང་འཇུག་པར་འགྱུར། །སེམས་ཅན་རྣམ་པར་གྲོལ་བ་ན། །དགའ་བའི་རྒྱ་མཚོ་གང་ཡིན་པ། །དེ་ཉིད་ཀྱིས་ནི་ཆོག་མིན་ནམ། །རོ་མེད་ཐར་པས་ཅི་ཞིག་བྱ། །དེ་ལྟར་གཞན་གྱི་དོན་བྱས་པས། །རློམ་སེམས་དང་ནི་ངོ་མཚར་མེད། །གཅིག་ཏུ་གཞན་དོན་ལ་དགའ་བས། །རྣམ་སྨིན་འབྲས་བུ་རེ་བ་མེད། །ཕྱོགས་བཅུའི་སེམས་ཅན་ཕུན་ཚོགས་དེའི། །བདག་གི་ཡིན་པར་གདོན་མི་ཟ། །གཞན་བདེ་བདག་གིར་འདུ་ཤེས་པས། །བདག་ལ་ཕྲག་དོག་གོ་སྐབས་མེད། །སྡིག་པ་བཤགས་པར་བྱ་བ་དང༌། །བསོད་ནམས་རྗེས་སུ་ཡི་རང་དང༌། །སངས་རྒྱས་བསྐུལ་དང་གསོལ་གདབ་པ། །གཞན་དང་བདག་གི་ཕྱིར་བྱེད་དོ། །ཡོངས་སུ་བསྔོ་བ་དེ་བཞིན་ཏེ། །བྱེ་བྲག་མེད་པར་རབ་ཏུ་འཇུག །དེ་ལྟར་སེམས་ཅན་ཁམས་བཞིན་དུ། བསོད་ནམས་མཐའ་ཡས་རབ་ཏུ་འབྱུང༌། །ལམ་འདི་དམ་པ་མཆོག་ཡིན་ཏེ། །བདེ་བ་མཐའ་ཡས་དུས་སྟོན་བཟང༌། །བྱང་ཆུབ་སེམས་དཔའི་དེད་དཔོན་ཆེས། །གང་ཞིག་དགའ་བ་འཕེལ་བ་ཡིན། །ལག་ན་རྡོ་རྗེ་བསེལ་མཆོག་རྣམས། །བདུད་ཀྱི་གཅན་པ་སྐྲག་བྱེད་ཅིང༌། སངས་རྒྱས་ཕྱག་བརྙན་རྣམས་ཀྱིས་ཀྱང༌། །རྟག་ཏུ་ཡོངས་སུ་བསྲུང་བ་ཡིན། །རྫོགས་པའི་སངས་རྒྱས་རྒྱལ་བའི་སྲས། །བྱང་ཆུབ་སེམས་ཀྱི་ཤིང་རྟར་ཞུགས། །ལྷ་ལ་སོགས་པས་སྟོད་བྱེད་ཅིང༌། །ལམ་དེ་ནས་ནི་འགྲོ་བར་བྱེད། །དེ་ལྟར་སེམས་ཅན་རྣམས་ལ་བདག ། གོམས་བྱས་ཚུལ་གྱིས་སྒྲོ་བཏགས་ཏེ། །བདག་གཞན་སྡུག་བསྔལ་ཞི་བྱའི་ཕྱིར། །བདག་ལ་སོགས་པ་རྣམ་ཀུན་གཏང༌། །གང་ཞིག་སྲེད་པས་ཡོངས་ཟིན་པ། །དེ་ཡི་སྡུག་བསྔལ་ཞིར་མི་འགྱུར། །འགྱུར་བས་རྣམ་པར་ཆུད་ཟོས་ནས། །དེ་ནི་འདི་ལྟར་སྡུག་བསྔལ་སྐྱེད། །


DTG111_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་སྡུག་བསྔལ་མེས་གདུངས་ན། །རང་གི་བདེ་ལ་དགར་ཅི་ཡོད། །ཀུན་ནས་ཚིག་པར་གྱུར་པ་ཡི། །ལུས་ལའང་བདེ་བ་ཅི་ཞིག་ཡོད། །བདག་ལ་ཆགས་པར་བྱེད་པ་ནི། །སྡུག་བསྔལ་ཀུན་གྱི་རྩ་བ་མཆོག །དེ་ལྟར་སེམས་ཅན་ཐམས་ཅད་ལ། །བདག་ནོར་གཏང་ཞིང་དེ་གཞོམ་མོ། །རྟེན་ཅིང་འབྲེལ་འབྱུང་བསམ་པ་ཡིས། །བདག་ལ་མ་ཆགས་དྲན་བྱས་ཏེ། །འབད་པ་ཀུན་གྱིས་དེའི་ཕོ་ཉ། །དམ་པ་ཤེས་ཁེ་འདོད་ཕམ་བྱ། །གང་གིས་འཇིགས་པས་དེ་མི་གཏོང༌། །དེ་མ་བྱིན་ན་འཇིགས་པ་ཡིན། །འདི་ལྟར་བདག་གི་ལུས་དང་སེམས། །སྐད་ཅིག་རེ་རེས་འགྲོ་བ་ཉིད། །གལ་ཏེ་མི་རྟག་དྲི་འབབ་པའི། །ལུས་ཀྱིས་རྟག་ཅིང་དྲི་མེད་པའི། །བྱང་ཆུབ་ཐོབ་པར་འགྱུར་ན་ནི། །དེ་ནི་རིན་མེད་རྙེད་མིན་ནས། །རྩི་སྨན་གཟུགས་དང་འདྲ་བར་ནི། །འཇིག་རྟེན་ཆོས་ལ་མི་སེམས་པས། །ད་ལྟར་བདག་ཀྱང་གཏང་བྱོས་ལ། །སེམས་ཅན་ཀུན་གྱི་དོན་དུ་སྤྱོད། །སེམས་ཅན་ཀུན་ཕྱིར་བློན་པོར་ནི། །རང་གི་ཤེས་རབ་བཀོལ་བར་བྱ། །རིགས་པས་ནོར་དེ་བསྲུང་བྱས་ཏེ། །སེམས་ཅན་རྣམས་ལ་མཁོ་བར་སྤྱད། །བདག་གི་ལུས་དང་གཞན་ལུས་ལ། །སྡུག་བསྔལ་མང་སེལ་སྡུག་བསྔལ་གང༌། །དེ་བྱ་བདེ་བའང་དེ་བཞིན་ཏེ། །བདེ་བ་མང་བྱེད་བསྐྱེད་པར་བྱ། །སེམས་ཅན་ལོངས་སྤྱོད་གེགས་བྱེད་ཕྱིར། །བསྒྲིབས་ཏེ་ཉོན་མོངས་སྦྱངས་བྱས་ཏེ། །འཇིག་རྟེན་འཚོ་བའི་འབབ་སྟེགས་ནས། །སྤྲུལ་གྱི་རོ་བསལ་བཞིན་དུ་བྱ། །བསོད་ནམས་ཞིང་འདི་དག་གྱུར་ན། །ཕུན་སུམ་ལོ་ཏོག་འབྲས་བུ་ཆེ། །བདེ་བའི་མུ་གེས་གདུངས་པ་ཡི། །འགྲོ་བ་དག་ནི་ཚིམ་པར་འགྱུར། །འཐོབ་དང་བཀུར་སྟི་ལུས་ལ་སོགས། །སྐྱོ་ལ་བདག་གིས་བཏང་མིན་ནམ། །ཅི་ཕྱིར་ད་དུང་འཁྲུག་པར་བྱེད། །བདག་གིས་བརྫུན་དུ་དེ་སྨྲས་སམ། །རང་དོན་གནོད་བྱེད་ལ་སྡང་ན། འོ་ན་སྙིང་རྗེ་གང་དུ་འབྱུང༌། །གལ་ཏེ་གཞན་དོན་འཇིག་པ་ལ། །སྙིང་རྗེ་མེད་པའང་སུ་ཞིག་འཁྲུག །གླ་རྩི་བུ་རམ་ཤིང་ལ་སོགས། །བདག་པོས་མི་ཤེས་བཞག་ཉེས་ཏེ། །ལོངས་སྤྱོད་དུ་ནི་མི་རུང་བས། །སྤྱོད་བརྒྱད་ལ་སོགས་འོས་ཡིན་བདེན། །བདག་པོ་ལ་ནི་ཕན་འདོད་


DTG111_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །རིམ་གྲོ་བྱ་བར་སེམས་པ་མེད། །དེ་ལ་བསྐུལ་བའང་མི་བྱེད་དེ། །ལོངས་སྤྱོད་ཕྱིར་ཡང་འགྲོ་མི་བྱེད། །མ་རྨོས་མ་བཏབ་རྒྱལ་སྲས་རྣམས། །དེ་དག་རྗེས་འབྲངས་ཉེར་སོང་སྟེ། །སྣ་ཚོགས་མི་བཟད་ཁམས་རྣམས་དང༌། །དབང་པོ་ཀུན་གྱི་སྨན་ཆེན་འགྱུར། །དེ་དག་ཤེས་བྱས་དྲན་བྱས་ཏེ། །ཁྲོ་བ་དང་ནི་གནོད་བྱེད་ཀྱང༌། །སྡུག་བསྔལ་རྣམས་ལ་ཞིམ་པ་ཡི། །རང་བཞིན་མི་འདོར་བདེ་བར་བྱེད། །ས་དང་ཆུ་དང་མེ་དང་རླུང༌། །ནམ་མཁའ་ཞེས་བྱ་ཁམས་ལྔ་པོ། །སེམས་ཅན་ཇི་སྲིད་གནས་སྲིད་དུ། །ཀུན་གྱི་དོན་ནི་བྱེད་པ་སྟེ། །ཉེས་སྤྱོད་ཀུན་གྱིས་དེ་དག་ནི། །སེམས་ཅན་དོན་ལས་མི་ལྡོག་གོ །དེ་བཞིན་བདག་གིས་ཁམས་དྲུག་པོ། །འདི་དག་དོན་མེད་མི་བྱའོ། །ནམ་མཁའི་མཐའ་ནི་ཇི་ཙམ་པར། །འཇིག་རྟེན་མཐའ་ནི་སྲིད་གྱུར་པ། །དེ་སྲིད་འཇིག་རྟེན་དོན་བྱེད་པས། །ཡེ་ཤེས་སྔོན་བཏང་གནས་པར་བགྱི། །བྱ་བ་བསྲུངས་ན་བདག་ལ་ནི། །བདག་གིས་མི་དྲི་ནན་གྱིས་སུ། །སློབ་དཔོན་བདག་གིས་རྟག་པར་བདག །སློབ་མ་མཆོག་བཞིན་བསླབ་པར་བྱ། །བདག་གི་བླ་མ་བདག་འདྲ་བར། །བདག་གི་བག་ཉལ་སྐྱོན་སུས་ཤེས། །བདག་སྡུག་བསྔལ་དང་བདག་འཇིགས་པས། །སུ་ཞིག་དེ་ལྟར་སྡུག་ཅིང་འཇིགས། །སྐྱོ་བར་མི་འགྱུར་འགྲོས་མི་འགྱུར། །སྙིང་རྗེ་ཡི་ཡང་ཡུལ་གྱུར་ཅིག །རྟག་ཏུ་ཉེ་བར་གནས་གྱུར་པ། །སློབ་མ་བདག་འདྲ་ག་ལ་ཡོད། །ཉོན་མོངས་ཀྱིས་སྨྱོ་གཏི་མུག་ལྡོངས། །གཡང་ས་མང་པོའི་ལམ་དུ་ནི། །གོམ་པ་རེ་རེ་རྡེག་འཆའ་བ། །བདག་དང་གཞན་རྟག་མྱ་ངན་གཞི། །འགྲོ་བ་རྣམས་ནི་སྡུག་བསྔལ་མཚུངས། །དེ་བས་འཁྲུལ་པ་བཙལ་མི་རིགས། །འདི་ལ་ཡོན་ཏན་མཐོང་ན་ནི། །ངོ་མཚར་ཆེན་པོ་བྱ་བའི་རིགས། །ཉེས་པ་རྒྱ་མཚོ་བདག་གཅིག་པུ། །བླང་བར་ནུས་པ་མ་ཡིན་པས། །འདི་ན་བདག་ལ་གཞན་ཡང་དགོས། །ཉེས་ལས་ཐར་བྱེད་གཞན་གང་ཡིན། །ཕ་རོལ་བསྐུལ་ལ་མཁས་པ་པོ། །གསོལ་བ་མ་བཏབ་ཕན་བྱེད་ཀྱི། །ཚིག་ནི་སྤྱི་བོས་བླང་བར་བྱ། །བདག་ནི་


DTG111_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་སློབ་པར་བྱ། །ཉོན་མོངས་དགྲ་ནི་མང་པོ་དང༌། །གཅིག་པུ་བདག་ནི་གཡུལ་འགྱེད་ཚེ། །དེ་ན་གཅིག་དང་འཐབ་པ་ན། །གཞན་ནི་བདག་གི་བདེ་བ་འཇོམས། །སྡང་ངམ་མི་སྡང་གྱུར་ཀྱང་རུང༌། །དེ་ན་ལ་ལ་རྒྱབ་ནས་སམ། །གཞན་ནས་འཇིགས་པ་སྒྲོགས་བྱེད་པ། །དེ་ནི་བདག་ལ་སྲོག་ཕངས་སྦྱིན། །སྡུག་བསྔལ་ཀུན་གྱི་སྨན་པ་མཆོག །བདེ་བའི་དགའ་སྟོན་རབ་ཚོགས་ཞིང༌། །རྣམ་པ་ཀུན་དུ་ཉེར་འཚོ་བ། །འཇམ་དབྱངས་ཁྱོད་ལ་ཕྱག་འཚལ་ལོ། །དེ་ལྟར་བདེ་བར་གཤེགས་ཀྱི་སྲས། །རྣམ་ཀུན་རྨད་དུ་བྱུང་རྣམས་ཀྱི། །སྤྱོད་པ་ཉེ་བར་བཀོད་པ་ཡི། །དགེ་བ་བདག་གིས་གང་བསགས་པ། །བདེ་གཤེགས་གོ་འཕང་མཐའ་ཡས་ནི། །ནམ་མཁའི་མཚམས་པར་དབང་མཛད་པ། །དེ་ཡི་བདེ་བ་མཐའ་ཡས་རྣམས། །ལུས་ཅན་དག་གིས་ཐོབ་པར་ཤོག །བསོད་ནམས་སྤེལ་བ་རྫོགས་སོ།། །།བསླབ་པ་ཀུན་ལས་བཏུས་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་འདུལ་བ་མདོ་སྡེ་དུ་མ་ལས་བཏུས་པ། སློབ་དཔོན་ཞི་བའི་ལྷས་མཛད་པ་རྫོགས་སོ།། །རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་པ་ན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།སླད་ཀྱི་ཁ་ཆེའི་པཎྜི་ཏ་ཏི་ལ་ཀ་ཀ་ལ་ཤ་དང༌། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་སྲི་མདའི་དགོན་པར་ཞུ་ཏུག་ལེགས་པར་བྱས་པའོ།།

དེ་བཞིན་གཤེགས་པའི་སྙིང་པོ་ཡི་གེ་བརྒྱ་པའི་བསྲུང་བ་དང་སྡིག་པ་བཤགས་པའི་ཆོ་ག།
ཞི་བ་ལྷ།


DTG111_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པའི་སྙིང་པོ་ཡི་གེ་བརྒྱ་པའི་བསྲུང་བ་དང་སྡིག་པ་བཤགས་པའི་ཆོ་ག །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་སྙིང་པོ་བརྒྱད་སྟོང་བཟླས་ན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ། །དེ་ཡང་གང་ཞེ་ན། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། སརྦྦ་ཏྲ་ཡ་པྲ་ཏི་ཧ་ཏཱ་བཱ་པྟི། དྷ་རྨྨ་ཏ་བ་ལི་ནཱ་ན། ཨོཾ་ཨ་ས་མ་ས་མ། ས་ས་མ་བ་ལྭ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན་མ་ཧྭ་བ་སྨ་ར་ནྞེ། བི་ག་ཏ་རཱ་ག་བུདྡྷ་དྷ་རྨྨ་ཏེ། ས་ར་ས་ར། ས་མ་བ་ལཱ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན་མ་ཧཱ་བ་ར་ལ་ཀྵ་ཎེ། ཛྭ་ལ་ཛྭ་ལ་ན་སཱ་ག་རེ་སྭཱ་ཧཱ།


DTG111_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཡིན་ཏེ། འདི་ལ་གུས་པ་བླ་ན་མེད་པ་བྱའོ། །འདིས་ལས་དང་པོ་བ་དག་ཀྱང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་རོ། །འདི་ཉིད་བདུད་ལ་སོགས་པ་དང་མ་རུངས་པ་ཐམས་ཅད་ལས་སྲུང་བར་བྱེད་པའི་མཆོག་ཡིན་ནོ། །ཐལ་མོ་བརྡབ་པའམ། ཐལ་བའམ། ཡུངས་ཀར་རམ། ཆུའམ། བལྟ་བའམ། ཡིད་ཀྱིས་ཀྱང་མཚམས་གཅོད་པར་བྱེད་དོ། །ནད་ཀྱིས་བཏབ་ན་སྨན་གྱི་ཆུ་ལ་སྔགས་ཀྱིས་བཏབ་སྟེ་བཏུང་ངོ༌། །ཡང་ན་མཆོད་རྟེན་ནམ། སྐུ་གཟུགས་སམ། དམ་པའི་ཆོས་ཀྱི་གླེགས་བམ་ལ་ནགས་ཀྱི་མེ་ཏོག་སེམས་མཉམ་པར་གཞག་སྟེ་འབུལ་ཞིང་ཟླ་བ་ཕྱེད་སྦྱོར་བ་བྱས་ན་ནད་ཆེན་པོ་དག་ལས་ཐར་བར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་དམིགས་པ་དང༌། སེམས་ཅན་ཐམས་ཅད་ལ་དམིགས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་འདོད་པའི་སེམས་ཀྱིས་བཟང་པོའི་སྤྱོད་པ་སྔོན་དུ་བྱས་པས་བཟླས་བརྗོད་བྱའོ། །ཆོ་ག་འདི་ནི་ཆོ་ག་དེའི་མཇུག་ནས་འབྱུང་བའོ། །དམ་ཚིག་གསུམ་གྱི་བཟླས་བརྗོད་བྱེད་པ་ནི་ཁྲུས་མ་བྱས་ཀྱང་ཉེས་པ་མེད་དོ། །ལྷག་པའི་ཆོས་ལ་གཙང་སྦྲ་མ་བྱས་ཀྱང་ཉེས་པ་མེད་དོ། །ཕྱག་རྒྱ་འདྲ་བ་དག་མི་བཟའོ། །མི་འགོམ་མོ། །ཁྲི་ལ་ཉལ་བར་མི་བྱའོ། །ཆང་མི་བཏུང་ངོ༌། །མོས་པས་སྤྱོད་པའི་བསླབ་པའི་གཞི་དང་ལས་མི་གཡོ་བ་དང་ཐེ་ཚོམ་མེད་ན་སྔོན་ངང་ཚུལ་ངན་པར་གྱུར་ཀྱང་འགྲུབ་བོ། །མཁས་སམ་མི་མཁས་པའི་ཆོས་ཏེ་ངེས་པར་འགྲུབ་པོ། །དེ་སྐད་དུ་དེ་ཉིད་ལས། གང་ཞིག་བྱང་ཆུབ་སེམས་བརྟན་ཞིང༌། །བློ་གྲོས་ཆགས་པ་མེད་པ་དང༌། །ཐེ་ཚོམ་དག་ཀྱང་མི་བྱེད་པ། །དེ་ལ་ངེས་པར་འགྲུབ་པར་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་བརྟན་པ་ནི་འདིར་སོ་སོ་སྐྱེ་བོའི་སྟོབས་དང་ལྡན་པར་ངེས་པར་བྱ་བའི་ཕྱིར་གསུངས་ཀྱི། སར་ཆུད་པའི་དབང་དུ་བྱས་པ་ནི་མ་ཡིན་ནོ། །འདི་ལ་མ་ཤེས་ན་སྔགས་རྣམས་ཡི་གེ་ལྷག་པར་བརྗོད་ཀྱང་ཉེས་པ་མེད་དོ། །ཉུང་ཡང་ཉེས་པར་མི་འགྱུར་རོ། །ཆོ་ག་ཉམས་ཀྱང་ཉེས་པར་མི་འགྱུར་རོ། །འོན་ཀྱང་དད་པའི་ཤུགས་དང༌། བྱང་


DTG111_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཀྱི་སེམས་ཀྱི་ཤུགས་དང༌། རང་གི་དོན་དོར་བའི་སེམས་བརྩན་པར་བྱ་སྟེ། རྣམ་པར་མི་རྟོག་པར་བརྗོད་ན་གདོན་མི་ཟ་བར་ཚེ་འདི་ཉིད་ལ་བྱང་ཆུབ་སེམས་དཔའ་མཐོང་བ་དང་ཅི་འདོད་པ་ཡང་འགྲུབ་པར་འགྱུར་རོ། །བསླབ་པ་ཀུན་ལས་བཏུས་པ་ལས་འབྱུང་བ་དེ་བཞིན་གཤེགས་པའི་སྙིང་པོའི་ཡི་གེ་བརྒྱ་པའི་བསྲུང་བ་དང་སྡིག་པ་བཤགས་པའི་ཆོ་ག །སློབ་དཔོན་ཞི་བའི་ལྷས་མཛད་པ་རྫོགས་སོ།།

བསླབ་པ་ཀུན་ལས་བཏུས་པའི་མངོན་པར་རྟོགས་པ་ཞེས་བྱ་བ།
གསེར་གླིང་པ་ཆོས་སྐྱོང་།


DTG111_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤིཀྵ་ས་མུ་ཙྪ་ཡ་ཨ་བྷི་ས་མ་ཡ་ནཱ་མ། བོད་སྐད་དུ། བསླབ་པ་ཀུན་ལས་བཏུས་པའི་མངོན་པར་རྟོགས་པ་ཞེས་བྱ་བ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །སྟོབས་བཅུ་ལྡན་པ་གང་གི་ཞབས་རྡུལ་ལ། །ལྷ་རྣམས་ཅོད་པན་གྱིས་གཏུགས་དེ་བཏུད་དེ། །འཇམ་པའི་དབྱངས་ཀྱི་ཞབས་གཏུགས་ཞི་བའི་ལྷས། །བསླབ་པའི་གནས་རྣམས་མདོ་སྡེ་ཀུན་ལས་བཏུས། །དང་པོ་གཉིས་ནི་ཕྱི་མ་བདུན་གྱིས་བཤད། །གཉིས་ཀྱི་དོན་ནི་རྣམ་དགུར་ཤེས་པར་བྱ། །ལྔ་ཡི་འོག་དང་གཉིས་ཀྱི་གོང་མ་ནི། །དང་པོ་ཡིན་ཏེ་གཞན་ན་གཉིས་པ་ཡིན། །གཉིས་ཀའི་དོན་ནི་ཟླ་བ་ཚེས་པ་དང༌། །ཉ་དང་སྡིག་པ་གསེར་གྱི་འཁོར་ལོ་དང༌། །གླང་པོ་གདུགས་དང་ཐིག་ལེ་དང་པོ་དང༌། །འཇམ་པའི་དབྱངས་ཀྱི་ཕྱག་ན་རལ་གྲི་འཛིན། །རིན་པོ་ཆེ་ནི་ཁྱད་པར་གཉིས་དང་བཅས། །དད་དང་བླ་མའི་ཚོགས་དང་གོ་ཆ་དང༌། །བྱིན་རླབས་ཕྱིར་མི་ལྡོག་དང་སྤྱོད་པ་དང༌། །ལུང་བསྟན་པ་སྐུ་གསུམ་ཡོན་ཏན་བཅས། །བཞི་ལས་འབྲས་བུར་གྱུར་པ་དང་པོ་སྟེ། །གསུམ་ནི་ཡང་དག་སྤོང་བར་རབ་ཏུ་གནས། །གཉེན་པོ་གང་ལ་དེ་ཡི་ངོ་བོ་སྟེ། །རྟེན་དང་ཉེས་པ་སྤོང་བ་དང་པོ་ཡིན། །སུན་འབྱིན་པ་ནི་དེ་ཡི་གཉིས་པར་བརྗོད། །གཉེན་པོ་སྤྱོད་པ་གཉིས་པའི་དང་པོ་སྟེ། །སྤྱོད་པ་ཐ་མ་དེ་ཡི་གཉིས་པ་ཡིན། །མི་མཐུན་པ་ནི་རྣམ་པ་བརྒྱད་ཡིན་ཏེ། །ལས་དང་ཉོན་མོངས་ལྟ་བ་དག་ལས་ནི། །འགྱུར་དང་གྱུར་པའི་ཁྱད་པར་རྣམ་པ་དྲུག །རང་གི་རྩ་བ་ཐ་མ་གཉིས་དང་བཅས། །འགྱུར་བ་གསུམ་ནི་དང་པོའི་ཆོས་སུ་གཞག །གྱུར་པ་གསུམ་ནི་དང་པོའི་གཉིས་པ་སྟེ། །རྩ་བ་


DTG111_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱང་དེ་དང་མཐུན་པ་ཡིན། །གྱུར་པ་གསུམ་ནི་གཉིས་པའི་གཉིས་པ་སྟེ། །རྟེན་གྱི་དང་པོའི་ཆོས་ཀྱང་དེ་ཡི་ཡིན། །གྱུར་པ་དང་པོ་སྟོབས་ཀྱི་དང་པོ་སྟེ། །གྱུར་པ་གཉིས་པ་ཕུང་པོའི་གཉིས་པ་ཡིན། །གྱུར་པ་གསུམ་པ་ཕུང་པོའི་གསུམ་པ་སྟེ།། མི་མཐུན་གཉེན་པོའི་ཁྱད་པར་དེ་ཡིས་བསྟན། །ཚོགས་ཀྱི་ལམ་ལ་ལྔ་ནི་དངོས་ཡིན་ཏེ། །དེ་ལས་གཞན་པ་རྗེས་སུ་མཐུན་པ་ཡིན། །སྦྱོར་བའི་ལམ་ལ་བདུན་ནི་དངོས་ཡིན་ཏེ། །དེ་ལས་གཞན་པ་ལྔ་ནི་རྗེས་མཐུན་ཡིན། །མཐོང་བའི་ལམ་ལ་བཅུ་ནི་དངོས་ཡིན་ཏེ། །དེ་ལས་གཞན་པ་གཉིས་ནི་རྗེས་མཐུན་ཡིན། །ཚོགས་ཀྱི་ལམ་ལ་བསྲུང་བ་གཙོ་བོ་སྟེ། །ཆོས་གཞན་གསུམ་པོ་མོས་པ་མཆོག་དང་ལྡན། །སྦྱོར་བའི་ལམ་ལ་སྤེལ་བ་གཙོ་བོ་སྟེ། །གསུམ་པོ་དག་ལ་ཇི་ལྟར་འཚམ་པར་ཟད། །མཐོང་བའི་ལམ་ལ་དག་པ་གཙོ་བོ་སྟེ། །གསུམ་པོ་དག་གིས་བདག་དང་གཞན་གྱི་དོན། །བསྒོམ་པའི་ལམ་ལ་ཕ་རོལ་ཕྱིན་པ་སྟེ། །བསྡུ་བའི་དངོས་པོ་འགྲོ་བ་ཚིམ་པར་བྱེད། །བསླབ་པ་ཀུན་ལས་བཏུས་པའི་མངོན་པར་རྟོགས་པ་ཞེས་བྱ་བ་རྫོགས་སོ།། །།དཔལ་མར་མེ་མཛད་ཡེ་ཤེས་དང༌། དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ། །གསེར་གླིང་རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་གིས། །བཅོམ་ལྡན་འཇམ་པའི་རྡོ་རྗེ་མཉེས་བྱས་པས། །བསླབ་པ་ཀུན་ལས་བཏུས་པའི་མངོན་པར་རྟོགས། །ཀ་མ་ལ་དང་མར་མེ་མཛད་ལ་གསུངས།། །།

བསླབ་པ་མེ་ཏོག་སྙེ་མ་ཞེས་བྱ་བ།


DTG111_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤིཀྵ་ཀུ་སུ་མ་མཉྫ་རཱི་ནཱ་མ། བོད་སྐད་དུ། བསླབ་པ་མེ་ཏོག་སྙེ་མ་ཞེས་བྱ་བ། དཔལ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཤིན་ཏུ་གཡོ་བའི་ཀུན་རྟོག་རླབས་ཀྱིས་མི་འཁྲུགས་པ་ཡིས་ཟབ་གྱུར་ཅིང༌། །རྣམ་པར་འཕྲོ་བའི་སྣ་ཚོགས་ཡོན་ཏན་འབྱུང་གནས་ཉིད་དང་དེ་བཞིན་དུ། །སྣ་ཚོགས་ཐབས་ཀྱིས་མ་ལུས་འགྲོ་དོན་ཕུན་སུམ་ཚོགས་པས་རྒྱ་ཆེ་བའི། །མཚོ་འདྲའི་སངས་རྒྱས་གང་ཡིན་དེ་ལ་འཆི་མེད་དོན་དུ་སྐྱབས་སུ་མཆི། །གལ་ཏེ་ལུས་དང་ལོངས་སྤྱོད་དང་ནི་དགེ་བ་གསུམ། །བཏང་དང་བསྲུང་བ་དང་ནི་


DTG111_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

དག་དང་སྤེལ་བ་རྣམས། །གཞན་དོན་བརྩོན་པས་ངེས་པར་བྱེད་པར་འདོད་འགྱུར་ན། །བླ་མེད་བསླབ་པ་ཀུན་ལས་བཏུས་པ་ལ་བརྟེན་བྱ། །མདོ་སྡེ་རིན་ཆེན་སྣ་ཚོགས་ཀྱི། །རྒྱ་མཚོ་ཆེན་པོ་གཅིག་པུ་ཡི། །བསླབ་པ་ཀུན་བསྡུས་པ་འདི་མཐོང་ན། །སྲེད་པ་ཀུན་ནས་གཅོད་པར་བྱེད། །ཤིན་ཏུ་རྒྱས་པས་འཇིགས་པས་ན། །བདག་འདྲའི་སེམས་ཀྱི་རྒྱུད་དག་པ། །དེ་ཡི་གཟུགས་བརྙན་འཆར་བ་ནི། །བདེ་བླག་ཏུ་ནི་འདིར་མི་འབྱུང༌། །དེ་ཕྱིར་རང་གི་སེམས་ཀྱི་རྒྱུད། །དག་པ་ཙམ་གྱི་དོན་གྱི་ཕྱིར། །བདག་གི་དྲན་པ་ལས་འོངས་པ། །ཅུང་ཟད་བཏུས་ཏེ་བྲི་བར་བྱ། །འཕགས་པ་ཞི་བའི་ལྷ་གང་གིས། །བཤད་བྱ་ཐམས་ཅད་མཚོན་བྱེད་པའི། །གང་ཞིག་བསླབ་བཏུས་འགྲེལ་པ་ནི། །ཡོད་པའི་ཚིགས་བཅད་གཅིག་གསུངས་པ། །འདི་ལྟ་སྟེ། བདག་གི་ལུས་དང་ལོངས་སྤྱོད་དང༌། །དགེ་བ་དུས་གསུམ་བསགས་པ་རྣམས། །སེམས་ཅན་ཀུན་ལ་བཏང་བ་དང༌། །དེ་བསྲུང་དག་པ་སྤེལ་བའོ། །ལུས་ནི་འདི་ལ་རབ་གྲགས་པའི། །འདི་ལྟར་ཕུང་པོ་ལྔ་པོའོ། །ལོངས་སྤྱོད་ཉེར་མཁོ་ཐམས་ཅད་དེ། །དེའི་གནས་པ་ཡི་རྒྱུར་གྱུར་པའོ། །དགེ་བ་ལེགས་པ་ཐམས་ཅད་དེ། །འདས་དང་མ་འོངས་ད་ལྟར་བའོ། །གཏོང་བ་ལ་སོགས་རྣམ་པ་བཞི། །དེ་དག་སོ་སོ་ནས་བསྟན་ཏེ། །སྙིང་པོ་མེད་པ་སྙིང་བླང་ཕྱིར། །གུས་པས་སྦྱིན་པར་བྱ་བ་ཡིན། །ལུས་སོགས་སྙིང་པོ་མེད་པ་འདི། །མངོན་སུམ་དང་ནི་ལུང་གིས་གྲུབ། །ཇི་སྐད་དུ། གང་ཞིག་བྱིན་དེ་ཉམས་མིན་ཏེ། །གང་ཞིག་ཁྱིམ་ན་གནས་དེ་ཉམས། །གང་དེ་ཁྱིམ་ནས་མྱ་ངན་རྒྱུ། །གང་ཞིག་བྱིན་དེ་བདེ་འབྱུང་བྱེད། །གང་ཞིག་བྱིན་དེ་བདེ་འགྲོ་བ། །མཐོ་རིས་ཀྱི་ནི་སྐབས་སུ་གནས། །གང་དེ་ཁྱིམ་ནས་ངན་འགྲོ་དེར། །སྡུག་བསྔལ་ཡང་དག་འབྱུང་བའི་རྒྱུ། །གང་དེ་ཁྱིམ་ནས་ཡུན་རིངས་སུ། །འཁོར་བའི་ལམ་དུ་ལྟུང་བར་བྱེད། །གང་བྱིན་དེ་ནི་ཐར་པ་ཡི། །གྲོང་ཁྱེར་ལམ་ན་སྟོན་པར་བྱེད། །ཁྱིམ་གནས་གང་དེ་འཁོར་བ་ཡི། །དུག་གི་སྡོང་བུ་འཕེལ་བར་བྱེད། །གང་ཞིག་བྱིན་དེ་ཉོན་མོངས་པའི། །དགྲ་ཡི་ཕྱོགས་རྣམས་སེལ་


DTG111_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད། །ཁྱིམ་གནས་གང་དེ་ཕ་རོལ་གྱི། །ཁང་པའི་སྒོར་ནི་འགྲོ་བའི་རྒྱུ། །གང་ཞིག་ཁྱིམ་དེ་འདོད་པ་ཡིས། །གང་བའི་ཁང་བཟངས་འབྱུང་བའི་རྒྱུ། །སེར་སྣས་བཅིངས་པ་ལས་བྱུང་བའི། །དེ་ལྟར་སྐྱོན་རྣམས་མཐོང་ནས་ནི། །འགྲོ་བའི་དོན་ནི་བསྒྲུབ་པའི་ཕྱིར། །སྦྱིན་པ་ལ་ནི་གོམས་པར་བྱ། །རིམ་གྱིས་གོམས་པ་འཕེལ་བ་ལས། །བྱང་ཆུབ་སེམས་དཔའི་སྙིང་རྗེའི་གཏེར། །གང་ཞིག་མགོ་དང་རྐང་བར་གྱི། །ལུས་ནི་སྦྱིན་པར་བྱེད་པ་ན། །དེ་ལ་རྨི་ལམ་རྒྱུ་མཚུངས་པའི། །སྡུག་པའི་བུ་ལ་སོགས་པ་དང༌། །དེ་བཞིན་ལོངས་སྤྱོད་ཐམས་ཅད་ལ། །སྦྱིན་མི་བྱ་བ་ཡོད་དམ་ཅི། །ཁྱི་དང་ཝ་དང་སྟག་སོགས་ཀྱི། །ཟས་སུ་འདི་དག་གསལ་བར་ནི། །ཡང་དག་མཐོང་བས་འདོད་རྣམས་ལ། །ལུས་ནི་སྦྱིན་པར་ཅིས་མི་བྱ། །གཞན་ལ་གཏང་བའི་རང་བཞིན་འདི། །ལམ་དུ་མཁས་པ་རྣམས་ཀྱིས་བསྟེན། །འགྲོ་བའི་དོན་ནི་རབ་སྒྲུབ་ཆེད། །གཞན་དག་དེ་ཡིས་སྔོན་མ་གཟིགས། །དེ་བཞིན་གཤེགས་པའི་ཡོན་ཏན་ཚོགས། །རིན་ཆེན་རྒྱན་ནི་དྲན་པ་དང༌། །སེར་སྣའི་ཉེས་པ་རྣམས་མཐོང་བ། །གཉིས་པོ་སྦྱིན་པ་ལ་འཇུག་རྒྱུ། །དེ་དག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ།། །།དེ་ནི་སྦྱིན་པར་གྱུར་ཀྱང་ནི། །བསྲུང་བ་དག་ནི་མ་བྱས་ན། །ལུས་སོགས་ལོངས་སྤྱོད་དུ་མི་འགྱུར། །དེས་ན་བསྲུང་བ་རྣམས་བྱའོ། །འགྲོ་བའི་དོན་རྣམས་བསྒྲུབ་དོན་དུ། །ལོངས་སྤྱོད་ཉིད་དུ་བྱ་བའི་ཕྱིར། །ལྟ་མཛེས་ཤིང་གི་ས་བོན་བཞིན། །སྙིང་རྗེའི་བདག་ཉིད་ཅན་གྱིས་བསྲུང༌། །གཞན་དུ་དུས་མི་ཤེས་པ་ཡིས། །སྨིན་པར་མ་གྱུར་བྱང་ཆུབ་ཀྱི། །སེམས་ཀྱི་མྱུ་གུ་ཉམས་པ་ཡིས། །ཇི་ལྟར་འདོད་པའི་འབྲས་སྟེར་འགྱུར། །ལུས་ཀྱི་བསྲུང་བ་གང་ཞེ་ན། །གཞན་ལ་གནོད་པ་སྤོང་བ་སྟེ། །དེ་ནི་བདག་ཅག་ཆགས་བྲལ་བས། །དེ་ནི་དམ་ཆོས་ཡོངས་བཟུང་དང༌། །དགེ་བའི་བཤེས་གཉེན་དམ་པ་རྣམས། །ཇི་བཞིན་རྟག་ཏུ་བསྟེན་པ་དང༌། །སེམས་ཅན་ཀུན་ལ་བརྩེ་བ་ལས། །འབྱུང་བར་མདོར་བསྡུས་ནས་ནི་བརྗོད། །གནོད་པར་འགྱུར་བ་གཞན་རྣམས་ཀྱི། །བྱ་དང་བྱ་མིན་བལྟ་བ་དང༌། །ཉེས་


DTG111_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པར་གནས་པ་ལ། །ལུས་དང་སེམས་དང་ངག་གིས་ནི། །ཉེས་པ་ཉེ་བར་འདོགས་པ་དང༌། །དེ་བཞིན་གཞན་ལ་གནོད་སེམས་དང༌། །ཡང་དག་བྱང་ཆུབ་སེམས་བསྐྱེད་ལ། །མི་སྙན་རྗོད་པར་བྱེད་པ་དང༌། །སྡིག་ཅན་འདི་ནི་བལྟ་མིན་ཞེས། །གང་ཞིག་མ་དད་ཁྲོ་སེམས་ཀྱིས། །བྱང་ཆུབ་སེམས་དཔའ་ལ་ནི་གདོང༌། །ཕྱིར་ཕྱོགས་པར་ནི་བྱེད་པ་དང༌། །ཆགས་པས་འདོད་རྣམས་ལ་ཞེན་དང༌། །སྡིག་པའི་གྲོགས་པོའི་རྗེས་འཇུག་དང༌། །དགེ་བའི་བཤེས་གཉེན་སྤོང་བ་དང༌། །འཇིག་རྟེན་ཆོས་ལ་འདྲིས་བྱེད་དང༌། །ཚུལ་བཞིན་མ་ཡིན་རབ་ལྡན་པའི། །སྦྱིན་པ་ལ་སོགས་གནོད་པ་ཉིད། །སྒྲིབ་པ་ཐམས་ཅད་ཡོངས་དག་པའི། །མདོ་ལས་རབ་ཏུ་རྟོགས་བྱ་སྟེ། །འདི་ལྟར། སྦྱིན་པ་གཏོང་ན་བདག་ཉིད་ནི། །གཅིག་པུ་ཁོ་ན་གཏོང་བྱེད་ཅེས། །བདག་ཉིད་ང་རྒྱལ་ལྡན་པ་ཡིས། །སེར་སྣ་ཅན་ལ་བརྙས་འདི་དང། །ཚུལ་ཁྲིམས་སྲུང་བར་བྱེད་པ་ན། །ཚུལ་ཁྲིམས་འཆལ་རྣམས་ལ་བརྙས་ཤིང༌། །བདག་ཉིད་ཚུལ་ཁྲིམས་ལྡན་རིག་ཕྱིར། །དེ་སྐྱོན་འཇིག་རྟེན་ལ་བརྗོད་དང༌། །བཟོད་པ་གོམས་པར་བྱེད་པ་ན། །བཟོད་མེད་རྣམས་ལ་བརྙས་བྱེད་ཅིང༌། །བདག་ཉིད་ཁོ་ན་སངས་རྒྱས་ཉིད། །ཐོབ་འགྱུར་ཞེས་པའི་བློ་ལྡན་དང༌། །དེ་བཞིན་བརྩོན་འགྲུས་བསམ་གཏན་དང༌། །དེ་བཞིན་ཡང་དག་བྱང་ཆུབ་ཀྱི། །རྒྱུར་འགྱུར་དམ་ཆོས་གཞན་ལ་ཡང༌། །གང་ཞིག་མདོ་སྡེ་གཅིག་ཉིད་ལ། །ལེགས་ཞེས་རབ་ཏུ་བརྗོད་པ་དང༌། །ཚིགས་བཅད་གཞན་དང་ཚིག་གཞན་དག །གསལ་བར་གང་ཞིག་བརྗོད་པ་དང༌། །ཤེས་རབ་ཉིད་ལ་སྦྱོར་བྱེད་ཀྱི། །ལྷག་མའི་ཕ་རོལ་ཕྱིན་ལ་མིན། །དེ་ལྟའི་ཤེས་རབ་འཆལ་རིགས་ཀྱི། །སྤྱོད་པ་ཡང་ནི་བལྟ་བར་བྱ། །འདོད་ཡོན་ལྔ་ཡི་རོལ་པ་ཡིས། །བྱེད་པའི་ཆོས་ནི་སྨྲ་བ་ལ། །སྤྱོད་པ་ལྡན་པར་གནས་མིན་ཞེས། །གང་ཞིག་ཡིད་ཀྱིས་སེམས་བྱེད་པ། །དེ་ལྟའི་གནོད་དང་ཡང་དེ་ཡི། །རྣམ་སྨིན་ཆེས་ནི་རྩུབ་པ་ལ། །སྣ་ཚོགས་ཐམས་ཅད་འདོད་པ་ལས། །མཁས་པ་རྣམས་ཀྱིས་དང་བར་བྱ། །དམ་ཆོས་དྲན་པ་ཉེར་གཞག་པ། །ལ་སོགས་མདོ་སྡེ་


DTG111_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ནི། །གུས་དང་གཡོ་བ་མེད་པ་ཡི། །སེམས་ཀྱིས་ངེས་པར་བ་ལྟ་བ་ཡིས། །གནོད་པ་དང་ནི་སྤོང་བ་ལ། །གུས་པ་ཡང་ནི་བསྒྲུབ་པར་བྱ། །རང་ནི་ངན་འགྲོས་འཇིགས་སྐྲག་ན། །མཐོང་དང་མ་མཐོང་དོན་སྒྲུབ་ཕྱིར། །སྦས་པའི་དགེ་བའི་བཤེས་གནས་པའི། །སེམས་ཅན་རྣམས་ལ་ཐམས་ཅད་དུ། །ནམ་ཡང་ཁོང་ཁྲོ་བདག་གི །སྐབས་ནི་རབ་ཏུ་དབྱེ་མི་བྱ། །གང་ཕྱིར་དཔའ་བར་འགྲོ་བའི་མདོར། །གཟིགས་པ་ཉམས་མེད་སངས་རྒྱས་ཀྱིས། །བླ་མེད་བྱང་ཆུབ་ཆེན་པོ་རུ། །སེམས་ཅན་ཐམས་ཅད་ལུང་བསྟན་ཏོ། །བྱང་ཆུབ་སེམས་དཔའ་གཞན་དག་གི །སྤྱོད་པ་ལ་ནི་སྨད་མི་བྱ། །སེམས་ཅན་རྣམས་ཀྱི་སྤྱོད་པ་ནི། །འཕགས་མིན་མིག་གི་སྤྱོད་ཡུལ་མིན། །གང་ཟག་གཞན་གྱིས་གང་ཟག་གཞན། །ཚད་འཛིན་པར་ནི་བྱེད་པ་དག །རང་གིས་རང་ཉིད་ཉམས་བྱེད་པར། །དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས། །མཆོད་རྟེན་བསྐོར་བ་བྱ་བ་དང༌། །ཡོན་གནས་རྣམས་དང་འདྲིས་པ་དང༌། །དེ་བཞིན་ཕྱི་མའི་དུས་ན་ནི། །དམ་པའི་ཆོས་ནི་འཛིན་པ་ཡི། །སྨན་པ་ནད་པ་སྨན་དང་ནི། །མི་བཟད་ནད་ཀྱི་འདུ་ཤེས་ཀྱིས། །དགེ་བཤེས་བདག་ཉིད་དམ་ཆོས་དང༌། །ཉོན་མོངས་རྣམས་ལ་རིག་པར་བྱ། །གནོད་པ་ཡོངས་སུ་སྤང་དོན་དུ། །བག་ཡོད་པ་ནི་ཡོངས་སུ་བཟུང༌། །རྙེད་དང་བཀུར་སྟི་མི་འདོད་པར། །བརྗོད་ཅིང་ཀུན་དགའ་ར་སོགས་ཡང༌། །དེ་ལ་བག་ནི་ཡོད་པ་ནི། །བག་ཡོད་པ་ནི་མདོར་བསྡུ་ན། །གང་ཞིག་རང་སེམས་འདུལ་བ་དང༌། །གཞན་སེམས་རྗེས་སུ་འཇུག་པ་སྟེ། །ཕུན་སུམ་ཚོགས་པ་ཀུན་གྱི་ཕྱིར། །སྐྱེ་བོ་ངན་པས་བསྟེན་པ་ཡི། །རྙེད་དང་བཀུར་སྟི་ལ་གཞོལ་ཡིད། །མྱུར་དུ་འབིགས་པར་བྱེད་པས་ན། །ཚེར་མ་དང་མཚུངས་མཁས་པས་སྤང༌། །འཕྲལ་དུ་བྱིང་བར་བྱེད་ཉིད་ཀྱིས། །འདམ་གྱི་འདུ་ཤེས་ཀྱིས་ཞེས་བྱ། །དྲན་པའི་རིན་ཆེན་ཉམས་བྱེད་ཕྱིར། །ཆོམ་རྐུན་གྱི་ནི་འདུ་ཤེས་བྱ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གནོད་པ་སྤང་པའོ།། །།གནོད་པ་སྤང་བ་ཚུལ་


DTG111_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ཏེ། །དེ་ནི་དྲན་པ་ཉེར་གཞག་ལས། །ཞི་གནས་མི་ཉམས་རྒྱར་འགྱུར་བའི། །དྲན་པ་བཅུ་གཉིས་དག་ཏུ་གསུངས། །སངས་རྒྱས་བཀའ་ལས་འདས་བྱུང་བའི། །རྣམ་སྨིན་ལ་གྲུབ་དྲན་པ་དང༌། །ལུས་མི་གཡོ་བ་གཉིས་གནས་པའི། །དྲན་པ་ཡང་ནི་གཞན་ཡིན་ནོ། །ཤིན་ཏུ་མ་དད་པས་བྱས་པའི། །སྦྱིན་སོགས་དམ་པའི་དྲན་པ་དང༌། །སྤྱོད་ལམ་དང་ནི་ཐམས་ཅད་ལ། །གུས་པར་བྱ་ཞེས་དྲན་པ་དང༌། །གཞན་གྱི་དོན་ལ་མི་མཁོ་བའི། །ཡན་ལག་དག་ནི་འདིར་མཐོང་ན། །དེ་ཚེ་བསྡུས་ནས་སླར་ཡང་དེ། །གཞན་གྱི་དོན་སྦྱོར་དྲན་པ་དང༌། །སེམས་ཀྱི་གླང་ཆེན་མྱོས་པ་ནི། །ཞི་གནས་ཀྱི་ནི་ཀ་བ་ལ། །རྟག་ཏུ་གདགས་པའི་དྲན་པ་ཡང༌། །འདི་ནི་དྲུག་པར་གསུངས་པ་ཡིན། །ཇི་ཙམ་བདག་གི་སྒྲ་ཡིས་ནི། །ཉན་པས་དོན་ནི་ངེས་འགྱུར་བ། །དེ་ལས་ལྷག་པ་དོན་མེད་པའི། །སྒྲ་མི་བརྗོད་པའི་དྲན་པ་ཡང༌། །སྤྱོད་ལམ་ལྷག་པ་གང་ཞིག་ལ། །བསྲུང་བའི་དོན་གྱི་དྲན་པ་གཞག །དྲན་པ་ལྷག་མ་མདོ་ཡི་ནི། །རྗེས་སུ་འབྲངས་ནས་ཤེས་པར་བྱ། །གང་ཞིག་སྒོ་སྲུང་གྱུར་པས་ཉོན་མོངས་དང༌། །བདུད་རྣམས་དག་གིས་ཟིལ་གྱིས་མི་ནོན་ཅིང༌། །ལམ་མིན་ལམ་ངན་དག་ཏུ་མི་ལྟུང་བའི། །ཡང་དག་དྲན་པ་ཞི་གནས་ཀྱི་ནི་རྒྱུ། །དྲན་པ་གང་ཞིག་ཕུལ་བྱུང་ཉིད། །ཤེས་བཞིན་ཞེས་ནི་བརྗོད་པ་སྟེ། །གང་ཞིག་ལུས་དང་སེམས་ལ་ནི། །ཡང་དང་ཡང་དུ་རྟོག་པ་པོ། །དྲན་པ་དང་ནི་ཤེས་བཞིན་ལས། །ཏིང་ངེ་འཛིན་ཀྱང་འབྱུང་བར་འགྱུར། །ཏིང་འཛིན་ཞི་གནས་ལ་གཞན་མིན། །ཚུལ་ཁྲིམས་དེ་མེད་པར་མི་འབྱུང༌། །གང་ཕྱིར་ཏིང་འཛིན་ཚུལ་ཁྲིམས་ལས། །འབྱུང་བས་ཏིང་ངེ་འཛིན་གྱི་རྒྱུ། །སྦྱོར་བས་གཞན་དག་གསུངས་པ་རྣམས། །ཐམས་ཅད་ཚུལ་ཁྲིམས་ཁོངས་སུ་འདུས། །དེ་ཕྱིར་དྲན་དང་ཤེས་བཞིན་དག །ལྡན་པ་ཏིང་འཛིན་དོན་གཉེར་བྱ། །ཚུལ་ཁྲིམས་འདོད་པས་ཞི་གནས་ལ། །རྟག་ཏུ་གུས་པས་འབད་པར་བྱ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ལུས་བསྲུང་བའོ།། །།ལུས་བསྲུང་བ་ཡང་


DTG111_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཕྱིར། །ལོངས་སྤྱོད་ཀྱང་ནི་བསྲུང་བར་བྱ། །ལོངས་སྤྱོད་རྣམ་པ་གཉིས་ཡིན་ཏེ། །གོས་དང་ཁ་ཟས་དབྱེ་བས་སོ། །དེ་ལ་ཟས་སྲུང་གང་ཞེ་ན། །ཁ་ན་མ་ཐོ་མེད་པ་གང༌། །དེ་དང་གཞན་ནི་ཁ་གསག་དང༌། །ཚུལ་འཆོས་དང་བྲལ་བསོད་སྙོམས་སོ། །གང་ཚེ་རྒྱལ་བའི་སྲས་འདི་ནི། །བསོད་སྙོམས་ལ་ནི་རྒྱུ་བ་ན། །དེ་ཚེ་བློ་དང་ལྡན་པ་དེས། །བློ་ནི་རྣམ་གསུམ་བསྐྱེད་བྱ་སྟེ། །ལུས་ལ་ཆོས་འཛིན་བློ་དང་ནི། །ལུས་ཀྱི་སྲིན་བུ་གསོ་བ་དང༌། །གཞན་ཡང་སྦྱིན་བདག་རྗེས་སུ་ནི། །གཟུང་བའི་བློ་ནི་བསྐྱེད་པར་བྱ། །གང་ཞིག་གཞན་གྱི་དོན་དུ་ནི། །ལོངས་སྤྱོད་བྱས་ན་དེ་བསྲུང་ཡིན། །གང་གིས་རང་ཉིད་ཁོ་ན་སྤྱོད། །དེ་ལས་ཉོན་མོངས་ལྟུང་བར་འགྱུར། །གཞན་ཡང་གཞན་ལ་ཞེན་པ་ཡི། །སེམས་ཀྱི་འདོད་པས་གཞན་གྱི་ནོར། །ཡོངས་སུ་ལོངས་སྤྱོད་བྱེད་པ་གང༌། །ཉོན་མོངས་མིན་པའི་ལྟུང་བར་འགྱུར། །གྱི་ཞེས་ནས་ནི་རང་གི་ནོར། །གང་གིས་ལོངས་ནི་སྤྱད་གྱུར་ན། །དེ་ནི་རང་ལྟོ་འགེངས་པ་སྟེ། །བརྐུས་པ་ཡི་ནི་ལྟུང་བར་འགྱུར། །དེ་ཕྱིར་སེམས་ཅན་དོན་ལ་ནི། །བརྩོན་པས་དམ་ཆོས་འཛིན་པའི་ལུས། །འདི་ནི་གནས་པར་བྱ་བའི་ཕྱིར། །ཡོངས་སུ་ལོངས་སྤྱོད་བྱེད་པ་ཡིན། །སངས་རྒྱས་ཀྱིས་གནང་ཆོས་གོས་ལས། །ལྷག་པ་བློ་ལྡན་གྱིས་མི་གཟུང༌། །བསྟན་པའི་རྒྱལ་མཚན་བསྲུང་དོན་དུ། །མ་གནང་བློ་ལྡན་གྱིས་མི་གཏང༌། །འདིར་ནི་སེམས་ཅན་མང་པོ་ཡིས། །སྨད་པ་ཡོངས་སུ་བསྲུང་བའི་ཕྱིར། །སློང་བར་བྱེད་པ་འགའ་ལ་ཡང༌། །ཆོས་གོས་གསུམ་པོ་སྦྱིན་མི་བྱ། །དེ་དག་ནི་ལོངས་སྤྱོད་བསྲུང་བའོ།། །།རྣམ་པར་སྨིན་པ་མི་འདོད་པས། །དགེ་བ་ཀུན་དུ་བསྲུང་བར་འགྱུར། །འཇིག་རྟེན་པ་ལ་བསྒྲགས་མིན་པར། །བྱས་ཏེ་མི་དགེའི་ལས་བཞིན་ནོ། །དེ་བཞིན་དུ། ང་རྒྱལ་མེད་ཀྱང་རྟག་པར་ནི། །རྙེད་དང་བཀུར་སྟི་ཡོངས་སྤོང་དང༌། །སེམས་ཅན་ཀུན་ལ་དང་བ་ཡིས། །དགེ་བ་ཀུན་དུ་བསྲུང་བར་འགྱུར། །འདི་ལྟར་ཡང༌། ཁེངས་པ་མེད་པར་གྱུར་ན་ནི། །བདེ་གཤེགས་ཡོན་ཏན་ངང་གིས་འབྱུང༌། །རི་བོ་ཡོངས་སུ་སྤངས་


DTG111_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནི། །ཆུ་བོ་རྒྱ་མཚོར་འབབ་པ་བཞིན། །ཞེ་སྡང་དབང་དུ་གང་གྱུར་པ། །ངན་འགྲོར་འགྲོ་དང་དམན་པ་ཡི། །རིགས་སུ་སྐྱེ་བ་ཡོངས་འཛིན་དང༌། །མི་ཁོམ་པ་རྣམས་ཡོངས་སུ་འཛིན། །མ་དད་ཕ་ནི་ཞེ་སྡང་སྟེ། །ཁོང་ཁྲོ་ཞེས་པ་མེད་གཞན་ནོ། །གང་ཞིག་བསྐལ་པ་དུ་མ་རུ། །བསགས་པའི་དགེ་བ་འཇོམས་པས་སོ། །དེ་ཕྱིར་འཇོམས་པར་བརྩོན་པ་ཡི། །སེམས་ཅན་ལ་ཡང་དང་བྱ་སྟེ། །སྐྱེ་བོའི་ཚོགས་ཆེན་བསྡིགས་བྱེད་པའི། །རྒྱལ་པོའི་སྐྱེས་བུ་གཅིག་བཞིན་དུ། །ཤིན་ཏུ་ཕྱི་ཐག་ལྟ་བྱེད་པ། །དེ་ཡིས་འདི་གཅིག་ལ་ཡང་མཐོང། །གང་ཕྱིར་སྐྱེ་བོའི་ཚོགས་ཆེན་གྱི། །རྒྱལ་པོ་ཆེ་དཔུང་དེ་ཡི་དཔུང༌། །རྒྱལ་པོ་ཁྲོས་པས་འདིར་ནི་དམྱལ་བར་བྱེད་ནུས་སམ། །དེ་བཞིན་གལ་ཏེ་གུས་པས་བདེ་གཤེགས་ཉིད་མཚུངས་འདིར་སྟེར་རམ། །དེ་བཞིན་སེམས་ཅན་མགུ་བ་ལས་བྱུང་སངས་རྒྱས་ལྟ་ཞོག་གི། དེ་ལྟར་རང་ཉིད་སྙན་དང་སྐལ་པ་བཟང་བ་མ་མཐོང་ངམ། །གང་ཞིག་མགུ་ལས་སྲིད་གསུམ་མཚོ་ཡི་ཕ་རོལ་སོན་གྱུར་ཅིང༌། །སྔོན་གྱི་རྒྱལ་བའི་ཡོན་ཏན་ཡུན་མི་རིང་བར་རྫོགས། །བློ་དམན་རྣམས་ཀྱིས་གཞན་དག་མགུ་མ་བྱས་པས་དམྱལ་བ་ཐོབ། །དེས་ན་ལེགས་འདོད་བདག་ནི་སེམས་ཅན་རྣམས་ལ་ཅིས་མི་འདུད། །དེ་བཞིན་དུ། སེམས་ཅན་རྣམས་ལ་ཕན་སེམས་ཤིང༌། །སྙན་པ་ཆེན་པོ་སྨྲ་བྱེད་ལ། །རྟེན་པ་ཞེས་ནས་འཇུག་པ་དང༌། །བདེན་པ་སྨྲ་བར་དགའ་བ་ནི། །སྐྱེ་བ་ཀུན་དུ་སྐྱེས་ཙམ་གྱིས། །ངང་གིས་འབྱུང་བ་དག་དང་ནི། །ཡང་དག་རྫོགས་པའི་བྱང་ཆུབ་སེམས། །འབད་པ་མེད་པར་སྐྱེ་བར་འགྱུར། །དེ་དག་ནི་དགེ་བ་བསྲུང་བའོ།། །།འདིར་ཡང་ད་ནི་ལུས་ཀྱི་ཡང༌། །ཡོངས་སུ་དག་པ་བརྗོད་པར་བྱ། །དེ་ཡང༌། མདོར་ན་ལུས་ཀྱི་སྡིག་པ་ནི། །ཟད་དང་ཉོན་མོངས་སྦྱང་བའོ། །བསྐལ་པ་དུ་མར་བསགས་པ་ཡི། །སྡིག་པ་ཟད་པར་བྱེད་པའི་རྒྱུ། །ཆོས་བཞིའི་མདོ་ལས་བསྟེན་པ་ཡི། །ཆོས་བཞི་ཡོངས་སུ་གཟུང་བར་བྱ། །དེ་ལ་ཆོས་བཞི་ནི། སུན་འབྱིན་ཀུན་དུ་སྤྱོད་པ་དང༌། །གཉེན་པོ་ཡོངས་སུ་འཛིན་པ་དང༌། །དེ་ནས་ཉེས་པ་ལས་ལྡོག་སྟོབས། །དེ་ནས་


DTG111_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་སྟོབས་དག་གོ །མི་དགེའི་ལས་ནི་བྱས་པ་ན། །སེམས་ནི་འགྱོད་པར་བྱེད་པ་ཉིད། །སུན་འབྱིན་ཀུན་དུ་སྤྱོད་པ་སྟེ། །དེ་ཉིད་སྡིག་པ་བཤགས་པའོ། །དེ་ལ་སུན་འབྱིན་པ་ཀུན་དུ། །སྤྱོད་པ་འདི་ནི་བསྒོམ་པར་བྱ། །ལུས་དང་སེམས་དང་ངག་རྣམས་ཀྱིས། །བདག་གིས་མི་ཤེས་གང་བགྱིས་པ། །མགོན་པོ་རྣམས་ཀྱི་མདུན་གནས་ཏེ། །སྡིག་པ་དེ་དག་བཤགས་པར་བགྱི། །མདོ་སྡེ་རྒྱལ་པོ་གསེར་འོད་དམ་པ་ལས། །རབ་ཏུ་གསུངས་པའི་བཤགས་པ་དེ་དག་གིས། །བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་ལ། །འགྱོད་པས་བདག་གི་འཁྲུལ་པའི་སྡིག་བཤགས་བྱ། །བྲལ་བར་བྱ་བ་འདོད་པ་ཡིས། །ལྟུང་བ་ཐམས་ཅད་བཤགས་པར་བྱ། །དུག་དང་བཅས་པའི་ཁ་ཟས་ནི། །མ་སྐྱུགས་བདེ་བའི་རྒྱུར་མི་འགྱུར། །དེ་ཡང་ལྕི་དང་ཡང་བ་དང༌། །འདིར་ནི་ལྟུང་བ་གཉིས་སུ་འདོད། །དེ་ལ་ཞེ་སྡང་ལས་བྱུང་བ། །ལྕི་ཞིང་ཆགས་ལས་བྱུང་བ་ཡང༌། །རང་བཞིན་ཁ་ན་མ་ཐོ་ལྕི། །བཅས་པ་ཡི་ནི་སྤོང་བའོ། །གང་ཕྱིར་སྡང་དང་ཆགས་པ་ལས། །སེམས་ཅན་གཏོང་དང་འཛིན་པའི་རྒྱུ། །ཞེ་སྡང་ལས་སྐྱེས་རྒྱལ་སྲས་ཀྱི། །ཐབས་སུ་གྱུར་པ་མ་ཡིན་གྱི། །གནོད་པ་ཆེན་པོའི་རྒྱུ་ཡིན་པར། །འགྱུར་བ་ཉིད་དུ་ཐེ་ཚོམ་མེད། །གང་ཕྱིར་ཀུན་སྡུད་ཤེས་པ་ནི། །ཐབས་སུ་མདོ་རྣམས་ལས་ནི་མཐོང༌། །ཤེས་རབ་ཀྱིས་ནི་དེ་ཡོངས་གཅོད། །དེས་ནི་དེ་ལྟར་གཉི་ག་མིན། །གང་ཚེ་ཆགས་སྐྱེས་སངས་རྒྱས་ཉིད། །མྱུར་དུ་མི་འགྱུར་ཆུག་ན་ཡང༌། །གལ་ཏེ་ཐབས་ལ་མཁས་པ་ཡིས། །སྔོན་གྱི་སེམས་ཅན་བསྡུས་གྱུར་ན། །ཚངས་པ་ཡི་ནི་འཇིག་རྟེན་དུ། །སྐྱེ་བར་འགྱུར་བ་གང་གིས་ཟློག །གལ་ཏེ་མིན་ན་དུས་རིང་དུ། །ངན་སོང་དག་ཏུ་རབ་སྐྱེ་བར། །གལ་ཏེ་དེ་ཚེ་གཞན་དོན་དུ། །ལོངས་སྤྱོད་ཀྱིས་གཞན་བུད་མེད་དང༌། །ཆོས་ཀྱི་རྒྱལ་མཚན་ཅན་གཞན་ལ། །འདོད་པས་ལོག་པར་སྤྱོད་མི་འགྱུར། །གལ་ཏེ་དམྱལ་བའི་སྡུག་བསྔལ་ཡང༌། །བསྲན་པ་རང་གིས་ཁས་བླངས་པས། །གཞན་གྱི་སྲོག་ནི་བསྲུང་བའི་ཕྱིར། །དེ་ཚེ་ཉེས་པ་འབྱུང་མི་


DTG111_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཇི་ལྟར་ཁྱེའུ་སྐར་རྒྱལ་ནི། །སྙིང་རྗེའི་དབང་དུ་གྱུར་པ་ཡིས། །ཆགས་པའི་སྐལ་ལྡན་མཆོག་ལ་ནི། །སྲོག་བསྲུང་དོན་དུ་ཞུགས་པ་བཞིན། །ཚངས་པར་སྤྱོད་པ་ལ་སོགས་པའི། །ཆོས་ཀྱི་རྒྱལ་མཚན་ཅན་རྣམས་ལ། །རྣམ་པ་གཞན་དུ་བྱས་པ་ཡིས། །དེ་ལས་འཇུག་པ་རིགས་མ་ཡིན། །གཞན་ལ་གནོད་པ་བཟློག་པས་ན། །ཁྲོ་བ་འདི་ལས་ཐལ་བ་མིན། །བག་ཆགས་ས་བོན་བསགས་པ་དང༌། །སྐབས་ཕྱེ་བ་ལས་སྙིང་རྗེ་ཉམས། །གཞན་ཡང༌། མི་དགེ་བ་ལ་བཟློག་ནའང་གལ་ཏེ་ན། །བྱང་ཆུབ་སེམས་དཔའ་ལ་ནི་ཡིད་བྱུང་ན། །རྟག་ཏུ་ངན་འགྲོའི་སར་ནི་འགྲོ་འགྱུར་ཏེ། །དེ་ཡིས་བདག་གཞན་གཉི་གའི་བྱ་བྱས་མིན། །འོན་ཏེ་ཐབས་བྲལ་རང་བཞིན་གྱི། །ཆགས་པ་ལ་ཡང་སྐྱོན་འདི་ཡིན། །གང་ཕྱིར་བདག་བདེ་ལ་ཞེན་པས། །གཞན་གྱི་སྡུག་བསྔལ་བཏང་སྙོམས་འདོར། །དེ་ནི་མ་ཡིན་ཏེ། གང་གིས་རང་གི་སྡུག་བསྔལ་བཞིན་དུ་གཞན་སྡུག་བསྔལ། །སྙིང་རྗེ་དམན་པས་མཐའ་གཅིག་ཏུ་ནི་གོམས་མ་བྱས། །དེ་ནི་རང་གི་བདེ་ལ་ཞེན་པས་གཞན་སྡུག་བསྔལ། །དུས་མཐའ་ཡས་སུ་བཏང་སྙོམས་འདོར་བར་བྱེད་པ་བདེན། །དེ་དག་ནི་སུན་འབྱིན་པ་ཀུན་དུ་སྤྱོད་པའོ།། །། སྡིག་པའི་ལས་ནི་བྱས་གྱུར་ཀྱང༌། །སླར་ཡང་དགེ་བའི་དོན་བརྩོན་པ། །སངས་རྒྱས་དམིགས་པ་ལ་སོགས་པ། །གཉེན་པོ་ཀུན་དུ་སྤྱོད་པ་ཡིན། །འདི་ལྟ་སྟེ། བྱང་ཆུབ་སེམས་ནི་བསྐྱེད་པ་དང༌། །དེ་བཞིན་རྒྱལ་བའི་གཟུགས་བརྙན་དང༌། །བཅོམ་ལྡན་འདས་ལ་ཕྱག་འཚལ་དང༌། །སངས་རྒྱས་མྱ་ངན་འདས་པ་ཡི། །མཆོད་རྟེན་མེ་ཏོག་འབུལ་བ་དང༌། །ཁྱད་པར་དུ་ནི་ཁྱིམ་གནས་ལས། །ངེས་འབྱུང་ཚུལ་ཁྲིམས་རྫོགས་པ་དང༌། །བདེ་གཤེགས་ལ་ནི་མཆོད་བྱས་པའི། །དམན་མ་སེལ་བར་བྱེད་པ་དང༌། །བྱུག་པའམ་མར་མེ་ཆུ་སྨྱིག་གང༌། །དབུལ་བའམ་མེ་ཏོག་གཅིག་འདོགས་པ། །ཡང་དག་རྒྱལ་བ་ཡིས་གསུངས་པ། །རྒྱུ་རྐྱེན་དག་དང་ལྡན་པ་ཡི། །ཆོས་རྣམས་གལ་ཏེ་ཤེས་གྱུར་ན། །ངན་སོང་དག་ཏུ་འགྲོ་མི་འགྱུར། །མིག་གཉིས་བཙུམས་ནས་ཡིད་ཀྱིས་ནི། །མདུན་དུ་སངས་རྒྱས་དམིགས་བྱས་ཏེ། །གསང་སྔགས་རྒྱལ་པོ་


DTG111_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་བརྒྱ། །སྟོང་ཕྲག་བརྒྱད་དུ་བཟླས་པར་བྱ། །གང་ན་རྩི་གཅིག་ཡོད་ཀྱི་ནི། །སྐུལ་བྱེད་མ་ཡི་གཟུངས་སྔགས་དག །ཇི་སྲིད་སྡིག་པ་ཟད་པའི་རྟགས། །རྨི་ལམ་མ་མཐོང་བར་དུ་བཟླས། །འདི་ལྟ་སྟེ། ཟས་ངན་དག་ནི་སྐྱུགས་པ་དང༌། །ཞོ་དང་འོ་མ་ཟ་བ་དང༌། ནམ་མཁའ་ལ་ནི་འགྲོ་བ་དང༌། །ཉི་ཟླ་དག་ཀྱང་མཐོང་བ་དང༌། །རྨི་ལམ་དུ་ནི་མི་དག་ལས། །རྒྱལ་ན་སྡིག་པ་ཟད་ཤེས་བྱ། །མ་ཧེ་དང་ནི་དེ་བཞིན་དུ། །སྐྱེས་བུ་ནག་པོའང་མཚོན་བྱེད་ཡིན། །སྨན་གྱི་བླ་མ་བཻ་ཌཱུ་ཪྻ། །འོད་ཀྱི་རྒྱལ་པོ་དེ་བཞིན་གཤེགས། །ཇི་བཞིན་ཡིད་ལ་བྱེད་པ་ན། །མི་དགེ་རྣམས་ནི་ཟད་པར་འགྱུར། །དེ་དག་ནི་གཉེན་པོ་ཀུན་དུ་སྤྱོད་པའོ། །སླར་ཡང་སྡོམ་པ་འཛིན་པ་ནི། །མི་མཐུན་ལས་ལྡོག་སྟོབས་བརྗོད་དོ། །གང་ཞིག་མི་དགེ་བ་ཡི་ལས། །སླར་ཡང་སྡོམ་པའི་བདག་ཉིད་དོ། །དེ་དག་ནི་མི་མཐུན་པའི་ཕྱོགས་ལས་ལྡོག་པའི་སྟོབས་སོ།། །།དེ་ལ་རྟེན་སྟོབས་སངས་རྒྱས་དང༌། །ཆོས་དང་དགེ་འདུན་ལ་བརྟེན་དང༌། །དེ་བཞིན་མི་ཕྱེད་དད་པ་ཡིས། །བྱང་ཆུབ་སེམས་ལ་བརྟེན་པ་སྟེ། །དཀོན་མཆོག་གསུམ་ལ་ཆོ་ག་ཡིས་ནི་སྐྱབས་སུ་སོང་གྱུར་པའི། །ཆོས་མང་འབྲས་བུ་གང་ཡིན་ཕག་མོའི་རྟོགས་པ་བརྗོད་པ་ལས་ཤེས་བྱ། །གང་ཞིག་བྱང་ཆུབ་སེམས་ལ་བརྟེན་པ་ལས་བྱུང་འབྲས་བུ་དག །དེ་ནི་སྣ་ཚོགས་མདོ་རྣམས་དག་ནི་བལྟས་པ་ལས་ཤེས་བྱ། །དེ་དག་ནི་སྡིག་པ་བྱང་བ་སྟེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། །།གང་ཕྱིར་མི་བཟོད་ཐོས་སོགས་ལ། །བརྩོན་འགྲུས་ཉམས་པར་གྱུར་པ་ཡིན། །དེ་ཕྱིར་མི་སྐྱོ་བརྩོན་པ་ཡིས། །ཐོས་པ་སྤེལ་ཕྱིར་བཟོད་པ་བྱ། །གང་ཕྱིར་ཐོས་པ་མ་གཏོགས་པར། །བསམ་གཏན་སྤྱོད་ཡུལ་ཐབས་མ་གཏོགས། །དེས་ན་སྐྱོ་བ་མེད་ཡིད་ཀྱིས། །འབད་པས་ཐོས་པ་བཙལ་བར་བྱ། །གང་ཕྱིར་གོང་དང་འདྲེས་པ་ན། །སྤྱོད་ལམ་ཤེས་པར་གྱུར་པ་ནི། །མཉམ་གཞག་ཡང་དག་སྐྱེ་མིན་པ། །དེ་ནས་ནགས་སུ་གནས་པར་བྱ། །ནགས་སུའང་གཡེང་བ་ཞི་མེད་ན། །སེམས་ནི་མཉམ་པར་འཇོག་མི་འགྱུར། །དེས་ན་མཁས་


DTG111_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་གི་ནི། །མཉམ་པར་གཞག་ལ་སྦྱར་བར་བྱ། །ཉོན་མོངས་སྦྱང་བ་ལས་གཞན་པའི། །མཉམ་གཞག་འབྲས་བུ་ཡོད་མ་ཡིན། །དེ་ཕྱིར་ཉོན་མོངས་རྣམ་སྦྱང་ཕྱིར། །མི་སྡུག་ལ་སོགས་བསྒོམ་པར་བྱ། །ཉོན་མོངས་དག་ནི་སྦྱང་བའི་ཕྱིར། །དེ་ལྟར་མདོར་བསྟན་ཚིག་རྣམས་གསུངས། །ད་ནི་ཉོན་མོངས་སྦྱང་བའི་ཕྱིར། །རྒྱས་པར་ཡང་དག་བརྗོད་པར་བྱ། །གང་ཞིག་དངོས་པོ་བཟོད་པ་སྟེ། །དེ་ཡང་རྣམ་པ་གསུམ་དུ་དབྱེ། །སྡུག་བསྔལ་གཞན་གྱིས་གནོད་བྱས་དང༌། །ཆོས་ལ་ཡང་ནི་སྐྱེ་བར་འགྱུར། །ཕལ་ཆེར་མི་འདོད་བྱུང་བ་དང༌། །སྡུག་དང་བྲལ་བྱུང་ལས་སྡུག་བསྔལ། །གང་ཞིག་སྡུག་བསྔལ་ལ་འཇིགས་པ། །དེ་བཟོད་མི་མཐུན་ཕྱོགས་སུ་འདོད། །དེ་ལ་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་བསྒོམ་པའི་རིམ་པ་ནི་འདི་ཡིན་ཏེ། སྡུག་བསྔལ་རབ་སེལ་བྱེད་པ་ཡི། །ཀུན་མཁྱེན་རིན་ཆེན་འདོད་པ་ན། །ཆུང་ངུ་བཟོད་པས་རིམ་གྱིས་ནི། །གནོད་པ་དྲག་པོ་བཟོད་འགྱུར་ཏེ། །རེ་ཞིག་ཤིན་ཏུ་དམན་པའི་འབྲས་བུ་ཡི། །དངོས་པོ་ལ་ནི་ཞེན་པའི་སེམས། །ཉ་བ་ཞིང་པ་ལ་སོགས་པ། །གནོད་པ་བཟོད་པར་བྱེད་མཐོང་ན། །བདུད་ཀྱི་ཁར་ཆུད་གྱུར་པ་ཡི། །འགྲོ་བ་བཅིངས་པ་དགྲོལ་པ་ཡིས། ཡང་དག་དམ་བཅས་བྱས་པ་དག །སྡུག་བསྔལ་མཐོང་བས་ཇི་ལྟར་ལྡོག །གང་ཞིག་གནོད་མ་བྱས་ཀྱང་དགྲར་གྱུར་ཟག་པ་ཡི། །དགྲ་བོ་གཞོམ་ཕྱིར་སྐད་ཅིག་ཀྱང་ནི་ཁྲོ་བ་རུ། །མི་བྱེད་པ་དེ་བདག་གི་རིགས་པའི་དངོས་མིན་ཞིང༌། །གང་ཞིག་དགྲ་མ་ཐུག་པར་ང་རྒྱལ་ཅན་དངོས་མིན། །ཤིན་ཏུ་དུས་རིང་དག་ཏུ་སྡུག་བསྔལ་གྱིས་ཐོབ་པའི། །དགེ་བའི་ནོར་ནི་འཕྲོག་པ་དགག་ཏུ་བརྩོན་གྱུར་ཞིང༌། །བསྲན་པས་བདག་གི་སྡུག་བསྔལ་ཚོར་བའི་རྒྱུར་གྱུར་ལ། །གཞོམ་པར་འདོད་པ་ཅི་ཡི་ཕྱིར་ན་འབྱུང་མི་འགྱུར། །ཇི་ལྟར་མཐའ་གཅིག་ཏུ་ནི་རིམ་གྱིས་གོམས་པ་ཕུལ་བྱུང་སྟོབས་དག་ལས། །མི་རྣམས་ལ་ནི་སྡུག་བསྔལ་ལ་ཡང་བདེ་བར་འདུ་ཤེས་སྟོབས་ལྡན་འབྱུང༌། །དེ་བཞིན་ཡང་དག་བྱང་ཆུབ་གཞོལ་པའི་ཡིད་ཅན་འདི་དག་ལ། །སྡུག་བསྔལ་ལ་ཡང་མཚུངས་མེད་བདེ་བར་འདུ་ཤེས་འབྱུང་བར་འགྱུར་བ་ཉིད། །ཡབ་སྲས་མཇལ་བའི་


DTG111_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ལས་ནི། །དེ་ཡི་རྒྱུ་མཐུན་འབྲས་བུ་གསུངས། །ཆོས་ཀུན་བདེ་བར་གནས་པ་ཞེས། །བྱ་བའི་ཏིང་ངེ་འཛིན་ཡོད་དེ། །ཏིང་འཛིན་དེ་ནི་ཐོབ་ཙམ་གྱིས། །དམིགས་པའི་དངོས་པོ་ཐམས་ཅད་ལ། །བྱང་ཆུབ་སེམས་དཔའ་བདེ་བ་ཡི། །ཚོར་བ་ཉིད་འབྱུང་གཞན་དུ་མིན། །འདི་ལྟར། མགོ་བོ་གཅོད་པར་བྱེད་པའམ། །དེ་བཞིན་རྐང་ལག་ལ་སོགས་པ། །སྦ་ཡིས་གཞུ་བ་བྱས་ཀྱང་ནི། །བདེ་བའི་འདུ་ཤེས་འབའ་ཞིག་འབྱུང༌། །དམྱལ་བ་དང་ནི་མི་ཡིའམ། །སྡུག་བསྔལ་དག་ནི་བྱེད་པ་ནའང༌། །གཤེད་མ་རྣམས་ལ་དགའ་བ་ནི། །མངོན་དུ། བྱེད་པ་འབྱུང་བར་འགྱུར། །བདག་ལ་ལུས་ཅན་འདི་ཀུན་གྱིས། །གལ་ཏེ་འབིགས་སམ་གཅོད་བྱེད་པ། །དེ་ལྟ་ན་ཡང་གནོད་པའི་སེམས། །བདག་གིས་བྱ་བའི་རིགས་མིན་ཏེ། །གང་ཕྱིར་བདག་ལ་སེམས་ཅན་གྱིས། །གནོད་བྱས་དམྱལ་བའི་སྡུག་བསྔལ་ལ། །སྟོང་ཕྲག་དག་ཏུ་བྱས་པ་ཡི། །ཆར་ཡང་ཕོད་པ་མ་ཡིན་ནོ། །གནོད་སེམས་དག་ནི་འབྱུང་བའི་རྒྱུ། །བདག་ཉིད་ལ་ཆགས་བཀུར་བ་དང༌། །ཆེན་པོར་མངོན་པར་ཞེན་པ་སྟེ། །དེ་ཡི་གཉེན་པོ་བཟོད་པར་འདོད། །བདག་གི་དགྲ་དང་བཤེས་ཀྱི་དགྲ། །དགྲ་བོའི་བཤེས་ལས་འགྱུར་བ་ཡི། །གནོད་སེམས་རྒྱུ་དགུ་ལས་བྱུང་སྟེ། །རེ་རེ་དུས་གསུམ་དབྱེ་བས་སོ། །དེ་དག་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། །།དེ་ལྟར་བཟོད་པ་ལས་གནས་པས། །ཐོས་པ་ལ་ནི་བརྩོན་འགྲུས་བརྩམ། །གང་ཕྱིར་ཐོས་ལས་ཤེས་རབ་སྟེ། །ཤེས་རབ་ལས་ནི་ཉོན་མོངས་སྤོང༌། །དེ་ཡང་རྣམ་པ་བརྒྱད་ཅུ་ཡིས། །ཐོས་པ་གོང་དུ་འཕེལ་བར་འགྱུར། །དེ་ལ་འདུན་པའི་རྣམ་པ་དང༌། །གཞན་ཡང་རྟེན་གྱི་རྣམ་པ་དང༌། །གཞན་ཡང་ལྷག་བསམ་རྣམ་པ་དང༌། སྦྱོར་བའི་རྣམ་པ་ཞེས་བྱ་དང༌། །སེམས་ནི་དགེ་བའི་རྣམ་པ་དང༌། །ཆོག་ཤེས་པ་ཡི་མཚན་ཉིད་དང། །དྲན་པ་བསྐྱེད་པའི་རྣམ་པ་དང༌། །གཏོང་བ་སྤེལ་བའི་མཚན་ཉིད་དང༌། །གཞན་ཡང་སངས་རྒྱས་ཆོས་ཀུན་ལ། །མི་ངོམས་པ་ཡི་རྣམ་པ་དང༌། །མ་ཐོས་ཉམས་པའི་མཚན་ཉིད་དང༌། །མངོན་ཤེས་ཉན་པའི་རྣམ་པ་དང༌། །དེ་བཞིན་སྡུག་བསྔལ་སྟོང་པ་དང༌། །མི་


DTG111_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བདག་མེད་ཞི་རྣམས་དང༌། །རང་སེམས་བསྲུང་བའི་རྣམ་པ་དང༌། །བརྩོན་འགྲུས་སྤེལ་བའི་རྣམ་པ་སྟེ། །འདི་ཡང་རྒྱས་པ་འཕགས་པ་ནི། །བློ་གྲོས་མི་ཟད་མདོར་ཤེས་བྱ། །ཐོས་པ་ཉིད་ལ་ཆོས་ཀྱི་ནི། །ཚོགས་ཞེས་བྱ་བ་མིང་གཞན་ཡིན། །གང་ཚེ་ཡོངས་སུ་སྨིན་པ་ནི། །དེ་ཉིད་ཡེ་ཤེས་ཚོགས་ཡིན་ཏེ། །ཆོས་ཀྱི་ཚོགས་ཀྱི་སྦྱོར་བ་ཡིས། །མཐུན་རྒྱུ་དག་ཏུ་བརྗོད་པ་ནི། །དོན་ཉུང་བྱ་བ་ཉུང་ཉིད་དང༌། །སྨྲ་བ་ཉུང་བ་ལ་མངོན་དགའ་དང༌། །ཡང་དང་ཡང་དུ་ཐོས་པའི་དོན། །སེམས་ཤིང་ཆོས་ལ་གཞོལ་ཉིད་དང༌། །སེམས་དང་བ་དང་ཡོ་བྱད་དག །ཉུང་ལ་མངོན་པར་དགའ་བ་དང༌། །དགོན་པ་མངོན་པར་ཕྱོགས་པ་དང༌། །གཞན་ཡང་གཅིག་པུར་དགའ་བ་དང༌། །དྲན་མི་ཉམས་དང་རྟག་ཏུ་ནི། གཏོང་དང་ཚུལ་ཁྲིམས་ཕྱོགས་དགའ་དང༌། །ཆད་པ་ལུགས་ཀྱི་བསྟན་བཅོས་སོགས། །གང་ཡང་རོལ་མོའི་བསྟན་བཅོས་དང༌། །འཇིག་རྟེན་རྒྱང་འཕེན་པ་དག་གི །བསྟན་བཅོས་ཀུན་ནི་ཡོངས་སྤོང་བའོ། །དེ་དག་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། །།དྲག་ཤུལ་ཅན་གྱིས་ཞུས་པ་ལས། །ཁྱིམ་སོགས་ཉེས་པའི་ཕུང་པོར་ནི། །མཐོང་ན་ཐོས་པ་ལྡན་པ་ཡིས། །དེ་ནས་ནགས་སུ་གནས་པར་བྱ། །ཁྱིམ་གནས་རྨོངས་པ་འདི་ནི་བུ་དང་ནོར་དང་ཆུང་མ་ལ་སོགས་པ། །དགའ་བའི་སྦྱོར་བས་སེམས་གཡེངས་གྱུར་པས་རབ་ཏུ་ཞི་བ་ག་ལ་འགྱུར། །དེ་བཞིན་སངས་རྒྱས་ཀྱི་རྒ་དང་འཆི་མེད་ཞི་ཞིང་མཚུངས་མེད་པའི། །གོ་འཕང་བདག་གཞན་ཕན་པ་ཕུན་ཚོགས་གནས་གྱུར་པ་ཡང་འཐོབ་འགྱུར་རམ། །ནོར་དང་ཆུང་མ་བདག་ཉིད་ཞེས་པ་འཆི་བ་དམ་པའི་གསུམ་པོ་འདི། །ཞེན་པ་མེད་ཅིང་ལྷན་ཅིག་སྐྱེས་པ་རྟོགས་པའི་གནས་ལ་གནས་པ་སྟེ། །འདི་རྣམས་ལ་ནི་གང་ཞིག་གང་ཚེ་གང་གིས་ཇི་ལྟར་སྐྱེ་བར་འགྱུར། །མིན་པས་སྙིང་པོ་མེད་པ་ཉིད་དུ་ཤེས་པའི་དཔྱོད་པ་དེ་སྟོབས་ལྡན། །ཐོས་པ་ལྡན་ཡང་རྙེད་སོགས་ལ། །ཞེན་ན་སེམས་སྦྱོང་མི་འགྱུར་ཏེ། །དེ་ཚེ་ལྷར་བཅས་འཇིག་རྟེན་ན། །དེ་ནི་གཅིག་ཏུ་བསླུས་པའི་མཆོག །ཇི་ལྟར་རྒྱ་མཚོ་ཆེན་པོར་ཁྱེར་བ་ཡི། །མི་ཤེས་སྐྱེ་བོ་


DTG111_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སྐོམ་པས་དུས་བྱེད་ལྟར། །དེ་བཞིན་དལ་འབྱོར་ཐོབ་ནས་སྐད་ཅིག་ཀྱང༌། །སེམས་མ་སྦྱངས་ན་འོག་ཏུ་འགྲོ་བར་འགྱུར། །མཁས་པ་རྣམས་ཀྱིས་བྱིས་པ་རྣམས་ནི་འཐབ་མོས་བསྐྲད་པ་མ་ཡིན་ཏེ། །གང་ཕྱིར་མཁས་པ་རྣམས་ནི་སྙིང་རྗེས་བཀུར་སྟིར་བྱས་ནས་དེ་དག་གཏོང༌། །དེ་བཞིན་སྡུག་པ་རྣམས་ལ་དང་པོ་མཚུངས་པར་བདེ་བ་ཉེར་བསྟན་ནས། །སླར་ཡང་དགྲ་བྱེད་གང་ཡིན་དེ་དང་ལྷན་ཅིག་དགའ་བར་ག་ལ་འགྱུར། །དེ་ཕྱིར་ཉོན་མོངས་སྤངས་པའི་ཕྱིར། །འཇིག་རྟེན་པ་དང་འདྲ་བ་ཡང༌། །དེ་དག་ཉིད་ནི་སེམས་ཅན་གྱི། །དགེ་བ་མངོན་པར་འཕེལ་བའི་རྒྱུ། །ཡང་ནི་གལ་ཏེ་སྐལ་མི་མཉམ་པའི་སེམས་ཅན་གྱི། །ཚོགས་ལ་རྗེས་སུ་ཆགས་ལས་འཁོར་འདོད་ཡིད་འབྱུང་ཞིང༌། །རྙེད་དང་གྲགས་པའི་རྒྱུ་ཕྱིར་འདུད་པར་གྱུར་ན་ནི། །ནགས་འདི་ཡང་ནི་ཁྱིམ་དང་ཁྱད་པར་མེད་མིན་ནམ། །བསོད་སྙོམས་རྒྱུ་བའི་ཡུལ་དག་དང། །ཤིན་ཏུ་རིང་བ་མ་ཡིན་ཞིང༌། །ཉེ་བ་ཡང་ནི་མ་ཡིན་པའི། །ནགས་དེ་དག་ཏུ་གནས་བྱ་སྟེ། །ཡུལ་གང་ན་ནི་དྲི་མ་སྲོག་ཆགས་ལས་བྱུང་བའི། །སྐྱོན་དང་བྲལ་བའི་ཆུ་དག་ཀྱང་ནི་ཡོད་པ་དང༌། །གང་ན་འབྲས་བུའི་ལྕིད་ཀྱིས་དུད་པའི་ཤིང་ཡོད་ཅིང༌། །གདུག་པའི་སྦྲུལ་དག་དང་ནི་བྲལ་བའི་ཕུག་ཡོད་པ། །དེ་རུ་འདི་ནི་ཉིན་དང་མཚན་དུ་ཡང་ནི་གསུང་རབ་འདོན་པ་དང༌། །སླར་སྔགས་གང་ཡིན་དེ་ནི་སླར་ཡང་རིགས་པའི་ཚོགས་ཀྱིས་དཔྱོད་པར་བྱེད། །དེ་ནས་བསོད་ནམས་ལས་བྱུང་མཚན་མ་རྣམས་ནི་འཛིན་པར་བྱེད་གྱུར་ཅིང༌། །བྱིང་དང་རྒོད་པའི་དུག་དང་བྲལ་བས་རང་གི་སེམས་ལ་དགའ་བ་བསྐྱེད། །རྒྱལ་པོའམ་ནི་རྒྱལ་བུའམ། །བྲམ་ཟིའང་བློན་པོ་ལ་སོགས་པ། །དགེ་སློང་དགོན་པ་བ་དག་གི །དྲུང་དུ་འོངས་པར་གྱུར་ན་ནི། །དེས་ནི་དེ་ལ་གུས་པ་ཡིས། །ལེགས་པར་བྱིན་ནམ་ཞེས་བྱ་དང༌། །ཇི་ལྟར་བཤམས་པའི་སྟན་དག་ལ། །རང་གིས་མཁྱེན་བཞིན་བཞུགས་ཞེས་བྱ། །རྒྱལ་པོ་འགྲེང་ན་རང་སྟན་ལ། །བདག་ཉིད་ཀྱང་ནི་འགྲེང་བྱ་ལ། །བཞུགས་ན་འདུག་པར་བྱས་ནས་ནི། །དགའ་བར་བྱེད་པའི་གཏམ་བྱ་སྟེ། །སྐལ་ལྡན་ཁྱོད་ཀྱི་ཡུལ་དུ་ནི། །ཐོས་མང་ཚུལ་ཁྲིམས་ལྡན་པ་ཡི། །དགེ་སྦྱོང་བྲམ་ཟེ་ལ་སོགས་པ། །


DTG111_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པར་བདེ་བར་གནས་ལགས་ཞེས། །གལ་ཏེ་བརྟན་ཞིག་དུལ་བ་དང༌། །དབང་པོ་ཀུན་ནི་ཞི་གྱུར་ན། །ལས་དང་རྗེས་སུ་མཐུན་འབྱུང་བ། །རྣམ་སྨིན་བཅས་པའི་གཏམ་བྱའོ། །གལ་ཏེ་རྒྱལ་པོ་ཡིད་བྱུང་ལྡན། །ཡིད་བྱུང་རྗེས་མཐུན་བརྗོད་པའམ། །ཟབ་དང་རྒྱ་ཆེའི་མཚན་ཉིད་ཀྱི། །སངས་རྒྱས་ཀྱི་ནི་ཆེ་བརྗོད་ན། །བྱང་ཆུབ་སེམས་དཔའ་ནགས་ཕྱིན་ན། །ཡིད་ནི་འདི་ལྟར་བསམ་བྱ་སྟེ། །བདག་ནི་ཁྱིམ་གྱི་གནས་སྤངས་ནས། །ཅི་ཡོད་དོན་དུ་ནགས་སུ་འོང༌། །ལྷ་ལ་སོགས་པས་མཆོད་བྱའི་དགེ་སློང་གོ་འཕང་ནི། །གལ་ཏེ་ནགས་སུ་གནས་པ་ཙམ་གྱིས་འདིར་འབྱུང་ན། །ནགས་ན་རྒྱུ་བའི་སྤྲེའུ་དང་ཆོམ་རྐུན་སེང་གེ་རྣམས། །དེ་དག་ཀྱང་ནི་དགེ་སྦྱོང་གོ་འཕང་ཡོན་ཏན་གྱིས་བརྒྱན་འགྱུར། །གཞན་ཡང་ང་རྒྱལ་ཁེངས་པའི་ཡོངས་སུ་གདུང་བ་དང༌། །སེར་སྣ་སྡང་ཆགས་རྟག་ཏུ་འཇིགས་མང་དང༌། །རེག་གཟུགས་རོ་དང་དྲི་ཡིས་འཇིགས་པ་དང༌། །ཕུང་པོ་བདུད་ཀྱིས་འཇིགས་པས་འདར་བ་དང༌། །ཉོན་མོངས་བདུད་ཀྱིས་འཇིགས་པའི་མེས་གདུངས་ཤིང༌། །ལྷ་ཡི་བདུད་ཀྱིས་འཇིགས་པས་དེ་བཞིན་སྐྲག །འཆི་བདག་བདུད་ཀྱིས་ཡང་ཡང་བལྟས་པ་ཡིས།། ད་ལྟ་བདག་ནི་ནགས་སུ་འོངས་མིན་ནམ། །དེ་ཕྱིར་ནགས་སུ་གནས་པ་འདི། བདག་ཉིད་དབེན་པའི་ཕྱིར་བསྟེན་ནམ། །ཇི་ལྟར་བདག་ལ་འཇིགས་རྣམས་ཡོད། །དེ་ནི་ཇི་ལྟར་འབྱུང་བར་འགྱུར། །འདིར་ནི་འཇིགས་པ་རྣམས་ཀྱི་རྒྱུ། །།འཇིགས་ཚོགས་ལྟ་བ་གཅིག་པུ་ཉིད། །གང་ཕྱིར་འཇིགས་པ་ཐམས་ཅད་ནི། །དེ་ལས་ཀུན་དུ་འབྱུང་བ་ཡིན། །མ་རིག་ཉེར་བསླད་འཁྲུལ་པ་དང༌། །གཉིས་སྦྱོར་བདག་ཏུ་རིག་པ་རྣམས། །ཕྱིན་ཅི་ལོག་ལས་ཀུན་བྱུང་བ། །འཇིག་ཚོགས་ལྟ་བའི་རྣམ་གྲངས་སོ། །གཟུགས་སོགས་ཕུང་པོ་ལྔ་རྣམས་ལ། །བདག་ཅེས་ཡང་དག་མི་འཛིན་པའི། །འཇིགས་ཚོགས་ལྟ་བ་རྩ་བ་ནི། །སྲིད་པའི་ལྕུག་མ་འཕེལ་བའི་རྒྱུ། དེ་ཕྱིར་འཇིགས་པ་ཀུན་གཅད་ཕྱིར། །བདག་ཏུ་ཞེན་པ་སྤངས་པ་ལ། །ད་ནི་བདག་གིས་བསྟན་པ་རུ། །རབ་ཏུ་འཐད་པ་དག་ཏུ་བྱ། །དགོན་པ་ཆེན་པོར་གནས་པ་ཡི། །ལྗོན་ཤིང་གེལ་པ་ལྕུག་མ་སོགས། །དེ་དག་སུ་ལའང་མི་འཇིགས་ན། །བདག་ནི་དེ་ལས་ལྷག་


DTG111_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྔར། །འདི་ན་འགའ་ཞིག་བདག་གམ་ནི། །སྐྱེས་བུའམ་ནི་གང་ཟག་གམ། །ཤེས་ལས་སྐྱེས་སམ་ཤེད་བུའམ། །ཚད་མས་དཔྱད་ན་ཡོད་མ་ཡིན། །དེ་ལྟར་འཇིགས་པ་དག་གི་རྒྱུ། །ཡང་དག་མ་ཡིན་ཀུན་རྟོག་འདི། །དེ་ཕྱིར་ལུང་དང་ཚད་མ་ཡི། །མིག་གིས་དེ་ཉིད་གཞོམ་པར་བྱ། །གཞན་ཡང༌། དབྱེ་བ་མེད་པའི་ཆོས་རྣམས་ལ། །འབྱེད་འདི་ཚུལ་བཞིན་མ་ཡིན་པ། །ཚུལ་བཞིན་མ་ཡིན་རྐྱེན་ཅན་ཏེ། །དེ་ཡང་སྐྱེ་བ་མེད་པའི་དངོས། །གཞན་ཡང་འདིར་ནི་དགོན་གནས་པ། །ཆོས་རྣམས་ཀུན་ལ་འདྲེ་མེད་དེ། །མ་འདྲེས་རབ་ཏུ་མི་གནས་དང༌། །དཔྱོད་མེད་རྗེས་སུ་འཛིན་བྱེད་པའོ། །གལ་ཏེ་ཡོན་ཏན་མ་ཐོབ་པར། །གཅན་གཟན་ཁྲོ་བོ་ཉེར་འོངས་ནས། །འཇིགས་པ་སྤངས་པ་བསྒྲུབ་པའི་ཕྱིར། །དེས་ནི་འདི་ལྟར་སེམས་གདུལ་བྱ། །སྔར་ནི་སེམས་ཅན་དོན་བསྒྲུབ་ཕྱིར། །ལུས་འདི་བདག་གིས་བཏང་བ་ཡིན། །སྦྱིན་པ་བྱིན་ནས་མི་ཤེས་པས། །དེ་ལ་ཇི་ལྟར་བདག་གདུད་བྱེད། །གང་ལས་ཀྱང་འཇིགས་མི་བྱ་སྟེ། །རང་གི་ཉེས་བྱས་ཀྱིས་འཇིགས་བྱ། །གང་ཕྱིར་འཇིགས་ཀུན་འདི་ལས་ཏེ། །ཐམས་ཅད་དེ་ཡི་སྤྲུལ་པར་གསལ། །སྐྱེ་བ་དང་ནི་འཇིག་པ་དག ། ཇི་ལྟར་བདག་མེད་གེལ་པ་དང༌། །ལྕུག་མ་ལ་སོགས་སྐྱེ་དང་ནི། །འཇིག་འགྱུར་དེ་བཞིན་བདག་གི་ཡང༌། །སྐྱེ་བ་དང་ནི་འཇིག་པ་ཡི། །རྒྱུ་དང་རྐྱེན་ནི་ཚོགས་པ་ལས། །རྩྭ་འཁྲི་ཤིང་སྐྱེ་བ་དང༌།།འཇིག་པ་དེ་བཞིན་བདག་གི་ཡང༌། །སྐྱེ་དང་འཇིག་སྟེ་དོན་དམ་མིན། །དེ་དག་ནི་དགོན་པའི་བསྔགས་པ་བརྗོད་པའོ།། །།ནགས་ཚལ་ཉིད་ལ་བརྟེན་ནས་ནི། །ཏིང་ངེ་འཛིན་ལ་སྦྱར་བྱ་སྟེ། །གང་ཕྱིར་མི་གཡེང་མེད་པར་ནི། །འཇིག་རྟེན་ཕུན་ཚོགས་ཀྱང་མེད་པས། །དང་པོར་འདུན་པའི་མིང་ཅན་གྱི། །སེམས་བསྐྱེད་ཉེ་བར་བཟུང་ནས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །གནོད་པ་སྤང་ཕྱིར་འབད་པར་བྱ། །འདི་ལྟར། སྤྱོད་ཡུལ་གཟུགས་ནི་མཐོང་བ་ན། །བརྣབ་སེམས་ཡིད་མི་བདེ་བའམ། །གཞན་ཡང་མི་དགེ་བ་ཡི་ཆོས། །སེམས་ལ་སྐད་ཅིག་བྱུང་གྱུར་ན། །དེ་ཚེ་བསྡམས་ཕྱིར་དེ་དག་གི།


DTG111_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གི་དབང་པོས་ཚར་གཅད་བྱ། །ཚད་གད་པ་ནི་མཚན་མ་དག །གསལ་བ་རྗེས་སུ་གཟུང་ལས་བྱུང༌། །དེ་བཞིན་རྣ་བ་སྣ་དང་ནི། །ལྕེ་དང་ལུས་ཀྱི་དབང་པོ་རྣམས། །རྟག་ཏུ་སེམས་ནི་བསྲུང་བའི་ཕྱིར། །སོ་སོ་དག་ཏུ་བསྡམ་པར་བྱ། །སད་པ་དང་ནི་ཉལ་བ་དང༌།། འདུག་དང་འགྲོ་དང་སྨྲ་བ་དང༌། །མི་སྨྲ་གྱུར་དང་ཀུན་དུ་ཡང༌། །མཉམ་པར་གཞག་པ་འདོར་མི་བྱ། །རྙེད་དང་མ་རྙེད་བསྟོད་སྨད་དང༌། །བདེ་དང་སྡུག་དང་སྙན་མི་སྙན། །ཡིད་བདེ་བྱེད་དང་གཞན་པ་རྣམས། །སྤྲུལ་པ་བཞིན་དུ་བསམ་པར་བྱ། །དེས་ན་འདི་ནི་མི་རྒོད་ཅིང༌། །ལུས་ཞི་སེམས་ནི་མ་འཁྲུལ་ཞིང༌། །རྟག་ཏུ་དབང་པོ་མི་གཡེང་ཞིང༌། སྤྱོད་ལམ་དགེ་བའི་སྤྱོད་ཡུལ་དང༌། །དམིགས་པ་གསལ་བར་རྒྱུ་བ་ནི། །གང་ཚེ་སེམས་ལ་མ་མཐོང་ཞིང༌། །བྱིང་ན་གཟེངས་ནི་བསྟོད་པའི་ཕྱིར། །ཡིད་ལ་དགའ་བ་བསྒོམ་པར་བྱ། །རྒོད་པ་འཇིག་རྟེན་ཆོས་རྣམས་ལ། །གལ་ཏེ་བདག་མེད་པ་སྐྱེས་ན། །ཀུན་མཁྱེན་གྱིས་གསུངས་མི་རྟག་པ། །མྱུར་དུ་མངོན་དུ་བྱ་བ་དང༌། །གཉི་ངའི་དོན་དུ་གཉེན་པོ་ནི། །རྙེད་དཀའ་དལ་བ་ཕུན་ཚོགས་པ། །དྲན་བྱ་དེ་བཞིན་བསྐལ་པ་ནི། །བྱེ་བར་རྙེད་དཀའི་རྒྱལ་བྱུང་བའོ། །གཞན་ཡང་སྡུག་དང་ཕྲད་པ་འདི་ནི་ཉི་མ་འགའ་ཞིག་དག་ཏུ་བདེ་སྟེར་ཏེ། །ཕྱིས་ནི་དྲན་པར་གྱུར་ནས་མཚུངས་པ་མེད་པའི་གདུལ་བ་སྐྱེད་བྱེད་པ། །དེ་བཞིན་སྐྱེ་དང་སྐྱེ་བར་དྲན་པའི་ཡུལ་དུ་གྱུར་ནས་འཇིག་རྟེན་པ། །ཇི་ལྟར་སྲིད་པའི་འཁྲུལ་པ་སྤོང་བར་མི་ནུས་འགྱུར་བ་དེ་ལྟར་བྱེད། །རྒ་དང་ནད་དང་འཆི་བདག་རྒྱུད་པ་ཞེས་བྱ་བཞི་པོ་འདི་དག་ནི། །གནོད་པ་ཆེན་པོར་སྐྲག་པའི་ཡིད་ཀྱིས་ཉིན་མཚན་སོ་སོ་དྲན་བྱ་སྟེ། །གང་ཕྱིར་ནད་ཀྱིས་བདེ་དང་འཆི་བདག་གིས་ནི་སྲོག་ནི་འཕྲོག་བྱེད་ཅིང༌། །རྒུད་ལས་ཕུན་ཚོགས་ཉམས་བྱེད་ལང་ཚོ་དག་ནི་རྒ་བ་དག་གིས་སོ། །གནད་རྣམས་གཅོད་པར་བྱེད་པ་དང༌། །གྲོགས་མེད་གཅིག་པུར་གྱུར་པ་དང༌། །འཇིག་རྟེན་འདི་ནི་ཡོངས་སྤངས་ཤིང༌། །འཇིག་རྟེན་གཞན་དུ་འཕོ་འགྱུར་ཏེ། །འཆི་བདག་བར་ནི་ཞུགས་པ་ལ། །དགེ་བའི་ལས་ལས་གཞན་པ་ཡི། །ཆུང་མ་ནོར་དང་གྲོགས་དང་གཉེན། །སྲུང་བར་བྱེད་པ་ཡོད་མ་ཡིན། །སྣབས་དང་ཁ་ཆུ་


DTG111_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མ་གཅིན་གོས་ཤིང༌། །དབུགས་ཀྱི་ལྷག་མ་འཛིན་པར་བྱེད་པའི་ལུས། །ཡང་སྲིད་པ་ནི་དམིགས་པར་བྱེད་པ་ན། །ལེགས་བྱས་མ་གཏོགས་སྐྱོབ་བྱེད་འགའ་ཡོད་མིན། །གྲང་བས་ཉེན་ལ་མེ་དང་ནི། །སྐོམ་པས་ཉེན་ལ་ཆུ་ཇི་བཞིན། །ཇི་ལྟར་ངལ་ལ་གྲིབ་མ་སྟེ།། དེ་བཞིན་ཆོས་ནི་གཞན་དག་ཀྱང༌། །དེ་ཕྱིར་སྐྱེས་བུ་རྣམས་ཀྱི་འཁོར་དང་ནོར་དང་ལང་ཚོ་དག །གློག་དང་མ་ཚུགས་པར་མཐོང་ནས་འཇིག་པའི་ཆོས་ཅན་དུ། །སྐྱེ་དང་ལྡན་པས་མ་ལུས་དེ་ལྟར་རྟོགས་ནས་ནི། །སྲིད་པའི་འཆིང་བ་འཇིགས་ལས་གྲོལ་ཕྱིར་འབད་པར་བྱ། །ཡང་ནི་གཡེང་བ་ཆེན་པོའི་རྒྱུ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །བྱམས་པ་རྟེན་འབྲེལ་བསྒོམ་པ་སྟེ། །རྟག་ཏུ་སྒྱུ་ཡང་སྤོང་བྱེད་ཅིང༌། །གཉེན་པོ་ཡང་ནི་བསྒོམ་པར་བྱ། །འདོད་ཆགས་དང་ནི་སྐྱེ་བའི་རྒྱུ། །བུད་མེད་གཅིག་པུ་ཁོ་ནའོ། །མི་སྡུག་བསྒོམ་པ་གང་ཞེ་ན། །མི་གཙང་ལ་སོགས་འདུ་ཤེས་ཀྱིས། །མགོ་བོ་ནས་ནི་རྐང་པའི་བར། །གང་ཞིག་བསྡུས་ནས་སྤྱོད་པ་སྟེ། །འདི་ལྟར་སྐྲ་དང་བ་སྤུ་དང༌། སེན་མོ་སོ་དང་པགས་པ་ལྕེ། །ཤ་རུས་རྒྱུས་པ་སྙིང་དང་མཆིན། །རྒྱུ་མ་ཞག་དང་དྲི་མ་དང༌། །གཞུངས་པ་མཆི་མ་ཆུ་སེར་རྡུལ། །ཚིལ་དང་སྣབས་དང་གློ་བ་དང༌། །གླད་པ་དང་ནི་གླད་རྒྱས་དང༌། །གཅིན་དང་རྣག་དང་ཁྲག་དག་གིས། །དང་པོར་འདི་དག་ལ་རྨོངས་པའི། །ཤེས་རབ་འཆལ་པ་གཞན་དག་ནི། །གཅིག་ལ་སོགས་པ་རློམ་པ་ལས། །དགེ་བ་དགའ་བར་ག་ལ་འགྱུར། །འབྱུང་བ་བཞི་ལས་གྲུབ་པའི་རང་གི་ལུས་པོ་འདི་ལ་སླར་ཡང་ནི། །ས་དང་ཆུ་དང་མེ་དང་རླུང་ཞས་སོ་སོ་དག་ཏུ་རྟོག་བྱེད་ལ། དེ་ནས་ཇི་ལྟར་སྣ་ཚོགས་འབྲུ་ཡིས་གང་བའི་ཕུར་མ་བཞིན། །དེ་བཞིན་ལུས་འདི་ཡང་ནི་བརྟན་པའི་བློ་ཡིས་རྣམ་པར་བལྟ་བྱ་སྟེ། །བྱང་ཆུབ་སེམས་དཔའ་འདི་ནི་དུར་ཁྲོད་ཞུགས་ཁམས་སུ། །གང་ཚེ་རོ་ཡི་ངོ་བོ་ཡོངས་སུ་ལྟ་བྱེད་པ། །དེ་ཚེ་དེས་ནི་ཉིན་ཞག་འདས་ལས་བྱུང་བ་ཡི། །རུལ་དངོས་དག་ཏུ་རང་གི་ལུས་དང་མཚུངས་པར་རྟོག །ཤིན་ཏུ་འཕོངས་གདངས་ཁ་ནི་ཟངས་ལྟར་གྱུར་པ་ཡི། །ས་སྟེང་ལྟུང་བར་གྱུར་པའི་རོ་ཡི་ལུས་པོ་ནི། །སྲིད་པའི་བདེ་ལ་ཞེན་པའི་སེམས་ལྡན་མི་རྣམས་ལ། །རང་གི་མི་སྡུག་དངོས་པོ་སྟོན་པར་བྱེད་པ་འདྲ། །དེ་དག་ནི་


DTG111_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་ལ་ཀུན་དུ་སྤྱོད་པའི་གཉེན་པོའོ།། །།གཞན་ལ་ཕན་དང་བདེ་སྲེད་དང༌། །འདོད་དང་སྨོན་དང་དགའ་བ་ཡི། །རྣམ་པ་འདིར་སྐྱེ་གང་ཡིན་པའི། །བྱམས་དེ་རྣམ་གསུམ་དུ་དབྱེ་སྟེ། །དེ་ལ་སེམས་ཅན་ལ་དམིགས་ཤིང༌། །ཆོས་ལ་དམིགས་པ་ཡང་ནི་གཞན། །ངང་གིས་འབྱུང་ཞིང་དམིགས་མེད་པ། །བྱམས་པ་ཆེན་པོ་རབ་ཏུ་གསུངས། །དང་པོའི་སེམས་ལ་དང་པོ་སྟེ། །གཞན་ནི་སྤྱོད་ལ་དགའ་བ་ཡིན། །དམིགས་པ་མེད་པ་མི་སྐྱེ་བའི། །ཆོས་ལ་བཟོད་ཐོབ་སྤྱོད་ཡུལ་ལོ། །དེ་དག་ཀུན་ལ་གོམས་བྱའི་ཕྱིར། །བསྒོམ་བྱའི་རིམ་པ་བཤད་པར་བྱ། །དེ་ལ་དང་པོ་སྡུག་པ་བཞིན། །བར་མ་རྣམས་ལ་བསྒོམ་པར་བྱ། །གང་ཕྱིར་སྡུག་བཞིན་ཤེས་པ་ནི། །ལྷག་མ་རྣམས་ལ་སྐྱེ་བར་འགྱུར། །དེ་ཚེ་གོམས་པ་ཕྱི་ནས་ཡང༌། །དགྲ་ཡི་ཕྱོགས་ལ་བསྒོམ་པར་བྱ། །གང་ཚེ་རྣལ་འབྱོར་པ་ཡིས་ནི། །ཕྱོགས་གཅིག་ཏུ་ནི་དགྲ་དག་ཀྱང༌། །གྲོགས་པོ་བཞིན་དུ་སྣང་གྱུར་ན། །དེ་ཚེ་ཕྱོགས་ཀུན་ལ་བསྒོམ་བྱ། །ཇི་ལྟར་སེམས་ཅན་ལ་དམིགས་པ། །བསྒོམས་ལས་ཉེ་བ་སྐྱེ་འགྱུར་བའི། །ངལ་བ་ཆོས་ལ་དམིགས་པ་དག །ལ་སོགས་པ་ནི་ཡོད་མ་ཡིན། །དེ་བཞིན་དུ། གལ་ཏེ་རང་གི་དགེ་བ་སྐྱེ་བོ་གཞན་རྣམས་ཀྱིས། །བདེ་གཤེགས་ཉིད་ཐོབ་བྱ་ཕྱིར་ཡོངས་སུ་སྔོ་བྱེད་ན། །དེ་ཡི་བྱམས་པ་འདི་ནི་ཤིན་ཏུ་མཆོག་འགྱུར་ཞིང༌། །རང་གི་བྱང་ཆུབ་སེམས་ནི་རྡོ་རྗེ་ལྟར་བརྟན་བྱེད། །གཞན་ཡང་བདེ་བར་གཤེགས་པ་རྣམས་ཀྱི་དགེ་བ་དང༌། །དེ་བཞིན་རྒྱལ་སྲས་དང་ནི་སེམས་ཅན་གཞན་གྱི་ཡང༌། །དེ་དག་མ་ལུས་པ་ཡང་འགྲོ་བ་སྲིད་པའི་བཙོན་ར་ཡི། །བཅིངས་པ་གྲོལ་བར་བྱ་ཕྱིར་ཡོངས་སུ་སྔོ་བྱེད་པ། །སྣ་ཚོགས་སྙིང་རྗེའི་སྙིང་པོ་ཅན། །ཡོངས་སུ་བསྔོ་བ་གང་དག་ཡིན། །དེ་ཀུན་བྱམས་པ་ཉིད་ཀྱི་ནི། །རྗེས་སུ་འཇུག་པར་ཐེ་ཚོམ་མེད། །དེ་དག་ནི་ཞེ་སྡང་ལ་ཀུན་དུ་སྤྱོད་པའི་གཉེན་པོའོ།། །།གཞན་ཡོད་པ་ལ་བརྟེན་ནས་ནི། །མེ་ལོང་གི་ནི་གཟུགས་བརྙན་བཞིན། །གང་གི་དངོས་པོ་སྣང་གྱུར་པ། །དེ་ལ་དངོས་ག་ལ་ཡོད། །དེ་ཕྱིར་རྐྱེན་ལས་བྱུང་བ་ཡི། །དངོས་པོ་རྣམས་ནི་དངོས་མེད་ཉིད། །རང་གི་


DTG111_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་མ་སྐྱེས་པ། །སྟོང་ཉིད་ཤིན་ཏུ་ཟབ་པ་ཉིད། །དངོས་པོ་དེ་དག་མི་སྤོང་ཞིང༌། །དེས་ཀྱང་དངོས་པོ་མི་སྤོང་སྟེ། །མེད་ན་མི་འབྱུང་ངེས་པའི་ཕྱིར། །མེ་དང་སྲེག་པར་བྱེད་པ་བཞིན། །རྟེན་འབྲེལ་ཡན་ལག་བཅུ་གཉིས་འདི། །ཕྱི་མ་ཕྱི་མ་འབྲས་བུ་དང། །སྔ་མ་སྔ་མ་རྒྱུ་ཡིན་པར། །མ་རིག་ལ་སོགས་རིམ་ཤེས་བྱ། །མ་རིག་པ་ནི་གང་ཞེ་ན། །ཡང་དག་མིན་པས་ཁམས་ལྔ་ལ། །གཅིག་དང་བདག་དང་རྟག་སོགས་སུ། །མ་རིག་སྐྱེ་བ་གང་ཡིན་པའི། །འདུ་བྱེད་ཡུལ་ནི་འདི་དག་ལ། །འདོད་ཆགས་ལ་སོགས་འཇུག་པའོ། །རྣམ་ཤེས་འདི་ལས་སྐྱེས་པ་ཡི། །དངོས་པོ་བརྟགས་པའི་མཚན་ཉིད་དོ། །གཟུགས་མིན་ཕུང་པོ་བཞི་དང་ནི། །འབྱུང་བ་ཆེན་པོ་བཞི་རྣམས་ལ། །གཅིག་ཏུ་མངོན་པར་བསྡུས་པ་ཉིད། །འདི་ལ་མིང་དང་གཟུགས་ཞེས་བརྗོད། །དེ་སྐྱེས་མིག་ལ་སོགས་པ་ནི། །སྐྱེ་མཆེད་དྲུག་གི་མིང་ཅན་ནོ། །གསུམ་རྣམས་འདུས་པ་དག་ལ་ནི། །རེག་པ་ཞེས་སུ་མངོན་པར་བརྗོད། །རེག་པ་མྱོང་བ་མ་ལུས་པའི། །བདེ་སོགས་རྣམ་པའི་རང་བཞིན་ཅན། །ཚོར་བ་ཞེན་པ་སྲེད་པ་སྟེ། །དེ་ནི་འདོད་པའི་རྣམ་པའོ། །སྲེད་པ་ཉིད་ནི་འཕེལ་བ་ལ། །ལེན་པ་ཞེས་ནི་བརྗོད་པ་ཡིན། །ལེན་པ་ལས་ནི་སྲིད་པ་སྟེ། །དེ་ལ་ཕུང་པོ་དངོས་འབྱུང་སྐྱེ། །ཕུང་པོ་རྙིངས་པ་རྒ་བ་སྟེ། །ཡང་ནི་ཉམས་པ་འཆི་བའོ། །རང་ཉིད་ཅེས་ལས་ཤི་འདོད་པས། །ནང་གི་གདུང་བ་མྱ་ངན་ཏེ། །བདེ་བ་དྲན་པ་ལས་བྱུང་བའི། །སྨྲེ་བ་གང་ཡིན་སྨྲེ་སྔགས་འདོན། །སྡུག་བསྔལ་རྣམ་ཤེས་ལྔ་པོ་ཡི། །ལུས་འབྱུང་མི་བདེ་ཚོར་བའོ། །དེ་ལྟར་མཐའ་གཉིས་ལས་གྲོལ་བའི། །རྟེན་ཅིང་འབྲེལ་བའི་མཚན་ཉིད་ནི། །སྣ་ཚོགས་མགལ་མེའི་འཁོར་ལོ་ལྟར། །ཕན་ཚུན་རྒྱུ་ཡིས་འཁོར་བ་ཡི། །སཱ་ལུ་ལྗང་སོགས་མདོ་ལས་ནི། །ཕྱི་དང་ནང་གི་དབྱེ་བ་ཡིས། །རྟེན་ཅིང་འབྲེལ་བར་འབྱུང་བ་དེ། །རྣམ་པ་གཉིས་སུ་བལྟ་བྱ་སྟེ། །རྒྱུ་དང་རྐྱེན་གྱི་རྒྱུ་ལས་ནི། །དེ་ནི་སླར་ཡང་རྣམ་པ་གཉིས། །དེ་ལ་དང་པོ་ནང་གི་ནི། །རྣམ་པ་གཉིས་སུ་དབྱེ་བྱ་སྟེ། །མ་རིག་ལ་སོགས་ཕན་ཚུན་དུ། །རྒྱུ་ཡི་དངོས་པོར་གནས་པ་དག །དེ་ནི་རྒྱུ་ཡི་རྒྱུར་ནི་འདིར། །བདག་


DTG111_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

གིས་གོང་དུ་བཤད་ཟིན་ཏོ། །ཡང་ནི་རྐྱེན་གྱི་རྒྱུ་དག་ཉིད། །ས་དང་ཆུ་དང་མེ་དང་ནི། །རླུང་དང་ནམ་མཁའ་རྣམ་ཤེས་རྣམས། །གཅིག་ཏུ་འདུས་པར་གྱུར་པ་སྟེ། །ལུས་ལ་ས་ཁམས་གང་ཞེ་ན། །སྲ་བ་འཛིན་པ་གང་ཡིན་པའོ། །རླན་ལ་སོགས་པ་རྗེས་འཛིན་གང༌། །དེ་ནི་ཆུ་ཡི་ཁམས་སུ་བརྗོད། །ཟོས་དང་འཆོས་དང་འཐུངས་པ་དང༌། །ཐམས་ཅད་རིམ་གྱིས་འཇུ་བྱེད་པའི། །ལུས་འདི་དྲོ་བའི་མཚན་ཉིད་ཅན། །དེ་ནི་མེ་ཡི་ཁམས་སུ་བཤད། །བྱ་བ་བདུན་ལ་རབ་འཇུག་པའི། །དབུགས་འབྱུང་རྔུབ་པའི་བྱ་བ་དང༌། །ལུས་འདི་ལ་ནི་བྱེད་པ་གང༌། །དེ་ནི་རླུང་གི་ཁམས་སུ་བསྟན། །ལུས་འདི་ལ་ནི་ཡོངས་མཐོང་བའི། །གང་གི་སྟོང་པའི་རང་བཞིན་གང༌། །ཀུན་གྱི་གོ་སྐབས་འབྱེད་པའི་ཕྱིར། །ནམ་མཁའི་ཁམས་ཞེས་རྗོད་པར་བྱེད། །རྣམ་ཤེས་ཁམས་ནི་གང་ཞེ་ན། །འདིར་ནི་ཟག་བཅས་ཡིད་གང་དང༌། །དེ་བཞིན་རྣམ་ཤེས་ལྔ་ཡི་ནི། །ཚོགས་ན་ཀུན་དུ་སྦྱོར་བའོ། །མིང་དང་གཟུགས་ཀྱི་མྱུ་གུ་ཡི། །ས་བོན་ངོ་བོར་གནས་པ་ཡི། །ནང་གི་བདག་ཉིད་རང་བཞིན་ལ། །རྐྱེན་གྱི་རྒྱུ་ཞེས་བརྗོད་པ་ཡིན། །དེ་བཞིན་དུ། རྣམ་ཤེས་ས་བོན་རང་བཞིན་ཏེ། །ལས་ནི་ཞིང་གི་རང་བཞིན་ནོ། །སྲེད་པས་རྣམ་ཤེས་རླན་བྱེད་དེ། །མ་རིག་པ་ནི་ས་བོན་འདེབས། །ལས་ནི་འདི་ལྟར་བདག་གི་ནི། །འདུ་བྱེད་ལས་བྱུང་རང་བཞིན་གྱི། །རྣམ་ཤེས་ས་བོན་དག་བྱ་དང༌། །ཞིང་གི་བྱ་བ་བྱས་མི་སེམས། །སྲེད་པའང་འདི་ལྟར་བདག་གིས་ནི། །རྣམ་ཤེས་རླན་ཞེས་ཤེས་པ་མེད། །མ་རིག་པ་ཡང་འདི་ལྟར་བདག །ས་བོན་དེ་ནི་གདབ་མི་སེམས། །ས་བོན་རྣམ་ཤེས་དེ་ལ་ཡང༌། །རྐྱེན་འདི་དག་གིས་འབད་པ་ཡིས། །བདག་ནི་བསྐྱེད་པ་ཡིན་ཞེས་པའི། །དེ་ལྟའི་ཤེས་པ་ཡོད་མ་ཡིན། །འོན་ཀྱང་རྣམ་ཤེས་ས་བོན་ནི། །ལས་ཀྱི་ཞིང་གིས་བརྟེན་པ་དང༌། །སྲིད་པའི་རླན་གྱིས་བརླན་པ་དང༌། །ས་བོན་མ་རིག་གིས་བཏབ་པས། །སྐྱེ་བ་དེ་དང་དེ་དག་དང༌། །རིམ་པ་དེ་དང་དེ་དག་གིས། །མ་ཡི་དཀུར་ནི་དུས་ཀྱིས་སུ། །མིང་གཟུགས་མྱུ་གུ་བསྐྱེད་པ་ནི། །བདག་ལས་མ་ཡིན་གཞན་ལས་མིན། །དབང་ཕྱུག་གིས་ཀྱང་སྤྲུལ་མིན་ལ། །མིང་


DTG111_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཟུགས་ཀྱི་མྱུ་གུ་འདི། །རྒྱུ་མེད་ལས་ཀྱང་སྐྱེ་བ་མིན། །དེ་ལྟར་བདག་མེད་ཆོས་རྣམས་ནི། །སྒྱུ་མའི་མཚན་ཉིད་དག་ཏུ་འབྱུང༌། །རྒྱུ་དང་རྐྱེན་ནི་ཚོགས་པ་ལས། །རྒྱུན་མི་འཆད་པར་འབྱུང་འགྱུར་ཏེ། །མིག་དང་གཟུགས་དང་སྣང་བ་དང༌། །དེ་བཞིན་ནམ་མཁའ་དེ་སྐྱེད་ཡིན། །རྒྱུ་ལྔ་དག་ནི་ཚོགས་པ་ལས། །མིག་གི་རྣམ་ཤེས་འབྱུང་འགྱུར་ལ། །རྐྱེན་འདི་དག་ནི་མེད་པ་ན། །མིག་གི་རྣམ་ཤེས་འབྱུང་མིན་མིང༌། །འདི་དག་སོ་སོ་དག་ལ་ནི། །བཙལ་ན་རྙེད་པ་མ་ཡིན་ནོ། །དེ་ལྟར་དབང་པོ་ལྷག་མ་ལས། །སྐྱེས་པ་རྣམ་ཤེས་རིམ་པ་འདི། །ནམ་མཁའ་འཇའ་ཚོན་དག་མཚུངས་པར། །རྐྱེན་མ་རིག་ལས་ཤེས་པར་བྱ། །ཡང་ནི་རྐྱེན་ལས་བྱུང་བ་དེ། །མཚན་ཉིད་ལྔ་རུ་ཤེས་བྱ་སྟེ། །རྟག་དང་ཆད་དང་བྲལ་བ་དང༌། །དེ་བཞིན་འཕོ་བ་སྤངས་པ་དང༌། །ཡང་ནི་རྒྱུ་ནི་ཆུང་བ་ལས། །འབྲས་བུ་ཆེན་པོར་འབྱུང་བ་དང༌། །འདྲ་བ་དག་དང་ལྡན་པ་ཡི། །རྒྱུ་མཐུན་འབྲས་བུ་འབྱུང་བའོ། །གང་ཕྱིར་སྐྱེ་བ་ལ་ཕྱོགས་པའི། །ཕུང་པོ་དག་ནི་འཆི་བ་ལ། །ཕྱོགས་པ་འབྱུང་བ་དེ་ཡི་ཕྱིར། །རྟག་པ་མིན་པར་འདི་ཤེས་བྱ། །ཆད་མིན་གང་ཕྱིར་ཕུང་པོ་རྣམས། །རྒྱུ་རྣམས་ཡོད་པ་དག་དང་ནི། །མེད་པ་དག་ལས་སྐྱེད་མིན་ཕྱིར། །སྲད་མདའི་མཐོན་དམན་ཅི་བཞིན་ནོ། །གང་ཕྱིར་ཕུང་པོ་རིགས་མཐུན་ཕྱིར། །སླར་ཡང་སྐྱེ་བ་གཞན་དུ་ནི། །རིགས་མི་མཐུན་པར་སྐྱེ་འགྱུར་བ། །དེ་ཕྱིར་འཕོ་བ་ལས་ཀྱང་མིན། །གང་ཕྱིར་ལས་ཆུང་བྱས་པ་ལས། །འབྲས་བུ་ཆེན་པོ་འབྱུང་འགྱུར་ཏེ། །དེ་ཕྱིར་རྒྱུ་ནི་ཆུང་ངུ་ལས། །འབྲས་བུ་ཆེན་པོར་འབྱུང་བ་ཡིན། །གང་ཕྱིར་ཅི་འདྲའི་ལས་བྱས་པ། །དེ་ཡི་གཟུགས་བརྙན་མི་འདོར་བ། །དེ་འདྲའི་རྒྱུ་ནི་འབྱུང་བས་ན། །དེས་ན་རྒྱུ་དང་འདྲ་བར་བརྗོད། །ཆོས་གང་འཇིག་རྟེན་འདི་ནས་ནི། །གཞན་དུ་འཕེལ་བ་འགའ་མེད་ཀྱང༌། །འོན་ཀྱང་ལས་དང་འབྲས་བུ་དང༌། །ཡོད་པ་རུ་ནི་བརྟགས་པ་ཡིན། །མ་རིག་ལེན་པ་སྲེད་པ་ཞེས། །བྱས་པ་ཉོན་མོངས་བསྡུས་པ་སྟེ། །འདུ་བྱེད་སྲིད་པ་ཞེས་བྱ་བ། །ལས་ཀྱི་མིང་དུ་ཤེས་པར་བྱ། །རྣམ་ཤེས་མིང་དང་གཟུགས་དང་ནི། །དེ་བཞིན་སྐྱེ་དང་རེག་པ་དང༌། །རྒ་ཤི་དང་ནི་


DTG111_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་དག །སྡུག་བསྔལ་མིང་ཅན་འདུ་ཤེས་བྱ། །སྟོང་པ་ཉིད་ནི་སྟོན་པ་ཆེ། །འོག་ནས་སྟོན་པར་འགྱུར་བས་ན། །ཟློས་པའི་སྐྱོན་དུ་ཐལ་འགྱུར་ཕྱིར། །ཕྱི་ཡི་མཚན་ཉིད་མ་བསྟན་ཏོ། །གང་གིས་འགྲོ་བའི་རང་བཞིན་རྐྱེན་ལས་བྱུང་བ་རུ། །ཇི་ལྟ་བ་བཞིན་འདི་དག་ཤེས་རབ་ཀྱིས་རྟོགས་པ། །ཕྲ་བའི་བློ་ལྡན་དེ་ཡིས་དེ་བཞིན་གཤེགས་པ་ནི། །ཀུན་གཞི་དག་དང་ཡང་དག་ལྡན་པ་མཐོང་བར་འགྱུར། །འདི་དག་ནི་གཏི་མུག་ལ་ཀུན་དུ་སྤྱོད་པའི་གཉེན་པོའོ།། །།དེ་ལྟར་སེམས་ནི་ལས་རུང་བས། །ལུས་དང་ཚོར་བ་ཉིད་དང་ནི། །སེམས་དང་དེ་བཞིན་ཆོས་རྣམས་ལ། །དྲན་པ་ཉེར་གཞག་གུས་པས་བསྒོམ། །རྐང་ལག་བྱིན་པ་བྲང་དང་སུམ་མདོ་མགྲིན་པ་ཕྲག་པ་ལྟོ་བ་བྲང༌། །འགྲམ་པ་རྒྱབ་དང་ནང་ཁྲོལ་དང་ནི་མགོ་བོའི་ཆོགས་རྣམས་འདུས་པའི་ལུས་འདི་ནི། །དེ་བཞིན་སླར་ཡང་ཀུན་ནས་ཉོན་མོངས་སོ་སོའི་དུག་ཅན་གནས་སུ་གྱུར་པ་འདི། །མི་རྟག་པ་ཞེས་ཀུན་ཤའི་ཙེ་འདྲའི་བློ་ཅན་རྣམས་ཀྱིས་ལེགས་པའི་དོན་དུ་སྤྱད། །ཡང་དག་མིན་ལ་བརྟགས་ལས་གཞན། །ལུས་པོ་འདི་ནི་སྔོན་གྱི་མཐའ། །གང་ཞིག་ནས་ཀྱང་འོང་བ་ཡིན། །ཕྱི་མའི་མཐའ་ཡང་འགྲོ་མིན་པས། །ཐོག་མ་ཐ་མ་དབུས་རྣམས་སུ། །གང་ཡང་གནས་པ་མེད་པར་བརྟག །དེས་ན་རྩད་ནས་མེད་པ་ཡི། །ལུས་པོ་འདི་ལ་ཡོངས་འཛིན་མེད། །དེ་ལྟར་ཆ་ཡི་ཚོགས་འདི་ལ། །ལུས་པོ་དོན་དམ་དུ་མེད་པས། །མཁས་པས་ལུས་པོ་ནམ་མཁའ་བཞིན། །རྗེས་སུ་དྲན་པ་རྟག་པར་གཞག །དེ་ཡང་འཇིག་རྟེན་པ་ཡི་ཐ་སྙད་དུ། །གྲུབ་པའི་ལུས་པོ་དང་ནི་ཕུང་པོ་དང༌། །ཁོག་པ་དང་ནི་གནས་འདི་ཞེས་བྱ་བ། །འདི་དག་མ་ལུས་གློ་བུར་བ་ཡིན་ནོ། །ལུས་ལ་རྗེས་དྲན་བསྒོམ་པ་ལས། །སེམས་ཅན་རྣམས་ཀྱི་ལུས་གཞན་ལ། །རང་ལུས་དང་མཚུངས་བསྟན་པ་རུ། །བྱང་ཆུབ་སེམས་དཔའ་འདུ་ཤེས་སྐྱེ། །སྙིང་པོ་མེད་པའི་ལུས་པོ་ལས། །ལུས་དང་ལོངས་སྤྱོད་སྙིང་པོ་དང༌། །དེ་བཞིན་འཚོ་བའི་སྙིང་པོ་སྟེ། །སྙིང་པོ་གསུམ་ནི་བླང་བར་བགྱི། །བདག་གི་ལུས་འདི་མི་རྟག་ཅེས། །སེམས་ཅན་རྣམས་ཀྱི་སློབ་མ་རུ། །འགྱུར་བར་བསྒྲུབ་པ་གང་ཡིན་པ། །དེ་ལ་ལུས་ཀྱི་སྙིང་པོར་བརྗོད། །ལུས་གསོབ་ཡིན་ཕྱིར་


DTG111_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་ལ། །གང་ཞིག་དགའ་བར་མི་བྱེད་པ། །དེ་ནི་ཐམས་ཅད་གཏོང་དང་ལྡན། །དེ་ཡིས་ལོངས་སྤྱོད་སྙིང་པོ་འཐོབ། །སྙིང་པོ་མེད་པའི་ལུས་དྲན་ན། །འཚོ་བའི་དོན་དུ་བདག་ཉིད་ཀྱིས། །སྡིག་པའི་ལས་རྣམས་བྱེད་མིན་པ། །དེ་ཡིས་འཚོ་བའི་སྙིང་པོ་འཐོབ། །ལུས་འདི་རྟག་ཏུ་ཡོངས་སུ་མ་བསྐྱངས་ན། །འཕེལ་མི་ནུས་པས་བྱིས་པ་རྣམས་དང་མཚུངས། །ཁང་པ་རྙིང་པ་དང་མཚུངས་ལུས་པོ་འདི། །འབད་པས་ལེགས་པར་བསྐྱངས་ནས་གཟུང་བར་བྱ། །བཀའ་སྩལ་མང་བས་རྒྱལ་པོ་རྣམས་དང་མཚུངས། །སླུ་བར་བྱེད་པའི་རང་བཞིན་གྲིབ་མ་བཞིན། །ཤིན་ཏུ་འབད་པའི་སྒོ་ནས་གཟེམ་དགོས་པས། །ལུས་འདི་སོ་མ་བཏང་བའི་བུམ་པ་མཚུངས། །ཆུ་བོ་ཆེན་པོ་ཚོགས་ཀྱི་རྒྱུན་འབབ་བཞིན། །ལུས་ཀྱི་ཐ་མ་འཆི་བའི་མཚོ་ལ་གཏུགས། །མདུང་ཐུང་བཞིན་དུ་སྡུག་བསྔལ་བསྐྱེད་པའི་རྒྱུ། །རྟག་ཏུ་ཕན་མི་བྱེད་པས་དགྲ་དང་མཚུངས། །ནམ་ཡང་ཡིད་ཆེས་རྡུལ་ཕྲན་ཙམ་གྱི་ཡང༌། །གནས་མེད་པས་ན་རྐུན་མ་རྣམས་དང་མཚུངས། །རེག་པའི་བསྲན་མི་བཟོད་པས་རྨ་དང་མཚུངས། །སྒྱུ་མ་བཞིན་དུ་སྟོང་པའི་བདག་ཉིད་ཡིན། །ཇི་ལྟར་འོ་མ་ཡིས་ནི་བཀྲུས་གྱུར་ཀྱང༌། །སོལ་བ་ནམ་ཡང་དཀར་པོར་འགྱུར་མ་ཡིན། །གཙང་ཞིང་དག་པས་བྱི་དོར་བྱས་གྱུར་ཀྱང༌། །དེ་ལྟར་ལུས་ཀྱི་རང་བཞིན་འདོར་མི་བྱེད། །དེས་ན་བདག་པོ་མེད་པ་ཡི། །འཁྲུལ་འཁོར་ལྟ་བུའི་ལུས་པོ་འདི། །བཟའ་བཏུང་སོགས་ལས་བྱུང་བའོ། །ཞེས་རྒྱས་པར་ཡང་དང་ཡང་དུ་བརྟག ། དེ་དག་ནི་ལུས་དྲན་པ་ཉེ་བར་གཞག་པའོ།། །།དེ་ལྟར་རབ་ཏུ་བསྒོམས་པའི་མཐུས། །ལུས་གཡེང་རབ་ཏུ་ཞི་བ་དེས། །ཚོར་བ་དྲན་པ་ཉེར་གཞག་པ། །བརྟན་པ་ཡིས་ནི་རྣམ་པར་བསྒོམ། །དེ་ལ་ལོག་པར་མངོན་ཞེན་ལས། །ཚོར་བ་རྣམ་པ་གསུམ་ཡིན་ཏེ། །བདེ་དང་སྡུག་བསྔལ་དང་གཞན་ནི། །བདེ་མིན་སྡུག་བསྔལ་མིན་རིག་བྱ། །འདི་ལ་ཚོར་བྱེད་འགའ་མེད་ཅིང༌། །ཚོར་བའི་དངོས་པོ་ཡོད་མིན་པས། །རྟེན་ཅིང་འབྲེལ་བ་ལས་བྱུང་བའི། །ཚོར་བ་འདི་ནི་བདག་མེད་པའོ། །དེ་ལྟར་ནམ་མཁའི་དངོས་གྱུར་པ། །གང་ཞིག་ལ་ནི་ཞེན་བྱེད་པ། །དེ་ནི་རྨོངས་


DTG111_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཆུ་ནང་གི །ཟླ་བ་ལེན་པར་འདོད་པ་ཡིན། །དེ་བཞིན་སྡུག་བསྔལ་གྱིས་གདུངས་པ། །གང་ཞིག་ཕྱིར་ཞིང་འཇོམས་བྱེད་པ། །དེ་ནི་རྨོངས་པས་མིག་ནང་གི །གཟུགས་བརྙན་ཁ་ལ་འོ་བྱེད་ཡིན། །རྨོངས་པ་གང་ཞིག་བདེ་མིན་ཞིང༌། །སྡུག་བསྔལ་ཡང་མིན་རིག་པ་སྟེ། །འགྲོ་ཚེ་རྩལ་རེག་པ་ལ། །གཟུང་བར་མངོན་པར་རློམ་དང་མཚུངས། །གཞན་ཡང་ཚོར་བ་ཐམས་ཅད་ལ། །མིང་གཞན་དུ་བྱས་འཁོར་བ་སྟེ། །ཆོས་ཡང་དག་པར་བསྡུས་པའི་མདོར། །ཀུན་མཁྱེན་རང་ཉིད་ཀྱིས་གསུངས་པ། །ཉེར་ལེན་དང་ནི་ཕྱིན་ཅི་ལོག །ཉེ་བར་དམིགས་དང་ཡོངས་སུ་འཛིན། །ཚུལ་བཞིན་མ་ཡིན་ཡིད་བྱེད་པ། །ཚོར་བ་ཡིན་ཞེས་ངེས་པར་གསུངས། །འདི་ལྟར་གང་ཚེ་སྡུག་བསྔལ་གྱིས། །བྱང་ཆུབ་སེམས་དཔའ་ལ་རེག་པ། །དེ་ཚེ་སྡུག་བསྔལ་གྱིས་ཉེན་པའི། །སེམས་ཅན་རྣམས་ལ་བརྩེ་བས་དམིགས། །གང་གི་ཚེ་ན་ཐུགས་རྗེ་ཅན། །ཚོར་བ་བདེ་བ་མྱོང་བྱེད་པ། །དེ་ཚེ་ཆགས་པས་གདུངས་རྣམས་ལ། །དེ་ཡི་བརྩེ་བ་ཆེར་དྲག་སྐྱེ། །གང་ཚེ་བདེ་མིན་སྡུག་བསྔལ་མིན། །རྒྱལ་བའི་སྲས་པོས་མྱོང་བྱེད་པ། །དེ་ཚེ་རྨོངས་པར་བྱིང་རྣམས་ལ། །འདི་ཡི་བརྩེ་བ་ཤས་ཆེར་འཕེལ། །འགའ་ཞིག་བྱང་ཆུབ་སེམས་དཔའ་ལ། །མངོན་དུ་གྱུར་པར་སྐྱེ་གྱུར་པ། །དེ་ཉིད་ཀྱི་ཚེ་དམིགས་མེད་པས། །དམིགས་པ་བྱས་པ་ལྟ་བུར་སྐྱེ། །མཚན་མར་འཛིན་པ་ཡིན་པས་ན། །ཚོར་བ་ཉིད་ལ་སྲེད་པར་བརྗོད། །གང་ཚེ་དེ་ཉིད་མི་གནས་པ། །དེ་ཚེ་མྱ་ངན་འདས་པར་བརྗོད། །དེ་དག་ནི་ཚོར་བ་དྲན་པ་ཉེ་བར་གཞག་པའོ།། །།དེ་ལྟར་གུས་པར་ཚོར་བ་ལ། །དྲན་པ་ཉེར་གཞག་བསྒོམ་བྱས་ཏེ། །དེ་ཡི་རྗེས་ལ་འབད་པ་ཡིས། །སེམས་རྗེས་དྲན་པ་ཉེར་གཞག་བསྒོམ། །མི་གཙང་གཙང་བར་འདུ་ཤེས་པས། །སེམས་ནི་སྦྲང་མ་རྣམས་དང་མཚུངས། །སྡུག་བསྔལ་ཐམས་ཅད་བསྐྱེད་པས་ན། །སྡང་བའི་དགྲ་བོ་དང་ཡང་མཚུངས། །འདོད་པ་སྔར་བག་ཡུད་ཙམ་ལ། །བདེ་བ་ཉིད་དུ་འདུ་ཤེས་དང༌། །མཆིལ་པའི་གཟན་ལ་ཆགས་པ་ཡི། །ཉ་ཡི་ལྕེ་དང་དེ་ཡང་མཚུངས། །གཞན་དག་རྣམས་ལ་གླགས་ཚོལ་ཕྱིར། །མདངས་འཕྲོག་གནོད་སྦྱིན་དང་ཡང་མཚུངས། །དགེ་བའི་ནོར་རྣམས་འཕྲོག་


DTG111_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། །དེ་ནི་ཆོམ་རྐུན་དང་ཡང་མཚུངས། །སེམས་ནི་སྐད་ཅིག་ཉིད་ཙམ་གྱིས། །འཇིག་པའི་ཕྱིར་ན་གློག་དང་མཚུངས། །རྐྱེན་ལ་རག་ལས་སྐྱེས་པའི་ཕྱིར། །མར་མེའི་འོད་ཀྱི་རྒྱུན་དང་མཚུངས། །སེམས་ནི་སྡོད་པ་མ་ཡིན་པས། །ཆུ་བོ་ཆེན་པོའི་རྒྱུན་དང་མཚུངས། །ཉོན་མོངས་གློ་བུར་བ་རྣམས་ཀྱི། །བསྒྲིབས་པས་སེམས་ནི་མཁའ་དང་མཚུངས། །འདི་ལྟར་གཟུགས་ལ་དམིགས་ནས་གཟུགས་རྣམས་ལ། །དགའ་བ་ཕྱེ་མ་ལེབ་ཀྱི་མིག་དང་མཚུངས། །སྒྲ་ལ་དགའ་བས་སེམས་ནི་མངོན་པ་ཡི། །ཀླུ་ལ་སྙན་པའི་ཨེ་ན་ཡ་དང་མཚུངས། །སེམས་ནི་མར་ནག་སྣོད་ཀྱིས་རེག་པ་ལ། །དགའ་བས་ཆགས་པའི་སྦྲང་མ་རྣམས་དང་མཚུངས། །རོ་ལ་དགའ་བས་ཟས་ཀྱི་ལྷག་མ་ལ། །བརྐམ་ཞིང་ཆགས་པའི་བྲན་མོ་རྣམས་དང་མཚུངས། །དྲི་ལ་དགའ་བས་མི་གཙང་ཕུང་པོ་ལ། །ཤུགས་དྲག་རྒྱུག་པའི་ཕག་ཕྲུག་རྣམས་དང་མཚུངས། །དེ་ལྟ་ན་ཡང་བརྟགས་ཤིང་དཔྱད་པ་ན། །སེམས་དེ་གང་ནས་ཀྱང་ནི་རྙེད་མ་ཡིན། །འདས་པའི་སེམས་ནི་འགགས་པ་ཡིན་པས་མེད། །མ་འོངས་སེམས་ནི་མ་ཐོབ་པས་ཡོད་མིན། །ད་ལྟར་གནས་པ་བཅིངས་ནས་ཡོད་མིན་ཏེ། །གང་ལྟར་ཡང་དེ་ཚད་མའི་དཔྱད་བྱར་མེད། །སེམས་དེ་ཤིན་ཏུ་འབད་པས་བཙལ་གྱུར་ཀྱང༌། །འདས་པ་ཡོད་མིན་ད་ལྟ་བ་ཡང་མེད། །མ་འོངས་པ་ཡང་ཡོད་མིན་དེ་ལྟར་ན། །དེ་ནི་དུས་གསུམ་དག་ལས་འདས་པར་འདོད། །གང་ཞིག་དུས་གསུམ་ལས་ནི་འདས་པ་དེ། །ཡོད་པ་ཉིད་མ་ཡིན་ཞིང་མེད་པའང་མིན། །དེ་ལྟར་མཐའ་གཉིས་ལས་ནི་རྣམ་གྲོལ་བ། །དེ་ནི་གང་གིའང་སྤྱོད་ཡུལ་མ་ཡིན་ནོ། །སེམས་ནི་གང་ནའང་དགའ་མེད་ཅིང༌། །གང་ནའང་མི་དགའ་ཡོད་མིན་ཏེ། །ནམ་མཁའ་བཞིན་དུ་མ་སྐྱེས་པ། །སུན་ཕྱུང་མ་ཡིན་རྨོངས་བྱ་མིན། །སླར་ཡང་འདི་ཡི་རང་བཞིན་འབད་བཙལ་ན། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལ་ནི། །གང་ཡང་གང་དུའང་ནམ་ཡང་མ་མཐོང་བའི། །སེམས་ཀྱི་རྒྱུན་དེ་འདོད་པར་བྱ་བའམ་ཅི། །དམིགས་པ་ལས་ནི་སེམས་སྐྱེ་བ། །རེ་ཞིག་འདི་ལྟར་བརྟག་བྱ་སྟེ། །དམིགས་པ་ལས་ནི་ཐ་དད་དམ། །ཐ་མི་དད་ཅེས་ཡོངས་


DTG111_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བརྟག །ཐ་དད་མངོན་པར་ཁས་ལེན་ན། །ཁམས་གསུམ་ཐམས་ཅད་སེམས་མེད་འགྱུར། །ཐ་མི་དད་ན་བདག་ཉིད་ལ། །ནང་གི་བྱ་བ་བཟློག་པར་དཀའ། །འཛུབ་མོའི་རྩེ་མོ་དེ་ཉིད་ཀྱིས། །དེ་ཉིད་ལ་རེག་ནུས་མ་ཡིན། །དེ་བཞིན་རལ་གྲིའི་སོ་དེ་ཡིས། །དེ་ཉིད་གཅོད་པར་ནུས་མ་ཡིན། །ལེགས་པར་བསླབས་ཀྱང་རང་ཉིད་ཀྱིས། །ཕྲག་པ་ལ་ནི་འགོང་མིན་ལྟར། །སེམས་ཀྱིས་སེམས་ནི་རེག་མིན་ཞེས། །ཐམས་ཅད་མཁྱེན་པ་ཉིད་ཀྱིས་གསུངས། །དྲག་ལ་འཁོར་ཞིང་འཚུབས་པའི་རླུང་དམར་ལྟར། །ཡིད་ཀྱི་རྒྱུ་བ་ཤིན་ཏུ་རྟོགས་དཀའ་འདི། །གང་གིས་དེ་ལས་བདེ་གཤེགས་དཔལ་འབྱུང་བའི། །ཞི་གནས་ལ་ནི་འབད་པས་རྣམ་པར་བསྒྲུབས། །རྩེ་གཅིག་རྣམ་པར་མ་འཕྲོས་དང༌། །མ་ཡེངས་པ་དང་རབ་ཏུ་ཞི། །ཞི་གནས་ཀུན་དུ་གནས་པའོ་ཞེས། །སེམས་རྗེས་དྲན་པ་རྒྱས་པར་བསྒོམ། །སེམས་ཀྱི་ཆོས་ཉིད་མི་སྤོང་ཞིང༌། །དེ་བཞིན་རྣམ་པར་སྦྱོང་བའང་མིན། །སེམས་འདི་སྒྱུ་མ་ལྟ་བུ་ཞེས། །བྱ་བ་སེམས་ཀྱི་ཆོས་ཉིད་དོ། །གང་དག་དངོས་ཀུན་ཡོངས་བཏང་ནས། །སངས་རྒྱས་ཞིང་དུ་ཡོངས་དག་པར། །རབ་ཏུ་བསྔོ་བ་དེ་རང་གི །སེམས་ཀྱི་རྣམ་པར་སྦྱོར་བར་གསུངས། །དེ་དག་ནི་སེམས་དྲན་པ་ཉེ་བར་གཞག་པའོ།། །།དེ་ལྟར་སེམས་རྗེས་དྲན་པ་ཉེར་གཞག་ལ། །ཡང་དག་གནས་ནས་ཆོས་དྲན་ཉེར་གཞག་བསྒོམ། །དེ་ནི་མདོར་ན་ཆོས་རྣམས་ཐམས་ཅད་ལ། །སྤོང་ལེན་སྤངས་ནས་འབད་མེད་རྟོགས་པ་ཡིན། །ཉོན་མོངས་རྣམས་ལ་ཡང་དག་ཏུ་སྣང་བ། །འདོད་ཆགས་ཡོད་མིན་ཞེ་སྡང་ཡོད་མ་ཡིན། །གཏི་མུག་ཡོད་མིན་ཞི་བ་ཡོད་མ་ཡིན། །འདུས་པ་ཡོད་མིན་ཕུང་པོའང་ཡོད་མ་ཡིན། །དེ་ལྟར་རྟོགས་པས་དོན་དམ་དུ་སྤྱད་ན། །ཀུན་ཉོན་མོངས་མེད་རྣམ་བྱང་ཡོད་མིན་པ། །དེ་ལྟར་ཆོས་རྣམས་ཡིན་ཞེས་ངེས་པ་གང༌། །དེ་འདིར་ཆོས་རྗེས་དྲན་པར་ཡང་དག་བརྗོད། །དེ་ལྟར་ཆོས་རྣམས་སུས་ཐོས་པ། །དེ་ཡིས་ཆོས་དང་སངས་རྒྱས་དང༌། །བྱང་ཆུབ་དང་ནི་ལམ་རྣམས་དང༌། །ཆོས་ཀུན་ཐ་དད་མཐོང་མ་ཡིན། །སླར་ཡང་ཉོན་མོངས་ཀུན་ལ་འདི། །བཅོས་མའི་འདུ་ཤེས་སྐྱེད་བྱེད་པ། །དེ་བཞིན་ཆོས་གཞན་རྣམས་ལ་ཡང༌། །སྒྱུ་མའི་རྣམ་པར་


DTG111_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བརྟག །ངེས་འབྱེད་དེ་བཞིན་ཉིད་ཀྱི་བཅུད་ཀྱིས་ནི། །ཕུག་ནས་ཆོས་རྣམས་ཐམས་ཅད་ཡོངས་སུ་རྟོག །རབ་རིབ་སྒྲིབ་པ་མ་ལུས་རྣམས་སྤངས་པ། །དེ་ནི་ཐུགས་རྗེ་ཆེན་པོས་རྒྱན་དུ་བྱེད། །ཇི་ལྟར་མེ་དང་འབྲུ་མར་སྡོང་བུ་དང༌། །ཀོང་བུ་རྣམས་ལས་མི་ཡིས་མེ་མར་མཐོང༌། །དེ་ལྟར་རྐྱེན་རྣམས་ལས་སྐྱེས་ཆོས་རྣམས་ལ། །སྟོང་ཉིད་སྙིང་པོ་ཅན་ཞེས་ཐ་སྙད་བྱེད། །ཆོས་རྣམས་ཐམས་ཅད་མདོར་བསྡུ་ན། །ཕུང་པོ་ཁམས་དང་སྐྱེ་མཆེད་དེ། །རྐྱེན་ལ་རག་ལས་སྐྱེ་བཞིན་དུ། །འཕོ་བ་སྤངས་ནས་ཡོད་མ་ཡིན། །ཇི་ལྟར་རྒྱ་ལ་བརྟེན་ནས་ནི། །གང་དུ་རྒྱ་ཡི་རྗེས་མཐོང་བ། །རྒྱ་དེ་འཕོས་པ་མ་ཡིན་ཞིང༌། །དེ་མེད་པར་ཡང་མེད་བཞིན་ནོ། །བདག་དང་གང་ཟག་ཤེད་བུ་གསོ་བ་པོ། །སྲོག་དང་ཤེད་སྐྱེས་བྱེད་པ་ཚོར་བ་པོ། །གང་ཡང་ཅུང་ཟད་མཐའ་གཅིག་ཏུ་མེད་པའི། །ཉོན་མོངས་དེས་གང་འཆིང་བྱེད་གྲོལ་བར་བྱེད། །འདི་རྣམས་ཐམས་ཅད་མིང་གིས་སྟོང་པའི་ཕྱིར། །ཆོས་རྣམས་ཐམས་ཅད་མིང་དེས་སྟོང་པ་ཡིན། །སྣ་ཚོགས་རང་བཞིན་མིང་གིས་གང་བརྗོད་པ། །དེ་ནི་ཀུན་རྫོབ་བདེན་པར་འཕགས་པས་གསུངས། །རང་བཞིན་གང་ཞིག་མིང་གིས་བརྗོད་པ་དེ། །རྫོགས་སངས་རྒྱས་ཀྱིས་མ་གསན་གཟིགས་མ་ཡིན། །སྐྱེ་མེད་འགག་པ་མེད་པའི་རང་བཞིན་ཕྱིར། །འཇིག་རྟེན་འདི་ནི་བརྡ་ཙམ་ལས་ལ་མིན། །དེ་དག་ནི་དྲན་པ་ཉེ་བར་གཞག་པ་རྣམས་སོ།། །།དེ་ལྟར་སེམས་ལས་རུང་ནས་དེས། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི།། འགྲོན་གདོན་བ་ཡི་བསམ་པ་ཡིས། །སྟོང་ཉིད་རབ་ཏུ་གསལ་བྱས་པའི། །ཡོན་ཏན་དཔག་ཏུ་མེད་པ་ནི། །མདོ་སྡེ་ཟླ་བ་སྒྲོན་མ་ལས། །ཡོན་ཏན་རིན་ཆེན་གྱིས་རབ་བརྟན། །སྟོང་ཉིད་མཐོང་བ་བདེ་བར་གཤེགས་པ་ཡི། །བསླབ་པའི་ལམ་ལ་ངེས་པར་ལྡོག་མ་ཡིན། །རང་བཞིན་གྱིས་ནི་དབང་པོར་གྱུར་པས་ན། །ནམ་ཡང་བུད་མེད་དབང་དུ་འགྱུར་མ་ཡིན། །ཡུན་མི་རིང་བར་ལྷར་བཅས་འཇིག་རྟེན་འདིར། །འདི་ཉིད་རྐང་གཉིས་རྣམས་ཀྱི་མཆོག་ཏུ་འགྱུར། །ཡང་དག་ཆོས་རྣམས་ངེས་པར་ཤེས་ནས་ནི། །ངན་སོང་དུ་ནི་ལྟུང་བར་མི་འགྱུར་ཞིང༌།།


DTG111_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དང་དང་བྱེད་ཕུན་སུམ་ཚོགས་པ་དང༌། །མངོན་པར་ཤེས་པ་ལྔ་ཡང་ཐོབ་པར་འགྱུར། །ཆོས་རྣམས་ལ་བདག་མེད་པ་དང༌། །དེ་བཞིན་རང་བཞིན་མེད་པ་དང༌། །ལས་དང་འབྲས་བུ་ཇི་ལྟ་བར། །འབྲེལ་པ་ལ་ཡང་འགལ་བ་མེད། །བྱང་ཆུབ་སེམས་ཀྱི་སྤྱོད་པ་དང༌། །མཐོང་བའི་ཆོས་ལ་འགལ་མེད་ཅེས།། དེ་སྐད་ཡབ་སྲས་མཇལ་བ་ལས། །ཐམས་ཅད་མཁྱེན་པ་ཉིད་ཀྱིས་གསུངས། །ཁམས་དྲུག་རེག་པའི་སྐྱེ་མཆེད་དྲུག །ཡིད་ཀྱིས་ཉེ་བར་སྤྱོད་པ་ནི། །བཅོ་བརྒྱད་པོ་རྣམས་འདུས་པ་ལ། །རེ་ཞིག་སྐྱེས་བུ་ཞེས་བརྗོད་དོ། །རྣམ་ཤེས་ནམ་མཁའ་རླུང་དང་མེ། །ཆུ་དང་ས་རྣམས་མ་ལུས་པ། །ལུགས་འབྱུང་ལུགས་ལས་བཟློག་པ་ཡིས། །སྣ་ཚོགས་འཛིན་པར་བྱེད་ཕྱིར་ཁམས། །རྣམ་པར་ཤེས་ལས་སྐྱེ་ཞེས་བརྗོད། །དེ་ནི་རྒྱུན་དུ་མཆེད་བྱེད་པའི། །མིག་ལ་སོགས་པ་རྣམ་དྲུག་པོ། །དེ་དག་སྐྱེ་མཆེད་དུ་བརྗོད་དོ། །གཟུགས་རྣམས་མཐོང་བའི་མིག་ལ་ནི། །རེག་པའི་སྐྱེ་མཆེད་དུ་འདོད་དེ། །རང་རང་གིས་དོན་གསལ་བྱེད་ཕྱིར། །སྐྱེ་མཆེད་ལྷག་མའང་དེ་བཞིན་ནོ། །མིག་ལ་སོགས་པ་རང་རང་གིས། །རེག་པ་དྲུག་འདིར་སྐྱེད་པར་བྱེད། །སོ་སོར་ཡིད་བདེ་ལ་སོགས་པའི། །དབྱེ་བ་དེ་ནི་རྣམ་པ་དྲུག །དེ་ལྟར་ཡིད་ཀྱི་ཉེ་བ་ནི། །སྤྱོད་པ་བཅོ་བརྒྱད་གསལ་བར་བརྗོད། །འདི་རྣམས་ཀུན་དུ་ཚོགས་པ་དང༌། །འདུས་པ་སྐྱེས་བུ་ཞེས་བྱའོ། །གང་ཞིག་ནང་གི་སྲ་བ་ཉིད། །ལུས་འདི་ལ་ནི་དམིགས་པ་ཡི། །སེན་མོ་སོ་སོགས་དབྱེ་བ་ནི། །ནང་གི་ས་ཡི་ཁམས་ཡིན་ནོ། །གང་ཡང་ཕྱི་ཡི་འཇམ་པ་དང། །ཅུང་ཟད་སྲ་བ་ཉིད་མཐོང་བའི། །ས་འཛིན་སོགས་བྱེད་གང་ཡིན་པ། །དེ་ནི་སྤྱི་ཡི་ཁམས་ཡིན་ནོ། །ནང་གི་བདག་ཉིད་སྐྱེ་བཞིན་པ། །འདི་ནི་གང་ནས་ཀྱང་འོངས་མིན། །དེ་བཞིན་འགག་པའི་ཚེ་ན་ཡང༌། །གང་དུའང་ཉམས་པར་འགྱུར་བ་མེད། །དེ་ལྟར་བུད་མེད་རྣམས་ཀྱིས་སླར། །ནང་དུ་བུད་མེད་ང་ཞེས་རྟོག །བརྟགས་ནས་སླར་ཡང་ཕྱི་རོལ་དུ། །སྐྱེས་པའོ་ཞེས་མངོན་པར་རློམ། །དེ་ནས་ཡང་དག་ཆགས་སེམས་དེ། །སྐྱེས་པ་དང་ནི་ལྷན་ཅིག་ཏུ། །ཕྲད་པར་འདོད་ཅིང་རྩེ་བ་དང༌། །ཟ་བར་འདོད་ན་ཤས་ཆེར་སྤྲོ། །སྐྱེས་པའང་དེ་བཞིན་


DTG111_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ནང་འདི་ལ། །སྐྱེས་པའོ་ཞེས་རྟོག་བྱེད་ཅིང༌། །མ་རིག་སྟོབས་ཀྱིས་བསྐྱེད་པ་ཡི། །གྲོང་བའི་ཆོས་ཀྱི་འདོད་པ་འབྱུང༌། །དེས་ན་དེ་གཉིས་བདེ་བ་ནི། །འདོད་པས་དབེན་པར་སོང་ནས་ནི། །གང་གིས་ནུར་ནུར་པོ་བསྐྱེད་པའི། །སྦྱོར་བ་དེ་འདྲ་བྱེད་པར་འགྱུར། །དེ་ལ་བརྟགས་པ་གང་ཡིན་དང༌། །རྟོག་པ་ལས་བྱུང་ཀུན་རྟོག་གང༌། །ཡང་དག་མིན་པར་བརྟགས་ལས་གཞན། །དེ་དག་རང་བཞིན་གྱིས་གྲུབ་མིན། །དེ་བཞིན་མོ་ལ་བུད་མེད་མེད། །སྐྱེས་པ་ལ་ཡང་སྐྱེས་པ་མེད། །སྙོམས་པར་འཇུག་ན་སྙོམས་པ་མེད། །ནུར་ནུར་ལ་ཡང་ནུར་ནུར་མེད། ནུར་ནུར་རང་བཞིན་མེད་གྱུར་པ། །དེ་ཚེ་ཡང་དག་ཇི་བཞིན་རིག །དེ་གཉིས་ཡོད་པར་མ་གྱུར་ཕྱིར། །སྐྱེ་བ་མེད་པ་ཡིན་ཞེས་གནས། །མ་སྐྱེས་པ་ཡིས་ཇི་ལྟར་ན། །སྲ་བ་ཉིད་ནི་སྐྱེ་བར་འགྱུར། །དེས་ན་ཡོད་མིན་ཀུན་རྟོག་ལས། །སྲ་ཉིད་འབྱུང་བར་ཤེས་པར་བྱ། །ཕྱི་རོལ་གྱི་ནི་ས་ཡི་ཁམས། །ལྕགས་རི་དང་ནི་རི་དབང་པོ། །རི་བོ་མཆོག་རབ་ལ་སོགས་པ། །འཇིག་རྟེན་ཁམས་རྣམས་མ་ལུས་པའོ། །དེ་ཡི་སྲིད་པ་ཉིད་གང་དེ། །འོངས་པ་མེད་ཅིང་འགྲོ་བ་མེད། །ཁམས་ཡིན་ནོ་ཞེས་འཇིག་རྟེན་པའི། །ཐ་སྙད་བྱེད་པ་ཙམ་དུ་ཟད། །གང་གི་ཚེ་ནས་ཆེན་འདི། །མེ་ཡིས་ཡོངས་སུ་བསྲེགས་ནས་ནི། །ཆུ་རྣམས་ཀྱིས་ནི་རྣམ་པར་བཀྲུས། །རླུང་གིས་ཤིན་ཏུ་གཏོར་གྱུར་པ། །དེ་ཚེ་མར་ནག་བསྲེགས་པའམ། །མར་གསར་བསྲེགས་ལ་ཇི་བཞིན་དུ། །སྡོང་རོ་ཡི་ནི་ཕྱེ་མའམ། །ཐལ་རྗེས་ཙམ་ཡང་མེད་པར་རུང༌། །དེ་ལྟར་ས་ཡི་ཁམས་ཀྱི་ནི། །སྐྱེ་བ་སྟོང་པ་ངེས་པ་ལྟར། །དེ་བཞིན་གནས་དང་སྟོངས་པ་ཡང༌། །རང་བཞིན་ཉིད་ཀྱིས་སྟོང་པ་ཡིན། །ཡང་ནི་ཆུ་ཁམས་གང་ཞེ་ན། །ལུས་ཀྱི་རྔུལ་དང་མཆི་མ་གཅིན། །སྣབས་མཁྲིས་ཁྲག་ཚིལ་འོ་མ་རྣག །གཞན་ཡང་གཤེར་བ་གང་ཡོད་པའོ། །དེ་ལ་མྱ་ངན་ཟུག་རྔུ་དང༌། །བྱམས་དང་ཕྲད་ལས་མཆི་མ་འབྱུང༌། །བསོད་ནམས་ལྡན་པ་ལ་ལ་ལ། །ཆོས་ཀྱི་ཤུགས་ཀྱིས་འབྱུང་བ་ཡིན། །དེ་ཡང་གང་ནས་ཀྱང་འོངས་མིན། །བསྐམས་ཚེ་གང་དུའང་སོང་བ་མེད། །བྱུང་ངོ་བསྐམས་སོ་ཞེས་པ་ཡང༌། །ཐ་སྙད་འཇུག་པ་ཙམ་དུ་བས། །


DTG111_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཚེ་སྤྲིན་སྟུག་ཆུ་རྒྱུན་གྱིས། །འཇིག་རྟེན་འདི་ནི་འཇིག་བྱེད་ཅིང༌། །ས་ཆེན་ཚངས་པའི་འཇིག་རྟེན་བར། །རྒྱ་མཚོ་གཅིག་ཏུ་བྱས་གྱུར་པ། །དེ་ཚེ་དེ་འདྲའི་ཆུ་ཡི་ཚོགས། །གང་ཞིག་ནས་ནི་འོངས་པར་འགྱུར། །ཉི་མ་བཅུ་གཉིས་མེ་ཡིས་ནི། །བསྐམས་ནས་བརླག་ཚེ་གང་དུ་སོང། །གཞན་ལ་ལྟོས་ནས་བྱུང་བ་ཡི། །ཁམས་གཞན་རྣམས་ཀྱི་སྐྱེ་བ་དང༌། །གནས་པ་དང་ནི་འཇིག་པ་ཡང༌། །དེ་ལྟར་དངོས་མེད་ཤེས་པར་བྱ། །ས་སོགས་འབྱུང་བ་བཞི་པོ་ལ། །བརྟེན་པའི་དང་བ་གང་ཡིན་པ། །མཆེད་ཅིང་འདི་གསལ་བྱེད་པའི་ཕྱིར། །མིག་གི་སྐྱེ་མཆེད་དུ་བརྗོད་དོ། །ས་ཡི་ཁམས་ཀྱི་དང་བ་འདིར། །མིག་གི་སྐྱེ་མཆེད་དུ་མི་འདོད། །དེ་བཞིན་ཆུ་དང་མེ་དང་ནི། །རླུང་ཁམས་དང་བ་འདོད་མ་ཡིན། །དེ་ལྟར་དེ་ནི་བརྟག་བཟོད་པའི། །མིག་གི་སྐྱེ་མཆེད་འགའ་ཡང་མེད། །ཐ་སྙད་ཙམ་ལས་མ་གཏོགས་པ། །འདི་དག་བྱ་བ་དང་བྲལ་ཡིན། །ཁམས་རྣམས་སོ་སོ་སྣང་བ་ལ། །དང་བ་འགའ་ཡང་ཡོད་མ་ཡིན། །ཆོས་རྣམས་ཐམས་ཅད་སྟོང་པའི་ཕྱིར། །དང་བ་དེ་དངོས་གང་ཞིག་ཡིན། །དེས་ན་མིག་གི་སྐྱེ་མཆེད་ལ། །ཐོག་མ་མེད་ཅིང་ཐ་མ་མེད། །རང་བཞིན་སྟོང་པ་ཉིད་ཀྱིས་ན། །གནས་ཀྱང་དམིགས་པ་མ་ཡིན་ནོ། །གང་ཞིག་རང་བཞིན་དང་བྲལ་ཏེ། །སྐྱེས་པ་མ་ཡིན་བུད་མེད་མིན། །རློམ་སེམས་རློམ་སེམས་མིན་པ་ཡང༌། །རང་བཞིན་གྱིས་ནི་དགག་པ་ཉིད། །མདོ་རྗེས་འབྲངས་ནས་རིགས་པ་འདིས། །རྣ་བ་སོགས་ལའང་ཤེས་བྱ་སྟེ། །དེ་དག་རྣམས་ཀྱི་རྟོགས་པའང་མཐར། །ཆོས་ཀྱི་དབྱིངས་ལ་ཐུག་ཕྱིར་རོ། །མིག་ནི་ཡུལ་གཟུགས་ལས་མིན་ཞེས། །གསུངས་པ་ཡིན་པ་དེ་ཡི་ཕྱིར། །གཟུགས་རྣམས་ཉིད་ལ་དམིགས་པའི་མིག །གཟུགས་རྣམས་ལ་ནི་ཐོགས་དང་བཅས། །དེ་ལྟར་སྒྲ་ལ་སོགས་པ་ལ། །དམིགས་པའི་རྣ་བ་ལ་སོགས་པ། །རང་རང་ཡུལ་ལ་ཐོགས་བཅས་ཞེས། །ཡུལ་དངོས་རིམ་པས་ཤེས་པར་བྱ། །མཐུན་པ་ལ་སོགས་དབྱེ་བ་ཐ་དད་པའི། །གཟུགས་རྣམས་ལ་ནི་དམིགས་པར་བྱེད་པའི་མིག །མཐུན་པ་ལས་ནི་སྡུག་པར་འདུ་ཤེས་ཤིང༌། །མི་མཐུན་པ་ལ་མི་སྡུག་པར་འདུ་ཤེས། །མཐུན་


DTG111_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་མི་མཐུན་པ་ཡང་མིན། །གཟུགས་ལ་བཏང་སྙོམས་ཚུལ་བྱས་འདུ་ཤེས་ཏེ། །དེ་ལྟར་ཡིད་ཀྱིས་ཆོས་རབ་རིམ་བཞིན་དུ། །རང་བློ་རབ་ཏུ་གསལ་བ་ལས་མཚོན་བྱ། །དེ་ལྟར་དྲུག་ལ་སོ་སོར་གསུམ་གསུམ་དུ། །ཕྱེ་བ་ལས་འདིར་ཡིད་ཀྱིས་ཉེ་བ་རུ། །སྤྱོད་པ་རབ་ཏུ་བརྟགས་པའི་ཡིད་ཀྱིས་ནི། །ཉེས་པར་སྤྱོད་པ་བཅོ་བརྒྱད་དུ་གསུངས་སོ། །དེ་ལྟར་ཁམས་སོགས་རང་བཞིན་གྱིས། །སྒྱུ་མ་ལྟ་བུར་ཤེས་བྱས་ནས། །ཀུན་ལ་ཆགས་པ་ལས་གྲོལ་བ། །སྤྲུལ་པའི་གླང་ཆེན་བཞིན་དུ་སྤྱད། །རྨི་ལམ་གཞོན་ནུ་མ་དང་ཕྲད་པ་ཡི། །དགའ་བདེ་ཉམས་མྱོང་གཉིད་ལོག་སད་པའི་ཚེ། །འདི་ན་བྱིས་པའི་རིགས་ཅན་ལས་གཞན་མིན། །དེ་ལྟར་ཞེན་ཅིང་ཀུན་དུ་ཆགས་པ་དེས། །ལུས་དང་ངག་དང་ཡིད་ཀྱི་དབྱེ་བ་ཡིས། །འདོད་ཆགས་ལས་ནི་རབ་ཏུ་སྐྱེས་པའི་ལས། །རྣམ་པ་བཅུ་ནི་མངོན་པར་འདུ་བྱེད་དོ། །གང་ཞིག་མངོན་པར་འདུས་བྱས་པ། །དེ་ཀུན་གདོད་ནས་རབ་མི་གནས། །གང་ཕྱིར་ཕྱི་རོལ་ནང་དག་ལ། །མ་བརྟེན་པས་ན་གནས་པ་མེད། །གཞན་ཡང་ཇི་ལྟར་ཐ་མར་འགག་པ་ཡི། །རྣམ་ཤེས་དེ་ལྟར་དང་པོའི་རྣམ་ཤེས་སྐྱེད། །ལས་དང་དམིགས་པའི་དབང་པོར་གྱུར་པ་ནི། །ཉིན་མཚན་འགྲོ་བ་རྣམས་ལ་སོ་སོར་སྦྱར། །རང་བཞིན་མཚུངས་པ་ཡིན་པའི་ཕྱིར། །སེམས་ཀྱི་རྒྱུན་ནི་རབ་ཏུ་འཇུག་ན་ཡང༌། །གང་དུ་བདེ་དང་སྡུག་བསྔལ་སྤྱོད་པ་ཡི། །རྣམ་པར་སྨིན་པ་ཡང་དག་མྱོང་བར་བྱེད། །ཤེས་འགག་ཐ་མ་གང་ཡིན་པ། །དེ་ལ་འཆི་འཕོར་འདོད་པ་ཡིན། །དང་པོའི་རྣམ་ཤེས་འབྱུང་བ་ལ། །འདིར་ནི་སྐྱེ་བར་འདོད་པའང་ཡིན། །དེ་ལྟ་བས་ན་ཤེས་པའི་དང་པོ་ནི། །སྐྱེ་བའི་ཆེ་ན་གང་ནས་ཀྱང་འོངས་མིན། །དེ་ནི་ངེས་པར་འགག་པའི་ཚེ་ན་ཡང༌། །གང་དུ་སོང་བའང་སྤུངས་ནས་ཡོད་མ་ཡིན། །དེ་ལྟར་དང་པོའི་རྣམ་ཤེས་དང༌། །ལས་རྣམས་ཀྱིས་ནི་སྐྱེ་བ་དག །རང་བཞིན་སྟོང་ཕྱིར་གང་ནས་ཀྱང༌། །འོངས་བའམ་གང་དུའང་སོང་བ་མེད། །ཐོག་མ་ཐ་མ་གཉིས་ཀྱི་ནི། །ཤེས་པ་ཤེས་པ་ཉིད་ཀྱིས་སྟོང༌། །དེ་བཞིན་དུ་ནི་འཆི་འཕོ་ཡང༌། །འཆི་འཕོའི་རང་བཞིན་ཉིད་ཀྱིས་སྟོང༌། །དེ་ལྟའང་བདེ་སྡུག་སོགས་ཀྱི་ནི། །


DTG111_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བས་བཀག་པ་མེད་པ་ཡི། །སྣ་ཚོགས་ལས་ཀུན་རྣམ་སྨིན་དང༌། །སོ་སོར་རིག་པ་ཤེས་པར་བྱེད། །འཇིག་རྟེན་པ་ཡི་སྤྱོད་པ་ཡི། །མིང་དང་བརྡ་ཙམ་ཉིད་ལས་གཞན། །ཡང་དག་བརྟག་བྱར་བཟོད་པ་ཡི། །བྱེད་པོ་མེད་ཅིང་ཟ་པོ་མེད། །ཇི་ལྟར་རྨི་ལམ་སྤྱོད་ཡུལ་དུ། །དགྲ་དང་གཡུལ་ངོར་དགྱེ་ནས་ནི། །སད་ཚེ་ཞེན་པར་གྱུར་ཞེ་ན། །དེ་འདི་མཁས་པར་བརྗོད་དམ་ཅི། །དེ་བཞིན་ཤེས་རབ་འཆལ་པ་ཡི། །རིགས་ཅན་མིག་གི་སྤྱོད་ཡུལ་ནི། །ཡིད་མི་བདེ་བར་བརྟེན་པ་ལ། །བལྟས་ནས་མངོན་ཞེན་དང་ལྡན་འགྱུར། །དེ་ནས་རབ་ཏུ་དག་པ་ཡི། །ངན་པས་འདོད་ཆགས་ལས་བྱུང་ལས། །རྣམ་པ་བཅུ་གཉིས་སྔར་བཞིན་དུ། །སླར་ཡང་མངོན་པར་འདུ་བྱེད་དོ། །བཏང་སྙོམས་གནས་ལ་བལྟས་ནས་ནི། །གང་ཞིག་གཟུགས་ལ་ཞེན་པ་ཡི། །རྨོངས་པ་དེ་ཡིས་སྔར་བཞིན་དུ། །ལས་ནི་རྣམ་བཅུ་སོག་པར་བྱེད། །དེ་བཞིན་སོ་སོར་རྣམ་པ་གསུམ། །སྒྲ་ལ་སོགས་པའང་ཤེས་པར་བྱ། །གང་གི་རྨི་ལམ་སྣང་བ་བཞིན། །སྣང་བ་འདི་ནི་སྐྱེ་བ་མེད། །ཀུན་རྫོབ་དང་ནི་དོན་དམ་དབྱེ་བ་ཡིས། །འདིར་ནི་བདེན་པ་རྣམ་གཉིས་རྒྱལ་བས་གསུངས། །སྟོང་ཉིད་ལེགས་པར་མཐོང་བ་གང་ཡིན་པ། །དེ་ལ་ཐམས་ཅད་མཁྱེན་པ་ཉིད་ཅེས་བརྗོད། །འཇིག་རྟེན་པ་ཡི་སྤྱོད་པ་ལ། །མགོན་པོས་འཇིག་རྟེན་ཀུན་རྫོབ་གཟིགས། །དོན་དམ་སྣ་ཚོགས་ཤེས་པ་ཡི། །སྤྱོད་པ་ལས་ནི་ཤིན་ཏུ་འདས། །རྒྱུ་མེད་རྣམ་པར་ཤེས་པ་མེད། །བརྡ་ཡོད་མ་ཡིན་རྟེན་ཡོད་མིན། །ཕུང་པ་ལྔ་མིན་དེ་ལས་གཞན། །དོན་དམ་པ་ཡི་མཚན་ཉིད་མིན། །ཤིན་ཏུ་ཟབ་པར་གྱུར་དོན་སྟོང་ཉིད་དེ། །རིམ་གྱིས་ཡང་དག་སྒྲོལ་བའི་རྒྱུ་མཚན་ཉིད། །འགྲོ་བ་དང་བ་བསྐྱེད་ཕྱིར་འདི་ཀུན་རྫོབ། །ཐུགས་རྗེ་ཆེར་གྲགས་ཐུབ་པའི་དབང་པོས་གསུངས། །གཞན་ཡང་རྟེན་མེད་པས་ན་འཇིག་རྟེན་པའི། །ཆོས་རྣམས་ཀྱིས་ཀྱང་དགའ་བར་མི་བྱེད་དེ། །སྐྱེ་བ་མེད་པའི་རང་བཞིན་བརྒྱད་པོ་ཡིས། །སྟོང་ཉིད་གང་ཡིན་དངོས་སུ་སྟོན་པར་བྱེད། །མདོར་ན་སེམས་ནི་སྦྱང་བའི་ཕྱིར། །གཞན་ལ་གུས་པར་བྱ་བ་དང༌། །བདག་ཉིད་ལ་ནི་བརྙས་པ་སྟེ། །གཞན་


DTG111_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འདི་གཉིས་འབད་པས་བསྒོམ། །གཞན་བདེ་གཞན་ནི་མ་ཡིན་ན། །གཞན་ལ་དངོས་སུ་བརྙས་བྱེད་ལྟར། །གོམ་པ་གཉི་ག་དེ་ལྟ་བུར། །ནུས་པར་འགྱུར་བ་དཀའ་བ་མེད། །གལ་ཏེ་རྟག་ཏུ་ཕུང་པོ་རྣམས། །མཉམ་པ་ཉིད་དུ་ཡོད་འདོད་ན། །དེ་ཚེ་གཅིག་ལ་བདག་ཉིད་དང༌། །གཞན་ཉིད་ཇི་ལྟར་སྦྱར་བར་བྱ། །ཡོད་མིན་པ་ཡི་དམིགས་པ་ལའང༌། །དེ་ལྟར་ཡུལ་ཅན་སྤྱོད་པ་ནི། །ཐོག་མ་མེད་པ་ནས་རྟོགས་པ། །གོམས་པའི་ཕྱིར་ན་དཀའ་བ་མེད། །ཆགས་ལ་རག་ལས་སྐྱེས་པ་ནི། །ཁོང་ཁྲོ་རྗེས་ཆགས་ཡིན་པའི་ཕྱིར། །ཆགས་པ་སྤངས་ལས་མྱུར་དུ་ནི། །སེམས་ཀྱི་དགའ་བ་རབ་ཏུ་སྐྱེ། །གང་ལ་ཁོང་ཁྲོ་ཆགས་ཡོད་པ། །དེ་ལ་གཞན་ལ་སྨོད་པ་དང༌། །སེར་སྣ་བརྐམ་ཆགས་ང་རྒྱལ་སོགས། །ཐམས་ཅད་འབད་མེད་འབྱུང་མི་ཁེགས། །དེ་དག་ནི་བདག་གི་ལུས་དག་པའོ།། །།ཡང་དག་འཚོ་བ་སྦྱངས་པ་ཡིས། །འདིར་ནི་ལོངས་སྤྱོད་དག་པར་འདོད། །ཆོས་ཀྱི་ལོངས་སྤྱོད་ཚོལ་བ་ནི། །ཡང་དག་འཚོ་བ་སྦྱོང་བ་ནི། །མཁས་པས་སྦྱིན་བདག་ལས་ལེགས་ལེན་པ་ནི། །རྙེད་པའི་དོན་དུ་སྤྱོད་ལམ་འཆོས་མི་བྱེད། །གཉའ་ཤིང་གང་ཙམ་ལས་ནི་མི་བལྟ་ཞིང༌། །གོམ་པ་རིམ་གྱིས་བདལ་ནས་འདོར་མི་བྱེད། །བྱང་ཆུབ་སེམས་དཔས་དག་ཀྱང་གཅམ་བུ་དང༌། །འཇམ་པར་བསྐྱུངས་ཤིང་ནམ་ཡང་སྨྲ་མི་བྱེད། །རྙེད་པ་དང་ནི་བཀུར་སྟིའི་དོན་དག་ཏུ། །དེ་ནི་མཐུན་འཇུག་ནམ་ཡང་བྱེད་མ་ཡིན། །ཚིག་ཏུ་འདོད་པ་ཆུང་བར་བྱས་ནས་ནི། །སེམས་ལ་སྲེད་པ་ཆེན་པོ་སྐྱེད་ན་ནི། །ནང་དུ་གདུང་བར་བྱེད་པ་འདི་ལས་གཞན། །འདིར་ནི་ལྷག་པ་ཡོད་པ་མ་ཡིན་ནོ། །རྙེད་པ་དང་ནི་བཀུར་སྟིའི་རྒྱུ་མཚན་དུ། །དབང་པོ་སྡོམ་པར་བྱེད་པ་ཚུལ་འཆོས་ཡིན། །རྙེད་པ་དང་ནི་བཀུར་སྟིའི་རྒྱུ་མཚན་དུ། །གསོང་པོར་སྙན་པར་སྨྲ་བྱེད་ཁ་གསག་ཡིན། །ཚུལ་འཆོས་ཁ་གསག་སྤངས་པ་ནི། །འཚོ་བ་དག་པ་ཉིད་ཡིན་པས། །གཡོ་ཟོལ་སྒྱུ་ཐབས་སྤངས་པ་ལས། །ལོངས་སྤྱོད་དག་པར་ཤེས་པར་བྱ། །དེ་དག་ནི་ལོངས་སྤྱོད་དག་པའོ།། །།གང་ཚེ་སྦྱིན་པ་ལ་སོགས་ལྔ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །རྣམ་པ་ཀུན་ནས་


DTG111_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་གྱུར་པ། །དེ་ཚེ་བསོད་ནམས་དག་པ་ཡིན། །རྒྱུ་དང་ལྡན་པ་མཚན་མ་དང༌། །ཡིད་ཉིད་རྣམ་པར་དག་པ་དང༌། །བདག་དང་བདག་གིར་བྱེད་པ་རྣམས། །དག་པས་སྦྱིན་པ་དག་པ་ཡིན། །གཏོང་བའི་ཚེ་ན་ཡང་དག་རྫོགས་པ་ཡི། །ཀུན་མཁྱེན་ཉིད་དུ་ཡོངས་སུ་སྔོ་བྱེད་ཅིང༌། །འབྲས་བུ་ལ་ནི་ཕྱོགས་པར་མི་བྱེད་ན། །སྦྱིན་པའི་དག་པ་མཁའ་དང་མཉམ་སྐྱེད་ཡིན། །བརྩེ་བས་གང་སྦྱིན་སྦྱིན་པ་དག་པ་ཡིན། །རང་ལག་གིས་སྦྱིན་སྦྱིན་པ་དག་པ་ཡིན། །གཞན་ཕན་གང་སྦྱིན་སྦྱིན་པ་དག་པ་ཡིན། །དུག་མཚོན་མིན་གང་སྦྱིན་པ་དག་པ་ཡིན། །འོ་ན་དྲག་ཤུལ་ཅན་ཞུས་ལས། །གང་གིས་གང་ཞིག་གང་གི་ཚེ། །མཁོ་བ་དེ་ལ་དེ་སྦྱིན་ཞེས། །གསུངས་པ་དང་ནི་འགལ་ཞེ་ན། །དེ་མིན་སྤྱི་མདོ་ལས་གཞན་པར། །དེ་ནི་བཀག་པ་ཡིན་ཕྱིར་རོ། །ཐུགས་རྗེ་ཅན་གྱི་སེམས་ཅན་ནི། །བསྡུ་བར་བྱ་ཕྱིར་བཀག་པ་གནང༌། །ཐུགས་རྗེ་དང་ནི་ལྡན་པ་ཡིས། །དད་པ་བསྐྱེད་ཐབས་གཞན་མེད་ན། །གང་གིས་བསྡུ་བའི་སེམས་ཅན་ལ། །མཐོང་ནས་ཆང་སོགས་སྦྱིན་པ་གནང༌། །གང་ཞིག་གཞན་ལ་གནོད་དེ་སྦྱིན་ངན་ཡིན། །གང་ཞིག་དུས་མིན་བྱིན་དེ་སྦྱིན་ངན་ཡིན། །དེ་དག་ནི་སྦྱིན་པ་དག་པའོ།། །།སེམས་ཅན་ཀུན་ལ་རློམ་བྱེད་པས། །ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་དང༌། །ལྟ་བ་རྣམ་པར་དག་པ་ཡིས། །ཡང་ནི་ཚུལ་ཁྲིམས་དག་པ་བསྐྱེད། །ཉན་ཐོས་བསེ་རུ་ལ་སོགས་རྣམས་སྤངས་ཏེ། །རྣམ་པར་མ་ཉམས་སེམས་ཀྱིས་ནི། །ཆོས་རྣམས་ཀུན་ལ་མཁའ་དང་མཉམ་པ་ཡི། །ཚུལ་ཁྲིམས་རྣམ་པར་དག་པ་འཐོབ་པར་འགྱུར། །ཁོང་ཁྲོ་རྣམ་པར་སྤངས་པ་ལས། །བཟོད་པའི་དག་པ་སྐྱེ་བར་འགྱུར། །རྟག་ཏུ་སེམས་ཅན་ཐམས་ཅད་ལ། །མཉམ་པ་ཉིད་ཀྱིས་སེམས་པ་ལ། །ཐང་ཤིང་གི་ནི་ནགས་བཅད་ཀྱང༌། །ཁྲོ་མེད་མུན་པ་མེད་པ་ལྟར། །བྱང་ཆུབ་སེམས་དཔའ་བཅད་ཀྱང་ནི། །བཟོད་པ་དག་པས་དེ་བཞིན་ནོ། །གཟུགས་བརྙན་དང་ནི་མཚུངས་པ་རུ། །རང་གི་ལུས་ལ་ཡང་དག་ལྟ། །དག་ལའང་བརྗོད་དུ་མེད་པར་ལྟ། །དེ་བཞིན་ཤིན་ཏུ་ཞི་བ་ཡི། །ཤེས་པར་སེམས་ལ་ལྟ་བྱེད་ན། །བརྩོན་འགྲུས་དག་པ་རབ་ཏུ་འཐོབ། །རྟེན་ཅིང་འབྲེལ་འབྱུང་སྦྱོར་བ་ཡིས། །བརྩོན་འགྲུས་དག་པ་བླ་ན་མེད། །དེ་


DTG111_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བརྩེ་བ་ཆེན་པོའི་སེམས། །བྱིན་གྱི་རླབས་ཀྱིས་བྱིན་བརླབས་པའི། །བྱམས་པའི་གོ་ཆའི་ཚོགས་ཀྱིས་ནི། །དགྲ་ཡི་དཔུང་ཚོགས་རྣམ་པར་འཇོམས། །རྣམ་ཀུན་མེད་ན་མི་འབྱུང་བའི། །དེ་བཞིན་ཉིད་དོན་མཐོང་བ་ལས། །བསྒྲིམ་མི་དགོས་པར་བསྟན་གྱུར་པས།། བསམ་གཏན་དག་པ་བླ་ན་མེད། །རྣམ་ཀུན་མཆོག་དང་ལྡན་པ་ཡི། །སྟོང་ཉིད་གང་ཞིག་ཡིན་པར་འདོད། །ཅེ་ན་བྱང་ཆུབ་ཕྱོགས་ཀྱི་ཆོས། །ཐམས་ཅད་མ་སྤངས་གང་ཡིན་དང༌། །ཚད་མེད་རྣམ་པ་བཞི་དང་ནི། །བསྡུ་བའི་དངོས་པོ་རྣམ་དགུ་དང༌། །ཕ་རོལ་ཕྱིན་པ་རྣམ་དྲུག་དང༌། །མཚན་དཔེ་རྣམས་ཀྱང་མ་སྤངས་པའོ། །རང་བཞིན་ཞི་བ་ཉིད་ཡིན་ཡང༌། །ཉོན་མོངས་ལས་ཀྱིས་ཞི་མ་ཡིན། །ཆོས་རྣམས་བཏང་སྙོམས་ཉིད་ཡིན་ཡང༌། །རང་མཚན་དེ་བཞིན་ཉིད་ལ་རྨོངས། །འགྲོ་དོན་བྱ་བས་འབྲེལ་གྱུར་ཀྱང༌། །བྱ་བ་སྙིང་པོ་ཡོད་མ་ཡིན། །རང་བཞིན་བསིལ་བ་ཉིད་གྱུར་ཀྱང༌། །རབ་ཏུ་འབར་བར་སེམས་ཅན་འཚེད། །དེ་ལྟར་ཕྱོགས་ཙམ་བསྟན་པ་ཡིས། །བསམ་གཏན་དག་པ་ཡོངས་སུ་བརྗོད། །ཤེས་རབ་ཕ་རོལ་ཕྱིན་པ་ཡི། །དག་པ་དེ་ལྟར་རྣམ་པར་བསྒོམ། །དེ་དག་ནི་བསོད་ནམས་དག་པ་མདོར་བསྡུས་པའོ།། །། ལེན་པར་བྱེད་པ་རབ་མང་ལ། །བསགས་པ་འདི་ནི་ཉུང་གྱུར་ན། །ད་ནི་གསུམ་གྱི་སྤེལ་བ་ཡང༌། །ཉུང་ཟད་རྣམ་པར་བཤད་པ་ནི། །འདི་ལྟར་སངས་རྒྱས་མཛད་ཚིམ་བྱེད། །སངས་རྒྱས་ཉིད་འདིར་འདོད་པ་ཡིན། །གཞན་དུ་དག་པ་ཙམ་གྱིས་ནི། །ཉན་ཐོས་རྣམས་དང་མཚུངས་པར་འགྱུར། །བདག་ལུས་སྤེལ་བ་གང་ཞེ་ན། །སྟོབས་དང་བརྩོན་འགྲུས་སྤེལ་བའོ། །སྟོབས་ནི་མི་ནུས་མེད་པ་སྟེ། །རྒྱུ་བཅུ་ལས་ནི་སྟོབས་དེ་འབྱུང༌། །གལ་ཏེ་བྱང་ཆུབ་སེམས་དཔའ་ཡིས། །ལུས་དང་སྲོག་ལ་བབ་གྱུར་ཀྱང༌། །དམ་ཆོས་ནམ་ཡང་མི་གཏོང་བ། །དེ་ནི་སྟོབས་ཀྱི་རྒྱུ་གཅིག་ཡིན། །རྒྱལ་བ་འཕེལ་བ་མེད་པར་ནི། །སེམས་ཅན་ཀུན་ལ་ཕྱག་བྱེད་དང༌། །ཉམ་ཆུང་རྣམས་ལ་བཟོད་པ་ཡིས། །ཁ་ཟས་རབ་མཆོག་སྟེར་བ་དང༌། །ནད་པ་རྣམས་ནི་གསོ་བ་དང༌། །སེམས་ཅན་ཕོངས་པར་གྱུར་རྣམས་ལ། །ལོངས་སྤྱོད་


DTG111_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་བར་བྱེད་པ་རྣམས། །དེ་བཞིན་བདེ་གཤེགས་མཆོད་རྟེན་ལ། །རྡོ་ཐལ་འབྱུག་པར་བྱེད་པ་དང༌། །སེམས་ཅན་ཀུན་ལ་ཐམས་ཅད་ནས། །དགའ་བས་སྨྲ་བར་བྱེད་པ་དང༌། །ཕོངས་པས་སྡུག་བསྔལ་གྱུར་རྣམས་ལ། །ལོངས་སྤྱོད་དགོད་པར་བྱེད་པ་དང༌། །སེམས་ཅན་ངལ་དུབ་ཅན་རྣམས་ཀྱི། །ཁུར་བུ་ཁུར་བར་བྱེད་པ་པོ། །ཕྱག་ན་རྡོ་རྗེ་སྟོབས་མཐོང་བས། །ངོ་མཚར་སྐྱེས་ནས་མ་སྐྱེས་དགྲས། །ཞུས་ནས་ཐུབ་པས་སྟོབས་ཀྱི་རྒྱུ། །རྣམ་པ་བཅུ་ནི་གསུངས་པ་ཡིན། །བརྩོན་འགྲུས་སྤེལ་བར་གང་བརྗོད་དེ། །ལེ་ལོ་མེད་པར་སྤེལ་བ་ཡིན། །འདི་ལ་ཡང་དག་རྫོགས་པ་ཡི། །བླ་མེད་བྱང་ཆུབ་ཐོབ་མི་དཀའ། །སྙོམ་ལས་ཅན་གྱིས་ཉན་ཐོས་ཀྱི། །མྱ་ངན་འདས་པའང་མི་འགྲུབ་ན། །འགྲོ་བའི་བསམ་པ་རྫོགས་པ་ཡི། །སངས་རྒྱས་མྱང་འདས་སྨོས་ཅི་དགོས། །དེ་དག་ནི་བདག་གི་ལུས་སྤེལ་བའོ།། །།སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །སྦྱིན་ལས་ལོངས་སྤྱོད་སྤེལ་བ་སྟེ། །རྡོ་རྗེ་གཅོད་པ་ལ་སོགས་སུ། །སྦྱིན་པ་དེ་ལྟར་རྒྱས་པར་གསུངས། །བྱང་ཆུབ་སེམས་དཔས་གང་གི་ཚེ། །རབ་ཏུ་མི་གནས་སྦྱིན་བཏང་བ། །བསོད་ནམས་དེ་ཡི་ཕུང་པོའི་ཚད། །གཟུང་བར་ནུས་པ་མ་ཡིན་ནོ། །ཡང་དག་རབ་ཏུ་རྩོལ་བ་དང༌། །བསམ་པ་བརྟན་པར་བྱས་ནས་ནི། །ཐོག་མར་སྙིང་རྗེ་བསྐྱེད་ནས་སུ། །དགེ་བ་འབད་པས་སྤེལ་བར་བྱ། །རྟག་པར་རབ་ཏུ་དུ་བ་ལྟར། །དགེ་བའི་བཤེས་གཉེན་བསྟེན་པ་ནི། །སངས་རྒྱས་ཉིད་ཀྱི་ཆོས་ཀྱི་རྒྱུ། །རྩོལ་བ་འདི་ལྟར་ཤེས་པར་བྱ། །འཕགས་པ་གཞོན་ནུ་ནོར་བཟངས་ཀྱིས། །འཇིག་རྟེན་པ་ཡི་དམ་པའི་ལས། །སྔོན་བསགས་བྱེ་བ་སྙེད་བཟུང་ནས། །འཕགས་པ་བྱམས་པའི་དྲུང་ཕྱིན་ལྟར། །འདས་པའི་ལུས་ནི་བྱེ་བ་སྙེད། །འབྲས་བུ་མེད་མིན་བསམས་ནས་ནི། །དེ་ལྟར་བྱུང་བའི་ལུས་པོ་ཡང༌། །རྣམ་པར་དག་པ་བླ་མེད་བསམ། །དགའ་བ་རྒྱ་ཆེན་དང་བ་ཡི། །ཤུགས་ཀྱིས་རྒྱ་མཚོ་རབ་འཕེལ་ཞིང༌། །ཁྱད་པར་དུ་ནི་འགྲོ་བའི་ཕྱིར། །ལྷག་པའི་བསམ་པ་བརྟན་པར་བྱེད། །འགྲོ་དོན་རབ་ཏུ་བསྒྲུབ་པའི་ཕྱིར། །ཡང་དག་རྫོགས་པའི་སངས་རྒྱས་རྒྱུར། །གྲོགས་མེད་གཉིས་པ་མེད་ཀྱང་ནི། །གོ་ཆ་ཆེན་པོའི་སྦྱོར་བར་ལྡན། །གཞན་


DTG111_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཡང། འདི་ན་བདག་ཉིད་གཅིག་པུ་སྟེ། །གཞན་ཡང་སྟོབས་བཅས་བདུད་ཀྱི་ཚོགས། །བདག་གིས་བྱང་ཆུབ་ཆེན་པོའི་ལམ། །འཐོབ་ལ་གལ་ཏེ་གགས་འབྱུང་སྲིད། །དེ་ལྟའང་དེ་དག་སེམས་ཀྱི་ནི། །སྐད་ཅིག་གཅིག་གིས་ངེས་བཅོམ་ནས། །རྡོ་རྗེའི་རང་བཞིན་ས་གཞི་ལ། །བདག་གིས་སླར་ཡང་བསྡད་པར་བྱ། །སངས་རྒྱས་ཆོས་རྣམས་ཐམས་ཅད་ཀྱི། །རྩ་བ་བསམ་པ་ཡིན་པར་གསུངས། །བསམ་པ་མེད་ན་བདེ་གཤེགས་ཀྱི། །ཡོན་ཏན་རྣམས་ནི་ཐག་བསྲིངས་ནས། །ལག་པ་དང་ནི་རྐང་པ་དག །མེད་ན་འགྲོ་འོང་མེད་པ་དག །ཡན་ལག་མཆོག་གི་མགོ་མེད་ན། །འགྲོ་བ་རྣམས་ཀྱི་སྲོག་མེད་དང༌། །བུད་ཤིང་མེད་པར་གྱུར་ན་ཡང༌། །མེ་ཡི་འབར་བ་མེད་པ་ལྟར། །དེ་བཞིན་བསམ་པ་མེད་ན་ཡང༌། །སངས་རྒྱས་ཆོས་དང་ཕྲད་པ་མེད། །བསམ་པ་ཡང་དག་དག་གྱུར་པའི། །ཆོས་ཀྱི་སྒྲ་ནི་ནམ་མཁའི་དཀྱིལ་ནས་འབྱུང༌། །བསམ་པ་དག་ན་ཤིང་དང་ནི། །རྩིག་པ་ལས་ཀྱང་གདམས་ངག་རྗེས་བསྟན་འབྱུང༌། །འདིར་ནི་དགེ་བ་སྤེལ་བ་ཡི། །ཡང་ནི་སྙིང་རྗེ་རབ་བསྒོམ་པར། །སངས་རྒྱས་ཆོས་རྣམས་མ་ལུས་པའི། །སྔོན་དུ་འགྲོ་བར་དེང་འདོད་དོ། །དེ་ལྟ་ཡིན་པས་རྒྱལ་བ་ཡི། །སྲས་པོ་མཁས་པ་ཡིས་ནི་ཆོས། །མང་པོ་ལ་ནི་མི་བསླབ་སྟེ། །ཆོས་གཅིག་ལ་ནི་བསླབ་བྱ་ཞིང༌། །ཆོས་གཅིག་ལ་ནི་ལེགས་པར་བརྟེན། །སངས་རྒྱས་ཆོས་རྣམས་མཐའ་ཡས་པ། །དེ་ལས་ཀུན་དུ་འབྱུང་ངོ་ཞེས། །ཆོས་ཡང་དག་པར་སྡུད་པ་ལས། །གཅིག་པུ་བརྩེ་ཆེན་ལྡན་པས་གསུངས། །ཇི་ལྟར་འཁོར་ལོས་སྒྱུར་བ་དེའི། །དཔུང་ཚོགས་ཡན་ལག་བཞི་པ་ནི། །འཁོར་ལོ་རིན་ཆེན་རྗེས་འབྲང་བཞིན། །སངས་རྒྱས་ཆོས་ནི་བརྩེ་རྗེས་འབྲང༌། །ཡོན་ཏན་དང་ལྡན་བུ་གཅིག་པའི། །རྐང་ལ་ཐུག་པར་ཕ་བརྩེ་བ། །དེ་བཞིན་ལུས་ཅན་རྣམས་ལ་ཡང༌། །བྱང་ཆུབ་སེམས་དཔའི་བརྩེ་བས་ཁྱབ། །འཁོར་བའི་རྒྱུན་ལས་སེམས་ཅན་རྣམས། །ཀུན་ནས་གདོན་པར་འདོད་པ་ཡི། །དམིགས་པའི་དབྱེ་བས་སྙིང་རྗེ་དེ། །སླར་ཡང་རྣམ་པ་གསུམ་དུ་དབྱེ། །བྱུང་ནས་འབྱུང་དང་འབྱུང་བཞིན་པའི། །སྡུག་འཇིགས་བདག་ཉིད་མི་འདོད་པ། །བསྒོམས་ནས་དགའ་བ་ལ་སོགས་པ། །སྙིང་རྗེ་བྱམས་པ་བཞིན་དུ་བསྒོམ། །སྙིང་རྗེ་ལ་


DTG111_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དེ་དག་དེ་ལྟ་བུར། །ཕན་ཚུན་རྗེས་སུ་འབྲེལ་པས་བསོད་ནམས་འཕེལ། །ཕུང་པོ་གསུམ་པ་རྟག་པར་བཏོན་པས་ཀྱང༌། །བསོད་ནམས་རབ་འཕེལ་སྤུངས་ཕྱིར་ཕུང་པོ་ཡིན། །སྡིག་པ་བཤགས་དང་སངས་རྒྱས་ལ། །གསོལ་འདེབས་བསོད་ནམས་རྣམས་ལ་ནི། །རྗེས་ཡི་རངས་རྣམས་བསོད་ནམས་ཀྱི། །ཕུང་པོ་ཡིན་ཕྱིར་ཕུང་པོ་གསུམ། །སངས་རྒྱས་ལ་ནི་ཕྱག་འཚལ་ནས། །སྡིག་པ་བཤགས་ཞེས་འབྱུང་བས་ན། །ཕྱག་འཚལ་སྡིག་པ་བཤགས་པ་ལས། །ལོག་པར་ཐ་སྙད་མི་བྱའོ། །ཉེ་བ་འཁོར་གྱིས་ཞུས་པ་ལས། །འཐད་པ་དང་བཅས་རབ་བརྟན་ཕྱིར། །གསོལ་བ་འདེབས་དང་བསྐུལ་བ་ཡི། །དོན་ནི་གཅིག་པ་ཉིད་ཡིན་ནོ། །ཡོ་བྱད་མེད་པས་མཆོད་པ་ནི། །ངེས་མེད་ཕྱིར་ན་མ་བསྟན་ཏོ། །ངག་ཡིད་མཆོད་པ་གསུངས་པ་ནི། །མདོ་སྡེ་རྣམས་སུ་རབ་ཏུ་གྲགས། །རྒྱལ་བ་གང་ཟག་ཟླ་མེད་པའི། །སངས་རྒྱས་རྣམས་ནི་ཐམས་ཅད་དང༌། །ཞེས་པ་ལ་སོགས་ཚིགས་བཅད་བཞིས། །ཕྱག་བཙལ་བ་ནི་ཡོངས་སུ་བསྒྲགས། །བཟང་སྤྱོད་ལ་སོགས་ཚིགས་བཅད་དང༌། །བསྟོད་པ་བློ་ལ་གང་ཡོད་དང༌། །དཀོན་མཆོག་སྤྲིན་སོགས་མདོ་སྡེ་རུ། །གསུངས་པ་བཟུང་ལ་མཆོད་པར་བྱ། །འདི་ལྟ་སྟེ། གང་ཞིག་འདི་ན་བདག་གིར་མ་བྱས་གཟུང་མེད་པའི། །འབྲས་བུ་ལོ་ཏོག་འབྲུ་ཡི་བྱེ་བྲག་གང་སྐྱེས་པ། །དེ་དག་མ་ལུས་རྒྱལ་བ་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལ་སོགས་ལ་བདག་གིས་ཕྱག་འཚལ་མཆོད་པར་བགྱི། །བཟང་སྤྱོད་དུ་གསུངས་ཚིགས་བཅད་ཀྱིས། །དེ་བཞིན་རྗེས་སུ་ཡི་རང་བྱ། །རྡོ་རྗེ་རྒྱལ་མཚན་ལས་གསུངས་པའི། །བསྔོ་བ་གུས་པས་ཡོངས་སུ་བསྔོ། །སྨོན་ལམ་ཇི་ལྟར་གདབ་པ་ཡང༌། །མདོ་སྡེ་ས་བཅུར་བལྟ་བར་བྱ། །སངས་རྒྱས་ཞིང་ནི་རྣམ་སྦྱང་ཕྱིར། །རྟག་པར་ཡོངས་སུ་བསྔོ་བར་བྱ། །བསོད་ནམས་གང་ལས་ཤེས་པར་བྱ། །ཞེ་ན་མདོ་སྡེ་ཀུན་ན་སྣང༌། །ཕན་ཡོན་བཅས་པར་རབ་གསུངས་ཕྱིར། །ཕྱག་འཚལ་ལ་སོགས་རྣམས་ཀྱིས་སོ། །བསམ་པ་དག་པས་ཡང་ནས་ཡང༌། །སངས་རྒྱས་ལ་ནི་ཕྱག་བྱས་ལས། །མི་ཁོམ་བརྒྱད་པོ་རྣམ་སྤངས་ནས། །དལ་ཞིང་ཁོམ་པ་ཐོབ་པར་


DTG111_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། །དེ་ལ་མི་ཁོམ་པ་བརྒྱད་ནི། །ས་སྟེངས་སུ་ནི་རྒྱལ་བས་དམ་ཆོས་བསྟན་ཀྱང་བྱོལ་སོང་ཡི་དགས་འགྲོ་བ་དང༌། །གཞན་ཡང་ལྷ་ནི་ཚེ་རིང་པོ་ཡི་ནང་དུ་སྐྱེ་དང་འགྲོ་གཞན་དམྱལ་བ་དང༌། །མཐའ་འཁོབ་ཡུལ་དུ་སྐྱེས་པ་དང་ནི་ལྐུགས་པ་ཉིད་དང་ལོག་པར་ལྟ་བ་དང། །མི་ཡི་བཟང་པོ་ཡོངས་སུ་ཟིན་ཀྱང་ཐུབ་པ་དང་བྲལ་དེ་དག་མི་ཁོམ་བརྒྱད། །དེ་དག་ནི་ཕྱག་བཙལ་བ་ལ་སོགས་པའི་ཆོ་ག་བསོད་ནམས་འཕེལ་བའོ།། །།དད་དང་གུས་དང་ང་རྒྱལ་སྤངས། །བརྩོན་འགྲུས་ཤེས་བྱ་འདི་རྣམས་ཀྱིས། །ཡོངས་སུ་ཉམས་པར་མེ་བྱེད་ཅིང། །ཁྱད་པར་དུ་ཡང་འགྲོ་བར་བྱེད། །དེ་ལ་དད་པ་གང་ཞིག་གིས། །འཕགས་པ་རྣམས་དང་ཉེར་སྤྲོད་ཅིང༌། །དེ་བཞིན་བྱ་བར་མི་འོས་པ། །མཐའ་དག་གང་གིས་མི་བྱེད་པའོ། །གུས་པར་འདི་ནི་ཁྱད་པར་དུ། །བསོད་ནམས་སྐྱེད་པར་བྱེད་པ་དང༌། །གང་ཞིག་གིས་ནི་དམ་པའི་ཆོས། །མཉམ་པར་གཞག་པས་ཉན་པའོ། །ང་རྒྱལ་སྤངས་པས་ཡོན་ཏན་རྣམས། །འཕེལ་བའི་རྒྱུར་གསུངས་གང་ཡིན་དང༌། །གང་གིས་ཡོན་ཏན་ལྷག་པ་ཡིས། །འཕགས་པར་སེམས་ཤིང་ཕྱག་བྱེད་པའོ། །བརྩོན་འགྲུས་དེ་བཞིན་ཁྱད་པར་རྣམས། །འཐོབ་ཕྱིར་ཡོངས་སུ་མི་ཉམས་ཤིང༌། །ལུས་སེམས་ལས་སུ་རུང་འདི་དག །གང་གིས་མྱུར་དུ་ཐོབ་པའོ། །དེ་དག་ནི་དད་པ་ལ་སོགས་པ་བཞིའོ།། །།དེ་བཞིན་བསོད་ནམས་འཕེལ་བའི་རྒྱུ། །དང་པོ་རྣམ་པ་ལྔ་གསུངས་པ། །དད་བརྩོན་དྲན་པ་ཏིང་འཛིན་དང༌། །ཤེས་རབ་རྣམས་ལ་རིམ་བཞིན་བཤད། །དད་པའི་དབང་པོ་གང་ཡིན་པའི། །དད་པ་དེ་ནི་ཆོས་བཞིན་བྱེད། །དེ་ལ་གང་གིས་དཀར་པོ་དང༌། །ནག་པོའི་ཆོས་རྣམས་ཀྱི་འབྲས་བུ། །བདེ་སྡུག་རང་བཞིན་སོ་སོ་རུ། །འབྱིན་པར་བྱེད་པ་ཆོས་དང་པོ། །རྒྱལ་བའི་སྲས་པོ་རྣམས་ཀྱིས་ནི། །སྤྱོད་པ་གཉིས་པ་ཡིན་པར་གསུངས། །གསུམ་པའང་འདིར་ནི་གང་ཞིག་གིས། །ཆོས་རྣམས་ཐམས་ཅད་མི་སྤོང་ཞིང༌། །ལྟ་བ་ཀུན་ལ་ཡང་དག་པར། །དེ་བཞིན་ཞེན་པར་མི་བྱེད་པའོ། །གང་ཞིག་ཐུབ་པ་རྣམས་ཀྱི་ཆོས། །མི་འཇིགས་ལ་སོགས་མཐའ་ཡས་ལ། །དད་པར་བྱེད་པ་བཞི་པ་སྟེ། །དེ་དག་


DTG111_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

དད་པའི་དབང་པོར་འདོད། །དད་པའི་དབང་པོའི་ཆོས་རྣམས་གང༌། །ངེས་པར་དད་པར་བྱས་ནས་ནི། །གང་གིས་ཡང་དག་འཕེལ་བྱེད་པ། །དེ་ནི་བརྩོན་འགྲུས་དབང་པོ་ཡིན། །བརྩོན་འགྲུས་དབང་པོས་ཆོས་རྣམས་གང༌། །གསལ་པོར་འཕེལ་བར་བྱས་ནས་ནི། །གང་གིས་ཉམས་པར་མི་བྱེད་པ། །དེ་ནི་དྲན་པའི་དབང་པོར་བརྗོད། །དྲན་པའི་དབང་པོས་ཆོས་རྣམས་གང༌། །ཉམས་པ་རུ་ནི་མ་བྱས་ལ། །གང་གི་རྩེ་གཅིག་ཏུ་བྱེད་པ། །དེ་ནི་ཏིང་འཛིན་དབང་པོར་འདོད། །ཏིང་འཛིན་དབང་པོས་ཆོས་རྣམས་གང༌། །སླར་ཡང་རྩེ་གཅིག་བྱས་ནས་ནི། །བདག་ཉིད་སོ་སོར་ཤེས་བྱེད་པ། །དེ་ལ་ཤེས་རབ་དབང་པོར་བརྗོད། །དེ་དག་ནི་དབང་པོ་ལྔའོ།། །།དད་བརྩོན་དབང་པོ་ལྔ་པོ་ཉིད། །སྟོབས་ཀྱི་རང་བཞིན་ཉིད་གྱུར་ནས། །གང་ཚེ་བདུད་རྣམས་ཀྱིས་རྒྱལ་བས། །མི་ནུས་དེ་ནི་སྟོབས་འཕེལ་བའི། །སྟོངས་ཀྱི་ཉན་ཐོས་ལ་སོགས་ཀྱིས། །ཐེག་དམན་འདོད་པར་མི་བྱེད་ཅིང༌། །སྔ་ན་ཐེག་པ་ཆེན་པོ་ལ། །དམ་བཅས་མི་ལྡོག་བསྟན་པར་འགྱུར། །དེ་དག་ནི་སྟོབས་ལྔའོ།། །།བསོད་ནམས་སྤེལ་ཕྱིར་དཀོན་མཆོག་གསུམ། །སླར་ཡང་རྗེས་སུ་དྲན་པར་བྱ། །སངས་རྒྱས་རྗེས་སུ་དྲན་པ་ནི། །ཡུལ་འཁོར་སྐྱོང་གིས་ཞུས་པར་གསུངས། །སྐུ་གསུམ་ཡེ་ཤེས་ལྔ་བདག་ཉིད། །སངས་རྒྱས་ཆེ་བ་ངེས་བསམ་པས། །སེམས་ལ་གཟུགས་བརྙན་བཞིན་ཤར་ན། །དགེ་བ་མངོན་པར་རབ་ཏུ་འཕེལ། །དེ་དག་ནི་སངས་རྒྱས་རྗེས་སུ་དྲན་པ་བསྟན་པའོ།། །།ཡོན་ཏན་མཐའ་ཡས་སྒྲུབ་བྱེད་པའི། །ཆོས་ལ་རྗེས་སུ་དྲན་པར་བྱ། །རྒྱལ་བའི་ཡོན་ཏན་མཐའ་ཡས་གང༌། །ཆོས་འབའ་ཞིག་ལས་རབ་ཏུ་སྐྱེ། །དེ་བཞིན་འཇིག་རྟེན་པ་དག་དང༌། །འཇིག་རྟེན་འདས་པའི་བདེ་བ་ཀུན། །ཆོས་ལ་རྫོགས་པར་འགྲུབ་པས་ན། །དེ་ཕྱིར་གུས་པས་སྤྱད་པར་བྱ། །ཇི་ལྟར་སེམས་ཅན་ཐམས་ཅད་ལ། །ཆོས་རྣམས་སྙོམས་པར་རབ་ཏུ་འཇུག །དེ་བཞིན་སེམས་ཅན་ཐམས་ཅད་ལ། །དེ་ནི་བདག་གིས་མཉམ་པར་བསྒྲུབ། །ཇི་ལྟར་ཉིན་དང་མཚན་མོ་རུ། །ཆོས་ནི་མཚུངས་པར་རབ་འཇུག་པ། །ཆོས་བཞིན་མཚུངས་


DTG111_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་ཀྱིས་ནི། །ད་ནི་བདག་ཀྱང་འཇུག་པར་བྱ། །འཕགས་པ་འཕགས་མིན་མི་མཚུངས་ཤེས། །ཞིང་དུ་ལྟ་བ་རྣམ་སྤངས་ཏེ། །ཆོས་ནི་རབ་ཏུ་འཇུག་པ་བཞིན། །བདག་ཀྱང་མཚན་ཉིད་གཅིག་ཏུ་འཇུག །སེམས་ཅན་རྣམས་ཀྱིས་ཆོས་མི་བསྲུང༌། །ཆོས་ཀྱིས་སེམས་ཅན་སྲུང་བར་བྱེད། །འགྲོ་བའི་སྐྱབས་ནི་ཆོས་ཡིན་གྱི། །ཆོས་ཀྱི་སྐྱབས་ནི་འགྲོ་བ་མིན། །ཆོས་ནི་སྲིད་པས་མི་འཇིགས་ཤིང༌། །མྱ་ངན་འདས་ལ་རྗེས་མི་འགལ། །དེ་བཞིན་བདག་ཀྱང་འཇིགས་པ་དག །སྤོང་ཞིང་དེ་དག་རྗེས་སུ་གཞོལ། །དེ་དག་ནི་ཆོས་རྗེས་སུ་དྲན་པའོ།། །དགེ་འདུན་ཆོས་ཀྱི་སྨྲ་བ་པོ། །དོན་དུ་ཆོས་གཉེར་ཆོས་ལ་སེམས། །ཆོས་ཀྱི་ཞིང་སྟེ་ཆོས་ཀྱི་མཆོག །དེས་ན་དགེ་འདུན་རྗེས་དྲན་བྱ། །དེ་དག་ནི་དགེ་འདུན་རྗེས་སུ་དྲན་པའོ།། །།དེ་ལྟར་བདག་གིས་ལུས་སོགས་གསུམ། །བྱང་སེམས་བཟུང་བ་སྔོན་འགྲོ་ཅན། །ཀུན་མཁྱེན་ཉིད་དུ་ཡོངས་བསྔོས་པས། །ཁྱད་པར་དུ་ནི་རྣམ་པར་འཕེལ། །བདག་ཉིད་དྲན་པར་བྱ་ཕྱིར་དང༌། །དང་པོའི་ལས་ཅན་སེམས་ཅན་ལ། །བདག་གིས་ཕྱོགས་ཙམ་འདི་བསྟན་བྱས། །བྱེ་བྲག་འཕགས་པའི་སྤྱོད་ཡུལ་ཡིན། །རྒྱལ་བའི་བསླབ་བཅུ་དེ་དག་བསྡུས་བྱས་ལས། །དྲི་མེད་སྟོན་ཀའི་ཟླ་ཟེར་ལྟར་འབར་བའི། །འདིར་ནི་དགེ་བ་ཅུང་ཟད་ཅི་བསགས་པ། །དེ་ཡིས་འགྲོ་བའི་བསླབ་པའི་རྒྱན་གྱུར་ཅིག །བསླབ་པ་ཀུན་བསྡུས་ལྗོན་ཤིང་ལས། །ཕྱོགས་ཆ་ཙམ་ཞིག་བླངས་པ་ཡི། །བསླབ་པའི་མེ་ཏོག་སྙེ་མ་འདི། །མཁས་པ་རྣམས་ཀྱི་རྣ་བར་ཟུང༌།། བསླབ་པའི་མེ་ཏོག་སྙེ་མ་ཞེས་བྱ་བ་རྫོགས་སོ།། །།བི་ཀྲ་མ་ལ་ཤཱི་ལའི་པཎྜི་ཏ་ཆེན་པོ་བཻ་རོ་ཙ་ན་རཀྵི་ཏའི་ཞལ་སྔ་ནས་སྦྱར་བའོ། །དབང་ཕྱུག་དམ་པའི་མངའ་བདག་བོད་རྗེ་ལྷ་བཙན་པོ་བཀྲ་ཤིས་ནམ་མཁའ་དབང་ཕྱུག་བཙན་གྱི་བཀའ་ལུང་གིས་རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱི་རྟི་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཞ་མ་སེང་རྒྱལ་དང༌། གློག་སྐྱ་གཞོན་ནུ་འབར་གྱིས་བསྒྱུར་བ་ལས། སླད་ནས་བོད་ཀྱི་ལོ་ཙཱ་བ་བན་དེ་མར་པ་ཆོས་ཀྱི་དབང་ཕྱུག་གིས་ཞུས་ཏེ་གཏན་ལ་ཕབ་པའོ།། །།

ཕ་རོལ་ཏུ་ཕྱིན་པ་བསྡུས་པ་ཞེས་བྱ་བ།


DTG111_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། །པཱ་ར་མི་ཏཱ་ས་མཱ་ས་ནཱ་མ། བོད་སྐད་དུ། ཕ་རོལ་ཏུ་ཕྱིན་པ་བསྡུས་པ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །དཀོན་མཆོག་གསུམ་ལ་སྐྱབས་སོང་བས། སྟོན་པ་གཞན་ལ་ཕྱོགས་པ་ཡི། །སེར་སྣའི་དོགས་པ་ཡོངས་སུ་སྤང༌། །བླ་ན་མེད་པའི་སངས་རྒྱས་སྐུ། །དཔལ་ལྡན་སྐྱེས་ཆེན་མཚན་འཆང་ལ། །ཅི་ནས་ཤིགས་པར་མི་ནུས་པ། །ཐོབ་རྩོལ་སངས་རྒྱས་སྐྱབས་སོང་ཡིན། །འཇིག་རྟེན་སྐྱབས་མེད་སྐྱོབ་པའི་ཕྱིར། །སྤྱོད་ཅིང་རང་གི་དོན་བཏང་སྟེ། །སངས་རྒྱས་བསྒྲུབ་ཕྱིར་བློ་བརྟན་ན། །སངས་རྒྱས་སྐྱབས་སུ་སོང་བ་ཡིན། །རྒ་ཤི་ནད་དང་འཆི་བ་ལས། །སེམས་ཅན་མགོན་མེད་བསྐྱབ་པའི་ཕྱིར། །སངས་རྒྱས་ཉིད་དུ་འགྲུབ་སྨོན་ན། །སངས་རྒྱས་སྐྱབས་སུ་སོང་བ་ཡིན། །མཐོང་ཐོས་དྲན་དང་རེག་པ་དང༌། །དྲི་ཚོར་རོ་མྱད་ཅིས་ཀྱང་རུང༌། །འགྲོ་བ་ཀུན་ལ་བདེ་སྨོན་ན། །སངས་རྒྱས་སྐྱབས་སུ་སོང་བ་ཡིན། །སེམས་ཅན་རྣམས་ལ་སྙིང་བརྩེ་ཞིང༌། །བདེ་གཤེགས་ཡོན་ཏན་ཐོབ་མོས་ན། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །མདོར་བསྡུས་སྐྱབས་སུ་སོང་བ་ཡིན། །བྱང་ཆུབ་མཆོག་ཏུ་སྨོན་བྱེད་དེ། །རང་གི་དོན་ལ་མི་ལྟ་ཞིང༌། །གཞན་དོན་བརྩོན་ཡང་ང་མེད་ན། །སངས་རྒྱས་སྐྱབས་སུ་སོང་བ་ཡིན། །བྱང་ཆུབ་སེམས་དཔའི་སྤྱོད་ཆེན་ལ། །གང་ཞིག་སྐྱོ་མེད་ཞུམ་མེད་ཅིང༌། །མོས་པ་ཆེན་པོ་སྐྱེད་བྱེད་པ། །དེ་ནི་སངས་རྒྱས་སྐྱབས་སོང་ཡིན། །སྐྱབས་ཀྱི་མཆོག་ནི་སྟོབས་བཅུ་དང༌། །སྟོབས་བཅུའི་ཆོས་ཞེས་དེ་ཚོལ་ཞིང༌། །ཡོན་ཏན་ཚོགས་ལ་དད་སྐྱེད་ན། །སངས་རྒྱས་སྐྱབས་སུ་སོང་བ་ཡིན། །འཇིག་རྟེན་འདི་དག་སྐྱབས་མེད་པ། །སྐྱབས་སུ་བྱ་ཞེས་དམ་བརྟན་ན། །དེ་ནི་འགྲོ་བའི་སྐྱབས་ཡིན་ཏེ། །སངས་རྒྱས་སྐྱབས་སུ་སོང་བ་ཡིན། །ཉོན་མོངས་བཅས་པའི་སེམས་ལྡན་པའི། །སེམས་ཅན་གང་ཚེ་མཐོང་གྱུར་པ། །དེ་ཚེ་མོས་པ་ཆེ་བསྐྱེད་ཅིང༌། །གཅིག་ལས་རྣམ་མང་སྤྲུལ་བྱས་ཏེ། །འཇིག་རྟེན་དཔག་ཡས་ཐམས་ཅད་ལ། །ཕན་པ་ཀུན་སྟོབས་ལུས་དང་སེམས། །བདག་


DTG111_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བསྒྲུབ་པར་བྱའོ་ཞེས། །སུ་སེམས་སངས་རྒྱས་སྐྱབས་སོང་ཡིན། །སྐྱབས་སུ་འགྲོ་བ་དང་པོའོ།། །།དམ་ཆོས་འཁོར་ལོས་སྒྱུར་བ་ཡི། །རྒྱལ་པོར་གྱུར་ཏེ་འཆི་མེད་པའི། །ལམ་གྱིས་འགྲོ་བ་སྐྱབས་སྨོན་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །བདག་ཀྱང་འཇིག་རྟེན་མཐའ་མེད་ཀྱང༌། །སྙིང་རྗེས་ཡོངས་སུ་མི་གཏོང་ཞིང༌། །དམ་ཆོས་བསྟན་པར་གང་མོས་པ། །དེ་ནི་ཆོས་ལ་སྐྱབས་སོང་ཡིན། །འགྲོ་བའི་སྡུག་བསྔལ་བསལ་བའི་ཕྱིར། །བདག་གིས་དམ་ཆོས་བསྟན་བྱ་ཞེས། །སེམས་ཅན་དོན་ལ་སེམས་མཉེན་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །མང་ཐོས་ནན་ཏན་རྒྱན་ལྡན་དང༌། །གཞན་ལ་བསྟན་པའི་དོན་བསྒྲུབ་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །མཚན་མ་ཤིན་ཏུ་གསལ་བ་ཡིན། །འཇིག་རྟེན་མ་ལུས་ཐམས་ཅད་ལ། །ཆོས་འདི་སྐྱབས་ཀྱི་མཆོག་ཡིན་ཞེས། །རྟོག་ཅིང་དམ་ཆོས་ཚོལ་བྱེད་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །ཆོས་ཀྱི་སློབ་དཔོན་བསྙེན་བྱེད་ཅིང༌། །ཉན་འདོད་ཚུལ་བཞིན་ཡིད་བྱེད་ལ། །སྟོན་ཅིང་ནན་ཏན་ལྷུར་བྱེད་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །དམ་ཆོས་ཡོངས་སུ་གཟུང་བའི་ཕྱིར། །སྤྱོད་པས་ཡང་དག་སྤྱོད་བྱེད་ཅིང༌། །ལུས་དང་སྲོག་ལ་མི་ལྟ་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །བྱང་ཆུབ་མཆོག་གི་ཕྱོགས་ཀྱི་ཆོས། །བདག་དོན་མ་ཡིན་གཞན་དོན་དུ། །སྙིང་རྗེ་ཆེན་པོས་སྤྱོད་བྱེད་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །གང་ཞིག་བདེ་ལ་ཆགས་མེད་ལ། །སྡུག་བསྔལ་རྣམ་པས་མི་འཇིགས་ཤིང༌། །འཇིག་རྟེན་ཕན་སྤྱོད་ཆོས་ཤེས་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །དམ་ཆོས་ཚུལ་འདི་མ་ཐོས་པས། །འཇིག་རྟེན་འདི་དག་དམན་འགྱུར་ཞེས། །སྟོན་ཅིང་ནན་ཏན་དོན་བྱེད་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །འགྲོ་བ་མ་ལུས་ཐམས་ཅད་ཀྱང༌། །བདག་གིས་ཆོས་ལ་དགོད་བྱ་ཞེས། །སེམས་བསྐྱེད་ནན་ཏན་སྤྱོད་བྱེད་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །སྐྱབས་སུ་འགྲོ་བ་གཉིས་པའོ།། །།མོས་པ་ཤིན་ཏུ་རྣམ་དག་པས། །འཕགས་པའི་དགེ་འདུན་དྲུང་འགྲོ་བ། །གང་གིས་བསམ་པ་མི་བཟློག་


DTG111_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

པ། །དེ་ནི་དགེ་འདུན་སྐྱབས་སུ་སོང་ཡིན། །ངེས་པར་ལྷུང་བར་གྱུར་པ་ཡི། །ཉན་ཐོས་ཐེག་ལ་གནས་པ་རྣམས། །བྱང་ཆུབ་སེམས་ནི་སྐྱེད་བྱེད་ན། །དགེ་འདུན་སྐྱབས་སུ་སོང་བ་ཡིན། །དགེ་འདུན་ཡོན་ཏན་དྲན་བྱས་ཤིང༌། །དགེ་འདུན་བཞིན་དུ་བཀུར་གནས་སུ། །འཇིག་རྟེན་ཐམས་ཅད་བཀུར་མོས་ན། །དེ་ནི་དགེ་འདུན་སྐྱབས་སོང་ཡིན། །བྱང་ཆུབ་གོ་ཆ་བརྟན་བྱེད་ཅིང༌། །དགེ་འདུན་རྣམས་ལ་ཆེར་མོས་པས། །དགེ་འདུན་བསྙེན་བཀུར་གང་དད་པ། །དགེ་འདུན་སྐྱབས་སུ་སོང་བ་ཡིན། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང༌། །རྣམ་གྲོལ་དེ་ཤེས་སྟོན་ལ་སོགས། །དགེ་འདུན་ཡོན་ཏན་རིན་ཆེན་གྱིས། །འཇིག་རྟེན་བརྒྱན་པར་མོས་པ་དང༌། །དགེ་འདུན་དག་ལ་དད་བརྟན་པས། །འགྲོ་བ་མང་པོ་ཀུན་གྱིས་ཀྱང༌། །དད་པས་བཟློག་པར་མི་ནུས་ན། །དེ་ནི་དགེ་འདུན་སྐྱབས་སོང་ཡིན། །སྐྱེས་བུ་དམ་པ་རིན་པོ་ཆེས། །བཅས་པའི་མུ་སྟེགས་གཙང་མ་སྟེ། བདུད་ལ་ཤིན་ཏུ་དཔའ་བ་ཡིན། །སྐྱེས་མཆོག་དེ་ནི་དགེ་འདུན་ཡིན། །ཡང་དག་ཇི་བཞིན་སྨྲ་བྱེད་ཅིང༌། །དེ་ལ་ཆུང་ཕུལ་ཡོངས་འགྱུར་ཞེས། །དེ་འདྲའི་རྣམ་དག་སེམས་འཆང་ན། །དགེ་འདུན་སྐྱབས་སུ་སོང་བ་ཡིན། །བྱང་ཆུབ་མཆོག་སེམས་མི་ལྡོག་དང༌། །དབང་དང་ཚང་མེད་ཡོན་ཏན་གྱིས། །བརྒྱན་པའི་ཡོན་ཏན་གང་ཚོལ་བ། །དེ་ནི་དགེ་འདུན་སྐྱབས་སོང་ཡིན། །དཀོན་མཆོག་གསུམ་ལ་སྐྱབས་སོང་བ། །སེམས་ཅན་འཇིགས་མེད་དོན་འགྱུར་བས། །དཀོན་མཆོག་གསུམ་གྱི་སྐྱབས་ལྡན་ནི། །དེ་ཕྱིར་མི་འཇིགས་སྦྱིན་བདག་ཡིན། །སྐྱབས་སོང་བསོད་ནམས་གཟུགས་ཡོད་ན། །ཁམས་གསུམ་འདི་ཡང་སྣོད་དུ་ཆུང༌། །རྒྱ་མཚོ་ཆེན་པོའི་ཆུ་ཡི་གཏེར། །ཕུལ་གྱིས་བཅལ་བས་གཞལ་མི་ནུས། །སྐྱབས་སུ་འགྲོ་བ་གསུམ་པའོ།། །།སྐྱབས་འགྲོ་གསུམ་བྱས་ཕྱིན་ཆད་སྦྱིན་པ་ལ། །ཅི་ནས་ལུས་ཀྱི་ཡན་ལག་བསླངས་གྱུར་ཀྱང༌། །ཚུལ་ངན་གཏོང་ལ་ཞུམ་པར་མི་འགྱུར་བར། །འཇིག་རྟེན་ཕན་པར་བརྩོན་པས་སྐྱོར་བ་བྱ། །སེར་སྣའི་སྐྱོན་ནི་གང་གིས་འཕེལ་འགྱུར་རམ། །ཡོངས་སུ་གཏོང་སེམས་འཕེལ་བར་མི་འགྱུར་བའི། །ཡོངས་འཛིན་བགེགས་སུ་འགྱུར་བའི་སླུ་བ་


DTG111_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དག་།བྱང་ཆུབ་སེམས་དཔས་མ་ལུས་ཡོངས་སུ་སྤང༌། །གང་ཞིག་གཏེར་སེམས་གཉེན་པོར་འགྱུར་བ་དག །ཡང་དག་བྱང་ཆུབ་ལམ་ལ་སྒྲིབ་བྱེད་ན། །དེ་འདྲའི་ནོར་རམ་རིན་ཆེན་རྒྱལ་སྲིད་ཀྱང༌། །བྱང་ཆུབ་སེམས་དཔས་བླང་བར་འོས་པ་མིན། །ཐུབ་པ་རྣམས་ཀྱི་སྤྱོད་མཆོག་དྲན་བྱས་ཤིང༌། །དེ་གཞོལ་རང་གི་དམ་བཅས་བསམ་བྱས་ཏེ། །ཡོངས་འཛིན་ཆགས་པ་རྣམ་པར་བརྩལ་བའི་ཕྱིར། །སེམས་ལ་རྟོགས་པའི་དམ་པ་འདི་དག་རྟོགས། །འགྲོ་བ་ཀུན་ལ་བདག་གི་ལུས་བཏང་སྟེ། །དེ་བཏང་ཆོས་ཀྱང་འདི་ལྷག་བདག་གིས་སྤང་བྱ་ན། །ཕྱི་རོལ་དངོས་ལ་བདག་གིས་ཆགས་བྱ་བ། །གླང་པོའི་ཁྲུས་བཞིན་བདག་ལ་རེག་པ་མིན། །ཤ་ལ་དོན་གཉེར་ཤ་འདི་བསྐུར་བར་གྱིས། །རྐང་འདོད་སེམས་ཅན་རྐང་ཡང་བྲུས་ཏེ་ཁྱེར། །བདག་གི་ལུས་འདི་འདི་ལྟར་བསྐུར་བ་ཡང༌། །འཇིག་རྟེན་དོན་ན་ཕྱི་རོལ་དངོས་ཅི་སྨོས། །ཇི་ལྟར་སྨན་གྱི་སྡོང་པོ་སྐྱེས་གྱུར་ལ། །ལོ་མ་མེ་ཏོག་སྐྱེ་བོ་འཐོག་བྱེད་ཀྱང༌། །འདི་དག་བདག་ལ་བླངས་ཤིང་ཁྱེར་བྱེད་ཅེས། །རྣམ་པར་རྟོག་པ་དེ་ལ་རྒྱུ་བ་མེད། །དེ་བཞིན་འཇིག་རྟེན་དོན་ལ་བརྩོན་པ་ཡིས། །དྲིན་མེད་རྟག་ཏུ་མི་གཙང་སྡུག་བསྔལ་བའི། །ལུས་འདི་གཞན་ལ་ཕན་ཞིང་མཁོ་གྱུར་ན། །བདག་གིར་བྱ་སྙམ་རྣམ་རྟོག་ཆུང་མི་སྐྱེད། །ནང་གིས་ས་དང་ཆུ་ལ་སོགས་པ་དང༌། །ཕྱི་རོལ་འབྱུང་བ་ཆེན་པོའི་ཚོགས་མཚུངས་ན། །འདི་ནི་བདག་གི་འདི་ནི་གཞན་གྱི་ཞེས། །མ་རིག་འདམ་གྱི་རྟོག་བསྐྱེད་ཚུལ་མ་ཡིན། །བདག་གི་ལུས་ཀྱང་ཅི་བདེར་བླང་བར་གྱིས། །འདི་ལ་གཞན་གྱི་ཡིན་སྙམ་བློ་མ་བསྐྱེད། །འདི་དག་ཐམས་ཅད་ཁྱེད་ཀྱི་དངོས་ཡིན་ཏེ། །འདི་ལ་བདག་གིས་ང་རྒྱལ་བདག་ལ་མེད། །དེ་འདྲའི་རྨད་བྱུང་བསམ་པ་རྣམས་དང་ཡང༌། །རྫོགས་པའི་སངས་རྒྱས་ཡོན་ཏན་རྗེས་འབྲང་བ། །གང་ལ་ཡོད་པ་བྱང་ཆུབ་སེམས་དཔའ་ཞེས། །སངས་རྒྱས་བསམ་གྱིས་མི་ཁྱབ་སྐྱེས་མཆོག་གསུངས། །དེ་ལྟར་སྦྱིན་ལ་ནན་ཏན་བརྩོན་པ་དེ། །ལུས་ལ་ནམ་ཡང་ཆགས་པར་མི་བྱེད་པས། །དེ་ཡི་ངག་ལུས་ཡིད་ཀྱི་ལས་རྣམས་ཀྱང༌། །ལྷུན་གྱིས་གྲུབ་པར་རྣམ་པར་དག་པར་འདོད། །རྣམ་


DTG111_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལས་ཅན་གཞན་ལ་ཕན་བྱེད་ན། །ཚོགས་སུ་འགྱུར་བའི་སྡུག་བསྔལ་མེད་པར་བྱེད། །དེ་ལྟར་རིགས་པའི་ཚུལ་ལ་མངོན་ཞུགས་པ། །ཚུལ་དང་ཚུལ་མིན་མཁས་པ་དངོས་སུ་ཐོབ། །སྦྱིན་པའི་འབྲས་བུ་སྤངས་པ་ཐོབ་གྱུར་ནས། །སྲིད་པའི་མུན་ནང་འཐོམས་པའི་སྐྱེ་བོ་ལ། །དམ་པའི་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་གྱིས། །ཉི་མ་ཤར་བའི་འོད་པས་གསལ་བར་བྱེད། །འཇིག་རྟེན་ཕན་པའི་དོན་སྒྲུབ་སྙམ་པ་དེ། །ཐམས་ཅད་མཁྱེན་པ་ཉིད་འགྲུབ་གཞིར་གྱུར་པས། །ཉི་ཤར་ཟེར་བཀྱེ་འོད་ཆེན་མི་ཟད་བཞིན། །དེ་ཡི་བསོད་ནམས་ཡུན་དུ་ཟད་མི་ཤེས། །དེ་འདྲ་རྨད་བྱུང་སྦྱིན་པའི་ཡོན་ཏན་ཚོགས། །དེ་དག་བྱང་ཆུབ་སེམས་དཔའི་རྒྱན་གྱུར་པས། །དེ་ཕྱིར་སྦྱིན་པ་སྙིང་རྗེ་སྔོན་འགྲོ་པའི་སངས་རྒྱས་སྐུ་མདོག་གསེར་འདྲ་དང༌། །ཁྲེལ་ལྟས་རྒྱུ་ལས་པ་སངས་རྒྱས་སྟོབས་ལ་སོགས་པ། །འགྲོ་བ་ཀུན་ལ་དག་གིས་བསྒྲུབ་བྱ་ཞིང༌། །ཟང་ཟིང་སྦྱིན་པས་བསྡུས་པའི་སེམས་ཅན་དག །བདག་གི་དམ་ཆོས་སྣོད་དུ་འགྱུར་རོ་ཞེས། །དེ་ལྟར་ཁ་ཟས་སྐོམ་རྣམས་གཏོང་བར་བྱེད། །རང་གི་ཕུན་སུམ་ཚོགས་པ་བསྒྲུབ་ཕྱིར་མིན། །ཉོན་མོངས་སྐོམ་པ་གཞིལ་ཕྱིར་བཏུང་བ་དག །འཇིག་རྟེན་ཕན་བྱེད་འཇིག་རྟེན་རྣམས་ལ་གཏོང༌།། སངས་རྒྱས་རྫུ་འཕྲུལ་ཆེ་བའི་རྣམ་པ་དང༌། །མྱ་ངན་འདས་པའི་བདེ་བ་ཐམས་ཅད་ཀྱང༌། །འཇིག་རྟེན་འདི་དག་ཇི་ལྟར་ཐོབ་འགྱུར་ཞེས། །ཐེག་ཆེན་སྨོས་པ་ཐེག་པ་ཡོངས་སུ་གཏོང༌། །རྫོགས་པའི་སངས་རྒྱས་སྐུ་མདོག་གསེར་འདྲ་དང༌། །ཁྲེལ་ལྟས་རྒྱུ་ལས་བྱུང་བའི་གོས་སྒྲུབ་པར། །གོས་ཀྱི་རྣམ་པ་གྲངས་མེད་མང་པོ་དག །ལུས་ལ་བདེ་བར་རིམ་གྲོ་སྦྱིན་པར་བྱེད། །སྙིང་པོ་བྱང་ཆུབ་གནས་ཕྱིར་སྟན་གཏོང་སྟེ། །མལ་གསུམ་དོན་དུ་མལ་གྱི་སྦྱིན་པ་བྱེད། །ཐམས་ཅད་མཁྱེན་པའི་སྤྱན་མཆོག་བསྒྲུབ་པའི་ཕྱིར། །མཆོད་རྟེན་གཙུག་ལག་ཁང་དུ་མར་མེ་དབུལ། །ལྷ་ཡི་རྣ་བ་ཐོབ་ཕྱིར་རོལ་མོ་དང༌། །སངས་རྒྱས་ཚུལ་ཁྲིམས་བསྒྲུབ་ཕྱིར་སྤོས་ཀྱང་འབུལ། །སྐྱབས་སུ་འགྲོ་བ་ཡོངས་སུ་བསྒྲུབ་པའི་ཕྱིར། །ཁྱིམ་དང་བཏུང་གནས་ར་བ་གནས་རྣམས་གཏོང༌། །བྲོ་བ་རོ་མཆོག་ཡོངས་སུ་བསྒྲུབ་པའི་ཕྱིར། །ཤིན་ཏུ་ཞིམ་སྦྱར་རོ་རྣམས་གཏོང་བར་བྱེད། །འཇིག་


DTG111_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འདི་དག་རྒ་ཤི་མེད་སྟོབས་པར། །སྨན་གྱི་མཆོག་རྣམས་གྲངས་མེད་སྦྱིན་པར་བྱེད། །ཉོན་མོངས་ཚོགས་ཀྱིས་འཁོར་བའི་འཇིག་རྟེན་རྣམས། །རབ་བྱུང་བདག་ཉིད་མཉམ་པར་བསྒྲུབ་པའི་ཕྱིར། །དེ་ནི་རྟག་ཏུ་བྲན་དག་གཏོང་བྱེད་ཅིང༌། །སེམས་ཅན་བླ་མེད་ཆོས་ཀྱི་རྗེར་ཡང་བསྒྲུབ། །མཚན་རབ་བཟང་པོ་ཕུན་སུམ་ཚོགས་བསྒྲུབ་པར། །མུ་ཏིག་བྱི་རུ་གསེར་ལ་སོགས་པ་གཏོང༌། །དཔེ་བྱད་བཟང་པོ་སྣ་ཚོགས་བསྒྲུབ་པའི་ཕྱིར། །རིན་ཆེན་སྒྲོན་མ་རྒྱན་གྱི་སྦྱིན་པ་བྱེད། །བསམ་གཏན་བསྒྲུབ་ཕྱིར་བརྟུལ་ཞུགས་ནགས་ཚལ་དང༌། །ཆོས་མཛོད་ཐོབ་ཕྱིར་ནོར་མཛོད་ཡོངས་སུ་གཏོང༌། །ཐུབ་དབང་རྒྱལ་པོ་ཐོབ་ཕྱིར་སྐྱོན་མེད་པར། །རྒྱལ་སྲིད་བཀས་བརྒྱན་སྤྱིན་པ་གཏོང་བར་བྱེད། །བྱང་ཆུབ་མཆོག་ལ་མོས་ཕྱིར་སྐྱོན་མེད་པར། །བུ་དང་བུ་མོ་སྡུག་པའི་སྦྱིན་པ་བྱེད། །གཅིག་ཏུ་ཆོས་ལ་དགའ་ཞིང་མོས་པའི་ཕྱིར། །དགའ་བའི་རྒྱུར་གྱུར་རྩེད་མོ་སྣ་ཚོགས་གཏོང༌། །འཁོར་ལོས་བརྒྱན་པའི་རྐང་པ་མཆོག་ཐོབ་སྟེ། །བྱང་ཆུབ་སྙིང་པོར་གནས་པས་མོས་པའི་ཕྱིར། །འཇིག་རྟེན་དོན་ཆེན་བསྒྲུབ་པར་བརྩོན་པ་དེ། །རྟོག་པ་མེད་པར་རྐང་པ་ཡོངས་སུ་གཏོང༌། །སྡུག་བསྔལ་རྒྱ་མཚོར་སྐྱེ་ཤིའི་ཆུས་གཡེངས་པའི། །འཇིག་རྟེན་ཆོས་ཀྱི་ལག་པས་བསྐྱབ་པོ་ཞེས། །ལག་པ་པདྨ་རྒྱས་འདྲ་གཏོང་བར་བྱེད། །དབང་པོ་ལྔ་དག་རྫོགས་པར་བྱ་བའི་ཕྱིར། །སྣ་དང་རྣ་བ་སྐྱོན་མེད་ཡོངས་སུ་གཏོང༌། །འཇིག་རྟེན་ཐམས་ཅད་སྒྲིབ་པ་ཀུན་སྤངས་ཏེ། །རྣམ་དག་མིག་ལྡན་བསྒྲུབ་ཕྱིར་མིག་ཀྱང་གཏོང༌། །ས་ཆུ་མེ་དང་རླུང་ལྟར་རྟོག་མེད་ཅིང༌། །འཇིག་རྟེན་ཉེར་འཚོར་བདག་གི་ལུས་སྒྲུབ་ཅེས། །ཤ་བཅད་ཁྲག་དང་བཅས་པ་གཙོ་བོ་དེ། །སྙིང་རྗེ་ཆེན་པོས་ཡོངས་སུ་གཏོང་བར་བྱེད། །རྨད་དུ་བྱུང་བའི་སྤྱོད་པ་བརྟན་པ་དེ། །རྡོ་རྗེ་ལྟ་བུའི་ཆར་པ་བབ་གྱུར་ཀྱང༌། །དེ་བཞིན་གཤེགས་པའི་སྐུ་མཆོག་མི་ཤིགས་པ། །འཇིག་རྟེན་ཀུན་གྱིས་ཐོབ་ཕྱིར་རྐང་ཡང་གཏོང༌། །འཇིག་རྟེན་བླར་རྒྱུར་ཡེ་ཤེས་མཉམ་བཞག་ཕྱིར། །སྐྱེ་བོ་སློང་དུ་འོངས་པ་ཐམས་ཅད་ལ། །ལུས་ཀྱི་དམ་པ་མགོས་ཀྱང་མཆོད་བྱེད་ན། །ལུས་ཀྱི་ཡན་ལག་གཞན་


DTG111_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་ཅི་ཞིག་སྨོས། །དེ་ལ་སོགས་པ་རྒྱུན་དུ་སྐྱོན་མེད་པར། །བྱང་ཆུབ་སེམས་དཔའ་སྤྱོད་ལས་ཡོངས་བཏང་བའི། །སྦྱིན་པའི་ཆར་གྱིས་འགྲོ་བའི་ཚིམ་བྱས་ཤིང༌། །ཐམས་ཅད་མཁྱེན་པའི་རྒྱ་མཚོར་མངོན་པར་འགྲོ། །དེ་ནི་མི་རིགས་བཙལ་ཞིང་སྦྱིན་པ་དང༌། །གཞན་ལ་གནོད་པ་བཙལ་ཞིང་སྦྱིན་མི་བྱ། །དེ་ལ་གཞན་ལ་བཏང་བས་དམའ་བ་མེད། །དེ་ནི་སྦྱིན་པས་སྙེམས་པས་བདག་མི་བསྟོད། །གཞན་ལ་སྨོད་པ་ནམ་ཡང་བྱེད་པ་མེད། །ལོག་པའི་སྦྱོར་བ་ཡོངས་སུ་མི་གཏོང་སྟེ། །ལྷག་པའི་བསམ་པས་མ་ཟིན་སྦྱིན་མི་བྱེད། །ཁྲོ་བའི་སྐྱོན་གྱིས་དམའ་བར་མི་གཏོང་སྙེ། །བྱིན་ནས་དེ་ལ་རྗེས་སུ་འགྱོད་མི་བྱེད། །གཅམ་བྱས་སྒུར་ཞེས་མང་དུ་སྦྱིན་མི་བྱེད། །ཁྲེལ་གྱིས་དོགས་སམ་འཇིགས་པའི་རྒྱུ་ཕྱིར་རམ། །སྦྱིན་པའི་གནས་སུ་འགྱུར་ཕྱིར་གཏོང་བ་མིན། །བཟང་པོ་ཡོད་བཞིན་ངན་པ་གཏོང་བའམ། །སྦྱིན་པའི་གནས་མིན་ཞེས་ཏེ་བརྙས་པའམ། །རྣམ་སྨིན་རེ་བས་དོགས་པར་བྱས་པའམ། །རིམ་གྲོ་མེད་ཅིང་སྨད་པར་དེ་མི་གཏོང༌། །ཚུལ་ཁྲིམས་ལྡན་ལ་ཕུལ་བས་མི་མཐོང་ཞིང༌། །ཁེངས་ཤིང་བརྙས་བྱེད་ཉུང་བར་གཏོང་བ་མེད། །གང་གིས་ལོག་པའི་ནན་ཏན་རྒྱུར་གྱུར་དང༌། །སློང་བ་རྣམས་ལ་གནོད་པར་སྦྱིན་མི་བྱེད། །དེ་ནི་དུས་མིན་སྦྱིན་པར་མི་བྱེད་དེ། །དུས་དང་མི་མཐུན་སྦྱིན་པའང་དེ་མི་བྱེད། །ལྷར་སྨོན་མ་ཡིན་རྒྱལ་པོར་སྨོན་ཕྱིར་མིན། །ཐེག་པ་དམན་སྨོན་ཚུལ་གྱིས་གཏོང་མི་བྱེད། །དེ་ནི་ངོར་བལྟས་གཏོང་བར་མི་བྱེད་དེ། །གྲགས་པའི་སྒྲ་དང་བཞད་གད་དོན་ཕྱིར་མིན། །བདག་གིས་ནུས་སུ་ཟད་ཅེས་མི་རློམ་ཞིང༌། །གཞན་གྱི་སྲོག་ལ་གནོད་ཕྱིར་སྦྱིན་མི་བྱེད། །རྣམ་པ་ཐམས་ཅད་མཁྱེན་པར་མ་བསྔོས་པའམ། །སྐྱེས་བུ་དམ་པས་སྨད་པར་གཏོང་མི་བྱེད། །དེ་ཕྱིར་ཕ་རོལ་ཕྱིན་པའི་མིང་འཐོབ་ཅིང༌། །ཤིན་ཏུ་རྣམ་དག་སྦྱིན་པར་ཡང་དག་འགྲོ། །དེ་ཡི་སྦྱིན་ལས་བྱུང་བའི་བསོད་ནམས་ཚོགས། །འཇིག་རྟེན་ཀུན་གྱི་བསོད་ནམས་ཡོངས་བསྡུས་ཀྱང༌། །དེ་དག་ཀུན་གྱིས་ཟིལ་གནོན་མི་འགྱུར་བས། །དེ་ཕྱིར་འཇིག་རྟེན་ཀུན་གྱི་གཙོ་བོར་འགྱུར། །མངོན་ཤེས་ལྔ་ལ་ཤིན་ཏུ་ངེས་འགྱུར་ཞིང༌། །འཇིག་རྟེན་ཀུན་ལ་སྦྱིན་པའི་ཆར་འབེབས་པས། །ཕྱོགས་རྣམས་ཀུན་


DTG111_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དེ་ཡི་ཚད་མི་ཟིན། །རྟག་པར་རྒྱུན་དུ་འབྱུང་བས་ཟད་མི་ཤེས། །དེ་བས་མི་ཟད་འགྲོ་ལ་ཕན་པར་འགྱུར། །ཡེ་ཤེས་མི་ཟད་རྒྱ་ཆེན་རྒྱུ་ཡང་ཡིན། །ཁམས་གསུམ་ཟད་པར་འགྱུར་བའི་དངོས་པོ་དང༌། །མཁའ་དང་སྤྲིན་ལྟར་རྟག་ཏུ་འདྲེ་བ་མེད། །དེ་ནི་སྟོང་ཉིད་རྣམ་པར་མཉམ་གཞག་ཅིང༌། །མཚན་མའི་སྐྱོན་རྣམས་ཡོངས་སུ་སྤང་བ་དང༌། །ཉོན་མོངས་བསལ་ཞིང་དམན་པ་མེད་པས་ན། །ཐུབ་དབང་ཆེན་པོ་རྣམས་ཀྱིས་མི་ཟད་གསུངས། །སྐྱེས་བུ་དམ་པས་ཆེད་དུ་བརྗོད་བྱས་ཤིང༌། །བདེ་བ་རྒྱ་ཆེན་རྒྱུ་ཡི་སྦྱིན་པ་ནི། །བྱེད་པར་འདོད་པས་མི་རྟག་རྣལ་འབྱོར་དང༌། །འཇིག་རྟེན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད། །ལོངས་སྤྱོད་རྣམ་པ་མི་རྟག་མཐོང་གྱུར་ཅིང༌། །སྙིང་རྗེ་ཆེན་པོ་རང་གི་ངང་གྱུར་ན། །བྱིན་པ་བདག་གི་ཁྱིམ་བཞག་གཞན་གྱི་བར། །ཤིན་ཏུ་རིག་པའི་ཚུལ་ཁྲིམས་རྟོགས་པར་འགྱུར། །གང་བྱིན་དེ་ལས་འཇིགས་པ་སྐྱེ་མི་འགྱུར། །ཁྱིམ་ན་གང་བཞག་དེ་ལས་འཇིགས་པ་འབྱུང༌། །མི་ཆོག་ཐུན་མོང་རྟག་ཏུ་བསྲུང་དགོས་ཏེ། །བྱིན་ན་ཉེས་པ་དེ་དག་གནོད་མི་འགྱུར། །བྱིན་པས་འཇིག་རྟེན་ཕ་རོལ་བདེ་བ་བསྒྲུབ། །མ་བྱིན་ཚེ་འདི་ཉིད་ལའང་སྡུག་བསྔལ་བསྐྱེད། །མི་ཡི་ནོར་རྣམས་སྐར་མདའི་རང་བཞིན་ལྟར། །ཡོངས་སུ་མ་བཏང་དེ་དག་མེད་པར་འགྱུར། །མ་བྱིན་ནོར་རྣམས་མི་རྟག་མེད་འགྱུར་ཏེ། །བྱིན་པས་དེ་དག་ཡོད་པའི་གཏེར་དུ་འགྲོ། །སེམས་ཅན་ཕན་པར་གཞོལ་བས་གང་བྱིན་པའི། །ནོར་རྣམས་སྙིང་པོ་མེད་པའང་ཡོད་པར་འགྱུར། །གང་ཞིག་ཡོངས་སུ་བཏང་བ་མཁས་པས་བསྔགས། །སྐྱེ་བོ་བྱིས་པ་དེ་དག་སོག་ལ་དགའ། །ཡོངས་སུ་བཟུང་བས་མི་འབྲལ་གང་ཡང་མེད། །བྱིན་པས་རྟག་ཏུ་ཕུན་སུམ་ཚོགས་པ་འབྱུང༌། །བཏང་བས་ཉོན་མོངས་ཡོངས་སུ་འཛིན་མི་འགྱུར། །འཇུངས་པ་འཕགས་པའི་ལམ་མིན་ཉེན་མོངས་བསྐྱེད། །གང་ཞིག་བྱིན་པ་དེ་ནི་ལམ་གྱི་མཆོག །དེ་ལས་གཞན་གྱུར་འཕགས་པས་ལམ་ངན་གསུངས། །སློང་བ་སྔོན་དུ་འོངས་ན་རྒྱལ་སྲས་དེས། །རྫོགས་པའི་བྱང་ཆུབ་ཚོགས་ནི་སྤེལ་བའི་ཕྱིར། །དེས་གཞན་འདུ་ཤེས་བདག་ལ་གཞག་བྱས་ཤིང༌། །དགེ་བའི་


DTG111_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་གཉེན་འདུ་ཤེས་དེ་ལ་སྐྱེད། །སློང་བ་འོངས་པ་ཐོས་ན་ཆེ་བ་རྣམས། །ཉོན་མོངས་མི་དགའ་རྣམ་པར་སྲབ་འགྱུར་བས། །དགའ་བའི་སྟོན་མོ་ཆེན་པོ་འབྱུང་བ་བས། །སློང་བ་སྔོན་དུ་འོངས་ལ་དེ་དག་དགའ། །ཅི་སྟེ་སློང་བ་སྔོན་དུ་འོངས་གྱུར་ཀྱང༌། །ཤིན་ཏུ་མཐུ་ཆུང་སྦྱིན་པར་མ་ནུས་ན། །ཅི་ནས་སློང་བ་སྨ་བབ་མ་གྱུར་པ། །འཇམ་པའི་ཚིག་གིས་དེ་ཡི་ཡིད་ཀྱང་བཞོ། །ཕྱིན་ཆད་སློང་བ་དྲུང་དུ་འོངས་གྱུར་ན། །ཅི་ནས་ཁོ་ཆད་དམའ་བར་མི་འགྱུར་བར། །འཇུངས་པའི་སྐྱོན་རྣམས་རྣམ་པར་བསལ་བ་དང༌། །སྲིད་པ་ཡོངས་སུ་སྤང་ཕྱིར་ནན་ཏན་བྱ། །གང་ཞིག་ཟང་ཟིང་ནོར་ལ་ཆགས་བྱེད་པ། །དེ་ལ་བྱང་ཆུབ་མཆོག་སེམས་སྐྱེ་བ་མེད། །སེམས་མཆོག་དེ་ནི་སྐྱོན་དང་མི་འགྲོགས་ཏེ། །རྒྱ་མཚོ་ཆེན་པོ་རོ་དང་མི་འགྲོགས་བཞིན། །དེ་བས་རྟག་ཏུ་སྐྱོན་རྣམས་ཀུན་སྤངས་ཏེ། །བྱང་ཆུབ་ཚོལ་བས་རྟག་ཏུ་ཐམས་ཅད་སྦྱིན། །འཇིག་རྟེན་ཐམས་ཅད་གཅིག་པུ་ངས་བསྐྱབ་པའི། །སེམས་དང་སྤྱོད་དང་ཞུམ་པའི་ངང་མི་མཐུན། །སྦྱིན་པ་དེ་འདྲའི་རྩ་བ་བྱང་ཆུབ་སེམས། །དེ་འདྲའི་སྦྱིན་པ་གཏོང་འདོད་དེ་མི་གཏང༌། །འཇིག་རྟེན་ནང་ན་གཏོང་འདོད་སེམས་ལྡན་པ། །གཏོང་བའི་ནང་ན་མཆོག་ཅེས་རྒྱལ་བས་གསུངས། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལེའུའོ།། །།རྫོགས་པའི་སངས་རྒྱས་ཚུལ་ཁྲིམས་བརྒྱན་ལྡན་པར། །འགྲོ་བ་ཐམས་ཅད་བསྒྲུབ་དོན་གང་བརྩོན་པ། །རང་གི་ཚུལ་ཁྲིམས་ཐོག་མར་ཡོངས་སུ་སྦྱངས། །ཚུལ་ཁྲིམས་དག་པའི་མཐུ་ཡི་སྟོབས་ཀྱང་བསྐྱེད། །ཅི་ནས་རྨི་ལམ་རྨི་ཡང་འཚེ་མེད་པར། །འཇིག་རྟེན་ཀུན་ལ་བྱམས་པ་བསྐྱེད་པར་བྱ། །གཞན་ལ་ཕན་པར་གཅིག་ཏུ་བརྩོན་པ་དེས། །གཞན་གྱི་ལོངས་སྤྱོད་སྤྲུལ་བཞིན་རེག་མི་བྱ། །ཁ་ཏོན་སྤྱོད་པའི་བློ་ལས་ཕྱིར་ལོག་པས། །ཐོག་མར་གཞན་གྱི་བུད་མེད་བསླུ་བའི་བློ། །ཡོངས་སུ་གཏང་བྱ་འཇིག་རྟེན་ཕན་བྱེད་པས། །ལུས་ཀྱི་སྤྱོད་པ་སྐྱེས་བུ་མཆོག་ལྟར་བསྒྲུབ། །སྙན་ཅིང་ཡིད་འོང་དུས་དང་ལྡན་པའི་ཚིག །དབྱེན་དུ་མི་འགྱུར་བདེན་དང་མཐུན་པ་དག །དམ་ཆོས་ཡང་དག་ཁོང་དུ་ཆུད་འགྱུར་བ། །གཉེན་པོས་བཙལ་ཞིང་རྟག་ཏུ་བརྗོད་པར་བྱ། །གཞན་གྱི་བདེ་བ་ཕུན་སུམ་ཐོབ་གྱུར་ན། །བདག་གི་ཞོ་


DTG111_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཤས་གང་ཞིག་བསྒྲུབ་བྱ་བ། །དེ་དག་ཁོ་བདག་ཉིད་ཀྱིས་རྙེད་གྱུར་ཅེས། །དགའ་སེམས་བསྐྱེད་བྱ་ཆགས་སེམས་ཡོངས་སུ་སྤངས། །ཉོན་མོངས་དབང་གྱུར་བདག་ཕན་མི་རེག་པར། །འདི་ནི་བདག་ཉིད་མཐུ་ཆུང་ཞན་པའི་མཐའ། །གཞན་གྱི་ཉེས་པ་ཀུན་ཀྱང་དེ་བཞིན་ཞེས། །གནོད་སེམས་མེ་འབར་གཞི་ལ་ཕྱིར་ནན་ཏན་བྱ། །ལོག་ལྟའི་འདུ་ཤེས་མུན་ནག་ཐིབས་པོ་དག །ཡེ་ཤེས་སྣང་བས་ཡིད་ལ་གསལ་བྱས་ཏེ། །ལྷ་མི་ཕུལ་གྱི་ཡོན་ཏན་བསྒོམ་བྱས་ཤིང༌། །དད་པ་མི་འཕྲོགས་རྩ་བ་བརྟན་པར་གཟུགས། །མཐོ་རིས་ཐར་པའི་བདེ་ལམ་གྱུར་པ་དེ། །ལས་ལམ་བཅུ་པོ་འདི་ལས་ཉམས་མི་བྱ། །འདི་ལ་གནས་པ་འགྲོ་ལ་ཕན་བསམ་པའི། །བསམ་པའི་ཁྱད་པར་འབྲས་བུ་ཡོད་པར་འགྱུར། །ངག་ལུས་ཡིད་རྣམས་ཡང་དག་བསྡམ་བྱ་བ། །མདོར་བསྡུས་ཚུལ་ཁྲིམས་ཡིན་ཞེས་རྒྱལ་བས་གསུངས། །ཚུལ་ཁྲིམས་མ་ལུས་འདུལ་བའི་གཞི་ཡིན་པས། །དེ་ཕྱིར་འདི་དག་རྣམ་པར་སྦྱང་བར་གྱིས། །སྲོག་གཅོད་སྤངས་པ་དེས་པའི་ངང་འཆང་བ། །འགྲོ་བ་ཐམས་ཅད་བསྟེན་ཞིང་ཕེབས་པར་འགྱུར། །དེ་ཡི་བག་ཆགས་སེམས་ལ་སྐྱོན་གྱུར་པ། །ནན་ཏན་མ་བྱས་རང་གིས་ཡོངས་སུ་འཆད། །བྱམས་པའི་ཁྱད་པར་རྗེས་མཐུན་སེམས་ལྡན་ཞིང༌། །ཁོན་གཅུགས་རྣམ་པ་ཡོངས་སུ་ཞི་འགྱུར་ན། །མྱ་ངན་རྣམ་པའི་ཉེས་པ་ཀུན་སྤངས་ཤིང༌། །བདེ་བར་དེ་ཉལ་བདེ་བར་སད་པར་འགྱུར། །གནོད་སྦྱིན་སྲིན་པོ་དག་ཀྱང་ཕན་པར་བྱེད། །ལམ་ངན་རྒྱུད་ཀྱིས་དེ་ལ་འཇིགས་པ་མེད། །ནད་མེད་ཡོན་ཏན་རྒྱན་དང་ལྡན་པ་ཡི། །བདེ་ལམ་བརྟེན་པའི་ཚེ་རིང་ཐོབ་པར་འགྱུར། །དེ་ཉིད་རྒྱུ་ཡིན་བྱང་ཆུབ་བརྙེས་པ་ཡིས། །བདེ་གཤེགས་རྣམས་ཀྱི་སྐུ་ཚེ་དཔག་ཡས་ཤིང༌། །འཇིག་རྟེན་བདེ་བ་སྐྱེད་ཅིང་དོན་མཛད་པ། །དགོངས་པའི་རྗེས་སུ་སྙེགས་པ་ཡོངས་སུ་འགྲུབ། །གཞན་གྱི་ལོངས་སྤྱོད་མ་བྱིན་མ་བླངས་པས། །འཇིག་རྟེན་གཞན་དུ་ལོངས་སྤྱོད་རྒྱ་ཆེན་དག །བུད་མེད་དབུགས་ཀྱིས་རི་རབ་མི་སྒུལ་ལྟར། །བགོ་སྐལ་བ་དང་འཕྲོགས་པས་མི་འཕྲོགས་འགྲུབ། །སྤྱོད་པ་དག་པས་ཀུན་གྱིས་ཡིད་འོང་ཞིང༌། །སྟོན་པའི་སྣོད་དུ་ཚེ་འདི་ཉིད་ལ་འགྲུབ། །དེ་ཕྱིར་ཕ་


DTG111_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་དུ་ཡང་དོགས་མེད་ཅིང༌། །ལམ་གྱི་གེགས་སུ་གྱུར་པའི་རྣམ་པ་མེད། །སྐྱིད་ལོངས་ཡེངས་ལ་སྙིང་པོ་མེད་རྟོགས་པས། །ཆེད་དུ་མ་བསྒྲུབས་སྦྱིན་པའི་ངང་དུ་འགྱུར། །དེ་ཕྱིར་ཉེ་བའི་ཉོན་མོངས་རྣམ་དག་པས། །བླ་ན་མེད་པའི་བྱང་ཆུབ་ངང་གིས་ཐོབ། །འདོད་པ་རྣམས་ལ་ལོག་པར་སྤྱོད་སྤངས་པས། །དབང་པོ་ཐུལ་ཕྱིར་རབ་ཏུ་ཞི་ལ་མོས། །འཇིག་རྟེན་བསྟོད་པས་ཕྱོགས་རྣམས་ཀུན་གྱི་མཐར། །གྲགས་པ་ཁྱབ་འགྲོ་གསལ་བ་ཀུན་ཐོབ་འགྱུར། །བུད་མེད་ཀུན་ལ་མ་ལྟར་བལྟས་པས་ན། །ཉོན་མོངས་འདོད་ཆགས་གང་ལའང་མི་འབྱུང་སྟེ། །དེ་ཕྱིར་དེ་ཡི་བསོད་ནམས་བསགས་པས་ན། །ཐུབ་དབང་སྐྱེས་ཆེན་དབང་པོ་མཚན་ལྡན་འགྲུབ། །ཚིག་ཏུ་གང་སྨྲས་བརྫུན་ལས་ཕྱིར་བཟློག་པས། །རབ་ཏུ་དགའ་ལྡན་གཡོ་སྒྱུ་རྣམ་དག་སེམས། །ཚིག་རྣམས་ཀུན་གྱིས་བླང་བར་གྲུབ་གྱུར་པས། །སེམས་ཅན་མང་པོ་ཆོས་གཞོམ་ཀུན་གྱིས་འགྲུབ། །བདེན་དང་ལྡན་ལ་ལྷ་རྣམས་བྱམས་གྱུར་པ། །ལྷ་ཡི་རང་བཞིན་ཡོན་ཏན་ཕྱོགས་བྱེད་པ། །དེ་ཡི་སྤྱོད་པ་ཀུན་ལ་མངོན་སུམ་པས། །འདི་འདྲ་དེ་ལ་ངོ་མཚར་ཆེ་བ་མེད། །འཇིག་རྟེན་གཞན་བྱམས་ཚད་མར་བྱེད་པ་ནི། །འཇིག་རྟེན་ཕལ་ཆེར་ཡོན་ཏན་མི་འཆང་ལ། །རང་གི་ཚད་ཀྱིས་གཞན་ལ་ཚོད་འཛིན་ཀྱང༌། །དེ་འདྲར་གྱུར་པ་དེ་ནི་ངོ་མཚར་ཆེ། །མེ་ཏོག་ཨུཏྤལ་ཡི་ནགས་བོར་ཞིང༌། །བདེ་ལྡན་ཁ་ནི་པདྨོ་འཕགས་ཚུལ་དུ། །དྲི་ཞིམ་སིམ་བྱེད་ཡིད་དུ་འོང་བ་དང༌། །དེ་ཡི་མཁའ་ལ་གནས་འཆའ་རྟེན་པར་འགྱུར། །ཡེ་ཤེས་འབར་བ་ངན་འགྲོའི་སྐར་ལྟ་བུ། །རིགས་དང་མི་རིགས་རྣམ་པར་ཤེས་གྱུར་པས། །ཅི་དགའ་སྡུག་པའི་རྣམ་རྟོག་བྱུང་གྱུར་ན། །བདག་ཉིད་དབང་དུ་གྱུར་པ་ཁྲེལ་གྱིས་འཛེམ། །དེ་ལྟར་རང་བཞིན་རྣམ་དག་ཚུལ་གྱུར་པས། །གཞན་ལ་དོགས་མེད་གཞན་གྱི་དོགས་མི་བྱ།། དེ་ཕྱིར་དེ་ཡི་བདེན་པའི་རྗེས་བསྙེགས་ཚིག །སངས་རྒྱས་གྲུབ་ཚེ་བསྲུང་བ་མེད་པར་འགྱུར། །ཕྲ་མ་དབྱེན་སྤངས་གཡོག་འཁོར་མི་འཕྲོགས་ཤིང༌། །གཞན་གྱི་གནོད་པས་ལུས་ལ་མི་ཚུགས་ཏེ། །ནན་ཏན་ལྷུར་བྱེད་དད་པ་དབྱེར་མེད་འགྱུར། །བྱམས་པ་སླུ་མེད་འཇིགས་པ་


DTG111_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་དང༌། །འགྲོ་དོན་མི་གཏོང་སྙིང་རྗེ་མི་ཉམས་ཐོབ། །ཐུབ་དབང་གྲུབ་ཚེ་སློབ་མའི་དགེ་འདུན་ཡང༌། །ཚེ་རབས་བསྐལ་པས་ཕྱི་བར་མི་འགྱུར་འགྲུབ། །ཁྲོ་བའི་རྡུལ་མང་དཔུང་དུ་གྱུར་པ་ལ། །རྣམ་རྟོག་རླུང་གིས་ཀུན་དུ་འཚུབ་པ་རྣམས། །གྲགས་པའི་ལུས་ལ་གྲིབ་མར་འགྱུར་རོ་ཞེས། །ཞེ་གཅོད་རྣམ་པ་བྱམས་པའི་ཆུས་བཀྲུས་ཤིང༌། །དེ་ལས་ཕྱི་རོལ་ཚིག་སྙན་འཇམ་པ་ཡིས། །འཇིག་རྟེན་བསམ་པ་བདེ་བའི་དབང་དུ་འགྱུར། །འཇིག་རྟེན་དགའ་བ་རྩ་བ་ཟུག་གྱུར་པས། །དེ་ཡི་ཚིག་ནི་ཀུན་གྱིས་བླང་ཞིང་གཟུང༌། །དེ་ཕྱིར་འཇིག་རྟེན་རྣམ་པ་བརྒྱར་བཏུལ་ཞིང༌། །དེ་དག་སྡུག་བསྔལ་ལམ་ངན་གཅད་བྱ་སྟེ། །བསོད་ནམས་ལས་ལྡན་འདི་དང་ཕ་རོལ་དུ། །ཆོས་ཀྱི་ཚུལ་བསྲུངས་ངན་འགྲོར་འགྲོ་མི་འགྱུར། །རྒྱང་རིང་གནས་ནས་ཟབ་གསལ་གྲགས་པ་དང༌། །དཔལ་ལྡན་ཉེ་ན་རང་བཞིན་བདེ་སྐྱེ་བ། །དེ་བཞིན་འབྲུག་སྒྲ་ཟབ་ལ་གསལ་བ་ཡི། །ཚངས་པའི་སྒྲ་དབྱངས་ཁ་ཡི་རྒྱན་ཀྱང་བྱེད། །འཁྱལ་བའི་ཚིག་ལས་ཕྱིར་ལོག་གྱུར་པས་ན། །མཁས་པ་རྣམས་ལ་ཤིན་ཏུ་དབེན་པར་འགྲོ། །དེ་ཡི་བློ་ཡང་བདེན་པར་སྨྲ་མོས་པས། །སྐྱོན་མེད་ཆེ་བ་ཉིད་ཀྱང་དེས་ཐོབ་པོ། །བསོད་ནམས་དེས་ན་ཐུབ་པའི་རྒྱལ་གྱུར་ཚེ། །དཀའ་ཞིང་ཟབ་པ་ཡོངས་སུ་བྲིས་པ་ཡི། །ཞུ་བ་རྣམ་མང་གྲངས་མེད་དུས་གཅིག་ཏུ། །ཐོགས་པ་མེད་པའི་ཚིག་གིས་ལུང་ཡང་སྟོན། །ཆགས་སེམས་དོན་མེད་འདི་དང་ཕ་རོལ་དུ། །གནོད་པའི་འབྲས་བུ་སྒྲུབ་བྱེད་བློས་གསལ་ཏེ། །ཕྲག་དོག་མེད་པས་བསམ་པ་ཇི་བཞིན་དུ། །ཕུན་སུམ་ཚོགས་པའི་ལོངས་སྤྱོད་རྒྱས་པ་ཐོབ། །རྣམ་ཤེས་དག་པས་དེ་ལ་བརྟེན་པ་ཡི། །ལུས་ངག་ཡིད་ཀྱི་ལས་ཀྱང་ཤིན་ཏུ་གཙང༌། །དུས་དང་མཐུན་པས་གསལ་བའི་མཁའ་དབྱིངས་ལ། །སྐར་ཚོགས་དྲི་མེད་དཀྱིལ་འཁོར་ཇི་བཞིན་འབར། །དེ་ཡི་ལོངས་སྤྱོད་མཆོག་རྣམས་བསོད་ནམས་ལ། །རྟག་ཏུ་སྦྱར་བ་དེ་ཡི་བློ་འཇུག་སྟེ། །ཁེངས་པ་ང་རྒྱལ་ཅན་གྱིས་གླགས་མེད་ཅིང༌། །རྒྱལ་པོ་དག་གིས་དེ་ནི་བསྟན་པར་འགྱུར། །དེ་ཡི་ལས་དགེས་བསྒྲུབས་པའི་འབྲས་བུ་བས། །དབང་པོ་ནམ་ཡང་ཉམས་པར་འགྲོ་བ་མེད། །དེ་ཕྱིར་འཇིག་རྟེན་གསུམ་གྱིས་མཆོད་འོས་པའི། །


DTG111_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ཟློག་བྱེད་སྟོན་པའི་མཆོག་ཏུ་འགྱུར། །གནོད་སེམས་གདུང་བའི་རིམས་ནད་ཡོངས་བསལ་ཞིང༌། །རང་བཞིན་དགེ་ཚུལ་ཕུན་སུམ་ཚོགས་པས་ན། །ཤིན་ཏུ་ཞི་ཞིང་གསལ་བའི་ངང་ཚུལ་གྱིས། །ཡིད་ཀྱིས་མོས་པ་ཤིན་ཏུ་གསལ་བར་འགྱུར། །བྱམས་པའི་རོ་བདེ་ཁྱད་པར་ཐོབ་པས་ན། །འཚེ་བའི་ཚུལ་ལམ་འཐབ་མོ་འཁྲུག་ལྡན་དང༌། །འཕགས་མིན་སྤྱོད་པ་ལས་ངན་རྣམ་པ་ལ། །དེ་ཡི་བློ་ནི་ནམ་ཡང་འཇུག་མི་འགྱུར། །ལས་རུང་འཇམ་པའི་ཡིད་ཀྱི་ལས་ལྡན་ས། །ཚངས་པའི་འཇིག་རྟེན་དེ་ལ་དཀོན་པ་མེད། །འཇིག་རྟེན་ཀུན་དུ་འཕགས་དང་མཉམ་འགྱུར་ཞིང༌། །འགྲོ་བས་ལྷ་བཞིན་གུས་པས་མཆོད་པར་འགྱུར། །སེམས་ཅན་ཀུན་ལ་ཕན་དགའ་ཡང་དང་ཡང༌། །དབྱར་གྱིས་བསྙོགས་པའི་ཆུ་ཀླུང་ཆུ་བོ་དག །སྟོན་དུས་གསལ་བར་དངས་པར་བྱ་བ་བཞིན། །འགྲོ་བ་ཀུན་གྱི་ཡིད་ལ་དང་བ་བསྐྱེད། །ཀུན་གྱིས་བལྟ་ན་ཡིད་འོང་བཟང་བ་དང༌། །ཡེ་ཤེས་རྒྱུས་བྱུང་ཚུལ་མཆོག་རྨད་བྱུང་བ། །འཇིག་རྟེན་རྣམ་ཤེས་སོ་སོར་བསྒྲུབ་པ་དག །སངས་རྒྱས་བསྒྲུབ་ཚེ་རྣམ་པ་གཅིག་ཏུ་བསྒྲུབ། །ལོག་པར་ལྟ་བའི་འདམ་ལ་མི་འདུག་ན། །དེ་བས་བསྒྲུབ་པའི་གྲོགས་དང་ཕྲད་པར་འགྱུར། །རང་གི་ལས་བཞིན་འགྱུར་བར་ལམ་མཐོང་བས། །སྡིག་པའི་ལས་རྣམས་དེ་ནི་ཡོངས་སུ་སྤོངས། །རྒྱལ་བ་རྣམས་ལ་དད་པ་མི་བཟློགས་ཤིང༌། །ངོ་མཚར་བཀྲ་ཤིས་རྣམས་ཀྱིས་ཉོན་མོངས་མེད། །འཕགས་པའི་ལམ་ལ་གནས་པ་དེ་འཐོབ་སྟེ། །དེ་ཕྱིར་དེ་ནི་ཁྱད་པར་འགྲོ་བ་འཐོབ། །འཇིག་ཚོགས་ལྟ་བས་ཡང་དག་འཕགས་པས་ན། །རྒྱུ་རྣམས་ཐད་ཕྱིར་ངན་འགྲོར་དེ་མི་འགྲོ། །ཆགས་མེད་ཡེ་ཤེས་མཆོག་དང་དེ་ལྡན་པས། །ས་དང་མཐོ་རིས་ཆགས་པ་མེད་པར་འགྲོ། །འགྲོ་བའི་དོན་ལ་མཐུ་ཆེ་དཔའ་བ་ཡི། །ཐམས་ཅད་མཁྱེན་མྱུར་རྒྱལ་དབང་ཆོས་ཀྱི་རྣམས། །རང་རྒྱལ་ལ་སོགས་ཐོབ་པར་མ་གྱུར་པའང༌། །ཐམས་ཅད་དེ་ལ་དེ་ཕྱིར་མངོན་དུ་འགྱུར། །དེ་འདྲའི་ལོངས་སྤྱོད་ཡོན་ཏན་རྒྱན་ལྡན་ཞིང༌། །རང་ལ་དབང་ཡོད་བསྒོམ་འོས་དེ་དགའི་རྒྱུ། །མཁས་པ་སུ་ཞིག་ཡང་དག་ལེན་མི་བྱེད། །སེམས་ཅན་ཕན་དགའ་དེ་ལེན་ཅི་ཞིག་སྨོས། །ལྷ་རྫས་དགའ་རྒྱུ་


DTG111_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཡི་ལོངས་སྤྱོད་དང༌། །བདེ་མཆོག་རོ་མཆོག་ལྷ་ཡི་ཕུན་སུམ་ཚོགས། །ཚུལ་ཁྲིམས་རྒྱུས་བྱུང་ཅི་ཞིག་ངོ་མཚར་ཆེ། །སངས་རྒྱས་ཆོས་རྣམས་དེ་ལས་བྱུང་བ་ལྟོས། །ཚུལ་ཁྲིམས་ཉམས་པས་རང་དོན་མི་ནུས་ན། །གཞན་དོན་ཚུལ་ལ་མཐུ་ཡོད་ག་ལ་འོང༌། །དེ་ཕྱིར་གཞན་དོན་ལེགས་པར་བརྩོན་པ་ཡིས། །འདི་ལ་རིམ་གྲོ་གློད་པར་རིགས་པ་མིན། །དེ་བས་མི་བཟད་འཇིགས་པ་མཐོང་བྱ་ཞིང༌། །སྤང་འོས་ཆུང་ཡང་རྣམ་པར་སྤང་བར་གྱིས། །བྱང་ཆུབ་སེམས་དཔས་ལུང་བསྟན་ཚུལ་ཁྲིམས་དག །རང་གི་བདེ་ལ་བརྐམ་པས་བྲལ་མི་བྱ། །བུད་མེད་ལུས་དང་ཚུལ་སྤྱད་མཐོང་སྩོགས་པའི། །སྐབས་ཀྱི་ཉེས་པས་ཤག་ཤིག་ཚུལ་མི་བཅང༌། །མི་སྲུན་སྐྱེ་བོ་ཉོན་མོངས་རྣམ་པས་ཀྱང༌། །ཚུལ་ཁྲིམས་འདྲན་འདྲེན་རྣམ་པ་ཡོངས་སུ་སྤངས། །གཅིག་ཏུ་དཀར་ཆོས་ཚོགས་ནི་བསགས་བྱས་ཤིང༌། །རྙོག་དང་རྣམ་བྲལ་ཚུལ་ཁྲིམས་བསྟེན་པར་བྱ། །རང་དབང་གྱུར་ལས་ཉམས་སུ་བདེ་བ་དང༌། །མཁས་པས་བསྔགས་པའི་རྒྱན་ལྡན་ཚུལ་ཁྲིམས་བསྲུང༌། །བསླབ་པའི་གནས་སྐབས་ཚང་བར་ཡོངས་རྫོགས་པས། །ཀུན་རྫོབ་བསྙེམས་མེད་ཚུལ་ཁྲིམས་ཡང་དག་བསྟེན། །རྣམ་དག་སེམས་ལ་གཟུགས་བརྙན་གྱུར་པ་ཡི། །གཞན་དོན་རོ་གཅིག་སྦྱོར་བས་དེ་དག་བསྲུང༌། །དྲན་པའི་གཞི་ལྡན་དབང་པོ་བསྡམས་བྱས་ཤིང༌། །ཚུལ་ཁྲིམས་བསྲུང་ལ་ཤིན་ཏུ་བརྩོན་པར་བྱ། །འཇིག་རྟེན་ཚུལ་ཁྲིམས་འཆལ་པ་མང་པོའི་མུན། །ཉི་མའི་འོད་ཀྱིས་གསལ་བ་ཇི་བཞིན་གསལ། །སྡུག་བསྔལ་གཉེན་པོའི་དོན་དུ་བསྟེན་པ་ཡང༌། །ལུས་ཀྱི་རྨ་བསྐུའི་རྡུལ་ལ་སོགས་པ་དང༌། །རིགས་པས་འཐོབ་པས་ཆོ་ག་བསམ་བྱས་ཤིང༌། །གཞན་གདོང་ལྟ་བའི་རེ་བ་མེད་པར་བྱ། །ཚུལ་དང་མཐུན་ཞིང་ཡོན་ཏན་འབྱུང་བའི་རྒྱུ། །ཡིད་བཞིན་དགའ་བ་ཀུན་གྱི་སྤྱོད་གྱུར་ཀྱང༌། ངོ་མཚར་མེད་པས་ང་རྒྱལ་སྤང་བྱ་ཞིང༌། །དེ་ལས་བྱུང་བའི་གྲགས་པ་བསྙེམས་མི་བྱ། །ཐོབ་པའི་ཡོན་ཏན་རྣམ་པ་གཟུགས་བརྙན་དག །མཛའ་བའི་ཚུལ་གྱིས་དགྲ་དང་ཉེ་བ་བཞིན། །པདྨའི་ནགས་ལ་ཟླ་བའི་འོད་གསལ་ལྟར། །བརྟུལ་ཞུགས་ལྷོད་པ་རྣམས་ལ་བདེ་བ་གནོད། །ཚུལ་


DTG111_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ཡོན་ཏན་བསྒོམ་པའི་ཚུལ་དུ་གསུངས། །ཡོན་ཏན་མ་ལུས་བྱང་ཆུབ་སེམས་ལ་གནས། །བྱང་ཆུབ་མཆོག་སེམས་སྙིང་རྗེའི་རྒྱུ་ལས་བྱུང༌། །དེ་བས་སྙིང་རྗེའི་དང་ཚུལ་ལྡན་པར་བྱ། །གང་ཞིག་འདོད་པའི་ཁམས་ལ་མི་གནས་ཤིང༌། །གཟུགས་ཀྱི་ཁམས་ལའང་དེ་བཞིན་མི་གནས་ཏེ། །གཟུགས་མེད་ཁམས་ལའང་དེ་བཞིན་མི་བརྟེན་པ། །དེ་ནི་ཚུལ་ཁྲིམས་ཡང་དག་ཡིན་པར་བརྗོད། །གང་ཞིག་འཇིག་རྟེན་དཔག་ཡས་སེམས་ཅན་དག །མཐའ་དག་ཚུལ་ཁྲིམས་དག་ལ་དགོད་མོས་ཤིང༌། །འཇིག་རྟེན་རྔན་ཕྱིར་ཚུལ་ཁྲིམས་སྟེན་བྱེད་པ། །དེ་ནི། ཚུལ་ཁྲིམས་ཕ་རོལ་ཕྱིན་པར་གསུངས། །དེ་བས་ངན་སོང་འཇིགས་དང་རྒྱལ་སྲིད་དང༌། །མཐོ་རིས་ཕུན་སུམ་ཚོགས་པ་སྨོན་བཙལ་ཏེ། །ཚུལ་ཁྲིམས་དྲི་མེད་ཡང་དག་བསྲུང་བྱ་ཞིང༌། །འཇིག་རྟེན་དོན་ལ་བརྩོན་པས་ཚུལ་ཁྲིམས་བསྟེན། །ཚུལ་ཁྲིམས་དེ་ནི་ཁྱད་པར་ཐོབ་པའི་ལམ། །སྙིང་རྗེས་དང་ཅན་རྣམས་དང་མཉམ་པར་བསྒྲུབ། །ཡེ་ཤེས་གཙང་མ་ལུས་ཀྱི་རང་བཞིན་ཏེ། །སྐྱོན་བྲལ་རྒྱན་དུ་འགྱུར་བའི་མཆོག་ཅེས་བྱ། །ཁམས་གསུམ་ཀུན་དུ་ཡིད་འོང་དྲི་བསུང་དང༌། །རབ་ཏུ་བྱུང་དང་མི་འགལ་བྱུག་པ་ཡིན། །ཆ་ལུགས་མཐུན་ཡང་ཚུལ་ཁྲིམས་ལྡན་གྱུར་ན། མི་ཡིན་ནང་ན་དེ་ནི་འཕགས་པར་འགྱུར། །ཚིག་ཏུ་མ་བརྗོད་ཚིགས་སུ་མ་གྱུར་ཀྱང༌། །ཉམས་སུ་མཁོ་བའི་ལོངས་སྤྱོད་རིམ་གྲོ་འདུ། །སྡིག་པ་མེད་པར་འཇིག་རྟེན་ཀུན་སྡུད་དེ། །ཆགས་མེད་མ་བསྒྲུབས་དབང་ཕྱུག་ཐོབ་པར་འགྱུར། །བརྗོད་དུ་མི་འོས་རིགས་སུ་འབྱུང་བ་དང༌། །ཕན་ཞིང་དབེན་པ་གང་ཡང་མ་བྱས་ཤིང༌། །སྔོན་ཆད་མི་ཤེས་སྐྱེ་བོ་ཐམས་ཅད་དང༌། །ཚུལ་ཁྲིམས་ལྡན་པའི་སྐྱེ་བོ་དེ་ལ་འདུད། །རྐང་པས་བཀྲ་ཤིས་གྱུར་པའི་རྡུལ་དག་ཀྱང༌། །སྤྱི་གཙུག་དམ་པས་བླངས་ཤིང་ལྷ་དང་མི། །ཕྱག་འཚལ་མགོས་གཏུགས་ཐོབ་པ་ཀུན་དུ་ཁྱེར། །དེ་ཕྱིར་ཚུལ་ཁྲིམས་དཔལ་ལྡན་རིགས་མཆོག་ཡིན། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུའོ།། །།བདུད་རྣམས་ཐམས་ཅད་ཡོངས་སུ་རྨོངས་བྱེད་ཅིང༌། །རྣམ་ཐར་ཐོབ་བྱེད་བདེ་བར་གང་གསུངས་པའི། །བཟོད་པ་ཤིན་ཏུ་ཕན་པ་སྒྲུབ་བྱེད་པ། །དེ་ལ་སུ་ཞིག་ནན་ཏན་མི་བྱེད་


DTG111_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། །གཞན་ལ་གནོད་བྱེད་ནམ་ཡང་མི་ཤེས་པ། །བརྟན་པ་རྣམས་ཀྱི་ཡིད་འོང་ངང་ཚུལ་ཏེ། །འཇིག་རྟེན་དོན་བྱེད་སྙིང་རྗེའི་ཚུལ་བསྙེམས་པ། །ཡོན་ཏན་མཐུན་པའི་མིང་ནི་བཟོད་པ་ཡིན། །གཞན་དོན་མཐུན་པའི་ཡིད་དང་ལྡན་པ་ལ། །ཚུལ་གྱི་དམ་པ་བཟོད་པ་ཡིན་ཞེས་གསུངས། །འཇིག་རྟེན་ལེགས་པ་ཕུན་སུམ་ཚོགས་པ་དག །ཁྲོ་བའི་སྐྱོན་ལ་བཟོད་པས་ཡོངས་སུ་སྐྱོབ། །མཐུ་ལྡན་རྣམས་ཀྱི་རྒྱན་གྱི་དམ་པ་སྟེ། །དཀའ་ཐུབ་ཚུལ་འཆང་རྣམས་ལ་སྟོབས་ཀྱི་ཚུལ། །གནོད་སེམས་འབྲོག་གི་མེ་ལ་ཆུ་ཡི་རྒྱུན། །འདི་ལ་གཞན་ལ་གནོད་དགུ་བཟོད་པས་སེལ། །སྐྱེ་བོ་མཆོག་གི་བཟོད་པའི་གོ་ཆ་ལ། །མི་སྲུན་སྐྱེ་བོའི་ཚིག་གི་མདས་རྡུགས་པས། །དེ་དག་བསྟོད་པའི་མེ་ཏོག་བཟང་འགྱུར་ཞིང༌། །གྲགས་པའི་ཕྲེང་བ་ཡིད་དུ་འོང་བར་འགྱུར། །སྐྱེ་བོ་གདུག་པའི་ངག་གི་མཚོན་གྱི་རྨ། །ཡེ་ཤེས་ཟླ་བ་བཞིན་དུ་སིམ་པར་བྱེད། །བརྟུལ་ཞུགས་འཆང་བ་བརྟན་པའི་རང་བཞིན་ཏེ། །བཟོད་པ་དེ་ནི་ཡོད་ཏན་ཚོགས་ཀྱི་གནས། །ཟབ་ཅིང་བརྟན་པའི་སྙིང་པོར་གྱུར་པ་སྟེ། །ཁྲོ་བའི་གདུང་བ་གཞིལ་བ་དབྱར་དང་འདྲ། །ཡོན་ཏན་རྒྱ་མཚོའི་རླབས་ཀྱིས་བརླབས་པ་ཡི། །སྒྲ་སྙན་ཁྱབ་པ་བཟོད་པའི་མཐུ་ལས་བྱུང༌། །ཚངས་རིས་འཇིག་རྟེན་དག་ཏུ་འཛེགས་པ་ལ། སྐས་ཀྱི་ཐེམ་བཞིན་སྐྱོ་བའི་སྐོན་དང་བྲལ། །ཡོན་ཏན་མཛེས་ལྡན་མཚན་རབ་བརྒྱན་པ་ཡི། །གཟུགས་བསྒྲུབ་བཟོ་ཡི་གནས་ཀྱང་བཟོད་པ་ཡིན། །སྐྱོན་གྱི་ཤིང་ཆེན་ཁོན་བཟོད་ཆུ་བོ་བཞིན། །རྫོགས་པའི་བྱང་ཆུབ་སེམས་ཀྱིས་སྤེལ་བ་ཡིན། །བསོད་ནམས་ཆུ་ཡི་ཚོགས་དང་རྟག་ཏུ་མཐུན། །འཇིག་རྟེན་གཞན་དུ་ཕན་དགེ་རྫོགས་པར་བསྒྲུབ། །འགྲོ་ལ་ཕན་དོན་འཕེལ་བའི་མཆོག་ཀྱང་ཡིན། །གྲགས་པའི་སྙན་པའི་རང་བཞིན་ཕུལ་གྱི་རྒྱུ། །ཡོན་ཏན་ཡིད་བསྒྲུབ་གནས་ཀྱང་བཟོད་པ་ཡིན། སྙིང་རྗེས་སེམས་ཅན་དབེན་པར་མཐོང་བས་ན། །འཁོར་བའི་ཉེས་པས་དེ་ནི་སྐྱོ་མི་འགྱུར། །རང་གི་ལས་དགེ་འཇིག་རྟེན་ཕན་བྱེད་པས། །འཇིག་རྟེན་ཀུན་དུ་གྲགས་པའི་ཚོགས་སུ་འགྱུར། །ཡེ་ཤེས་མཆོག་གིས་སྦྱངས་པའི་བཟོད་ལྡན་ན། །མཚར་འཛིན་དཔྱ་བ་ཀུན་གྱིས་འགོ་


DTG111_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད། །མི་རྟག་བཟོད་པའི་མཐུ་དང་ལྡན་པས་ན། །བདེ་བའི་རྣམ་པས་དགའ་བར་འགྱུར་བ་མེད། །གནོད་པའི་རྣམ་པ་མི་བཟད་མང་པོས་ཀྱང༌། །སྐྱེས་མཆོག་དེ་དག་ཡིད་ནི་འགྱུར་བ་མེད། །བཟོད་པའི་སྟོབས་ཀྱིས་ཤིན་ཏུ་བརྟན་པ་ན། །བྱང་ཆུབ་མཆོག་སྒྲུབ་མོས་པ་མེད་བར་འགྱུར། །བཟོད་པས་བརྟན་པའི་སྤྱོད་པ་དམ་པ་དེས། །དཀའ་ཐུབ་དཀའ་བ་ཀུན་དུ་སྟོན་བྱེད་ཅིང༌། །མུ་སྟེགས་དྲེགས་པས་མཐོ་བའི་བསམ་པ་དག །ཕན་པའི་བསམ་པས་བཅིལ་ཞིང་དམའ་བར་བྱེད། །འཇིག་རྟེན་རྨོངས་པ་བདག་སུམ་ཆགས་གྱུར་ཏེ། །ལྷག་མ་གཞན་སྙམ་ང་རྒྱལ་འཆང་བ་དག །དེ་ཡི་གནོད་པས་ཟིལ་གནོན་སེམས་གྱུར་ཅིང༌། །བཟོད་དང་མི་ལྡན་ཡོངས་སུ་གདུང་བར་འགྱུར། །སྐྱེས་མཆོག་བསམ་པ་སྙིང་རྗེའི་མགོན་ལྡན་ཞིང༌། །བཟོད་པས་བཀྲ་ཤིས་བསྒྲུབ་པ་འཆང་བ་དང༌། །བདག་ཏུ་ལྟ་བ་ཡོངས་སུ་སྤངས་པ་ལ། །གནོད་བྱེད་གཞན་དང་ཉེ་ཡང་གནོད་པ་མེད། །བརྟན་པ་ཉམ་ཆུང་སེམས་ཀྱི་སྐྱོན་གྱུར་པའི། །ཁྲོ་བ་ལོག་པ་རྣམ་པར་རྟོག་ལས་བྱུང༌། །ཡང་དག་རྟོག་པ་ཡིད་ལ་ཞི་སྐྱེ་ཞིང༌། །བཟོད་པའི་རྣམ་པ་མཉམ་པར་གཞོག་པར་བྱེད། །ཆུ་ལ་ཟླ་བའི་གཟུགས་བརྙན་ཡོད་འདྲ་བའི། །བཟོད་པའི་རྣམ་རྟོག་ཞི་ལ་བརྟེན་པ་ལས། །འཕགས་པས་རྟག་ཏུ་སྐབས་མེད་འཕགས་པར་བྱ། །རྣམ་རྟོག་ཞི་བ་དོན་དམ་བཟོད་པ་ཞེས། །བཟོད་པའི་ཡང་དག་ཉིད་མཁྱེན་དེ་དག་གསུངས། །དེ་བས་འཇིག་རྟེན་མི་འདྲ་རྟོགས་བྱ་ཞིང༌། །རྣམ་རྟོག་ཉེ་བར་ཞི་ལ་ནན་ཏན་གྱིས། །མིག་ནི་མིག་ཏུ་ཟད་ན་ཅི་སྟེ་ཁྲོ། །རྣ་བ་ལ་སོགས་དེར་ཟད་ཁྲོ་མེད་ཅེས། །དེ་ལྟར་གང་བཟོད་སྐྱེ་མཆེད་ལྟོས་པ་སྟེ། །དེ་ནི་དོན་དམ་ཉིད་དུ་བཟོད་པ་མིན། །སྒྲ་དང་ཚིག་ནི་མི་རྟག་རང་བཞིན་ཏེ། །སྒྲ་དང་རྣམ་རྟོག་འདི་ཡང་མི་རྟོག་ཅེས། །གང་བཟོད་དེ་ནི་མི་རྟག་རྟོག་པ་སྟེ། །བཟོད་པའི་མཆོག་ཏུ་དེ་ཡང་གསུངས་པ་མིན། །ཉེས་པ་བྱེད་པ་གང་ལའང་ཡོད་པ་མིན། །གང་ལ་བྱ་བ་དེ་ཡང་མེད་དོ་ཞེས། །གང་བཟོད་དེ་ནི་བདག་མེད་སྦྱར་བ་སྟེ། །དེ་ཡང་བཟོད་པའི་ཕུལ་དུ་ཕྱིར་པ་མིན། །བདེ་དང་སྡུག་བསྔལ་བསྟོད་དང་སྨད་པ་དག །ཀུན་ཀྱང་རྟེན་ཅིང་འབྲེལ་འབྱུང་དངོས་པོ་ཞེས། །གང་བཟོད་དེ་ནི་


DTG111_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྲེལ་རྟོགས་བྱའི་ས། །བཟོད་པ་ཤིན་ཏུ་མཉམ་བཞག་དེ་མ་ཡིན། །འདི་ནི་ཡོངས་སུ་རྨོངས་པས་བསླུས་གྱུར་པས། །བསམ་པ་ལོག་གྱུར་དེ་འདྲ་བདག་མིན་ཞེས། །གང་བཟོད་དེ་ནི་མཐོན་དམན་བསམ་པ་སྟེ། །བཟོད་པའི་ཕུལ་གྱི་གོ་སྐབས་དེ་ལ་མེད། །སྒྲ་སྐད་ཡི་གེ་སྒྲ་སྙན་ཇི་བཞིན་ཏེ། །རེ་རེ་བརྗོད་ཅིང་དེ་བཞིན་འཇིག་པས་ན། །སུ་ལ་སུ་ཞིག་ཇི་ལྟར་གནོད་འགྱུར་ཞེས། །བཟོད་པ་དེ་ཡང་བཟོད་པའི་ཕུལ་མ་ཡིན། །འདི་ནི་བདག་གི་སྡིག་པ་ཟད་བྱའི་ཕྱིར། །རང་གི་ཆོས་ལ་གནོད་པའང་མི་ལྟ་ན། །བདེ་གཤེགས་དམ་པ་ཅི་རོ་བ་མ་ཡིན་ཞེས། །གང་བཟོད་དེ་ནི་མིང་ཙམ་བཟོད་པ་མིན། །རང་གི་ལས་བཞིན་འགྱུར་བ་རྟོགས་བྱ་ཞིང༌། །དེ་ཡི་ཡོན་ཏན་རྫོགས་པས་བཟོད་བྱེད་པ། །དེ་འདྲའི་བཟོད་པའང་རྣམ་རྟོག་སྦྱོར་ཅན་ཏེ། །བཟོད་པའི་མཐར་ཕྱིན་མཆོག་ནི་དེ་མ་ཡིན། །མི་རྟག་སྡུག་བསྔལ་མི་གཙང་བདག་མེད་པ། །བདག་ལ་བཟོད་ཀྱི་བཟློག་པ་མ་ཡིན་ཞེས། །གང་ཡིན་དེ་ནི་གཉེན་པོ་ཞི་བཟོད་ཀྱི། །གཉིས་ཀྱི་རྗེས་འབྲང་དོན་དམ་བཟོད་པ་མིན། །སྐྱེ་བོ་འདི་ནི་ཡང་དག་མི་ཤེས་པས། །དེ་ཕྱིར་གཞན་ལ་གནོད་པར་དགའོ་ཞེས། །གང་བཟོད་དེ་ཡང་མཉམ་ཉིད་མཉམ་མི་འགྲོ།། བཟོད་པ་དེ་ཡང་རྣམ་རྟོག་སྐྱོན་ཅན་ཡིན། །མཐོ་དམན་མཉམ་པའི་རྣམ་རྟོག་རྣམ་པ་དག །གང་ཚེ་མ་ལུས་ཡང་དག་ཞི་གྱུར་པ། །དེ་ནི་བཟོད་པ་བླ་མེད་དམ་པ་ཞེས། །གཉིས་མེད་ལམ་ལ་སྤྱོད་པ་དེ་དག་གསུངས། །རང་དང་གཞན་དང་གཉི་ག་རྒྱུ་མེད་ལས། །དངོས་པོ་གང་ཡང་འབྱུང་བ་མེད་པ་དང༌། །རང་དང་གཞན་དང་གཉི་ག་རྒྱུ་མེད་ལས། །དངོས་པོ་གང་ཡང་འཇིག་པར་འགྱུར་བ་མེད། །ཡོད་དང་མེད་ལ་སྐྱེ་བ་མེད་པས་ན། །སྐྱེ་བ་མེད་ཕྱིར་གང་ཡང་འགག་པ་མེད། །དངོས་པོའི་རྣམ་རྟོག་རང་བཞིན་སྟོང་པ་ཉིད། །ཡང་དག་མཐོང་ན་བཟོད་པའི་ཕུལ་ཞེས་བྱ། །དེ་ཐོབ་གྱུར་ན་རྒྱལ་བ་འདིར་འགྱུར་ཞེས། །རྒྱལ་བ་རྣམས་ཀྱིས་རྣམ་མང་ལུང་ཡང་བསྟན། །དེ་ནི་རྟག་ཏུ་ཡང་དག་མཉམ་གཞག་ཀྱང༌། །འཇིག་རྟེན་ཕན་འདོད་གྲངས་མེད་ཀུན་དུ་འབྱུང༌། །ཆོས་དང་སྨོན་ལམ་ལས་ལ་དབང་ཐོབ་སྟེ། །མོས་པ་རྫུ་འཕྲུལ་སྐྱེ་བའི་དབང་


DTG111_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཐོབ། །དེ་བཞིན་སེམས་དང་ཡོ་བྱད་རྣམ་པ་དང༌། །ཡེ་ཤེས་མཆོག་དང་ཚེ་ལ་དབང་བ་ཐོབ། །དབང་གི་ནོར་མཆོག་ཡུན་དུ་མི་ཟད་ཅིང༌། །གཞན་དོན་ཚེ་སྒྲུབ་དེ་འདྲ་ཐོབ་གྱུར་ནས། །འགྲོ་བ་མི་བདེའི་རྒྱུན་དུ་ལྟུང་བ་དག །ཡོངས་སུ་བཟུང་ཕྱིར་དབང་ལྡན་དེ་དག་སྐྱེ། །དེ་ཕྱིར་གཞན་དོན་ཕལ་ཆེར་བཀུར་སྤྲོ་བས། །བཟོད་པ་ཐབས་ཚུལ་འདི་འདྲ་བསྙེན་པར་བྱ། །དེ་ལ་གནས་ལ་གཞན་དོན་ཆེ་བསམ་པའི། །སྤྱོད་ཡུལ་ཡོན་ཏན་འབྲས་བུའི་རྒྱན་ལྡན་འགྱུར། །འདི་ལ་དད་པ་རྩ་བ་བརྟན་གྱུར་ན། །དེས་ཀྱང་ཐུབ་རྒྱལ་ངེས་པར་འགྱུར་ཞེས་གསུངས། །ཆོས་ཀྱི་ལམ་ལ་དད་པ་རྒྱུན་ཆགས་ན། །བསམ་པ་ཡིད་བཞིན་ཤིང་རྟ་ཆག་མི་འགྱུར། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ལེའུའོ།། །།ཐམས་ཅད་བཟོད་པའི་མཐུ་ནི་སྐྱེས་གྱུར་ནས། །སྤྱོད་པའི་མཐུ་ཆེན་མཐའ་དཀའ་བརྩོན་འགྲུས་ཀྱིས། །དཔའ་བོ་བརྟུལ་ཞུགས་ཐམས་ཅད་རྩོམ་བྱེད་པས། །ལྷའམ་བདུད་རྣམས་ལས་ཀྱང་འཕགས་པར་འགྲོ། །ཚེ་འདིར་མཐར་ཕྱིན་འཇིག་རྟེན་དོན་དག་ཀྱང༌། །བརྩོན་འགྲུས་མེད་པས་མཐར་ཕྱིན་བྱ་བ་དཀའ། །ཡོངས་སུ་སྐྱོ་མེད་བརྩོན་འགྲུས་ཆེ་ལྡན་ན། །མི་འཐོབ་མི་འགྲུབ་རྣམ་པ་གང་ཡང་མེད། །སྐྱེ་བོ་མ་རབས་ཐོག་མར་བརྩམས་མི་མོས། །བརྩམས་ནས་དབུས་སུ་སྒྱིད་ལུག་བརྩོན་འགྲུས་གཏོང༌། །གཞན་དོན་ངལ་མེད་བརྩོན་འགྲུས་ལྡན་པ་ནི། །མྱ་ངན་འདས་སྟོང་སྤྱོད་པ་རྒྱ་ཆེན་རྩོམ། །ལེ་ལོས་བསླུས་པའི་འགྲོ་བ་ཕལ་ཆེར་ནི། །བརྩོན་འགྲུས་རང་དབང་ཡོད་ཀྱང་བདག་དོན་གཏོང༌། །བརྩོན་འགྲུས་ཆེ་ལྡན་གཞན་ལ་ལྟོས་མེད་ནི། །གཞན་དོན་ཁུར་ཆེན་སྐྱོ་བ་མེད་པར་འཁྱེར། །སྔ་ཕྱི་འཁོར་བའི་མཐའ་དང་མཉམ་ཙམ་དུ། །རྒྱ་ཆེ་རིང་བའི་ཉིན་དང་མཚན་གྱུར་ལ། །དེ་འདྲ་བསགས་པས་ལོ་གྱུར་དུས་རིང་བའི། །བསྐལ་པ་རྒྱ་མཚོའི་ཆུ་ཐིགས་གྲངས་སྙེད་ཀྱིས། །བྱང་ཆུབ་མཆོག་གི་སེམས་གཅིག་སྐྱེ་འགྱུར་བ། །དེ་འདྲའི་རྣམ་པས་ཚོགས་གཞན་དེ་རེ་ཞིང༌། །བསྒྲུབ་དགོས་གྱུར་ཀྱང་སྙིང་རྗེས་སྐྱོ་བསལ་ཏེ། །བྱང་ཆུབ་དམ་པ་སྒྱིད་ལུག་མེད་པར་བསྒྲུབ། །འཁོར་ཚེ་རང་གི་སྡུག་བསྔལ་སེམས་གཏང་ཞིང༌། །གོ་ཆ་བརྟན་པ་དཔག་


DTG111_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་དེ་བསྐྱེད་ན། །བརྟུལ་ཞུགས་དཔའ་བོ་སྙིང་རྗེའི་ངང་ཅན་ལ། །ཡང་དག་བླངས་པ་དང་པོ་ཡིན་པར་བརྗོད། །འཇིག་རྟེན་མེས་བཀང་རྐང་གིས་འབོག་བྱ་ཞིང༌། །ས་ཆེན་མཚོན་གྱིས་དཀྲིགས་པས་གཟིགས་བྱས་ཏེ། །བདེ་གཤེགས་ལྟ་བར་མོས་དང་གང་ལྡན་ཞིང༌། །ཆོས་ཀྱི་བདུད་རྩི་ཞི་བ་མཆོག་བསྲུང་དང༌། །འཁོར་བའི་འདམ་ནས་སྐྱེ་བོ་འདི་དག་ཀུན། །བདག་གིས་བཏོན་ཏེ་བྱང་ཆུབ་བདེ་དགོད་ཅེས། །གོམས་པ་བཏེག་ཅིང་བོར་བའི་དུས་དག་ཏུ། །གང་ཞིག་དེ་འདྲར་མཉམ་འཇོག་སེམས་འཆང་དང༌། །འཇིག་རྟེན་ཕན་ཕྱིར་བརྩོན་འགྲུས་ཆེ་བསྐྱེད་ཅིང༌། །གཞན་ལ་ཕན་པའི་བསོད་ནམས་མང་བསྒྲུབས་པ། །དེ་ནི་མི་ཟད་པ་ཡི་བརྩོན་འགྲུས་ཏེ། །དཔལ་ལྡན་ཡང་དག་བླངས་པ་གཉིས་ཞེས་བྱ། །བསོད་ནམས་རྣམ་པ་ཅི་སྒྲུབ་དུས་ན་ཡང༌། །རྫོགས་པའི་སངས་རྒྱས་ཉིད་དུ་སྔོ་བྱེད་ན། །དེ་ནི་མི་ཟད་ཡང་དག་བསྒྲུབ་པའི་ཕྱིར། །ཡང་དག་ལེན་པའི་མཆོག་ཅེས་ཐུབ་པས་གསུངས། །རྒྱ་མཚོ་ཆེན་པོར་ཆུ་ཐིགས་གཅིག་བོར་བ། །རྒྱ་མཚོ་མ་ཟད་དུས་སུ་ཟད་མི་འགྱུར། །དེ་བཞིན་བྱང་ཆུབ་མཆོག་ཏུ་བསྔོས་པ་ཡི། །བསོད་ནམས་རྣམ་པ་ཟད་པར་འགྱུར་བ་མེད། །དེ་ཡང་སྙིང་རྗེ་རྣམ་དག་སེམས་ལྡན་ཞིང༌། །འགྲོ་བ་རྒྱུ་དང་མི་རྒྱུ་མ་ལུས་ཀུན། །རྣམ་པ་ཐམས་ཅད་མཁྱེན་པར་བསྒྲུབ་བྱ་ཞེས། །སེམས་ཅན་དམ་པ་བསོད་ནམས་དེ་དག་རྩོམ། །སྟོང་གསུམ་ཆེན་པོའི་འགྲོ་བ་ཇི་སྙེད་པ། །ཉི་མ་གཅིག་གིས་ལ་ལ་སྒྲོལ་བྱེད་ལ། །བསྐལ་པ་དུ་མར་དེ་བཞིན་བསྒྲལ་བྱས་ཀྱང༌། །སེམས་ཅན་ཁམས་ལས་མང་པོ་མ་བསྒྲལ་ཞེས། །སེམས་ཅན་མི་ཟད་དེ་འདྲ་ཐོས་གྱུར་ཀྱང༌། །མ་ལུས་སེམས་ཅན་བསྒྲལ་བར་རབ་མོས་ཤིང༌། །སྒྱིད་ལུག་སྐྱོན་གྱིས་མ་བཟུང་བརྩོན་ལྡན་ན། །དོན་གྱི་སྙིང་པོ་དེ་ལ་རིང་བ་མིན། །འགྲོ་བ་ཀུན་གྱི་བསོད་ནམས་གཅིག་བསྒྲུབ་པ། །དེ་སྙེད་བཅུ་འགྱུར་བསྒྱུར་བས་བདེ་གཤེགས་ཀྱི། །བ་སྤུའི་ཁུང་གཅིག་མངོན་པར་འགྲུབ་འགྱུར་ལ། །སྤུ་རྣམས་གཅིག་ནས་རེ་རེར་མངོན་འགྲུབ་ཅིང༌། །བ་སྤུ་མངོན་སྒྲུབ་བསོད་ནམས་དེ་དག་ཚོགས། །བརྒྱ་འགྱུར་དག་ཏུ་བསྒྱུར་བའི་བསོད་ནམས་ཀྱིས། །དཔེ་བྱད་བཟར་གཅིག་


DTG111_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་ཅིང་དེ་བཞིན་དུ། །དཔེ་བྱད་བཟང་པོའི་ལྷག་མ་ཀུན་འགྲུབ་ཅིང༌། །དཔེ་བྱད་བཟང་པོས་བསྡུས་པའི་བསོད་ནམས་ཚོགས། །དེ་སྙེད་སྟོང་དུ་བསྒྱུར་བའི་བསོད་ནམས་ཀྱིས། །རྫོགས་པའི་སངས་རྒྱས་མངོན་པར་སངས་རྒྱས་ཚེ། །མཚན་ནི་སྣ་ཚོགས་རེ་རེ་འགྲུབ་འགྱུར་ལ། །མཚན་རབ་བསྐྱེད་པའི་བསོད་ནམས་རྒྱུར་གྱུར་ཏེ། །སྟོང་དུ་བསྒྱུར་བའི་བསོད་ནམས་ཕུང་པོ་ལས། །ཟླ་བ་ཉ་ལྟར་མཛེས་ཤིང་གསལ་བ་ཡི། །མཛོད་སྤུ་མདོག་བཟང་ཡིད་འོང་འགྲུབ་འགྱུར་བ། །མཛོད་སྤུ་མངོན་སྒྲུབ་བསོད་ནམས་དེ་སྙེད་ཚོགས། །བརྒྱར་འགྱུར་སྟོང་དུ་བསྒྱུར་བའི་བསོད་ནམས་ཀྱིས། །སྤྱི་གཙུག་བལྟར་མི་མཐོང་བའི་མཚན་ལྡན་པའི། །གཙུག་ཏོར་རྒྱན་མཛེས་སངས་རྒྱས་དབུ་འགྲུབ་སྟེ། །དེ་འདྲའི་བསོད་ནམས་སྒྲུབ་ཚུལ་དེ་དག་ཀྱང༌། །བདག་གིས་བསྒྲུབ་ཅེས་བྱང་ཆུབ་སེམས་མཐོང་ན། །བརྩོན་འགྲུས་འདོར་བ་དེ་ལ་གང་གི་སྒོར། །སྒྱིད་ལུག་ལེ་ལོའི་ཆ་ཤས་སྐབས་སུ་འགྱུར། །འཇིག་རྟེན་ཁམས་ཀུན་སེམས་ཅན་མ་ལུས་པར། །རང་རྒྱལ་རྣམས་དང་ཐམས་ཅད་འདྲར་གྱུར་ཀྱང༌། །བཟོད་ལ་གནས་པའི་བྱང་ཆུབ་སེམས་དཔའ་གཅིག །ཡེ་ཤེས་དམ་པས་དེ་དག་ཀུན་པས་འཕགས། །དེ་སྙེད་བཟོད་པའི་སྟོབས་ལ་གནས་པ་བས། །མི་ལྡོག་བྱང་ཆུབ་སེམས་དཔའ་གཅིག་འཕགས་ཏེ། །འཇིག་རྟེན་པ་དང་འཇིག་རྟེན་འདས་པ་ཡི། །དགེ་ལ་བསྒྲུབ་པ་དེ་ནི་ངལ་མི་ཤེས། །མི་ལྡོག་བྱང་ཆུབ་སེམས་དཔའ་དེ་སྙེད་པས། །སྐྱེ་བ་གཅིག་ཐོགས་རྒྱལ་སྲས་དེ་འཕགས་ཏེ། །བརྩོན་འགྲུས་བརྟན་དང་ལྡན་པའི་ནང་ན་ཡང༌། །བྱང་ཆུབ་ཤིང་དྲུང་ཕྱིན་པ་ཅི་ཞིག་སྨོས། །རྣམ་པ་དེ་འདྲའི་ཡེ་ཤེས་རྣམ་དག་དང༌། །འཇིག་རྟེན་མ་ལུས་སེམས་ཅན་ཀུན་ལྡན་ཡང༌། །བྱང་ཆུབ་སྙིང་པོའི་ཤིང་དྲུང་ཕྱིན་གྱུར་ལ། །བདུད་འདུལ་སྐྱེ་བ་ཐ་མའི་ཆར་མི་འགྲོ། །དེ་འདྲའི་ཡེ་ཤེས་རྣམ་པ་དག་ལྡན་པས། །འཇིག་རྟེན་མ་ལུས་ཁམས་ཀུན་གང་གྱུར་ཀྱང༌། །ཡོན་ཏན་རྣམ་མང་དེ་དག་གཅིག་སོགས་པས། །བདེ་གཤེགས་སྟོབས་ཀྱི་ཆ་ལའང་མཉམ་མི་འགྲོ། །དེ་འདྲའི་ཡེ་ཤེས་རྒྱ་མཚོ་རྨད་བྱུང་བ། །གཞན་སེམས་ཤེས་པའི་མཐུ་ལ་ཐོགས་མེད་ཅིང༌། །


DTG111_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སྣང་བ་མཁའ་ལྟར་ཡངས་པ་ལ། །སྙིང་རྗེ་ལྡན་པ་གཅིག་པུ་ཕ་རོལ་རྒལ། །སེམས་ཅན་མ་ལུས་ཀུན་ལ་ཁྱབ་པ་ཡི། །སྙིང་རྗེ་ཆེན་པོ་འཇིག་རྟེན་ཀུན་དུ་འབྱུང༌། །རྫོགས་པའི་སངས་རྒྱས་ཆོས་ཀྱི་རྣམ་པ་དག །རྨད་བྱུང་མ་ལུས་དེ་ཕྱིར་ཡང་དག་གྲུབ། །དེ་འདྲའི་སེམས་ཅན་དམའ་བས་མཉན་དགའ་བའི། །ཡང་དག་བླང་བའི་ཡོན་ཏན་ཀུན་ལྡན་ན། །ཡང་དག་ཉིད་ལམ་ཡན་ལག་བརྒྱད་ལྡན་ཞིང༌། །བརྩོན་འགྲུས་ཕུལ་བྱུང་ཤིན་ཏུ་རྣམ་པར་མཛེས། །བརྩོན་འགྲུས་རྣམ་གསུམ་དགེ་བ་སྦྱོར་བ་སྟེ། །ལུས་དང་ངག་ཡིད་བརྩོན་འགྲུས་རྣམ་པ་ལས། །འཇུག་དང་གནས་དང་མཉམ་པར་བཞག་པ་ཡི། །བརྩོན་འགྲུས་ཕུལ་བྱུང་ཡིད་ལས་བྱུང་བ་ཡིན། །བྱང་ཆུབ་སེམས་ལ་མོས་ཤིང་ཞི་བ་དང༌། །སྙིང་རྗེ་ཆེ་དང་བདག་མེད་བཟོད་པ་དང༌། །འགྲོ་བ་སྡུག་བསྔལ་བསྡུ་བ་རྣམ་བཞི་དང༌། །ཆོས་རྣམས་ཀུན་ལ་ཡོངས་སུ་འཛིན་མེད་དང༌། །འཁོར་བའི་འདམ་ན་ཡོངས་སུ་སྐྱོ་མེད་དང༌། །ཁམས་གསུམ་ཐམས་ཅད་ཉེ་བར་མི་དམིགས་ཤིང༌། །བདོག་པ་ཀུན་གཏོང་ང་རྒྱལ་འགྱུར་མེད་དང༌། །བསླབ་པ་ཀུན་ལ་ཡང་དག་སློབ་པ་དང༌། །གཞན་གྱི་གནོད་པས་མི་འགྱུར་བརྟན་ལྡན་ཞིང༌། །སེམས་ལ་རྣམ་འཁྲུག་ནམ་ཡང་མི་འབྱུང་དང༌། །དགེ་བའི་ལས་ལ་བརྩོན་པ་བརྟན་པ་དང༌། །དཔེན་ལ་དགའ་བའི་རོ་གཅིག་སེམས་ལྡན་དང༌། །བསམ་གཏན་བཞི་པོར་མཉམ་པར་གཞོག་པ་དང༌། །བདག་མེད་ངེས་པར་རྟོགས་པའི་སེམས་ལྡན་དང༌། །ཐོས་པ་མང་པོས་ངོམ་པར་མི་འགྱུར་ཞིང༌། །རིགས་པར་འཇུག་ཅིང་དེ་ལ་རྟོག་པ་དང༌། །ཇི་ལྟར་ཐོབ་པ་ཡང་དག་སྟོན་བྱེད་ཅིང༌། །བརྗོད་མེད་ཆོས་ཉིད་ཡང་དག་ཤེས་པ་དང༌། །མངོན་ཤེས་ལྔ་ལ་མཐུ་ཆེན་ལྡན་པ་དང༌། །མངོན་ཤེས་དྲུག་ལ་སྒོམ་ཙམ་བྱེད་པ་དང༌། །རྫུ་འཕྲུལ་རྐང་པ་མངོན་པར་སྒྲུབ་པ་དང། །སྤྱོད་པ་ཚེགས་མེད་ཤིན་ཏུ་གསལ་བ་དང༌། །ཡང་དག་སྤོང་ལ་སྦྱོར་བ་བྱེད་པ་དང༌། །དགེ་དང་མི་དགེའི་ཕྱོགས་ལས་རྣམ་གྲོལ་ཞིང༌། །དབང་པོ་ངེས་པར་བྱ་ལ་མཁས་པ་དང༌། །ཆོས་རྣམས་དབང་པོ་མེད་པར་ཤེས་གྱུར་ཅིང༌། །ལས་ཀྱི་ཚོགས་རྣམས་ཡོངས་སུ་


DTG111_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཚོལ་བྱེད་ཀྱང༌། །གར་ཡང་འགྲོ་མེད་རྨད་བྱུང་ཟབ་པ་དང༌། །དེ་ལ་སོགས་པ་སེམས་སྤངས་བརྩོན་པའི་ལུས། །གཟུད་ཅིང་དགོད་པའི་ཁྱད་པར་འཕགས་པ་ཅན། །དེ་ཉིད་མི་ཟད་ཡོངས་སུ་རྫོགས་བྱའི་ཕྱིར། །དགོན་པའི་བརྩོན་འགྲུས་ཁྱད་པར་རྒྱུ་ཡང་ཡིན། །ཡེ་ཤེས་མཆོག་གི་ལས་ལ་གནས་འཆའ་ཡང༌། །མཚན་མའི་ལས་ལ་དེ་ནི་འཇུག་པ་མེད། །སྙིང་རྗེ་ཆེན་པོས་འདུས་བྱས་མི་གཏོང་ཞིང༌། །བརྩོན་འགྲུས་ཆེ་ཡང་འདུས་བྱས་མེད་མི་ལྟུང༌། །སྔོན་ཆད་མ་ཐོས་ཆོས་ཐོས་གནོད་པ་མེད། །ཅིས་ཀྱང་མི་ཚུགས་ཐོས་པའི་ཆོས་ཀྱང་འཛིན། མི་མིན་ཀུན་ཀྱང་དེ་ལ་ཕན་པར་དགའ། །ཏིང་འཛིན་རྣམ་པ་ཀུན་ཀྱང་ཐོབ་པར་འགྱུར། །ཉིན་མཚན་དུས་རྣམས་འབྲས་བུ་ཡོད་པར་ཟླ། །ཡོན་ཏན་ཚོགས་ཀྱིས་དམའ་བར་འགྱུར་བ་མེད། །མི་ཡི་ཆོས་ལས་འཕགས་པའི་དོན་རྣམས་ཀྱིས། །མེ་ཏོག་ཨུཏྤལ་བཞིན་རྣམ་པར་འཕེལ། །གྲགས་པ་ཡང་དང་བདེ་བ་ཐོབ་པར་འགྱུར། །སེར་སྣ་དོགས་སྤངས་ཡིད་ཚུལ་མཆོག་ཀྱང་འཐོབ། །ཚེ་འདིའི་ཡོན་ཏན་ཇི་སྙེད་སྣང་བ་ཀུན། །བརྩོན་པའི་ཚུལ་འབྱུང་ཡོན་ཏན་ཆེ་བ་མེད། །ཡོན་ཏན་ཆེ་མངའ་རྫོགས་པའི་སངས་རྒྱས་ཏེ། །ཁམས་གསུམ་མཆོད་འོས་ཉིད་ཀྱང་དེ་ལས་གྲུབ། །བརྩོན་འགྲུས་ཆེན་པོའི་ཡོན་ཏན་དེ་འདྲ་ན། །བརྩོན་འགྲུས་ཆེ་ལ་གང་ཞིང་བརྩོན་མི་བྱེད། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུའོ།། །།དེ་ནས་ཡེ་ཤེས་བསྐྱེད་པའི་ཕྱིར། །བསམ་གཏན་ཚུལ་ལ་བརྩོན་པར་བྱ། །འཇིག་རྟེན་ཕན་པའི་རྣམ་པ་དག །ཡེ་ཤེས་སྣང་བས་བདེ་བར་འགྲུབ། །བསམ་གཏན་ཚུལ་གྱིས་སེམས་དག་ན། །སྟོན་གྱི་དུས་ཀྱི་སྤྲིན་བསལ་བའི། །མཁའ་ལ་ཟླ་བ་གསལ་བ་ལྟར། །ཡེ་ཤེས་ཁྱད་དུ་དང་བར་འགྱུར། །རྣམ་དག་ཚུལ་ཁྲིམས་ལྡན་བྱས་ཤིང༌། །དགེ་ཕན་གྲོགས་དང་བརྟེན་བྱས་ཏེ། །བྱ་བ་ཉུང་ཞིང་ཞི་བའི་དང༌། །དྲན་པས་བྱིན་རླབས་ཚུལ་བཅང་སྟེ། །ཤིང་དྲུང་བརྟུལ་ཞུགས་གནས་དག་གམ། །ནེའུ་གསིང་སྡུག་གུའི་ས་གཞིའམ། །ཆེད་དུ་མ་བྱས་མདངས་དགའ་བའི། །ནགས་ཀྱི་མེ་ཏོག་དྲི་ཞིམ་པའམ། །བསམ་གཏན་རྐྱེན་དུ་འོས་པ་ཡི། །ཆོག་ཤེས་འགྲོ་བའི་གནས་དག་


DTG111_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

གམ། །འགྲོ་བའི་སྒྲ་སྐད་མི་འབྱུང་བར། །ཟབ་མོར་གནས་པའི་གནས་དག་གམ། །དགོན་པའི་ས་གཞི་བཟང་པོའམ། །སྟོང་པའི་གནས་དང་ཁྱིམ་དག་གམ། །སྨན་ལྗོངས་རི་ཁྲོད་དབེན་པ་དག །སེང་གེའི་ང་རོ་གྲགས་གནས་སམ། །འདུ་འཛི་ཉོན་མོངས་དབེན་གྱུར་པའི། །གང་ཡང་རུང་བའི་གནས་དག་ཏུ། །སྐྱིལ་མོ་ཀྲུང་དུ་བདེར་འདུག་སྟེ། །དྲང་པོའི་ལུས་ནི་བསྲང་བྱས་ཤིང༌། །དྲང་བའི་བསྲུང་བ་སེམས་གཞི་ལ། །ཉེ་བར་ཡང་དག་གཞག་བྱ་སྟེ། །སྙིང་རྗེས་ལོག་པར་རྟོགས་པ་རྣམས། །སྐབས་མེད་ཚུལ་དུ་དམ་བཅས་ཤིང༌། །ཤེས་ཕར་རབ་ཤེས་བྱ་བའི་དུས། །འདི་ཡིན་མྱ་ངན་འདས་དུས་མིན། །སེམས་ཅན་མྱ་ངན་མ་འདས་སུ། །མྱ་ངན་འདའ་བར་མོས་མེད་ཅེས། །དེ་ལྟར་འཇིག་རྟེན་ཕན་བསམས་ཏེ། །སངས་རྒྱས་ཉིད་དུ་མོས་བསྐྱེད་ཅིང༌། །རྒྱུན་མི་འཆད་པའི་རྣལ་འབྱོར་གྱིས། །བསམ་གཏན་བསྒྲུབ་ལ་བརྩོན་པར་བྱ། །ཡང་དང་ཡང་ཞིང་ངལ་བསོ་ན། །གཙུབས་པས་མེ་ཕྱིན་མེ་འགྱུར་ཏེ། །རྣལ་འབྱོར་ཚུལ་ལའང་དེ་བཞིན་དུ། །ཁྱད་པར་མ་ཐོབ་གཏོང་མི་བྱ། །དམིགས་པ་གཅིག་ལ་བརྟན་ཚུལ་དུ། །ཡིད་ཀྱི་བསམ་པ་བརྟན་པར་བྱ། །དམིགས་པ་མང་པོ་བརྒྱུད་པ་ལས། །འདི་ནི་ཉོན་མོངས་འཁྲུག་པར་འགྱུར། །ལྷག་མཐོང་བརྩོན་པའི་སྟོབས་ཀྱི་མཐུས། །ཞུམ་པར་གྱུར་ན་གཟེངས་ཡང་བསྟོད། །རྒོད་པར་གང་ཚེ་གྱུར་པའི་ཡིད། །ཞི་གནས་ཚུལ་གྱིས་བཟློག་པར་བྱ། །ཏིང་འཛིན་མཐུ་ནི་མི་གཡོ་ཞིང༌། །ཡང་དག་གྱུར་ན་བཏང་སྙོམས་གཞག །བདེ་གཤེགས་ཏིང་འཛིན་ཐོབ་བྱའི་ཕྱིར། །དེ་ལ་ཆགས་པར་ཡོང་མི་བྱ། །བསམ་གཏན་དགའ་བའི་རོ་མྱང་བས། །རང་དབང་མེད་པའི་ཉམ་མི་བླང༌། །བདག་གི་བདེ་ཙམ་ཐོབ་དོན་དུ། །བརྩམ་པ་རྒྱ་ཆེན་འདི་སྒྲུབ་མིན། །ལུས་དང་སྲོག་ལ་ལྟ་བ་ཡི། །ཞུམ་པས་ནོན་གྱུར་སེམས་གྱུར་ཅིང། །རང་གི་མགོ་བོ་ཚིག་གྱུར་ཀྱང༌། །བརྩོན་འགྲུས་ལྷོད་པར་དེས་མི་བྱ། །མཚན་མའི་རྣམ་པ་ཤེས་བྱས་ཤིང༌། །ཡིད་ནི་མཉམ་པར་གཞག་པའི་ཕྱིར། །དམིགས་ལས་བསམ་པ་ཉམས་གྱུར་ན། །དྲན་པས་ཕྱིར་ཡང་བསྡུ་བར་བྱ། །སྒྲིབ་པ་རྣམས་ལས་རང་གི་ཡིད། །གླང་


DTG111_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རང་དབང་ཐོབ་འགྱུར་ན། །ལྕགས་ཀྱུས་བཟློག་པར་བྱ་བ་བཞིན། །ལོག་པའི་ཕྱོགས་ལས་བཟློག་པར་བྱ། །དེ་ནས་སྒྲིབ་པའི་ནད་ཀྱི་རྣམས། །བསལ་བས་སོས་པའི་ཡིད་གྱུར་ཅིང༌། །དབུལ་པོ་ཉམ་ཐག་ཕོངས་པ་ལས། །ལོངས་སྤྱོད་སྐྱིད་ཐོབ་ཐར་པ་བཞིན། །བདེ་དང་ལྡན་པའི་ཡིད་ཀྱིས་ནི། །འདོད་པའི་སྐྱོན་རྣམས་བསལ་བར་བྱ། །དེ་དང་བྲལ་བས་དམིགས་པ་ཡི། །བདེ་བ་གཅིག་ནས་གཅིག་བརྒྱུད་ཀྱང༌། །གློག་ལྟར་མི་རྟག་འགྱུར་བ་དང༌། །དབུ་བ་གསོག་ལྟར་བདག་མེད་པའི། །རྨི་ལམ་བཞིན་དུ་དོན་མེད་པར། །བསླུ་བའི་དོན་དུ་འོངས་འདྲ་དོར། །ཕ་རྣམས་བུ་ལ་བྱམས་པ་དང༌། །བུ་རྣམས་ཕ་ལ་དེ་བཞིན་ཏེ། །མཛའ་ལ་མཛའ་བོ་བྱམས་པ་དང༌། །འགྲོ་རྣམས་ཕན་ཚུན་བྱམས་པ་དག །ཡོན་ཏན་ཚོགས་ཀྱིས་བསྒྲུབ་བྱས་ཤིང༌། །བརྟན་པའི་སྙིང་པོས་བརྟན་བྱས་ཏེ། །གཡུལ་དུ་གྲུ་གདོང་འདྲེན་བཞིན་གྱི། །མཛའ་བྱམས་ས་མཚམས་འཇིགས་བྱེད་ཀྱང༌། །འདི་ཚེ་བརྩལ་བའི་སྡུག་བསྔལ་དང༌། །གཞན་དུ་ངན་འགྲོ་སྐྱེད་བྱེད་པའི། །རྒྱུར་གྱུར་འདོད་པའི་རྣམ་པ་ཡིན། །དེ་བས་འདོད་པ་བསྟེན་མི་བྱ། །རྣམ་རྟོག་རྣམས་ཀྱི་གཞིར་གྱུར་ཅིང༌། །བདག་དང་གཞན་རྣམས་ཀུན་གྱི་ཡང༌། །ཤེས་རབ་མིག་ལྡོངས་བྱེད་པའི་རྒྱུ། །མི་བདེ་སྣ་ཚོགས་སྐྱེད་པ་ཡང༌། །བདག་འདོད་དོན་ལ་བརྩོན་པར་བྱ། །རྣམ་པ་ཀུན་དུ་ཡོངས་སྤངས་པའི། །འདོད་པ་དེ་དག་གཞན་དོན་ལ། །བརྩོན་པས་དྲན་བྱར་འོས་པ་མིན། །འདོད་པ་དེ་དག་ཐོབ་པ་དང༌། །ཉིན་གཅིག་བཞིན་དུ་བསྟེན་པ་དང༌།། མང་དུ་བསགས་པས་མི་ངོམས་ན། །དེ་ལས་ནད་ཆེན་གང་ཞིག་ཡོད། །བཙལ་ཚེ་རོ་མེད་ཉོན་མོངས་ལ། །བསྲུང་ཚེ་འཇིགས་པ་སྐྱེད་བྱེད་ཅིང༌། །མེད་འགྱུར་མྱ་ངན་ཆེ་བསྐྱེད་ན། །དེ་ལ་འདོད་བྱེད་སུ་ཞིག་ཡོད། །གང་གི་རོ་ལ་མྱོས་གྱུར་ན། །རང་དོན་ཉིད་ཀྱང་མི་རིགས་ཏེ། །མྱོས་འགྱུར་སྨྱོན་ཆུ་ཇི་བཞིན་པའི། །འདོད་པ་སེམས་ལྡན་སུ་ཞིག་བསྐྱེད། །དེ་ལྟར་རྣམ་པ་ཐམས་ཅད་དུ། །འདོད་པ་སྐྱོན་ལྡན་ཤེས་གྱུར་ན། །དེ་ལས་སེམས་ནི་ལྡོག་འགྱུར་ཏེ། །འབྱུང་ལམ་ཆོས་ལ་མོས་པར་འགྱུར། །དབེན་ལས་སྐྱེས་པའི་དགའ་དང་བདེ། །བག་ཡངས་ཐོབ་ལས་སྐྱེས་པ་འབྱུང༌།།


DTG111_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་དེ་དང་ལྡན་པས་ན། །བསམ་གཏན་དང་པོ་ཐོབ་པ་ཡིན། །དེར་ནི་རྣམ་རྟོག་རྣམ་དཔྱོད་དག །འདོད་ལྡན་སྐྱོན་ལྡན་མཐོང་འགྱུར་ཞིང༌། །དེ་དག་ཞི་བ་ཚོལ་བྱེད་པས། །ཏིང་འཛིན་དགའ་སྐྱེས་བདེ་བ་ཐོབ། །ནང་ནི་ཡོངས་སུ་དང་གྱུར་ཞིང༌། །དེ་སེམས་རྩེ་གཅིག་གྱུར་པ་ནི། །བསམ་གཏན་གཉིས་པའི་བསམ་གཏན་ཞེས། །གཉིས་མེད་དྲང་སྲོང་མཆོག་གིས་གསུངས། །ཡིད་ཀྱི་འཁྲུག་ལོང་ཡིན་ཤེས་ནས། །དགའ་ལས་འདོད་ཆགས་བྲལ་གྱུར་པ། །དྲན་པ་བཏང་སྙོམས་ལྡན་པ་ཡི། །བསམ་གཏན་གསུམ་པ་ཐོབ་པར་འགྱུར། །བདེ་བའི་བསམ་པ་ཡོངས་བཏང་བས། །བདེ་དང་སྡུག་བསྔལ་མེད་གྱུར་ཅིང༌། །བཏང་སྙོམས་དྲན་པས་རྣམ་དག་པའི། །བསམ་གཏན་བཞི་པ་འཐོབ་པར་འགྱུར། །དེ་ནས་མངོན་ཤེས་ལྔ་ཐོབ་སྟེ། །ཆོས་རྒྱལ་རྒྱལ་སྲིད་གནས་པ་ན། །དཔལ་ལྡན་གྲགས་པ་ཁྲེལ་དང་གཟུངས། །དེ་ཡི་རྗེས་སུ་འབྲང་བར་འགྱུར། །གཞན་གྱི་དོན་དུ་མངོན་བསྒྲུབས་པས། །རང་རྒྱལ་ཉན་ཐོས་ཡོན་ཏན་ལ། །དེ་དག་ཤིན་ཏུ་འདས་གྱུར་ཅིང༌། །ཤིན་ཏུ་ཁྱད་འཕགས་མཐུ་དང་ལྡན། །གཏོང་བ་འཇུངས་པ་འགོད་བྱེད་ཅིང༌། །ཚུལ་ཁྲིམས་མེད་པ་ཚུལ་ལ་འགོད། །ཁྲོ་བ་བཟོད་ཅིང་ངེས་པ་དང༌། །སྒྱིད་ལུག་བརྩོན་འགྲུས་ཆེན་པོ་དང༌། །འཁྲུག་པའི་སེམས་ལྡན་བསམ་གཏན་དང༌། །ཤེས་རབ་འཆལ་པ་ཤེས་རབ་ལ། །སྙིང་རྗེ་ཆེན་པོ་སྐྱོ་མེད་པར། །བརྩོན་འགྲུས་སྤྱོད་པས་སྦྱོར་བ་བྱེད། །དེ་ནས་མཐའ་ཡས་སྤྱོད་ཡུལ་ཅན། །ཉི་མ་འོད་ཆེན་ཇི་བཞིན་དུ། །མི་ཉམས་གསལ་བའི་འོད་ཆེན་གྱིས། །འཇིག་རྟེན་ཐམས་ཅད་སྣང་བར་བྱེད། །དེ་ནས་སེམས་ཅན་སྡིག་ཅན་དག །ངན་འགྲོར་ལྟུང་བར་གྱུར་པ་དང༌། །བསོད་ནམས་ཚེ་དག་ཟད་གྱུར་ཅིང༌། །ལྷ་ལས་ལྟུང་བར་གྱུར་པ་དང༌། །འཇིག་རྟེན་སྡུག་བསྔལ་དེ་དང་དེས། །ཡོངས་སུ་གདུང་བར་གྱུར་པ་དག །འཇིག་རྟེན་ཁམས་ན་གང་ཡོད་པ། །ལྷ་མིག་གསལ་བས་མཐོང་གྱུར་ཅིང༌། །སྙིང་རྗེ་ཆེན་པོ་སྐྱེ་འགྱུར་ཏེ། །སྙིང་རྗེ་ལྡན་པས་བག་མེད་སྤོང༌། །གཞན་དོན་སྒྲུབ་ལ་བག་ཡོད་པས། །བསམ་གྱིས་མི་ཁྱབ་མཐུ་དང་ལྡན། །དེ་ནས་འཇིག་རྟེན་ཁམས་མང་ན། །


DTG111_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་མང་བཞུགས་དང༌། །སངས་རྒྱས་ཞིང་གི་རྒྱན་དག་དང༌། །དགེ་འདུན་ཕུན་སུམ་ཚོགས་མཐོང་ཞེས། །བྱང་ཆུབ་སེམས་དཔའ་ཁྱུ་མཆོག་གི །རྣམ་དག་སྤྱོད་ཡུལ་སྤྱོད་མཐོང་སྟེ། །སེམས་ཅན་གཞན་ལ་ཕན་དོན་དུ། །དཔལ་ལྡན་སྤྱོད་པ་མཐོང་གྱུར་པས། །དེ་ལ་སྨོན་ལམ་ཆེ་སྐྱེད་ཅིང༌། །སྨོན་ལམ་དཀྱིལ་འཁོར་འགྲུབ་འགྱུར་ཏེ། །གཞན་དོན་རྒྱ་ཆེན་སྔོ་བྱེད་པས། །རྒྱལ་སྲས་ཚུལ་མཆོག་ཡོངས་སུ་འགྲུབ། །མི་ལས་འདས་པའི་རྣ་བ་སྟ། །ལྷ་ཡི་རྣ་བ་རྣམ་དག་པས། །རྒྱང་རིང་སྒྲ་རྣམས་ཉེ་བ་བཞིན། །ཆེ་ཆུང་རྣམ་པ་ཀུན་ཐོས་ཤིང༌། །སྙིང་བརྩེ་མེད་པས་གང་སྨྲས་པའི། །ཞེ་གཅོད་རོ་མེད་ཚིག་གི་རྣམས། །ཁྲོ་བའི་མེ་ལས་བྱུང་བ་ཡི། །མེ་སྟག་རྒལ་འདྲ་ཐོས་འགྱུར་ཞིང༌། །ལྷ་མོའི་གླུ་རུ་སྙན་པ་དང༌། །རྒྱན་གྱི་ཕར་ཕུར་སིལ་ཁྲོལ་དང༌། །ལྷ་རྫས་རོལ་མོའི་སྒྲ་སྙན་པས། །མི་རྟག་ཚུལ་ཐོས་སྒྲ་ཐོས་ཤིང༌། །འཇིགས་དང་སྡུག་བསྔལ་རྣམ་པ་ལས། །མི་བཟད་མྱ་ངན་དྲག་པོའི་སྒྲ། །ཉོན་མོངས་ཉམས་བབ་ཐོས་པ་དག །མི་དགའི་རྣམ་པ་ཐོས་གྱུར་ན། །སྐུལ་མ་དྲག་པོས་བསྐུལ་བ་བཞིན། །བྱང་ཆུབ་སེམས་དཔའ་མཐུ་ལྡན་ཞིང༌། །ཁོང་ནས་སྙིང་རྗེ་ཆེ་ལྡན་ཏེ། །བརྩོན་འགྲུས་མཆོག་ནི་རྩོམ་པར་བྱེད། །འཇིག་རྟེན་སྣ་ཚོགས་འཇིག་པ་ཡི། །བདེ་གཤེགས་རྣམས་ལས་ཆོས་ཐོས་ཏེ། །མྱ་ངན་འདས་ལ་མོས་པའི་བློས། །སེམས་ཅན་དོན་མང་སྒྲུབ་པར་བྱེད། །གཞན་སེམས་ཚུལ་ལ་དེ་མཁས་ཤིང༌། །བག་ལ་ཉལ་དང་བསམ་ཤེས་པས། །ཡེ་ཤེས་ཡོ་བྱད་ལྡན་པ་དེ། །བསོད་ནམས་མྱུ་གུ་གསར་ཡང་བསྐྱེད། །བསྐལ་པ་བྱེ་བ་མང་པོ་ཡི། །སྔོན་གྱི་གནས་རྣམས་རྗེས་དྲན་ཞིང༌། །འཇིག་རྟེན་བསོད་ནམས་རྣམ་པ་དང༌། །སྟོབས་དང་སྟོབས་མེད་མཐོང་གྱུར་ནས། །དེ་དག་བསམ་པའི་ཚུལ་བཞིན་དུ། །རྫུ་འཕྲུལ་རྣམ་པས་ལུས་བསྒྱུར་ཅིང༌། །སྣོད་བཞིན་སྟོན་པར་བྱེད་པས་ན། །དོན་ཡོད་རྗོད་བྱེད་མཆོག་ཏུ་འགྱུར། །ལ་ལར་གཟུགས་མཛེས་ཡུན་ལྡན་ཞིང༌། །ཉི་མ་བརྒྱ་ལྟའི་འོད་ལྡན་ཏེ། །རི་མོ་གསལ་བའི་མཚན་རྒྱས་པ། །ཐུབ་རྒྱལ་མཚན་ལྡན་སྐུ་མཆོག་གིས། །འགྲོ་བའི་མིག་ལ་བདེ་སྐྱིད་ཅིང༌། །ཡིད་ལ་ཁྱབ་པར་སིམ་བྱེད་པས།།


DTG111_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དབང་མོས་པ་བྱང་ཆུབ་ཏུ། །བསྒྲུབ་ཕྱིར་འཆི་མེད་སྟོན་པར་བྱེད། །ཐུབ་དབང་ཞི་ཚུལ་དཔལ་ལྡན་པའི། །སྤྱོད་པ་རྣམ་པར་སྤྱོད་བྱེད་ཅིང༌། །ལ་ལར་འདུལ་དབང་ཇི་བཞིན་དུ། །སློབ་མའི་ཚུལ་གྱིས་འདུལ་བར་བྱེད། །ལ་ལར་ལྷ་དབང་བརྒྱ་བྱིན་བཞིན། །ལྷ་ཡི་སྤྱི་བོ་ཞབས་ལ་ཐུག །ནོར་སྦྱིན་ཇི་བཞིན་ནོར་མང་གཏོང༌། །ལ་ལར་ཚངས་ལྟར་གཟུགས་མཆོག་འཛིན། །ལ་ལར་སྤྱན་གསུམ་ཕྱེ་བ་སྟེ། །དྲི་མེད་ཟླ་བའི་རྒྱན་ལྡན་སྟོན། །ལ་ལར་ལྷ་མིའི་རྒྱལ་པོ་དང༌། །ཀླུ་ཡི་དཔལ་ཆེན་ཁྱེར་བ་སྟོན། །ལ་ལར་གནོད་སྦྱིན་རྒྱལ་པོ་ལྟར། །རྡོ་རྗེ་འབར་བ་ཐོགས་པ་སྟོན། །ཡོན་ཏན་འོད་ལྡན་ཐུབ་ཟླ་ལྟར། །ལ་ལར་གཡང་གཞི་མཚན་བསྟན་སྟོན། །ལ་ལར་བརྒྱ་བྱིན་ནོར་བུ་ཡིས། །བྲང་ལ་འོད་འབར་མཛེས་པ་སྟོན། །ལ་ལར་ཆུ་ཡི་ལྷ་གཟུགས་དང༌། །ལ་ལར་འདོད་པའི་ལྷ་ལྟར་སྟོན། །ལ་ལར་བུད་མེད་གཟུགས་མཛེས་དང༌། །ལ་ལར་ཕོ་སྨོས་དགའ་བ་སྟོན། །ལ་ལར་བརྟུལ་ཞུགས་ནོར་ལྡན་ཏེ། །འདོད་ལས་འདོད་ཆགས་བྲལ་བ་སྟོན། །ལ་ལར་མི་རྣམས་ཡིད་འཕྲོག་ཅིང༌། །སློབ་དཔོན་སློབ་མ་རྒྱལ་པོ་བྱེད། །ལ་ལར་མཐུ་ཆེན་བྱིན་རླབས་ཀྱིས། །ངན་སོང་སྡུག་བསྔལ་རྣམ་མང་སེལ། །འགྲོ་བའི་དད་པ་ཚུལ་བཞིན་དུ། །སྣ་ཚོགས་སྤྱོད་པ་ལས་བསྟན་ཞིང༌། །སྙིང་རྗེའི་ཡོན་ཏན་རྒྱ་ཆེ་བས། །འཇིག་རྟེན་ཕན་པ་གྲངས་མེད་བྱེད། །བསམ་གཏན་འདི་འདྲའི་གནས་ཐོབ་ཅིང༌། །ཁྱད་པར་ཕུན་སུམ་ཚོགས་ཐོབ་པས། །གཏེར་གྱི་མཚན་མ་སླུ་མེད་བཞིན། །ཁྱད་པར་གོང་ནས་གོང་བརྩོན་བྱ། །དེ་ལ་གནས་འཆའ་ཡན་བོར་ཅིང༌། །བརྟུལ་ཞུགས་ལྷོད་པའི་ཚུལ་བོར་ཏེ། །དགེ་བ་སྤེལ་ཕྱིར་བརྩོན་པར་བྱ། །དེ་ལས་བཟློག་པ་དམན་པར་འགྲོ། །ཏིང་འཛིན་རྩོམ་པ་མེད་པ་སྟེ། །རྗེས་སུ་བསྒྲུབ་པ་དཀོན་པས་ན། །རྣམ་པར་རྒྱལ་བ་འདོད་རྣམས་ཀྱིས། །ཞི་བའི་གཉེན་པོ་ཚུགས་མེད་བསྟེན། །ཡིད་ཚུལ་སྤང་བའི་མཆོག་གྱུར་ཀྱང༌། །ས་ལྟར་མི་གཡོ་བརྟན་པ་ཡི། །ས་མཆོག་མི་གཡོ་མ་ཐོབ་ཏུ། །དེ་ལ་ཡིད་བརྟན་གཡོ་མི་བྱ། །མངོན་པར་འདུས་བྱས་ལམ་བྱས་པ། །ཏིང་འཛིན་བསྒྲུབ་པའང་འཇིག་པར་འགྱུར། །དེ་བས་རྣམ་རྟོག་རྣམ་སྤངས་ཏེ། །


DTG111_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་དམ་པ་བསྒོམ་པར་བྱ། །བདེ་གཙང་རྟག་པའི་རྣམ་རྟོག་དག །འདུས་བྱས་སླུ་བའི་ཆོས་ཅན་དུ། །ཡང་དག་རྟོགས་པར་ཤེས་བྱ་སྟེ། །དངོས་པོའི་རྣམ་རྟོག་ཡོངས་སུ་སྤང༌། །དམིགས་པ་ཆུང་ཡང་བྱུང་གྱུར་ན། །ཉོན་མོངས་མདས་གཙག་གཞིར་ཡང་འགྱུར། །དེ་འདྲའི་གནོད་པ་ཀུན་བཅིལ་ན། །བདུད་ཀྱི་སྤྱོད་ཡུལ་འདས་པར་འགྱུར། །གནས་པའི་སྐྱོན་དང་ལྡན་གྱུར་ན། །བསམ་གཏན་རྣམ་དག་ཚུལ་མི་འགྱུར། །གནས་པའི་རྗེས་འབྲངས་ཉམས་པ་སྟེ། །དོང་སྐམ་བཅས་ཞེས་དེ་ཕྱིར་བརྗོད། །ཐ་སྙད་ཚུལ་དག་འགྲུབ་དོན་དུ། །དེ་ནི་འཇིག་རྟེན་ལམ་ཞེས་བྱ། །ཡོད་དང་མེད་བྱུང་གཏང་མེད་པས། །གང་ནའང་ཅི་ཡང་སྐྱེ་བ་མེད། །ནམ་མཁའི་དབྱིངས་འདྲ་ཡིད་ལྡན་ན། །སྲིད་པ་གསུམ་གྱི་གནས་དང་བྲལ། །ཚུལ་འཆོས་བྲལ་བའི་སྤྱོད་བརྟན་ལ། །ཁ་གསག་མེད་པའི་ཚུལ་ལྡན་ན། །འཇིག་རྟེན་སྤྱོད་པ་དེ་བྱེད་ཀྱང༌། །འགྲོ་བ་གཅིག་ཏུ་ཕན་པ་སྤྱོད། །སེམས་ལ་དབང་གྱུར་ཐོབ་པས་ན། །ཏིང་འཛིན་སྟོབས་ལས་ཉམས་པ་མེད། །དེ་ཐོབ་ཡན་ཆད་རྨད་བྱུང་བའི། །ཏིང་འཛིན་འབྲས་བུ་མང་ལྡན་པས། །དབྱར་དུས་རྒྱ་མཚོ་ཆུ་ཀླུང་དག །ཆུ་གསར་བྱུང་བས་སྐྱེ་ཞིང་འཕེལ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ལེའུའོ།། །།སྦྱིན་ལ་སོགས་པའི་བསོད་ནམས་འདི་དག་ནི། །ཤེས་རབ་མགོན་བཅས་ལྷག་པར་མཐུ་ལྡན་འགྱུར། །གསེར་གྱི་རྒྱན་བཟངས་རྣམ་པ་སྣ་ཚོགས་ལ། །རིན་ཆེན་ཕྲ་བཀོད་འོད་ཀྱིས་གསལ་བ་བཞིན། །སོ་སོའི་དོན་ལ་དེ་དག་ཡོན་ཏན་མཐུ། །ཤེས་རབ་འདི་ཉིད་རྒྱ་ཆེན་སྒྲུབ་པར་བྱེད། །དབང་པོ་རང་རང་ཡུལ་གྱི་བྱེ་བྲག་ལ། །མཐུ་ཞེན་ཡིད་ཀྱིས་གསལ་བར་བསྟན་པ་བཞིན། །ལུས་འདི་སྲོག་དང་བྲལ་ན་མཐུ་མེད་ཅིང༌། །རང་གི་དགོས་པ་བསྒྲུབ་པ་མི་མཛེས་པ། །དེ་བཞིན་ཤེས་རབ་མེད་པས་བློ་གྱུར་ན། །དོན་སྒྲུབ་འཇིག་རྟེན་དག་ན་མཛེས་པ་མེད། །དད་ལ་སོགས་པའི་དབང་པོའི་རྣམ་པ་ཡང༌། །དབང་པོ་གཞན་ལ་བློ་འཛིན་ཤེས་རབ་གཙོ། །དེ་ཡི་མགོན་ལྡན་ཡོན་ཏན་སྐྱོན་ཤེས་པས། །ཉོན་མོངས་ཟད་པའི་ཚུལ་ལ་མཁས་པར་འགྱུར། །ཤེས་རབ་མེད་ན་འབྲས་བུ་དོན་གཉེར་ལ། །སྦྱིན་པ་དག་ཉིད་


DTG111_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག་མི་འགྱུར། །གཞན་དོན་བཏང་བ་སྦྱིན་པའི་མཆོག་ཅེས་གསུངས། །ལྷག་མ་ནོར་སྤེལ་དོན་གྱི་སྦྱོར་བ་ཡིན། །ཤེས་རབ་མི་གསལ་རྣམ་པར་བྱིང་གྱུར་ན། །བྱང་ཆུབ་སེམས་དཔས་རང་གི་ཤ་བྱིན་ན། །སྨན་གྱི་ཤིང་ལྟར་རྣམ་པར་མི་རྟོག་པར། །མཐོའམ་དམའ་བར་འགྱུར་བ་དེ་ལ་མེད། །དེ་བས་འཇིག་རྟེན་འདས་པ་དོན་གྱི་གཞི། །ཁྲོ་མེད་དགའ་བས་ཕུན་སུམ་ཚོགས་པའི་སེམས། །སྦྱིན་པ་ཆེན་པོས་འགྲོ་དོན་བསྒྲུབ་མོས་པ། །རྒྱལ་སྲས་ས་ཡི་དང་པོ་འཐོབ་པར་འགྱུར། །དེ་ལ་གནས་པ་ཕལ་ཆེར་བྱང་ཆུབ་ཏུ། །མི་འཕྲོགས་བློ་འཆང་འཁོར་ལོས་སྒྱུར་བར་འགྱུར། །ཤེས་རབ་མཐུས་བསྟན་ལམ་མཆོག་བདེ་བ་དེས། །རིམ་གྱིས་དྲི་མེད་རྒྱལ་སྲས་ས་ཡང་ཐོབ། །དེ་ནས་རང་བཞིན་རྣམ་དག་ཚུལ་འཆང་ཞིང༌། །གླིང་བཞི་འཁོར་ལོས་སྒྱུར་བར་དེ་འགྱུར་ཏེ། །རྒྱལ་པོ་ཀུན་གྱི་སྤྱི་བོས་བཀའ་བླང་ཞིང༌། །ཐུབ་དབང་རྒྱལ་བ་བཞིན་དུ་མཆོད་པར་འགྱུར། །དེ་དག་ཡན་ཆད་འདོད་པའི་ལྷ་རིས་དང༌། །འཇིག་རྟེན་བྱུར་བུ་སྟོང་གཉིས་སྟོང་གསུམ་གྱི། །དབང་ཕྱུག་ཐོབ་འགྱུར་དེ་དག་ཡན་ཆད་དུ། །ཤེས་རབ་འོད་ཀྱིས་རྒྱུ་རྣམས་སྦྱངས་པས་འཐོབ། །ཤེས་རབ་སྣང་བས་མུན་པ་མ་བསལ་ན། །ཚུལ་ཁྲིམས་དག་དང་ལྡན་པར་དེ་མི་འགྱུར། །ཕལ་ཆེར་ཤེས་རབ་མེད་པས་ཚུལ་ཁྲིམས་དག །ཤེས་པའི་སྐྱོན་གྱིས་ཉོན་མོངས་རྙོག་བཅས་འགྱུར། །རང་གི་དོན་དུ་ཚུལ་ཁྲིམས་མི་བསྒྲུབ་ན། །བློ་ལྡན་སྲིད་པའི་བཙོན་རའི་སྐྱོན་མཐོང་ཞིང༌། །དེ་ནས་འཇིག་རྟེན་མ་ལུས་གདོན་མོས་པ། །སྲིད་པའི་དོན་དུ་མི་སྒྲུབ་སྨོས་ཅི་དགོས། །ཤེས་རབ་ལོག་པའི་སྐྱོན་གྱིས་སེམས་རྙོག་ན། །བཟོད་པའི་ཡོན་ཏན་དེ་ལ་གནས་ཅི་སྨོས། །ལེགས་པར་རྟོགས་ལ་མི་དགའི་ཚུལ་འཆང་ཞིང༌། །ཡོན་ཏན་མེད་པའི་རྒྱན་ལ་གྲགས་པ་བཞིན། །ཤེས་རབ་ལྡན་པ་རྣམས་ལ་གནོད་པ་དག །བཟོད་པའི་ཡོན་ཏན་ཡོད་པས་གནོད་མི་འགྱུར། །ཤིན་ཏུ་དུལ་བའི་གླང་པོ་མཆོག་རྣམས་ལ། །ལས་ཀྱི་ཁྱད་པར་རྣམ་མང་བཟོད་པ་བཞིན། །བརྩོན་འགྲུས་གཅིག་པུ་བྱས་པ་ངལ་བའི་མཐའ། །ཤེས་རབ་གྲོགས་ཀྱིས་བསྟངས་ན་དོན་ཆེན་འགྲུབ། །བསྒྲུབས་བྱས་རྗེས་ལ་དེ་ཡི་ཡོན་ཏན་འཐོབ། །དེ་ལས་བྱུང་


DTG111_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དུབ་པ་ཡོངས་སུ་སེལ། །མཁས་པ་རྣམས་ལ་ཕུལ་དུ་བསྔགས་འགྱུར་ཞིང༌། །དེ་ལས་ཕྲ་ཞིང་ཟབ་པ་གཞན་མེད་པས། །འདོད་པའི་སྐྱོན་གྱིས་ཡོངས་སུ་མ་བསྒྲིབས་པའི། །ཡིད་ལམ་དྲང་པོར་ཤེས་རབ་མེད་མི་འགྱུར། །དེ་འདྲའི་བསམ་གཏན་བདེ་དགའ་མཆོག་ལྡན་པ། །སྐྱོན་བསགས་ཉེས་པ་ཆེན་པོ་གྲགས་གྱུར་པའི། །ལམ་གོལ་རིགས་པའི་ཚུལ་ལས་བརྟེན་པ་ནི། །སྐྱེ་བོ་མ་རབས་ཡིད་ལ་ཇི་ལྟར་འགྲུབ། །ཤེས་རབ་ཚུལ་ལ་བརྩོན་མེད་བློ་འཆང་ན། །དེ་ཡི་ལྟ་བ་ཡོངས་སུ་དག་མི་འགྱུར། །དེ་མེད་ཚུལ་ཁྲིམས་མི་འདག་དེ་མེད་པས། །ཏིང་འཛིན་མི་འཐོབ་སྡུག་བསྔལ་ཟད་མི་འགྱུར། །ཤེས་རབ་ལྡན་པས་སྐྱོན་ལས་བག་བྱེད་ཅིང༌། །ཡོན་ཏན་ཚོགས་ལས་རྒྱུན་དུ་བདེ་ཐོབ་པས། །ཉོན་མོངས་འགྲོ་བའི་དོན་ལ་རབ་བརྩོན་ཞིང༌། །ཡོན་ཏན་ཚོགས་ཀྱི་བདེ་བའི་ལམ་དུ་འཇུག །ཡང་དག་རྟོགས་པས་ཏིང་འཛིན་འཐོབ་པར་འགྱུར། །ངག་ཡིད་ལུས་རྣམས་རྣམ་པར་དག་པ་འགྲུབ། །དེ་ཕྱིར་སྐྱོན་མེད་མཐུ་དང་ལྡན་གྱུར་པ། །འཇིག་རྟེན་ཕན་པ་ཕུན་སུམ་ཚོགས་ལ་འཇུག །སྦྱིན་པས་ཅི་འདོད་ཡིད་བཞིན་སྒྲུབ་པ་བྱེད། །ཚིག་སྙན་བདུད་རྩི་ཤིན་ཏུ་གསལ་བ་དང༌། །རྒྱུ་མེད་མཐུ་དང་ལྡན་པའི་སྡོམ་པ་ཡིས། །གཞན་གྱི་དོན་ལ་མཉམ་པར་ཀུན་དུ་སྤྱོད། །དོན་ལ་ཐུན་མོང་ཡང་དག་བསྟན་བྱས་ཤིང༌། །བྱམས་པས་དེ་དག་ཡིད་ནི་དབང་བསྐུར་ཏེ། །ཤེས་རབ་སྟོབས་ཀྱིས་འཁོར་ལོ་ཐོགས་མེད་དེ། །མྱ་ངན་འདས་བའི་བདེ་ལ་འགོད་པར་བྱེད། །ཤེས་རབ་སྔོན་འགྲོ་མཐུ་ཆེན་འདི་དག་གིས། །བྱིན་གྱིས་བརླབས་ཤིང་ཡོངས་སུ་བསྲུངས་པས་ན། །མཚོ་མེད་ངན་འགྲོ་འཆི་དང་སྨད་པ་དང༌། །དོགས་པའི་སྟོབས་ཀྱིས་འཇིགས་པ་ཉེར་མི་འོང༌། །འཇིགས་པ་ཐམས་ཅད་སྐྱོན་ལས་བྱུང་བ་སྟེ། །ཤེས་རབ་སྐྱོན་དང་ལྷན་ཅིག་མི་འགྲོགས་པས། །སྟོན་གྱི་ནམ་མཁའི་སྤྲིན་ཚོགས་མེད་པ་ལ། །ཉི་འོད་གསལ་བ་མུན་དང་མི་འགྲོགས་བཞིན། །ཉི་མ་འོད་ཆེན་ཤར་བར་གྱུར་བཞིན་དུ། །འགྲོ་བའི་རྒྱུད་རྣམས་མུན་ནག་གང་འགེབས་པ། །ཤེས་རབ་འོད་ཀྱི་མཐུ་ཆེན་འབྱུང་བས་ན། །ཐམས་ཅད་གསལ་


DTG111_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་མིང་ཙམ་འབའ་ཞིག་ལུས། །གང་ལ་ཤེས་རབ་འོད་ཆེན་ཤར་གྱུར་པ། །དེ་ལ་བྱ་བའི་ལྷག་མ་ལས་པ་མེད། །བསྐལ་པའི་མེས་བསྲེགས་འཇིག་རྟེན་གསལ་བའི་ཚེ། །བསྲེག་བྱའི་ལྷག་མ་ཡོད་པར་བརྗོད་མེད་བཞིན། །སྣང་བ་ཐམས་ཅད་གཅིག་ཏུ་འདུས་གྱུར་ཀྱང༌། །ཤེས་རབ་འོད་ལ་བསྐྲུན་དུ་ཉེར་མི་འགྲོ། །དེ་བས་ཁེ་ཆེན་དེ་ལས་མཆོག་གཞན་མེད། །ཡོངས་སུ་མཉམ་པ་མེད་པར་འང་གཞན་མེད་དོ། །ཤེས་རབ་ཚུལ་བརྩོན་བསླབ་པ་བདེ་ཚུལ་དུ། །ཡོངས་སུ་རྫོགས་འགྱུར་ཚུལ་ཁྲིམས་ཞི་བར་འགྱུར། །དེ་བས་རང་གི་མཐུ་རྣམས་ཀུན་གཏུགས་ཏེ། །དེ་འདྲའི་ཤེས་རབ་ཚུལ་ལ་བརྩོན་པར་བྱ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྒྱུ་དག་དང༌། །བདེན་པའི་གནས་ལ་སོམ་ཉིར་མི་འགྱུར་ཞིང༌། །དུས་གསུམ་དེ་འདྲར་བསྡུས་པའི་རིགས་པ་ནི། །ཤེས་རབ་ཤིན་ཏུ་སྦྱངས་པའི་ཡུལ་འཇུག་ཡིན། །ཤེས་རབ་དག་སྦྱངས་སྤྱོད་པའི་རྣམ་པ་དག །ཡིད་ཆེས་དཀའ་ཞིང་ཡོན་ཏན་སྣང་ལ་ཡང༌། །སྐྱི་གཡའ་ངོ་མཚར་ཐོབ་པའི་དབང་གྱུར་པས། །རྒྱལ་སྲས་གྲགས་པ་ཆེན་པོས་ཁྱབ་པར་འགྱུར། །ཤིན་ཏུ་མཐུ་འབར་ཤེས་རབ་སྟོབས་ཀྱི་ཕུལ། །བདུད་དང་དཔུང་བཅས་ཚོགས་ཀྱིས་བཟོད་མི་ནུས།། ཤེས་རབ་འོད་ཀྱིས་དེ་དག་མིག་རྨོངས་པས། །དེ་དག་མགོ་འདེགས་ལྟ་བར་མོས་པ་མེད། །འདོད་པའི་ལྟས་འཕངས་མདའ་ལ་མགོ་ཐུབ་པའི། །ཤེས་རབ་གོ་ཆ་སེམས་ཀྱིས་བརྟན་བགོས་ན། །གཟུགས་ལ་སོགས་པའི་དམག་མང་ཚོགས་ཀྱི་རྣམས། །གཅིག་པུ་འཇིགས་མེད་ཟིལ་གྱིས་མནན་ཅིང་འགྲོ། །མི་བརྟན་དང་ཚུལ་འཇིགས་ཤིང་རྟབས་པའམ། །གླེན་པའི་ངང་ཚུལ་མྱ་ངན་འཛིན་པའམ། །མཐུ་ཞན་སེམས་ལ་རྩ་བ་ཟུག་གྱུར་པའི། །ཁྲོ་དང་ཆགས་དང་དམན་ཟིལ་གནོན་པའམ། །ཕན་བྱེད་རྣམས་ལ་འཇུངས་པའི་དྲི་མ་དག །འདོད་ཆགས་ལྡན་ལ་རྟེན་འཆའ་རྒོད་པའམ། །གཟི་བརྗིད་མཐུ་ཆུང་ལེ་ལོའི་བསམ་པ་དང༌། །ཤིན་ཏུ་གཡེང་བས་མ་ཞི་འཆར་ཚུལ་དག །སོ་སོའི་རྐྱེན་གྱི་བསམ་པ་ཐིབས་པོ་ལ། །གནས་འཆའ་ཉེས་པའི་རྣམ་པ་དེ་དང་དེ། །འགྲོ་ལ་ཕན་དོན་དམ་བཅས་ཤེས་རབ་ཅན། །ཤེས་རབ་ཆེན་པོས་མ་


DTG111_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཡོངས་སུ་སེལ། །སྐྱོན་བྲལ་བརྟན་ཞིང་ངང་དེས་དེ་མཁྱེན་ནས། །དགའ་བདེ་སྐྱིད་ཕྱིར་ལེགས་པར་དེ་གཟིགས་ཤིང༌། །དབང་བསྐུར་བདུད་རྩི་ཤིན་ཏུ་སིམ་བྱེད་པས། །ཐུབ་དབང་རྣམས་ཀྱིས་དེ་ནི་དབང་ཡང་བསྐུར། །བདེ་གཤེགས་མཛོད་སྤུ་མཚན་རབ་ཐོན་པ་ཡི། །འོད་ཆེན་ཟླ་བ་གསལ་བཞིན་སིམ་བྱེད་པས། །རྒྱལ་སྲས་དེ་ཡི་མགོ་ནས་དབང་བསྐུར་ན། །མཆོད་སྦྱིན་མེ་ལ་མར་ཁུས་བླུགས་ལྟར་མཛེས། །ཆོས་རྒྱལ་རྒྱལ་ཚབ་ཐབས་དེ་ཐོབ་གྱུར་ན། །ཕྱོགས་བཅུ་ཀུན་དུ་སྤྲུལ་པའི་ལུས་བཀྱེ་ཞིང༌། །སྤྲིན་ཆེན་ཆར་གྱི་རྒྱུན་གྱིས་རྡུལ་བསལ་བཞིན། །འཇིག་རྟེན་སྡུག་བསྔལ་ལྷུན་གྱིས་གྲུབ་པར་སེལ། །རྒྱལ་སྲས་མཐུ་མཆོག་དེ་འདྲ་རྨད་བྱུང་དག །ཐམས་ཅད་ཤེས་རབ་དེ་ཡི་མཐུ་ལས་བྱུང༌། །བུ་ལ་བྱམས་པའི་མ་འདྲ་ཤེས་རབ་ལས། །དེ་འདྲའི་ཕུན་སུམ་ཚོགས་འབྱུང་ཅི་མཚར་གྱི། །བདེ་གཤེགས་སྟོབས་བཅུ་སྟོབས་ཀྱི་ཕུལ་བྱུང་བ། །མཚུངས་མེད་མཆོག་ཏུ་བྱ་བ་ཐམས་ཅད་དང༌། །ཡོན་ཏན་ཚོགས་གཞན་མ་ལུས་ཐམས་ཅད་ཀྱང༌། །དེ་འདྲའི་ཤེས་རབ་རྒྱུ་ལ་བརྟེན་ཞིང་འབྱུང༌། །འཇིག་རྟེན་དག་ན་སྒྱུ་རྩལ་གཏེར་མཆོག་དང༌། །གཙུག་ལག་མིག་འདྲ་ཅི་སྙེད་ཡོད་པ་དང༌། །ཡོངས་སུ་སྐྱོབ་བྱེད་བློ་དང་སྔགས་ལ་སོགས། །རྣམ་བཀོད་ཆོས་ཀྱི་ཁྱད་པར་ཐ་དད་དང༌། །རྣམ་གྲངས་རྣམ་མང་རྣམ་ཐར་སྒོ་དག་དང༌། །འཇིག་རྟེན་ཕན་པའི་རྣམ་པ་དེ་དང་དེས། །རྒྱལ་སྲས་མཐུ་ཆེན་རྣམ་པར་སྟོན་བྱེད་པ། །དེ་དག་ཐམས་ཅད་ཤེས་རབ་མཐུ་ལས་འབྱུང༌། །དབང་པོའི་ཡུལ་རྣམས་ལྷ་རྫས་འདྲ་བདོག་པའི། །རྒྱལ་སྲིད་ཆེ་ལྡན་བྱང་ཆུབ་སེམས་དཔའ་དག །རང་བཞིན་ཚུལ་མིན་འགྱུར་བ་མེད་པ་ཡང༌། །ཤེས་རབ་ཡོན་ཏན་བློན་པོ་ལྡན་པའི་མཐུས། །གཞན་ལ་ཕན་བྱེད་རོ་གཅིག་བྱམས་པ་ལ། །འདོད་ཆགས་འགོ་བ་ཡོངས་སུ་སྤང་བ་དང༌། །གཞན་གྱི་སྡུག་བསྔལ་མི་བཟོད་སྙིང་རྗེ་ལ། །མྱ་ངན་ཁུར་གྱི་ལེ་ལོས་མི་དམའ་དང༌། །དགའ་མཆོག་དང་ལྡན་ཡང་དག་གཡེང་མེད་དང༌། །འགྲོ་དོན་མི་གཡེལ་བཏང་སྙོམས་ཆེན་པོ་དང༌། །ཡོན་ཏན་དེ་དང་དེ་དག་གཉེན་པོའི་ལམ། །ཤེས་རབ་ཆེན་པོས་བཀག་པས་རྣམ་པར་མཛེས། །བསམ་པ་བག་ལ་ཉལ་ལ་


DTG111_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྩན་པའི། །ཤེས་རབ་ཉི་འོད་འབར་ལྟར་དེ་མེད་ན། །སུ་ཞིག་ཡུན་རིང་འཇིག་རྟེན་རྐྱེན་འབྱུང་བའི། །རང་བཞིན་ཚུལ་གྱུར་མུན་ནག་སེལ་ནུས་ཡོད། །བརྟན་འོས་བླ་མ་རིམ་གྲོ་བསྙེན་བཀུར་ཏེ། །ཤེས་རབ་བསྒྲུབ་ཕྱིར་ཐོས་པ་བཙལ་བར་བྱ། །རྣམ་པ་སུམ་ཅུ་གཉིས་ཀྱིས་ཤེས་བྱ་སྟེ། །ཡང་དག་མཉམ་གཞག་ཡིད་ཀྱིས་རྣམ་པར་སེལ། །ཐོས་ཉུང་དམུས་ལོང་བསྒོམ་པའི་ཚུལ་མི་ཤེས། །དེ་མེད་དེས་ཀོ་ཅི་ཞིག་བསམ་པར་བྱ། །དེ་བས་ཐོས་ལ་བརྩོན་བྱ་དེ་རྒྱུ་ལས། །བསམས་བཞིན་བསྒོམས་པས་ཤེས་རབ་ཡངས་པ་འབྱུང༌། །དྲི་མ་རྩོད་མེད་སྒོ་དང་བརྟན་པ་དང༌། །དོན་ཚོལ་རྟོགས་པའི་མཐུ་ཡོད་རྟོགས་པ་དང༌། །བསམ་གཏན་དེ་ཡི་ཡོན་ཏན་སྐྱེད་པ་བས། །ཤེས་རབ་བསྒྲུབ་ལ་མངོན་པར་བརྩོན་པར་བྱ། །ཤེས་རབ་ཐོབ་པའི་ཚུལ་ལ་ཐབས་ཀྱི་མདོ། །བསམ་གཏན་དེ་དོན་ངེས་པའི་ཐོས་མང་བ། །ཡོན་ཏན་ཚོགས་རྒྱུ་ཤེས་རབ་སྣང་བ་ནི། །གཉིས་པོ་དེ་ལས་གཙུབ་ཤིང་མེ་ལྟར་འབྱུང༌། །མཁས་པའི་སྐྱེ་བོས་སྤྱོད་པའི་ལམ་བསྟེན་ཏེ། །གཏི་མུག་རྒྱུར་གྱུར་ཐིབས་པོ་སྤང་བར་བྱ། །དེ་བསྒྲིབས་གྱུར་ན་ཟླ་བ་ཤར་གྱུར་ཀྱང༌། །ཆར་སྤྲིན་ཆེར་བསྒྲིབས་མི་སྣང་མཚུངས་མི་སྣང༌། །ལེ་ལོ་སྙོམ་དང་རྟེན་ངན་བརྟེན་པ་དང༌། །གཉིད་ཀྱི་དབང་གྱུར་མི་རྟོག་ངང་ཚུལ་དང༌། །ཐུབ་པའི་ཡེ་ཤེས་མཆོག་ལ་མོས་མེད་དང༌། །ལོག་པའི་ང་རྒྱལ་ནོན་པས་དོན་འདྲི་དང༌། །དམའ་སེམས་ངག་ལ་ཞེན་པས་བྱུང་བའི་རྒྱུས། །མཁས་པའི་སྐྱ་བོ་བསྟེན་པར་མ་དད་དང༌། །ལོག་པའི་རྣམ་རྟོག་དུས་ཚེ་ལོག་ལྟ་དག །གཏི་མུག་རྒྱུ་ཡིན་དེ་བསལ་གཉེན་པོ་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་བདེན་པ་དང༌། །རིག་པ་དག་དང་རྒྱུ་བྱུང་ཚུལ་བརྟག་དང༌། །ཆོས་ལ་མཁས་པའི་རྣམ་པ་དེ་དག་ནི། །ཤེས་རབ་ཐབས་ཀྱི་ཡུལ་བརྒྱད་རྣམ་པ་ཡིན། །གཟུགས་རྣམས་དབུ་བའི་ཚོགས་འདྲ་སྙིང་པོ་མེད། །ཚོར་བ་རྣམ་གསུམ་ཆུ་ཡི་ཆུ་བུར་ཚུལ། །འདུ་ཤེས་འདོད་པའི་ཡོན་ཏན་ཞུགས་པ་ནི། །སྨིག་རྒྱུས་རི་དགས་སླུ་བཞིན་བྱིས་པ་སླུ། །འདུ་བྱེད་རྣམ་པ་ཆུ་ཤིང་རང་བཞིན་འདྲ། །སྒྱུ་མའི་ཚུལ་ལས་རྣམ་ཤེས་གཏད་པ་མེད། །དེ་ལ་བརྟེན་ཞིང་རོ་འདྲའི་ལུས་འདི་ཉིད། །རྣམ་མང་བསྐྱོད་


DTG111_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ལམ་རྒྱུད་ཀུན་དུ་འཁྱམ། །བདག་དང་བདག་གི་འདི་ལ་གང་ཡང་མེད། །མི་གཙང་སྣ་ཚོགས་འདུས་པའི་ཚོགས་འདི་སྟེ། །རང་དབང་ཡོད་ལྟར་འཁྲུལ་འཁོར་བྱས་པ་བཞིན། །སེམས་ཅན་འདུ་ཤེས་བྱིས་པ་སླུ་བ་བྱེད། །མིག་འདི་སྐད་ཅིག་འཇིག་སྟེ་བདག་མ་ཡིན།། མིག་ལྡན་དེ་མིན་མིག་ལ་བདག་ཀྱང་མེད། །བདག་ལ་མིག་མེད་སྐྱེ་མཆེད་ལྷག་མ་ཡང༌། །དེ་དང་ཚུལ་འདྲ་གཏད་མེད་བདག་གི་མེད། །ལུས་ལ་གནས་པའི་ཁམས་དང་ཕྱི་རོལ་ཁམས། །མཚན་ཉིད་མི་མཚུངས་འགལ་བ་གང་ཡང་མེད། །རྣམ་ཤེས་ཁམས་ཀྱང་མི་རྟག་བདག་མ་ཡིན། །དེ་ལས་གཞན་ཡང་ནམ་མཁའི་མེ་ཏོག་བཞིན། །དེ་ལྟར་འདི་ནི་སྲེད་རྨོངས་ཡིད་ལྡན་ལ། །སྡུག་བསྔལ་འབའ་ཞིག་བྱུང་བར་གྱུར་པ་ཡིན། །སྲེད་དང་བྲལ་ན་ཞི་བའི་མཆོག་ཐོབ་སྟེ། །ཚུལ་ཁྲིམས་ཏིང་འཛིན་སྲེད་སེལ་ལམ་ཡང་ཐོབ། །དེ་དང་དེ་དག་རྟེན་འབྲེལ་བྱུང་བ་ཞེས། །ལྟ་བ་རྣམ་དག་ཡོད་མེད་གཉིས་མི་དམིགས། །འགྲོ་བ་འདི་དག་དེ་ལ་སྒྱུ་ལྟར་སྣང༌། །དེ་ཕྱིར་བདེ་ལ་སོགས་པས་འགྱུར་མེད་བསྟན། །འདས་གྱུར་བྱུང་གྱུར་རྟོག་པ་ལོག་ལྟ་སྟེ། །བྱུང་གྱུར་གང་ཡིན་སྲིད་ལས་བདེ་འགྱུར་ཞེས། །དེ་ལྟར་འདས་པའི་ཡུལ་ལ་འདོད་བྲལ་ཞིང༌།། བྱུང་དང་འབྱུང་བར་འགྱུར་བ་སྨོན་པ་མེད། །སྡུག་བསྔལ་ཚུལ་གྱིས་མངོན་པར་མི་བདེ་ཞིང༌། །མི་བཟད་མིག་ཕྱེ་མངོན་པའི་ཚུལ་ཡོད་ན། །དེ་དག་དོན་བསྒྲུབ་ཕོངས་དོར་ཚུལ་བསམས་ཤིང༌། །ཤེས་ལྡན་སུ་ཞིག་དགར་གནས་སླ་སྙམ་སེམས། །དེ་ལྟར་རྣམ་གྲོལ་བློ་ལྡན་སྙིང་རྗེ་ཅན། །འགྲོ་བ་མགོན་མེད་ཉོན་མོངས་གཟིར་མཐོང་ན། །ཐམས་ཅད་བྱང་ཆུབ་མཆོག་ལ་མ་བཀོད་དུ། །དམའ་ལས་བྱམས་བཏང་མྱ་ངན་འདར་མི་མོས། །འཇིག་རྟེན་དོན་སྒྲུབ་ཚུལ་ལ་མཐུ་མེད་པའི། །ཐེག་པ་གཉིས་པོ་གཏན་དུ་སྤང་བྱས་ཤིང༌། །ཐུབ་རྒྱལ་ཐེག་པ་སྙིང་རྗེས་བསྟན་པའི་ལམ། །གཞན་ཕན་རོ་གཅིག་རང་བཞིན་དེ་དག་འཇུག །དམའ་འོས་ཚུལ་ལ་ལེགས་པའི་བློ་མི་གཞོལ། །ཆེ་ལ་ཆེ་མིན་ནམ་ཡང་གནས་མི་འགྱུར། །གཙང་མའི་རང་བཞིན་གཙང་དང་རྟག་ཏུ་འབྲེལ། །གཞན་ཡང་མཐུན་དང་མཐུན་གྱུར་ཆོས་ཉིད་ཚུལ། །བདེ་དང་མི་བདེ་རྨི་ལམ་འདྲར་འབྲངས་ཤིང༌། །


DTG111_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

གཏི་མུག་སྐྱོན་གྱིས་དམའ་བའི་འགྲོ་མཐོང་ན། །ལས་ཀྱི་དམ་པ་གཞན་དོན་དགའ་བོར་ཞིང༌། །རང་གི་དོན་ལ་དེ་ཀོ་ཅི་སྟེ་བརྩོན། །གང་ཞིག་འཇིག་རྟེན་ཕན་ཕྱིར་ཀུན་སྤྱོད་ཅིང༌། །མངོན་པའི་ང་རྒྱལ་བདག་ལྟ་ཡོངས་སྤངས་ཏེ། །ཀུན་ལ་བྱམས་པས་མི་གཉིས་ལམ་རྒྱུ་བ་དེ་ནི་མྱ་ངན་འདས་ཀྱང་འཇིག་རྟེན་སྤྱོད། །ཤེས་རབ་རྣམ་དག་མངོན་སྒྲུབ་ཐེག་པའི་མཆོག །ཐུབ་ཆེན་ཐམས་ཅད་མཁྱེན་ཉིད་དེ་ལས་འབྱུང༌། །དེ་ནི་འཇིག་རྟེན་རྣམས་ཀྱི་མིག་བཞིན་ཏེ། །འོད་ལྡན་ཉི་མ་ཤར་བའི་འོད་དང་འདྲ། །འཁོར་བའི་སྐྱོན་གྱི་ཁུར་གྱིས་ངལ་ཆད་ཀྱང༌། །ཤེས་རབ་རྣམ་པར་དབྱེ་ལ་སྐྱོན་མེད་པ། །དེ་ནི་སངས་རྒྱས་ལེགས་བསྒྲུབ་ཐེག་པ་ལ། །བདག་ཉིད་ཡོངས་སུ་སྐྱོ་བར་འགྱུར་བ་མེད། །བདེ་གཤེགས་མཐུ་ཅན་རྨད་བྱུང་མཐོང་འགྱུར་བས། །ཡན་ལག་ཐམས་ཅད་སྤུ་གཡོ་དགའ་གྱུར་ཅིང༌། །དེ་བསྒྲུབ་ཐེག་པའི་དམ་པ་སྤོང་བྱེད་པ། །གཡོ་སྒྱུ་སྤྱོད་མིན་རྒྱུ་ནི་གཞན་མེད་དོ། །བདུད་ཀྱི་འཁྲུག་པས་མ་ནོན་སུ་ཞིག་ཀོ །དཀོན་མཆོག་གསུམ་གྱི་འབྱུང་གནས་ཐེག་པ་སྟེ། །གནོད་པའི་མདའ་འབྱིན་བདེ་གཤེགས་ཐེག་པ་ལ། །སྨོད་པར་སུ་བྱེད་དེ་ནི་འགྲོ་བའི་སྒྲ། །ཤེས་རབ་མིག་ཟུམས་འགྲོས་འཁྱར་གྱུར་པ་ལ། །འཇིག་རྟེན་དོན་སྒྲུབ་རྒྱལ་བའི་རྒྱལ་རིགས་ན། །སྙིང་རྗེ་མི་སྐྱེད་སྐྱེས་བུ་གང་ཞིག་ཡོད། །དེ་དག་རྨོངས་བསལ་བརྩོན་འགྲུས་སུ་མི་རྩོམ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུའོ།། །།ཕ་རོལ་ཏུ་ཕྱིན་པ་བསྡུས་པ་ཨཱཪྻ་ཤཱུ་རས་མཛད་པ་རྫོགས་སོ།། །།ལོ་ཙཱ་བ་ཨཱ་ཙཱ་ཪྻ་བཻ་རོ་ཙ་ན་ར་ཀྵི་ཏས་བསྒྱུར་བའོ།། །

ལས་དང་པོ་བའི་ས་སྦྱང་བ།


DTG111_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཡ་ཏི་ཀརྨི་བྷཱུ་མི་ཀ་རི་པ་རི། བོད་སྐད་དུ། ལས་དང་པོ་པའི་ས་སྦྱང་བ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཉི་མ་ལྟ་བུར་གཟི་ལྡན་སྐུ། །སངས་རྒྱས་ཞབས་ལ་ཕྱག་འཚལ་ཏེ། །ལས་ནི་དང་པོ་པ་ཡིས། །སྦྱང་བ་འདིར་ནི་བཤད་པར་བྱ། །ལམ་མ་སྦྱངས་པའི་ཉེས་པ་དང༌། །ལམ་གྱི་སྦྱང་བ་གང་ཞེ་ན། །ལམ་མ་སྦྱངས་པའི་སྐྱེ་བོ་དག །བྱེས་བགྲོད་ངལ་དུབ་ཚ་གྲང་དང༌། །ལྕི་དང་རྩུབ་དང་སྐྱོ་བ་དང༌། །བཀྲེས་སྐོམ་གདུང་ཤིང་བརྙས་པ་དང༌། །འཇིག་དང་ཡི་མུག་ཉམས་སུ་མྱོང༌། །མྱ་ངན་འཚོར་འགྲིབ་བཅས་པ་དང༌། །ཁ་ཅིག་སྤྱིའུ་ཚུགས་དམྱལ་བ་


DTG111_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

དང། །དུད་འགྲོ་ཡི་དགས་རྣམས་སུ་བསྟེན། །ནོར་དང་བཟའ་བཏུང་གྲགས་པ་དང༌། །འདོད་པས་བྱེས་འགྲོད་སྡུག་བསྔལ་ཅན། །རེ་བ་འབྲས་བུ་མེད་པ་དང༌། །སྡུག་དང་བྲལ་དང་མི་སྡུག་ཕྲད། །མི་བཟད་ན་རྒས་འཛོམས་བཞིན་དུ། །འཆི་བདག་དྲུང་དུ་མྱུར་འགྲོ་བ། །མ་ཚོར་ག་ཞར་བཅས་ཤིང་བརྩེ། །ཚེ་འདི་དོན་མེད་མྱུར་དུ་འདའ། །ཡང་དང་ཡང་དུ་སྐྱེ་བ་ཡི། །འཁོར་བའི་ཉེས་པ་གྲངས་མེད་བསྟེན། །ཀྱི་ཧུད་ལམ་ལས་ཉམས་པ་ཡི། །སྐྱེ་བོ་དག་ནི་ཉམ་ངར་གནས། །མི་བཟད་མྱ་ངན་འབྲོག་དགོན་དུ། །ལམ་གོལ་གྱུར་པ་དག་དང་མཚུངས། །མིག་ལྡན་ལམ་ལོག་འགྲོ་བ་ལྟར། །ལམ་ལས་ཉམས་པའི་སྐྱེ་བོ་སྨད། །དེ་ལ་ལམ་སྦྱངས་པ་གང་ཞེ་ན། །འདིར་ལས་དང་པོ་པའི་ས་ནི་ལམ་གྱི་དང་པོ་སྟེ། །དེ་སྦྱང་བ་ནི་དབྱེ་བ་རྣམ་པ་དུ་མ་དང་ལྡན་པའི་དཀོན་མཆོག་གསུམ་ལེགས་པར་ཤེས་ནས་ཕྱག་འཚལ་བ་དང༌། རྒྱ་ཆེར་མཆོད་པ་དང༌། ཡོན་ཏན་བརྗོད་པས་བསྟོད་པ་དང༌། སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བ་དང༌། རྗེས་སུ་དྲན་པ་བསྒོམས་པས་བསླབ་པ་ལ་སློབ་པས་སྐྱབས་ཕུན་སུམ་ཚོགས་པ་ཡིན། མི་དགེ་བ་བཅུའི་ཉེས་པ་ཤེས་པ་དང༌། དགེ་བ་བཅུའི་ཡོན་ཏན་ཤེས་པ་དང༌། དགེ་བ་བཅུའི་སྡོམ་པ་ལེན་པ་དང༌། བླངས་པ་སླར་མི་གཏོང་བ་དང༌། ལན་འགའ་ཉམས་ན་ཡང་ཆོས་བཞིན་དུ་སླར་འཆོས་པས་སྡོམ་པ་ལ་གནས་པ་ཡིན། བྱང་ཆུབ་སེམས་ཀྱི་ཕན་ཡོན་ལེགས་པར་ཤེས་པ་དང༌། དེ་སྐྱེ་བའི་རྒྱུ་ལ་གནས་པ་དང༌། སེམས་དེ་ཡང་དག་པར་བསྐྱེད་བ་དང༌། །བསྐྱེད་པའི་མི་མཐུན་པའི་ཕྱོགས་རིང་དུ་སྤོང་བ་དང༌། སེམས་དེ་འཕེལ་ཞིང་མི་བརྗེད་པའི་ཆོས་ལ་གནས་པས་བྱང་ཆུབ་ཀྱི་སེམས་ལ་གནས་པ་ཡིན་པས། དེ་ལྟར་ཆོས་རྣམ་པ་གསུམ་ལ་རྣམ་པ་བཅོ་ལྔར་ཕྱེ་བ་འདི་ནི་འདིར་ས་སྦྱང་བའི་གཞི་དང༌། རྟེན་དང༌། གནས་ཞེས་བྱའོ། །དེ་གཞི་དེ་ལྟ་བུ་ལ་བརྟེན་ནས། ལམ་གྱི་དངོས་གཞི་གང༌། ཇི་ལྟར་སྦྱང་ཞེ་ན། གཞི་དེ་དག་ལ་ལེགས་པར་གནས་པས་འཇུག་པ་བྱང་ཆུབ་ཀྱི་སེམས་བླང་བ་བྱས་ནས། ཇི་ལྟར་བླངས་པའི་སྡོམ་པ་ལས་མི་འདའ་བར་བྱམས་པ་ཚད་མེད་པ་བསྒོམ་པ་དང༌། དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་ཞིང༌།


DTG111_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་སྤོང་བ་བཞི་ལ་གནས་པར་བྱ་སྟེ། འདི་ནི་ལས་དང་པོ་པའི་སའི་དངོས་གཞི་ཡིད་ལ་བྱ་བས། རིམ་གྱིས་འཕགས་པའི་བདེན་པ་ལ་འཇུག་པར་བྱའོ། །དེ་ཡང་དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་བཞི་གྲུབ་ནས། ཏིང་ངེ་འཛིན་གྱི་ངོ་བོ་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས་པ་ན། ས་དེ་ཉིད་ཀྱི་ཁྱད་པར་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པ་ཡིན་ཏེ། བདག་དང་གཞན་གྱི་འབྱོར་པ་དང༌། །འདུན་དང་ཚུལ་ཁྲིམས་དབང་པོ་དང༌། །དེ་བཞིན་ཟས་དང་མི་ཉལ་དང༌། །ཤེས་བཞིན་དུ་ནི་མི་སྤྱོད་དང༌། །དེ་བཞིན་དགེ་བའི་བཤེས་གཉེན་དང༌། །དམ་ཆོས་ཉན་དང་སེམས་པ་དང༌། །བར་ཆད་མེད་དང་གཏོང་བ་དང༌། །དགེ་སྦྱོང་བརྒྱ་ནི་ཐ་མ་ཡིན། །དད་ལྡན་གཡོ་མེད་ནད་ཉུང་དང༌། །བརྩོན་འགྲུས་ཤེས་རབ་འདོད་ཆུང་དང༌། །ཆོག་ཤེས་གསོ་སླ་དགང་སླ་དང༌། །སྦྱངས་དང་མཛེས་དང་དྲོད་རིག་དང༌། །སྐྱེས་བུ་དམ་ཆོས་མཁས་རྟགས་དང༌། །བཟོད་དང་དེས་དང་གྱ་ནོམ་པའོ། །ཞེས་བྱ་བའི་ཡོན་ཏན་དང་ལྡན་ལ། དེ་ལས་གཞན་པ་ཐེག་པ་ཆེན་པོའི་ཚོགས་ལམ་གྱི་ཁྱད་པར་ལུས་ལ་དབང་བ་ལ་སོགས་པ་དང༌། སྙིང་རྗེ་ཆེན་པོའི་སྒོ་སྔོན་དུ་གྱུར་པས་སྡུག་བསྔལ་བ་མཐོང་བ་ན་རང་དབང་མེད་པར་མཆི་མའི་རྒྱུན་འབབ་པ་ལ་སོགས་པ་འབྱུང་ངོ༌། །དེ་ལྟར་བྱང་ཆུབ་སེམས་དཔའི་སྡོམ་པ་དང༌། བྱམས་པའི་ཏིང་ངེ་འཛིན་དང༌། དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་པོ་སྔ་མའི་རྟེན་དང་བཅས་པ་འདི་ནི། ཚོགས་ཀྱི་ལམ་དང༌། ལས་དང་པོ་པའི་ས་དང༌། དད་པའི་ས་ཞེས་བྱའོ། །ད་ནི་འདིར་ཉིན་མཚན་གྱི་ཆ་ལས་ཡང་དག་པར་སྤོང་བ་བཞི་ལ་གནས་པས་ལམ་སྦྱང་བ་བརྗོད་པ། ཐོ་རངས་མལ་ནས་ལངས་ནས་ནི། །བཞི་གསུམ་དྲན་པས་བརྟུལ་ཞུགས་མཆོག །བདག་གཞན་བརྗེ་དང་འཇིག་རྟེན་གྱི། །ཆོས་བརྒྱད་མཉམ་པར་མོས་པ་བསྐྱེད། །དེ་ནས་ཡིད་ནི་བསྡུས་པ་ཡི། །ཀྱེ་མ་སེམས་ཅན་བདེ་འགྱུར་བསམ། །དེ་ནས་ལུས་དང་ཚོར་བ་དང༌། །སེམས་དང་ཆོས་ནི་མི་གཙང་དང༌། །སྡུག་བསྔལ་མི་རྟག་བདག་མེད་ཅེས། །ཕྱིན་ཅི་ལོག་བཞིའི་གཉེན་པོ་བསྒོམ། །རེ་རེའམ་ཡང་ན་རིམ་གྱིས་ཀྱང༌། །ནམ་


DTG111_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་བར་དུ་འབད་པས་བསྒོམ། །གང་ཞིག་ལུས་ཅན་གྲོལ་འགྱུར་བའི། །ལམ་གྱི་དང་པོ་འདི་ཉིད་ཡིན། །དེ་ནས་ནམ་ནི་ལངས་པ་དང༌། །ཅི་རིགས་གཙང་སྦྲ་བྱས་ནས་ནི། །མཆོད་རྟེན་ཕྱག་འཚལ་མཎྜལ་བྱ། །སྡིག་བཤགས་ལ་སོགས་རྒྱས་བྱས་ཏེ། །ལྷག་པར་སྐྱབས་སུ་འགྲོ་བ་དང༌། །བྱང་ཆུབ་སེམས་ནི་བརྟན་པོ་བསྐྱེད། །ཅི་རིགས་བསྐོར་བ་བྱས་ནས་ནི། །བླ་མ་དང་ནི་རྒན་པོ་དང༌། །ཆོས་སྨྲ་བ་ལའང་ཕྱག་བྱས་ཏེ། །འཛུམ་ཞིང་སྙན་པར་སྨྲ་བ་དང༌། །དེ་དག་དགོས་པ་འབད་དེ་བསྒྲུབ། །བར་དེར་དུས་ནི་ཉེར་གནས་ན། །ཆོས་བཤད་ལ་སོགས་སེམས་ཅན་དོན། །རང་བདེ་བཏང་ལ་འབད་པས་བསྒྲུབ། །ཁྱེའུ་སུས་ལ་སོགས་ཟས་ལ་སྤྱོད། །དཀོན་མཆོག་སྤྲིན་ལས་གསུངས་པ་བཞིན། །ཆ་བཞིར་བགོས་ཏེ་བཟའ་བར་བྱ། །ལྷག་པར་ཕོངས་ལ་བཟའ་བཏུང་བགོ །སྔ་དྲོ་ཡི་ནི་དུས་དག་ཏུ། །བྲི་དང་ཀློག་པ་ལ་སོགས་པའི། །ཆོས་སྤྱོད་བཅུ་ལ་འབད་པའམ། །ཚ་ཚ་བྱའམ་འགྲོ་ཕན་གདགས། །དུས་ཀྱི་དམ་པ་སྔ་དྲོ་ནི། །དོན་མེད་འདའ་བར་མི་བྱའོ། །ཉི་མའི་གུང་ལ་བྱམས་པ་དང༌། །དྲན་པ་ཉེར་གཞག་ཅུང་ཟད་བསྒོམ། །དེ་ནས་ཡང་ནི་ཕྱག་འཚལ་སོགས། །སྔ་མ་བཞིན་དུ་རྒྱས་པར་བྱ། །ཕྱི་དྲོ་སྐྱེ་བོ་དམ་པ་དང༌། །འགྲོགས་ཤིང་ངལ་སོ་བདེན་དོན་ལ། །འགྲོ་ཞིང་སྲིད་ལས་ཡིད་འབྱུང་བའི། །ལེགས་བཤད་རོ་ནི་མྱང་བར་བྱ། །ཕྱི་འཕྲེད་སླར་ཡང་སྔ་མ་བཞིན། །ཞི་གནས་ལྷག་མཐོང་བསྒོམ་པ་དང༌། །མཆོད་རྟེན་ཕྱག་འཚལ་ལ་སོགས་བྱ། །དམར་ཐག་ཆད་ནས་མཚན་མོ་ནི། །བླ་མའི་བསྙེན་བཀུར་ཚུལ་བཞིན་བྱ། །རང་གི་རྐང་པ་བཀྲུས་ནས་ནི། །ཞི་གནས་ལྷག་མཐོང་བསྒོམ་པའམ། །དོན་ཆེན་ལྡན་པའི་ཁ་ཏོན་བྱ། །ནམ་གྱི་ཆ་སྟོད་འདས་པ་དང༌། །ཚུལ་བཞིན་ཡིད་ལ་བྱེད་པ་ཡིས། །རིགས་པ་བཞིན་དུ་ཉལ་བར་བྱ། །ཉིན་བར་དང་ནི་མཚན་མོ་ཡང༌། །ལག་བཟངས་ཀྱིས་ནི་ཞུས་པ་དང༌། །རིན་ཆེན་ཕྲེང་བ་ལས་བཤད་ལྟར། །སྣ་ཚོགས་དགེ་བའི་ཕྱོགས་ལ་འབད། །དེ་ནས་ཚེ་འདི་ཉིད་ལ་ཡང༌། །དྲོད་ལ་སོགས་པ་ཐོབ་པར་འགྱུར། །དེ་ལྟར་ཐོས་པ་དང་བསམ་པ་ལ་གནས་པས་ཚོགས་ཀྱི་ལམ་ཕལ་པ་དང་ཁྱད་པར་ཅན་སྦྱང་


DTG111_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ངོ། །དེ་ལས་གོང་དུ་བསྒོམ་པ་ལ་བྱང་བས་མོས་པས་སྤྱོད་པའི་ས་དག་ལ་དབང་པོ་དང་སྟོབས་ཀྱི་བདེན་པ་དག་བསྒོམས་པའི་ས་སྦྱང་བ་ནི་དཀོན་མཆོག་སྤྲིན་ལ་སོགས་པར་བལྟ་ཞིང༌། རབ་ཏུ་དགའ་བ་ལ་སོགས་པའི་ས་སྦྱང་བ་ནི་ས་བཅུའི་ལེ་འུ་ལས་བསྟན་ཏོ། །རྒྱལ་བའི་སྲས་ཀྱི་ས་ཡི་དང་པོ་པ། །ཚོགས་ཀྱི་ས་སྟེ་དེ་སྦྱངས་མདོར་བསྡུས་པ། །ཅུང་ཟད་བཤད་ལས་དགེ་བ་གང་ཐོབ་པ། །དེས་ནི་འགྲོ་རྣམས་དག་པའི་ས་ཐོབ་ཤོག །ལས་དང་པོ་པའི་ས་སྦྱང་བ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་བྱང་ཆུབ་སེམས་དཔའ་དགྲ་ལས་རྒྱལ་གསང་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།

བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ།
མར་མེ་མཛད་ཡེ་ཤེས།


DTG111_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བོ་དྷི་སྟྭ་ཙྲྱ་སུ་ཏྲི་ཀྲྀ་ཏ་པ་བཱ་ར། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ངེས་པར་ལེགས་པའི་བྱང་ཆུབ་དང༌། །མངོན་པར་མཐོ་བ་ཐོབ་འདོད་པས། །དཀོན་མཆོག་གསུམ་ལ་ལྷར་བཟུང་ནས། །དང་པོ་སྙིང་རྗེ་ཀུན་ལ་ལྟ། །དེ་ནས་བྱང་ཆུབ་སེམས་བསྐྱེད་དེ། །ཐབས་དང་ལྡན་པའི་སྤྱོད་པ་ཡིས། །རང་གི་སེམས་ཉིད་དང་པོར་གདུལ། །དང་པོ་རང་ཉིད་མ་འདུལ་བར། །གཞན་དག་གདུལ་བར་ཇི་ལྟར་ནུས། །ཇི་ལྟར་འདབ་གཤེག་མ་ཚང་བའི། །བྱ་ཡིས་མཁའ་ལ་འཕུར་མི་ནུས། །དེ་བཞིན་ལྟ་སྤྱོད་མེད་པ་ཡི། །གང་ཟག་དག་ནི་ཇི་ལྟར་གྲོལ། །དེ་ཕྱིར་དེ་གཉིས་འགྲུབ་པའི་ཕྱིར། །དཀའ་བའི་འབད་པ་ཆེན་པོས་བྱ། །དཀའ་བས་སྦྱང་བ་མ་བྱས་པར། །སླ་བས་གོམས་པར་ཇི་ལྟར་འགྱུར། །གོ་བགོས་ཁུར་ཁྱེར་རྒྱལ་སྲས་དེས། །དགེ་བའི་བཤེས་གཉེན་བསྟེན་བྱས་ཏེ། །ཤེས་རབ་གསུམ་ལ་གཞི་བཅས་ནས། །གོ་འཕང་མཆོག་ཏུ་འགྲོ་བ་ཡི། །ལྟ་བ་ཉིད་ལ་གཙོར་སྦྱངས་ཏེ། །ཚུལ་ཁྲིམས་གཙང་མའི་གོས་གྱོན་ནས། །སྒྲུབ་ལ་ནན་ཏན་གཅེས་སུ་བྱ། །ཆོས་ཀྱི་རྗེས་སུ་བསྒྲུབ་པའི་ཕྱིར། །དུས་དང་གནས་སྐབས་ཀུན་དུ་ཡང༌། །སྦྱོར་བ་དངོས་གཞི་


DTG111_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་གསུམ་གྱི། །ལས་རྣམས་དྲན་པས་ཟིན་པར་བྱ། །སྐྱོན་སྤངས་ལེགས་སྒྲུབ་དོན་ཡོད་བྱ། །སྤྱོད་ལམ་དོན་མེད་དུ་མི་བྱ། །རྟག་ཏུ་རང་གི་ཡོན་ཏན་སྦྱངས། །དགེ་བའི་ཕྱོགས་ཀྱི་སྦྱོར་བ་ལ། །སྤྲོ་བྱ་ཞུམ་དང་སེམས་མི་གསད། །ཉེས་སྤོང་ཡོན་ཏན་དགེ་འཕེལ་བའི། །གྲོགས་བཙལ་མཐུན་པས་དེ་སེམས་བཟུང༌། །ཡོན་ཏན་ཅན་ལ་གུས་ཕྱག་བྱ། །ཉོན་མོངས་སྐྱེ་འགྲོ་ཐབས་ཀྱིས་སྤང༌། །མཐོ་དམན་གྲོགས་ཀུན་དག་ལ་ཡང༌། །ཆུ་ལས་འོ་མ་ལེན་པ་བཞིན། །ཉེས་པ་དོར་ལ་ལེགས་པ་བླང༌། །བྱས་པ་དྲིན་གཟོ་སླར་ཕན་གདགས། །གཞན་གྱི་སྡིག་རྐྱེན་མི་བྱ་ཞིང། །དགེ་བའི་བར་ཆད་མི་བྱའོ། །མཐོ་ལ་ཕུན་ཚོགས་ཕྲག་དོག་མེད། །གྲོགས་དང་དམན་ལ་བརྙས་ཐབས་དང༌། །ཁྱད་དུ་གསད་པ་ཉིད་མི་བྱ། །རང་སྐྱོན་གཞན་གྱི་ཡོན་ཏན་བསྒྲག །གཞན་སྐྱོན་མི་གླེང་རང་མི་བསྟོད། །འདི་བས་ཕྱི་མ་གཙོར་གཟུང་སྟེ། །བྱེད་དགུ་ཆོས་དང་བསྟུན་ཏེ་བྱ། །འདི་ཡི་ཟང་ཟིང་རྣམ་སྤངས་ཏེ། །འཕགས་པའི་ནོར་གྱིས་ལུས་བརྒྱན་བྱ། །སྡུག་བསྔལ་དག་ལ་བདེར་མི་བཟུང༌། །གཉིད་རྨུགས་ལེ་ལོ་གཡེང་སྤངས་ཏེ། །ངེས་པར་འཆི་བའི་དུས་ཤེས་བསྐྱེད། །དགེ་བ་ཆུང་ཡང་འབད་པས་བསྒྲུབ། །སྡིག་པ་ཆུང་ཡང་རྣམ་པར་སྤང༌། །ཆོས་ཀྱི་ཆེད་དུ་མ་གཏོགས་པར། །ཁ་ཟས་གོས་སོགས་དོན་མི་གཉེར། །འདོད་པ་ཆུང་དང་ཆོག་ཤེས་བྱ། །འཇིག་རྟེན་ཆོས་བརྒྱད་རྣམ་པར་སྤང༌། །ངོ་དགའ་གཞོགས་སློང་སོགས་མི་བྱ། །རང་ལ་སྐྱོན་ཡོད་མི་ཚོར་བར། །གཞན་གྱི་སྐྱོན་ལ་དཔྱད་མི་བྱ། །སྨ་དགའ་ཁས་ལེན་དཔའ་བྱས་ནས། །དེ་བཞིན་མི་སྒྲུབ་སྤང་བར་བྱ། །གཡོ་དང་སྒྱུ་དག་མི་བྱ་ཞིང༌། །ལོག་པའི་འཚོ་བ་རྣམ་པར་སྤང༌། །ཆོས་དང་མཐུན་པས་བསྒྲུབ་པར་བྱ། །ཉེ་དུ་འབྲེལ་བ་ལ་སོགས་ལ། །ཞེན་པར་ཆགས་པར་མི་བྱ་ཞིང༌། །ཕྱོགས་རིས་ཞེན་ཕྱོགས་མེད་པར་བྱ། །གཞན་ལ་རེ་བ་ཆུང་བར་བྱ། །མི་དགེའི་ལས་ལ་མི་བསྟོད་སྨད། །དགོས་པ་མེད་པའི་འདུ་འཛི་སྤང༌། །བྲེ་མོའི་གཏམ་ལ་དགའ་མི་བྱ། །ཞེས་པས་འདོད་པའི་ཡིད་སྨོན་དགག །ཡོན་ཏན་ཐོབ་དང་ཚོགས་འཕེལ་བའི། །ལས་ལ་ཞུམ་དང་ངོ་ཚ་སྤང༌། །ང་རྒྱལ་ཁེངས་པ་གཉེན་པོས་གཞོམ། །ཞེ་གདུག་ཁེང་


DTG111_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་རྣམ་པར་སྤང༌། །དངོས་དང་བརྒྱུད་པས་སེམས་ཅན་ཀུན། །ཉེ་དུ་འབྲེལ་བར་གྱུར་པ་ན། །ལུས་ངག་ཡིད་གསུམ་དྲི་མེད་པས། །དེ་དག་ཀུན་ལ་བུ་བཞིན་བལྟ། །སྙིང་རྗེས་བཞིན་འཛུམ་གསོང་པོར་སྨྲ། །དགའ་བའི་མིག་གིས་ཀུན་ལ་བལྟ། །འགྲོར་གྲོགས་མཐོ་དམན་ཉེ་རིང་སྙོམས། །བསྟོད་དང་བཀུར་སྟིས་མི་དྲེགས་ཤིང༌། །སྨོད་དང་བརྙས་ལ་ཞེ་མི་སྡང༌། །ཕོངས་པ་རྣམས་ལ་སྙིང་རྗེ་ཡིས། །ཕན་ནི་གདགས་པ་ཉིད་དུ་བྱ། །གང་ལ་ཆགས་པ་སྤང་བྱ་སྟེ། །དམན་པ་རྣམས་ལ་སྙིང་རྗེ་དང༌། །ཕན་པའི་བསམ་པས་གདམས་ངག་བྱ། །སེམས་ཅན་བསམ་པ་ཐ་དད་པས། །བྱ་བ་དོན་ཆེན་བརྟགས་ཏེ་བྱ། །ཐམས་ཅད་མགུ་བར་སུ་ཡིས་ནུས། །འོན་ཀྱང་འགྱོད་པ་མེད་པ་ཡིས། །སྡུག་བསྔལ་ཁྱད་བསད་བདེ་མ་ཆགས། །རང་གི་སེམས་སྦྱང་གཞན་སེམས་གཟུང༌། །བརྙས་དང་ཉེས་པ་བྱུང་ལ་སོགས། །གཉེན་པོ་ལས་དང་བརྫུན་པས་སྦྱང༌། །དེ་ལྟར་བལྟ་ཞིང་བྱང་ཆུབ་ཀྱི། །སྤྱོད་པ་ཡི་དམ་བརྟན་པར་བྱ། །མི་ལུས་རིན་ཆེན་ཆུད་མི་གསན། །ངེས་པར་འཆི་བས་ལོང་མེད་སྲིད། །བརྩོན་འགྲུས་མེ་བཞིན་དྲག་ཏུ་སྤྱོད། །མངོན་ཞེན་བདག་ལྟའི་རྩ་བ་ཆོད། །དུག་གསུམ་འཁོར་བ་གཉེན་པོས་ཆོམ། །ཕྱིན་ཅི་ལོག་གི་གཡང་ས་དོར། །འཁོར་བའི་རྒྱུན་ཆོད་ལས་ཆུ་སྐོམས། །ངན་སོང་གསུམ་པོ་སྒོ་ཆོད་ལ། །སྡུག་བསྔལ་གསུམ་གྱི་ནད་གཞིལ་སྟེ། །མཐོ་རིས་ཐར་པའི་སྐས་ལ་འཛེགས། །སྒྲིབ་པ་གཉིས་སྦྱོང་ཚོགས་གཉིས་རྫོགས། །སྐུ་དང་ཡེ་ཤེས་ས་འཐོབ་སྟེ། །འབད་པ་མེད་པར་གཞན་དོན་སྒྲུབས། །བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།།

བྱང་ཆུབ་ལམ་གྱི་སྒྲོན་མ།
མར་མེ་མཛད་ཡེ་ཤེས།


DTG111_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བོ་དྷི་པཱ་ཐ་པྲ་དཱི་པཾ། བོད་སྐད་དུ། བྱང་ཆུབ་ལམ་གྱི་སྒྲོན་མ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཐམས་ཅད་དག་དང་དེའི་ཆོས་དང༌། །དགེ་འདུན་རྣམས་ལ་གུས་པ་ཆེན་པོས་ཕྱག་བྱས་ཏེ། །སློབ་མ་བཟང་པོ་བྱང་ཆུབ་འོད་ཀྱིས་བསྐུལ་གྱུར་པས། །བྱང་ཆུབ་ལམ་གྱི་སྒྲོན་མ་རབ་ཏུ་གསལ་བར་བྱ། །ཆུང་ངུ་


DTG111_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་དང་མཆོག་གྱུར་པས། །སྐྱེས་བུ་གསུམ་དུ་ཤེས་པར་བྱ། །དེ་དག་མཚན་ཉིད་རབ་གསལ་བ། །སོ་སོའི་དབྱེ་བ་བྲི་བར་བྱ། །གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །དེ་ནི་སྐྱེས་བུ་ཐ་མར་ཤེས། །སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང༌། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །སེམས་ཅན་དམ་བ་བྱང་ཆུབ་མཆོག །འདོད་པར་གྱུར་བ་དེ་དག་ལ། །བླ་མ་རྣམས་ཀྱིས་བསྟན་པ་ཡི། །ཡང་དག་ཐབས་ནི་བཤད་པར་བྱ། །རྫོགས་སངས་བྲིས་སྐུ་ལ་སོགས་དང༌། །མཆོད་རྟེན་དམ་པ་མངོན་ཕྱོགས་ནས། །མེ་ཏོག་བདུག་སྤོས་དངོས་པོ་དག །ཅི་འབྱོར་པ་ཡི་མཆོད་པ་བྱ། །ཀུན་བཟང་སྤྱོད་ལས་གསུངས་པ་ཡི། །མཆོད་པ་རྣམ་པ་བདུན་དག་ཀྱང༌། །བྱང་ཆུབ་སྙིང་པོའི་མཐར་ཐུག་པར། །མི་ལྡོག་པ་ཡི་སེམས་དག་གིས། །དཀོན་མཆོག་གསུམ་ལ་རབ་དད་ཅིང༌། །པུས་མོ་ལྷ་ང་སར་བཙུགས་ནས། །ཐལ་མོ་སྦྱར་བ་བྱས་ནས་ནི། །དང་པོར་སྐྱབས་འགྲོ་ལན་གསུམ་བྱ། །དེ་ནས་སེམས་ཅན་ཐམས་ཅད་ལ། །བྱམས་པའི་སེམས་ནི་སྔོན་འགྲོ་བས། །ངན་སོང་གསུམ་དུ་སྐྱེ་སོགས་དང༌། །འཆི་འཕོ་སོགས་ཀྱིས་སྡུག་བསྔལ་བའི། །འགྲོ་བ་ས་ལུས་ལ་བལྟས་ཏེ། །སྡུག་བསྔལ་གྱིས་ནི་སྡུག་བསྔལ་བ། །སྡུག་བསྔལ་སྡུག་བསྔལ་རྒྱུ་མཚན་ལས། །འགྲོ་བ་ཐར་པར་འདོད་པ་ཡིས། །ལྡོག་པ་མེད་པར་དམ་འཆའ་བའི། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །དེ་ལྟར་སྨོན་པའི་སེམས་དག་ནི། །བསྐྱེད་པའི་ཡོན་ཏན་གང་ཡིན་པ། །དེ་ནི་སྡོང་པོ་བཀོད་པ་ཡི། །མདོ་ལས་བྱམས་པས་རབ་ཏུ་བཤད།། དེ་ཡི་མདོ་ཀློག་པའམ་བླ་མ་ལ་མཉན་ཏེ། །རྫོགས་པའི་བྱང་ཆུབ་སེམས་ཀྱི་ཡོན་ཏན་མཐའ་མེད་པ། །རྣམ་པར་ཤེས་པར་བྱས་ལ་དེ་ནས་རྒྱུ་མཚན་དུ། །དེ་ལྟར་ཡང་དང་ཡང་དུ་སེམས་ནི་བསྐྱེད་པར་བྱ། །དཔའ་སྦྱིན་གྱིས་ཞུས་མདོ་དག་ལས། །འདི་ཡི་བསོད་ནམས་རབ་བསྟན་པ། །


DTG111_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

གང་དེ་ཚིགས་བཅད་གསུམ་ཙམ་དུ། །མདོར་བསྡུས་འདིར་ནི་བྲི་པར་བྱ། །བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྟག་པར་འགྱུར། །གང་གཱའི་བྱེ་བ་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་རྣམས་མི་གང་གིས། །རིན་ཆེན་དག་གིས་ཀུན་བཀང་སྟེ། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བགྱིས་ཏེ། །བྱང་ཆུབ་ཏུ་ནི་སེམས་བཏུད་ན། །མཆོད་པ་འདི་ནི་ཁྱད་པར་འཕགས། །དེ་ལ་མཐའ་ནི་མ་མཆིས་སོ། །བྱང་ཆུབ་སྨོན་པའི་སེམས་དག་བསྐྱེད་ནས་ནི། །འབད་པ་མང་པོས་ཀུན་དུ་སྤེལ་བྱ་ཞིང༌། །འདི་ནི་སྐྱེ་བ་གཞན་དུའང་དྲན་དོན་དུ། །ཇི་སྐད་བཤད་པའི་བསླང་བའང་ཡོངས་སུ་བསྲུང༌། །འཇུག་སེམས་བདག་ཉིད་སྡོམ་པ་མ་གཏོགས་པར། །ཡང་དག་སྨོན་པ་འཕེལ་བར་འགྱུར་མ་ཡིན། །རྫོགས་པའི་བྱང་ཆུབ་སྨོན་པ་འཕེལ་འདོད་པས། །དེ་ཕྱིར་འབད་པས་འདི་ནི་ངེས་པར་བླང༌། །སོ་སོར་ཐར་པ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་དང༌། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་པ་ཡོད་ཀྱི་གཞན་དུ་མིན། །སོ་སོར་ཐར་པ་རིས་བདུན་དང༌། །དེ་བཞིན་གཤེགས་པས་བཤད་པ་ལ། །ཚངས་སྤྱོད་དཔལ་ནི་མཆོག་ཡིན་ཏེ། །དགེ་སློང་སྡོམ་པ་དག་ཏུ་བཞེད། །བྱང་ཆུབ་སེམས་དཔའི་ས་དག་གི །ཚུལ་ཁྲིམས་ལེགས་གསུངས་ཆོ་ག་ཡིས། །ཡང་དག་མཚན་ཉིད་ལྡན་པ་ཡི། །བླ་མ་བཟང་ལས་སྡོམ་པ་བླང༌། །སྡོམ་པའི་ཆོག་ལ་མ་ལས་དང༌། །བདག་ཉིད་གང་ཞིག་སྡོམ་ལ་གནས། །སྡོམ་པ་འབོགས་བཟོད་སྙིང་རྗེར་ལྡན། །བླ་མ་བཟང་པོར་ཤེས་པར་བྱ། །དེ་ལ་འབད་པས་འདི་འདྲ་བའི། །གལ་ཏེ་བླ་མ་མ་རྙེད་ན། །དེ་ལས་གཞན་སྡོམ་ནོད་པ་ཡི། །ཆོ་ག་ཡང་དག་བཤད་པར་བྱ། །དེ་ལ་སྔོན་ཚེ་འཇམ་པའི་དཔལ། །ཨ་བ་རཱ་ཛར་གྱུར་པ་ཡིས། །ཇི་ལྟར་བྱང་ཆུབ་ཐུགས་བསྐྱེད་པ། །འཇམ་དཔལ་གྱི་ནི་སངས་རྒྱས་ཞིང༌། །རྒྱན་གྱི་མདོ་ལས་བཤད་པ་ལྟར། །དེ་བཞིན་འདིར་ནི་རབ་གསལ་བྲི། །མགོན་པོ་རྣམས་ཀྱི་སྤྱན་སྔ་རུ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ཅིང༌། །འགྲོ་བ་ཐམས་ཅད་མགྲོན་དུ་གཉེར། །དེ་


DTG111_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

དག་འཁོར་བ་ལས་བསྒྲལ་ལོ། །གནོད་སེམས་ཁྲོ་བའི་སེམས་ཉིད་དང༌། །སེར་སྣ་དང་ནི་ཕྲག་དོག་ཉིད། །དེང་ནས་བཟུང་ནས་བྱང་ཆུབ་མཆོག །ཐོབ་ཀྱི་བར་དུ་མི་བྱའོ། །ཚངས་པར་སྤྱོད་པ་སྤྱད་བྱ་ཞིང༌། །སྡིག་དང་འདོད་པ་སྤང་བར་བྱ། །ཚུལ་ཁྲིམས་སྡོམ་པ་ལ་དགའ་བས། །སངས་རྒྱས་རྗེས་སུ་བསླབ་པར་བྱ། །བདག་ཉིད་མྱུར་བའི་ཚུལ་གྱིས་ནི། །བྱང་ཆུབ་ཐོབ་པར་མི་སྤྲོ་ཞིང༌། །སེམས་ཅན་གཅིག་གི་རྒྱུ་ཡིས་ནི། །ཕྱི་མའི་མུ་མཐར་གནས་པར་བགྱི། །ཚད་མེད་བསམ་གྱིས་མི་ཁྱབ་པའི། །ཞིང་དག་རྣམ་པར་སྦྱང་བར་བྱ། །མིང་ནས་གཟུང་བ་བྱས་པ་དང། །ཕྱོགས་བཅུ་དག་ཏུ་རྣམ་པར་གནས། །བདག་གི་ལུས་དང་ངག་གི་ལས། །ཐམས་ཅད་དུ་ནི་དག་པར་བྱས། །ཡིད་ཀྱི་ལས་ཀྱང་དག་བྱ་སྟེ། །མི་དགེའི་ལས་རྣམས་མི་བྱའོ། །རང་གི་ལུས་ངག་སེམས་ནི་རྣམ་དག་རྒྱུ། །འཇུག་པའི་སེམས་ཀྱི་བདག་ཉིད་སྡོམ་གནས་པ།། ཚུལ་ཁྲིམས་བསླབ་པ་གསུམ་ལ་ལེགས་བསླབས་པས། །ཚུལ་ཁྲིམས་བསླབ་པ་གསུམ་ལ་གུས་ཆེར་འགྱུར། །དེ་བས་རྣམ་དག་རྫོགས་བྱང་ཆུབ། །སེམས་དཔའི་སྡོམ་པའི་སྡོམ་དག་ནི། །འབད་པར་བྱས་པས་རྫོགས་བྱང་ཆུབ། །ཚོགས་ནི་ཡོངས་སུ་རྫོགས་པར་འགྱུར། བསོད་ནམས་ཡེ་ཤེས་རང་བཞིན་གྱི། །ཚོགས་ནི་ཡོངས་སུ་རྫོགས་པ་ཡི། །རྒྱུ་ནི་སངས་རྒྱས་ཐམས་ཅད་དག །མངོན་ཤེས་སྐྱེད་པ་ཉིད་དུ་བཞེད། །ཇི་ལྟར་འདབ་གཤོག་མ་སྐྱེས་པའི། །བྱ་ནི་མཁའ་ལ་འཕུར་མི་ནུས། །དེ་བཞིན་མངོན་ཤེས་སྟོབས་བྲལ་བས། །སེམས་ཅན་དོན་བྱེད་ནུས་པ་མིན། །མངོན་ཤེས་ལྡན་པའི་ཉིན་མཚན་གྱི། །བསོད་ནམས་དག་ནི་གང་ཡིན་ཏེ། །མངོན་ཤེས་དག་དང་བྲལ་གྱུར་ལ། །སྐྱེ་བ་བརྒྱར་ཡང་ཡོད་མ་ཡིན། །མྱུར་དུ་རྫོགས་པའི་བྱང་ཆུབ་ཚོགས། །ཡོངས་སུ་རྫོགས་པར་འདོད་གྱུར་པ། །དེས་ནི་འབད་བྱས་མངོན་ཤེས་དག །འགྲུབ་པར་འགྱུར་གྱི་ལེ་ལོས་མིན། །ཞི་གནས་གྲུབ་པ་མ་ཡིན་པས། །མངོན་ཤེས་འབྱུང་བར་མི་འགྱུར་བས། །དེ་ཕྱིར་ཞི་གནས་བསྒྲུབ་པའི་ཕྱིར། །ཡང་དང་ཡང་དུ་འབད་པར་བྱ། །ཞི་གནས་ཡན་ལག་རྣམ་ཉམས་པས། །རབ་ཏུ་འབད་དེ་བསྒོམས་བྱས་ཀྱང༌། །ལོ་ན་


DTG111_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཕྲག་དག་གིས་ཀྱང༌། །ཏིང་འཛིན་འགྲུབ་པར་མི་འགྱུར་རོ། །དེ་ཕྱིར་ཏིང་འཛིན་ཚོགས་ལེའུ་ལས། །གསུངས་པའི་ཡན་ལག་ལ་ལེགས་གནས། །དམིགས་པ་གང་རུང་གཅིག་ལ་ཡང༌། །ཡིད་ནི་དགེ་ལ་གཞག་པར་བྱ། །རྣལ་འབྱོར་ཞི་གནས་གྲུབ་གྱུར་ན། །མངོན་ཤེས་དག་ཀྱང་འགྲུབ་པར་འགྱུར། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་དང༌། །བྲལ་བས་སྒྲིབ་པ་ཟད་མི་འགྱུར། །དེ་ཕྱིར་ཉོན་མོངས་ཤེས་བྱ་ཡི། །སྒྲིབ་པ་མ་ལུས་སྤང་བའི་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་རྣལ་འབྱོར། །རྟག་ཏུ་ཐབས་བཅས་བསྒོམ་པར་བྱ། །ཐབས་དང་བྲལ་བའི་ཤེས་རབ་དང༌། །ཤེས་རབ་བྲལ་བའི་ཐབས་དག་ཀྱང༌། །གང་ཕྱིར་འཆིང་བ་ཞེས་གསུངས་པ། །དེ་ཕྱིར་གཉིས་ཀ་སྤང་མི་བྱ། །ཤེས་རབ་གང་དང་ཐབས་གང་ཞེས། །ཐེ་ཚོམ་དག་ནི་སྤང་བྱའི་ཕྱིར། །ཐབས་རྣམས་དང་ནི་ཤེས་རབ་ཀྱི། །ཡང་དག་དབྱེ་བ་གསལ་བར་བྱ། །ཤེས་རབ་ཕ་རོལ་ཕྱིན་སྤངས་པའི། །སྦྱིན་པའི་ཕ་རོལ་ཕྱིན་ལ་སོགས། །དགེ་བའི་ཚོགས་རྣམས་ཐམས་ཅད་དག །རྒྱལ་བ་རྣམས་ཀྱི་ཐབས་སུ་བཤད། །ཐབས་བསྒོམས་དབང་གིས་བདག་ཉིད་ཀྱིས། །གང་ཞིག་ཤེས་རབ་རྣམ་བསྒོམ་པ། །དེ་ནི་བྱང་ཆུབ་མྱུར་དུ་ཐོབ། །བདག་མེད་གཅིག་པུ་བསྒོམས་པས་མིན། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །སྐྱེ་བ་མེད་པར་རྟོགས་གྱུར་པའི། །རང་བཞིན་སྟོང་ཉིད་ཤེས་པ་ནི། །ཤེས་རབ་ཅེས་ནི་ཡོངས་སུ་བཤད། །ཡོད་པ་སྐྱེ་བ་རིགས་མིན་ཏེ། །མེད་པའང་ནམ་མཁའི་མེ་ཏོག་བཞིན། །ཉེས་པ་གཉིས་ཀར་ཐལ་འགྱུར་ཕྱིར། །གཉིས་ཀ་དག་ཀྱང་འབྱུང་བ་མིན། །དངོས་པོ་རང་ལས་མི་སྐྱེ་ཞིང༌། །གཞན་དང་གཉིས་ཀ་ལས་ཀྱང་མིན། །རྒྱུ་མེད་ལས་མིན་དེ་ཡི་ཕྱིར། །ངོ་བོ་ཉིད་ཀྱིས་རང་བཞིན་མེད། །ཡང་ན་ཆོས་རྣམས་ཐམས་ཅད་དག །གཅིག་དང་དུ་མས་རྣམ་དཔྱད་ན། །ངོ་བོ་ཉིད་ནི་མི་དམིགས་པས། །རང་བཞིན་མེད་པ་ཉིད་དུ་ངེས། །སྟོང་ཉིད་བདུན་ཅུའི་རིགས་པ་དང༌། །དབུ་མ་རྩ་བ་སོགས་ལས་ཀྱང༌། །དངོས་པོ་རྣམས་ཀྱི་རང་བཞིན་གྱི། །སྟོང་པ་ཉིད་ནི་གྲུབ་བཤད་པ། །གང་ཕྱིར་གཞུང་ནི་མངས་འགྱུར་བས། །དེ་ཕྱིར་འདིར་ནི་མ་སྤྲོས་ལ། །གྲུབ་པའི་གྲུབ་མཐའ་


DTG111_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཞིག་ཏུ། །བསྒོམ་པའི་ཕྱིར་ནི་རབ་ཏུ་བཤད། །དེ་བས་ཆོས་རྣམས་མ་ལུས་པའི། །རང་བཞིན་དག་ནི་མི་དམིགས་པས། །བདག་མེད་པར་ནི་བསྒོམ་གང་ཡིན། །དེ་ཉིད་ཤེས་རབ་བསྒོམ་པ་ཡིན། །ཤེས་རབ་ཀྱིས་ནི་ཆོས་རྣམས་ཀུན། །གང་གི་རང་བཞིན་མ་མཐོང་ཞིང༌། །ཤེས་རབ་དེ་ཉིད་རིག་བཤད་པ། །རྣམ་རྟོག་མེད་པར་དེ་བསྒོམ་བྱ། །རྣམ་རྟོག་ལས་བྱུང་སྲིད་པ་འདི། །རྣམ་པར་རྟོག་པའི་བདག་ཉིད་དེ། །དེ་ཕྱིར་མ་ལུས་རྟོགས་སྤངས་པ། །མྱ་ངན་འདས་པ་མཆོག་ཡིན་ནོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བར་བྱེད། །རྟོག་མེད་ཏིང་འཛིན་ལ་གནས་པ། །ནམ་མཁའ་བཞིན་དུ་རྟོག་མེད་གསལ། །ཞེས་གསུངས་སོ། །རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས་ཀྱང༌། དམ་ཆོས་འདི་ལ་རྒྱལ་བའི་སྲས། །རྣམ་པར་མི་རྟོག་བསམས་གྱུར་ན། །རྣམ་རྟོག་བགྲོད་དཀའ་རྣམས་འདས་ཏེ། །རིམ་གྱིས་མི་རྟོག་ཐོབ་པར་འགྱུར། །ཞེས་གསུངས་སོ། །ལུང་དང་རིགས་པ་དག་གིས་ནི། །ཆོས་རྣམས་ཐམས་ཅད་སྐྱེ་མེད་པའི། །རང་བཞིན་མེད་པ་ངེས་བྱས་ནས། །རྣམ་པར་རྟོག་མེད་བསྒོམ་པར་བྱ། །དེ་ལྟར་དེ་ཉིད་བསྒོམ་བྱས་ནས། །རིམ་གྱིས་དྲོད་སོགས་ཐོབ་བྱས་ནས། །རབ་དགའ་ལ་སོགས་ཐོབ་འགྱུར་ཏེ། །སངས་རྒྱས་བྱང་ཆུབ་ཡུན་མི་རིང༌། །སྔགས་མཐུ་ཉིད་ལས་གྲུབ་པ་ཡི། །ཞི་དང་རྒྱས་སོགས་ལས་རྣམས་ཀྱིས། །བུམ་པ་བཟང་གྲུབ་ལ་སོགས་པ། །གྲུབ་ཆེན་བརྒྱད་སོགས་སྟོབས་ཀྱིས་ཀྱང༌། །བདེ་བ་ཡིས་ནི་བྱང་ཆུབ་ཚོགས། །ཡོངས་སུ་རྫོགས་པར་འདོད་པ་དང༌། །བྱ་བ་སྤྱོད་སོགས་རྒྱུད་གསུངས་པའི། །གལ་ཏེ་གསང་སྔགས་སྤྱོད་འདོད་ན། །དེ་ཚེ་སློབ་དཔོན་དབང་བསྐུར་ཕྱིར། །བསྙེན་བཀུར་རིན་ཆེན་སོགས་སྦྱིན་དང༌། །དཀའ་སྒྲུབ་ལ་སོགས་ཐམས་ཅད་ཀྱིས། །བླ་མ་དམ་པ་མཉེས་པར་བྱ། །བླ་མ་མཉེས་པར་གྱུར་པ་ཡིས། །ཡོངས་རྫོགས་སློབ་དཔོན་དབང་བསྐུར་བས། །སྡིག་ཀུན་རྣམ་དག་བདག་ཉིད་ནི། །དངོས་གྲུབ་སྒྲུབ་པའི་སྐལ་ལྡན་འགྱུར། །དང་པོ་སངས་རྒྱས་རྒྱུད་ཆེན་ལས། །རབ་ཏུ་འབད་པས་བཀག་པའི་ཕྱིར། །གསང་བ་


DTG111_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་དབང་བསྐུར་ནི། །ཚངས་པར་སྤྱོད་པས་བླང་མི་བྱ། །གལ་ཏེ་དབང་བསྐུར་དེ་འཛིན་ན། །ཚངས་སྤྱོད་དཀའ་ཐུབ་ལ་གནས་པས། །བཀག་པ་སྤྱད་པར་འགྱུར་བའི་ཕྱིར། །དཀའ་ཐུབ་སྡོམ་པ་དེ་ཉམས་ཏེ། །བརྟུལ་ཞུགས་ཅན་དེ་ཕམ་པ་ཡི། །ལྟུང་བ་དག་ནི་འབྱུང་འགྱུར་ཞིང༌། །དེ་ནི་ངན་སོང་ངེས་ལྷུང་བས། །གྲུབ་པ་ཡང་ནི་ཡོད་མ་ཡིན། །རྒྱུད་ཀུན་ཉན་དང་འཆད་པ་དང༌། །སྦྱིན་སྲེག་མཆོད་སྦྱིན་སོགས་བྱེད་པ། །སློབ་དཔོན་དབང་བསྐུར་རྙེད་འགྱུར་ཞིང༌། །དེ་ཉིད་རིག་ལ་ཉེས་པ་མེད། །གནས་བརྟན་མར་མེ་མཛད་དཔལ་གྱིས། །མདོ་སོགས་ཆོས་ལས་བཤད་མཐོང་བ། །བྱང་ཆུབ་འོད་ཀྱིས་གསོལ་བཏབ་ནས། །བྱང་ཆུབ་ལམ་བཤད་མདོར་བསྡུས་བྱས། །བྱང་ཆུབ་ལམ་གྱི་སྒྲོན་མ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཞིང་གཏན་ལ་ཕབ་པ། ཆོས་འདི་ནི་ཞང་ཞུང་གི་ཐོ་ལིང་གཙུག་ལག་ཁང་དུ་མཛད་པའོ།།

བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེལ་ཞེས་བྱ་བ།


DTG111_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བོ་དྷི་མཱརྒ་དཱི་པཾ་པཉྩི་ཀ་ནཱ་མ། བོད་སྐད་དུ། བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེལ་ཞེས་བྱ་བ། འཕགས་མ་རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བདེ་མཆོག་འཁོར་ལོ་དམ་ཚིག་གསུམ་རྒྱལ་པོ། །འཇིག་རྟེན་དབང་ཕྱུག་སྒྲོལ་མ་ཕྱག་འཚལ་འདུད། །བྱམས་པ་ཐོགས་མེད་བླ་མ་གསེར་གླིང་པ། །འཇམ་དབྱངས་ཞི་བའི་ལྷ་དང་བྱང་ཆུབ་བཟང༌། །བླ་མ་རྣམས་ལ་དང་བས་ཕྱག་བྱས་ནས། །ཉི་ཟེར་ལྟ་བུའི་དཀའ་འགྲེལ་བྲི་བར་བྱ། །བྱང་ཆུབ་སྙིང་པོར་བགྲོད་པའི་ལམ་བཟང་པོ། །ཟླ་ཟེར་ལྟ་བུའི་ལམ་སྒྲོན་འདི་ཡིན་ཏེ། །འདི་ན་ཅུང་ཟད་མི་གསལ་གང་ཡིན་པ། །ཉི་ཟེར་ལྟ་བུའི་འགྲེལ་པས་ལམ་གསལ་བྱ། །བསྟན་བཅོས་རྩོམ་པའི་ཚད་དང་མི་ལྡན་ཡང༌། །འདུན་ཅིང་གུས་པའི་སློབ་མས་བསྐུལ་བ་དང༌། །སངས་རྒྱས་བསྟན་པ་རབ་ཏུ་འཕེལ་བྱ་དང༌། །གཞུང་རྣམས་མི་མཐུན་རྩོད་པ་ཞི་བྱའི་ཕྱིར། །ཉི་ཟེར་ལྟ་བུའི་འགྲེལ་པ་བྲི་བར་བྱ། །མཁས་རྣམས་ངོ་མཚར་


DTG111_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་དང༌། །མཉམ་རྣམས་གོ་བར་སླ་བ་དང༌། །དམན་རྣམས་བག་ཆགས་གཞག་པའི་ཕྱིར། །དཀའ་འགྲེལ་འདི་ནི་བྲི་བར་བྱ། །གཞུང་ཉུང་བ་ལ་དོན་མང་བའི། །བསྟན་བཅོས་འདི་ནི་རྟོགས་པར་དཀའ། །དམ་པ་རྣམས་དང་བྲལ་བས་ན། །ཐམས་ཅད་དུ་ནི་རྣམ་པར་འཁོར། །དེ་བས་སྐྱེས་བུ་བློ་ལྡན་པས། །བླ་མ་ཡོངས་སུ་མཉེས་བྱས་ལ། །བླ་མ་བརྒྱུད་རིམ་ལས་འོངས་པའི། །ཡང་དག་མན་ངག་ཞུ་བར་བྱ། །འདིར་བླ་མ་དམ་པ་གསེར་གླིང་པ་དང་བླ་མ་དམ་པ་རྗེ་བཙུན་དཔལ་བྱང་ཆུབ་བཟང་པོའི་ཞལ་རིན་པོ་ཆེ་བུམ་པ་ལྟ་བུ་ནས། བདུད་རྩི་ལྟ་བུ་དང༌། སྦྲང་རྩི་ལྟ་བུའི་མན་ངག་གི་ཐིགས་པ་རྒྱལ་རིགས་ཀྱི་སློབ་མ་བྱང་ཆུབ་འོད་དང༌། དུས་ཡུན་རིང་པོར་ཉེ་བར་བསྟན་པའི་སློབ་མ་དགེ་སློང་ཚུལ་ཁྲིམས་རྒྱལ་བ་གཉིས་ཀྱིས་ཡང་དང་ཡང་དུ་གསོལ་བ་བཏབ་པའི་ངོར་མན་ངག་གི་ཐིགས་པ་འཐོར་བ་རྣམས་འདིར་བླ་མའི་ཞལ་སྔ་ནས་དང༌། མདོ་སྡེ་ལ་སོགས་པའི་རྗེས་སུ་འབྲངས་ནས་བསྡུ་བར་བྱའོ། །བྱང་ཆུབ་འོད་ཀྱིས་དུས་རྟག་ཏུ། །བདག་ལ་ཚིག་ནི་བདུན་དྲིས་པས། །རྩ་བར་དོན་དེ་མ་གསལ་ཞེས། །བསྐུལ་བའི་དོན་དུ་བྲི་བར་བྱ། །སྔོན་གྱི་སློབ་དཔོན་མཁས་པ་ཆེན་པོ་ནོར་གྱི་རྩ་ལག་གི་ཞལ་ནས། མདོ་དོན་སྨྲ་བ་རྣམས་ལ་ནི། །མན་ངག་ཅུང་ཟད་སྦྱིན་པར་བྱ། །དགོས་པ་བཅས་དང་བསྡུས་དོན་བཅས། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་བཅས་པས་བསྙད་པར་བྱ། །ཞེས་བཤད་པས་འདིར་ཡང་ཤེས་རབ་དང་ལྡན་པ་དང༌། བླ་མ་མཁས་པ་ལ་བརྟེན་པ་དག་གིས་ཚུལ་ཇི་ལྟ་བ་བཞིན་དུ་སྦྱར་བ་བྱས་ན་ཐེག་པ་ཆེན་པོའི་ལམ་བཟང་པོ་སྐྱེ་བོ་ཆེན་པོའི་ཆོས་ལུགས་ཤིང་རྟ་ཆེན་པོའི་ལམ་ཆེན་པོ་འདི་མྱུར་དུ་རྟོགས་པར་འགྱུར་རོ། །མདོ་སོགས་ལུང་དང་བསྟན་བཅོས་དང༌། །བླ་མ་རྣམས་ཀྱི་གསུང་བཞིན་དུ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ། །བདག་གིས་ངེས་པར་བཤད་པར་བྱ། །དེ་གང་ཡིན་ཞེ་ན། དུས་གསུམ་རྒྱལ་བ་ཐམས་ཅད་དག་དང་དེའི་ཆོས་དང༌། །དགེ་འདུན་རྣམས་ལ་གུས་པ་ཆེན་པོས་ཕྱག་བྱ་སྟེ། །སློབ་མ་བཟང་པོ་བྱང་ཆུབ་འོད་ཀྱིས་བསྐུལ་གྱུར་པས། །བྱང་ཆུབ་ལམ་གྱི་སྒྲོན་མ་རབ་ཏུ་གསལ་བར་བྱ། །ཞེས་བྱ་བ་


DTG111_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་གཞུང་འདི་ཡིན་ནོ། །གཞུང་དེ་དག་གང་ཡིན་ཞེ་ན། དུས་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུས་གསུམ་ཞེས་བྱ་བ་ལ་སོགས་པའི་ཚིག་རྐང་པ་གཅིག་ནི་རྟོགས་པར་སླའོ། །སློབ་མ་བཟང་པོ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་སྣོད་ཡིན་པས་སོ། །དེ་གང་ཡིན་ཞེ་ན། བྱང་ཆུབ་འོད་ཅེས་བྱ་བ་འདི་ཡིན་ནོ། །བསྐུལ་གྱུར་པས་ཞེས་བྱ་བ་ནི་དེས་བདག་ལ་འདི་སྐད་དུ། བོད་ཀྱི་ཡུལ་འདི་ན་སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེན་པོའི་ལམ་འདི་ལ་ལོག་པར་རྟོག་པའི་གང་ཟག་བླ་མ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་ཟིན་པ་དག་ཕན་ཚུན་རྩོད་ཅིང་རང་རང་གི་རྟོག་གེས་ཟབ་པ་དང་རྒྱ་ཆེན་པོའི་དོན་ལ་རང་གི་རྟོག་པ་དཔྱོད་ཅིང་སོ་སོ་ནས་མི་མཐུན་པ་དག་མང་དུ་མཆིས་པས་དེ་དག་ཐེ་ཚོམ་བསལ་དུ་གསོལ་ཞེས་བདག་ལ་ཡང་དང་ཡང་དུ་བསྐུལ་བར་གྱུར་པས། དེའི་དོན་དུ་བདག་གིས་མདོ་ལ་སོགས་བའི་རྗེས་སུ་འབྲངས་ནས་བྱང་ཆུབ་ལམ་གྱི་སྒྲོན་མ་རབ་ཏུ་གསལ་བར་བྱའོ། །བྱང་ཆུབ་ལམ་གྱི་སྒྲོན་མ་དེ་གང་ཡིན་ཞེ་ན། སེམས་ཅན་དམ་པ་བྱང་ཆུབ་མཆོག །ཅེས་བྱ་བ་ནས། དེ་ཉིད་རིག་ལ་ཉེས་པ་མེད། །ཅེས་པའི་བར་གྱི་གཞུང་འདི་ཡིན་ནོ། །དེ་ལ་ཆུང་དང་ཞེས་པ་ནས་མཆོག་ཡིན་ནོ་ཞེས་པའི་གཞུང་གིས་ཐེག་པ་ཆེན་པོའི་སྣོད་དང་སྣོད་མ་ཡིན་པ་བསྟན་ཏེ། སྐྱེས་བུ་ཐ་མ་དང༌། སྐྱེས་བུ་འབྲིང་ནི་ཞར་ལ་བཤད་པ་ཡིན་ནོ། །ཚིག་དོན་རྣམས་ནི་རྟོགས་པར་སླའོ། །རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་པས་ནི་ཐེག་པ་ཆེན་པོའི་སྣོད་བསྟན་པ་ཡིན་ནོ། །དོན་འདི་ལ་དགོངས་ནས་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་ཅན་ལ། །བུ་གཅིག་པ་ལ་བྱ་བ་བཞིན། །རྐང་གི་གཏིང་ནས་བྱམས་པ་སྟེ། །དེ་ལྟར་རྟག་ཏུ་བྱེད་པར་འདོད། །ཡང་ཇི་ལྟར་ཕུག་རོན་རང་གི་བུ་མཆོག་བྱམས། །རང་གི་བུ་དེ་པང་ན་འཁྱུད་ནས་འདུག །དེ་འདྲ་བ་ལ་ཁོང་ཁྲོ་འགལ་བ་ལྟར། །བརྩེར་བཅས་ལུས་ཅན་བུ་ལའང་དེ་དང་འདྲ། །ཞེས་གསུངས་པ་དང༌། སློབ་དཔོན་མཁས་པ་ཆེན་པོ་ནོར་གྱི་རྩ་ལག་གིས་ཀྱང་ཇི་སྐད་དུ། དམན་


DTG111_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དང་དེའི་ཐབས་ཀྱིས་རང་གི་རྒྱུད་དུ་གཏོགས་པའི་བདེ་བ་དོན་དུ་གཉེར། །འབྲིང་པོ་སྡུག་བསྔལ་ལྡོག་པ་ཁོ་ནའོ་བདེ་མིན་གང་ཕྱིར་དེ་ནི་སྡུག་བསྔལ་གནས་ཡིན་ཕྱིར། །དམ་པ་རང་གི་རྒྱུད་ལ་ཡོད་པའི་སྡུག་བསྔལ་རྣམས་ཀྱིས་གཞན་དག་ལ་ནི་བདེ་བ་དང༌། །སྡུག་བསྔལ་གཏན་ལྡོག་ཁོ་ན་དོན་གཉེར་གང་ཕྱིར་དེ་ཡི་སྡུག་བསྔལ་གྱིས་དེ་སྡུག་བསྔལ་ཕྱིར། །ཞེས་གསུངས་པ་དང༌། ཡང་གང་གཞན་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་བར་འགྱུར་ཞིང༌། གཞན་གྱི་བདེ་བས་ཡིད་བདེ་ཞིང་དགའ་བར་འགྱུར་གྱི། བདག་གི་ནི་མ་ཡིན་པ་དེ་ལྟ་བུའི་རིགས་ཅན་ལ་ཡིན་ཏེ། དེ་དག་ནི་རང་གི་བདེ་བ་ལ་མི་ལྟ་བ་དང༌། དེ་དག་ནི་གཞན་དག་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་ལས་ཡོངས་སུ་བསྐྱབ་པར་ནུས་སོ་སྙམ་དུ་འབད་པ་བྱེད་དོ། །རང་བཞིན་གྱིས་སྙིང་རྗེ་ཆེ་བདག་ནི་སྙིང་རྗེ་ལ་གོམས་པའི་སྟོབས་ཀྱིས་རང་སྡུག་བསྔལ་ཡར་གཞན་བདེ་བ་ལ་མངོན་པར་དགའ་བ་ཡིན་ནོ་ཞེས་གསུངས་སོ། །དེ་བས་ན་སྐྱེས་བུ་གང་ཞིག་རང་བཞིན་གྱིས་ཕ་རོལ་པོ་ཉམ་ཐག་པ་དག་མཐོང་ན་མི་བཟོད་ཅིང་བདག་དང་གཞན་བརྗེ་བར་སེམས་ཤིང་བུ་གཅིག་པ་གཡང་སར་ལྷུང་བ་དང༌། ཆུ་བོ་ཆེན་པོས་ཁྱེར་བ་དང། མེ་འབར་བའི་ནང་དུ་འདུག་པ་མཐོང་བ་ན་དེ་མི་བཟོད་པ་བཞིན་དུ། འགྲོ་བ་མཐའ་དག་ལ་བུ་གཅིག་པ་ལྟར་ལྟ་བ་དེ་ནི་འདིར་ཐེག་པ་ཆེན་པོའི་སྣོད་དུ་བསྔགས་སོ། །དེ་ལྟ་བུའི་སེམས་ཅན་ཆེན་པོ་དེ་ལ་ཇི་ལྟར་བྱ་སྙམ་ཕལ། བླ་མ་རྣམས་ཀྱིས་བསྟན་པ་ཡིས། །ཡང་དག་ཐབས་ནི་བསྟན་པར་བྱ། །ཞེས་བྱ་བ་ནི་འདི་ཡིན་ནོ། །དེ་ལ་བླ་མ་རྣམས་ནི་རྗེ་བཙུན་དཔལ་བྱང་ཆུབ་བཟང་པོ་དང༌། རྗེ་བཙུན་སུ་ཝརྞྞ་དྭའི་པ་ལ་སོགས་པའོ། །ཡང་དག་ཐབས་ཞེས་བྱ་བ་ནི། གསུམ་ལ་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང༌། མངོན་པར་ཤེས་པ་བསྐྱེད་ནས་གཞན་དོན་ཁྱད་པར་ཅན་བྱ་བའི་ཐབས་དང༌། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་ཚོགས་གཉིས་བསག་པའི་ཐབས་དང༌། བདག་དང་གཞན་དོན་མྱུར་དུ་རྫོགས་པར་འགྱུར་བའི་ཐེག་པ་ཆེན་པོའི་ཆེན་པོ་གསང་སྔགས་ཀྱི་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཚོགས་


DTG111_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བསགས་པའི་ཐབས་རྣམས་སོ། །དེ་ལྟ་བུའི་ཐབས་དེ་དག་རྒྱས་པར་བཤད་པར་འདོད་ནས། རྫོགས་སངས་བྲིས་སྐུ་ལ་སོགས་དང༌། །ཞེས་པ་ནས། དེ་ཉིད་རིག་ལ་ཉེས་པ་མེད་པའི་བར་རོ། །གསུམ་ལ་སྐྱབས་སུ་འགྲོ་བ་ནི་ཐར་པའི་གྲོང་ཁྱེར་ཆེན་པོར་འཇུག་པའི་སྒོ་ལྟ་བུར་གྱུར་པ་དང༌། བྱང་ཆུབ་ཀྱི་སེམས་ཀྱི་གཞི་ལྟ་བུར་གྱུར་པས་དེ་བསྟན་པར་འདོད་ནས། རྫོགས་སངས་བྲིས་སྐུ་ལ་སོགས་དང༌། །མཆོད་རྟེན་དམ་ཆོས་མངོན་ཕྱོགས་ནས། །ཞེས་བྱ་བ་ལ་སོགས་པ་ཚིག་རྐང་བཅུ་གཉིས་ཀྱིས་བསྟན་ཏེ། མངོན་ཕྱོགས་ནས་ཞེས་པ་ནི་དེ་བཞིན་གཤེགས་པའི་སྐུ་མངོན་དུ་ཕྱོགས་པར་བྱས་ཤིང་མཐོང་བ་ལས་བྱང་ཆུབ་ཀྱི་སེམས་སྐྱེའོ་ཞེས་ཐེག་པ་ཆེན་པོའི་མདོ་རྒྱལ་པོ་ལ་གདམས་པའི་སྔོན་གྱི་རྟོགས་པ་བརྗོད་པ་ལས་ཀྱང་མཐོང་བ་དང༌། དགེ་བའི་བཤེས་གཉེན་དག་ཀྱང་གསུང་ངོ༌། །ཆོ་ག་རྒྱས་པ་ནི་འོག་ནས་སྟོན་པར་འགྱུར་རོ། །འདི་ལྟར་བྱུག་རིས་ཀྱི་དཀྱིལ་འཁོར་ཉི་ཤུ་རྩ་བདུན་དུ་དཀོན་མཆོག་གསུམ་གྱི་གཟུགས་བརྙན་སོ་སོར་བཞུགས་སུ་གསོལ་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་རྣམ་པར་དག་པའི་དཀོན་མཆོག་གསུམ་ཡང་གནས་སོ་སོ་དེ་དག་ཏུ་སྤྱན་དྲང་བའམ། ཡང་ན་ཞིང་ཁམས་དེ་དག་ཉིད་དུ་བདག་ཉིད་འདུག་པར་མོས་ཏེ་ལུས་ཀྱི་རྣམ་པར་འཕྲུལ་པའི་བཀོད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རེ་རེའི་མདུན་དུ་བདག་ཉིད་འདུག་པར་བསམ་ལ་པུག་པུག་པོར་རམ་སོར་མོ་བསྣོལ་ལ་སྤྱི་བོར་ཐལ་མོ་སྦྱར་ནས་མཆོད་པའི་བྱ་བ་རྫོགས་པ་དང༌། ཕུང་པོ་གསུམ་པ་བྱས་ལ་བླ་མ་ལ་ཡོན་ཕུལ་ཏེ་སྐྱབས་སུ་འགྲོ་བ་བྱའོ། །དེ་ཡང་དཀོན་མཆོག་གསུམ་ནི་འདི་ལྟ་བུ་ཡིན་ཏེ། དེ་ཁོ་ན་ཉིད་ཀྱི་དཀོན་མཆོག་གསུམ་དང༌། མདུན་དུ་བཞུགས་པའི་དཀོན་མཆོག་གསུམ་སྟེ། དེ་ལྟ་བུ་ཤེས་པ་སྔོན་དུ་འགྲོ་བར་བྱའོ། །མེ་ཏོག་བདུག་སྤོས་དངོས་པོ་དག །ཅེས་པ་ནི་ཟང་ཟིང་གི་མཆོད་པ་མཚོན་པའོ། །མཆོད་པ་རྣམ་པ་བདུན་དག་ཀྱང༌། །ཞེས་པ་ནི་སྒྲུབ་པའི་མཆོད་པ་མཚོན་པའོ། །འདིར་བྱང་ཆུབ་སེམས་དཔའ་ཚོགས་ཀྱི་ལམ་པ་སློབ་དཔོན་དུ་གྱུར་པ་དེས་བསོད་ནམས་ཀྱི་ཚོགས་བསག་པའི་ཕྱིར། མཆོད་པ་ལ་མཁས་པར་བྱ་བ་ཡིན་ཏེ། དེ་སྨྲ་བ་འདོད་ནས། ཀུན་བཟང་སྤྱོད་ལས་གསུངས་


DTG111_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །མཆོད་པ་རྣམ་པ་བདུན་དག་ཀྱང༌། །ཞེས་བྱ་བ་འདི་ཡིན་ཏེ། ཀུན་བཟང་སྤྱོད་ཅེས་བྱ་བ་ནི་འཕགས་པ་སྡོང་པོ་བཀོད་པ་ལས་འབྱུང་བའི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཡིན་ཏེ། འདི་ནི་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོས་ཆེན་པོ་ལ་བཞུགས་པ་ཀུན་དུ་བཟང་པོའི་སྤྱོད་པ་དང༌། སྨོན་ལམ་གྱི་རྒྱ་མཚོ་མི་ཟད་པའི་བརྙེས་པ་རྣམས་ཀྱི་ཀུན་དུ་བཟང་པོའི་སྤྱོད་པ་དང༌། ཀུན་དུ་བཟང་པོའི་སྨོན་ལམ་ཡིན་པས་འདི་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡེ་སྣོད་ཀྱི་མར་མེ་ལྟ་བུ་ཡིན་ནོ་ཞེས་བླ་མ་དམ་པ་མཁས་པ་ཆེན་པོ་དག་གསུངས་པ་ཡིན་ནོ། །གསུངས་པའི་མཆོད་པ་རྣམ་པ་བདུན། །ཞེས་བྱ་བ་ནི་བླ་མ་ཁ་ཅིག་གི་ཞལ་ནས་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ལས་མཆོད་པ་བདུན་གསུངས་ཏེ། ཇི་སྙེད་སུ་དག་ཕྱོགས་བཅུའི་ཞེས་པ་ཤློ་ཀས་ནི་ལུས་དང་ངག་དང་ཡིད་ཀྱིས་ཕྱག་འཚལ་བའི་མཆོད་པ་བསྟན་ཏོ། །བཟང་པོར་སྤྱོད་ལ་དད་པའི་ཞེས་པ་ལ་སོགས་པའི་ཤློ་ཀས་ནི་ལུས་དབུལ་བའི་མཆོད་པ་བསྟན་ཏོ། །རྡུལ་གཅིག་སྟེང་ན་ཞེས་པའི་ཤློ་ཀས་ནི་དེ་དག་ཡུལ་དུ་བྱས་ཏེ་དང་བའི་མཆོད་པ་བསྟན་ཏོ། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །ཞེས་པ་ལ་སོགས་པས་ནི་བསྟོད་པའི་མཆོད་པ་བསྟན་ཏོ། །མེ་ཏོག་དམ་པ་ཞེས་པ་ལ་སོགས་པས་ནི་བླ་ན་ཡོད་པའི་མཆོད་པ་བསྟན་ཏོ། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །ཞེས་པས་ནི་བླ་ན་མེད་པའི་མཆོད་པ་བསྟན་ཏོ། །འདོད་ཆགས་ཞེ་སྡང་གཏི་མུག་ཅེས་པས་ནི་ཕུང་པོ་གསུམ་པའི་མཆོད་པ་བསྟན་ཏོ། །གཞུང་གཞན་གྱིས་མི་མཆོད་པ་དེ་དག་གི་བསྔོ་བ་བསྟན་པ་ཡིན་ནོ་ཞེས་གསུངས་སོ། །ཡང་བླ་མ་དམ་པ་ཁ་ཅིག་གི་ཞལ་ནས། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ལས་མཆོད་པ་བདུན་གསུངས་ཏེ། འདི་ལྟར་མེ་ཏོག་དམ་པ་དང༌། ཕྲེང་བ་དམ་པ་དང༌། སིལ་སྙན་དམ་པ་དང༌། བྱུག་པ་དམ་པ་དང། མར་མེ་དམ་པ་དང༌། བདུག་སྤོས་དམ་པ་དང༌། ན་བཟའ་དམ་པ་རྣམས་སོ། །དྲི་མཆོག་དམ་པ་དང༌། ཕྱི་མའི་ཕུར་མ་གཉིས་ནི་བྱུག་པ་དམ་པ་དང༌། བདུག་པ་གཉིས་ཀྱི་ནང་དུ་འདུས་པ་ཉིད་ཡིན་ལ་བཀོད་པའི་ཁྱད་པར་ཞེས་པ་ནི་སྔ་མ་དེ་དག་རེ་རེ་ཞིང་ཡང་བརྗོད་དུ་མེད་པའི་བཀོད་པ་བྱའོ་


DTG111_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུང་ངོ༌། །བླ་མ་མཁས་པ་གཞན་དག་ནི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ལས་མཆོད་པ་བདུན་དུ་གསུངས་པ་ནི་འདི་ལྟར་ཡན་ལག་བདུན་པར་འདུས་ཏེ། སྒྲུབ་པའི་མཆོད་པ་ཡིན་ནོ་ཞེས་གསུངས་ཏེ། དེ་ཉིད་ལས་བདུན་པོ་དེ་དག་རྫོགས་པའི་རྗེས་ལ་འདི་སྐད་དུ། འདས་པའི་སངས་རྒྱས་རྣམས་དང་ད་ལྟར་གྱི། །ཕྱོགས་བཅུ་དག་ན་གང་བཞུགས་མཆོད་པར་གྱུར། །ཞེས་མཆོད་པ་ཉིད་ཡིན་པར་གསལ་བར་གསུངས་སོ་ཞེས་གསུང་ངོ༌། །དེ་དག་ནི་གར་ཡང་འགལ་བ་མེད་པ་དེ་རང་ཉིད་གང་ལ་མོས་པ་དེ་གཟུང་བར་བྱའོ། །འདི་ལྟར་མཆོད་པ་ནི་རྣམ་པ་གཉིས་ཏེ། ཟང་ཟིང་གི་མཆོད་པ་དང༌། སྒྲུབ་པའི་མཆོད་པའོ། །ཟང་ཟིང་གི་མཆོད་པ་ནི་གཉིས་ཏེ། མངོན་སུམ་པ་ཉིད་དང༌། ཡིད་ཀྱིས་བྱས་པའོ། །མངོན་སུམ་པ་ནི་གཉིས་ཏེ། མེ་ཏོག་ལ་སོགས་པ་དང༌། བདུག་པ་ལ་སོགས་པ་དང༌། རོལ་མོ་ལ་སོགས་པ་དང༌། རྒྱལ་སྲིད་དང༌། ནོར་བུ་རིན་པོ་ཆེ་ལ་སོགས་པ་བདག་ཉིད་ལ་ཡོད་པའོ། །གཉིས་པ་ནི་སེམས་རྟེན་དང་བཅས་པ་དང༌། བུ་དང་བུ་མོ་དང༌། ཆུང་མ་དང་བྲན་ལ་སོགས་པའོ། །ཡིད་ཀྱིས་བྱས་པ་ལ་གཉིས་ཏེ། དང་པོ་ནི་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་བདག་པོ་མེད་ཅིང༌། གཞན་གྱིས་ཡོངས་སུ་མ་བཟུང་བའི་རྫས་ཕུལ་དུ་བྱུང་བ་མ་ལུས་པ་སྟེ། ཇི་ལྟར་འཕགས་པ་དཀོན་མཆོག་སྤྲིན་དང༌། འཕགས་པ་དགོངས་པ་རྒྱུད་ཀྱི་ཕྲེང་བ་དང༌། ཏིང་ངེ་འཛིན་གྱི་འཁོར་ལོའི་མཆོད་པའི་ཕྱག་རྒྱའི་མདོ་དང༌། དཀོན་མཆོག་ཏ་ལ་ལའི་མདོ་དང༌། སྤྱོད་པ་ལ་འཇུག་པ་ལས་གསུངས་པ་ལྟ་བུའོ། །གཉིས་པ་ནི་ཡིད་ཀྱི་རྣམ་པར་འཕྲུལ་པ་ལས་བྱུང་བའི་བཀོད་པ་ནམ་མཁའི་མཛོད་ལས་བྱུང་བ་སྟེ། འདི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་རིན་པོ་ཆེ་བདུན་དང༌། ནོར་བུ་རིན་པོ་ཆེ་གསེར་དང༌། དངུལ་དང༌། དུང་དང༌། མན་ཤེལ་དང༌། ཆུ་ཤེལ་དང༌། སྤུག་དང༌། རྡོའི་སྙིང་པོ་དང། མུ་ཏིག་དང༌། མུ་ཏིག་དམར་པོ་དང༌། མན་ཤེལ་དང༌། པདྨ་རཱ་ག་དང༌། ཨསྨ་གརྦྷ་དང༌། མུ་ས་ལ་གལ་པ་དང༌། དུན་ལས་དང༌། ཨིནྡྲ་ནཱི་ལ་དང༌། མར་ཀ་ཏ་དང༌། བཻ་ཌཱུཪྻ་དང༌། ཤཾ་ཀ་ཤི་ལ་དང༌། བྱི་རུ་དང༌། ཀེ་ཀེ་རུ་དང༌། ཀེ་ཀེ་རུ་ཆེན་པོ་ལ་སོགས་པའི་ནོར་བུ་དེ་དག་གི་ཆར་པ་འབབ་པ་


DTG111_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

དང། དེ་དག་གི་གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། གཞལ་ཡས་ཁང་དང༌། དྲ་བའི་ཚོགས་བརྗོད་དུ་མེད་པ་དག་གཞན་ཡང་དཀོན་མཆོག་ཏ་ལ་ལའི་གཟུངས་ལས་འབྱུང་བ་ལྟ་བུ་སྟེ། མེ་ཏོག་ཕལ་ཆེར་མེ་ཏོག་བླ་རེ་དང༌། །མེ་ཏོག་བཀོད་པའི་འོད་ཟེར་རབ་འགྱེད་ཅིང༌། །མེ་ཏོག་སྣ་ཚོགས་ཀུན་དུ་བཀྲམ་བྱས་ཏེ། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བས་མཆོད། །ཅེས་གསུངས་ཏེ། དེ་བཞིན་དུ་བདུག་པ་དང༌། སྤོས་དང༌། ཕྲེང་བ་དང༌། ཕྱེ་མ་དང༌། ན་བཟའ་དང༌། རིན་པོ་ཆེ་དང༌། པདྨ་དང༌། རྒྱན་ཕྲེང་དང༌། རྒྱལ་མཚན་ཏེ། དེ་དག་ཀྱང་ཁ་དོག་སྣ་ཚོགས་པའོ། །སྔར་གྱི་ཚིགས་སུ་བཅད་པས་ཀུན་ལ་སྦྱར་བར་བྱའོ། །དེ་བཞིན་དུ་གདུགས་བཟོ་ལེགས་པ་ཡུ་བ་རིན་པོ་ཆེ་ལས་གྲུབ་པ་ཁ་དོག་སྣ་ཚོགས་པ་སངས་རྒྱས་ཀྱི་ཞིང་མ་ལུས་པ་ཁེབས་པ་བརྗོད་དུ་མེད་པ་དང༌། དེ་བཞིན་དུ་རྒྱལ་མཚན་ཡང་དེ་བཞིན་ཏེ། ཐམས་ཅད་གདུགས་བཞིན་ནོ། །བ་དན་དང་རྣམ་པར་རྒྱལ་བའི་བ་དན་ཡང་ཚད་དང་རྒྱུ་དང་གྲངས་སྔ་མ་བཞིན་ནོ། །གཞན་ཡང་མེ་ཏོག་ཁ་དོག་དང་དབྱིབས་དང་དྲི་ཕུན་སུམ་ཚོགས་པའི་ཆར་དང༌། དེའི་ཕྲེང་བ་དང༌། དེའི་གདུགས་དང༌། དེའི་རྒྱལ་མཚན་དང༌། དེའི་བ་དན་དང༌། རྣམ་པར་རྒྱལ་བའི་བ་དན་དང། གཞལ་མེད་ཁང་བཀོད་པ་སྣ་ཚོགས་པ་དུ་མ་བརྗོད་དུ་མེད་པ་དང༌། མར་མེ་ཡང་ཚུལ་དེ་བཞིན་པ་དང༌། སྤོས་ཀྱི་ཆར་ལ་སོགས་པ་ཡང་སྔ་མའི་ཚུལ་དང་ལྡན་པ་དང༌། ཞལ་ཟས་བཟའ་བ་དང༌། བཏུང་བ་ཁ་དོག་དང་དྲི་དང་རོ་ཕུན་སུམ་ཚོགས་པ་དང༌། ན་བཟའ་དྲི་ཞིམ་པོས་བསྒོས་པ་དང། རོལ་མོའི་སྒྲ་དབྱངས་སྙན་ཅིང་ཡིད་འཕྲོག་པར་བྱེད་པའི་པི་ཝང་དང༌། གླིང་བུ་དང༌། རྔ་དང༌། རྔ་པ་ཊ་ཧ་དང༌། རྔ་བོ་ཆེ་དང༌། རྔ་ཟླུམ་དང༌། རྫ་རྔ་དང༌། དུང་དང༌། ཟངས་དུང་དང༌། ཆ་ལང་དང༌། ཏིང་ཏིང་ཤག་དང༌། ཌ་མ་རུ་དང༌། ལྷ་དང༌། མིའི་གླུ་སྙན་པ་ཡིད་འཕྲོག་པར་བྱེད་པ་དང༌། དཀོན་མཆོག་གསུམ་གྱི་བསྟོད་པའི་སྒྲ་དབྱངས་སྙན་ཅིང་དོན་དང་ལྡན་པ་དང་ཕྱེ་མའི་ཕུར་མ་རི་རབ་བྱེ་བ་ཕྲག་བརྒྱ་གཅིག་ཏུ་བསྡོམས་པ་ཙམ་ལ་སོགས་པའོ། །དེ་ཡང་འཕགས་པ་དཀོན་མཆོག་སྤྲིན་ལས་འབྱུང་བ་བཞིན་ནོ། །སྒྲུབ་པའི་མཆོད་པ་ནི་གཉིས་ཏེ། སྒྲུབ་པའི་མཆོད་པ་ཉིད་


DTG111_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

དང། བླ་ན་མེད་པའི་མཆོད་པའོ། །དང་པོ་ལ་བདུན་ཏེ། ཕྱག་འཚལ་བའི་མཆོད་པ་དང༌། ཟང་ཟིང་གི་མཆོད་པའི་མཆོད་པ་དང༌། སྡིག་པ་བཤགས་པའི་མཆོད་པ་དང༌། རྗེས་སུ་ཡི་རང་པའི་མཆོད་པ་དང༌། དེ་བཞིན་དུ་བསྐུལ་བ་དང༌། གསོལ་བ་གདབ་པ་དང༌། ཡོངས་སུ་བསྔོ་བའི་མཆོད་པ་ཞེས་བྱ་བ་དག་གོ །དེ་ལ་ཕྱག་འཚལ་བའི་མཆོད་པ་ལ་ཡང་གཉིས་ཏེ། ལུས་ཀྱི་མཆོད་པ་དང༌། ངག་གི་མཆོད་པའོ། །ལུས་ཀྱི་མཆོད་པ་ནི་འཕགས་པ་བཟང་པོ་སྤྱོད་པ་ལས། ཇི་སྙེད་སུ་དག་ཅེས་པ་ལ་སོགས་པ་དང༌། བཟང་པོའི་སྤྱོད་ལ་དད་པའི་སྟོབས་དག་གིས། །ཞེས་པ་ལ་སོགས་པ་དང༌། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཅེས་པ་ལ་སོགས་པའོ། །དེ་དག་གིས་ནི་དམིགས་པའི་ཡུལ་དུ་བྱ་བ་དང༌། ལུས་དབུལ་བ་དང༌། ཕྱག་བྱ་བ་དེ་གསུངས་སོ། །དོན་དེ་ཉིད་འཕགས་པ་ཕུང་པོ་གསུམ་པའི་མདོ་ལས་གསུངས་ཏེ། དེ་པུས་མོ་གཡས་པ་ས་ལ་འཛུགས་པ་ན་ཞེས་པ་དང༌། དེ་པུས་མོ་གཡོན་པ་ས་ལ་འཛུགས་པ་ན་ཞེས་པ་དང༌། དེ་ལག་པ་གཡས་པས་ལ་འཛུགས་པ་ན་སེམས་ཅན་ཐམས་ཅད་གཡས་ཕྱོགས་ཀྱི་ལམ་ལ་གནས་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་དོ་ཞེས་པ་དང༌། དེ་བཞིན་དུ་ལག་པ་གཡོན་པ་དང་མགོ་ས་ལ་གཏུགས་པ་ན་ཞེས་པའི་ཚུལ་དེ་བཞིན་དུ་ཤེས་པར་བྱ། དེའི་བསྔོ་བ་དེ་ཉིད་ལས་འདི་སྐད་དུ་བདག་གི་ཡན་ལག་ལྔས་ཕྱག་བཙལ་བ་འདིས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ལྔ་སེལ་བར་གྱུར་ཅིག །མི་ལྔ་ཡོངས་སུ་དག་པར་གྱུར་ཅིག །དབང་པོ་ལྔ་ཡོངས་སུ་རྫོགས་པར་གྱུར་ཅིག །ལམ་ལྔ་ལ་གནས་པར་གྱུར་ཅིག །མངོན་པར་ཤེས་པ་ཉམས་པ་མེད་པ་ལྔ་ཐོབ་པར་གྱུར་ཅིག །སེམས་ཅན་འགྲོ་བ་ལྔར་སྐྱེས་པ་དག་འགྲོ་བ་ལྔ་ལས་ཁྱད་པར་དུ་འཕགས་པ་དང༌། ཚུལ་ཁྲིམས་ཁྱད་པར་དུ་འཕགས་པ་དང༌། ཏིང་ངེ་འཛིན་ཁྱད་པར་དུ་འཕགས་པ་དང༌། ཤེས་རབ་ཁྱད་པར་དུ་འཕགས་པ་དང༌། རྣམ་པར་གྲོལ་བ་ཁྱད་པར་དུ་འཕགས་པ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཁྱད་པར་དུ་འཕགས་པ་ཐོབ་པར་གྱུར་ཅིག །སངས་རྒྱས་ལ་ལྟ་བ་དང༌། ཆོས་ཉན་པ་དག་དགེ་འདུན་དང་འགྲོགས་པ་ཐོབ་པར་གྱུར་ཅིག་ཅེས་གསུངས་པ་ལྟ་བུའོ། །ངག་གིས་མཆོད་པ་ཡང་ལུས་ཀྱིས་ཕྱག་བྱེད་པའི་


DTG111_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

དུས་དེ་ཉིད་ཀྱི་ཆོ་ག་རྟོགས་པ་ཅི་ཡོད་པས་དཀོན་མཆོག་གསུམ་གྱི་བསྟོད་པ་གླུ་དབྱངས་ཀྱིས་ཚིག་ཏུ་འདོན་ཅིང་ཕྱག་བྱེད་པའོ། །ཟང་ཟིང་གི་མཆོད་པ་ནི་སྔར་བརྗོད་ཟིན་ཏོ།། །།སྡིག་པ་བཤགས་པའི་མཆོད་པ་ནི་གསེར་འོད་དམ་པའམ། ལྟུང་བ་བཤགས་པའམ། ཕུང་པོ་གསུམ་པའི་མདོའམ། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་ལ་སོགས་པའོ། །སྡིག་པ་བཤགས་པ་དེ་ཡང་མཆོད་པ་ཉིད་ཡིན་ཏེ། ཇི་སྐད་དུ་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། བདག་དང་གཞན་གྱི་སྡིག་པ་བཤགས་པ་ཡང་བསོད་ནམས་སུ་འགྱུར་རོ་ཞེས་གསུངས་སོ། །རྗེས་སུ་ཡི་རང་བའི་མཆོད་པ་ཡང་འཕགས་པ་ཟླ་བ་སྒྲོན་མའི་མདོ་ལས་འབྱུང་བ་བཞིན་ཏེ་མཆོད་པ་ཉིད་ཡིན་ནོ། །བསྐུལ་བ་དང༌། གསོལ་བ་གདབ་པའི་མཆོད་པ་དང༌། ཡོངས་སུ་བསྔོ་བའི་མཆོད་པར་འགྱུར་བའི་ཚུལ་ཡང་མདོ་ཉིད་དུ་བལྟ་བར་བྱའོ། །བླ་ན་མེད་པའི་མཆོད་པ་ལ་གཉིས་ཏེ། དམིགས་པ་དང་བཅས་པ་དང་དམིགས་པ་མེད་པའོ། །དེ་ལ་དམིགས་པ་དང་བཅས་པ་ནི་འཕགས་པ་བློ་གྲོས་རྒྱ་མཚོའི་མདོ་ལས། བློ་གྲོས་རྒྱ་མཚོ་གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱེད་པ་བླ་ན་མེད་པ་སྟེ། གསུམ་གང་ཞེ་ན། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། དམ་པའི་ཆོས་ཡོངས་སུ་འཛིན་པ་དང༌། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་པའོ་ཞེས་གསུངས་སོ། །དེ་བཞིན་དུ་འཕགས་པ་མཐར་གྱིས་ཡང་དག་འཕགས་པའི་མདོ་ལས། བཟང་པོ་ཕན་ཡོན་བཞི་པོ་འདི་དག་མཐོང་བའི་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། བཞི་གང་ཞེ་ན། སྦྱིན་གནས་མཆོག་ལ་དད་པར་འགྱུར་བ་དང༌། བདག་ལ་བཟླས་བལྟས་ཏེ་སེམས་ཅན་གཞན་ཡང་མཆོད་པ་བྱེད་པར་འགྱུར་བ་དང༌། དེ་བཞིན་གཤེགས་པ་ལ་མཆོད་ནས་བྱང་ཆུབ་ཀྱི་སེམས་བརྟན་པར་འགྱུར་བ་དང༌། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མཐོང་ནས་དགེ་བའི་རྩ་བ་བསྡུས་པར་འགྱུར་བ་སྟེ་བཞི་པོ་འདི་དག་གོ་ཞེས་གསུངས་སོ། །སེམས་ཅན་མགུ་བར་བྱེད་པ་ཡང་དེ་བཞིན་གཤེགས་པ་ལ་མཆོད་པ་བླ་ན་མེད་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བ་ཚའི་ཆུ་ཀླུང་གི་མདོ་ལས་ཇི་སྐད་གསུངས་པ་དང༌།


DTG111_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཞི་བ་ལྷས་ཀྱང༌། གང་དག་བདེ་ན་ཐུབ་དབང་རྣམས་དགྱེས་ཤིང༌། །གང་ལ་གནོད་ན་ཐུབ་དབང་མི་དགྱེས་པ། །དེ་དག་མགུ་བས་ཐུབ་དབང་ཐམས་ཅད་དགྱེས། །དེ་ལ་གནོད་བྱས་ཐུབ་ལ་གནོད་བྱས་འགྱུར། །ཞེས་པ་དང༌། ཡང་དེ་ཉིད་ལས། དེ་བཞིན་གཤེགས་རྣམས་མཉེས་པར་བགྱི་སླད་དུ། །འཇིག་རྟེན་བྲན་དུ་དེང་ནས་མཆི་བར་བགྱི། །སྐྱེ་བོའི་ཚོགས་ཀྱིས་བདག་མགོ་རྐང་བཅད་དམ། །གསོད་ཀྱང་རུང་སྟེ་འཇིག་རྟེན་མགོན་དགྱེས་མཛོད། །ཐུགས་རྗེ་ལྡན་པ་དག་གིས་འགྲོ་འདི་ཀུན། །བདག་གིར་མཛད་པ་འདི་ལ་དོགས་མ་མཆིས། །སེམས་ཅན་གཟུགས་སུ་སྣང་བ་འདི་དག་ཀུན། །མགོན་པོ་མིན་ནམ་ཅི་ན་འདིར་མི་གུས། །དེ་བཞིན་གཤེགས་པ་མཉེས་བྱའང་དེ་ཉིད་ཡིན། །ཞེས་པ་དང༌། ཡང་དེ་ཉིད་ལས། བྱམས་པའི་བསམ་ལྡན་མཆོད་པ་གང༌། །དེ་ནི་སེམས་ཅན་ཆེ་བ་ཉིད། །སངས་རྒྱས་དད་པའི་བསོད་ནམས་གང༌། །དེ་ནི་སངས་རྒྱས་ཆེ་བ་ཉིད། །ཅེས་བསླབ་པ་ཀུན་ལས་བཏུས་པ་ལས་གསུངས་སོ། །སྤྱོད་འཇུག་ལས་ཀྱང༌། སེམས་ཅན་མགུ་བྱ་མ་གཏོགས་པ། །རྒྱལ་བ་མཉེས་པའི་ཐབས་གཞན་མེད། །ཅེས་གསུངས་པ་དང༌། ཡང་དེ་ཉིད་ལས་དོན་འདི་རྒྱས་པར་བཤད་དེ་དེ་ཉིད་དུ་བལྟ་བར་བྱའོ། །གཞན་ཡང་མདོ་ཉིད་ན་རྒྱས་པས་མདོ་ཉིད་དུ་བལྟ་བར་བྱའོ། །དེ་ལ་དམིགས་པ་མེད་པའི་མཆོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡིན་ཏེ། དེ་ལ་ནི་མཆོད་པར་བྱ་བ་དང༌། མཆོད་པར་བྱེད་པ་དང༌། མཆོད་པའི་རྫས་མེད་དེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། གང་གིས་ང་ལ་གཟུགས་སུ་མཐོང༌། །གང་གིས་ང་ལ་སྒྲར་ཤེས་པ། །དེ་དག་ལོག་པར་མཐོང་པ་སྟེ། །སྐྱེ་བོ་འདི་ཡིས་ང་མི་མཐོང༌། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ནི་ཆོས་ཉིད་བལྟ། །ཆོས་ཉིད་མཐོང་བར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་སོ། །དོན་འདི་ནི་འཕགས་པ་རྟག་ཏུ་ངུའི་ལེའུ་ལས་གསལ་བར་གསུངས་པས་དེར་བལྟ་བར་བྱའོ། །དེ་བས་ན་འཕགས་པ་སེང་གེ་སྒྲའི་མདོ་ལས། སངས་རྒྱས་སུ་འདུ་ཤེས་པ་ལ་སངས་རྒྱས་མཐོང་བ་མེད་ན། སངས་རྒྱས་ལ་མཆོད་པར་འགྱུར་བ་ལྟ་ཅི་སྨོས་དེ་ནི་གནས་མེད་དོ། །དེ་ལ་སངས་རྒྱས་ལ་མཆོད་པ་གང་ཞེ་ན། གང་འདུ་ཤེས་ཀྱི་


DTG111_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་མི་སྐྱེད་པའོ། །གང་ལ་སེམས་མེད་པ་དང༌། སེམས་ལས་བྱུང་བ་མེད་པ་དང༌། སངས་རྒྱས་སུ་འདུ་ཤེས་པ་མེད་པ་དང༌། ཆོས་སུ་འདུ་ཤེས་པ་མེད་པ་དང༌། དགེ་འདུན་དུ་འདུ་ཤེས་པ་མེད་པ་དང༌། གང་ཟག་དང༌། བདག་དང༌། ཕ་རོལ་པོར་འདུ་ཤེས་པ་མེད་པ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ནོ་ཞེས་གསུངས་ཏེ། འདིའི་དོན་རྒྱས་པར་མདོ་ཉིད་དུ་བལྟ་བར་བྱའོ། །དེ་བས་ན་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས། སངས་རྒྱས་བཅོམ་ལྡན་འདས་དེ་ནི་སྒྲུབ་པའི་མཆོད་པས་མཉེས་པར་འགྱུར་གྱི། ཟང་ཟིང་གི་མཆོད་པས་ནི་དེ་མཉེས་པར་མི་འགྱུར་རོ་ཞེས་གསུངས་པ་ཡང་ལེགས་པར་དྲངས་པར་འགྱུར་རོ། །དེ་བས་ན་སངས་རྒྱས་ནི་ཆོས་ཀྱི་སྐུས་གནས་པ་ཡིན་ཏེ། སངས་རྒྱས་ཕལ་པོ་ཆེའི་ལེའུ་ལས། སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །དེ་བཞིན་གཤེགས་པ་སྐྱེ་བ་མེད། །རྣམ་དག་ནམ་མཁའ་ལྟ་བུ་སྟེ། །ཞེས་གསུངས་པ་དང། འཕགས་པ་ནམ་མཁའ་མཛོད་ཀྱི་མདོ་ལས་ཀྱང༌། སངས་རྒྱས་བཅོམ་ལྡན་འདས་ནི་ཆོས་ཉིད་དུ་ཡང་མི་དམིགས་ན། གཟུགས་དང་མཚན་ཉིད་དུ་ལྟ་དམིགས་པར་ག་ལ་འགྱུར་ཞེས་གསུངས་སོ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས་ཀྱང༌། ཆོས་རྣམས་ཐམས་ཅད་སྟོང་པ་ལ། །གང་ལ་བསྟོད་ཅིང་གང་གིས་བསྟོད། །སྐྱེ་དང་འཇིག་པ་རྣམ་སྤངས་ཤིང༌། །གང་ལ་མཐའ་དང་དབུས་མེད་པ། །གཟུང་དང་འཛིན་པ་མི་མངའ་བའི། །འདིར་ནི་ཁྱེད་བསྟོད་ནུས་པ་གང༌། །ཞེས་གསུངས་སོ། །དེ་ལྟ་བུའི་མཆོད་པའི་བྱེ་བྲག་ནི་བྱང་ཆུབ་སེམས་དཔའ་དབང་པོ་རྟུལ་པོ་དང་རྣོན་པོའི་བྱེ་བྲག་གིས་དེ་དང་དེ་ཤེས་པར་བྱའོ། །རྩ་བ་ཉིད་ལ་འཇུག་པར་བྱ་སྟེ། བྱང་ཆུབ་སྙིང་པོའི་མཐར་ཐུག་པར། །མི་ལྡོག་པ་ཡི་སེམས་ཀྱིས་སུ། །ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སྙིང་པོ་ནི་དྲང་བའི་དོན་དུ་དཔལ་རྡོ་རྗེའི་གདན་བྱང་ཆུབ་ཆེན་པོའི་གནས་དང༌། འོག་མིན་གྱི་གནས་དཔལ་སྟུག་པོ་བཀོད་བའི་ཞིང་ངོ༌། །དེ་དག་ཏུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བརྙེས་པས་ན་སྙིང་པོའོ། །ངེས་པའི་དོན་དུ་ཏིང་ངེ་འཛིན་དེ་བརྙེས་པའི་གནས་འདི་ཡིན་བྱ་བ་མེད་དེ། དོན་དམ་པར་ཆོས་ཐམས་ཅད་ཀྱི་དབྱིངས་ཉིད་ཡིན་པས་སོ། །འཕགས་པ་ནམ་མཁའ་མཛོད་ཀྱི་


DTG111_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ལས། བྱང་ཆུབ་སྙིང་པོ་ནམ་མཁའ་སྟེ། །བྱང་ཆུབ་ནམ་མཁའི་མཚན་ཉིད་ཡིན། །ཞེས་གསུངས་སོ། །མི་ལྡོག་པ་ཡི་སེམས་ཀྱིས་སུ། །ཞེས་བྱ་བ་ནི་འདིར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི་རྣམ་པ་གསུམ་སྟེ། སྦྱོར་བའི་ལམ་ནས་མི་ལྡོག་པ་དང༌། བདེན་པ་མཐོང་བ་ནས་མི་ལྡོག་པ་དང༌། ས་བརྒྱད་པ་ནས་མི་ལྡོག་པའོ། །འདིའི་དོན་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས་རྒྱས་པར་བལྟ་བར་བྱའོ། །གཞན་ཡང་སོ་སོའི་སྐྱེ་བོ་ཉིད་ནས་ཕྱིར་མི་ལྡོག་པ་དང༌། བདེན་པ་མཐོང་བ་ནས་ཕྱིར་མི་ལྡོག་པ་དང༌། ས་བདུན་པ་ནས་ཕྱིར་མི་ལྡོག་པའོ། །འདིའི་དོན་སློབ་དཔོན་དཔལ་ཡེ་ཤེས་གྲགས་པས་མཛད་པའི་དེ་ཁོ་ན་ཉིད་ལ་འཇུག་པའི་བསྟན་བཅོས་ཆེན་པོར་གསལ་བར་མཛད་པ་དེར་བལྟ་བར་བྱའོ། །ཡང་ན་ཕྱིར་མི་ལྡོག་པ་ནི་བཞི་སྟེ། སེམས་བསྐྱེད་པ་ནས་ཕྱིར་མི་ལྡོག་པ་དང་གསང་སྟེ་ཕྱིར་མི་ལྡོག་པ་དང༌། བཟོད་པ་ཐོབ་ནས་ཕྱིར་མི་ལྡོག་པའོ། །དང་པོར་སྐྱབས་འགྲོ་ལན་གསུམ་བྱ་ཞེས་བྱ་བ་ནི་དཀོན་མཆོག་གསུམ་རེ་རེ་ལ་ལན་གསུམ་གསུམ་བྱ་བའོ། །སྐྱབས་སུ་འགྲོ་བའི་དོན་བསྡུས་ནས་སྨྲས་པ། གནས་དང་རྟེན་དང་བསམ་པ་དུས། །བསླབ་པ་རང་བཞིན་ཚད་དང་ཚུལ། །བྱ་བ་དབྱེ་བ་ངེས་ཚིག་དབྱེ། །ཉེས་དམིགས་དགོས་པ་ཕན་ཡོན་ཡིན། །འདིར་སྐྱབས་སུ་འགྲོ་བའི་ཚུལ་བརྗོད་པར་བྱ་སྟེ། སྐྱེས་བུ་འགའ་ཞིག་འཁོར་བའི་སྡུག་བསྔལ་ལས་ཡིད་ངེས་པར་བྱུང་བ། རྟག་ཏུ་འཆི་བ་རྗེས་སུ་དྲན་པ། རང་བཞིན་གྱིས་སྙིང་རྗེ་དང་ཤེས་རབ་ཆེ་བ། སོ་སོར་ཐར་པའི་རིས་བདུན་པོ་ལས་གང་ཡང་རུང་བའི་ཚུལ་ཁྲིམས་ལ་སྐྱོན་མེད་པར་གནས་པ་དེ་གལ་ཏེ་ཁྱིམ་པ་ཞིག་ཡིན་ན་ནི་དགེ་བསྙེན་གྱི་བསླབ་པར་གྱུར་པ་བསླབ་པའི་གཞི་ལྔ་དང༌། དེའི་ཕྱོགས་སུ་གཏོགས་པ་བསླབ་པ་བཞི་བཅུ་རྩ་ལྔ་དང་ལྡན་པ་དང༌། དེ་རབ་ཏུ་བྱུང་བ་ཞིག་ཡིན་ན་ནི་རང་གི་བསླབ་པའི་ཚུལ་དང༌། ཇི་ལྟར་ཉན་ཐོས་ཀྱི་སར་བཤད་པའི་དགེ་སྦྱོང་གི་རྒྱན་དང༌། སྦྱངས་པའི་ཡོན་ཏན་དང༌། གཞན་ཡང་རྟེན་བཞི་དང༌། ཚུལ་བཞི་ལ་སོགས་པ་དང༌། གཞན་ཡང་ཆོ་ག་དང༌། སྤྱོད་ལམ་དང༌། འཚོ་བ་དང༌།


DTG111_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་དང༌། ལྟ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་དང༌། གཞན་ཡང་ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང༌། ཟས་ཀྱི་ཚོད་རིག་པ་དང༌། དབང་པོ་རྣམས་ཀྱི་སྒོ་བསྡམས་པ་དང༌། ཁ་ན་མ་ཐོབ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྟ་བའི་སྐྱེས་བུ་དེ་འདི་སྙམ་དུ་མ་ལ་སོ་སོར་ཐར་པའི་ཚུལ་ཁྲིམས་འདི་ཙམ་གྱིས་ནི་བདག་དང་གཞན་གྱི་དོན་མཐར་ཕྱིན་པར་མི་འགྱུར་ན། ཇི་ལྟར་ན་བདག་དང་གཞན་གྱི་དོན་མཐར་ཕྱིན་པར་འགྱུར་ཞིག་གུ། འདི་ལྟར་ཐེག་པ་ཆེན་པོ་ཞེས་བྱ་བ་བདག་དང་གཞན་གྱི་དོན་མཐར་ཕྱིན་པར་བྱེད་པ་ཞིག་ཡོད་ཅེས་གྲག་གི། དགེ་བའི་བཤེས་གཉེན་དམ་པ་ཅིག་ལས་བཙལ་བར་བྱའོ་ཞེས་བསམས་ནས་བླ་མར་འོས་པའི་དམ་པ་དེ་ཡུན་རིང་དུ་ཡོངས་སུ་མཉེས་པར་བྱས་ཏེ། དེ་མཉེས་པར་གྱུར་ནས་དེའི་ཞབས་གཉིས་ལ་མགོ་བོས་གཏུགས་ཏེ་འདི་སྐད་དུ་སྐྱེས་བུ་དམ་པ་ཁྱོད་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། བདག་ལ་བདག་དང་གཞན་གྱི་དོན་མཐར་ཕྱིན་པར་བྱེད་པའི་ཐབས་ཐེག་པ་ཆེན་པོའི་ལམ་དེ་སྩལ་དུ་གསོལ་ཞེས་གཡོ་སྒྱུ་དང་བྲལ་བའི་སེམས་ཀྱིས་ཞུ་བར་བྱའོ། །དེ་ནས་དགེ་བའི་བཤེས་གཉེན་དེས་སློབ་མ་དེ་བརྟག་པ་གསུམ་གྱིས་བརྟགས་ཏེ། འདི་ལྟར་སྤྱོད་ལམ་དང༌། རྨི་ལམ་དང༌། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལྷའི་པྲ་དབབ་པས་བརྟགས་ལ་དེ་སྣོད་དུ་འདུག་པར་ཤེས་ནས་བླ་མ་དེ་ཡིད་དགའ་བ་དང༌། བཞིན་འཛུམ་པ་དང༌། ཟང་ཟིང་དང༌། རྙེད་པ་དང༌། བཀུར་སྟི་དང་བྲལ་བའི་སེམས་དང་སློབ་མ་དེ་ལ་སྙིང་བརྩེ་བའི་སེམས་ཀྱིས་སྡིག་པ་ཅན་གྱི་སྐྱེ་བོས་དབེན་པའི་ས་ཕྱོགས་སུ་ས་གཞི་ལེགས་པར་འཐས་པར་བྱས་ལ་གཙང་བ་དེར་བའི་རྣམ་ལྔས་སྐྱང་ནུལ་དང་བྱུག་པ་བྱས་ལ། ཙནྡན་ལ་སོགས་པའི་དྲི་ཕུལ་དུ་བྱུང་བས་ཀྱང་བྱུགས་ཤིང་དེར་དྲི་ཞིམ་པོའི་མེ་ཏོག་སིལ་མས་གཏོར་བར་བྱའོ། །དེར་དཀོན་མཆོག་གསུམ་གྱི་གཟུགས་བརྙན་ལུགས་མ་ལ་སོགས་པ་དང༌། པོ་ཏི་ལ་སོགས་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཁྲིའམ་སྟེགས་བུ་ལ་བཞུགས་པར་བྱའོ། །དེར་བླ་རེ་ལ་སོགས་པ་དང༌། མེ་ཏོག་ལ་སོགས་པའི་མཆོད་པའི་ཡོ་བྱད་ཇི་ལྟར་འབྱོར་པ་དང༌། རོལ་མོའི་བྱེ་བྲག་དང༌། ཞལ་ཟས་དང༌། རྒྱན་ཆ་ལ་


DTG111_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་སྟ་གོན་བྱེད་དུ་བཅུག་ལ། དེ་ནས་སློབ་མ་དེས་གདན་ཁྲི་མེ་ཏོག་གིས་བརྒྱན་པའི་སྟེང་དུ་དགེ་བའི་བཤེས་གཉེན་བཞུགས་སུ་གསོལ་ལ། འདི་སྙམ་དུ་འདི་ནི་འགྲོ་བ་མ་ལུས་པའི་སྐྱབས་དང་དཔུང་གཉེན་ཡིན་ནོ་སྙམ་དུ་བླ་མ་ལ་སྟོན་པའི་འདུ་ཤེས་བསྐྱེད་ལ། ཁྲུས་བྱས་ཏེ་གོས་གཙང་མ་བགོས་ལ་བསམ་པ་བཟང་པོ་དང་ལྡན་པས་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་མཁྱེན་པར་མཛད་དུ་གསོལ། བདག་འཁོར་བའི་གནས་འདིར་ཐོག་མ་མེད་པའི་དུས་ནས་སྡུག་བསྔལ་དུ་མས་གཙེས་ཤིང་ཤིན་ཏུ་ཉམ་ཐག་པར་གྱུར་ཏེ། མགོན་མ་མཆིས་པ། སྐྱབས་མ་མཆིས་པ། དཔུང་གཉེན་མ་མཆིས་པ། བདག་གི་མགོན་དང་སྐྱབས་དང་དཔུང་གཉེན་མཛད་དུ་གསོལ་ཞེས་ལན་གསུམ་དུ་བྱའོ། །དེ་ནས་བླ་མ་དེས་འདི་སྐད་དུ་སྐྱེས་བུ་ཁྱོད་འཁོར་བ་ལས་སྐྱོ་ཞིང་ཡིད་བྱུང་བས་ཤིང་རྟ་ཆེན་པོའི་ལམ་ལ་འཇུག་པར་འདོད་པ་ཤིན་ཏུ་ལེགས་སོ། །འདི་ལྟར་ཤེས་པར་གྱིས་ཤིག །དཀོན་མཆོག་གསུམ་ཞེས་བྱ་བ་མགོན་མེད་པ་དང༌། སྐྱབས་མེད་པ་དང༌། དཔུང་གཉེན་མེད་པ་དག་གི་མགོན་དང༌། སྐྱབས་དང་དཔུང་གཉེན་དུ་གྱུར་པ་ཡོད་ཀྱི། ཁྱོད་དང་བའི་ཡིད་དང༌། ཤིན་ཏུ་སྤྲོ་བའི་ཡིད་ཀྱིས་འགྲོ་བ་མཐའ་དག་ཡུལ་དུ་བྱས་ཏེ། དེ་ལས་སྐྱབས་སུ་འགྲོ་བ་གྱིས་ཤིག །དེ་ལ་སྲི་ཞུ་དང༌། བསྙེན་བཀུར་ཚུལ་བཞིན་དུ་བྱ་བའི་ཕྱིར་མཆོད་པའི་ཡོ་བྱད་འབྱོར་པ་ཅི་ཡོད་པས་ཚོགས་པར་གྱིས་ཤིག་ཅེས་བརྗོད་པར་བྱའོ། །དེ་ནས་སློབ་མ་དེས་པུས་མོ་གཉིས་ས་ལ་བཙུགས་ཤིང་ཐལ་མོ་སྦྱར་ནས་མེ་ཏོག་ཕུལ་ཏེ། །འདི་སྐད་དུ། སྐྱེས་བུ་གཙོ་བོ་དགོངས་སུ་གསོལ། །ཐོག་མ་མེད་ནས་འདི་བར་དུ། །བདག་ནི་འཁོར་བར་འཁོར་གྱུར་ཏེ། །སྡུག་བསྔལ་རྣམས་ཀྱིས་ཤིན་ཏུ་དུབ། །གང་གིས་སྡུག་བསྔལ་མཐར་འབྱིན་པའི། །ལམ་དེ་ཁྱོད་ཀྱིས་བསྟན་དུ་གསོལ། །ཞེས་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་བླ་མ་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་དཀོན་མཆོག་ཐམས་ཅད་ཡུལ་དུ་བྱས་ལ། ལུས་ཀྱི་བཀོད་པ་བརྗོད་དུ་མེད་པར་མོས་ལ། ལུས་རེ་རེ་ལ་མགོ་བརྗོད་དུ་མེད་པ་དང༌། མགོ་རེ་རེ་ལ་ལྕེ་བརྗོད་དུ་མེད་པར་མོས་ཏེ། སྔར་བརྗོད་པའི་ལུས་དང་ངག་གི་མཆོད་པ་དང༌། ཟང་ཟིང་གི་མཆོད་པ་རྒྱ་


DTG111_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བ་དང༌། སྡིག་པ་བཤགས་པ་དང༌། རྗེས་སུ་ཡི་རང་བ་དང༌། བསྐུལ་བ་དང༌། གསོལ་བ་གདབ་པ་དང༌། ཡོངས་སུ་བསྔོ་བ་དག་ནི་མཆོད་པ་རྣམ་པ་བདུན་ཞེས་བྱ་བ་ཡིན་ལ། མཆོད་པ་རྣམ་པ་བདུན་པོ་དེའི་རྗེས་ལ་སྐྱབས་སུ་འགྲོ་བ་བྱའོ། །དེ་ལྟར་སྐྱབས་སུ་སོང་བ་དེས་སྐྱབས་སུ་འགྲོ་བའི་བསླབ་པ་བསྲུང་བར་བྱ་སྟེ། ལྷ་གཞན་ལ་ཕྱག་མི་བཙལ་བ་དང༌། གཞན་ལ་གནོད་པ་དང་འཚེ་བ་སྤང་བ་དང༌། མུ་སྟེགས་ཅན་དང་མི་འགྲོགས་ཤིང་དེ་དག་ལ་བསྙེན་བཀུར་མི་བྱ་བ་དང༌། དཀོན་མཆོག་གསུམ་གྱི་ཁྱད་པར་དང༌། ཡོན་ཏན་རྗེས་སུ་དྲན་པས་ཡང་དང་ཡང་དུ་སྐྱབས་སུ་འགྲོ་བ་དང༌། བཀའ་དྲིན་ཆེན་པོ་རྗེས་སུ་དྲན་པས་དུས་རྟག་ཏུ་མཆོད་པ་ལ་བརྩོན་ཞིང་བཟའ་བ་དང་བཏུང་བའི་ཕུད་ཀྱང་དབུལ་བ་དང༌། སྙིང་རྗེ་རྗེས་སུ་དྲན་པས་འགྲོ་བ་གཞན་ཡང་ཚུལ་འདི་ལྟ་བུ་ལ་ཉེ་བར་དགོད་པ་དང༌། བྱ་བ་གང་བྱེད་པ་དང༌། དགོས་པ་ཅི་ཡོད་པ་ན་དཀོན་མཆོག་གསུམ་ལ་མཆོད་ནས་གསོལ་བ་འདེབས་ཤིང་འཇིག་རྟེན་པའི་ཐབས་གཞན་སྤང་བའོ། །ཕན་ཡོན་ནི་གསུམ་འཐོབ་སྟེ། འདི་ལྟར་རྒྱུའི་དུས་དང༌། ལམ་གྱི་དུས་དང༌། འབྲས་བུའི་དུས་སོ། །དང་པོ་ནི་ཚེ་རབས་འདི་དང་གཞན་གྱི་ཕན་ཡོན་ཏེ་བླ་མ་ལས་ཤེས་པར་བྱའོ། །དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་ཤེས་པ་དེས་ཉིན་ལན་གསུམ་དང་མཚན་ལན་གསུམ་དུ་སྐྱབས་སུ་འགྲོ་བར་བྱ་ཞིང༌། དཀོན་མཆོག་གསུམ་ཐན་བཞད་གད་ཀྱི་ཕྱིར་རམ། སྲོག་གི་ཕྱིར་གཏང་བར་མི་བྱ་ཞིང་བསྲུང་བར་བྱའོ། །དེ་ལྟར་སྐྱབས་སུ་འགྲོ་བ་ཁྱད་པར་ཅན་བསྟན་ནས། ད་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་བསྟན་པའི་ཕྱིར། དེ་ནས་སེམས་ཅན་ཐམས་ཅད་ལ་ཞེས་པ་ལ་སོགས་པ་ཚིག་རྐང་སུམ་ཅུ་རྩ་བཞིས་བསྟན་ཏེ། དེ་ནས་ཞེས་པ་ནི་སྐྱབས་སུ་འགྲོ་བ་བྱས་ནས་ཞེས་བྱའོ། །སེམས་ཅན་ཐམས་ཅད་ཅེས་པས་ནི་སེམས་བསྐྱེད་པའི་དམིགས་པ་བསྟན་ཏེ། དེ་ཡང་སེམས་ཅན་ནི་འདི་ཙམ་དུ་ཟད་དོ་ཞེས་ཚད་གཟུང་བར་མི་ནུས་ཏེ། མདོ་ལས་གལ་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཆུའི་དཀྱིལ་འཁོར་དུ་གྱུར་ལ། སྐྱེས་བུ་ཞིག་གིས་ལོ་བརྒྱ་ཕྲག་སྟོང་སྟོང་ན་སྤུའི་རྩེ་མོ་ཞིག་གིས་ཆུ་དེ་ལས་འཐོར་བར་བྱེད་ན་ཆུའི་དཀྱིལ་འཁོར་ནི་ཟད་པར་


DTG111_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་གྱི། སེམས་ཅན་གྱི་ཁམས་ནི་ཟད་པར་འགྱུར་བ་མེད་དོ་ཞེས་གསུངས་པ་དང༌། འཕགས་པ་ཀུན་དུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ལས་ཀྱང༌། ནམ་མཁའི་མཐར་ཐུག་གྱུར་པ་ཇི་རྩམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་ཙམ་མོ། །ཞེས་གསུངས་སོ། །དེ་ལྟ་བུའི་སེམས་ཅན་ཡུལ་དུ་བྱས་ནས་སེམས་བསྐྱེད་པར་བྱའོ། །བྱམས་པའི་སེམས་ནི་སྔོན་འགྲོ་བས། །ཞེས་པ་ནི་མར་འདུ་ཤེས་པ་ལས་དྲིན་དུ་གཟོ་བའི་སེམས་འབྱུང་བ་ནི་བྱམས་པའོ། །བྱམས་པའི་སེམས་ལས་སྙིང་རྗེའི་སེམས་འབྱུང་ལ་སྙིང་རྗེའི་སེམས་ལས་བྱང་ཆུབ་ཀྱི་སེམས་འབྱུང་བས་ན་བདག་གིས་འདིར། བྱམས་པའི་སེམས་ནི་སྔོན་འགྲོ་བས། །ཞེས་སྨྲས་སོ། །ཚིག་རྐང་པ་བདུན་ནི་དཀྱུས་ཇི་ལྟ་བ་ཉིད་དོ། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །ཞེས་བྱ་བ་ནི་གསུམ་ལ་སྐྱབས་སུ་འགྲོ་བ་བྱས་པའི་རྗེས་ལ་ཡང་བདག་ལ་འབྱོར་པ་ཅི་ཡོད་པས་དཀོན་མཆོག་གསུམ་དང་བླ་མ་དགེ་བའི་བཤེས་གཉེན་ལ་མཆོད་པ་དབུལ་བ་ཚུལ་བཞིན་དུ་བྱས་ལ། བླ་མའི་སྤྱན་སྔར་མཎྜལ་བྱས་ཏེ། བསམ་པ་བཟང་པོ་གཡོ་སྒྱུ་དང་བྲལ་བས་བླ་མ་འདི་ནི་སངས་རྒྱས་མངོན་སུམ་ན་བཞུགས་པ་ཉིད་ཡིན་ནོ་སྙམ་དུ་བསམས་ལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་མཛད་པ་དེ་དག་མ་ལུས་པར་བདག་གིས་རྫོགས་པར་བྱའོ་ཞེས་བསམས་ལ། པུས་མོ་གཉིས་ས་ལ་བཙུགས་པས་མེ་ཏོག་ཕུལ་ལ། ཐལ་མོ་ལེགས་པར་སྦྱར་ལ་འདི་སྐད་དུ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །ཁྱོད་ཞབས་པདྨ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་གྱིས། །བདག་ལ་བཀའ་དྲིན་སྩལ་དུ་གསོལ། །བྱང་ཆུབ་སེམས་མཆོག་བླ་མེད་པ། །དམ་པ་དེ་ནི་བདག་ལ་སྩོལ། །ཞེས་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་བླ་མ་དགེ་བའི་བཤེས་གཉེན་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཆེན་པོ་ལ་བཞུགས་པ་ཐམས་ཅད་དང༌། སྔོན་དང་ད་ལྟར་གྱི་བླ་མ་དགེ་བའི་བཤེས་གཉེན་དག་སྤྱན་དྲངས་ཏེ། དེ་དག་གི་སྤྱན་སྔར་


DTG111_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་བཟང་པོ་སྤྱོད་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཆོ་གས་རྒྱུད་ལེགས་པར་དག་པར་བྱའོ། །དེ་ལྟར་སྣོད་ཤིན་ཏུ་སྦྱངས་ནས་བླ་མ་ལ་སློབ་མ་དེས་ཡང་ལག་པ་མེ་ཏོག་དང་བཅས་པས་གསོལ་བ་གདབ་པར་བྱའོ། །བླ་མ་དེས་རྙེད་པ་དང༌། བཀུར་སྟི་དང། གྲགས་པ་དང༌། སྒྲ་དང༌། ཚིགས་སུ་བཅད་པ་དང༌། ཟང་ཟིང་དང་བཅས་པའི་སེམས་མེད་པས་འདི་སྙམ་དུ། ཨེ་མ་ངོ་མཚར་རོ། །འཇིགས་པ་ཆེན་པོའི་དུས་འདིར་འདི་ལྟ་བུའི་སེམས་ཅན་དམ་པ་འབྱུང་བ་ནི་ངོ་མཚར་རོ་ཞེས་བསམ་པ་དང༌། ལྷག་པའི་བསམ་པ་བཟང་པོས་ཆོག་བྱའོ། །དེ་ཡང་འཛམ་བུའི་གླིང་ནི་སྔོན་གྱི་སློབ་དཔོན་རྣམས་ཀྱི་དགོངས་པ་ཐ་དད་པར་གྱུར་ཏེ། སློབ་དཔོན་རྒྱལ་པོ་ཨིནྡྲ་བྷཱུ་ཏི་དང༌། སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང༌། སློབ་དཔོན་འཕགས་པ་ཤཱན་ཏ་དེ་བ་དང༌། སློབ་དཔོན་འཕགས་པ་ཙནྡྲ་གོ་མི་དང༌། སློབ་དཔོན་དཾཥྚྲ་སེ་ན་དང། སློབ་དཔོན་དཔའ་བོ་དང༌། སློབ་དཔོན་ཤཱན་ཏ་ར་ཏེ་ལ་སོགས་པ་མཁས་པ་ཆེན་པོ་དེ་དག་གི་དགོངས་པ་ནི་འདི་ལྟར་ཐ་དད་པར་འགྱུར་ཏེ། དང་པོར་ནི་བྱང་ཆུབ་ཀྱི་སེམས་དེ་ཉིད་ལ་ཐ་དད་པར་གྱུར་ཏོ། །གཉིས་པར་ནི་བྱང་ཆུབ་ཀྱི་སེམས་དེའི་ཆོ་ག་ལ་ཐ་དད་པར་གྱུར་ཏོ། །གསུམ་པར་ནི་བྱང་ཆུབ་ཀྱི་སེམས་དེ་སྐྱེ་བའི་ཚུལ་ལའོ། །བཞི་པར་ནི་སེམས་དེའི་བསླབ་བྱའི་ཚུལ་ལ་ཐ་དད་པར་གྱུར་ཏེ། དོན་དང་པོ་དེ་ལ་སློབ་དཔོན་ཁ་ཅིག་གི་ཞལ་ནས་མོས་པས་སྤྱོད་པ་པ་འཇིག་རྟེན་པའི་ལམ་གྱིས་བསྡུས་པའི་སེམས་དེ་ནི་སྨོན་པའི་སེམས་ཡིན་ནོ་ཞེས་གསུངས་སོ། །ལ་ལའི་ཞལ་ནས་ནི་ཇི་སྲིད་དམིགས་པ་དང་བཅས་པའི་སེམས་དེ་ནི་ཀུན་རྫོབ་ཀྱི་རྣམ་པ་སྟེ། སྨོན་པའི་སེམས་སོ་ཞེས་བཞེད་དོ། །གཞན་ནི་ཚོགས་ཀྱི་ལམ་པ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པའི་སེམས་དེ་ནི་སྨོན་པའི་སེམས་ཡིན་ནོ་ཞེས་བཞེད་དོ། །ཁ་ཅིག་ནི་བསོད་ནམས་མངོན་པར་འདུ་བྱ་བ་དང་མི་ལྡན་པའི་སེམས་ནི་སྨོན་པའི་སེམས་ཡིན་ནོ་ཞེས་བཞེད་དོ། །ལ་ལ་ནི། འགྲོ་བར་འདོད་དང་འགྲོ་བ་ཡི། །ཞེས་པས་རྫོགས་པའི་བྱང་ཆུབ་ཡུལ་དུ་བྱེད་པ་ཙམ་དེ་ནི་སྨོན་པའི་སེམས་ཡིན་ནོ་ཞེས་བཞེད་དོ། །དེ་མ་ཡིན་པ་གཞན་ཡང་ཡོད་དེ་གཞུང་མངས་པར་


DTG111_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །གཉིས་པའི་དོན་ལ་ཡང་ཐ་དད་པར་གྱུར་ཏེ། དེ་དག་ཉིད་ཀྱིས་མཛད་པའི་གཞུང་དེ་དང་དེར་བལྟ་བར་བྱའོ། །གསུམ་པའི་དོན་ལ་ཡང་ཁ་ཅིག་ནི་གང་ཟག་གི་དྲུང་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པས་ཀྱང་དེ་སྐྱེ་བར་བཞེད་དོ། །ལ་ལ་ནི་སངས་རྒྱས་ཀྱི་སྤྱན་སྔར་མ་ཡིན་པར་སེམས་བསྐྱེད་པར་མི་བྱའོ་ཞེས་བཤད་དོ། །གཞན་དག་ནི་འདི་སྐད་དུ། །བྱང་ཆུབ་ཀྱི་སེམས་སྐྱེ་བ་ནི་རྣམ་པ་བཞིའི་ཚུལ་གྱིས་སྐྱེ་བར་འགྱུར་རོ་ཞེས་བཞེད་དོ། །དོན་འདི་བཞི་པ་ལ་ཡང་ཐ་དད་པར་གྱུར་ཏེ། ཁ་ཅིག་གི་ཞལ་ནས་བྱང་ཆུབ་སེམས་དཔའ་ནི་ལྔ་སྟེ། སེམས་དང་པོ་བསྐྱེད་པ་དང༌། སྤྱོད་པ་ལ་འཇུག་པ་དང༌། ཕྱིར་མི་ལྡོག་པ་དང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང༌། སྐྱེ་བ་གཅིག་གིས་ཐོགས་པའོ། །དེ་ལ་སྔ་མ་གཉིས་ཀྱི་བསླབ་པ་ཇི་སྙེད་པའི་ཞེས་བཞེད་དོ། །ལ་ལས་ནི་མདོ་ལས་གསུངས་པ་ཐམས་ཅད་བསྲུང་བར་བྱ་བ་ཡིན་ནོ་ཞེས་བཞད་དོ། །ལ་ལ་ནི་ཚོགས་ཀྱི་ལམ་པའི་བསླབ་པ་ཇི་སྙེད་པ་བསྲུང་བར་བྱའོ་ཞེས་བཞད་དོ། །གཞན་དག་ནི་བསླབ་པ་འདི་དང་འདི་ལྟ་བུ་ཞེས་མི་བཞེད་དོ། །ཁ་ཅིག་ནི་སྐྱབས་སུ་འགྲོ་བའི་བསླབ་པའི་ཐོག་ཏུ་སྡོང་པོ་བཀོད་པ་དང༌། དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་དང༌། དད་པའི་སྟོབས་བསྐྱེད་པའི་མདོ་ལ་སོགས་པར་ཡང་བཤད་མོད་ཀྱི། རེ་ཞིག་འཕགས་པ་འོད་སྲུངས་ཀྱིས་ཞུས་པའི་མདོ་ལས་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་བ་དང༌། བརྗེད་པར་མི་འགྱུར་བའི་ཆོས་བརྒྱད་བསྲུང་བར་བྱའོ་ཞེས་བཞེད་དོ། །དེ་དག་ནི་མཚོན་པ་ཙམ་དང༌། འདི་ལྟར་སྔོན་གྱི་མཁས་པ་ཆེན་པོ་དེ་དག་གི་ལུགས་ཐམས་ཅད་འདིར་བཀོད་པར་གྱུར་ན་ནི་གཞུང་ཤིན་ཏུ་མངས་པར་འགྱུར་རོ། །སློབ་དཔོན་ཆེན་པོ་དེ་རྣམས་ནི་ཐེག་པ་ཆེན་པོའི་ལམ་ལ་ཚད་མའི་སྐྱེས་བུར་གྱུར་པ། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་ལ་གོམས་པ། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་ཐུགས་བརྟན་པའོ། །དེ་ལ་སློབ་དཔོན་ཁ་ཅིག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པའོ། །ལ་ལས་ནི་བདེན་པ་གཟིགས་པའོ། །ལ་ལས་ནི་འཇིག་རྟེན་ཆོས་མཆོག་ཆེན་པོ་བརྙེས་ནས་སྤྲུལ་པའི་སྐུ་ལས་གདམས་ངག་ཐོབ་པ་དག་ཡིན་པ་དང༌། མདོ་ཉིད་ན་ཡང་དེ་དག་ཇི་ལྟར་བཞེད་པ་བཞིན་དུ་བཅོམ་


DTG111_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་གསུངས་པས། དེ་དག་ནི་ལམ་ཆེན་པོ་ཉིད་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱའོ། །འོན་ཀྱང་རང་རང་གི་བླ་མ་དག་གིས་ཇི་ལྟར་གནང་བའི་ལུགས་དེ་གཟུང་བར་བྱའོ་ཞེས་བདག་གི་བླ་མ་དག་གསུང་ངོ༌། །དེ་ལ་འདིར་རེ་ཞིག་སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང༌། སློབ་དཔོན་འཕགས་པ་ཐོགས་མེད་དང༌། སློབ་དཔོན་འཕགས་པ་ཤཱན་ཏ་དེ་བ་དག་སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཆོ་གའི་ཚུལ་འདི་ལ་ཐ་དད་པ་མེད་ཅིང་མཐུན་པ་དང༌། ད་ལྟར་བདག་གི་བླ་མ་རྗེ་བཙུན་དཔལ་བྱང་ཆུབ་བཟང་པོ་དང༌། བླ་མ་རྗེ་བཙུན་སུ་ཝ་རྞྞ་དྭའི་པ་དག་ཀྱང་འཕགས་པ་དེ་དག་གི་རྗེས་སུ་འབྲང་བ་དང༌། བདག་ཀྱང་བླ་མ་རྗེ་བཙུན་དེ་དག་གི་རྗེས་སུ་འབྲང་བ་ཡིན་པས་བདག་ལ་སློབ་མའི་ཚོགས་ཀྱིས་གསོལ་བ་བཏབ་ནས་བྱས་པའི་ཆོ་གའི་ཐངས་ཅུང་ཞིག་བདག་གིས་བཀོད་པ་ནི་འཕགས་པ་ཀླུ་སྒྲུབ་དང༌། འཕགས་པ་ཐོགས་མེད་དང༌། འཕགས་པ་ཤཱན་ཏ་དེ་བ་དག་གི་ལུགས་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱའོ། །དེ་དག་ནི་ཞར་ལ་བཤད་པའོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཀྱི་ལྗོན་ཤིང་སྐྱེ་བ་ལ་ཆུའི་རླན་ལྟ་བུའི་ཆོས་གཉིས་སྔོན་དུ་འགྲོ་བ་ཡིན་ཏེ། འདི་ལྟར་སེམས་སྦྱང་བ་དང༌། བླ་མ་ལ་ཡོན་དབུལ་བའོ། །བླ་མ་ལ་ཡོན་དབུལ་བ་ཡང་འཕགས་པ་བསྐལ་པ་བཟང་པོའི་མདོ་དང༌། སྙིང་རྗེ་ཆེན་པོ་ལས་ཇི་ལྟར་འབྱུང་བ་ལྟ་བུའོ། །སེམས་སྦྱང་བ་ནི་འཕགས་པ་ཀུན་དུ་བཟང་པོའི་སྨོན་ལམ་སྔར་ཇི་སྐད་བརྗོད་པ་དང༌། ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཚུལ་གྱིས་བྱ་བ་ཡིན་ནོ། །དེ་ནས་སྐྱེ་བོ་ཆེན་པོའི་ཆོས་ལུགས་ཤིང་རྟ་ཆེན་པོའི་ལམ་བླ་མ་གཅིག་ཏུ་བརྒྱུད་པ་སློབ་དཔོན་ཆེན་པོ་ཤཱན་ཏ་དེ་བའི་ཆོ་གའམ། སློབ་དཔོན་ཆེན་པོ་ཐོགས་མེད་ཀྱི་ཆོ་གས་ཚད་མེད་པ་བཞི་པོ་བསྒོམ་པ་སྔོན་དུ་སོང་བས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སློབ་མའི་རྒྱུད་དེ་ལས། སེམས་ཀྱི་ཁྱད་པར་ཇི་ལྟ་བུ་ཞིག་སྐྱེ་ཞེ་ན། དོན་འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་གསུངས་ཏེ། ཇི་སྐད་དུ། བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་


DTG111_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་རྣམས་ཀྱི་སེམས་དང་པོ་བསྐྱེད་པ་དེ་ནི་མི་ཟད་པའོ། །དེ་ཅིའི་ཕྱིར་ཞེ་ན། མ་འདྲེས་པའི་ཕྱིར་རོ། །སེམས་དེ་ནི་ཉོན་མོངས་པ་ཐམས་ཅད་དང་མ་འདྲེས་པར་སྐྱེས་སོ། །ཐེག་པ་གཞན་ལ་འདོད་པ་མེད་པས་སེམས་དེ་ནི་མ་འབྲེལ་བར་སྐྱེས་སོ། །ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་འཕྲོགས་པས་སེམས་དེ་ནི་སྲ་བར་སྐྱེས་སོ། །སེམས་དེ་ནི་བདུད་ཐམས་ཅད་ཀྱིས་མི་ཕྱེད་པར་སྐྱེས་སོ། །དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྒྲུབ་པས་སེམས་དེ་བརྟན་པར་སྐྱེས་སོ། །འདུས་བྱས་ཐམས་ཅད་མི་རྟག་པར་ཤིན་ཏུ་རིག་པས་སེམས་དེ་ནི་རྟག་པར་སྐྱེས་སོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྡུད་པས་སེམས་དེ་ནི་མི་གཡོ་བར་སྐྱེས་སོ། །ལོག་པར་སྒྲུབ་པ་ཐམས་ཅད་དང་བྲལ་བས་སེམས་དེ་ནི་མི་བརྗེ་པར་སྐྱེས་སོ། །མི་བསྐྱེད་པས་སེམས་དེ་ནི་རྟག་པར་སྐྱེས་སོ། །གཉེན་པོ་མེད་པས་སེམས་དེ་ནི་དཔེ་མེད་པར་སྐྱེས་སོ། །ཆོས་ཐམས་ཅད་འབིགས་པས་སེམས་དེ་ནི་རྡོ་རྗེ་ལྟ་བུར་སྐྱེས་སོ། །བསོད་ནམས་ཀྱི་ཚོགས་ཚད་མེད་པ་བསགས་པས་སེམས་དེ་ནི་མུ་མེད་པར་སྐྱེས་སོ། །སེམས་ཅན་ཐམས་ཅད་ལ་སེམས་དེ་ནི་མཉམ་པར་སྐྱེས་སོ། །རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པས་སེམས་དེ་ནི་རྣམ་པར་དག་པར་སྐྱེས་སོ། །ཤེས་རབ་ཀྱི་འོད་གསལ་བའི་ཕྱིར་སེམས་དེ་ནི་དྲི་མ་མེད་པར་སྐྱེས་སོ། །ལྷག་པའི་བསམ་པ་མ་བོར་བར་སེམས་དེ་ནི་ཤིན་ཏུ་ངེས་པར་སྐྱེས་སོ། །བྱམས་པ་ནམ་མཁའ་དང་མཉམ་ཞིང་མཚུངས་པས་ན་སེམས་དེ་ནི་ཡངས་པར་སྐྱེས་སོ། །སེམས་ཅན་ཐམས་ཅད་གོ་འབྱེད་པས་སེམས་དེ་ནི་རྒྱ་ཆེ་བར་སྐྱེས་སོ། །སེམས་ཆགས་པ་མེད་པའི་ཡེ་ཤེས་ལ་བཏང་བས་སེམས་དེ་ནི་སྒྲིབ་པ་མེད་པར་སྐྱེས་སོ། །སྙིང་རྗེ་ཆེན་པོ་རྒྱུན་མ་ཆད་པས་ན་སེམས་དེ་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བར་སྐྱེས་སོ། །ཡོངས་སུ་བསྡོ་པའི་ཆོ་ག་ཤེས་པས་ན་སེམས་དེ་ནི་རྒྱུན་མ་ཆད་པར་སྐྱེས་སོ། །ཐམས་ཅད་མཁྱེན་པས་རབ་ཏུ་སྟོན་པས་ན་སེམས་དེ་ནི་སྔོན་དུ་འགྲོ་བར་སྐྱེས་སོ། །ཐེག་པ་གཞན་ལ་མ་ཞུགས་པས་ན་སེམས་དེ་ནི་བལྟ་བར་འོས་པའོ། །དེ་ནི་སེམས་ཅན་ཐམས་ཅད་ཀྱིས་བལྟར་མི་མཐོང་བར་སྐྱེས་སོ། །དེ་ནི་བསོད་ནམས་ཀྱི་


DTG111_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱིས་བརྒྱན་པར་སྐྱེས་སོ། །དེ་ནི་ཡེ་ཤེས་ཀྱི་ཚོགས་ཀྱིས་རབ་ཏུ་རྟོགས་ཏེ་སྐྱེས་སོ། །དེ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་དུ་སྐྱེས་སོ། །དེ་ནི་ཆོས་ཐམས་ཅད་ཀྱིས་མི་ཤིགས་པར་སྐྱེས་སོ། །དེ་ནི་བདེ་བའི་དངོས་པོ་ཐམས་ཅད་ཀྱི་གནས་སུ་སྐྱེས་སོ། །དེ་ནི་སྦྱིན་པའི་ཚོགས་ཀྱིས་བསགས་ཏེ་སྐྱེས་སོ། །དེ་ནི་ཚུལ་ཁྲིམས་ཀྱི་ཚོགས་ཀྱིས་སྨོན་ལམ་གྱི་འཕགས་པར་སྐྱེས་སོ། །དེ་ནི་བཟོད་པའི་ཚོགས་ཀྱིས་བསྙེན་བཀུར་བར་སྐྱེས་སོ། །དེ་ནི་བརྩོན་འགྲུས་ཀྱི་ཚོགས་ཀྱིས་རྒྱལ་བར་དཀའ་བར་སྐྱེས་སོ། །དེ་ནི་བསམ་གཏན་གྱི་ཚོགས་ཀྱིས་ཞི་པའི་མཚན་ཉིད་དུ་སྐྱེས་སོ། །དེ་ནི་ཤེས་རབ་ཀྱི་ཚོགས་ཀྱིས་ཐོགས་པ་མེད་པར་སྐྱེས་སོ། །བྱམས་པ་ཆེན་པོ་བསགས་པས་དེ་ནི་གནོད་པ་མེད་པར་སྐྱེས་སོ། །སྙིང་རྗེ་ཆེན་པོ་བསགས་པས་དེ་ནི་རྩ་བ་བརྟན་པར་སྐྱེས་སོ། །དེ་ནི་དགའ་བ་ཆེན་པོ་བསགས་ཏེ་མགུ་བ་དང་མོས་པ་དང་མཆོག་ཏུ་དགའ་བ་ལ་གནས་པར་སྐྱེས་སོ། །དེ་ནི་བཏང་སྙོམས་ཆེན་པོ་གནས་པ་སྟེ་བདེ་བ་དང་སྡུག་བསྔལ་གྱིས་མི་བསྒུལ་བར་སྐྱེས་སོ། །དེ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བརླབ་པར་སྐྱེས་སོ། །དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་བཅད་པའི་ཕྱིར་ཚུལ་རྒྱུན་མི་འཆད་པར་སྐྱེས་སོ། །དེ་ནི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་འཁོར་དུ་རབ་ཏུ་གྲགས་པར་སྐྱེས་སོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཐམས་ཅད་མཁྱེན་པའི་སེམས་འདི་འདྲ་བ་ལ། ཟད་པ་གང་ཡང་ཡོད་དམ། སྨྲས་པ། རིགས་ཀྱི་བུ་དེ་ནི་མ་ཡིན་ཏེ། གང་ཐམས་ཅད་མཁྱེན་པའི་སེམས་འདི་ལྟ་བུ་ཟད་པར་འདོད་པ་ནི་ནམ་མཁའ་ཟད་པར་འདོད་དོ། །བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པའི་སེམས་དེ་ནི་མི་ཟད་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ནི་དེའི་རྩ་བར་སྐྱེས་པས་ན་དེའི་ཕྱིར་དེ་ནི་མི་ཟད་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་མདོ་དེ་ཉིད་ལས་བསམ་པ་དེ་ནི་མ་བྱས་པས་ན་བཅོས་མ་མ་ཡིན་པའོ། །གཡོ་བ་མེད་པས་ན་མ་བྱས་པའོ། །རབ་ཏུ་རྟོགས་པས་གཡོ་བ་མེད་པའོ། །སྒྱུ་མེད་པས་རབ་ཏུ་རྟོགས་པའོ། །སྒྱུ་མེད་པས་རབ་ཏུ་དྲང་བའོ། །དག་པས་སྒྱུ་མེད་པའོ། །གསལ་བས་གྱ་གྱུ་མེད་པའོ་ཞེས་བྱ་བ་ལ་སོགས་པ་


DTG111_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་གསུངས་ཏེ། མདོ་དེ་ཉིད་དུ་བལྟ་བར་བྱའོ། །དེ་ལྟ་བུའི་ཐུན་མོང་མ་ཡིན་པའི་སེམས། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པའི་སེམས། སེམས་ཅན་ཐམས་ཅད་མ་བཏང་བའི་སེམས་དེ་ནི་ས་ཆེན་པོ་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དེ་ཉིས་སྦྱངས་ཤིང་དག་པར་བྱས། དེ་མ་ཉམས་པར་བྱས་ཤིང་བསྲུངས། དེ་ས་ནས་སར་སྤེལ་ཏེ། དེ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡིན་པས་དེ་བསྐྱེད་ཕན་ཆད་བྱང་ཆུབ་སེམས་དཔའ་དེ་ལ་བསྟན་པ་ལ་དགའ་བའི་ལྷས་བསྲུང་བ་དང༌། འཆི་བའི་དུས་སུ་ཡིད་དགའ་བར་འཆི་བ་དང༌། བར་མ་དོ་དང་མའི་མངལ་དང་བུ་ཆུང་གི་དུས་སུ་ཡང་ལྷ་དག་གིས་བསྲུང་བ་དང༌། དགེ་བའི་རྩ་བ་ཐམས་ཅད་ཆུད་མི་ཟ་བ་དང༌། སེམས་བསོད་ནམས་ཀྱི་རྒྱུན་དང་ལྡན་པ་ཡིན་ཏེ། སློབ་དཔོན་ཞི་བའི་ལྷས་སྤྱོད་འཇུག་ལས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་སྨིན་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང༌། །འབྲས་བུ་མི་ཟད་རབ་ཏུ་འཕེལ་བར་འགྱུར། །ཞེས་གསུངས་སོ། །དེ་བས་ན་བྱང་ཆུབ་ཀྱི་སེམས་དེ་མི་ཟད་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་ཆོས་ཐམས་ཅད་དང༌། འབྲས་བུ་སངས་རྒྱས་ཀྱི་སའི་ཆོས་ཐམས་ཅད་མི་ཟད་པ་ཡིན་ནོ། །དེ་བས་ན་དུས་དེར་སེམས་དེ་ལྟ་བུ་སྐྱེས་པས་ན། དེ་ལྟར་སྨོས་པའི་སེམས་དག་ནི། །བསྐྱེད་པའི་ཡོན་ཏན་གང་ཡིན་པ། །ཞེས་བྱ་བ་སྨྲས་ཏེ། དེ་ལྟ་བུའི་སེམས་དེའི་ཕན་ཡོན་སྨྲ་བར་འདོད་ནས། དེ་ནི་སྡོང་པོ་བཀོད་པའི་མདོ་ལས་འཕགས་པ་བྱམས་པས་ནོར་བཟངས་ལ་འདི་སྐད་དུ་བཤད་དེ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུའོ། །འཇིག་རྟེན་པ་ཐམས་ཅད་རྟེན་པས་ས་ལྟ་བུའོ། །དབུལ་བ་ཐམས་ཅད་ཡང་དག་པར་འཇོམས་པས་རྣམ་ཐོས་ཀྱི་བུ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངས་སུ་བསྲུང་བས་ཕ་ལྟ་བུའོ། །དོན་ཐམས་ཅད་ཡང་དག་པར་སྒྲུབ་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུའོ། །བསམ་པ་ཐམས་ཅད་ཡོངས་སུ་


DTG111_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུའོ། །ཉོན་མོངས་པའི་དགྲ་ཐམས་ཅད་ཕམ་པར་བྱེད་པས་མདུང་ཐུང་ལྟ་བུའོ། །ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་རབ་ཏུ་འགེབས་པས་གོ་ཆ་ལྟ་བུའོ། །ཉོན་མོངས་པའི་མགོ་ལྟུང་བར་བྱེད་པས་རལ་གྲི་ལྟ་བུའོ། །ཉོན་མོངས་པའི་ཤིང་གཅོད་པར་བྱེད་པས་སྟ་རེ་ལྟ་བུའོ། །འཚེ་བ་ཐམས་ཅད་ལས་སྐྱོབ་པས་མཚོན་ཆ་ལྟ་བུའོ། །འཁོར་བའི་ཆུ་བོའི་ནང་ནས་སྟེང་དུ་འབྱིན་པས་མཆིལ་པ་ལྟ་བུའོ། །སྒྲིབ་པས་ཁེབས་པ་ཐམས་ཅད་འཐོར་བར་བྱེད་པས་རླུང་གི་དཀྱིལ་འཁོར་ལྟ་བུའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སྨོན་ལམ་ཐམས་ཅད་མདོར་བསྡུས་པས་མདོར་བསྟན་པ་ལྟ་བུའོ། །ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ཐམས་ཅད་ལ་མཆོད་རྟེན་ལྟ་བུ་སྟེ། རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་ཀྱི་སེམས་ནི་ཡོན་ཏན་དེ་དང་ཡོན་ཏན་གྱི་བྱེ་བྲག་ཚད་མེད་པ་གཞན་དང་ཡང་ལྡན་ནོ་ཞེས་གསུངས་ཏེ། དེ་བཞིན་དུ་རབ་ཏུ་བཤད་དོ། །དེ་བཞིན་དུ་ཁྱིམ་བདག་དཔའ་སྦྱིན་གྱིས་ཞུས་པའི་མདོའི་ཚིག་འོག་ན་བཀོད་པ་ཡང་འདིར་དྲང་བར་བྱའོ། །གཞན་མདོ་དུ་མ་དང༌། འཕགས་པ་ཀླུ་སྒྲུབ་དང༌། སློབ་དཔོན་ཞི་བའི་ལྷ་ལ་སོགས་པས་ཀྱང་ཕན་ཡོན་མང་དུ་གསུངས་པ་ཡོད་ཀྱང་འདིར་ཡི་གེ་མངས་པའི་འཇིགས་པས་མ་བཀོད་དོ། །ཡང་དེ་ཉིད་བསྟན་པའི་ཕྱིར། དེ་ཡིས་མདོ་བཀླག་པའམ་བླ་མ་ལས་མཉན་ཏེ། །རྫོགས་པའི་བྱང་ཆུབ་སེམས་ཀྱི་ཡོན་ཏན་ཚད་མེད་པ། །རྣམ་པར་ཤེས་པར་བྱས་ལ་དེ་གནས་རྒྱུ་མཚན་དུ། །ཡང་དང་ཡང་དུ་སེམས་ནི་བསྐྱེད་པར་བྱ། །ཞེས་བྱ་བ་སྨྲས་ཏེ། མདོ་བཀླག་པའམ་ཞེས་བྱ་བ་ནི་བསླབ་པ་ཀུན་ལས་བཏུས་པ་ལས། བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་རྣམས་ནི་ཕལ་ཆེར་མདོ་སྡེ་དག་ལས་སྣང་སྟེ། མདོ་སྡེ་དེ་དང་དེ་དག་ལས་བྱང་ཆུབ་སེམས་དཔའི་ཀུན་དུ་སྤྱོད་པ་དང༌། བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་རྣམས་བཅས་པའོ། །དེ་ལྟ་བས་ན་དེ་མ་བལྟས་ན་ལྟུང་བ་བྱུང་ན་ཡང་མི་ཤེས་ན་སྤོང་བར་འགྱུར་དུ་འོང་བས་རྟག་ཏུ་མདོ་སྡེ་ལྟ་བ་ལ་གུས་པར་བྱའོ་ཞེས་གསུངས་པ་དང༌། ཡང་དེ་ཉིད་ཀྱི་རྩ་བ་ལས། དགེ་པའི་བཤེས་གཉེན་མི་གཏང་ཞིང༌། །མདོ་སྡེ་དག་ལ་རྟག་བལྟ་བས། །ཞེས་པ་དང༌། སློབ་དཔོན་ཞི་བའི་


DTG111_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ལྷས་འདི་སྐད་དུ། མདོ་སྡེ་དག་ནི་བལྟ་བར་བྱ། །ནམ་མཁའི་སྙིང་པོའི་མདོ་སྡེ་ནི། །ཐོག་མ་ཉིད་དུ་བལྟ་བར་བྱ། །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི། །མདོ་རྣམས་ཀུན་ལས་བཏུས་པ་ཡང༌། །དེ་ཡི་འོག་ཏུ་བལྟ་བར་བྱ། །ཞིས་གསུངས་པས་ཐོག་མར་མདོ་སྡེ་བལྟ་བ་ལ་གོམས་པར་བྱའོ། །བླ་མ་ལས་མཉན་ཏེ་ཞེས་བྱ་བ་ནི་བླ་མ་ནི་སེམས་སྐྱེད་པར་བྱེད་པ་དེ་ཉིད་དེ། དེ་ཡང་འདི་ལྟར་འཕགས་པ་ཐོགས་མེད་ནས་བརྒྱུད་པ་དང༌། སློབ་དཔོན་ཞི་བའི་ལྷ་ནས་བརྒྱུད་པའི་བླ་མའོ། །དེ་ཡང་བླ་མ་བསྟེན་པ་ལ་དགོས་པ་ཅི་ཡོད་སྙམ་པ་ལ་ཡོད་པར་མཐོང་སྟེ། ཇི་སྐད་དུ། འཕགས་པ་སྡོང་པོ་བཀོད་པ་ལས། དཔལ་འབྱུང་བ་འདི་སྐད་དུ་རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་ངན་འགྲོར་མི་འགྲོའོ། །དགེ་བའི་བཤེས་གཉེན་གྱིས་བསྐྱངས་པའི་བྱང་ཆུབ་སེམས་དཔའ་ནི་བསླབ་པ་འགལ་བར་མི་བྱེད་དོ། །དགེ་བའི་བཤེས་གཉེན་གྱིས་བསམས་པའི་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་པ་ལས་མངོན་པར་འཕགས་སོ། །དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱས་པའི་བྱང་ཆུབ་སེམས་དཔའ་ནི་སྤྱོད་པ་ཐམས་ཅད་ལ་མ་བརྗེད་པར་གནས་སོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་ནི་ལས་དང་ཉོན་མོངས་པ་ཐམས་ཅད་ཀྱིས་ཐུབ་པར་དཀའོ། །དགེ་བའི་བཤེས་གཉེན་ནི་བྱ་བ་མ་ཡིན་པ་རྣམས་ཁོང་དུ་ཆུད་པར་བྱེད་དོ། །བག་མེད་པའི་གནས་ལས་བཟློག་པའོ། །འཁོར་བའི་གྲོང་ཁྱེར་ནས་འདོན་པའོ། །རིགས་ཀྱི་བུ་དེ་བས་ན་དེ་ལྟར་ཡིན་ལ་རྒྱུན་མ་ཆད་པར་དགེ་བའི་བཤེས་གཉེན་རྣམས་ཀྱི་དྲུང་དུ་འགྲོ་བར་བྱའོ། །ཁུར་ཐམས་ཅད་ཁུར་བས་ཡོངས་སུ་མི་སྐྱོ་བའི་ཕྱིར་ས་ལྟ་བུའི་སེམས་དང༌། མི་ཕྱེད་པའི་ཕྱིར་རྡོ་རྗེ་ལྟ་བུའི་སེམས་དང༌། མི་ཁྲོ་བས་ཁྱི་ལྟ་བུའི་སེམས་དང༌། སྡུག་བསྔལ་ཐམས་ཅད་ཀྱིས་མི་བསྒུལ་བའི་ཕྱིར་ཁོར་ཡུག་ལྟ་བུའི་སེམས་དང༌། ལས་ཐམས་ཅད་ལ་མི་སྨོད་པས་བྲན་ལྟ་བུའི་སེམས་དང༌། ང་རྒྱལ་དང་ཆེ་བའི་ང་རྒྱལ་རྣམ་པར་སྤོང་བས་ཕྱག་དར་བ་ལྟ་བུའི་སེམས་དང༌། ཁུར་ལྕི་བ་ཁུར་བས་ཐེག་པ་ལྟ་བུའི་སེམས་དང༌། འགྲོ་ཞིང་འོང་


DTG111_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བས་མི་སྐྱོ་བས་གྲུ་ལྟ་བུའི་སེམས་དང༌། དགེ་བའི་བཤེས་གཉེན་གྱི་ངོར་བལྟ་བས་བུ་མཛངས་པ་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་ལ་བསྙེན་བསྐུར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་ནང་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པའི་འདུ་ཤེས་དང། རྗེས་སུ་བསྟན་པ་ལ་ནི་སྨན་གྱི་འདུ་ཤེས་དང༌། ནན་ཏན་ཉམས་སུ་ལེན་པ་ལ་ནི་ནད་འཚོ་བའི་འདུ་ཤེས་དག་བསྐྱེད་པར་བྱའོ་ཞེས་གསུངས་པ་དང༌། གཞན་ཡང་འཕགས་པ་ནོར་བཟངས་ཀྱིས་དགེ་སློང་རྒྱ་མཚོའི་སྤྲིན་གྱི་སྐབས་ནས་འབྱུང་བ་དང༌། འཕགས་པ་དྲག་ཤུལ་ཅན་གྱིས་ཞུས་པ་ལས་ཀྱང་ཁྱིམ་བདག་གལ་ཏེ་བྱང་ཆུབ་སེམས་དཔའ་ལུང་ནོད་པའམ། ཁ་ཏོན་བྱ་བའམ། སྦྱིན་པ་དང་ལྡན་པའམ། ཚུལ་ཁྲིམས་དང་ལྡན་པའམ། བཟོད་པ་དང་ལྡན་པའམ། བརྩོན་འགྲུས་དང་ལྡན་པའམ། བསམ་གཏན་དང་ལྡན་པའམ། ཤེས་རབ་དང་ལྡན་པའམ། བྱང་ཆུབ་སེམས་དཔའི་ལམ་གྱི་ཚོགས་སོགས་པ་དང་ལྡན་པའི་ཚིག་བཞི་པའི་ཚིགས་སུ་བཅད་པ་སུ་ལས་མཉན་ཏམ། ལུང་ནོས་སམ་བླངས་པའི་སློབ་དཔོན་དེ་ལ་དེ་ཆོས་ཀྱིས་གུས་པར་བྱའོ། །མིང་དང་ཚིག་དང་ཡི་གེ་ཇི་སྙེད་པ་དེ་སྙེད་ཀྱིས་བསྐལ་པར་གལ་ཏེ་སློབ་དཔོན་ལ་གཡོ་མེད་པར་རྙེད་པ་དང༌། བཀུར་སྟིས་རིམ་གྲོ་དང༌། བཀུར་སྟི་བྱས་ཀྱང་ཁྱིམ་བདག་ད་དུང་དུ་སློབ་དཔོན་དེ་ལ་གུས་པར་བྱ་བ་ཡོངས་སུ་རྫོགས་པ་མ་ཡིན་ན། ཆོས་མ་ཡིན་པ་གུས་པར་བྱ་བ་ལྟ་ཅི་སྨོས་ཞེས་གསུངས་པ་དང༌། དེ་བཞིན་དུ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཕགས་པ་རྟག་ཏུ་ངུའི་ལེའུ་དང༌། འཕགས་པ་ལེགས་པར་སྦྱིན་པས་ཇི་ལྟར་བླ་མ་བསྟེན་པ་རྣམས་ནི་དེ་དང་དེར་བལྟ་བར་བྱའོ། །འཕགས་པ་ཐོགས་མེད་ཀྱིས་ཀྱང་བླ་མ་བསྟེན་པ་གསུངས་ཏེ། ཇི་སྐད་དུ་བྱང་ཆུབ་སེམས་དཔའི་ས་ལས། དེ་ལ་རྣམ་པ་དུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དུ་རིག་པར་བྱ། རྣམ་པ་དུ་ཞིག་གིས་ནི་དགེ་བའི་བཤེས་གཉེན་དོན་ཡོད་པ་ཡིན། རྣམ་པ་དུ་ཞིག་དང་ལྡན་ན་དགེ་བའི་བཤེས་གཉེན་དད་པའི་གཞི་ལ་གནས་པ་ཡིན། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དུ་གྱུར་པའི་འདུལ་བ་རྣམས་དགེ་པའི་བཤེས་


DTG111_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་གྱི་བྱ་བ་ནི་དུ་ཞིག་ཡོད། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་བསྟེན་པ་ནི་རྣམ་པ་དུ་ཞིག་ཡོད། འདུ་ཤེས་དུས་ནི་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་ཆོས་མཉན་པར་བྱ། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་ཆོས་ཉན་པ་ན་གང་ཟག་ཆོས་སྨྲ་བ་དེ་ལ་གནས་དུ་ཞིག་ནི་ཡིད་ལ་མི་བྱེད་པར་བྱ་ཞེ་ན། དེ་ལ་རྣམ་པ་བརྒྱད་དང་ལྡན་ན་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་རྣམས་རྣམ་པ་ཐམས་ཅད་རྫོགས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་རྣམས་ལ་གནས་ཤིང་མ་ཉམས་པ་དང་སྐྱོན་མེད་པར་བྱེད་པས་ཚུལ་ཁྲིམས་ལ་གནས་པ་ཡིན། བློ་མ་བྱང་བ་མ་ཡིན་པས་མང་དུ་ཐོས་པ་ཡིན། བསྒོམས་པ་ལས་བྱུང་བའི་དགེ་བ་གང་ཡང་རུང་བ་ཐོབ་ཅིང་རྟོགས་པ་དང་ལྡན་པ་ཡིན། སྙིང་རྗེ་ལྡན་པས་སྙིང་བརྩེ་བ་ཅན་ཡིན། དེ་ཚེ་འདི་ལ་རང་གི་བདེ་བ་བོར་ནས་གཞན་གྱི་དོན་ལ་སྦྱོར་བ་ཡིན། དེ་གཞན་ལ་ཆོས་སྟོན་པ་ན་བག་ཚ་བའི་འཇིགས་པས་དྲན་པ་དང་སྤོབས་པ་ཉམས་པ་མེད་པས་འཇིགས་པ་མེད་པ་ཡིན། གཞན་དག་གིས་བརྙས་པ་དང་འཕྱ་བ་དང་བསྟིང་བ་དང་ངན་དུ་བརྗོད་པ་མི་འདོད་པའི་ཚིག་རྣམས་དང་སེམས་ཅན་ལོག་པར་ཞུགས་པ་རྣམ་པ་སྣ་ཚོགས་པ་རྣམས་བཟོད་པ་ཡིན། འཁོར་བཞི་པོ་དག་ཆོས་བསྟན་པ་ལ་སྟོབས་དང་ལྡན་ཞིང་ངལ་བ་མེད་པས་ཡིད་ཡོངས་སུ་མི་སྐྱོ་བ་ཡིན། ཚིག་ཆོས་ཉིད་ལས་མ་ཉམས་ཤིང་གསལ་ལ་ཚིག་བྱ་བ་དང་ལྡན་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དེ་ལྟ་བུའི་ཡོན་ཏན་གྱི་རྣམ་པ་ཐམས་ཅད་ལྡན་པ་ནི་རྣམ་པ་ལྔ་ལྔས་དགེ་བའི་བཤེས་གཉེན་གྱི་བྱ་བ་དོན་ཡོད་པ་ཡིན་ཏེ། དེ་ནི་སྔ་ནས་ཀྱང་གཞན་དག་ལ་ཕན་པ་དང་བདེ་བར་འདོད་པ་ཡིན་ཏེ། ཕན་པ་དང་བདེ་བ་དེ་ཇི་ལྟ་བར་ཤེས་པ་ཡིན། དེ་བློ་ཕྱིན་ཅི་མ་ལོག་པ་ཡིན། ཐབས་གང་དང་ཆོས་བསྟན་པའི་ཚུལ་གང་གིས་སེམས་ཅན་གང་འདུལ་ནུས་པ་དེ་ལ་ནུས་ཤིང་མཐུ་ཡོད་པ་དང༌། ཡིད་ཡོངས་སུ་མི་སྐྱོ་བ་ཡིན། སེམས་ཅན་ཐ་མ་དང་འབྲིང་པོ་དང༌། ཁྱད་པར་དུ་འཕགས་པ་ལ་ཕྱོགས་འཛིན་པ་མེད་པར་


DTG111_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་སྙོམས་པ་ཡིན་ནོ། །དེ་ལ་དགེ་བའི་བཤེས་གཉེན་དེ་ནི་རྣམ་པ་ལྔས་དད་པའི་གཞི་ལ་གནས་པ་ཡིན་ཏེ། གང་གི་ཕྱིར་གཏམ་ཐོས་པས་ཀྱང་ཤིན་ཏུ་དང་བར་བྱེད་ན་མངོན་སུམ་དུ་མཐོང་ན་ལྟ་ཅི་སྨོས་ཏེ། སྤྱོད་ལམ་རབ་ཏུ་ཞི་བ་དང༌། སྤྱོད་ལམ་དང་ལྡན་པ་དང༌། ཡན་ལག་དང༌། ཉིད་ལག་མི་འགྱུར་བས་སྤྱོད་ལམ་ཕུན་སུམ་ཚོགས་པ་དང༌། ལུས་དང་དག་དང་ཡིད་ཀྱི་ལས་ཀྱི་མཐའ་ལ་གོད་པ་མེད་ཅིང་འགྱུར་བ་མེད་པས་བརྟན་པ་ཡིན། གཞན་དག་ལ་ཚུལ་འཆོས་པའི་ཕྱིར་སྤྱོད་ལམ་བརྟན་པ་ལྟར་མི་འཆོས་པས་ཚུལ་འཆོས་པ་མེད་པ་ཡིན། གཞན་གྱི་ཆོས་ཀྱི་གཏམ་མམ། རྙེད་པ་དང་བཀུར་སྟི་ལ་བདག་དགའ་བ་དང༌། རང་གི་རྙེད་པ་དང་བཀུར་སྟི་ཡང་གཞན་ལ་སྟོབས་པར་བྱེད་པས་ཕྲག་དོག་མེད་པ་ཡིན། ཡོ་བྱད་བསྙུངས་ཤིང་ཡོ་བྱད་བསྙུངས་པས་འཚོག་ཆས་རྙེད་དོ་ཅོག་ཐམས་ཅད་ལ་གཏོད་བས་ཡོ་བྱད་བསྙུངས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དུ་གྱུར་པ་དེ་ནི་རྣམ་པ་ལྔས་གདུལ་བ་གཞན་དག་ལ་དགེ་བའི་བཤེས་གཉེན་གྱི་བྱ་བ་བྱེད་དེ། གླེང་བར་བྱེད་པ་ཡིན། དྲན་པར་བྱེད་པ་ཡིན། འདོམས་པར་བྱེད་པ་ཡིན། རྗེས་སུ་སྟོན་པར་བྱེད་པ་ཡིན། ཆོས་སྟོན་པར་བྱེད་པ་ཡིན། ཚིག་འདི་དག་གི་དབྱེ་བ་ནི་ཉན་ཐོས་ཀྱི་སར་རིག་པར་བྱའོ། །གདམས་ངག་དང་རྗེས་སུ་བསྟན་པ་ནི་སྟོབས་ཀྱི་ལེའུ་ལས་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་བརྟེན་པ་ནི་རྣམ་པ་བཞིས་ཡོངས་སུ་རྫོགས་ཏེ། དུས་དུས་སུ་ནད་གཡོག་དང༌། ཐ་མལ་པའི་གཡོག་བྱས་པ་དང༌། གུས་པ་དང༌། དགའ་བ་དང༌། དུས་དུས་སུ་གུས་པར་སྨྲ་བ་དང༌། ཕྱག་བྱ་བ་དང༌། མངོན་དུ་ལྡང་བ་དང༌། ཐལ་མོ་སྦྱར་བ་དང༌། འདུད་པར་བྱ་བ་དང༌། མཆོད་པར་བྱ་བ་དང༌། ཆོས་དང་མཐུན་པའི་གོས་དང༌། ཟས་དང༌། མལ་ཆ་དང༌། སྟན་དང༌། ནད་པའི་གསོས་སྨན་དང༌། ཡོ་བྱད་སྦྱིན་པས་མཆོད་པ་དང༌། གནས་བཅས་ནས་གཟུད་པ་དང༌། ཉེས་པ་དག་འཆགས་པ་དང༌། དྲུང་དུ་འགྲོ་བ་དང༌། དྲི་བ་དང་ཉན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལས་ཆོས་ཉན་པར་འདོད་པས་འདུ་ཤེས་རྣམ་པ་ལྔས་ཆོས་མཉན་པར་བྱ་


DTG111_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དཀོན་པའི་དོན་གྱིས་རིན་པོ་ཆེའི་འདུ་ཤེས་དང༌། ཤེས་རབ་རྒྱ་ཆེན་པོ་འཐོབ་པའི་རྒྱུའི་དོན་གྱིས་མིག་གི་འདུ་ཤེས་དང༌། ཆོས་ཐམས་ཅད་ཡང་དག་པར་སྟོན་པས་སྣང་བའི་འདུ་ཤེས་དང༌། བླ་ན་མེད་པའི་བྱང་ཆུབ་འཐོབ་པའི་རྒྱུའི་དོན་གྱིས་ཕན་ཡོན་ཆེ་བའི་འདུ་ཤེས་དང༌། ཚེ་འདི་ལ་མྱ་ངན་ལས་འདའ་བ་དང༌། རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པ་ཞི་གནས་དང་ལྷག་མཐོང་གི་དགའ་བ་ཁ་ན་མ་ཐོ་བ་མེད་པའི་རྒྱུའི་དོན་གྱིས་ཁ་ན་མ་ཐོ་བ་མེད་པའི་འདུ་ཤེས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་ཆོས་ཉན་པ་ན། དེ་ལ་གནས་ལྔར་ཡིད་ལ་མི་བྱེད་དེ། དེ་ཚུལ་ཁྲིམས་ཉམས་པ་ཉམས་སོ་སྙམ་དུ་ཡིད་ལ་མི་བྱེད་དེ། འདི་ནི་ཚུལ་ཁྲིམས་ཉམས་ཤིང་སྡོམ་པ་ལ་མི་གནས་པས་བདག་གིས་འདི་ལས་ཆོས་མཉན་པར་མི་བྱའོ་སྙམ་དུ་ཡིད་ལ་མི་བྱའོ། །རིགས་དམའ་བ་ལ་ཡང་འདི་ལ་བདག་གིས་ཆོས་མཉན་པར་མི་བྱའོ་སྙམ་དུ་ཡིད་ལ་མི་བྱའོ། །ཆོས་ལ་རྟོན་པས་བྱའི་གང་ཟག་ལ་རྟོན་པར་མི་བྱའོ། །དོན་ལ་རྟོན་པར་བྱའི་ཚིག་འབྲུ་ལ་རྟོན་པར་མི་བྱའོ། །བྱད་དང་གཟུགས་ངན་པ་དང༌། ཚིག་འབྲུ་ངན་པ་ལ་ཡང་ཡིད་ལ་མི་བྱ་སྟེ། གུས་པ་དང་བཅས་པས་ཆོས་མཉན་པར་བྱའོ། །ཆོས་ནི་ནམས་ཀྱང་གང་ཟག་གི་སྐྱོན་གྱིས་མི་གོས་ཤིང་སྐྱོན་ཅན་དུ་མི་འགྱུར་བའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་དབང་པོ་རྟུལ་པོ་གང༌། གང་ཟག་གི་སྐྱོན་རྣམས་ལ་སེམས་མངོན་པར་ལྡང་ཞིང༌། ཆོས་ཉན་པར་མི་འདོད་པ་དེ་ནི་བདག་ཉིད་ཁོ་ན་ལ་གནོད་ཅིང་ཤེས་རབ་ཡོངས་སུ་ཉམས་པར་གྱུར་པར་རིག་པར་བྱའོ་ཞེས་གསུངས་སོ། །དེ་བས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་བླ་མ་ལ་རག་ལས་པས་ན་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་བླ་མ་དགེ་བའི་བཤེས་གཉེན་མཁས་པ་རྟག་ཏུ་བསྟེན་པར་བྱའོ། །ཕན་ཡོན་གཞན་ཡང་བཤད་དེ། བྱང་ཆུབ་སེམས་དཔའ་ཁྱིམ་གྱི་ནང་ན་གནས་པ་དབང་པོ་རྟུལ་པོ་ཁ་ཅིག་ལ་ནི་སྨོན་པའི་སེམས་འདི་ཉིད་ལ་བརྟེན་ནས་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བར་གསུངས་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་ཁྱོད་ནི་འདི་


DTG111_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱ་བ་མང་བ་བྱེད་པ་མང་བ་སྟེ་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྦྱིན་པ་ལ་བསླབ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་བསླབ་པར་མི་ནུས་ཀྱི། དེ་བས་ན་རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདུན་པ་དང༌། དད་པ་དང༌། དོན་དུ་གཉེར་བ་དང༌། སྨོན་པས་འགྲོ་ཡང་རུང༌། འགྲེང་ཡང་རུང༌། འདུག་ཀྱང་རུང༌། ཉལ་ཡང་རུང༌། སད་ཀྱང་རུང༌། ཟ་ཡང་རུང༌། འཐུང་ཡང་རུང༌། རྟག་པར་རྒྱུན་དུ་དྲན་པར་གྱིས་ལ་ཡིད་ལ་ཟུང་སྟེ་སྒོམས་ཤིག །སངས་རྒྱས་དང་པོ་སོ་སོའི་སྐྱེ་བོ་ཐམས་ཅད་དང༌། བདག་གི་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་བསྡུས་ཤིང་གཞོལ་ཏེ་རྗེས་སུ་ཡི་རང་བར་གྱིས་ཤིག །རྗེས་སུ་ཡི་རང་བ་མཆོག་དང༌། ནམ་མཁའ་དང་འདྲ་བ་དང༌། མྱ་ངན་ལས་འདས་པ་དང་མཚུངས་པས་རྗེས་སུ་ཡི་རང་བར་གྱིས་ཤིག །རྗེས་སུ་ཡི་རངས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་མཆོད་པར་བྱ་བ་ཕུལ་ཅིག །ཕུལ་ནས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱིས་ཤིག །དེ་ནས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་བར་དུ་ཐོབ་པར་འགྱུར་བ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བར་ཉིན་གཅིག་བཞིན་དུ་དུས་གསུམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོས་ཤིག །རྒྱལ་པོ་ཆེན་པོ་ཁྱོད་དེ་ལྟར་ཞུགས་ནས་རྒྱལ་པོ་ཡང་བྱེད་ལ་རྒྱལ་པོའི་བྱ་བ་ཡང་ཉམས་པར་མི་འགྱུར་ཞིང༌། བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་གསུངས་སོ། །སློབ་དཔོན་ཞི་བའི་ལྷའི་ཞལ་ནས་བསླབ་པ་ཀུན་ལས་བཏུས་པ་ལས་དོན་འདི་གསུངས་ཏེ། འདི་སྐད་དུ་སྤྱོད་པ་དང་མི་ལྡན་པ་ཡང་བྱང་ཆུབ་ཀྱི་སེམས་ནི་འཁོར་བའི་བདེ་བ་མཐའ་ཡས་པ་བསྐྱེད་པའི་ཕྱིར་དེ་ལ་བརྙས་པར་མི་བྱའོ་ཞེས་གསུངས་སོ། །དེའི་ནུས་པ་ཡང་མདོ་ལས་གསུངས་ཏེ། བྱམས་པའི་རྣམ་པར་ཐར་པའི་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རྡོ་རྗེ་རིན་པོ་ཆེ་ན་ཚིག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་


DTG111_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གནོན་ཅིང་རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ །རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནན་ཏན་དང་བྲལ་ཡང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཅིང༌། བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ། འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ་ཞེས་འབྱུང་ངོ༌། །རྒྱལ་པོ་ལ་གདམས་པའི་མདོ་ལས་ཀྱང་དོན་དེ་ཉིད་གསུངས་ཏེ། རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བའི་ལས་ཀྱི་རྣམ་པར་སྨིན་པ་དེས། ལན་དུ་མར་ལྷའི་ནང་དུ་སྐྱེས་པ་ནས་གང་དེ་ལྟར་མང་དུ་བྱ་བ་བྱེད་པ་ལྟ་ཅི་སྨོས་ཞེས་འབྱུང་སྟེ་མདོ་དེ་ཉིད་དུ་བལྟ་བར་བྱའོ། །རྩ་བ་ཉིད་ལ་འཇུག་པར་བྱ་སྟེ། བྱང་ཆུབ་སྨོན་པའི་སེམས་ནི་བསྐྱེད་ནས་ནི། །འབད་པ་མང་པོས་ཀུན་ཏུ་སྤེལ་བྱ་ཞིང༌། །འདི་ནི་སྐྱེ་བ་གཞན་དུའང་དྲན་དོན་དུ། །ཇི་སྐད་བཤད་པའི་བསླབ་པ་ཡོངས་སུ་བསྲུང༌། །ཞེས་སྨྲས་ཏེ། དེ་ལྟར་སེམས་བསྐྱེད་ཅིང་དེའི་ཕན་ཡོན་ཤེས་པ་དེས་དེ་སྤེལ་བར་བྱ་བའི་ཕྱིར། འབད་པ་མང་པོས་ཀུན་དུ་སྤེལ་བྱ་ཞིང༌། །ཞེས་སྨྲས་ཏེ། འདིའི་དོན་ནི་བདག་གིས་བྱས་པའི་སེམས་བསྐྱེད་པའི་ཆོ་གར་གསལ་བར་བྱས་ཏེ། འདི་སྐད་དུ་དེ་ལྟར་སེམས་བསྐྱེད་པའི་གང་ཟག་གིས་བྱང་ཆུབ་ཀྱི་སེམས་སྤེལ་བར་བྱ་བའི་ཕྱིར། ཐ་ན་ཉིན་ལན་གསུམ་མཚན་ལན་གསུམ་དུ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བྱས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ་ཞེས་པའོ། །འདི་ནི་སྐྱེ་བ་གཞན་དུའང་དྲན་དོན་དུ། །ཇི་སྐད་བཤད་པའི་བསླབ་པ་ཡོངས་སུ་བསྲུང༌། །ཞེས་པ་འདིའི་དོན་ཡང་བདག་གིས་འོད་སྲུངས་ཀྱིས་ཞུས་པའི་མདོ་ལས་བླངས་ནས་ཆོ་ག་དེ་ཉིད་དུ་བཀོད་དེ་འདི་ལྟར་བྱང་ཆུབ་ཀྱི་སེམས་ཉམས་པར་བྱེད་པའི་ཆོས་བཞི་ལས་ལྡོག་པར་བྱ་སྟེ། བཞི་གང་ཞེ་ན། མཁན་པོ་དང༌། སློབ་དཔོན་དང༌། བླ་མ་དང༌། སྦྱིན་གནས་ལ་བསླུ་བ་དང༌། གཞན་འགྱོད་པ་


DTG111_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ལ་འགྱོད་པ་ཉེ་བར་བསྒྲུབ་པ་དང༌། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་གང་ཟག་ལ་བསྔགས་པ་མ་ཡིན་པ་དང༌། མི་སྙན་པ་དང་བརྗོད་པ་མ་ཡིན་པའི་སྒྲ་ཚིགས་སུ་བཅད་པ་འབྱིན་པ་དང༌། གཡོ་དང་སྒྱུ་གཞན་ལ་ཉེ་བར་སྤྱོད་ཀྱི་ལྷག་པའི་བསམ་པས་མ་ཡིན་པའོ། །བྱང་ཆུབ་ཀྱི་སེམས་ཉམས་པར་མི་བྱེད་པའི་ཆོས་བཞི་ལ་བསླབ་པར་བྱ་སྟེ། བཞི་གང་ཞེ་ན། སྲོག་གི་ཕྱིར་རམ་ཐ་ན་བཞད་གད་ཀྱི་ཕྱིར་ཡང་བརྫུན་གྱི་ཚིག་མི་སྨྲ་བ་དང༌། གཡོ་དང་སྒྱུ་མེད་པར་སེམས་ཅན་ཐམས་ཅད་ཀྱི་དྲུང་ན་ལྷག་པའི་བསམ་པས་གནས་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པར་འདུ་ཤེས་བསྐྱེད་ཅིང་དེ་དག་གི་ཡང་དག་པའི་བསྔགས་པ་ཕྱོགས་བཞིར་བརྗོད་པ་དང༌། ཉི་ཚེ་བའི་ཐེག་པ་མི་འདོད་པའི་ཕྱིར་སེམས་ཅན་གང་ཡོངས་སུ་སྨིན་པར་བྱེད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པའོ། །ཁྱད་པར་དུ་མངོན་པར་ཤེས་པ་མྱུར་དུ་ཐོབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཞུས་པའི་ཆོས་བདུན་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལ་བསླབ་པར་བྱའོ། །སྔར་བསྟན་པའི། འབད་པ་མང་པོས་ཀུན་དུ་སྤེལ་བྱ་ཞིང། །ཞེས་བྱ་བའི་ཚིག་གི་དོན་འདི་ཡིན་ཏེ། རྗེ་བཙུན་དག་གི་ཞལ་ནས་སྤེལ་བ་རྣམ་པ་གསུམ་ལས་རྒྱས་པར་སྤེལ་བ་ནི། འཇུག་སེམས་བདག་ཉིད་སྡོམ་པ་མ་གཏོགས་པ། །ཡང་དག་སྨོན་པ་འཕེལ་བར་འགྱུར་མ་ཡིན། །རྫོགས་པའི་བྱང་ཆུབ་སྡོམ་པས་སྤེལ་འདོད་པས། །དེ་ཕྱིར་འབད་པས་འདི་ནི་ངེས་པར་བླང༌། །ཞེས་སྨྲས་ཏེ། འཇུག་སེམས་བདག་ཉིད་ཅེས་བྱ་བ་ནི་ལྷག་པའི་བསམ་པ་རྣམ་པར་དག་པ་ཡིན་ཏེ། དེ་ཡང་འཕགས་པ་ནམ་མཁའ་མཛོད་ཀྱི་མདོ་ལས་ཇི་སྐད་དུ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་བྱང་ཆུབ་ཀྱི་སེམས་དེ་ཆོས་གང་གིས་བསྡུས། ཇི་ལྟར་ཕྱིར་མི་ལྡོག་པར་ཀུན་དུ་གནས། །ནམ་མཁའ་མཛོད་ཀྱིས་སྨྲས་པ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་ཆོས་རྣམ་པ་གཉིས་ཀྱིས་བསྡུས་པས་ཕྱིར་མི་ལྡོག་པར་གནས་སོ། །གཉིས་གང་ཞེ་ན། བསམ་པ་དང་ལྷག་པའི་བསམ་པའོ། །བསམ་


DTG111_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ལྷག་པའི་བསམ་པ་གང་གིས་བསྡུས། བསམ་པ་ནི་གཡོ་མེད་པ་དང་སྒྱུ་མེད་པས་བསྡུས་པའོ། །ལྷག་པའི་བསམ་པ་ནི་དེ་ལ་མ་ཆགས་པ་དང་ཁྱད་པར་དུ་འགྲོ་བས་བསྡུས་སོ། །བཞི་པོ་དེ་དག་གང་གིས་བསྡུས། ཆོས་བརྒྱད་ཀྱིས་བསྡུས་ཏེ། གཡོ་མེད་པ་ནི་དྲང་པོ་དང་གསལ་བས་བསྡུས་པའོ། །སྒྱུ་མེད་པ་ནི་བཅོས་མ་མ་ཡིན་པ་དང་བསམ་པ་དག་བས་བསྡུས་སོ། །དེ་ལ་མ་ཆགས་པ་ནི་སེམས་མ་གོང་བ་དང་བརྩོན་འགྲུས་མ་གོང་བས་བསྡུས་སོ། །ཁྱད་པར་དུ་འགྲོ་བ་ནི་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་སོ་ཞེས་བྱ་བ་ལ་སོགས་པ་ཆོས་བརྒྱ་ཉི་ཤུ་རྩ་བརྒྱད་ཀྱིས་བསྡུས་ཏེ་རྒྱས་པར་མདོ་ཉིད་དུ་བལྟ་བར་བྱའོ། །གཞན་ཡང་འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང་འདི་སྐད་དུ། ཡོན་ཏན་ཁྱད་པར་ཅན་འདོད་པ་ནི་ལྷག་པའི་བསམ་པའོ། །ལྷག་པའི་བསམ་པ་ནི་སྲོག་ཆགས་འབྱུང་པོ་རྣམས་ལ་དེས་པའོ། །སེམས་ཅན་ཐམས་ཅད་ལ་བྱམས་པའོ། །འཕགས་པ་ཐམས་ཅད་ལ་གུས་པའོ། །འཇིག་རྟེན་པ་རྣམས་ལ་སྙིང་བརྩེ་བའོ། །བླ་མ་ལ་རིམ་གྲོ་བྱེད་པའོ། །སྐྱབས་དང་དཔུང་གཉེན་དང་གླིང་མེད་པ་དང་མགོན་མེད་པའི་མགོན་དང་སྐྱབས་དང་དཔུང་གཉེན་དང་གླིང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱ་ཆེར་དེ་ཉིད་དུ་བལྟ་བར་བྱའོ། །གཞན་ཡང་མདོ་དེ་ལས་བྱང་ཆུབ་སེམས་དཔའ་བསམ་པ་དག་པ་ལ་ནི་ནམ་མཁའ་དང་རྩིག་བ་དང་ཤིང་དང་ཆུ་བོ་དང་ནགས་ཚལ་ལ་སོགས་པ་དག་ལས་ཀྱང་ཆོས་འབྱུང་ལ། རང་ཉིད་ཀྱི་སྤྱོད་པ་ཉིད་ལས་ཀྱང་གདམས་དག་དང་རྗེས་སུ་བསྟན་པ་འབྱུང་ངོ་ཞེས་གསུངས་སོ། །གཞན་ཡང་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང༌། བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་མི་ཟད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་བའི་རྩ་བ་ཐམས་ཅད་ལྷག་པར་དམིགས་པའི་ཕྱིར་རོ། །ཐ་ན་གང་བྱང་ཆུབ་སེམས་དཔའ་གང་ཅི་སེམས་པ་དེ་ཐམས་ཅད་དགེ་བའི་བསམ་པ་ལས་ལྷག་པའི་བསམ་པས་དམིགས་པར་འགྱུར་ཏེ། ས་ནས་སར་བཞག་པའི་ཕྱིར་འཕོ་བ་ནི་ལྷག་པའི་བསམ་པའོ་ཞེས་བྱ་བ་ལ་སོགས་པ་དང༌། ཡང་བཙུན་


DTG111_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་མི་ཟད་པའོ་ཞེས་གསུངས་སོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། འདི་ལྟར་ས་གཞི་བཟང་པོ་ལས་ནགས་ཚལ་དང་ལོ་ཏོག་ཕུན་སུམ་ཚོགས་པ་སྐྱེ་བ་བཞིན་དུ། ཚུལ་ཁྲིམས་བཟང་པོའི་ས་གཞི་ལས་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐྱེ་ཞིང་འཕེལ་བར་འགྱུར་རོ་ཞེས་ཤེས་པར་འགྱུར་རོ། །འདིར་འདི་དཔྱད་དོ། །སྨོན་པ་བྱང་ཆུབ་ཀྱི་སེམས་དང་འཇུག་པ་བྱང་ཆུབ་ཀྱི་སེམས་དེ་གཉིས་ཀྱི་དོན་ལ། སྔོན་གྱི་མཁས་པ་ཆེན་པོ་རྣམས་དང༌། ད་ལྟར་གྱི་མཁས་པ་ཆེན་པོ་དག་རྣམ་པ་དུ་མར་འཆད་དེ། དེ་དག་གི་འདོད་པ་དེ་དག་ལ་བདག་གི་བློ་འཕྲོ་བར་ནུས་མོད་ཀྱི་ཡི་གེ་མངས་པར་འགྱུར་བས་གཞག་གོ །འདི་གཉིས་ཀྱི་དོན་མདོ་ཉིད་ན་གསལ་བར་གསུངས་ཏེ། སྡོང་པོ་བཀོད་པའི་མདོ་ལས། རིགས་ཀྱི་བུ་སེམས་ཅན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ཀྱང་དཀོན་ནོ། །དེ་བས་ཀྱང་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཆས་པའི་སེམས་ཅན་དེ་དག་ནི་ཤིན་ཏུ་དཀོན་ནོ་ཞེས་གསུངས་སོ། །སློབ་དཔོན་ཞི་བ་ལྷའི་ཞལ་ནས་ཀྱང༌། བྱང་ཆུབ་ཀྱི་སེམས་དེ་ནི་རྣམ་པ་གཉིས་ཏེ། བྱང་ཆུབ་ཏུ་སྨོན་པའི་སེམས་དང༌། བྱང་ཆུབ་ཏུ་འཇུག་པའི་སེམས་སོ་ཞེས་བསླབ་པ་ཀུན་ལས་བཏུས་པ་ལས་གསུངས་པ་དང༌། སྤྱོད་འཇུག་ལས་ཀྱང༌། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་ཉིད་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་གསུངས་སོ། ཡང་སློབ་དཔོན་གྱི་ཞལ་ནས། དེ་ལ་སྨོན་པའི་སེམས་ནི་ངས་སངས་རྒྱས་སུ་འགྱུར་བར་བྱའོ་ཞེས་སྨོན་པ་ལས་སྐྱེས་པའོ་ཞེས་བསླབ་པ་ཀུན་ལས་བཏུས་པ་ལས་གསུངས་སོ། །དེ་བས་ན་འབྲས་བུ་རྫོགས་པའི་བྱང་ཆུབ་ཡུལ་དུ་བྱེད་ཅིང་དམིགས་པ་ནི་སྨོན་པའི་སེམས་ཡིན་ཏེ། ཇི་སྐད་དུ་མགོན་པོ་བྱམས་པས་ཀྱང༌། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་མངོན་པར་རྟོགས་པའི་རྒྱན་ལས་གསུངས་སོ། །ལམ་གྱི་ཆོས་ཡུལ་དུ་བྱེད་ཅིང་དམིགས་པ་ནི་འཇུག་པའི་སེམས་ཡིན་ཏེ། མགོན་པོ་བྱམས་པའི་ཞལ་ནས། རང་


DTG111_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དོན་དང་དེ་ཉིད་དོན། །མཐུ་དང་རང་གི་སངས་རྒྱས་ཀྱི། །ཞིང་དང་སེམས་ཅན་ཡོངས་སྨིན་དང༌། །བདུན་པ་བྱང་ཆུབ་མཆོག་ཡིན་ནོ། །ཞེས་མེད་སྡེ་རྒྱན་ལས་གསུངས་སོ། །དེ་བས་ན་བྱང་ཆུབ་ཀྱི་སེམས་དེ་ཉིད་རྒྱུའི་དུས་དང༌། འབྲས་བུའི་དུས་ཐམས་ཅད་དུ་དེ་ཉིད་ཡིན་ཏེ། གནས་སྐབས་ཀྱི་བྱེ་བྲག་གིས་དེ་ལྟར་འགྱུར་རོ། །དེ་ཡང་མགོན་པོ་བྱམས་པའི་ཞལ་ནས་རྒྱས་པར་བཤད་དེ། ཇི་སྐད་དུ། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང༌། །ཡིད་བཞིན་ནོར་བུ་ཉི་མ་ཀླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་གསུངས་སོ། །དེ་ལ་གཉིས་ནི་རྒྱུའི་བྱང་ཆུབ་ཀྱི་སེམས་སོ། །བཅུ་བདུན་ནི་ལམ་གྱི་བྱང་ཆུབ་ཀྱི་སེམས་སོ། །གསུམ་ནི་འབྲས་བུའི་བྱང་ཆུབ་ཀྱི་སེམས་སོ། །གཉིས་ནི་སྨོན་པའི་སེམས་སོ། །ཉི་ཤུ་ནི་འཇུག་པའི་སེམས་སོ། །རྣམ་གྲངས་གཞན་ཡང་གསུམ་ནི་རྒྱུའི་དུས་ཀྱི་སེམས་སོ། །བཅུ་དྲུག་ནི་ལམ་གྱི་དུས་ཀྱི་སེམས་སོ། །ཐ་མ་གསུམ་ནི་འབྲས་བུའི་དུས་ཀྱི་སེམས་སོ། །དེ་དག་གི་དོན་རྒྱས་པ་ནི་མངོན་པར་རྟོགས་པའི་རྒྱན་དེ་ཉིད་དུ་བལྟ་བར་བྱའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ཁྱད་པར་དུ་སྤེལ་བར་བྱ་བའི་ཕྱིར། ཚུལ་ཁྲིམས་ཀྱི་སྡོམ་པ་ངེས་པར་བླང་པར་བྱའོ་ཞེས་བསྟན་ནས། ད་ནི་ཚུལ་ཁྲིམས་ཀྱི་སྡོམ་པའི་རྟེན་ཁྱད་པར་ཅན་བསྟན་པར་འདོད་ནས། སོ་སོར་ཐར་བ་རིས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་དག་།བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་སྨྲས་ཏེ། འདིར་སྨྲས་པ། ཁྱོད་ཀྱིས་དང་པོར། དེ་ནི་སྐྱེས་བུ་མཆོག་ཡིན་ནོ། །སེམས་ཅན་དམ་པ་བྱང་ཆུབ་མཆོག །འདོད་པར་གྱུར་པ་དེ་དག་ལ། །ཞེས་མ་སྨྲས་སམ། ཡང་འདིར་འདི་སྐད་དུ་བརྗོད་པ་དེ་ཇི་ལྟ་བུ་སྨྲས་པ་བདེན་ཏེ། སྔ་མ་ནི་མ་དག་པའི་རྟེན་དུ་བཞག་ལ་འདི་ནི་དག་པའི་རྟེན་དུ་འདོད་པ་ཡིན་ནོ། །འདིའི་དོན་བླ་མ་རྗེ་བཙུན་དཔལ་བྱང་ཆུབ་བཟང་པོས་སྡོམ་པ་ཉི་ཤུ་པའི་འགྲེལ་པར་གསུངས་ཏེ། འདི་སྐད་དུ་སོ་སོར་ཐར་པའི་སྡོམ་པ་ནི་བྱང་ཆུབ་སེམས་དཔའ་སྡོམ་པའི་ཡན་ལག་ཏུ་གྱུར་པ་ཡིན་


DTG111_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཕྱོགས་གཅིག་ཉིད་དུ་ཤེས་པར་བྱའོ། །དེའི་ཕྱིར་སོ་སོར་ཐར་པའི་སྡོམ་པ་གཞན་དང་ལྡན་པ་འདིས་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་ལེན་པའི་སྣོད་དུ་གྱུར་བ་ལ། བསླབ་པའི་ཚིག་འདི་ཡང་སྦྱིན་པར་བྱ་ཞེས་པའི་དོན་ཏོ། །འདི་ལ་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པའི་ཆོ་ག་གཞན་པ་ཉིད་མ་ཡིན་ཞིང་དེ་རྣམས་ལས་ཀྱང་ལྡོག་པ་ཡིན་པ་ལ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་པའི་སྣོད་དུ་གྱུར་བ་ཡང་ཡོད་པ་མ་ཡིན་ནོ་ཞེས་གསུངས་སོ། །རེ་ཞིག་ཐེག་པ་ཆེན་པོའི་བག་ཆགས་མེད་པ་དེའི་རིགས་མེད་པ་སོ་སོར་ཐར་པའི་གཏན་གྱི་བར་ཆད་ཅན་ནམ། བྱང་ཆུབ་སེམས་དཔའི་སྡོམ་པ་མེད་པའི་གོང་དུ་དེ་ལ་ཕམ་པ་བྱུང་བའམ་བསླབ་པ་ཕུལ་བའམ་དགེ་བའི་རྩ་བ་ཆད་པའམ། སྡོམ་པ་དེ་མ་བླངས་པ་ནི་སོ་སོར་ཐར་པའི་སྡོམ་པ་ཡང་མེད་ན། ཅིག་ཤོས་ལྟ་ག་ལ་ཡོད་དུ་རུང༌། འདིར་སྨྲས་པ། སྲོག་གཅོད་པ་ལ་སོགས་པ་ལས་མ་ལོག་པའི་བྱང་ཆུབ་སེམས་དཔའ་ཡོད་པར་འགྱུར་རམ། སྨྲས་པ་དེ་ནི་མེད་དེ་དེ་དག་ནི་བྱང་ཆུབ་སེམས་དཔའ་ལ་རྩ་བའི་ལྟུང་བ་ཡིན་པར་མདོ་ལས་གསུངས་པའི་ཕྱིར་རོ། །དེ་ལྟ་བས་ན་སོ་སོར་ཐར་པའི་སྡོམ་པ་དེ་དང་པོར་དགོས་ཤིང་སྔོན་དུ་འགྲོ་བ་ཉིད་དོ། །ཡང་ན་རིགས་ལ་གནས་པ་དར་སྐྱེ་བ་གཞན་དུ་ཐེག་པ་ཆེན་པེ་ལ་གོམས་པར་བྱས་པ་ནི་དོ་རང་བཞིན་གྱིས་སྡིག་པ་མི་སྤྱོད་པས་བྱང་ཆུབ་སེམས་དཔའི་སྡོམ་པ་དེ་ཉིད་དང་པོ་ཉིད་དུ་བླངས་ཀྱང་ཉེས་པ་མེད་དོ། །ཡང་ན་ཐེག་པ་ཆེན་པོ་དབུ་མ་ཆེན་པོའི་གྲུབ་མཐའ་བརྩན་པར་བྱས་ན་ནི། འདི་ལྟར་ཐེག་པ་ཆེན་པའི་སྣོད་དུ་མ་གྱུར་པ་འགའ་ཡང་མེད་དོ། །སེམས་ཅན་ཐམས་ཅད་རིགས་གཅིག་ཉིད་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་བྱ་བ་དང༌། ས་སྟེངས་སྐལ་མེད་ཡོད་མིན་ཏེ། །ཐམས་ཅད་སངས་རྒྱས་འགྱུར་བ་ཡིན། །དེའི་ཕྱིར་རྫོགས་སངས་སྒྲུབ་པ་ལ། །སྒྱིད་ལུག་པར་ནི་མི་བྱའོ། །ཞེས་གསུངས་པའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ཆེན་པོ་ལས་ཀྱང༌། ཀྱེ་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་འཇུག་པ་ལ་སྣོད་དང་སྣོད་མ་ཡིན་པ་བརྟག་མི་འཚལ་ལོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སློབ་དཔོན་འཕགས་པ་ལྷའི་ཞལ་ནས། དང་པོར་


DTG111_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

གང་དང་གང་འདོད་པ། །དེ་ལ་དེ་དང་དེ་ཉིད་སྦྱིན། །དམ་པའི་ཆོས་ལ་སྣོད་མིན་པ། །འགའ་ཡང་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །དེ་བས་སེམས་ཅན་ཐམས་ཅད་རིགས་གཅིག་ཉིད་ཡིན་པས། མགོན་པོ་མི་ཕམ་པའི་ཞལ་ནས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་གསུངས་པ་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས་ཀྱང༌། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོ་ཐེག་དབྱེར་མ་མཆིས་ན། །ཁྱོད་ཀྱིས་ཐེག་པ་གསུམ་བསྟན་པ། །སེམས་ཅན་འཇུག་པར་བྱ་ཕྱིར་ཡིན། །ཞེས་གསུངས་སོ། །འོ་ན་མདོ་ལས་ཀྱང་སེམས་ཅན་གྱི་ཚོགས་གསུམ་དུ་གསུངས་ཤིང༌། རྡོའི་རིགས་ལ་དཔེར་མཛད་པ་དེ་ཇི་ལྟ་བུ། སེམས་ཅན་གྱི་རིགས་ཀྱང་རྣམ་པ་ལྔར་བཤད་པ་དེ་ཇི་ལྟ་བུ། སྨྲས་པ་དེ་ནི་རེ་ཞིག་པ་ལ་དགོངས་པ་ཡིན་ཏེ། རྗེ་བཙུན་གསེར་གླིང་པའི་ཞལ་སྔ་ནས། རིགས་ནི་རྣམ་པ་གཉིས་ཏེ། ཆོས་ཉིད་ཀྱི་རིགས་ཅན་དང༌། སྒྲུབ་པའི་རིགས་ཅན་ནོ་ཞེས་གསུངས་པས་སྒྲུབ་པའི་རིགས་ཅན་ལ་ནི་རེ་ཞིག་དེ་ལྟར་གནས་སོ། །ཆོས་ཉིད་ཀྱི་རིགས་ཅན་གྱི་དབང་དུ་བྱས་ན་ནི་དབྱེ་བ་གང་ཡང་མེད་དོ། །འདི་ལྟར་མཁས་པ་དག་གིས་ནི་སོ་སོ་ཐར་པའི་སྡོམ་པ་དེ་ངེས་པར་གཙོ་བོར་བྱ་དགོས་པ་ཡིན་ཏེ། དེ་ཡང་འདི་ལྟར་ཆོས་ཀྱི་སྐུ་ནི་དུས་ཐམས་ཅད་དང༌། དངོས་པོ་ཐམས་ཅད་ལ་ཁྱབ་པ་ཡིན་པ་དང༌། ཡང་ལོངས་སྤྱོད་རྫོགས་པའི་སྐུ་དེ་ཡང་འཁོར་ལོར་བཞུགས་ལ། དེ་ཡང་ས་བཅུའི་དབང་ཕྱུག་ཆེན་པོ་རྣམས་ཁོ་ནའི་སྤྱོད་ཡུལ་ཡིན་ཞིང་དེ་ཡང་ཐེག་པ་ཆེན་པོའི་ཆོས་ཟབ་པ་དང༌། རྒྱ་ཆེ་བ་འབའ་ཞིག་གསུངས་པ་ཡིན་ནོ། །སྤྲུལ་པའི་སྐུ་ནི་འདི་ལྟར་ཨུ་དུམ་བཱ་རའི་མེ་ཏོག་དང་འདྲ་བས་དུས་རེས་འགའ་བ་ཡིན་ཏེ། མདོ་ལས་བསྐལ་པ་དེའི་རྗེས་ལ་སངས་རྒྱས་མི་འབྱུང་བའི་བསྐལ་པ་དྲུག་ཅུ་འབྱུང་བར་འགྱུར་རོ་ཞེས་གསུངས་སོ། །དེ་བས་ན་དེས་གསུངས་པའི་སོ་སོར་ཐར་པའི་སྡོམ་པ་འདི་ཡང་དུས་རེས་འགའ་བ་ཡིན་པས་དཀོན་པའི་ཕྱིར་དང༌། བདེ་འགྲོར་བགྲོད་པའི་རྒྱུའི་གཙོ་བོ་ཡིན་པ་དང༌། སངས་རྒྱས་ཀྱི་བསྟན་པ་ནི་སྲོག་གཅོད་པ་ལ་སོགས་པ་སྡིག་པ་ལས་ལོག་པ་ཡིན་པ་དང༌། སངས་རྒྱས་ཀྱི་བསྟན་པ་ནི་ཇི་སྲིད་སོ་སོར་ཐར་པའི་སྡོམ་པ་གནས་པ་དེ་སྲིད་དུ་གནས་


DTG111_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་དེ་ལ་རག་ལུས་པ་ཡིན་པས་སོ་སོར་ཐར་པའི་སྡོམ་པ་དེ་དང་པོ་ཁོ་ནར་བསྟན་ཏོ། །འདི་ལྟར་འཇུག་པའི་གོ་རིམས་སུ་བྱས་ན་ཡང༌། སྔོན་ཆད་ཐེག་པ་ཆེན་པོའི་བག་ཆགས་མེད་པ་དག་ལ་ནི་སོ་སོར་ཐར་པ་རིས་བདུན་གང་ཡང་རུང་བའི་སྡོམ་པ་དེ་སྔོན་དུ་འགྲོ་བ་ཡིན་ནོ། །སྔོན་ཆད་ཐེག་པ་ཆེན་པོའི་བག་ཆགས་མེད་པའི་གང་ཟག་དག་ལ་ནི་སྡོམ་པ་དེ་མི་སྐྱེ་བ་ཉིད་ཀྱང་ཡིན་ནོ། །དེ་བས་རྩ་བ་ལས་སྐལ་བ་ཡོད་ཀྱི་གཞན་དུ་མིན་ཞེས་པ་ཡང་ལེགས་པར་སྨྲས་པར་འགྱུར་རོ། །དཀྱུས་ཉིད་ལ་འཇུག་པར་བྱ་སྟེ། སོ་སོར་ཐར་པའི་རིས་བདུན་དུ། །དེ་བཞིན་གཤེགས་པས་གསུངས་པ་ལ། །ཚངས་སྤྱོད་དཔལ་ནི་མཆོག་ཡིན་ཏེ། །དགེ་སློང་སྡོམ་པ་དག་ཏུ་བཞེད། །ཅེས་སྨྲས་ཏེ་རིས་བདུན་ལས་དགེ་སློང་གི་སྡོམ་པ་ནི་ཐུན་མོང་མ་ཡིན་ནོ་ཞེས་བདག་གིས་བསམས་སོ། །སྨྲས་པ་འདུལ་བའི་གཞུང་ཐམས་ཅད་དང་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་མཛད་པ་ཡེ་ཤེས་ལ་འཇུག་པ་ལ་སོགས་པ་དང༌། གཞན་དེ་དག་གིས་མཛད་པའི་བྱེ་བྲག་ཏུ་བཤད་མཛོད་ཆེན་པོ་དང༌། དེའི་དོན་གཅེས་སྤྲས་སུ་བྱ་བ་མདོར་བསྡུས་པ་མངོན་པ་མཛོད་དག་ཏུ་རིས་བརྒྱད་དུ་བཀོད་ལ་འདིར་བདུན་དུ་བཤད་པ་དེ་ཇི་ལྟ་བུ་སྨྲས་པ་བདེན་ཏེ། གཞུང་དེར་དེ་ལྟར་བཤད་མོད་ཀྱི་འོན་ཀྱང་འཕགས་པ་ཐོགས་མེད་ཀྱིས་རྣལ་འབྱོར་སྤྱོད་པའི་སའི་གཞུང་ཐམས་ཅད་དང༌། ཚུལ་ཁྲིམས་ཀྱི་ལེའུ་ལས་རིས་བདུན་དུ་བཀོད་དེ། འཕགས་པ་ཐོགས་མེད་ནི་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་ཅིངས་གསུམ་པའི་བྱང་ཆུབ་སེམས་དཔའ་ཡིན་པ་དང༌། འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད་ཆེན་པོ་ལས་ལུང་བསྟན་པས་ཇི་སྐད་དུ། ཐོགས་མེད་སྐྱེས་བུ་དམ་པ་དེས། །བསྟན་བཅོས་ཀྱི་ནི་དེ་ཉིད་རིག །ཅེས་པ་དང༌། ཡང་མགོན་པོ་མི་ཕམ་པ་ལ་མངོན་སུམ་དུ་སྡེ་སྣོད་མ་ལུས་པ་གསན་པ་ཡིན་པ་འདི་ལ་སུ་ཞིག་ཐེ་ཚོམ་ཟ། དེ་ལྟ་བུའི་སེམས་ཅན་ཆེན་པོ་དེ་ལ་ཡིད་སྡང་ཞིང་ཐེ་ཚོམ་ཟ་ན་རང་ཉིད་ཕུང་བར་ཟད་དོ། །རྗེ་བཙུན་བླ་མ་དཔལ་བྱང་ཆུབ་བཟང་པོས་ཀྱང་སྡོམ་པ་ཉི་ཤུ་པའི་འགྲེལ་པ་ལས། ཇི་སྐད་དུ། དེ་ལ་སྡོམ་པའི་ཚུལ་ཁྲིམས་ནི་སོ་སོར་ཐར་པའི་རིས་བདུན་གྱི་སྡོམ་པ་བླངས་པའོ། །དེ་ལ་དགེ་སློང་དང་དགེ་ཚུལ་དང༌། དགེ་


DTG111_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

སློང་མའི་རབ་ཏུ་དབྱེ་བས་རབ་ཏུ་བྱུང་བའི་ཕྱོགས་ནི་རྣམ་པ་ལྔའོ། །ཁྱིམ་པའི་ཕྱོགས་གཉིས་ཏེ། དགེ་བསྙེན་དང༌། དགེ་བསྙེན་མའི་དབྱེ་བས་སོ། །ཉིན་ཞག་གི་བསླབ་པ་ནི་དཀའ་བ་སྤྱོད་པ་མ་ཡིན་པ་དང༌། འདོད་པ་ལས་གཡེམ་པ་མ་ཡིན་པའི་ཕྱིར་དང༌། ཡུན་རིང་པོར་རྗེས་སུ་འབྲེལ་པའི་ཕྱིར་འདི་ནི་སོ་སོར་ཐར་པའི་རིས་སུ་མི་འོས་པས་མ་བསྟན་ཏོ་ཞེས་གསུངས་ཏེ། བླ་མ་དེ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་འདུལ་བ་འཛིན་པ་ཆེན་པོ་ཡིན་པ་དང༌། འཕགས་པ་ཀླུ་སྒྲུབ་དང་སློབ་དཔོན་ཤཱན་ཏ་དེ་བའི་གཅིག་ནས་གཅིག་ཏུ་བརྒྱུད་པའི་བཀའི་གདམས་པ་ཡོད་པའི་ཕྱིར་མཁས་པ་ཆེན་པོ་དེའི་རྗེས་སུ་འབྲང་བར་བྱའོ། །སོ་སོར་ཐར་པ་རིས་བདུན་པོ་དེ་དག་འདིར་ཅུང་ཞིག་བརྗོད་པར་བྱ་སྟེ། དགེ་བསྙེན་ནི་རྣམ་པ་གཉིས་ཏེ་འདོད་པས་ལོག་པར་གཡེམ་པ་སྤངས་པ་དང༌། རང་གི་ཆུང་མ་ཡང་སྤངས་པའོ། །དེ་གཉིས་ཀའི་ཐུན་མོང་གི་བསླབ་པ་ནི་འདི་ལྟ་སྟེ། རྩ་བའི་ལྟུང་བར་གྱུར་པ་བཞི་དང་ཆང་སྤངས་པའོ། །ཁ་ཅིག་ན་རེ་ལོག་པར་ལྟ་བ་སྤངས་པའོ་ཞེས་ཟེར་རོ། །དེ་ལ་ཆང་ནི་འདུལ་བ་འཛིན་པ་དག་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ནོ་ཞེས་འདོད་ལ། མངོན་པ་བདག་ནི་བཅས་པའི་ཁ་ན་མ་ཐོ་བ་ཞེས་ཟེར་རོ། །དེ་དག་གི་གཞུང་རྒྱས་པ་ནི་འདིར་གཞག་གོ །དེ་ལྟ་བུའི་བསླབ་པའི་གཞི་ལྔ་དང༌། དེ་དག་གི་ཕྱོགས་སུ་གཏོགས་པའི་བསླབ་པའི་གཞི་བཞི་བཅུ་རྩ་ལྔ་སྟེ། བསླབ་པ་ལྔ་བཅུ་དང་ལྡན་པའི་དགེ་བསྙེན་སྐྱོན་མེད་པ་དང༌། དེ་བཞིན་དུ་དགེ་ཚུལ་སྡོམ་པར་གྱུར་པ་འདི་ལྟ་སྟེ། བཤགས་བར་བྱ་བ་དང་བསྡམ་པར་བྱ་བ་དང་ཉེས་པ་མེད་པའོ། །དགེ་སློང་གི་བསླབ་པ་ནི་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ལས། ཉི་ཤུ་རྩ་བདུན་ནི་བཤགས་པར་བྱ་བར་འགྱུར་རོ། །ཉིས་བརྒྱ་བཅུ་གསུམ་ནི་བསྡམ་པར་བྱ་བར་འགྱུར་རོ། །བཅུ་གསུམ་ནི་ཉེས་པ་མེད་པར་འགྱུར་རོ། །བཅུ་གསུམ་མ་གཏོགས་པ་ལྷག་པ་ཉིས་བརྒྱ་བཞི་བཅུ་བསྲུང་བའི་ཁ་ན་མ་ཐོ་བ་མེད་པའི་དགེ་ཚུལ་ཚུལ་དང་ལྡན་ཞིང་རྣམ་པར་དག་པ་དང༌། དགེ་སློང་མ་ནི་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ལེགས་པར་བསྲུང་བ་སྟེ་དགེ་སློང་མ་རྣམ་པར་དག་པ་དང༌། དེ་བཞིན་དུ་དགེ་སློང་ཡང་ཇི་ལྟར་དམ་པའི་ཆོས་འདུལ་པའི་གཞུང་ལས་ཇི་སྐད་བཤད་


DTG111_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསླབ་པ་ཤིན་ཏུ་རྫོགས་པར་བྱ་པ་དང་དགེ་སློང་རྣམ་པར་དག་པ་དང༌། དེ་བཞིན་དུ་དགེ་སློང་མ་ཡང་བསླབ་པའི་གཞི་ལྔ་བརྒྱ་དང་ལྡན་ཞིང་རྣམ་པར་དག་པའོ། །དེ་དག་ཀྱང་སྡེ་པ་ཐ་དད་དེ། འདི་ལྟར་ཕལ་ཆེན་པའི་སྡེ་པ་དང༌། ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་དང༌། གནས་བརྟན་པའི་སྡེ་པ་དང༌། མང་པོས་བཀུར་བའི་སྡེ་པའོ། །དེ་དག་ཀྱང་བཅོ་བརྒྱད་དུ་གནས་ཏེ། འདི་ལྟར། ཤར་དང་ནུབ་དང་གངས་རི་དང༌། །འཇིག་རྟེན་འདས་པར་སྨྲ་བའི་སྡེ། །བཏགས་པར་ཡོད་པར་སྨྲ་བའི་སྡེ། །ལྔ་ཚན་དགེ་འདུན་ཕལ་ཆེན་པ། །བཞི་པ་དག་ནི་འོད་སྲུངས་པ། །ཆོས་སྲུང་སྡེ་དང་ས་སྟོན་སྡེ། །རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ། །མང་ཐོས་དགེ་འདུན་གོས་དམར་པོ། །གཙུག་ལག་ཁང་ཆེན་ལ་གནས་དང༌། །རྒྱལ་བེད་ཚལ་ན་གནས་པ་དང༌། །འཇིགས་མེད་རི་ལ་གནས་པ་ཡི། །གནས་བརྟན་པ་ཡི་སྡེ་པ་གསུམ། །སར་སྒྲོགས་རིས་པའི་སྡེ་པ་དང༌། །སྲུང་བ་པ་ཡི་སྡེ་པ་དང༌། །གནས་མའི་བུ་ཡི་སྡེ་པ་སྟེ། །མང་པོས་བཀུར་བའི་སྡེ་པ་གསུམ། །ཡང་གཞུང་ཁ་ཅིག་ལས་ནི་ཚུལ་དེ་ཉིད་ལས་བཏགས་པ་ཡོད་པར་སྨྲ་བའི་སྡེ་པ་དེ་ཐམས་ཅད་ཡོད་པར་སྦྱར་ལ། མང་པོས་བཀུར་བའི་སྡེ་པ་ལ་ནི་གནས་མའི་བུའི་སྡེ་པ་དང༌། ཀུ་རུ་ཀུ་ལའི་སྡེ་པ་དང། ས་སྒྲོགས་པའི་སྡེ་པ་ཡིན་ནོ་ཞེས་ཟེར་རོ། །ཡང་གཞུང་ཁ་ཅིག་ལས། འོད་སྲུངས་ཞེས་བྱ་ཆོས་སྲུང་བ། །ས་སྲུང་བ་དང་གཞི་ཀུན་ཡོད། །ཤར་ནུབ་གངས་རི་བཏགས་པར་སྨྲ། །རྣམ་པར་ཕྱེ་སྨྲ་འཇིག་རྟེན་འདས། །གོས་དམར་ཐོས་མང་སྲུང་བ་པ། །ཀུ་རུ་ཀུ་ལ་གནས་མའི་བུ། །རྒྱལ་བྱེད་པ་དང་འཇིགས་མེད་པ། །གཙུག་ལག་ཁང་པ་ཆེན་པོ་པའོ། །བཞི་དང་དྲུག་དང་ལྔ་དང་གསུམ། །ཐ་དད་རྣམ་པ་བཅོ་བརྒྱད་འདོད། །དེ་ལྟར་སྡེ་པ་བཅོ་བརྒྱད་དོ། །ཤཱཀྱ་སེང་གེའི་བསྟན་པ་ནི། །གནས་སོ་འགྲོ་བའི་བླ་མ་དེའི། །སྔོན་གྱི་ཕྲིན་ལས་དབང་གིས་ཡིན། །ཡུལ་དོན་སློབ་དཔོན་བྱེ་བྲག་དང༌། །ལྟ་བའི་བྱེ་བྲག་ཐ་དད་ཀྱི། །རྒྱུ་ཡིས་དེ་དག་ཐ་དད་བྱས། །སྟོན་པ་ཐ་དད་ཡོད་པ་མིན། །འདི་དག་གི་ལྟ་བ་དང༌། ཚུལ་ཁྲིམས་ཀྱི་རྣམ་པར་གཞག་པ་ནི་གཞུང་ཆེན་པོ་དེ་དང་དེར་བལྟ་བར་བྱའོ། །རྩ་བ་ཉིད་བཤད་པར་བྱ་སྟེ། ཚངས་སྤྱོད་ཅེས་བྱ་བ་ནི་ཆང་དང་བུད་


DTG111_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་ཡུལ་སྤངས་པའོ། །འདི་ལྟར་ཆང་གི་ཉེས་དམིགས་ཀྱང་ལུང་དེ་དང་དེ་དག་དང༌། མདོ་སྡེ་དེ་དང་དེར་བལྟ་བར་བྱའོ། །བུད་མེད་ཀྱི་ཉེས་དམིགས་ཀྱང་ཐེག་པ་ཆེན་པོ་དང་ཐེག་པ་ཆུང་བའི་མདོ་དང་ལུང་རྣམས་སུ་བལྟ་བར་བྱ་སྟེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་འཁྲིག་པ་བདུན་བསྟན་པ་ཞེས་བྱ་བ་ཐེག་པ་ཆུང་བའི་མདོ་ལས། བྲམ་ཟེ་འདི་ན་ཁ་ཅིག་བདག་ཚངས་པར་སྤྱོད་པར་ཁས་འཆེ་ཞིང༌། བུད་མེད་དང་གཉིས་ཀྱིས་གཉིས་སྤྲོད་པ་མེད་ཀྱང་བུད་མེད་ཀྱི་ལུས་ལ་མིག་གིས་བལྟས་ཏེ་དེའི་ཆ་བྱད་ལ་ཞེན་པ་དང༌། བུད་མེད་དང་ལྷན་ཅིག་རྩ་བ་དང༌། ཅ་ཅོ་འདོན་པ་ཉམས་སུ་ལེན་པ་དང༌། བུད་མེད་ཀྱི་བསྙེན་བཀུར་བྱེད་པ་ཉམས་སུ་ལེན་པ་དང༌། རྩིག་པས་ཆོད་པ་དང༌། ཡོལ་བས་ཆོད་པའི་བུད་མེད་ཀྱི་རྒྱན་དང༌། གླུ་དང་གར་དང་རོལ་མོའི་སྒྲ་ཉམས་སུ་ལེན་པ་དང༌། ཕ་རོལ་པོ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ལ་བལྟས་ནས་ཉམས་སུ་ལེན་པ་དང༌། ལྷ་ལ་སོགས་པའི་གནས་སུ་ཚངས་པར་སྤྱོད་པ་ཡོངས་སུ་བསྔོ་བ་ཡང་དེ་བཞིན་ཏེ། ཚངས་པར་སྤྱོད་པ་ཡོངས་སུ་མ་དག་པའོ་ཞེས་གསུངས་པ་དང༌། ཐེག་པ་ཆེན་པོའི་མདོ་ཆོས་བདུན་པ་ལས་ཀྱང༌། རྣམ་པར་རྟོག་པས་ཀྱང་འདོད་པ་ལ་བརྟེན་པར་མི་བྱ་ན། གང་དབང་པོ་གཉིས་ཀྱིས་སྦྱོར་བ་ལྟ་ཅི་སྨོས་ཞེས་གསུངས་སོ། །སྤྱིར་འདོད་པའི་ཉེས་དམིགས་ནི་རྒྱལ་པོ་ཤར་བའི་བུས་ཞུས་པ་དང༌། འདོད་པ་ལ་གདམས་པའི་མདོ་ལས་ཤེས་པར་བྱའོ། །དེ་བས་ན་ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པ་ལྟ་བུར་སྟོན་པ། དགེ་སྦྱོང་གི་རྟགས་དང་མཚན་མས་ང་རྒྱལ་དུ་བྱེད་པས་བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་པ་ཆོས་དང་མཐུན་པའི་སྒྲུབ་པ་དག་ལ་རབ་ཏུ་བྱུང་བའོ་སྙམ་དུ་བརྙས་པར་བྱེད་པ། ཚུལ་འཆོས་པ་ཆོམ་རྐུན་ལྟ་བུ་སྟེ། མདོ་ལས་ཆོམ་རྐུན་ཟའོ། །ཆོམ་རྐུན་འཐུང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟ་བུའི་སྡིག་པ་ཅན་དགེ་སློང་དང༌། དགེ་ཚུལ་གྱིས་ལྷ་དང་མིའི་མཆོད་རྟེན་དུ་གྱུར་པའི་ངུར་སྨྲིག་གི་གོས་དེ་གཟུང་བར་མི་བྱ་སྟེ། ཆོས་གོས་འབར་བ་དང་ལྷུང་བཟེད་འབར་བ་ཞེས་བཤད་དོ། །ཇི་སྐད་དུ་ཚུལ་ཁྲིམས་འཆལ་པ་ཚར་གཅོད་པའི་མདོ་


DTG111_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཚུལ་ཁྲིམས་འཆལ་པའི་དགེ་སློང་གིས་སྟོན་པའི་ངུར་སྨྲིག་གི་རྒྱལ་མཚན་སེ་གོལ་གཏོགས་བ་ཙམ་དུ་ཡང་བཅད་བར་མི་བྱའོ་ཞེས་གསུངས་པ་དང༌། འདིའི་ཉེས་དམིགས་ནི་འཕགས་པ་འོད་སྲུངས་ཀྱིས་ཞུས་པའི་མདོ་ལ་སོགས་པ་དེ་དང་དེར་བལྟ་བར་བྱའོ། །དེ་འདྲ་བའི་སྡིག་པ་ཅན་གྱི་དགེ་སྦྱོང་ལ་ཐེག་པ་ཆེན་པོའི་བསྟན་པ་དང༌། ལམ་ཆེན་པོ་དེ་ལ་གཞུག་པར་མི་བྱའོ་སྙམ་མོ། །དེ་ལྟ་བུའི་ཉེས་པས་མ་ཕོག་ཅིང་རྣམ་པར་དག་པ་ནི་ཚངས་སྤྱོད་ཅེས་བྱའོ། །དགེ་བསྙེན་དང་དགེ་ཚུལ་དང་དགེ་སློབ་མ་ལས་ཀྱང་ཕུལ་དུ་བྱུང་བས་ན་དགེ་སློང་སྡོམ་པ་དག་ཏུ་བཞེད་ཅེས་སྨྲས་ཏེ། དགེ་སློང་གི་སྡོམ་པ་རྣམ་པར་དག་པ་ནི་ཐེག་པ་ཆེན་པོའི་གཞི་ཕུལ་དུ་བྱུང་ཞིང་ཁྱད་པར་འཕགས་པ་ཡིན་ནོ་ཞེས་བཅོམ་ལྡན་འདས་དེ་ལྟར་བཞེད་དོ། །དགེ་སློང་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའོ། །དེ་ཡང་འདི་ལྟར་ལས་ནི་བཞི་སྟེ། གསོལ་བའི་ལས་དང༌། གསོལ་པ་དང༌། གཉིས་ཀྱི་ལས་དང༌། གསོལ་བ་དང༌། བཞིའི་ལས་དང༌། ལས་གསུམ་བརྗོད་པའི་ལས་སོ། །ལས་བཞི་པོ་དེ་དག་ཀྱང་གཞི་གཉིས་ལ་བརྟེན་ཏེ་སེམས་ཅན་དུ་བགྲང་བ་དང༌། སེམས་ཅན་མ་ཡིན་པར་བགྲང་བའོ། །དེལ་སེམས་ཅན་དུ་བགྲང་བའི་ལས་ནི་རབ་ཏུ་དབྱུང་བ་དང༌། བསྙན་པར་རྫོགས་པ་དང༌། གང་ཟག་ཡིད་མཐུན་པར་བྱ་བ་དང༌། ལྟུང་བ་ལས་བསླང་བ་དང༌། དགར་བ་དང༌། བསྐྲད་པ་དང༌། དབྱར་གནས་པར་ཁས་བླངས་པ་དང༌། ཞག་བདུན་དང༌། ཉི་ཤུ་དང༌། བཞི་བཅུར་བྱིན་གྱིས་བརླབ་པ་དང༌། སེམས་ཅན་ལ་ཕན་གདགས་པ་དང༌། ཆད་པས་གཅད་པའི་ལས་གང་ཡིན་པ་དེ་ནི་སེམས་ཅན་དུ་བགྲང་བ་གཞིའི་ལས་ཞེས་བྱའོ། །སེམས་ཅན་དུ་བགྲང་བ་མ་ཡིན་པའི་ལས་ནི་ཆོས་གོས་དང་ལྷུང་བཟེད་བྱིན་གྱིས་བརླབ་པ་དང༌། སྲ་བརྐྱང་བྱིན་གྱིས་བརླབ་པ་དང༌། ཆོས་གོས་རྣམས་ཀྱང་མི་དབུལ་བར་གཟུང་བ་དང༌། མཚམས་གཅད་པ་དང༌། ཁྱིམ་རུང་བར་ཡིད་མཐུན་པར་བྱ་བ་དང༌། དེ་ལྟ་བུ་དང་གཞིའི་ལས་གང་ཡིན་པ་དེ་ནི་སེམས་ཅན་བགྲང་བ་མ་ཡིན་པའི་ལས་སོ། །ལས་དེ་དག་ཀྱང་ཚོགས་གཉིས་ཀྱིས་བྱ་བ་དང༌། བཞིས་བྱ་བ་དང༌། ལྔས་བྱ་བ་དང༌། བཅུས་བྱ་བ་དང༌། ཉི་


DTG111_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཤུས་བྱ་བ་དང༌། ཚོགས་བཞི་བཅུས་བྱ་བ་དང༌། དགེ་འདུན་མཐུན་པས་བྱ་བའོ། །དེ་ལ་ཚོགས་གཉིས་ཀྱིས་བྱ་བའི་ལས་ནི་དགེ་སློང་གི་དགེ་འདུན་གྱི་མདུན་དུ་ལན་གསུམ་བརྗོད་པའི་བཤགས་པའི་ལས་ཀྱིས་ལྟུང་བྱེད་དམ། ཉེས་བྱས་ཀྱི་ཉེས་པ་འཆགས་པར་བྱེད་དོ། །བཞིས་བྱ་བ་ནི་ཉེས་པ་སྦོམ་པོ་བཞིའི་མདུན་དུ་བཤགས་པའོ། །བཅུས་བྱ་བ་ནི་ཡུལ་དབུས་སུ་བསྙེན་པར་རྫོགས་པའི་ལས་སོ། །ཚོགས་ལྔས་བྱ་བ་ནི་མཐའ་འཁོབ་ཏུ་བསྙེན་པར་རྫོགས་པའི་ལས་སོ། །ཚོགས་ཉི་ཤུས་བྱས་པའི་ལས་ནི་དགེ་འདུན་ལྷག་མ་ལས་དབྱུང་བའི་ལས་སོ། །བཞི་བཅུས་བྱ་བའི་ལས་ནི་དགེ་སློང་མ་བསྙེན་པར་རྫོགས་པར་བྱ་བའི་ལས་སོ། །དགེ་འདུན་མཐུན་པས་བྱས་པའི་ལས་ནི་མཚམས་ཀྱི་ལས་དང༌། གསོ་སྦྱོང་གི་ལས་དང༌། དགག་དབྱེ་དང་གཞན་དེ་ལྟ་བུ་དང་མཐུན་པའི་ལས་སོ། །ཐམས་ཅད་ཡོད་པར་སྨྲ་བའི་སྡེ་བའི་འདུལ་བ་འཛིན་པ་བཙུན་པ་ཆོས་སྐྱོབ་དང༌། བཙུན་པ་དབྱངས་སྒྲོགས་དང༌། བཙུན་པ་དབྱིག་བཤེས་དང༌། བཙུན་པ་སངས་རྒྱས་ལྷ་དང༌། བཙུན་པ་བསམ་རྫོགས་དང༌། མཁས་པ་ཆེན་པོ་ནོར་གྱི་རྩ་ལག་དང༌། གནས་བརྟན་ཡོན་ཏན་འོད་དང༌། བཙུན་པ་ཤཱཀྱ་འོད་ལ་སོགས་པ་དག་ན་རེ། རྣམ་པ་བཅུས་བསྙེན་བར་རྫོགས་ཏེ། རང་བྱུང་བས་ནི་སངས་རྒྱས་དང་རང་སངས་རྒྱས་སོ། །དེས་པར་འཇུག་པ་ནི་རྟེན་ལྔ་པའོ། །དགེ་སློང་ཚུར་ཤོག་ཅེས་པས་ནི་གྲགས་པ་ལ་སོགས་པའོ། །སྟོན་པར་ཁས་བླངས་པས་ནི་འོད་སྲུངས་ཆེན་པོ་ལ་སོགས་པའོ། །དྲི་བས་མཉེས་པ་ནི་ལེགས་སྦྱིན་ལ་སོགས་པའོ། །བླ་མའི་ཆོས་ཁས་བླངས་པ་ནི་སྐྱེ་དགུའི་བདག་མོ་ཆེན་མོའི། །ཕོ་ཉས་ནི་ཆོས་སྦྱིན་ནོ། །འདུལ་བ་འཛིན་པ་མ་གཏོགས་པ་ལྔས་ནི་མཐའ་འཁོབ་པའོ། །བཅུའི་ཚོགས་ཀྱིས་ནི་དབུས་ཀྱི་མི་རྣམས་ཏེ་སྐྱབས་སུ་འགྲོ་བ་ལན་གསུམ་བཟླས་པས་ནི་སྡེ་བཟང་དྲུག་ཅུའི་ཚོགས་བསྙེན་པར་རྫོགས་པར་བྱས་སོ་ཞེས་ཟེར་རོ། །དགེ་སློང་ནི་བཞི་སྟེ། མིང་གི་དགེ་སློང་དང༌། ཁས་འཆེ་བའི་དགེ་སློང་དང༌། སློང་བས་ན་དགེ་སློང་དང༌། ཉོན་མོངས་པ་འཇོམས་པའི་དགེ་སློང་ངོ༌། །དིང་སང་གི་དུས་ན་ཚུལ་ཁྲིམས་རྣམ་པར་དག་པའི་དགེ་སློང་ནི་ཤིན་ཏུ་དཀོན་ཏེ། སློབ་


DTG111_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཞི་བ་ལྷའི་ཞལ་ནས། བསྟན་རྩ་དགེ་སློང་ཉིད་ཡིན་ཏེ། །དགེ་སློང་ཉིད་ཀྱང་དཀའ་བར་གནས། །ཞེས་གསུངས་པས། དགེ་སློང་བསླབ་པ་ལ་རྨ་བྱུང་བ། ཉམས་པ་རལ་བ་ནག་ནོག་ཅན་དུ་གྱུར་པ་དང༌། ཞིག་པ་དང་མ་ཚང་བར་གྱུར་པའི་དགེ་སློང་བས་ནི་དགེ་བསྙེན་རྣམ་པར་དག་པ་ཐེག་པ་ཆེན་པོའི་སྣོད་དུ་བསྔགས་སོ་ཞེས་བླ་མ་དག་ཆེད་ཆེར་གསུང་ངོ༌། །ཡང་བཤད་པར་བྱ་སྟེ། སྡོམ་པ་ཞེས་བྱ་བ་ནི་འཆལ་པའི་ཚུལ་ཁྲིམས་ཀྱི་རྒྱུན་འགོག་ཅིང་སྡོམ་པའོ། །དེ་ཡང་འདི་ལྟར་གང་ལས་འཐོབ་པ་དང༌། ཇི་ལྟར་འཐོབ་པ་དང༌། སྡོམ་པ་བླང་བའི་དུས་དང༌། ཇི་ལྟར་བླང་བ་དང། ཇི་ལྟར་གཏོང་པ་དང༌། དེའི་རང་བཞིན་དང༌། ལྟུང་བ་འབྱུང་བའི་རྒྱུ་དང༌། ལྟུང་བ་མི་འབྱུང་བའི་རྒྱུ་དང༌། ལྟུང་བ་ལས་ལྡང་བའོ། །གང་ལས་འཐོབ་ཅེས་པ་ལ་སོགས་པའི་དོན་ནི་འདུལ་བ་འཛིན་པ་ལ་དྲི་བ་དང༌། གཞུང་དག་བལྟ་བར་བྱའོ། །ཇི་ལྟར་གཏོང་ཞེ་ན། སོ་སོར་ཐར་པའི་སྡོམ་པ་གཏོང་བའི་རྒྱུ་ནི་མང་སྟེ། མི་བརྡ་ཕྲད་པའི་དྲུང་དུ་བསླབ་པའི་གཞི་རྣམས་བསམ་པ་ཐག་པ་ནས་ཕུལ་བ་དང༌། རིས་མཐུན་པ་བཏང་བ་དང༌། ཕམ་པའི་ཉེས་པ་བྱུང་བ་དང༌། མཚན་གཉིས་དུས་གཅིག་ཏུ་བྱུང་བ་དང༌། དགེ་བའི་རྩ་བ་ཆད་པའོ། །ཅིའི་ཕྱིར་སྡོམ་པ་དེ་གཏོང་བའི་རྒྱུ་ཡིན་ཞེ་ན། ཡང་དག་པར་གཏང་བའི་སེམས་སྐྱེས་པ་དང༌། རྟེན་བོར་བ་དང༌། ལྟུང་བའི་རྒྱུ་གང་ཡང་རུང་བ་སྐྱེས་པ་དང༌། རྟེན་ཉམས་པ་དང༌། གཞི་ཆད་པའོ། །ཡང་འདུལ་བ་འཛིན་པ་ལ་ལ་ན་རེ། ལྟུང་བ་གཅིག་བྱུང་བས་ཐམས་ཅད་གཏོང་བར་འགྱུར་རོ་ཞེས་ཟེར་རོ། །ཁ་ཅིག་དམ་པའི་ཆོས་ནུབ་པའི་དུས་སུ་གཏོང་ངོ་ཞེས་སོ། །ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་དག་ནི་འདི་སྐད་དུ་ལྟུང་བ་གཅིག་བྱུང་བས་ལྷག་མ་མི་གཏོང་སྟེ། དེ་ལ་སྡོམ་པ་དང་སྡོམ་པ་མ་ཡིན་པ་གཉིས་ཀ་ཡོད་དེ། མི་ཞིག་ལ་ནོར་ཡང་ཡོད་ལ་བུ་ལོན་ཡང་ཆགས་པ་བཞིན་ནོ། །ལྟུང་བ་དེ་བཤགས་ན་དེ་ཚུལ་ཁྲིམས་དང་ལྡན་པ་ཡིན་གྱི། སྡོམ་པ་མེད་པ་ནི་མ་ཡིན་ནོ་ཞེས་ཟེར་རོ། །མཚན་གྱུར་པ་སྔོན་མེད་པའི་སྡོམ་པ་ཡང་མི་གཏོང་ལ། ཐོབ་ཟིན་པ་ཡང་གཏོང་བར་མི་འགྱུར་རོ། །དམ་པའི་ཆོས་ནུབ་པ་ན་ཡང་དེ་བཞིན་ནོ། །ཆོ་འཕོས་པས་གཏོང་བ་ཡང་ཡང་འདི་ལྟར་ལུས་མི་


DTG111_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བ་དང་དེར་སྦྱོར་བ་མ་བྱས་པ་དང༌། སྡོམ་པ་མི་དྲན་པའི་ཕྱིར་རོ། །དེ་དག་ནི་སློབ་དཔོན་ནོར་གྱི་རྩ་ལག་གི་རྗེས་སུ་འབྲངས་ནས་བཤད་པའོ། །གཞུང་དེ་མ་ཡིན་པའི་ལུགས་མང་དུ་ཡོད་མོད་ཀྱི་འདིར་གཞག་གོ །རང་བཞིན་ཡང་འདུལ་བའི་གཞུང་དག་དང༌། རང་རང་སྡེ་པའི་འདུལ་བ་འཛིན་པ་ལ་དྲི་བར་བྱའོ། །ལྟུང་བ་འབྱུང་བའི་རྒྱུ་ནི་གཉིས་ཏེ། བྱ་བ་མི་བྱེད་པ་དང༌། མི་བྱ་བ་བྱེད་པའོ། །ཡང་བཞི་སྟེ། མི་ཤེས་པ་དང༌། མ་གུས་པ་དང༌། བག་མེད་པ་དང༌། ཉོན་མོངས་པ་ཆེ་བའོ། །ལྟུང་བ་མི་འབྱུང་བའི་རྒྱུ་ནི་ལྔ་སྟེ། དབང་པོ་རྣམས་ཀྱི་སྒོ་བསྡམས་ཏེ། འདུག་པ་དང༌། ཟས་ཀྱི་ཚོད་རིག་པ་དང༌། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བ་རྣལ་འབྱོར་ལ་བརྩོན་པ་དང༌། ཤེས་བཞིན་དུ་སྤྱོད་པ་དང༌། དྲན་པ་དང་ལྡན་པ་དང༌། བག་ཡོད་པ་དང༌། ཁ་ན་མ་ཐོ་བ་ཆུང་ངུ་ལའང་འཇིགས་པར་བལྟ་བ་དང༌། ཚུལ་བཞིན་དུ་སེམས་པ་ནི་རྒྱུ་དང་པོའོ། །དགེ་སྦྱོང་གི་ཚུལ་ཤས་ཆེར་ལྟ་བ་དང༌། སྟོན་པ་དང༌། ཚངས་པ་མཚུངས་བར་སྤྱོད་པ་དང༌། བསྟན་པ་ལ་དགའ་བའི་ལྷ་དག་དང༌། སྐྱེ་བོ་མཁས་པ་དང༌། འཇིག་རྟེན་པ་དག་གིས་སྨད་པར་འགྱུར་རོ་སྙམ་པ་དང༌། བདག་ཉིད་ལ་བྱས་ནས་ངོ་ཚ་བ་དང༌། ཁྲེལ་ཡོད་པ་ནི་རྒྱུ་གཉིས་པའོ། །དོན་ཉུང་བ་བྱ་བ་ཉུང་བ། ལས་ཀྱི་མཐའ་ཉུང་བ་ནི་རྒྱུ་གསུམ་པའོ། །ཁྱིམ་པ་དང་རབ་ཏུ་བྱུང་བ་དང་མི་འདྲེ་བར་གནས་པ་དང་ལྟུང་བ་དང་ལྟུང་བ་མ་ཡིན་པ་ལ་མཁས་པ་དང་དགེ་བའི་ཕྱོགས་ལ་བརྩོན་པ་ནི་རྒྱུ་བཞི་པའོ། །ལས་དང་པོ་པ་དང་སྨྱོས་པ་དང་གཉིད་ལོག་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བས་ཉེན་པ་ནི་རྒྱུ་ལྔ་པའོ། །ལྟུང་བ་ལས་ལྡང་བ་ནི་གསུམ་སྟེ། འགྱོད་པ་ལྔ་བསྐྱེད་པ་དང༌། ཡན་ལག་ལྔས་བསྡུས་པའི་བག་ཡོད་པ་དང༌། རྣམ་པ་ལྔས་འགྱོད་པ་བསལ་པའོ། །ཡན་ལག་ལྔས་བསྡུས་པ་ནི་ཉན་ཐོས་ཀྱིས་རབ་ལྟ་བར་བྱའོ། །འགྱོད་པ་ལྔས་བསྐྱེད་པ་ནི་འདི་ན་ལ་ལ་དག་ལ་ལྟུང་བ་བྱུང་བ་ན་འདི་སྙམ་དུ་བདག་ཉིད་ལ་གཞི་འདིས་ཚུལ་ཁྲིམས་ཉམས་པར་འགྱུར་རོ་སྙམ་པ་དང༌། སྟོན་པ་དང་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་དག་གིས་སྨད་པར་འགྱུར་རོ་སྙམ་པ་དང༌། ལྷ་དག་གིས་སྨད་པར་འགྱུར་རོ་སྙམ་པ་དང༌། ཕྱོགས་དང་ཕྱོགས་མཚམས་


DTG111_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཏུ་སྡིག་པ་ཅན་གྱི་སྐྱེ་བོས་གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པ་མ་ཡིན་པ་བརྗོད་པར་འགྱུར་རོ་སྙམ་པ་དང༌། མི་དགེ་བའི་གཞི་འདིས་བདག་ལུས་ཞིག་ནས་ངན་སོང་དག་ཏུ་སྐྱེས་ན་མི་རུང་ངོ་སྙམ་འགྱོད་པ་སྐྱེས་པའོ། །རྣམ་པ་ལྔས་འགྱོད་པ་བསལ་བ་ནི་བཅོམ་ལྡན་འདས་ཀྱིས་གཞི་དང་བཅས། ངེས་པར་འབྱུང་བ་དང་བཅས་པའི་ཆོས་བསྟན་པས་ལྟུང་བ་ལས་ལྡང་བའི་ཐབས་ཡོད་དོ་སྙམ་པ་དང༌། མི་ཤེས་པ་དང་བག་མེད་པ་དང་མགུས་པ་དང་ཉོན་མོངས་པ་ཆེ་བ་དག་གིས་ལྟུང་བ་བྱུང་བ་མི་ཤེས་པ་ནས་བཞི་པོ་དེ་དག་སྐྱེས་སོ་སྙམ་པ་དང༌། ལྟུང་བ་ལ་ལྟུང་བ་མི་འབྱུང་བར་བྱ་བའི་ཕྱིར་ལྷག་པའི་བསམ་པ་ཐག་པ་ནས་སེམས་བསྐྱེད་དོ་སྙམ་པ་དང༌། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་དག་གི་མདུན་དུ་ལེགས་པར་བཤགས་པ་ཟིན་ཏོ་སྙམ་པ་དང༌། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་རབ་ཏུ་བྱུང་ནས་བསླབ་པ་དང་འགལ་ན་འགྱོད་པ་བྱེད་པ་དེ་ནི་ཡང་དག་པ་དང་ལེགས་པ་མ་ཡིན་གྱི། བདག་བཅོམ་ལྡན་འདས་ཀྱིས་འགྱོད་པའི་རྒྱུན་སྒྲིབ་པའི་གནས་རྣམ་གྲངས་དུ་མར་སྨད་པ། བར་དུ་གཅོད་པའི་ཆོས་གང་ཡིན་པ་དེས་མང་དུ་གནས་ཤིང་དང་དུ་ལེན་པར་བྱེད་ལ། སེལ་བར་མི་བྱེད་ལ་མི་སེལ་བ་གང་ཡིན་པ་དེ་ནི་བདག་དགེ་བ་དང་ལེགས་པ་མ་ཡིན་ནོ་སྙམ་ནས་འགྱོད་པ་སེལ་བའོ། །ཡང་ན་སྡེ་པ་སོ་སོའི་རང་རང་གི་འདུལ་བ་ལས་འབྱུང་བའི་ཐབས་ཀྱིས་བཤགས་པར་བྱའོ། །ཡང་ན་བདག་གིས་བྱས་པའི་ལྟུང་བ་བཤགས་པའི་ཆོ་ག་རྒྱས་པའི་ཐབས་དེས་བཤགས་པར་བྱའོ། །ཟླ་བ་བྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་ཞིང་གསོ་སྦྱོང་ལ་རབ་ཏུ་བརྩོན་པར་བྱའོ། །དགེ་སློང་འདུལ་བའི་བསླབ་པ་ལ་དེ་ལྟར་བརྩོན་པ་ནི་ལྟུང་བ་ལ་མཁས་པ་ཡིན། ལྟུང་བ་ལས་ངེས་པར་འབྱུང་བ་ལ་མཁས་པ་ཡིན། བདག་ཉིད་དག་པ་དང༌། གཙང་བ་དང༌། དྲི་མ་མེད་པ་དང༌། ཁ་ན་མ་ཐོ་བ་མེད་པས་འགྱོད་པ་མེད་དེ་དེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ལེགས་པར་གསུངས་པའི་ཆོས་འདུལ་བའི་ཚུལ་ཁྲིམས་ཉམས་པ་དང་ཞིག་པ་དང་རལ་བ་དང༌། ནག་ནོག་ཅན་དང་མི་གཙང་བ་མེད་ཅིང་ལེགས་པར་བསྲུང་བ་དང༌། སྦྱངས་པའི་ཡོན་ཏན་བཅུ་གཉིས་དང༌། དགེ་སྦྱོང་གི་རྒྱན་བཅུ་བདུན་གྱིས་བརྒྱན་ནས་གནས་


DTG111_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་དགེ་སློང་ཡང་དག་པ་ཡིན་ནོ་སྙམ་དུ་བསམས་ནས། ཚངས་སྤྱོད་དཔལ་དང་ལྡན་པ་ཡི། །དགེ་སློང་སྡོམ་པ་དག་ཏུ་བཞེད། །ཅེས་སྨྲས་སོ། །དེས་ན་མགོན་པོ་མི་ཕམ་པའི་ཞལ་ནས། ལྟུང་བ་འབྱུང་དང་ལྡན་པ་དང༌། །ངེས་པར་འབྱུང་དང་གང་ཟག་དང༌། །བཅས་པ་དང་ནི་རབ་དབྱེ་བས། །རྣམ་པར་དེས་ཕྱིར་འདུལ་བའི་ཆོས། །ཞེས་མདོ་སྡེ་རྒྱན་ལས་གསུངས་སོ། །ཉན་ཐོས་ཀྱི་ཐེག་པའི་སྐབས་རྫོགས་སོ། །།འདི་ལྟར་སོ་སོར་ཐར་པའི་སྡོམ་པ་ཙམ། སྨོན་པའི་སེམས་བསྐྱེད་པ་ཙམ་གྱིས་ཆོ་ག་ཅིང་དེ་ཙམ་ལ་ལྟོས་པར་མི་བྱ་སྟེ། འཕགས་པ་དཀོན་མཆོག་སྤྲིན་ལས་རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བསླབ་པའི་སྡོམ་པས་བསྡམས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་སྤྱོད་དེ། སོ་སོར་ཐར་པའི་སྡོམ་པ་ཙམ་གྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཀྱི། དེ་བཞིན་གཤེགས་པས་གང་འདི་མདོ་སྡེ་དེ་དང་དེ་དག་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང༌། བྱང་ཆུབ་སེམས་དཔའི་བསླབ་པའི་གནས་བཅས་པ་དེ་དག་ལ་བདག་གིས་བསླབ་པར་བྱའོ་ཞེས་གསུངས་པས་ན། འདིར་ཡང་བྱང་ཆུབ་སེམས་དཔའི་བསླབ་པ་རྒྱ་ཆེན་པོ་ལ་བསླབ་པར་བྱ་བའི་ཕྱིར་བདག་གིས་བླ་མའི་རྗེས་སུ་བསྟན་པ་དང༌། ཐེག་པ་ཆེན་པོའི་མདོ་སྡེའི་རྗེས་སུ་འབྲངས་ནས་བཤད་པར་བྱའོ། །དེ་ལྟར་ཐེག་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་རྟེན་བསྟན་ནས། ད་ནི་ཤིང་རྟ་ཆེན་པོའི་ལམ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའི་ས་དག་གི །ཚུལ་ཁྲིམས་ལེའུ་གསུངས་ཆོ་ག་ཡིས། །ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའི་ས་ནི་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་བཀོད་པའི་བསྟན་བཅོས་སོ། །དེ་ལས་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ལས་སོ། །དེ་ཡང་དགུ་ཡིན་ཏེ། ངོ་བོ་ཉིད་དང་ཐམས་ཅད་དང༌། །དཀའ་བ་དང་ནི་སྒོ་ཀུན་དང༌། །སྐྱེས་བུ་དམ་པ་ཉིད་དང་ནི། །རྣམ་ཀུན་དང་ནི་ཕོངས་ཤིང་འདོད། འདི་དང་གཞན་དུ་བདེ་འགྱུར་དང༌། །རྣམ་པར་དག་པའི་ཚུལ་ཁྲིམས་སོ། །དེ་དག་གི་ནང་ནས་ཀྱང་ངོ་བོ་ཉིད་ཐམས་ཅད་ཀྱི་ཚུལ་ཁྲིམས་ལས་


DTG111_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ་ཞེས་བྱའོ། །ཇི་ལྟར་གསུངས་ཤེ་ན། ཚུལ་ཁྲིམས་ཀྱི་ལེའུ་ལས་གསུངས་པའི་ཆོ་གས་བྱའོ། །ཆོ་ག་དེ་ཡང་ཇི་ལྟ་ཞེ་ན། ཡང་དག་མཚན་ཉིད་ལྡན་པ་ཡི། །བླ་མ་བཟང་ལས་སྡོམ་པ་བླང༌། །ཞེས་སྨྲས་སོ། །ཡང་དག་པའི་མཚན་ཉིད་བཟང་པོ་དེ་དང་ལྡན་པའི་བླ་མ་བཟང་པོ་དེ་ཡང་གང་ཞེ་ན། སྡོམ་པའི་ཆོ་ག་ལ་མཁས་དང༌། །བདག་ཉིད་གང་ཞིག་སྡོམ་ལ་གནས། །སྡོམ་པ་འབོགས་བཟོད་སྙིང་རྗེ་ལྡན། །བླ་མ་བཟང་པོར་ཤེས་པར་བྱ། །ཞེས་བྱ་བ་དེ་ཡིན་ནོ། །དེ་ལ་སྡོམ་པའི་ཆོ་ག་ལ་མཁས་བ་ཞེས་པ་ནི་དེ་ལ་མཁས་ཤིང་བྱང་བའོ། །སྡོམ་ལ་གནས་ཞེས་པ་ནི་བླ་མའི་ཚུལ་ཁྲིམས་ཉམས་པ་དང་ཞིག་པ་མེད་ཅིང་གཙང་བའོ། །བཟོད་ཅེས་པ་ནི་ནུས་པ་དང་ལྡན་པ་སྟེ་སྡོམ་པ་འབོགས་པ་ལ་རག་མ་ལས་པར་ཆས་པའོ། །སྙིང་རྗེ་ལྡན་ཞེས་པ་ནི་སློབ་མ་ལ་བུའི་འདུ་ཤེས་དང༌། གཞན་གྱི་སྡུག་བསྔལ་སེམས་མི་བཟོད་པའོ། །བླ་མ་ཞེས་བྱ་བ་ནི་བླ་མར་བྱ་བའི་གནས་སུ་གྱུར་པ་ཉིད་ལ་ནོད་པར་བྱའི་གཞན་ལས་ནི་མ་ཡིན་ཏེ། གུས་པས་བླ་མར་འཛིན་པ་དང༌། དེའི་རྗེས་སུ་སློབ་མའི་ངང་ཚུལ་ཅན་དང༌། དེས་བསྟན་པའི་དོན་ལ་གུས་པ་ཆེན་པོ་བྱེད་པའི་ཕྱིར་རོ། །ཡང་བླ་མ་དེ་ཕུན་སུམ་ཚོགས་པ་བཞི་དང་ལྡན་པ་ཡིན་ཏེ། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང༌། ཡོན་ཏན་ཕུན་སུམ་ཚོགས་པ་དང༌། བསམ་པ་ཕུན་སུམ་ཚོགས་པ་དང༌། སྦྱོར་བ་ཕུན་སུམ་ཚོགས་པའོ། །དེ་ལ་བདག་ཉིད་གང་ཞིག་སྡོམ་པ་གང་ལ་གནས་ཞེས་པས་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་བསྟན་ཏོ། །སྡོམ་པའི་ཆོ་ག་ལ་མཁས་དང། །སྡོམ་པ་འབོགས་པ་བཟོད་ཅེས་པས་ནི་ཡོན་ཏན་ཕུན་སུམ་ཚོགས་པ་བསྟན་ཏོ། །ཡང་བཤད་པ། སྡོམ་ལ་གནས་ཞེས་པ་ནི་བླ་མ་དེས་སྡོམ་པ་བཏང་བ་དང༌། ཚུལ་ཁྲིམས་འཆལ་པ་དང༌། ཆོས་མཐུན་པ་མ་ཡིན་པ་ལས་སྡོམ་པ་མི་འཐོབ་བོ། །ཆོ་ག་ལ་མཁས་ཞེས་པ་ནི་ཆོ་ག་ལ་མཁས་པ་ལས་གནོད་པར་བྱའི་ཆོ་ག་མི་ཤེས་པ་ལས་ནི་དེ་ཉིད་ཆོ་ག་ཉམས་པས་སྡོམ་པ་མི་འཐོབ་པོ། །འབོགས་བཟོད་ཅེས་པ་ནི་རབ་ཏུ་དགའ་བའི་ཡིད་ཀྱིས་ཚུལ་འདི་ལྟ་བུ་ལ་འཇུག་པ་ནི་ལེགས་སོ། །བདག་གིས་ཐེ་ཚོམ་མེད་པར་སྡོམ་པ་སྦྱིན་པར་བྱའོ་སྙམ་དུ་སྡོམ་པ་སྟེང་བར་ནུས་


DTG111_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །སྙིང་རྗེར་ལྡན་ཞེས་པས་ནི་བསམ་པ་ཕུན་སུམ་ཚོགས་པ་དང༌། སྦྱོར་བ་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ལ་བསམ་པ་ཕུན་སུམ་ཚོགས་པ་ནི་དད་པ་ཉིད། བསམ་པ་ཐག་པ་ནས་བྱེད་པ་ཉིད་དང༌། མ་ཆགས་བ་དང་སྙིང་རྗེ་དང་ལྡན་པ་ཉིད་དེ། བླ་མ་གུས་པ་དང། འདོད་པ་ཆུང་བ་དང༌། ཆོ་ག་ཤེས་པ་དང༌། ཟང་ཟིང་ལྷུར་མི་ལེན་པ་དང༌། སྐྱོ་བ་མེད་པ་དང༌། ཕ་རོལ་གྱི་ཉེས་པ་བཟོད་པ་དང༌། ཁྲོ་བ་དང་ཁོན་དུ་འཛིན་པ་མེད་པའོ། །སྦྱོར་བ་ཕུན་སུམ་ཚོགས་པ་ནི་དགེ་བའི་ཆོས་ཕྱིར་ཞིང་སྤེལ་བ་དང༌། གུས་ཤིང་འཇུག་པ་དང༌། བསླབ་པའི་གཞི་རྣམས་ལ་མ་རྨོངས་པར་བྱེད་པ་དང༌། སྤྲོ་བ་དང་ལེ་ལོ་མི་བྱེད་པ་དང༌། འདོད་པའི་བདེ་བ་དང༌། འདུ་འཛི་དག་ལ་མི་དགའ་བ་དང༌། སེམས་རྣམ་པར་མ་གཡེངས་པའོ། །དེ་ལྟ་བུའི་བླ་མ་ལས་སྡོམ་པ་བླངས་ན་ཚུལ་ཁྲིམས་ཀྱི་བསླབ་པ་འཕེལ་བར་འགྱུར་རོ། །དེ་ལྟ་བུ་ནི། ཡང་དག་མཚན་ཉིད་ལྡན་པ་ཡི། །བླ་མ་བཟང་ལས་སྡོམ་བ་བླང༌། །ཞེས་བདག་གིས་བསམས་སོ། །དེ་ཡང༌། སྡོམ་པ་ལེན་པའི་ཆོ་ག་དང༌། །གྲངས་དང་སྡོམ་བ་གཏོང་བའི་རྒྱུ། །མི་གཏོང་རྒྱུ་དང་ལྡན་པ་དང༌། །ཚུལ་ཁྲིམས་ཀྱི་ནི་ཕན་ཡོན་ཡིན། །ཞེས་པ་ནི་བསྡུས་པའོ། །འདིར་སྔོན་གྱི་མཁས་པ་ཆེན་པོ་དུ་མའི་ལུགས་ཡོད་མོད་ཀྱི་འོན་ཀྱང་སྐྱེ་བོ་ཆེན་པོའི་ཆོས་ལུགས་ཤིང་རྟ་ཆེན་པོའི་ལམ་ཆེན་པོ་ཡིན་པས། སློབ་དཔོན་ཐོགས་མེད་ཀྱི་ལུགས་དང༌། རྗེ་བཙུན་ཞི་བ་ལྷའི་ལུགས་གཉིས་བཤད་པར་བྱའོ། །སྡོམ་པ་ལེན་པའི་ཆོ་ག་ནི་སློབ་དཔོན་ཐོགས་མེད་ཀྱིས་ཚུལ་ཁྲིམས་ཀྱི་ལེའུར་རྒྱས་པར་མཛད་པ་དང༌། ཡང་ན་བདག་གིས་བྱས་པའི་ཆོ་གར་བལྟ་བར་བྱའོ། །སློབ་དཔོན་མེད་པའི་ཆོ་ག་ཡང་ཚུལ་ཁྲིམས་ཀྱི་ལེའུ་དེ་ཉིད་ན་རྒྱས་སོ། །བདག་གིས་བྱས་པའི་ཆོ་ག་དེ་ནི་འཕགས་པ་ཐོགས་མེད་ཀྱི་རྗེས་སུ་འབྲངས་བའི་ཡིན་ནོ། །སློབ་དཔོན་ཞི་བའི་ལྷས་ནི་ཆོ་ག་འདི་སྤྱོད་པ་ལ་འཇུག་པར་ཡང་མཛད་མོད་ཀྱི། བསླབ་པ་ཀུན་ལས་བཏུས་པར་རྒྱས་པར་མཛད་དོ། །སློབ་དཔོན་མེད་པའི་ཆོ་ག་ཡང་དེ་ཉིད་དུ་གསལ་བར་མཛད་དོ། །འདིར་བདག་གིས། དེ་ལ་འབད་པ་འདི་འདྲ་བའི། །བླ་མ་གལ་ཏེ་མ་རྙེད་ན། །གཞན་


DTG111_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྡོམ་པ་ནོད་པ་ཡི། །ཆོ་ག་ཡང་དག་བཤད་པར་བྱ། །དེ་ལ་སྔོན་ཚེ་འཇམ་པའི་དབྱངས། །ཞེས་བྱ་བ་ནས། མི་དགེ་བའི་ལས་རྣམས་མི་བྱའོ། །ཞེས་པའི་བར་འདིར་བླ་མ་མེད་པའི་ཆོ་གར་བཀོད་དེ། ཨཾ་བ་རཱ་ཛའི་ཆོ་ག་འདི་ནི་བླ་མ་ཡོད་པ་དང༌། བླ་མ་མེད་པ་གཉིས་ཀའི་ཆོ་གའི་ཚིག་ཡིན་ནོ་ཞེས་བླ་མ་དག་གསུང་བས་འདིར་བླ་མ་མེད་པའི་ཆོ་གར་བཀོད་དོ། །བསླབ་པ་ཀུན་ལས་བཏུས་པར་ནི་འདིས་བླ་མ་ལས་བླངས་པའི་ཆོ་གར་གསུངས་མོད་ཀྱི། འོན་ཀྱང་བདག་ནི་ལུགས་དེ་གཉིས་ཀའི་རྗེས་སུ་འབྲང་བས་ན་བླ་མ་ལས་བླངས་པའི་ཆོ་ག་ཚུལ་ཁྲིམས་ཀྱི་ལེའུ་ལ་བརྟེན་ཞིང་བཀོད་ལ། བླ་ན་མེད་པའི་ཆོ་ག་ནི་བསླབ་པ་ཀུན་ལས་བཏུས་པ་ལ་བརྟེན་ཞིང་བཀོད་པ་ཡིན་ནོ། །ཚུལ་ཁྲིམས་ཀྱི་རྣམ་གྲངས་ནི་འཕགས་པ་ཐོགས་མེད་ཀྱི་མདོ་སྡེ་མ་ལུས་པ་ངོ་བོ་ཉིད་ལ་སོགས་པའི་ཚུལ་ཁྲིམས་དགུར་བསྡུས་ཏེ། ཚུལ་ཁྲིམས་ཀྱི་ལེའུ་དེ་ཉིད་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ནི་དེ་ཙམ་དུ་ཟད་དོ། །ཚུལ་ཁྲིམས་ཀྱི་བྱ་བ་ཡང་དེ་ཙམ་དུ་ཟད་དོ། །ཚུལ་ཁྲིམས་ཀྱི་ཕན་ཡོན་ཡང་དེ་ཙམ་དུ་ཟད་དོ། །དེ་ལས་གོང་ན་ཡང་མེད་དོ། །དེ་ལས་ལྷག་པ་ཡང་མེད་དོ་ཞེས་གསུངས་སོ། །སློབ་དཔོན་ཞི་བའི་ལྷས་ནི་མདོ་སྡེ་མ་ལུས་པ་གང་ཟག་གསུམ་གྱི་བསླབ་པ་མཛད་དེ། འདི་ལྟར་ཐེག་པ་ཆེན་པོ་ལ་གོམས་པ་ཆེ་བ་དང༌། གོམས་པ་འབྲིང་དང༌། གོམས་པ་ཆུང་བའོ། །གོམས་པ་ཆེ་བའི་དབང་དུ་མཛད་ནས་བསླབ་པ་ཀུན་ལས་བཏུས་པ་ནས། བྱང་ཆུབ་སེམས་དཔའི་སྡོམ་པ་ནི། །རྒྱས་པར་ཐེག་པ་ཆེ་ལས་འབྱུང། །ཞེས་འབྱུང་བ་དང༌། སྤྱོད་འཇུག་ལས་ཀྱང༌། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པ། །འགའ་ཡང་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །བླ་མ་དཔལ་བྱང་ཆུབ་བཟང་པོའི་ཞལ་ནས་ཀྱང༌། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞི་རྣམས་དངོས་སུ་བྱུང་བ་འདི་དག་ནི་མདོར་བསྡུས་པ་སྟེ། གཞན་ཡང་བྱང་ཆུབ་སེམས་དཔའ་དག་གི་བསླབ་པ་ནི་དཔག་ཏུ་མེད་ཅིང་མཐར་ཐུག་པ་མེད་པའི་ཕྱིར། དེ་དང་དེ་དག་ཏུ་བསྟན་པའི་རྗེས་སུ་འབྲངས་ནས་ཉེས་པར་འགྱུར་བ་དང༌། ཉེས་པར་མི་འགྱུར་བ་དག་རིག་པར་བྱའོ་ཞེས་གསུངས་


DTG111_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ལ་གོམས་པ་འབྲིང་པོའི་དབང་དུ་མཛད་ནས་ཡང་བསླབ་པ་ཀུན་ལས་བཏུས་པ་ནས་གང་གིས་ལྟུང་བར་མི་འགྱུར་བའི། གནད་ཀྱི་གནས་རྣམས་འདིས་རིག་བྱ། །བདག་གི་ལུས་དང་ལོངས་སྤྱོད་དང༌། །དུས་གསུམ་སྐྱེས་པའི་དགེ་བ་རྣམས། །སེམས་ཅན་ཀུན་ལ་བཏང་བ་དང༌། །དེ་བསྲུང་དག་པ་སྤེལ་བའོ། །ཞེས་གསུངས་སོ། །གོམས་པ་ཆུང་བའི་དབང་དུ་མཛད་ན་ཡང་དེ་ཉིད་ལས་དེ་བས་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་སྤྱན་སྔར་བསླབ་པ་རྣམས་ཀྱི་ནང་ནས་བསླབ་པ་གང་ཡང་རུང་བསྲུང་བར་འདོད་ནས་ཡི་དམ་བཅའ་བར་བྱེད་དོ། །དགེ་བའི་བཤེས་གཉེན་མེད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱན་སྔར་རང་གི་ནུས་པ་དང་སྦྱར་ནས་སྡོམ་པ་འཛིན་ནོ། །དེ་བས་ན་རང་གི་ནུས་པ་དང་སྦྱར་ནས་བསླབ་པ་གཅིག་ཙམ་ཡང་ཡང་དག་པར་བླངས་ལ་བསྲུང་བར་བྱའོ་ཞེས་གསུངས་སོ། །དེ་ལ་སྡོམ་པ་གཏོང་བའི་རྒྱུ་ནི་འཕགས་པ་ཐོགས་མེད་ཀྱི་ལུགས་ཀྱིས་ནི་འདི་ལྟར་བྱང་ཆུབ་ཆེན་པོར་སྨོན་ལམ་བཏབ་པ་བཏང་བ་དང༌། ཀུན་ནས་དཀྲིས་པ་ཆེན་པོས་ཕམ་པ་བྱུང་བའོ། །དེ་ལ་སྔ་མ་ནི་སེམས་ཅན་གྱི་དོན་ལ་སྐྱོ་བ་དང༌། བྱང་ཆུབ་ཐག་རིང་བར་སེམས་པ་དང༌། ཉན་ཐོས་དང་རང་སངས་རྒྱས་དང་ཕྱིར་རོལ་པར་སྨོན་པ་སྐྱེས་པའོ། །དེ་ལ་ཕྱི་མ་ཡང་ངོ་ཚ་བ་དང་ཁྲེལ་ཡོད་པར་གྱུར་ཅིང་དེ་ལ་འགྱོད་པ་མེད་པར་སེམས་ཀྱིས་བཏང་བ་དང༌། མི་བརྡ་ཕྲད་པའི་དྲུང་དུ་བསླབ་པའི་གཞི་ཕུལ་བའོ། །སློབ་དཔོན་ཞི་བ་ལྷའི་ལུགས་ནི་བསླབ་པ་ཀུན་ལས་བཏུས་པའི་བདུད་ཀྱི་ལས་གནོད་པ་དང༌། དམ་པའི་ཆོས་མི་འཛིན་པའི་གནོད་པ་ལ་སོགས་པ་བཅུ་བཞི་པོ་རྣམས་མི་སྤོང་བ་དང༌། ཡང་ན་དྲན་པ་ཉམས་པ་དང་ལེ་ལོ་དང་བག་མེད་པ་དང་ལྟུང་བ་ལ་མི་མཁས་པ་དང་ངོ་ཚ་མེད་པ་དང་ཁྲེལ་མེད་པའོ། །བླ་མའི་ཞལ་ནས་ནི་བསླབ་པའི་གཞི་རྣམས་ལ་མི་མཁས་པ་དང༌། དྲན་པ་མེད་པ་དང་འཁྲུལ་པ་དང་མ་གུས་པའོ་ཞེས་སྡོམ་པ་ཉི་ཤུ་པའི་འགྲེལ་པ་ལས་གསུངས་སོ། །དེ་ལ་ལྟུང་བ་མི་འབྱུང་བའི་རྒྱུ་ནི། འཕགས་པ་ཐོགས་མེད་ཀྱི་ལུགས་ནི་འདི་ལྟར་ཤེས་བཞིན་དང་དྲན་པ་དང༌། བརྩོན་འགྲུས་དང༌། བག་ཡོད་པ་དང༌། ཉེས་པ་དང་ཉེས་པ་མེད་པ་ཤེས་པ་


DTG111_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དང། ངོ་ཚ་བ་དང་ཁྲེལ་ཡོད་པའོ། །སློབ་དཔོན་ཞི་བའི་ལྷའི་ཡང་དེ་དག་ཐུན་མོང་བ་ཉིད་ལས་གནོད་པ་བཅུ་བཞིས་སེལ་ཞིང་སྤོང་བའོ། །སླར་གསོ་བ་དང༌། ཐོག་མ་ཉིད་ནས་འགལ་བར་མི་བྱེད་པ་ནི་འགྱོད་པ་མེད་པ་ཡིན་ནོ། །ཉེས་པ་ལ་ཉེས་པར་མཐོང་ན་སྲབ་པར་བྱེད་ལ། དེ་ཉིད་མཐོལ་ཞིང་བཤགས་ན་བྱང་བར་འགྱུར་རོ་ཞེས་ཀྱང་བླ་མ་དག་གསུང་ངོ༌། །འཕགས་པ་ཐོགས་མེད་ཀྱི་ལུགས་ཀྱིས་ནི་འདི་ལྟར། ལྟུང་བ་ལས་ལྡང་བ་ནི་ཚུལ་ཁྲིམས་ཀྱི་ལེའུ་ལས་གལ་ཏེ་སློབ་དཔོན་དུ་རུང་བའི་གང་ཟག་མེད་ན་ཞེས་བྱ་བ་ལ་སོགས་པ་དང༌། ཡང་ཀུན་ནས་དཀྲིས་པ་ཆེན་པོའི་ཕམ་པ་བྱུང་ན། དེས་དགེ་འདུན་གྱི་མདུན་དུ་བཤགས་ལ་སྡོམ་པ་སླར་མནོད་པར་བྱའོ། །ཉེས་བྱས་ནི་ཉན་ཐོས་སམ། ཐེག་པ་ཆེན་པོ་གང་ཡང་རུང་བ་ལ་བཤགས་སོ། །སློབ་དཔོན་ཞི་བའི་ལྷས་ནི་བསླབ་པ་ཀུན་ལས་བཏུས་པར། རྫོགས་སངས་རྒྱས་ཀྱིས་གསུངས་ཚུལ་དུ། །འབད་པ་མེད་ན་ངན་སོང་འགྲོ། །ཞེས་པའི་སྐབས་སུ། འཕགས་པ་ཆོས་བཞི་པའི་མདོའི་དོན་བཤད་པའི་སྐབས་ན་གསལ་བར་བཀོད་དོ། །ཚུལ་ཁྲིམས་ཀྱི་ཕན་ཡོན་ནི་ཇི་སྐད་དུ་ཚུལ་ཁྲིམས་ཀྱི་ལེའུ་ལས་དེ་ལྟར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཆེན་པོ་འདི་ནི་བྱང་ཆུབ་ཆེན་པོའི་འབྲས་བུ་བསྐྱེད་པ་སྟེ། འདི་ལ་བརྟེན་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ནས་མངོན་པར་འཚང་རྒྱའོ། །ཇི་སྲིད་སངས་མ་རྒྱས་ཀྱི་བར་དུ་ཡང་ཕན་ཡོན་ལྔ་ཐོབ་པར་འགྱུར་ཏེ་སངས་རྒྱས་ཀྱིས་དགོངས་པར་འགྱུར་བ་དང༌། མཆོག་ཏུ་དགའ་བ་ཆེན་པོ་ལ་གནས་བཞིན་དུ་འཆི་བའི་དུས་བྱེད་པ་དང༌། ཚེ་ཕྱི་མ་ལ་ཡང་ཆོས་མཐུན་པའི་དགེ་བའི་བཤེས་གཉེན་གནས་པ་དེར་སྐྱེ་བ་དང༌། ཚེ་འདི་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱེད་པའི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་དང་ལྡན་པར་འགྱུར་བ་དང༌། ཚེ་ཕྱི་མ་ཡང་རང་འཁྲུངས་ཀྱི་ཚུལ་ཁྲིམས་དེ་དང་དེ་ཉིད་འཐོབ་པར་འགྱུར་རོ་ཞེས་གསུངས་སོ། །བསླབ་པ་ཀུན་ལས་བཏུས་པ་ནས་ཀྱང་འདི་སྐད་དུ། དེང་སང་གི་དུས་ན་བསླབ་པ་བསྲུང་བ་ནི་ཤིན་ཏུ་ཕན་ཡོན་ཆེ་བས་དེ་ལ་བརྩོན་པར་རིགས་སོ་ཞེས་གསུངས་ཏེ། དེ་ཡང་འཕགས་པ་


DTG111_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པའི་བསམ་པ་བསྐུལ་བ་དང༌། རབ་ཏུ་ཞི་བ་ཆོ་འཕྲུལ་དང༌། ཟླ་བ་སྒྲོན་མ་དང༌། དཀོན་མཆོག་སྤྲིན་གྱི་མདོ་རྣམས་དེར་བཀོད་པ་ཡིན་ནོ། །བླ་མའི་ཞེས་ནས་ཀྱང་དེ་ལྟར་ན་འདི་ནི་དེའི་མོད་ལ་ངན་སོང་དུ་འགྲོ་བ་རྣམ་བཅད་ཅིང་སྐྱེ་བར་འགྱུར་བ་མ་ཡིན་ནོ་ཞེས་པ་དང༌། ཡང་དེ་ནི་ངན་སོང་དུ་སྐྱེ་བ་མ་ཡིན་ལ། བརྒྱལ་སྐྱེས་ན་ཡང་སྡུག་བསྔལ་དྲག་པོ་མི་མྱོང་བ་དང༌། མྱུར་དུ་ཐར་བ་དང༌། དེར་གནས་པ་ན་ཡང་གཞན་ཡོངས་སུ་སྨིན་པར་བྱེད་དོ་ཞེས་སྡོམ་པ་ཉི་ཤུ་པའི་འགྲེལ་པ་ལས་གསུངས་སོ། །སྡོམ་པ་ཡང་དག་པར་བླངས་པ་དེ་ལ་ཕན་ཡོན་གཞན་ཡོད་དེ། འཕགས་པ་ཙན་དྲ་གོ་མིའི་ཞལ་ནས། དེ་ཚེ་དེ་ལ་དགེ་བའི་ཕྱིར། །སངས་རྒྱས་སྲས་དང་བཅས་རྣམས་ཀྱིས། །དགེ་བའི་ཐུགས་ཀྱིས་རྟག་པར་ཡང༌། །བུ་སྡུག་འདྲ་བར་དགོངས་པར་འགྱུར། །ཞེས་གསུངས་པ་དང༌། ཡང་སློབ་དཔོན་ཞི་བ་ལྟའི་ཞལ་ནས་ཀྱང༌། དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་གྱུར་ཏོ། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ཞེས་གསུངས་པས། སྡོམ་པ་བླངས་པའི་བྱང་ཆུབ་སེམས་དཔའ་དེས་ཚུལ་ཁྲིམས་བསྲུང་ཞིང་སྤེལ་དགོས་པས། རང་གི་ལུས་ངག་སེམས་ནི་རྣམ་དག་རྒྱུ། །འཇུག་པའི་སེམས་ཀྱིས་བདག་ཉིད་སྡོམ་གནས་པས། །ཞེས་སྨྲས་ཏེ། རང་གི་ལུས་ངག་སེམས་ནི་རྣམ་དག་རྒྱུ་མེད་དེ། །ཞེས་བྱ་བ་ནི་ཇི་སྐད་དུ་དེ་བཞིན་གཤེགས་པའི་སྙིང་རྗེའི་མདོ་ལས། ལུས་གཙང་བྱེད་དང༌། ངག་གཙང་བྱེད་དང༌། ཡིད་གཙང་བྱེད་དོ་ཞེས་གསུངས་པས་སྡོམ་པའི་ཚུལ་ཁྲིམས་ཀྱིས་ལུས་དང་ངག་གཉིས་དག་པར་བྱེད་ལ། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་ཀྱིས་སེམས་དག་པར་བྱེད་དོ། །ཡང་ན་ཚུལ་ཁྲིམས་རེ་རེས་ཀྱང་ལུས་ལ་སོགས་པ་གསུམ་ཀ་དག་པར་བྱེད་དོ། །ཡང་ན་སྲོག་གཅོད་པ་ལ་སོགས་པ་བདུན་སྤངས་པས་ནི་ལུས་དང་ངག་དག་པར་བྱེད་ལ། བརྣབ་སེམས་ལ་སོགས་པ་གསུམ་སྤངས་པས་ནི་སེམས་དག་པར་བྱེད་དོ། །གཞན་ཡང་དོན་འདི་ལ་དགོངས་ནས་མིའམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པའི་མདོ་ལས། ཆགས་


DTG111_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ཞེས་སྡང་དང་གཏི་མུག་དང་བྲལ་བས་ལུས་ཡོངས་སུ་དག་པའི་ཚུལ་ཁྲིམས་དང༌། བདག་གི་ལྷ་དཀོན་མཆོག་གསུམ་ལ་མི་སླུ་བའི་མཚན་ཉིད་ཀྱིས་ངག་ཡོངས་སུ་དག་པའི་ཚུལ་ཁྲིམས་དང༌། བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བ་མེད་པས་སེམས་ཡོངས་སུ་དག་པའི་ཚུལ་ཁྲིམས་དང་ཞེས་གསུངས་སོ། །དེ་ལྟ་བུ་ཡིན་པས་ན་ཚུལ་ཁྲིམས་ཀྱི་བསླབ་པ་ལ་ལེགས་པར་སློབ་པར་ཡང་འགྱུར་ཞིང༌། དེ་ལ་གོམས་པའི་སྟོབས་ཀྱིས་ཚུལ་ཁྲིམས་དེ་ལ་དགའ་བ་དང་སྤྲོ་བ་དང་འདོད་པ་དང་དེ་ལ་བརྩོན་པ་དང་གུས་པ་ཆེར་འགྱུར་རོ་ཞེས་བསམས་ནས་སྨྲ་བ་ནི། ཚུལ་ཁྲིམས་བསླབ་པ་གསུམ་ལ་ལེགས་བསླབས་ནས། །ཚུལ་ཁྲིམས་བསླབ་པ་གསུམ་ལ་གུས་ཆེར་འགྱུར། །ཞེས་བྱ་བ་ཡིན་ནོ། །ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་ནི་སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་སོ།། དེ་ལ་སྡོམ་པའི་ཚུལ་ཁྲིམས་ནི་བཅས་པའི་ཁ་ན་མ་ཐོབ་སྲུང་བའི་སོ་སོར་ཐར་པའི་རིས་བདུན་གྱི་སྡོམ་པ་དང༌། རང་བཞིན་གྱི་ཁ་ན་མ་ཐོ་བ་སྲུང་བའི་མི་དགེ་བ་བཅུ་བསྲུང་བའོ། །དེ་ལ་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི་སྡོམ་པ་ཡང་དག་པར་བླངས་པའི་འོག་ཏུ་གང་ཅུང་ཟད་ལུས་དང་དག་དང་ཡིད་ཀྱིས་བྱང་ཆུབ་ཀྱི་ཕྱིར་དགེ་བ་བསགས་པ་སྟེ། དེ་ཡང་ཁྱད་པར་དུ་ཐོས་པ་དང་བསམ་པ་དང་བསྒོམ་པ་རྣམས་ལ་གཅིག་ཏུ་དགའ་བས་མངོན་པར་སྦྱོར་བའོ། །དེ་བཞིན་དུ་དུས་སུ་བླ་མ་རྣམས་ལ་གསོང་པོར་སྨྲ་བ་དང༌། ཕྱག་བྱ་བ་དང༌། ལྡང་བ་དང༌། ཐལ་མོ་སྦྱོར་བ་དང་ཞེས་དང་བཅས་པས་ཀུན་དུ་སྤྱོད་པ་དང༌། བསྙེན་བཀུར་བྱེད་པ་དང༌། ཡོན་ཏན་དང་ལྡན་པའི་བསྔགས་པ་བརྗོད་པ་དང༌། བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དང༌། གཞན་གྱིས་བརྙས་པ་ལ་བཟོད་པ་དང༌། དགེ་བ་ཐམས་ཅད་བྱང་ཆུབ་ཏུ་བསྔོ་བ་དང༌། དུས་དུས་སུ་ཡང་དག་པའི་སྨོན་ལམ་དག་སྣ་ཚོགས་པ་འདེབས་པ་དང༌། མཆོད་པའི་རྣམ་པ་རྒྱ་ཆེན་པོས་དཀོན་མཆོག་གསུམ་ལ་མཆོད་པར་བྱེད་པ་དང༌། དགེ་བ་ལ་བརྩོན་འགྲུས་བྱེད་པ་དང༌། བག་མེད་པ་སྤངས་པ་དང༌། དྲན་པ་དང་ཤེས་བཞིན་དང་ལྡན་པས་བསླབ་པའི་གཞི་རྣམས་བསྲུང་བ་དང༌། དབང་པོའི་


DTG111_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་བསྡམས་པ་དང༌། ཟས་ཀྱི་ཚོད་རིག་པ་དང༌། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྗེས་སུ་བརྩོན་པ་དང༌། སྐྱེས་བུ་དམ་པ་ལ་བརྟེན་པ་དང༌། ཉེས་པ་དག་ཤེས་ཤིང་མཐོང་ནས་སྤང་བ་དང༌། ཉེས་པ་ཆོས་བཞིན་དུ་འཆགས་པ་དང༌། དེ་ལྟ་བུའི་ཕྱོགས་དང་མཐུན་པའི་དགེ་བའི་ཆོས་རྣམས་སྲུང་བ་དང་སྤེལ་བ་སྟེ། དེ་ལྟར་ན་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ལ་གནས་ན་དགེ་བའི་ཆོས་ཀྱི་ཚུལ་ཤིན་ཏུ་བསྡུས་པར་འགྱུར་ཏེ། འདི་འདོད་པའི་ལོངས་སྤྱོད་ལ་ལྟ་བ་ཅུང་ཟད་ཙམ་ཡང་དང་དུ་ལེན་པར་མི་བྱེད་ན་མང་པོ་ལྟ་ཅི་སྨོས། ཕ་རོལ་ཏུ་ཕྱིན་པ་བཅུ་དང༌། བསྡུ་པའི་དངོས་པོ་བཞི་དང༌། ཚད་མེད་པ་བཞི་སྟེ། བྱང་ཆུབ་ཀྱི་སེམས་བཅུའི་བདག་ཉིད་ཡིན་ནོ། །སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་ནི་འདི་ལ་སེམས་ཅན་གྱི་དོན་བྱ་བ་ཡིན་ཏེ། ནད་ལ་སོགས་པའི་སྡུག་བསྔལ་ཅན་རྣམས་ལ་ནད་གཡོག་ལ་སོགས་པའི་གྲོགས་བྱེད་པ་ཡིན་ནོ། །ལོང་བ་དག་གི་ལོང་ཁྲིད་དང༌། འོན་པ་དག་ལ་ལག་བརྡས་སྟོན་པ་དང༌། རྐང་ལག་མེད་པ་དག་ཁུར་བ་དང༌། འདོད་པའི་འདུན་པ་ཅན་དག་གི་དེ་སེལ་བ་དང༌། གཞན་གྱིས་སྨ་ཕབ་ཅིང་ཕམ་པ་རྣམས་དེ་དག་གི་སྡུག་བསྔལ་སེལ་བ་དང༌། ལམ་གྱིས་ངལ་བ་དག་ལ་བཟའ་བ་དང༌། བཏུང་བ་དང༌། གོས་དང༌། ཁང་པ་དག་གིས་ཕན་འདོགས་སོ། །གསོ་པའི་རིག་པས་ནད་པ་དག་ལ་ཟང་ཟིང་མེད་པའི་སེམས་ཀྱིས་མི་སྐྱོ་བར་ཕན་འདོགས་སོ། །མདོར་ན་སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་སེལ་བ་དང༌། དེ་བསལ་བར་སེམས་བསྐྱེད་པ་དང༌། དགེ་བ་ཐམས་ཅད་གཞན་གྱི་དོན་དུ་བསྔོ་བའོ། །འདི་དག་གི་དོན་རྒྱས་པར་ཚུལ་ཁྲིམས་ཀྱི་ལེའུ་རུ་བལྟ་བར་བྱའོ། །དེ་ལྟ་བུ་ཚུལ་ཁྲིམས་ཀྱི་སྡོམ་པ་རྣམ་པ་གསུམ་ནི་བསོད་ནམས་ཀྱི་ཚོགས་ཡིན་པས་ཚོགས་དེ་རྫོགས་པར་བྱའོ་སྙམ་དུ་བསམས་ནས། དེ་བས་རྣམ་དག་རྫོགས་བྱང་ཆུབ། །སེམས་དཔའི་སྡོམ་པའི་སྡོམ་དག་ནི། །འབད་པ་བྱས་པས་རྫོགས་བྱང་ཆུབ། །ཚོགས་ནི་ཡོངས་སུ་རྫོགས་པར་འགྱུར། །ཞེས་བྱ་བ་འདི་ཡིན་ནོ། །དེ་བས་ན་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་ཅིང་དེའི་རྒྱུ་བསོད་ནམས་རྫོགས་པར་འདོད་ན་བྱང་ཆུབ་སེམས་


DTG111_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་སྡོམ་པ་འབད་པ་དང་རྩོལ་བ་བྱས་པས་བསོད་ནམས་ཀྱི་ཚོགས་རྫོགས་པར་འགྱུར་རོ་ཞེས་ཤེས་པར་བྱའོ། །སྡོམ་པའི་སྡོམ་དག་ནི་ཞེས་བ་ནི་འཕགས་པ་ཐོགས་མེད་ཀྱི་ལུགས་ལ་གནས་པའི་བྱང་ཆུབ་སེམས་དཔའི་སྡོམ་པ་དང༌། སློབ་དཔོན་ཞི་བའི་ལྷའི་ལུགས་ལ་གནས་པའི་བྱང་ཆུབ་སེམས་དཔའི་སྡོམ་པའོ། །དེ་ལྟ་བུའི་ཤིང་རྟ་ཆེན་པོའི་ལམ་གཉིས་ལ་གནས་ནས་འབད་པ་དང༌། བརྩོན་པར་བྱས་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པར་བྱས་ཏེ། མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་རོ་ཞེས་བླ་མ་དག་གསུངས་པ་ཡིན་ནོ། །བླ་མའི་ཞལ་ནས་དེ་ལྟ་བུའི་ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་ནི་ཡང་དག་པར་བླངས་པ་དང༌། རྗེས་སུ་བསྲུངས་པས་བདག་དང་གཞན་གྱི་དོན་དང༌། ཕན་པ་དང་བདེ་བར་འགྱུར་པའི་ཕྱིར་དགེ་བའོ། །བྱང་ཆུབ་སེམས་དཔའི་བསླབ་པ་དཔག་ཏུ་མེད་པ་བསྡུས་པའི་ཕྱིར་དཔག་ཏུ་མེད་པའོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་མངོན་པར་བསྒྲུབ་པའི་ཕྱིར་ཕན་འདོགས་པའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་ལེན་པར་བྱེད་པའི་ཕྱིར་འབྲས་བུ་ཆེ་བར་རིག་པར་བྱའོ་ཞེས་སྡོམ་པ་ཉི་ཤུ་པའི་འགྲེལ་པ་ལས་གསུངས་སོ། །དེ་ལྟར་བླ་མ་དམ་པ་ལས་བསླབ་པ་དེ་ལྟ་བུ་ལེགས་པར་བསླངས་ཤིང༌། ཆོས་དང་མཐུན་པར་བསྲུང་བའི་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་ལམ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པར་འདོད་པ་དེ་ནི། ཚེ་རབས་སྔ་མའི་བག་ཆགས་བཟང་པོ་ཡོད་པ་ཡིན་ཏེ། མགོན་པོ་བྱམས་པས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། སྣོད་གྱུར་རྣམ་པར་སྨིན་བརྗོད་དང༌། །དེ་ཡི་དབང་གིས་སྟོབས་དང་ནི། །འདོད་དང་འཕེལ་དང་རྣམ་དག་སྟེ། །འབྲས་བུ་རྣམས་ནི་གོ་རིམས་བཞིན། །ཞེས་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་སྔོན་གྱི་སྐྱེ་བ་དག་ཏུ་དགེ་བ་ལ་གོམས་པར་བསླབས་པས་ཚེ་འདིར་དེའི་སྣོད་དུ་གྱུར་པ་ནི་རྣམ་པར་སྨིན་པའི་འབྲས་བུའོ། །དེ་རྣམས་འདིར་བྱས་པའི་སྟོབས་ཅན་དུ་གྱུར་པ་ནི་བདག་པོའི་འབྲས་བུའོ། །དེ་ཉིད་ལ་ཕྱིར་ཞིང་འདུན་པ་ནི་རྒྱུ་མཐུན་པའི་འབྲས་བུའོ། །འདིར་བསླབ་པ་དག་མངོན་པར་འཕེལ་


DTG111_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་སྐྱེས་བུ་བྱེད་པའི་འབྲས་བུའོ། །དེའི་སྒྲིབ་པའི་དྲི་མ་རྣམས་དང་བྲལ་བ་ནི་བྲལ་བའི་འབྲས་བུའོ། །འདིར་བདག་པོའི་འབྲས་བུ་མ་གཏོགས་པ་བཞི་ནི་རིས་མཐུན་པའི་འབྲས་བུར་བགྲང་གི་འདི་ཉིད་ལ་རྫོགས་པ་ནི་མ་ཡིན་ནོ་ཞེས་བླ་མ་མཁས་པ་ཆེན་པོ་ཤཱན་ཏི་པས་གསུངས་སོ། །སློབ་དཔོན་མཁས་པ་ཆེན་པོ་ནོར་གྱི་རྩ་ལག་གི་ཞལ་ནས་ཀྱང་བྱང་ཆུབ་སེམས་དཔས་བྱང་ཆུབ་ཏུ་སེམས་བསྐྱེད་ཕན་ཆད་ཚེ་རབས་ཚེ་རབས་སུ། བདེ་འགྲོ་རིགས་མཐོ་སྐྱེ་དབང་ཚང༌། །ཕོར་གྱུར་ཚེ་རབས་དྲན་མི་ལྡོག །བྱང་ཆུབ་སེམས་དཔའ་སེམས་ཅན་ལ་ཕན་པའི་དོན་དུ་སྡུག་བསྔལ་ལ་མི་སྐྱོ་བའོ། །འཇིག་རྟེན་ན་ཟོང་གིས་མ་ཉོས་པའི་བྲན་ནི་བྱང་ཆུབ་སེམས་དཔའ་དེ་ཡིན་པས། བདག་ཉིད་ཆེན་པོ་དེ་ལ་འབྱོར་པའི་མཆོག་ཁྱད་པར་ཅན་ཡོད་ཀྱང་དེས་ང་རྒྱལ་དང་ཁེངས་པར་མི་འགྱུར་བར་སྙིང་རྗེས་གཞན་གྱི་དབང་དུ་གྱུར་བས་བདག་ཉིད་སེམས་ཅན་ཐམས་ཅད་ཀྱི་དྲུང་ན་ཁྱི་ལྟ་བུ་དང༌། བྲན་ལྟ་བུ་དང༌། གདོལ་པ་ལྟ་བུར་ང་རྒྱལ་བཅག་ནས་གནས་པ་སྟེ། གཞན་གྱིས་བརྙས་པ་དང་གནོད་པར་བྱས་ཀྱང་བཟོད་ཅིང༌། ངལ་བ་དང་བརྣགས་པ་ཐམས་ཅད་ཉམས་སུ་ལེན་པ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟ་བུའི་གང་ཟག་ནི་ཐེག་པ་ཆེན་པོ་པ་ཡིན་པར་ཤེས་སོ། །གཞན་ཡང་ཚེ་རབས་ཚེ་རབས་སུ་བྱང་ཆུབ་ཀྱི་སེམས་མ་ཉམས་པའི་རྟགས་ནི་མདོ་ལས་ཇི་སྐད་དུ་དེ་ངན་སོང་གསུམ་སྤངས་པ་ཡིན། །ཡུལ་མཐའ་འཁོབ་སྤངས་པ་ཡིན། སྐྱེས་བུ་དམ་པ་ཡོད་པའི་ས་ཕྱོགས་སུ་སྐྱེ་བ་དང། རིགས་མཐོན་པོར་སྐྱེ་བ་ཡིན། གཟུགས་བཟང་བ་ཡིན། ཤེས་རབ་ཆེ་བ་ཡིན། ནད་མེད་པ་ཡིན། སྙིང་རྗེ་དང་ལྡན་པ་ཡིན་ནོ་ཞེས་གསུངས་སོ། །གཞན་ཡང་དེ་མི་ཁོམ་པ་བརྒྱད་སྤངས་ཤིང༌། ཁོམ་པའི་ཡོན་ཏན་བཅུ་དང་ལྡན་པ་ཡིན་ནོ། །གཞན་ཡང་རྟགས་ནི་དེ་རང་བཞིན་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་ཡིན་ཏེ། མདོ་ལས་དེ་མ་བསྟན་པའི་སྦྱིན་པ་ཅན་ཡིན་ཞེས་པ་ནས། དེ་མ་བསྟན་པའི་ཤེས་རབ་ཅན་ཡིན་ཞེས་པའི་བར་དང་ལྡན་པ་ཡིན་ནོ་ཞེས་གསུངས་སོ་།གཞན་ཡང་སློབ་དཔོན་ཟླ་གྲགས་ཀྱི་ཞལ་ནས། སོ་སོ་སྐྱེ་བོའི་དུས་ན་སྟོང་ཉིད་


DTG111_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས། །ནང་གི་དགའ་བ་ཡང་དང་ཡང་དུ་འབྱུང༌། །དགའ་བ་ལས་བྱུང་མིག་ནི་མཆི་མས་གང༌། །ལུས་ཀྱི་སྤུ་ལྡང་བ་ཡང་སྐྱེ་བར་འགྱུར། །གང་ཡིན་དེ་ལ་བྱང་ཆུབ་ས་བོན་ཡོད། །དོན་དམ་བདེན་པ་དེ་ལ་བསྟན་པར་བྱ། །དེར་རྟོགས་པ་ཡི་ཡོན་ཏན་དེ་ལས་འབྱུང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སློབ་དཔོན་ནོར་གྱི་རྩ་ལག་གི་ཞལ་ནས་ཀྱང་བཤད་དེ། ཐར་པའི་ཆ་དང་མཐུན་པ་ནི། གང་ལ་བདག་མེད་པའི་གཏམ་དང་འཁོར་བའི་ཉེས་དམིགས་དང༌། མྱ་ངན་ལས་འདས་པའི་ཡོན་ཏན་གྱི་གཏམ་བརྗོད་པ་ཐོས་ན་མཆི་མ་འཁྲུག་པ་དང༌། སྤུ་ཟིང་བྱེད་པ་དེ་ལ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཡོད་པར་ཤེས་པར་བྱ་སྟེ། དབྱར་མྱུ་གུ་སྐྱེ་བ་ལས་ན་ས་གཞིའི་གསེབ་ན་དེའི་ས་བོན་ཡོད་པར་ཤེས་པ་བཞིན་ནོ་ཞེས་གསུངས་སོ། །དེ་ལྟར་ན་འཕགས་པ་ལང་ཀར་གཤེགས་པ་ལས། དུ་བ་ལས་ནི་མེར་ཤེས་ཤིང། །ཆུ་སྐྱར་ལས་ནི་ཆུ་བཞིན་དུ། །བློ་ལྡན་བྱང་ཆུབ་སེམས་དཔའ་ཡི། །རིགས་ནི་མཚན་མ་རྣམས་ལས་ཤེས། །ཞེས་གསུངས་སོ། །དེ་ལྟར་སྡོམ་པ་སྲུང་བའི་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དེས་དུས་ཐམས་ཅད་དུ་ལུས་དང་གནས་དང་ལོངས་སྤྱོད་ཐམས་ཅད་དང་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ཤེས་པར་བྱ་སྟེ། རྨི་ལམ་ལྟ་བུའི་དཀོན་མཆོག་གསུམ་ལ་རྨི་ལམ་ལྟ་བུའི་སྲི་ཞུ་བྱ་བ་དང༌། རྨི་ལམ་ལྟ་བུའི་འཁོར་བ་ལ་སྐྱོ་བར་བྱ་བ་དང༌། རྨི་ལམ་ལྟ་བུའི་སེམས་ཅན་ལ་རྨི་ལམ་ལྟ་བུའི་སེམས་ཀྱིས་སྙིང་རྗེ་བྱ་བ་དང། རྨི་ལམ་ལྟ་བུའི་སེམས་ཅན་མགུ་བར་བྱ་བའོ། །སེམས་ཅན་ཐམས་ཅད་ཇོ་བོར་ཡིད་ལ་བྱ་བ་དང༌། སྐྱེ་བ་མེད་པ་ཡིད་ལ་བྱ་བ་དང༌། བྱང་ཆུབ་ཀྱི་སེམས་ཡིད་ལ་བྱ་བ་དང༌། འཆི་བ་ཡིད་ལ་བྱ་བ་དང༌། ཚུལ་ཁྲིམས་ཡིད་ལ་བྱ་བ་དང༌། དངོས་པོ་ཐམས་ཅད་ལ་མ་ཆགས་པའི་ཡིད་ལ་བྱ་བ་དང༌། དྲན་པ་དང༌། ཤེས་བཞིན་དང༌། བག་ཡོད་པ་དང༌། ཚུལ་བཞིན་དུ་སེམས་པ་ཡིད་ལ་བྱའོ། །གཞན་ཡང་ལས་དང་པོ་པ་དེས་དུས་ཐམས་ཅད་དུ་ཐབས་ལ་མཁས་པར་བྱའོ། །འདི་ལྟར་བདག་གི་སྡིག་པ་གཞན་གྱི་སྡིག་ཕར་བྱས་ཏེ་འཆགས་པ་


DTG111_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

དང། གཞན་གྱི་སྡིག་པ་བདག་གི་སྡིག་པར་བྱས་ཏེ་འཆགས་པ་དང༌། བདག་གི་དགེ་བའི་རྩ་བ་གཞན་གྱི་དགེ་བའི་རྩ་བར་བྱེད་པ་དང་གཞན་གྱི་དགེ་བའི་རྩ་བ་བདག་གིར་བྱེད་པ་དང༌། བདག་གི་བདེ་བ་གཞན་གྱི་བདེ་བར་བྱེད་པ་དང༌། གཞན་གྱི་སྡུག་བསྔལ་བདག་གིར་བྱེད་པ་དང༌། བདག་གི་སྡུག་བསྔལ་གྱིས་གཞན་གྱི་སྡུག་བསྔལ་བསལ་བ་དང༌། གཞན་དག་བདེ་བ་མཐོང་བ་དང་ཐོས་པ་ན་དེ་ལ་ཡིད་དགའ་བ་དང༌། གཞན་དག་སྡུག་བསྔལ་ལ་ཐོས་སམ་མཐོང་ན། མ་ལ་བདག་གིས་ནམ་ཞིག་ན་འདི་དག་སྡུག་བསྔལ་ལས་ཐར་བར་བྱ་སྙམ་དུ་ཡིད་གདུང་བ་དང༌། འཇིག་རྟེན་གྱི་ཆོས་ལ་སེམས་བཏང་བ་དང༌། གཞན་གྱི་རྙེད་པ་དང་བཀུར་སྟི་དང༌། གྲགས་པ་སྙན་པ་ལ་ཕྲག་དོག་མི་བྱ་བ་དང༌། བདག་ནི་འདི་ལྟར་རིགས་དང༌། གཟུགས་དང༌། འཁོར་དང་ཡོ་བྱད་དང༌། རིག་པའི་གནས་ལྔ་དང༌། རྙེད་པ་དང༌། བཀུར་སྟི་དང༌། གྲགས་པ་སྙན་པ་དང་ལྡན་པ་ཡིན་ནོ་ཞེས་ང་རྒྱལ་དང་ཁེངས་པ་མེད་ཅིང་གཞན་དམན་པ་དག་ལ་བརྙས་པར་མི་བྱ་བ་དང༌། བདག་གི་དགེ་བའི་རྩ་བ་དེ་གཞན་དང་ཐུན་མོང་དུ་བྱས་ནས་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་དང༌། གཞན་གྱི་དགེ་བའི་རྩ་བ་དེ་ཡང་པ་དག་དང་ཐུན་མོང་དུ་བྱས་ནས་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་དང༌། བདག་གི་སྡིག་པ་ཡང་གཞན་གྱི་སྡིག་པ་དང་ཐུན་མོང་དུ་བྱས་ནས་སོ་སོར་བཤགས་པ་དང༌། གཞན་གྱི་སྡིག་པ་ཡང་བདག་དང་ཐུན་མོང་དུ་བྱས་ནས་སོ་སོར་བཤགས་པའོ། །གཞན་ཡང་དེ་ཀུན་དུ་སྤྱོད་པ་ཕྱིན་ཅི་མ་ལོག་པ་ཡིན་ཏེ། འཕགས་པ་དཀོན་མཆོག་སྤྲིན་ལས། དེ་ཟ་ན། དེ་འཐུང་ན། དེ་འགྲོ་ན། དེ་ཉལ་ན། དེ་གློ་གཡས་པས་ཉལ་ན་ཞེས་བྱ་བ་ལ་སོགས་པ་སྟེ་མདོ་དེ་ཉིད་དུ་བལྟ་བར་བྱའོ། །གཞན་ཡང་དེ་དམ་བཅའ་བ་ཕྱིན་ཅི་མ་ལོག་པ་ཡིན་ཏེ། སྔོན་གྱི་རྒྱལ་པོ་ནམ་མཁས་འདི་སྐད་དུ། དི་རིང་ཕན་ཆད་ནམ་དུ་ཡང༌། །བདག་ལ་འདོད་ཆགས་སེམས་བྱུང་ན། །ཕྱོགས་བཅུ་དག་ན་བཞུགས་པ་ཡི། །སངས་རྒྱས་ཐམས་ཅད་བསླུས་པར་འགྱུར། །ཐ་བའི་སེམས་དང་གནོད་སེམས་དང༌། །ཕྲག་དོག་དང་ནི་སེར་སྣ་དང༌། །དི་རིང་ཕན་ཆད་མི་


DTG111_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཚངས་པར་སྤྱོད་ལ་གནས་བགྱི་ཞིང༌། །སྡིག་པ་འདོད་པ་ཡོངས་སུ་སྤང༌། །ཚུལ་ཁྲིམས་སྡོམ་དང་དེས་པ་ལ། །སངས་རྒྱས་རྗེས་སུ་བསླབ་པར་བྱ། །ཞེས་གསུངས་པ་དང༌། འཕགས་པ་ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས། བཅོམ་ལྡན་འདས་བདག་ཅག་དེང་སླན་ཆད་དེ་བཞིན་གཤེགས་པའི་སྤྱན་སྔར་ཡི་དམ་འདི་ལྟ་བུ་བཅའ་བར་བྱའོ། །བཅོམ་ལྡན་འདས་གལ་ཏེ་བདག་གིས་དེང་སླན་ཆད་བྱང་ཆུབ་སེམས་དཔའི་ཐེག་པའི་གང་ཟག་གི་ལྟུང་བ་མེད་པ་ཡང་རུང་སྟེ། གླེངས་ན་བདག་ཅག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བསླུས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་མདོ་ཉིད་དུ་བལྟ་བར་བྱའོ། །གཞན་ཡང་དེ་བསྔོ་བ་ཕྱིན་ཅི་མ་ལོག་པ་ཡིན་ཏེ། གསེར་འོད་དམ་པའི་བསྔོ་བ་དང༌། བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་གྱི་ཡོངས་སུ་བསྔོ་བ་ཆེན་པོ་བཅུ་དང༌། གཞན་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་བསོད་ནམས་ཀྱི་ཚོགས་ཉི་ཤུ་པ་དང༌། སྤྱོད་པ་ལ་འཇུག་པའི་བསྔོ་བའི་ལེའུ་ལ་སོགས་པའོ། །གཞན་ཡང་དེ་སྨོན་ལམ་ཕྱིན་ཅི་མ་ལོག་པ་ཡིན་ཏེ། འཕགས་པ་བཟང་པོ་སྤྱོད་པ་དང༌། འཕགས་པ་ས་བཅུ་པའི་སྨོན་ལམ་ཆེན་པོ་བཅུ་དང༌། བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུཪྻ་འོད་ཀྱི་རྒྱལ་པོའི་སྨོན་ལམ་ཆེན་པོ་བཅུ་གཉིས་དང༌། སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་སྨོན་ལམ་བདུན་ཅུ་པ་ལ་སོགས་པའོ། །གཞན་ཡང་བླ་མའི་ཞལ་ནས་བྱུང་བའི་མདོ་སྡེ་མ་ལུས་པའི་དོན་བསྡུས་པ་ཕ་དང་མ་ལྟ་བུ་དང༌། བུ་དང་བུ་མོ་ལྟ་བུའི་ཆོས་ལྔ་བཅུ་པོ་རྣམས་ཀྱང་སྐད་ཅིག་སྐད་ཅིག་ལ་དྲན་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་དེས་དུས་གཅིག་ལ་རྟག་ཏུ་མདོ་སྡེ་མ་ལུས་པ་བཀླག་པར་ཡང་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལས་དང་པོ་པ་གཉེན་པོ་ཤས་ཆུང་ཞིང་རྐྱེན་ལ་ལྟོས་པ་ཡིན་པས་མདོ་སྡེ་བལྟ་བ་ལ་བརྩོན་པར་བྱའོ། །གཞན་ཡང་མདོ་སྡེའི་དོན་མ་ལུས་པར་བསྡུས་པ་ཡིན་པས་མདོ་ཀུན་ལས་བཏུས་པ་དང༌། བསླབ་པ་ཀུན་ལས་བཏུས་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང༌། ཚུལ་ཁྲིམས་ཀྱི་ལེའུ་དང༌། སྡོམ་པ་ཉི་ཤུ་པ་རྣམས་ཀྱང་དུས་དུས་སུ་


DTG111_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་བ་དང༌། མཉན་པ་དང༌། བྲི་བར་བྱའོ། །གཞན་ཡང་ཐེག་པ་ཆེན་པོའི་མདོ་སྡེའི་དོན་དང༌། སྔོན་གྱི་སློབ་དཔོན་ཆེན་པོ་རྣམས་དང༌། ད་ལྟར་གྱི་བླ་མ་མཁས་པ་ཆེན་པོ་རྣམས་ཀྱི་དགོངས་པ་ཡིན་པས་བསྟན་བཅོས་འདི་ཉིད་ཀྱང་བལྟ་བ་དང༌། མཉན་པ་དང༌། བྲི་བར་བྱའོ། །གཞན་ཡང་ཉིན་ལན་གསུམ་མཚན་ལན་གསུམ་ཕུང་པོ་གསུམ་པ་གདོན་པར་བྱ་སྟེ། འཕགས་པ་དྲག་ཤུལ་ཅན་གྱིས་ཞུས་པ་ལས། དེས་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཁྲུས་བྱས་ཏེ། གོས་གཙང་མ་བགོས་ནས་ཕུང་པོ་གསུམ་པ་གདོན་པར་བྱའོ་ཞེས་གསུངས་པ་དང༌། འཕགས་པ་ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པའི་མདོ་ལས་ཀྱང༌། ཉིན་དང་དེ་བཞིན་མཚན་མོ་ལན་གསུམ་དུ། །བྱང་ཆུབ་སེམས་དཔའ་རྣམས་ལ་མགོས་ཕྱག་འཚལ། །ཞེས་གསུངས་པ་དང༌། འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང༌། དེ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཉིན་ལན་གསུམ་མཚན་ལན་གསུམ་དུ་མཆོད་པར་བྱེད་དོ་ཞེས་གསུངས་པ་དང༌། འཕགས་པ་ཉེ་བ་འཁོར་གྱིས་ཞུས་པ་ལས་ཀྱང༌། དེས་ཉིན་མཚན་དུ་བཤགས་པ་བྱེད་དོ་ཞེས་གསུངས་པ་དང༌། འཕགས་པ་ཐོགས་མེད་ཀྱི་ཞལ་ནས་ཀྱང༌། བྱང་ཆུབ་སེམས་དཔའ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཕྱག་འཚལ་བ་དང༌། མཆོད་པ་དང་སྡིག་པ་སོ་སོར་བཤགས་པ་དང༌། རྗེས་སུ་ཡི་རང་བ་དང༌། བསྐུལ་བ་དང༌། གསོལ་བ་གདབ་པ་དང༌། ཡོངས་སུ་བསྔོ་བ་རྣམས་ཀྱང་བྱའོ་ཞེས་གསུངས་སོ། །དེ་དག་གི་ཕན་ཡོན་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་དང་ཆོས་བཤད་པ་བརྒྱ་པ། སློབ་དཔོན་དཔའ་བོའི་རིན་པོ་ཆེ་ཕྲེང་བ་ལྟ་བུའི་གཏམ་དག་ཏུ་བལྟ་བར་བྱའོ། །དེ་ཡང་འཕགས་པ་བཟང་པོ་སྤྱོད་པའི་གཞུང་གིས་ཀྱང་བྱའོ། །ཡང་ན་ཕུང་པོ་གསུམ་པའི་མདོ་ཉིད་གདོན་པར་བྱའོ། །ཡང་ན་བྱང་ཆུབ་སེམས་དཔའ་མཁས་པ་བློ་དང་ལྡན་པ་ཐོས་པས་བརྒྱན་པ་དེས་ནི་འཕགས་པ་བཟང་པོ་སྤྱོད་པ་འདི་ཉིད་ལ་གནས་ནས་བླ་མའི་ཞལ་ལས་འབྱུང་བའི་གདམས་ངག་གི་ཆོ་ག་རྒྱས་པར་བྱའོ། །དེ་བས་ན་


DTG111_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཞི་བའི་ལྷའི་ཞལ་ནས། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་གདོན་པར་བྱ། །རྒྱལ་དང་བྱང་ཆུབ་སེམས་བརྟེན་པས། །ལྟུང་བའི་ལྷག་མ་དེས་ཞི་བྱ། །ཞེས་སྤྱོད་པ་ལ་འཇུག་པ་ལས་གསུངས་སོ། །དེ་ལྟ་བུའི་ཆོ་ག་དེའི་རྗེས་ལ་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། ལྟུང་བའི་ཉེས་པ་སོ་སོར་བཤགས་ལ། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་ནས། བདག་གིས་ཐེག་པ་ཆེན་པོའི་མདོ་སྡེ་ནས་གསུངས་པའི་བྱང་ཆུབ་སེམས་དཔའི་བསླབ་པ་མ་ལུས་པ་ཐམས་ཅད་ལ་བསླབ་པར་བྱའོ་ཞེས་མོས་པར་བྱའོ། །དེ་བས་ན་དེ་ལྟ་བུའི་ཉིན་དང་མཚན་དུ་དོན་མེད་པར་མི་གནས་པའི་རྣལ་འབྱོར་བ་དེ་ནི་ཕུན་སུམ་ཚོགས་པ་གསུམ་དང་ལྡན་ཏེ། བླ་མའི་ཞལ་ནས་འདི་སྐད་དུ་ཕུན་སུམ་ཚོགས་པ་གསུམ་གྱིས་བདེ་བ་ལ་རེག་པར་འགྱུར་ཏེ། འདི་ལྟར་སྦྱོར་བ་དང༌། བསམ་པ་དང༌། སྔོན་གྱི་རྒྱུ་ཕུན་སུམ་ཚོགས་པའོ། །དེ་ལ་སྦྱོར་བ་ཕུན་སུམ་ཚོགས་པ་ནི་ལུས་དང་ངག་དང་ཡིད་ཀྱི་ཉེས་པ་རྒྱུན་དུ་མི་བྱེད་ལ་སྡིག་པ་འཆགས་པའོ། །བསམ་པ་ཕུན་སུམ་ཚོགས་པ་ནི་འདི་ལྟར་བདག་ཆོས་ཀྱི་བསམ་པས་ཡིན་གྱི་ལོག་པར་འཚོ་བ་ལ་སོགས་པ་ཆོས་མ་ཡིན་པས་ནི་མ་ཡིན་ནོ། །བདག་ཀྱང་བྱང་ཆུབ་ཆེན་པོ་དོན་དུ་གཉེར་བ་ཡིན་གྱི། འཇིག་རྟེན་པའི་བདེ་བ་དོན་དུ་གཉེར་བ་མ་ཡིན། དེ་ལ་སྔོན་གྱི་རྒྱུ་ཕུན་སུམ་ཚོགས་པ་ནི་དེས་སྔོན་གྱི་དུས་སུ་བསོད་ནམས་བྱས་ཤིང༌། དགེ་བ་བྱས་པས་ད་ལྟར་གོས་དང་ཟས་དང་ཡོ་བྱད་རྣམས་ཀྱིས་ཕོངས་པར་མ་གྱུར་པ་ཡིན་ཞིང་གཞན་ལ་ཡང་བགོ་བཤའ་བྱེད་པའི་དང་ཚུལ་ཅན་ཡིན་ནོ་ཞེས་གསུངས་སོ། །འདི་ལྟར་ལས་དང་པོ་བའི་སློབ་མ་བློ་ཆུང་བ་དེ་དང་པོ་ཉིད་ནས་ལམ་ལ་འཇུག་པ་མི་བྱ་སྟེ། དེ་ལ་ཐོག་མར་བྱང་ཆུབ་སེམས་དཔའི་བསླབ་པ་རྒྱ་ཆེན་པོ་བཀོད་པའི་མདོ་སྡེ་དང༌། བསྟན་བཅོས་ཐམས་ཅད་བཤད་པར་བྱ་ཞིང་ཚུལ་དེ་མཁས་པར་བྱས་ནས། གཟོད་གང་ཟག་ལམ་ལ་འཇུག་པའི་ཆོ་ག་བྱའོ་ཞེས་བླ་མ་དག་གསུང་བ་ཡིན་ནོ། །འདིར་སྨྲས་པ། དཀོན་མཆོག་གསུམ་གུས་ཡུལ་ལ་ཞེན་པ་སྤངས། །འཆི་བ་རྗེས་དྲན་ཚུལ་ཁྲིམས་གཙོ་བོར་བྱེད། །བླ་མ་ལ་


DTG111_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

གུས་དད་ལྡན་གཡོ་སྒྱུ་མེད། །སྡིག་པའི་གྲོགས་སྤངས་ཐུན་ཚིགས་སྦྱོར་བར་ལྡན། །ཐུན་ཚིགས་བྲུག་བ་དུམ་བུ་བཅོ་བརྒྱད་འགྱུར། །སྔ་དྲོའི་ཐུན་ལ་དུམ་བུ་གསུམ་ཡོད་པའི། །དུམ་བུ་དང་པོ་དུམ་བུ་བར་པ་ལ། །ཉེས་པ་བྱུང་བ་དུམ་བུ་ཐ་མ་དེར། །བྱང་ཆུབ་སེམས་བརྗེད་སེམས་དཔའ་ཉམས་པར་འགྱུར། །ཕྱི་མ་ལྔ་ཡང་དེ་ཡིས་བསྒྲེ་བར་བྱ། །དུམ་བུ་དུམ་བུར་ལེགས་པར་གསོ་བྱེད་པ། །སྐྱེས་བུ་རབ་ཡིན་འབྲིང་ནི་གཉིས་ལགས་སོ། །དུམ་བུ་ཐ་མར་གསོ་བ་ཐ་མ་སྟེ། །རབ་ཀྱི་རབ་ནི་སྐད་ཅིག་དང་པོར་གསོ། །རབ་ཀྱི་འབྲིང་ནི་སྐད་ཅིག་གཉིས་པར་གསོ། །རབ་ཀྱི་ཐ་མ་སྐད་ཅིག་ཐ་མར་གསོ། །དེ་ལྟར་གྱུར་པས་སྐྱེས་བུ་རབ་འབྲིང་རྒྱུ། །ཕྱི་མ་ཀུན་ཡང་དེ་ཡིས་བསྒྲེ་བར་བྱ། །བླ་མ་མཁས་པ་ཆེན་པོ་ཁ་ཅིག་ནི་འདི་སྐད་དུ་གསུང་སྟེ། ཉེས་བ་བྱུང་བ་ཉིད་ཀྱི་རྗེས་ལ་གསོ་བྱེད་པ། །སྐྱེས་བུ་རབ་ཡིན་སྐད་ཅིག་གཉིས་པ་སོགས། །དེ་ཡི་རྗེས་ལ་གསོ་བ་འབྲིང་པོ་སྟེ། །སྐྱེས་བུ་ཐམས་དུས་ཚིགས་དྲུག་པོར་གསོ། །ཞེས་གསུངས་སོ། །ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་བསྟན་ཟིན་ཏོ།། །།འདི་ལྟར་ཚུལ་ཁྲིམས་འབའ་ཞིག་ཙམ་གྱིས་ནི་ཆོག་པར་ནི་མི་བཟུང་སྟེ། ཏིང་ངེ་འཛིན་དང༌། ཤེས་རབ་དག་ཀྱང་བསྐྱེད་དགོས་པ་ཡིན་ནོ། །འོན་ཀྱང་ཚུལ་ཁྲིམས་ལ་བརྟེན་ནས་ཏིང་ངེ་འཛིན་སྐྱེ་བར་འགྱུར་ཏེ། འཕགས་པ་ཟླ་བ་སྒྲོན་མའི་མདོ་ལས། ཉོན་མོངས་མེད་པའི་ཏིང་འཛིན་མྱུར་ཐོབ་སྟེ། །འདི་ནི་ཚུལ་ཁྲིམས་རྣམ་དག་ཕན་ཡོན་ཡིན། །ཞེས་གསུངས་སོ། །སློབ་དཔོན་ཞི་བའི་ལྷའི་ཞལ་ནས་ཚུལ་ཁྲིམས་ནི་ཏིང་ངེ་འཛིན་འགྲུབ་པ་ཡིན་ཏེ་ཞེས་པ་དང༌། ཡང་དེ་བས་ན་ཏིང་ངེ་འཛིན་གྱི་རྒྱུའི་སྦྱོར་བ་གང་ཅི་ཡང་རུང་བ་དེ་དག་ནི་ཚུལ་ཁྲིམས་ཀྱི་ནང་དུ་འདུས་པར་ཤེས་པར་བྱའོ། །དེ་བས་ན་ཏིང་ངེ་འཛིན་དོན་དུ་གཉེར་བས་དྲན་པ་དང་ཤེས་བཞིན་གྱི་ངང་ཚུལ་ཅན་དུ་བྱའོ་ཞེས་གསུངས་སོ། །ཡང་ཚུལ་ཁྲིམས་དོན་དུ་གཉེར་བས་ཀྱང་ཏིང་ངེ་འཛིན་ལ་འབད་པར་བྱ་སྟེ་ཞེས་པ་དང༌། ཡང་ཚུལ་ཁྲིམས་དོན་དུ་གཉེར་བ་གཉིས་གཅིག་གིས་གཅིག་འཕེལ་བར་བྱེད་པ་འདི་གཉིས་ཀྱིས་སེམས་ཡོངས་སུ་སྦྱང་བ་


DTG111_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གྲུབ་པོ་ཞེས་གསུངས་པས་ཚུལ་ཁྲིམས་མེད་པའི་ཏིང་ངེ་འཛིན་སྐྱེ་བར་མི་འགྱུར་བས་ན། དེའི་ཕྱིར་ཚུལ་ཁྲིམས་ལ་འབད་པར་བྱ་དགོས་སོ། །དེ་བས་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་ཏིང་ངེ་འཛིན་གྱིས་མངོན་པར་ཤེས་པ་བསྐྱེད་ནས་གཞན་གྱི་དོན་བྱ་བ་དང༌། ཚོགས་རྣམ་པ་གཉིས་བསགས་པའི་ཐབས་ནི་མངོན་པར་ཤེས་པ་ཡིན་པས་དེ་བསྟན་པའི་ཕྱིར། བསོད་ནམས་ཡེ་ཤེས་རང་བཞིན་གྱི། །ཚོགས་ནི་ཡོངས་སུ་རྫོགས་པ་ཡི། །རྒྱུ་ནི་སངས་རྒྱས་ཐམས་ཅད་དག །མངོན་ཤེས་བསྐྱེད་པ་ཉིད་དུ་བཞེད། །ཅེས་བྱ་བ་དེ་ཡིན་ནོ། །ཚོགས་གཉིས་བསག་པར་འདོད་པ་དང༌། །རྟག་ཏུ་གཞན་དོན་བྱེད་འདོད་པས། །མངོན་པར་ཤེས་པ་མ་བསྐྱེད་ན། །དམུས་ལོང་གི་ནི་སྤྱོད་པ་དང༌། །སྨྱོན་པའི་སྤྱོད་པ་ཉིད་དང་ནི། །ཇི་ལྟར་བྱོལ་སོང་སྤྱོད་པ་བཞིན། །རང་གི་དོན་ཡང་མི་གྲུབ་ན། །གཞན་དོན་འགྲུབ་པར་ཇི་ལྟར་རུང། །ཞེས་པ་ནི་བསྡུས་ནས་བསྟན་པའོ། །ཇི་ལྟར་འདབ་གཤོག་མ་སྐྱེས་པའི། །བྱ་ནི་མཁའ་ལ་འཕུར་མི་ནུས། །དེ་བཞིན་མངོན་ཤེས་ཐོབ་བྲལ་བས། །སེམས་ཅན་དོན་བྱེད་ནུས་མ་ཡིན། །མངོན་པར་ཤེས་པ་ཡང་མ་ཐོབ་ཅིང་བསྒོམས་པའི་ཤེས་རབ་ཀྱང་མ་སྐྱེས་པར་ཐོས་པའི་ཤེས་རབ་ཙམ་ལ་བརྟེན་ནས་ཆོས་བཤད་ཅིང་སློབ་མ་སྡུད་པ་དེ་ནི་སྨྱོན་པ་ཡིན་ཏེ། ཇི་སྐད་དུ། རང་གི་ཚོད་ཀྱང་མི་ཤེས་པར། །སྨྲ་བ་ཇི་ལྟར་སྨྱོན་པ་མིན། །ཞེས་སོ། །འཕགས་པ་ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས། སྨྲ་བ་ལ་དགའ་བ་དང༌། སྨྲ་བ་ལ་དགའ་བའི་ཉེས་པ་མཐོང་བར་བྱའོ་ཞེས་པ་དང༌། ཡང་དེ་ཉིད་ལས་སྨྲ་བ་ལ་དགའ་བའི་ཉེས་པ་གསུངས་པ། ཐོས་པས་རྒྱགས་ནས་གུས་པར་མི་འགྱུར་ཏེ། །རྣམ་པར་འགྱིད་པའི་སྨྲ་བ་རྣམས་ལ་ཆགས། །བརྗེད་པར་འགྱུར་ཞིང་ཤེས་བཞིན་མེད་པར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ ། །ནང་གི་སྲེམས་ལས་ཤིན་ཏུ་རིང་བར་འགྱུར། །ལུས་དང་སེམས་ཀྱང་རབ་སྦྱངས་མ་ཡིན་འགྱུར། །ཁེངས་པ་དང་ནི་དུད་པ་མང་པོར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །བྱིས་པ་དམ་པའི་ཆོས་བསམ་རབ་ཏུ་ཉམས། །སེམས་ནི་མི་མཉེན་


DTG111_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་རྩུབ་པར་འགྱུར། །ཞི་གནས་ལྷག་མཐོང་དག་དང་རབ་ཏུ་རིང༌། །སྨྲ་ལ་དགའ་བའི་ཉིས་པ་འདི་དག་གོ ། །རྟག་ཏུ་བླ་མ་དག་ལ་གུས་པ་མེད། །སྤགས་པའི་གཏམ་དག་ལ་ནི་དགའ་བ་སྐྱེད། །སྙིང་པོ་མེད་ལ་གནས་ཤིང་ཤེས་རབ་ཉམས། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །དེ་བཞིན་དུ་ཡང་གསུངས་པ། བདག་ནི་སྒྲུབ་ཉམས་ད་ནི་ཅི་བྱ་ཞེས། །འཆི་བའི་དུས་ཚེ་བྱིས་པ་མྱ་ངན་བྱེད། །གཏིང་རྙེད་མ་གྱུར་ཤིན་ཏུ་སྡུག་བསྔལ་གྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །རྩྭ་བསྐྱོད་བཞིན་དུ་འགྱུར་ཞིང་གཡོ་བ་སྟེ། །དེ་ནི་དེ་ལྟར་ཐེ་ཚོམ་འགྱུར་དུ་ངེས། །དེ་ནི་ནམ་ཡང་བློ་བརྟན་མི་འགྱུར་ཏེ། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །གར་ལ་ལྟ་བའི་ཁྲོད་ན་འདུག་པ་ཞིག །དཔའ་བོ་གཞན་གྱི་ཡོན་ཏན་བརྗོད་པ་བཞིན། །བདག་ཉིད་ནན་ཏན་ཉམས་པར་འགྱུར་བས་ཏེ། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །དེ་ནི་གཡོ་ལྡན་ཡང་ཞིང་རེ་ཆད་འགྱུར། །ཕྱིར་ཞིང་ཕྱིར་ཞིང་རྣམ་པར་འགྱིད་པར་འགྱུར། །འཕགས་པའི་དམ་པའི་ཆོས་ལས་རབ་ཏུ་རིང༌། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །མཐུ་ཆུང་བསྟི་སྟང་དག་གིས་དགར་འགྱུར་ཏེ། །མི་ཤེས་ལྡན་པ་གཡོ་ཞིང་འགྱུར་བ་ཡིན། །སྤྲེའུ་ལྟར་དེ་ཡི་སེམས་ནི་གཡོ་བར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །ཞེས་འབྱུང་སྟེ། དེ་བཞིན་དུ་ཡང༌། ཡུན་རིང་དུས་ནས་སྨྲ་ལ་དགའ་བས་ན། །དེས་ནི་བདག་ཉིད་དགའ་བ་མི་འཐོབ་བོ། །ཚིག་གང་དགའ་བ་མཐའ་ཡས་འཐོབ་འགྱུར་བ། །ཚིག་གཅིག་ཙམ་ཞིག་བསམས་ཀྱང་མཆོག་ཡིན་ནོ། །བུ་རམ་ཤིང་ཤུན་སྙིང་པོ་ཅི་ཡང་མེད། །དགའ་བར་བྱ་བའི་རོ་ནི་ནང་ན་འདུག །ཤུན་པ་ཟོས་པས་མིས་ནི་བུ་རམ་རོ། །ཞིམ་པོ་རྙེད་པར་ནུས་པ་མ་ཡིན་ནོ། །ཤིང་གི་ཤུན་པ་དེ་བཞིན་སྨྲ་བ་སྟེ། །རོ་ལྟ་བུ་ནི་འདི་ནི་དོན་སེམས་ཡིན། །དེ་ལྟ་བས་ན་སྨྲ་ལ་དགའ་སྤངས་ཏེ། །རྟག་ཏུ་བག་ཡོད་བྱོས་ལ་དོན་སོམས་ཤིག །ཅེས་གསུངས་ཏེ། དེ་བཞིན་དུ་ཡང་གསུངས་པ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་


DTG111_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །གང་དག་མཆོག་གི་ཆོས་ཡོངས་སུ་སྤངས་ནས་ལས་ངན་པ་རྣམས་རྩོམ་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཤེས་རབ་ཤིན་ཏུ་ཆུང་ཞིང་ཤེས་རབ་རྣམ་པར་ཉམས་པར་འགྱུར་བ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། གང་དག་མཆོག་གི་ཆོས་ཡོངས་སུ་སྤངས་ནས་ལས་ངན་པ་རྩོམ་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་ཤེས་རབ་ཤིན་ཏུ་ཆུང་བར་འགྱུར་རོ། །བྱམས་པ་ཁྱོད་ལ་བསྟན་ཏོ། །ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །གང་དག་ལ་བརྩོན་པ་མེད་པ་དང༌། བསམ་གཏན་མེད་པ་དང༌། སྤོང་བ་མེད་པ་དང༌། ཁ་ཏོན་བྱ་བ་མེད་པ་དང༌། མང་དུ་ཐོས་པ་ཡོངས་སུ་ཚོལ་བ་མེད་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བ་མ་ཡིན་ནོ། །བྱམས་པ་དེ་བཞིན་གཤེགས་པའི་བསྟན་པ་ནི་བསམ་གཏན་དང༌། སྤོང་བས་རབ་ཏུ་ཕྱེ་བ། ཡེ་ཤེས་ཀྱིས་འདུས་བྱས་པ། ཡེ་ཤེས་ཀྱིས་མཉམ་པར་བཞག་པ། མངོན་པར་བརྩོན་པས་རབ་ཏུ་ཕྱེ་བ་ཡིན་གྱི། ཁྱིམ་པའི་ལས་ཀྱི་མཐའ་དང༌། ཞལ་ཏ་བྱེད་པས་རབ་ཏུ་ཕྱེ་བ་ནི་མ་ཡིན་ནོ། །མི་རིགས་པ་བརྩོན་པ་དང༌། འཁོར་བ་ལ་མངོན་པར་དགའ་བ་རྣམས་ཀྱི་ལས་ནི་འདི་ཡིན་ཏེ་འདི་ལྟར་ཞལ་ཏ་བྱེད་པ་དང༌། འཇིག་རྟེན་པའི་བྱ་བས་གཟིངས་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདོད་པ་བསྐྱེད་པར་མི་བྱའོ་ཞེས་གསུངས་སོ། །བླ་མའི་ཞལ་ནས་ཀྱང༌། དེ་ལྟར་ཐོས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔས་ཆོས་སྨྲ་བ་ལས་ལྡོག་བར་བྱ་སྟེ། མངོན་པར་ཤེས་པ་མ་ཐོབ་བར་དུ་ཐོས་པ་ཙམ་གྱིས་གཞན་ལ་ཕན་གདགས་པར་མ་གསུངས་ཏེ་ཞེས་པ་དང༌། ཡང་གསུངས་པ། དེ་བས་ན་མང་དུ་ཐོས་པ་ཙམ་གྱིས་ཆོས་སྨྲ་བར་ནི་མི་བྱ་སྟེ། མངོན་པར་ཤེས་པ་ཐོབ་ནས་གཟོད་གཞན་གྱིས་དོན་བྱ་སྟེ་ཞེས་པ་དང༌། ཡང་དེ་ཉིད་ལས། མངོན་པར་ཤེས་པ་མ་ཐོབ་པར་སློབ་མ་ཡོངས་སུ་སྨིན་པར་མི་ནུས་ཀྱི་རང་ཉིད་


DTG111_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བར་ཟད་དེ། སློབ་དཔོན་ཞི་བའི་ལྷའི་ཞལ་ནས། སེམས་ཅན་མོས་པ་སྣ་ཚོགས་པ། །རྒྱལ་བས་ཀྱང་ནི་མི་མགུ་ན། །བདག་འདྲ་ངན་པས་སྨོས་ཅི་དགོས། །དེ་བས་འཇིག་རྟེན་བསམ་པ་བཏང༌། །ཞེས་ཁུངས་དང་བཅས་ནས་ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ལས་གསུངས་སོ། །དེ་བས་དོན་འདི་ལ་དགོངས་ནས། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། སྐྱེ་བ་ཀུན་དུ་རྗེས་འབྲང་བའི། །མངོན་པར་ཤེས་པ་ལྔ་ཐོབ་ནས། །རྟག་ཏུ་སེམས་ཅན་ཐམས་ཅད་ལ། །ཀུན་དུ་ཕན་དང་བདེ་བ་བྱ། །ཞེས་གསུངས་སོ། །བླ་མའི་གདམས་ངག་མེད་པར་གཞུང་ཐོས་པ་ཙམ་ལ་བརྟེན་ནས་སྒོམ་པར་བྱེད་པ་དེ་ཡང་འདིར་ཞར་ལ་བཀག་སྟེ། དེ་ལྟ་བུའི་རྣལ་འབྱོར་ལ་བརྩོན་པར་བྱས་ཀྱང་མངོན་པར་ཤེས་པ་ཡང་སྐྱེ་བར་མི་འགྱུར་ཞིང༌། རྫོགས་པའི་བྱང་ཆུབ་ཆེན་པོ་ཡང་མི་འཐོབ་པའི་ཕྱིར་རོ། །དོན་འདི་ལ་དགོངས་ནས། བྲམ་ཟེ་ས་ར་ཧ་པ་ཆེན་པོས་དོན་དམ་པའི་རིགས་པ་ལས། བླ་མའི་མན་ངག་ཅེས་བྱ་བདུད་རྩིའི་རོ། །གང་གིས་ངོམས་པར་འཐུངས་པར་མ་གྱུར་པ། །དེ་ནི་བསྟན་བཅོས་མང་པོའི་མྱ་ངན་ཐང་དཀྱིལ་དུ། །སྐོམ་བཞིན་དུ་ནི་ངེས་པར་འཆི་བར་འགྱུར། །ཞེས་གསུངས་པ་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས་ཀྱང༌། རྒྱུད་མང་རབ་ཏུ་ཐོས་ཤིང་ལུང་ལ་ལེགས་སྦྱངས་ཀྱང༌། །བླ་མའི་བསྙེས་བཀུར་དམན་ཕྱིར་དེ་ཉིད་ལུང་ཐོབ་མ་གྱུར་པ། །དེ་ནི་བདག་ཕན་ཙམ་ལའང་དབང་མེད་བསྟན་བཅོས་མཆུ། །དེ་ནི་བསྟན་བཅོས་སྐྱོ་བའི་རྒྱུ་ཙམ་འབའ་ཞིག་ཡིན། །ཞེས་གསུངས་སོ། །མངོན་ཤེས་མེད་པ་ལྡན་པའི་ཉིན་མཚན་གྱི། །ཞེས་པ་ལ་སོགས་པའི་ཤློ་ཀ་གཉིས་ནི་དཀྱུས་ཇི་ལྟ་བ་ཉིད་དོ། །འདི་ལྟར་རྫོགས་པའི་བྱང་ཆུབ་ཆེན་པོ་ནི་ཚོགས་རྣམ་པ་གཉིས་ལ་རག་ལས། ཚོགས་རྣམ་པ་གཉིས་ཀྱང་གཞན་གྱི་དོན་ལ་རག་ལས། དེ་ཡང་མངོན་པར་ཤེས་པ་ཡང་ཞི་གནས་ལ་རག་ལས། ཞི་གནས་ཀྱང་ཚུལ་ཁྲིམས་ལ་རག་ལས་པས། དང་པོ་ཚུལ་ཁྲིམས་བསྟན་པ་ཡིན་ནོ། །དེ་བས་ན་ཚུལ་ཁྲིམས་ལས་ཞི་གནས་འབྱུང་ལ། ཞི་གནས་ལས་མངོན་པར་ཤེས་


DTG111_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབྱུང་བས། མངོན་ཤེས་འབྱུང་བར་མི་འགྱུར་ལ། །དེ་ཕྱིར་ཞེ་གནས་བསྒྲུབ་པའི་ཕྱིར། །ཡང་དང་ཡང་དུ་འབད་པར་བྱ། །ཞེས་སྨྲས་སོ། །མངོན་པར་ཤེས་པ་ནི་འདི་ལྟར་ལྷའི་མིག་གི་མངོན་པར་ཤེས་པ་དང༌། ལྷའི་རྣ་བའི་མངོན་པར་ཤེས་པ་དང༌། གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང༌། ཟག་པ་ཟད་པའི་མངོན་པར་ཤེས་པའོ། །དེ་ལྟ་བུའི་མངོན་པར་ཤེས་པ་དེ་དག་ཞི་གནས་ལས་འབྱུང་བ་ཡིན་པས་ཞི་གནས་བསྒྲུབ་པར་བྱ་སྟེ། ཞི་གནས་ཡན་ལག་རྣམས་ཉམས་པས། །རབ་ཏུ་འབད་དེ་བསྒོམ་བྱས་ཤིང༌། །ལོ་ནི་སྟོང་ཕྲག་དག་གིས་ཀྱང༌། །ཏིང་འཛིན་འགྲུབ་པར་མི་འགྱུར་རོ། །ཞི་གནས་ཡན་ལག་ཅེས་པ་ནི་བླ་མས་མཛད་པའི་ཏིང་ངེ་འཛིན་ཚོགས་ཀྱི་ལེའུའི་སྤང་བར་བྱ་བ་ལ་སོགས་པ་དགུའོ། །གཞན་ནི་གོ་སླའོ། །དེ་བས་ན་ཡན་ལག་ཉམས་ན་ཞི་གནས་མི་འགྲུབ་པ་དེའི་ཕྱིར་བདག་གི་བླ་མ་རྗེ་བཙུན་དཔལ་བྱང་ཆུབ་བཟང་པོས་ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ལས་ཡན་ལག་དགུ་གསུངས་པ་ནི། འདི་ལྟར་སྤང་བར་བྱ་བ་དང༌། སྔོན་དུ་འགྲོ་བ་དང༌། ལྡོག་པར་བྱ་བ་དང༌། གདུང་བ་གཅད་པ་དང། ཡིད་འབྱུང་བར་བྱ་བ་དང༌། ཡོན་ཏན་རྗེས་སུ་དྲན་པར་བྱ་བ་དང༌། བརྩོན་པར་བྱ་བ་དང༌། འབྲེལ་བར་བྱ་བ་དང༌། གནས་པའི་ཐབས་ཞེས་བྱའོ། །དེ་ལྟ་བུའི་ཡན་ལག་རྣམས་ཤེས་པར་བྱས་ལ་དེ་ལ་ལེགས་པར་གནས་པར་བྱའོ་ཞེས་བླ་མ་གསུང་བ་ཡིན་ནོ། །དེ་རྣམས་ཀྱི་དོན་ནི་ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་དེ་ཉིད་དུ་བལྟ་བར་བྱའོ། །འདིར་ཡན་ལག་ཐ་མའི་དོན་ཅུང་ཞིག་བྲི་བར་བྱའོ་སྟེ། བླ་མའི་ཞལ་ནས་ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ལས་འདི་སྐད་དུ། དེ་ལྟར་ཡན་ལག་བརྒྱད་དང་ལྡན་པ་དེས། གནས་རྗེས་སུ་མཐུན་པར་ཁ་ཟས་དང་སྤྱོད་ལམ་རྗེས་སུ་མཐུན་པ་དང་གོས་དང་གྲོགས་རྗེས་སུ་མཐུན་པ་དང་ལྡན་པར་བྱས་ལ། སེམས་མཉམ་པར་གཞག་པར་བྱའོ་ཞེས་པ་དང༌། ཡང་གསུངས་པ་དེས་མཉམ་པར་མ་བཞག་པ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླག་པ་དང༌། ཚ་ཚ་དང༌། བསྐོར་བ་ལ་སོགས་པ་བསོད་


DTG111_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ཀྱི་ཚོགས་ལ་འབད་པར་བྱའོ་ཞེས་པ་དང༌། ཡང་གསུངས་པ་སེམས་མཉམ་པར་འཇོག་འདོད་པ་དེས་སྤོང་བའི་འདུ་བྱེད་བརྒྱད་བསྒོམ་པར་བྱ་སྟེ། དེའི་མི་མཐུན་པའི་ཆོས་ནི་འདི་དག་གོ །ཉེས་པ་ལྔ་ནི་ལེ་ལོ་དང༌། །གདམས་ངག་བརྗེད་དང་བྱིང་དང་རྒོད། །འདུ་མི་བྱེད་དང་འདུ་བྱེད་དང༌། །འདི་དག་ཉེས་པ་ལྔར་འདོད་དོ། །དེ་དག་གི་གཉེན་པོ་སྤོང་བའི་འདུ་བྱེད་བརྒྱད་དག་ཀྱང༌། གནས་དང་དེ་ལ་གནས་པ་དང༌། །རྒྱུ་དང་འབྲས་བུ་ཉིད་དུའོ། །དམིགས་པ་བརྗེད་པར་མ་གྱུར་དང༌། །བྱིང་དང་རྒོད་པ་རྟོགས་པ་དང༌། །དེ་སྤོང་མངོན་པར་འདུ་བྱེད་དང༌། །ཞི་ཚེ་རྣལ་དུ་འཇུག་པའོ། །ཞེས་གསུངས་སོ། །མདོ་སྡེ་རྒྱན་ལས་ཀྱང༌། གཅིག་ནི་འབད་པར་བྱེད་པ་སྟེ། །གཉིས་པ་ཕན་འདོགས་བདག་ཉིད་ཡིན། །གསུམ་པ་གཏོང་བར་བྱེད་པ་སྟེ། །བཞི་པ་གཉེན་པོ་ཉིད་ཡིན་ནོ། །ཞེས་གསུངས་སོ། །ཡང་བཤད་པ། འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཚོམ་མོ། །དེ་ལ་རྨུགས་པ་དང་གཉིད་ཀྱི་འཁོར་ནི། རྨྱ་བ་དང༌། མི་དགའ་བ་དང༌། བྱ་རྨྱངས་དང༌། ཟས་ཀྱི་ཚོད་མ་ཟིན་པ་དང༌། སེམས་ཞུམ་པ་ལ་སོགས་པའོ། །ལས་ནི་སེམས་ཞུམ་པར་བྱེད་པའོ། །གཉེན་པོ་ནི་སྣང་བའི་འདུ་ཤེས་སོ། །རྒོད་པ་དང༌། འགྱོད་པའི་འཁོར་ནི་ཉེ་དུའི་རྟོག་པ་དང༌། སྔོན་དགོད་པ་དང༌། དགའ་བ་དང༌། རྩེས་པ་དག་རྗེས་སུ་དྲན་པའོ། །ལས་ནི་སེམས་མ་ཞི་བར་བྱེད་པའོ། །གཉེན་པོ་ནི་ཞི་གནས་སོ། །དམིགས་པ་གང་རུང་ཅིག་དག་ལ། །ཡིད་ནི་དགེ་ལ་གཞག་པར་བྱ། །དམིགས་པ་ནི་སེམས་ཀྱི་ཡུལ་ཡིན་ཏེ། ཇི་སྐད་དུ། དབུ་མ་རྟོག་གེ་འབར་བ་ལས། །ཡིད་ཀྱི་གླང་པོ་ལོག་གཡོ་བ། །དམིགས་པའི་ཀ་བ་བརྟན་པོ་ལ། །དྲན་པའི་ཐག་པས་ངེས་བཅིངས་ཏེ། །སེམས་ནི་ཞི་ལ་གཞག་པར་བྱ། །ཞེས་འབྱུང་ངོ༌། །གང་རུང་ཅིག་དག་ལ་ཞེས་པ་ནི། མཚན་མ་དང་བཅས་པའི་ཞི་གནས་དང༌། མཚན་མ་མེད་པའི་ཞི་གནས་སོ། །དེ་ཡང་བླ་མའི་ཞལ་སྔ་ནས་ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ལས་འདི་སྐད་


DTG111_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འདིར་ཞི་གནས་ནི་གཉིས་ཏེ། མཚན་མ་དང་བཅས་པ་དང༌། མཚན་མ་མེད་པའོ། །མཚན་མ་དང་བཅས་པ་ལ་གཉིས་ཏེ། ཁ་ནང་དུ་བལྟས་པ་དང༌། ཁ་ཕྱིར་བལྟས་པའོ། །ནང་དུ་བལྟས་པ་ལ་གཉིས་ཏེ། ལུས་ལ་དམིགས་པ་དང༌། ལུས་ལ་བརྟེན་པ་ལ་དམིགས་པའོ། །ལུས་ལ་དམིགས་པ་ལ་གསུམ་སྟེ། ལུས་ཉིད་ལྷའི་རྣམ་པར་དམིགས་པ་དང༌། ཀེང་རུས་ལ་སོགས་པ་ལ་མི་སྡུག་པའི་རྣམ་པར་དམིགས་པ་དང༌། ཁ་ཊྭཱཾ་ག་ལ་སོགས་པ་མཚན་མ་ཁྱད་པར་ཅན་ལ་དམིགས་པའོ། །ལུས་ལ་བརྟེན་པ་ལ་ལྔ་སྟེ། དབུགས་ལ་དམིགས་པ་དང༌། མཚན་མ་ཕྲ་མོ་ལ་དམིགས་པ་དང༌། ཐིག་ལེ་ལ་དམིགས་པ་དང༌། འོད་ཟེར་གྱི་ཡན་ལག་ལ་དམིགས་པ་དང༌། དགའ་བ་དང་བདེ་བ་ལ་དམིགས་པའོ། །ཁ་ཕྱིར་བལྟས་པ་ལ་གཉིས་ཏེ། ཁྱད་པར་ཅན་དང༌། ཕལ་པའོ། །ཁྱད་པར་ཅན་ལ་གཉིས་ཏེ། སྐུ་ལ་དམིགས་པ་དང༌། གསུང་ལ་དམིགས་པའོ། །འདི་དག་ནི་ཞི་གནས་ལ་འཇུག་པའི་ཡན་ལག་གོ་ཞེས་པ་དང༌། མཚན་མ་མེད་པའི་ཞི་གནས་ནི། ཡང་དེ་ཉིད་ལས་མཚན་མ་མེད་པའི་ཞི་གནས་སོ་སོར་རྟོག་པའི་ཤེས་རབ་ཉིད་ལས། མཚན་མ་མེད་པའི་ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་ཞེས་ཏེ་ཞེས་པ་དང༌། ཡང་དེ་ཉིད་ལས་མཚན་མ་དང་བཅས་པའི་ཞི་གནས་ལ་བརྟེན་པ་པས་ནི་མཚན་མ་མེད་པའི་ཞི་གནས་ལ་དམིགས་ནས་ལྷག་མཐོང་སྐྱེས་པའི་ཕྱོགས་འདི་བསྔགས་ཏེ། དེ་ལ་གནས་པ་བརྟན་པ་དང༌། ཞི་གནས་འབའ་ཞིག་གིས་ཉོན་མོངས་པ་སེལ་བ་དང༌། རབ་ཏུ་གནོན་པར་འགྱུར་བས་དེ་ནི་འབྲས་བུ་དང་རྗེས་སུ་མཐུན་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་ཇི་ལྟ་བསྒོམ་པ་ནི་འདིར་མི་བརྗོད་དེ་གཞུང་མངས་པའི་འཇིགས་པ་དང༌། བླ་མ་དམ་པས་ཉམས་སུ་མྱོང་བའི་མན་ངག་ལ་བརྟེན་པར་རིགས་ཀྱི། བསྒོམ་པའི་མན་ངག་ནི་ཡི་གེར་གནས་པས་ཤེས་པར་དཀའ་བའི་ཕྱིར་དང༌། ཞིབ་ཏུ་ནི་ཞི་གནས་དང་ལྷག་མཐོང་བསྟན་པ་ལས་བཤད་པའི་ཕྱིར་རོ་ཞེས་གསུངས་སོ། །དེ་ལྟ་བུའི་རྣལ་འབྱོར་པས་ཞི་གནས་གྲུབ་པར་གྱུར་ནས།


DTG111_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བཤད་པའི་མངོན་པར་ཤེས་པ་ལྔ་པོ་དག་འགྲུབ་པར་འགྱུར་བ་ལ་ཐེ་ཚོམ་མེད་དོ་ཞེས་བླ་མ་གསུང་ངོ༌། །གཞན་ཡང་མངོན་པར་ཤེས་པ་བསྐྱེད་པའི་ཐབས་སུ་གྱུར་བ་འཕགས་པ་སྤྱན་རས་གཟིགས་ཀྱིས་ཞུས་པའི་ཆོས་བདུན་པའི་མདོ་ལས་འབྱུང་བའི་བསླབ་པའི་གཞི་དེ་དག་ཀྱང་ཉམས་སུ་བླང་བར་བྱ་བ་དང༌། མདོ་དེ་ཉིད་ཀྱང་དུས་དུས་སུ་ཁ་ཏོན་དུ་གདོན་པར་ཡང་བྱའོ། །འཕགས་པ་ཐོགས་མེད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་མྱུར་དུ་ཐོབ་པར་འདོད་པས་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཕྱག་འཚལ་བ་དང༌། མཆོད་པ་དང་སྡིག་པ་བཤགས་པ་དང༌། རྗེས་སུ་ཡི་རང་བ་དང༌། བསྐུལ་བ་དང༌། གསོལ་བ་གདབ་པ་དང༌། ཡོངས་སུ་བསྔོ་བ་ལ་བརྩོན་པར་བྱའོ་ཞེས་གསུངས་སོ། །གཞན་ཡང་འདོད་པ་ཆུང་བ་དང་ཆོག་ཤེས་པ་དང༌། གསོ་སླ་བ་དང་རང་ཏུ་དབེན་པ་ལ་སོགས་པ་ཞི་གནས་ཀྱི་ཚོགས་ཐམས་ཅད་དང་ལྡན་པའོ། །དེ་ལྟ་བུའི་རྣལ་འབྱོར་པ་ཞི་གནས་ལ་ལེགས་པར་གནས་པ་ནི་འདོད་པ་ཆུང་ཞིང་ཆོག་ཤེས་པར་འགྱུར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་བ་ལས། དགེ་སློང་བསམ་གཏན་ལ་སེམས་ཅུང་ཞིག་བླན་པ་རྣམས་ནི་གོས་ཀྱི་འདུ་ཤེས་ཆུང་བ་ཡིན། ཟས་ཀྱི་འདུ་ཤེས་ཆུང་བ་དང༌། པགས་པའི་མདོག་སྣུམ་པ་ཡིན་ཞེས་གསུངས་ཏེ། དེ་ལྟ་བུའི་བྱང་ཆུབ་སེམས་དཔའི་རྣལ་འབྱོར་བ་དེ་ནི་འཇིག་རྟེན་པའི་ནོར་ལ་ཞེན་པ་སྤངས་ནས་འཕགས་པའི་ནོར་བདུན་ལ་འབད་པར་བྱེད་དོ། །དེ་རྗེས་སུ་དྲན་པ་དྲུག་ཡིད་ལ་བྱེད་དོ། །དྲུག་ལས་ཀྱང་རེ་ཞིག་སངས་རྒྱས་དང་ཆོས་དང་དགེ་འདུན་རྗེས་སུ་དྲན་པར་བྱེད་དོ། །དབང་པོ་རྣོན་པོ་དང༌། དབང་པོ་རྟུལ་པོའི་དབྱེ་བས་སོ། །དབང་པོ་རྣོན་པོས་རྗེས་སུ་དྲན་པར་བྱ་བ་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང༌། འཕགས་པ་སངས་རྒྱས་རྗེས་སུ་དྲན་པའི་མདོ་དང༌། འཕགས་པ་ནམ་མཁའ་མཛོད་ཀྱི་མདོ་དང༌། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལ་སོགས་པར་བལྟ་བར་བྱའོ། །དེ་ལ་དབང་པོ་རྟུལ་པོས་རྗེས་སུ་དྲན་པར་བྱ་བ་ནི་འཕགས་པ་དད་པའི་


DTG111_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་བསྐྱེད་པའི་མདོ་དང༌། འཕགས་པ་སངས་རྒྱས་བགྲོ་བ་དང༌། ཆོས་བགྲོ་བ་དང༌། དགེ་འདུན་བགྲོ་བའི་མདོ་དང༌། འཕགས་པ་སངས་རྒྱས་རྗེས་སུ་དྲན་པའི་མདོ་དེ་ཉིད་དང༌། སངས་རྒྱས་རྗེས་སུ་དྲན་པའི་མདོ་ཆུང་བ་དང༌། ཐེག་པ་ཆེན་པོའི་མདོ་སྡེ་གཞན་དུ་ཡང་བལྟ་བར་བྱའོ། །གཞན་ཡང་མདོའི་དགོངས་པ་འཆད་པ་ཡིན་པས། བསླབ་པ་ཀུན་ལས་བཏུས་པའི་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་སྐབས་སུ་ཡང་བལྟ་བར་བྱའོ། །དེ་ལྟ་བུའི་རྣལ་འབྱོར་པ་དེ་ལ་ལྷག་མཐོང་ཡང་སྐྱེ་པར་འགྱུར་ཏེ་འདིའི་དོན་འོག་ནས་འཆད་པར་འགྱུར་རོ། །དེ་བས་ཞི་གནས་དང་ལྷག་མཐོང་ལ་རྣལ་འབྱོར་དུ་བྱེད་པ་ནི་ལམ་ལ་གནས་པ་ཞེས་བྱ་བ་ཡིན་པས། དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་བ་བཞི་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་ལ་རིམ་གྱིས་གནས་པར་འགྱུར་རོ། །ལྷག་པའི་སེམས་ཀྱི་བསླབ་པ་བསྟན་ཟིན་ཏོ། །ད་ནི་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པར་ཤེས་པའི་ཤེས་རབ་ཀྱིས་བསོད་ནམས་ཀྱི་ཚོགས་དང་ཡེ་ཤིས་ཀྱི་ཚོགས་གཉིས་ཟུང་དུ་འབྲེལ་བར་རྫོགས་པར་བྱའོ་སྙམ་དུ་བསམས་ནས། ཤེས་རབ་ཕ་རོལ་ཕྱིན་སྦྱོར་དང༌། །བྲལ་བས་སྒྲིབ་པ་ཟད་མི་འགྱུར། །ཞེས་པ་ལ་སོགས་པ་སྨྲས་ཏེ། ཞི་གནས་ཀྱིས་ནི་ལས་དང་ཉོན་མོངས་པ་དང༌། རྣམ་པར་སྨིན་པ་དང༌། ཆོས་ཀྱི་སྒྲིབ་པ་ལ་སོགས་པ་སྤོང་པར་མི་ནུས་ཏེ། ལྷག་མཐོང་གིས་དེ་དག་སྤངས་ནས་ཟད་པར་འགྱུར་བས་ལྷག་མཐོང་བརྟེན་པར་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ད་ནི་ཐབས་དང་ཤེས་རབ་རྒྱས་པར་བཤད་པར་བྱ་སྟེ། གང་ཕྱིར་བཅིངས་པ་ཞེས་གསུངས་པས་ཞེས་པ་ནི་འཕགས་པ་ག་ཡ་མགོའི་རིའི་མདོ་དང༌། འཕགས་པ་དྲི་མ་མེད་པར་གྲགས་པའི་མདོ་ལས་ཐབས་དང་བྲལ་བའི་ཤེས་རབ་ནི་འཆིང་བའོ། །ཤེས་རབ་དང་བྲལ་བའི་ཐབས་ཀྱང་འཆིང་བའོ་ཞེས་གསུངས་སོ། །དེ་བས་གཉིས་ཀ་སྤང་མི་བྱ། །ཞེས་པ་ནི། དཔལ་ཡེ་ཤེས་གྲགས་པའི་ཞལ་ནས་འདི་སྐད་དུ། ཤེས་རབ་ཀྱི་


DTG111_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དང༌། སྦྱིན་པ་ལ་སོགས་པའི་ཐབས་ལ་རབ་ཏུ་འཇུག་གོ །དེ་ཡང་འཕགས་པ་ག་ཡ་མགོའི་རི་ལས་གཉིས་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ལམ་མདོར་བསྡུས་པ་སྟེ། འདི་ལྟ་སྟེ། ཐབས་དང་ཤེས་རབ་པོ་ཞེས་གསུངས་པ་སྟེ། ཐབས་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚད་མེད་པ་དང༌། བསྡུ་བའི་དངོས་པོ་དང་དེ་ལ་སོགས་པའི་དབྱེ་བས་ཕྱེ་བ་སྟེ། དེ་ཉིད་ཀྱང་འཕགས་པ་བློ་གྲོས་མི་ཟད་པ་དང༌། དཀོན་མཆོག་སྤྲིན་ལ་སོགས་པའི་མདོ་ལས་གསུངས་པའོ། །ཤེས་རབ་ནི་ཐབས་དེ་ཕྱིན་ཅི་མ་ལོག་པར་ཡོངས་སུ་གཅོད་པའི་རྒྱུའོ། །དེས་ཀྱང་ཐབས་ཡང་དག་པར་བརྟགས་ནས། ཕྱིན་ཅི་མ་ལོག་པས། བདག་དང་གཞན་གྱི་དོན་ཇི་ལྟ་བ་བཞིན་དུ་ཉམས་སུ་ལེན་པས་སྔགས་ཀྱིས་ཟིན་པའི་དུག་དང་འདྲ་བས་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །དེ་ཡང་མདོ་སྡེ་དེ་ཉིད་ལས་ཐབས་ནི་བསྡུ་བ་ཤེས་པའོ། །ཤེས་རབ་ནི་ཡོངས་སུ་གཅོད་པ་ཤེས་པའོ་ཞེས་གསུངས་པ་དང༌། འཕགས་པ་དད་པའི་སྟོབས་བསྐྱེད་པའི་མདོ་ལས་ཀྱང༌། ཐབས་ལ་མཁས་པ་གང་ཞེ་ན། གང་ཆོས་ཐམས་ཅད་ཀྱི་བསྡུ་བ་ཤེས་པའོ། །ཤེས་རབ་གང་ཞེ་ན། གང་ཆོས་ཐམས་ཅད་དབྱེར་མེད་པར་ཤེས་པ་ལ་མཁས་པའོ་ཞེས་གསུངས་པ་ཡིན་ནོ། །འདི་དག་ནི་ས་ལ་གནས་པས་ཀྱང་བརྟེན་པར་བྱ་བ་ཡིན་པས། ཤེས་པར་བྱ་བ་ཙམ་འབའ་ཞིག་ནི་མ་ཡིན་ནོ། །གང་གི་ཕྱིར་ས་བཅུ་ལ་སོགས་པའི་མདོ་ལས། ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ལ་ཡང་མི་སྤྱོད་པ་མ་ཡིན་ནོ་ཞེས་གསུངས་པས། བྱང་ཆུབ་སེམས་དཔའ་ས་བཅུ་ཐམས་ཅད་དུ་ཡང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་ཀུན་དུ་སྤྱད་པར་བྱའོ་ཞེས་གསུངས་སོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཅིག་ཏུ་དགའ་བའི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ནས། འཕགས་པ་ཡོངས་སུ་རྒྱས་པའི་མདོ་ཆོས་ཐམས་ཅད་བསྡུས་པ་ལས། བྱམས་པ་གང་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་གཟུང་བར་བྱ་བ་དེ་ལ། སྐྱེས་བུ་བླུན་པོ་རྣམས་འདི་ལྟར་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་


DTG111_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་འབའ་ཞིག་ལ་བསླབ་པར་བྱ་སྟེ། ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ཀྱིས་ཅི་ཞིག་དགོས་ཞེས་ཟེར་ཞིང༌། དེས་ཕ་རོལ་ཏུ་ཕྱིན་པ་ལྷག་མ་གཞན་སྨོད་པར་སེམས་པར་འགྱུར་རོ་ཞེས་བྱ་བ་རྒྱ་ཆེར་གསུངས་པ་དང༌། འཕགས་པ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ནི་སྙིང་རྗེ་ཆེན་པོའི་རྩ་བ་ཅན། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ཅན། ཐབས་ཀྱི་མཐར་ཕྱིན་པའོ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་གཉིས་ཀ་ཡང་དུས་ཐམས་ཅད་དུ་བརྟེན་པར་བྱའོ། །དེ་ལྟར་ན་བཅོམ་ལྡན་འདས་མི་གནས་པའི་མྱ་ངན་ལས་འདས་པ་གྲུབ་པ་ཡིན་ནོ། །དེ་ཡང་སྦྱིན་པ་ལ་སོགས་པའི་ཐབས་ཀྱིས་ནི་གཟུགས་ཀྱི་སྐུ་དང༌། ཞིང་དང༌། འཁོར་ལ་སོགས་པའི་ལོངས་སྤྱོད་ཆེན་པོའི་འབྲས་བུ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པར་མཛད་པས། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ལ་གནས་པར་མི་མཛད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱིན་ཅི་ལོག་སྤངས་པས་འཁོར་བར་གནས་པར་མི་མཛད་དོ། །འཁོར་བ་ནི་ཕྱིན་ཅི་ལོག་གི་བདག་ཉིད་ཡིན་པའི་ཕྱིར་རོ། །གང་ཡང་ཆོས་ཀྱི་རྣམ་གྲངས་གཟིངས་ལྟ་བུར་ཤེས་པས་ཆོས་རྣམས་ཀྱང་སྤང་བར་བྱ་བས་ན། ཆོས་མ་ཡིན་པ་ལྟ་ཅི་སྨོས་ཞེས་གསུངས་པ་ནི། དེ་ལ་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པ་སྤང་པར་བྱའོ་ཞེས་གསུངས་ཀྱི། དགོས་པའི་དོན་རྫོགས་པའི་དོན་དུ་ཡང་གནས་པར་མི་བྱའོ་ཞེས་གསུངས་པ་ནི་མ་ཡིན་ནོ། །དེ་ཡང་ཆོས་ཡོངས་སུ་གཟུང་བར་བྱ་སྟེ། ལོག་པ་ནི་གཟུང་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན། དུས་ཀུན་དུ་ནི་ཐབས་དང་ནི། །ཤེས་རབ་ཕ་རོལ་བདག་ཅན་ནི། །བརྟེན་བྱ་གང་ཕྱིར་དེ་ལས་ནི། །མི་གནས་མྱ་ངན་འདས་པར་འགྱུར། །ཞེས་ཁུངས་དང་བཅས་པར་གསུངས་སོ། །བླ་མའི་ཞལ་ནས་ཀྱང་དེ་ལྟ་བས་ན་དུས་ཐམས་ཅད་དུ་ཐབས་དང་ཤེས་རབ་གཉིས་ཀ་དང་ལྡན་པར་བྱ་ཞིང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཟུང་དུ་འབྲེལ་པར་བསག་པར་བྱའོ་ཞེས་གསུངས་སོ། །དེ་ལྟར་ཐབས་དང་ཤེས་རབ་གཉིས་ཟུང་དུ་འབྲེལ་བ་འཇུག་པ་དེ་གཉིས་ཀ་དང་ལྡན་པར་བྱའོ་ཞེས་བྱ་བ་དེ་བསྟན་ནས། ད་ནི་ཐབས་


DTG111_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་དང་ཤེས་རབ་ཅེས་བྱ་བ་དེ་གཉིས་ཉིད་ཇི་ལྟ་བུ་ཡིན་པ་བཤད་པའི་ཕྱིར། ཤེས་རབ་གང་དང་ཐབས་གང་ཞེས། །ཐེ་ཚོམ་དག་ནི་སྤང་བའི་ཕྱིར། །ཐབས་དེ་དང་ནི་ཤེས་རབ་ཀྱི། །ཡང་དག་དབྱེ་བ་གསལ་བར་བྱ། །ཞེས་བྱ་བ་དེ་སྨྲས་ཏེ། ཐེ་ཚོམ་དག་ནི་སྤང་པའི་ཕྱིར། །ཞེས་པ་ནི་སྔོན་གྱི་སློབ་དཔོན་ཆེན་པོ་དག་འདི་གཉིས་ལ་ཐ་དད་པར་གསུངས་སོ། །དེ་བས་ན་ཐབས་དང་ཤེས་རབ་ཀྱི་དབྱེ་བ་འདི་ལྟ་བུ་ཡིན་ཏེ། གཞུང་ཁ་ཅིག་ལས། ཐབས་ནི་བྱང་ཆུབ་སེམས་དཔའ་ཡིད། །འགྲོ་ལ་སྙིང་རྗེ་ཆེན་པོ་སྟེ། །དེ་ཡང་དམིགས་པའི་དབྱེ་བ་ཡིས། །རྣམ་པ་གསུམ་དུ་འགྱུར་བ་ཡིན། །ཞེས་བྱ་བ་འབྱུང་བ་དང༌། ཡང་གཞན་དག་ནི་ཀུན་རྫོབ་ཀྱི་རྣམ་པའི་བྱང་ཆུབ་ཀྱི་སེམས་དེ་ནི་ཐབས་ཡིན་ཞེས་འབྱུང་ངོ༌། །བླ་མ་དཔལ་བྱང་ཆུབ་བཟང་པོའི་ཞལ་ནས་འདི་སྐད་དུ། ཤེས་རབ་ཕ་རོལ་ཕྱིན་སྤངས་པའི། སྦྱིན་པའི་ཕ་རོལ་ཕྱིན་ལ་སོགས། །དགེ་བའི་ཚོགས་རྣམས་ཐམས་ཅད་དག །རྒྱལ་བ་རྣམས་ཀྱིས་ཐབས་སུ་བཤད། །ཅེས་གསུངས་པ་དེ་བདག་གི་རྩ་བར་བཀོད་པ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཕྱིན་ལ་སོགས། །ཞེས་བྱ་བ་ནི། འདིར་སྦྱིན་པ་ནི་རྣམ་པ་གསུམ་སྟེ། སྦྱིན་བདག་དང༌། རྫས་དང༌། ཞིང་གི་དབྱེ་བས་སོ། སྦྱིན་བདག་ནི་རྙེད་པ་དང་བཀུར་སྟིའམ། གྲགས་པ་དང་སྙན་པའི་ཕྱིར་རམ། གཞན་གྱིས་བསྐུལ་བའི་ཕྱིར་རམ། སྙིང་རྗེའི་ཕྱིར་རམ་སྲི་ཞུའི་ཕྱིར་ལ་སོགས་པའོ། །རྫས་ནི་འདི་ལྟར་ཆོས་དང་ཟང་ཟིང་དང་མི་འཇིགས་པ་དང༌། བྱམས་པ་ལ་སོགས་པའོ། །ཞིང་ནི་འདི་ལྟར་དཀོན་མཆོག་གསུམ་དང་བླ་མའི་གནས་དང༌། འགྲོ་བ་ལྔའི་སེམས་ཅན་ཐམས་ཅད་དོ། །དེ་ཡང་རྡོ་རྗེ་གདན་བཞི་པའི་རྒྱུད་ལས། དམངས་རིགས་སྟོང་ཕྲག་དྲུག་ཅུ་ནི། །བྲམ་ཟེ་གཙང་མ་གཅིག་ལ་སྦྱར། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་དང༌། ཡང་མདོ་ལས། དགེ་བསྙེན་སྟོན་པ་གཞན་ལ་མི་བརྟེན་པ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་དང༌། ཆོས་བཤད་པ་བརྒྱ་པ་ལས་ཀྱང་རྒྱས་པར་གསུངས་སོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་རྣལ་འབྱོར་གྱི་རྒྱུད་ལས།


DTG111_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་དུ། དབང་བསྐུར་པའི་སྦྱིན་པ་དང༌། ཆོས་ཀྱི་སྦྱིན་པ་དང༌། ནོར་གྱི་སྦྱིན་པ་དང༌། ཟས་ཀྱི་སྦྱིན་པ་དང༌། མི་འཇིགས་པའི་སྦྱིན་པ་དང༌། བྱམས་པའི་སྦྱིན་པའོ། །དེ་དག་སློབ་མ་དང་མི་སྣང་བའི་སེམས་དང༌། དགེ་སྦྱོང་དང་བྲམ་ཟེ་དང་ཕོངས་པ་དང་དུད་འགྲོ་དང་གྱོད་ཀྲིན་ཅན་དང༌། འགྲོ་བ་མཐའ་དག་གོ་རིམས་བཞིན་ནོ། །སོགས་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་གཞན་ཡང་བཤད་པ་ཡིན་ཏེ། ཚུལ་ཁྲིམས་ནི་འདི་ལྟར་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དང༌། སྤྱོད་པ་ལ་ཞུགས་པ་དང༌། ཕྱིར་མི་ལྡོག་པ་དང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང། སྐྱེ་བ་གཅིག་གིས་ཐོགས་པ་དང༌། སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དག་གོ །ཕ་རོལ་ཏུ་ཕྱིན་པ་གཞན་ནི་མདོ་ལས་འབྱུང་བ་བཞིན། དགེ་བའི་ཆོས་རྣམས་ཐམས་ཅད་དག །ཅེས་པ་ནི་འོག་ནས་འཆད་པར་འགྱུར་རོ། །གཞན་ཡང་འདི་དག་གི་དོན་རྒྱས་པ་ནི་མདོ་སྡེ་དང་གཞན་ཡང་མདོ་སྡེའི་དོན་གསལ་བར་བྱེད་པ་མདོ་ཀུན་ལས་བཏུས་པ་དང༌། བྱང་ཆུབ་སེམས་དཔའི་ས་དང༌། སྤྱོད་འཇུག་དང༌། བསླབ་པ་ཀུན་ལས་བཏུས་པ་དང༌། སློབ་དཔོན་དཔའ་བོའི་ཕ་རོལ་ཏུ་ཕྱིན་པའི་གཏམ་དག་ཏུ་བལྟ་བར་བྱའོ། །ཐབས་གོམས་དབང་གིས་ཞེས་པའི་ཤློ་ཀ་ནི་དཀྱུས་ཇི་ལྟ་བ་བཞིན་ནོ། །ཤེས་རབ་གང་ཡིན་ཞེ་ན། འདི་ལྟར་ལྷན་ཅིག་སྐྱེས་པའམ། ཐོས་པ་ལས་བྱུང་བའམ། བསམས་པ་ལས་བྱུང་བའམ། བསྒོམས་པ་ལས་བྱུང་བའམ། ཡང་གཞུང་དག་ལས། གང་ཞིག་སྤྲོས་པ་ཐམས་ཅད་ཀྱི། །གནས་དང་ཚིག་ཏུ་མ་གྱུར་པ། །འཇུག་དེ་ཐུགས་ཀྱི་རྡོ་རྗེ་ཡིས། །ཤེས་རབ་ཅེས་ནི་བྱ་བར་བསྒྲགས། །ཞེས་གསུངས་ཏེ་དེ་ཉིད་དོ། །དེ་བཞིན་དུ་རྩ་བ་ལས་ཀྱང༌། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །སྐྱེ་བ་མེད་པར་རྟོགས་གྱུར་པའི། །རང་བཞིན་སྟོང་པ་ཉིད་ཤེས་པ། །ཤེས་རབ་ཅེས་ནི་ཡོངས་སུ་བཤད། །ཅེས་སྨྲས་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དུ་ཕྱི་ནང་གི་ཆོས་ཐམས་ཅད་འདུས་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་ཞལ་ནས། བྲམ་ཟེ་ཐམས་ཅད་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་སོ་ཞེས་གསུངས་སོ། །


DTG111_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་མེད་པ་ནི་འོག་ནས་འཆད་པར་འགྱུར་རོ། །བཤད་ཅེས་པ་ནི་སངས་རྒྱས་དང་བླ་མས་གསུངས་ཞེས་པའོ། །འདིར་སྨྲས་པ། ཕ་རོལ་ཕྱིན་དང་བསྡུ་བའི་དངོས་པོ་དང༌། །ཚད་མེད་བཞི་དང་ཡན་ལག་བདུན་པ་དང༌། །ཆོས་སྤྱོད་བཅུ་དང་དགེ་བའི་ལས་རྣམས་གཞན། །འཕགས་པའི་ནོར་བདུན་རྗེས་དྲན་དྲུག་ལ་སོགས། །མཎྜལ་ཚ་ཚ་སྐོར་བ་ལ་སོགས་པ། །ཐབས་ཡིན་ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ། །ཤེས་རབ་ཕ་རོལ་ཕྱིན་པ་གཅིག་བུ་ཉིད། །ཤེས་རབ་ཡིན་ཏེ་ཆོས་ཀྱི་སྐུ་ཡི་རྒྱུ། །སྨྲས་པ་རིགས་ཀྱི་བུ་དེ་ལྟ་བུའི་ཤེས་རབ་ཅེས་བྱ་བ་དེ་ཚུལ་ཇི་ལྟ་བུ་ཞིག་གིས་མངོན་སུམ་དུ་བྱེད་པར་འགྱུར་ཞེ་ན། སྨྲས་པ་གཏན་ཚིགས་ཆེན་པོ་བཞིས་ཤེས་པར་འགྱུར་རོ། །བཞི་གང་ཞེ་ན། མུ་བཞི་སྐྱེ་བ་འགོག་པའི་གཏན་ཚིགས་དང༌། རྡོ་རྗེ་གཟེགས་མའི་གཏན་ཚིགས་དང༌། གཅིག་དང་དུ་མ་བྲལ་བའི་གཏན་ཚིགས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་གཏན་ཚིགས་སོ། །དེ་དག་ཀྱང་གང་ཡིན་ཞེ་ན། ཡོད་པ་སྐྱེ་བ་རིགས་མིན་ཏེ། །ཞེས་པ་ལ་སོགས་པ་ཤློ་ཀ་བཞིས་བསྟན་ཏོ། །དེ་ལ་ཡོད་པ་སྐྱེ་བ་རིགས་མིན་ཏེ། །མེད་པ་ནམ་མཁའི་མེ་ཏོག་བཞིན། །ཉེས་པ་གཉིས་ཀར་ཐལ་འགྱུར་ཕྱིར། གཉིས་ཀ་དག་ཀྱང་འབྱུང་བ་མིན། །ཞེས་པས་མུ་བཞི་སྐྱེ་བ་འགོག་པའི་གཏན་ཚིགས་བསྟན་ཏེ། འདི་ན་ཆོས་གང་དག་ཡོད་པ་དག་ནི་སྐྱེ་བར་མི་འགྱུར་ཏེ། སྐྱེས་ཟིན་པའི་ཕྱིར་རོ། །མེད་པའི་ཆོས་ཀྱང་སྐྱེ་བར་མི་འགྱུར་ཏེ། དེ་དག་རང་ཉིད་ཀྱིས་མ་གྲུབ་ཅིང་སྐྱེ་བའི་རྒྱུ་མེད་པའི་ཕྱིར་རོ། །གཉིས་ཀ་ཞེས་པའི་ཕུང་པོ་གསུམ་པ་ནི་འགའ་ཡང་འདི་ན་མེད་དོ། །འདིའི་དོན་སློབ་དཔོན་ཞི་བའི་ལྷས་ཀྱང་གསུངས་ཏེ། འདི་སྐད་དུ། དངོས་པོ་ཡོད་པར་གྱུར་བ་ལ། །རྒྱུ་རྣམས་ཀྱིས་ནི་ཅི་ཞིག་བྱ། །འོན་ཏེ་དེ་ནི་མེད་ན་ཡང༌། །རྒྱུ་རྣམས་ཀྱིས་ནི་ཅི་ཞིག་དགོས། བྱེ་བ་བརྒྱ་ཕྲག་རྒྱུ་ཡིས་ཀྱང༌། །དངོས་པོ་མེད་ལས་བསྒྱུར་དུ་མེད། །གནས་སྐབས་དེ་དངོས་ཇི་ལྟ་བུ། །དངོས་ལས་གཞན་པའང་གང་ཞིག་ཡིན། །མེད་པའི་ཚེ་ན་དངོས་མེད་ན། །ནམ་ཞིག་དངོས་པོ་འབྱུང་བར་འགྱུར། །དངོས་པོ་སྐྱེ་བ་མེད་པ་ཡིས། །དངོས་པོ་མེད་ནི་


DTG111_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་མི་འགྱུར། །དངོས་པོ་མེད་དང་མ་བྲལ་ན། །དངོས་པོ་ཡོད་པའི་སྐབས་མི་འབྱུང༌། །རང་བཞིན་གཉིས་སུ་ཐལ་འགྱུར་ཕྱིར། །དངོས་པོ་དངོས་མེད་ཡོད་མི་འགྱུར། །དེ་བཞིན་ཆད་པ་ཡོད་མིན་ཞིང༌། །རྟག་པར་ཡང་ནི་མི་དམིགས་སོ། །དེ་བས་སྐྱེ་བོ་འདི་དག་ནི། །སྐྱེ་བ་མེད་ཅིང་འགག་པ་མེད། །ཅེས་རྒྱས་པར་གསུངས་སོ། །དངོས་པོ་རང་ལས་མི་སྐྱེ་ཞིང༌། །གཞན་དང་གཉིས་ཀ་ལས་ཀྱང་མིན། །རྒྱུ་མེད་ལས་མིན་དེ་ཡི་ཕྱིར། །ངོ་བོ་ཉིད་ཀྱིས་རང་བཞིན་མེད། །ཅེས་བྱ་བ་འདིས་ནི་རྡོ་རྗེ་གཟེགས་མ་བསྟན་ཏེ། འདི་ལྟར་བདག་དང༌། ཕྱག་དང༌། དབང་ཕྱུག་དང༌། སྐྱེས་བུ་དང༌། ལས་དང༌། རང་བཞིན་དང༌། ཡོན་ཏན་དང༌། ཚངས་པ་དང༌། ཁྱབ་འཇུག་དང༌། ལྷ་ཆེན་པོ་ལ་སོགས་པ་ཕྱི་དང་ནང་གི་བྱེད་པའི་སེས་བུ་དང༌། གཞན་ཡང་རང་གི་སྡེ་བདག་ཀྱང་རྒྱུ་དྲུག་དང༌། རྐྱེན་བཞིས་དངོས་པོ་སྐྱེ་བར་ཁས་ལེན་པ་དེ་དག་ནི་ལོག་པར་རྟོགས་པ་ཡིན་ཏེ། དེ་དག་དགག་པའི་ཕྱིར་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དབུ་མའི་རྩ་བ་ཤེས་རབ་ལས་གསུངས་སོ། །དོན་འདི་རྒྱས་པར་དེ་ཉིད་དང་དེའི་འགྲེལ་པ་ཆེན་པོ་དྲུག་དང༌། ཊཱི་ཀ་ཆེན་པོ་གཉིས་དང༌། དབུ་མ་རྣམ་པར་འཐག་པ་དང༌། ཚིག་དོན་གསལ་བ་དང༌། རྟོག་གེ་འབར་བ་དང༌། དབུ་མ་ལ་འཇུག་པ་དག་ཏུ་བལྟ་བར་བྱའོ། །ཡང་ན་ཆོས་རྣམས་ཐམས་ཅད་དག་།གཅིག་དང་དུ་མས་རྣམ་དཔྱད་ན། །ངོ་བོ་ཉིད་ཀྱིས་མི་དམིགས་པས། །རང་བཞིན་མེད་པ་ཉིད་དུ་ངེས། །ཞེས་བྱ་བ་འདིས་ནི་གཅིག་དང་དུ་མ་དང་བྲལ་བའི་གཏན་ཚིགས་བསྟན་ཏེ། ཡང་ན་ཞེས་བྱ་བ་འདིའི་དོན་ནི་བསྟན་པའོ། །གཅིག་དང་དུ་མས་རྣམ་དཔྱད་ན། །ཞེས་པའི་དོན་ནི་སློབ་དཔོན་ཞི་བ་འཆོས་བཤད་དེ། བདག་དང་གཞན་སྨྲས་དངོས་འདི་དག །ཡང་དག་དོན་དུ་རང་བཞིན་མེད། །གཅིག་དང་དུ་མར་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་གསུངས་པ་དང༌། སློབ་དཔོན་དཔལ་སྤས་ཀྱིས་ཀྱང༌། ཕྱི་དང་


DTG111_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ན་གནས་འདི་ཀུན། །ཡང་དག་དོན་དུ་རང་བཞིན་མེད། །གཅིག་པ་ཉིད་དང་དུ་མ་དང༌། །བྲལ་པའི་ཕྱིར་ན་གཟུགས་བརྙན་བཞིན། །ཞེས་གསུངས་སོ། །དེ་དག་གི་དོན་རྒྱས་པར་གཞུང་དེ་དག་ཉིད་དུ་བལྟ་བར་བྱའོ། །སྟོང་ཉིད་བདུན་ཅུའི་རིགས་པ་དང། དབུ་མ་རྩ་བ་ལ་སོགས་ལས་ཀྱང༌། དངོས་པོ་རྣམས་ཀྱི་རང་བཞིན་ནི། །སྟོང་པ་ཉིད་དུ་གྲུབ་བཤད་པ། །ཞེས་བྱ་བ་འདིས་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་གཏན་ཚིགས་བསྟན་ཏེ། འདིའི་དོན་ཡང་གཞུང་དེ་དག་ཉིད་དུ་བལྟ་བར་བྱའོ། །གྲུབ་བཤད་པ་ནི་སྔོན་གྱི་སློབ་དཔོན་ཆེན་པོ་རྣམས་ཀྱིས་དངོས་པོ་ཐམས་ཅད་སྐྱེ་བ་མེད་པར་བསྒྲུབས་པ་བསྟན། དེ་ལྟ་བུའི་གཏན་ཚིགས་ཆེན་པོ་བཞིས་དངོས་པོ་མ་ལུས་པ་སྐྱེ་བ་མེད་པ། རབ་ཏུ་མི་གནས་པ། རང་བཞིན་གྱིས་མྱ་ངན་ལས་འདས་པ། གདོད་ནས་རྣམ་པར་དག་པ། རྩ་བ་མེད་པ་གཞི་མེད་པ། ཆོས་གང་ཡང་གྲུབ་པ་མེད་པར་སྔོན་གྱི་མཁས་པ་ཆེན་པོ་དག་གིས་ལེགས་པར་བསྒྲུབས་ཟིན་ཏོ།། །།འཛམ་བུའི་གླིང་ན་མཁས་པ་དག་ནི་འདི་སྐད་དུ། འཕགས་པ་ཐོགས་མེད་ཀྱིས་བསྟན་པའི་རྣམ་གྲངས་བཤད་པ། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྣམ་པར་རིག་པ་ཙམ་དུ་གསུངས་ཤིང༌། ད་ལྟར་བླ་མ་སུ་ཝ་རྞྞ་དྭཱི་པ་དང༌། བླ་མ་ཤཱན་ཏི་པ་ཡང་དེ་ལྟར་དགོངས་སོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས་ནི་བསྟན་པའི་སྙིང་པོ་བཤད་དེ། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཡོད་པ་དང་མེད་པ་ལས་འདས་པའི་དབུ་མ་ཆེན་པོའི་དོན་ཐུགས་སུ་ཆུད་ཅིང༌། མཁས་པ་གཞན་གྱི་རྒྱུད་ལ་ཡང་དེ་ལྟར་གསུངས་སོ། །དེ་ལྟར་བླ་མ་བྱང་ཆུབ་བཟང་པོ་དང༌། རྗེ་བཙུན་ཀུ་སུ་ལུ་པ་ཡང་དེ་ལྟར་དགོངས་སོ། །འཕགས་པ་ཀླུ་སྒྲུབ་ཞལ་གྱི་བདུད་རྩི་དེས། །ཨཱཪྻ་དེ་བ་ཟླ་གྲགས་བྷ་བྱ་དང༌། །ཞི་བའི་ལྷ་དང་བྱང་ཆུབ་བཟང་པོའི་བར། །ཚིམ་པར་གྱུར་བ་བདག་ལའང་ཅུང་ཞིག་འཐོར། །དེ་ལྟར་གཏན་ཚིགས་ཆེན་པོ་བཞི་དག་གིས། །ཆོས་རྣམས་ཐམས་ཅད་སྐྱེ་མེད་བསྒྲུབ་བྱས་ཏེ། །སྔོན་གྱི་སློབ་དཔོན་རྣམས་ཀྱི་རྗེས་འབྲངས་ནས། །དབུ་མ་ཆེན་པོའི་གྲུབ་མཐར་གནས་པར་བྱ། ཡང་ན་འདི་ལྟ་བུ་ཡིན་ཏེ།


DTG111_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དེང་སང་སེམས་ཅན་དུས་དང་ཉོན་མོངས་དང༌། །ལྟ་བ་ཚེ་ཡི་སྙིགས་མར་གྱུར་པ་སྟེ། །གཞུང་རྣམས་མཉན་པར་དགོས་པ་མེད་པས་ན། །སྙིང་པོ་དོན་གྱི་རྣལ་འབྱོར་བསྒོམ་པར་བྱ། །དིང་སང་དུས་སུ་གཟིངས་དང་འདྲ་བ་ཡི། །གཞུང་རྣམས་རྒྱ་ཆེན་མཉན་པའི་དུས་མེད་པས། །ཡིད་འཁྲུགས་བྱེད་པ་ཐམས་ཅད་སྤངས་བྱས་ལ། །དམ་པའི་ཉེར་བསྟན་འབའ་ཞིག་བསྒོམ་པར་བྱ། །ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང༌། །ཚེ་ཡི་ཚད་ཀྱང་འདི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །འདོད་པའི་དངོས་པོ་དང་ལས་བླང་བར་བྱ། །རྩ་བ་ཉིད་བཤད་པར་བྱ་སྟེ། དབུ་མའི་རྩ་བ་ཞེས་བྱ་བ་ནི་དབུ་མའི་རྩ་བ་ཤེས་རབ་བོ། །སོགས་ཞེས་པས་ནི་ག་ལས་འཇིགས་མེད་དང༌། རིགས་པ་དྲུག་ཅུ་པ་དང༌། རྩོད་པ་བཟློག་པ་དང༌། སྟོང་པ་ཉིད་བདུན་ཅུ་པ་དང༌། རིན་པོ་ཆེའི་ཕྲེང་བ་དང༌། ཐེག་པ་ཆེན་པོ་ཉི་ཤུ་པ་དང༌། ཚིག་བརྒྱ་པ་དང༌། སཱ་ལུ་ལྗང་པའི་འགྲེལ་པ་ལ་སོགས་པའོ། །ཡང་ན་སོགས་ཞེས་པ་ནི་སློབ་དཔོན་འཕགས་པའི་དངོས་ཀྱི་སློབ་མ་རྗེ་བཙུན་ཨཱཪྻ་དེ་བ་དང༌། སློབ་དཔོན་ཟླ་གྲགས་དང༌། སློབ་དཔོན་བྷ་བྱ་སྣང་བྲལ་དང༌། སློབ་དཔོན་ཞི་བའི་ལྷ་ལ་སོགས་པས་མཛད་པའི་བསྟན་བཅོས་ཏེ། དེ་ཡང་རྗེ་བཙུན་ཨཱཪྻ་དེ་བས་ནི་དབུ་མ་རྣམ་པར་འཐག་པ་ཆེན་པོ་དང༌། ལག་པའི་ཚད་དང༌། སོར་མོ་ལྟ་བུའི་བཤད་པ་དང༌། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལ་སོགས་པ་མཛད་དོ། །སློབ་དཔོན་ཟླ་གྲགས་ཀྱིས། དབུ་མ་ལ་འཇུག་པ་དང༌། རིགས་པ་དྲུག་ཅུ་པའི་འགྲེལ་པ་དང༌། དབུ་མ་ཕུང་པོ་ལྔ་པ་དང༌། ཚིག་དོན་གསལ་བ་ལ་སོགས་པ་མཛད་དོ། །སློབ་དཔོན་བྷ་བྱ་སྣང་བྲལ་གྱིས་དབུ་མ་རྟོག་གེ་འབར་བ་དང༌། ཤེས་རབ་སྒྲོན་མ་ལ་སོགས་པ་མཛད་དོ། །དེ་ལ་དབུ་མའི་རྩ་བ་ཤེས་རབ་ལ་འགྲེལ་པ་བརྒྱད་ཡོད་དེ། སློབ་དཔོན་ཉིད་ཀྱིས་མཛད་པའི་ག་ལས་འཇིགས་མེད་དང༌། སློབ་དཔོན་ཟླ་གྲགས་ཀྱིས་མཛད་པའི་ཚིག་དོན་གསལ་བ་དང༌། སློབ་དཔོན་བྷ་བྱ་སྣང་བྲལ་གྱིས་མཛད་པའི་ཤེས་རབ་སྒྲོན་མ་དང༌། གནས་བརྟན་བུདྡྷ་པཱ་ལི་ཏས་མཛད་པའི་བུདྡྷ་པཱ་ལི་ཏ་དང༌། སློབ་དཔོན་བློ་བརྟན་གྱིས་མཛད་


DTG111_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང། སློབ་དཔོན་གུ་ཎ་མ་ཏི་དང༌། སློབ་དཔོན་གུ་ཎ་ཤྲཱི་དང༌། ཨཱཙཱ་ཪྻ་གུ་ཎ་ད་ཏས་མཛད་པ་རྣམས་སོ། །དེ་ལ་ཤེས་རབ་སྒྲོན་མ་ལ་ཊཱི་ཀ་ཆེན་པོ་གཉིས་ཡོད་དེ། ཨཱཙཱ་ཪྻ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པ་དང༌། ཨཱཙཱ་ཪྻ་དེ་བ་ཤརྨས་མཛད་པའི་དབུ་མ་དཀར་པོ་འཆར་བའོ། །གཞན་ཡང་འཛམ་བུའི་གླིང་ན་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་འཆད་པ་མཁས་པ་ཆེན་པོ་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུ་ཐུགས་སུ་ཆུད་པ་རྣམས་ཀྱིས་མཛད་པའི་གཞུང་གི་གཏན་ཚིགས་དག་གིས། དངོས་པོ་རྣམས་ཀྱི་རང་བཞིན་གྱི། །སྟོང་པ་ཉིད་ནི་གྲུབ་བཤད་པ། །ཞེས་ཏེ་དེ་དང་དེར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྒྱས་པར་བསྒྲུབས་ཟིན་ལ། གལ་ཏེ་བདག་གིས་གཏན་ཚིགས་ཆེན་པོ་བཞིས་གཞན་དག་གི་ལོག་པར་རྟོགས་པ་བསལ་བར་གྱུར་ན་ནི་གཞུང་ཤིན་ཏུ་མངས་པར་འགྱུར་བས་ན། དེ་ཕྱིར་བདག་གིས་འདིར་ཉུང་དུན་དུ་བྱས་ཤིང་མ་སྤྲོས་པ་ཡིན་ནོ། །འདིར་བདག་ཅག་དབུ་མ་ཆེན་པོའི་གྲུབ་པའི་མཐའ་ནི་འདི་ལྟར་ཡིན་ནོ་ཞེས་སྨོས་པ་ཙམ་དུ་ཟད་ཀྱི། གྲུབ་པའི་མཐའ་རྒྱས་བར་ནི་མ་བྲིས་ཏེ། རྣལ་འབྱོར་པ་ཉམས་སུ་ལེན་འདོད་པ་དག་ལ་ཉུང་དུན་དུ་བསྡུས་ནས་བསྟན་པ་ཡིན་པས། བསྒོམ་པའི་དོན་དུ་རབ་ཏུ་བཤད། །ཅེས་བྱ་བ་དེ་ཡིན་ནོ། །འདིར་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པས། ཉམས་སུ་བླང་བའི་ཐབས་ནི་བདག་གིས་མ་བྲིས། བླ་མ་ཡོངས་སུ་མཉེས་བར་བྱས་ནས་བླ་མ་ལ་ཞུ་བར་བྱའོ། །དེ་བས་ཆོས་རྣམས་མ་ལུས་པ། །ཞེས་བྱ་བ་ལ་སོགས་པ་ལ། དེ་དག་ནི་དཀྱུས་ཇི་ལྟ་བ་བཞིན་ནོ། །གང་གི་རང་བཞིན་མ་མཐོང་ཞེས་པ་ནི་ཆོས་གང་ཡང་མཐོང་བ་མེད་པ་ཉིད་དེ་ཁོ་ན་ཉིད་མཆོག་མཐོང་བའོ་ཞེས་མདོ་སྡེ་དུ་མར་གསུངས་པ་ཡིན་ནོ། །འདིའི་དོན་ལ་སློབ་དཔོན་ཨཱཪྻ་དེ་བས་མཛད་པའི་དབུ་མ་འཁྲུལ་པ་འཇོམས་པར་བལྟ་བར་བྱའོ། །རྟོག་གེ་འབར་བ་དང༌། དབུ་མ་ལ་འཇུག་པ་དང༌། སྤྱན་རས་གཟིགས་བརྟུལ་ཞུགས་དག་ཏུ་ཡང་བལྟ་བར་བྱའོ། །ཆོས་གཞན་ཐམས་ཅད་ལྟ་ཡོངས་སུ་གྲུབ་པ་མེད་ན་རང་གི་སེམས་འདི་


DTG111_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དམ་ཞེ་ན། ཤེས་རབ་དེ་ཉིད་རིགས་བཤད་པ། །ཞེས་སྨྲས་ཏེ། སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་ག་ལ་ཡོད་དེ་མེད་དོ། །ཇི་ལྟར་མེད་པ་ཡིན་ཞེ་ན། རིགས་བཤད་པ་ཞེས་ཏེ། དེ་ཉིད་ཀྱང་གཏན་ཚིགས་ཆེན་པོ་བཞིས་བཤད་ཅིང་གཞིགས་ན་གྲུབ་པར་མི་འགྱུར་ཏེ། དོན་འདི་ནི་བཅོམ་ལྡན་འདས་ཀྱིས་འཕགས་པ་བདེན་པ་གཉིས་བསྟན་པའི་མདོ་ལས་གསལ་བར་གསུངས་ཏེ། ཇི་སྐད་དུ་དོན་དམ་པར་ནི་ཆོས་ཐམས་ཅད་ཀྱི་ཤེས་རབ་རྣམ་པར་དཔྱད་ནས་བཙལ་ཡང་ཤིན་ཏུ་མེད་ཅིང་མི་དམིགས་པའོ། །ཤེས་རབ་དེ་ཡང་དོན་དམ་པར་ནི་ཤིན་ཏུ་མེད་ཅིང་མི་དམིགས་པས་ན་ཀུན་རྫོབ་ཏུ་ཤེས་རབ་ཅན་ཞེས་བྱ་བ་སྟེ། ཤེས་རབ་དེ་ཡང་དོན་དམ་པར་ན་ཤིན་ཏུ་མི་སྐྱེས་ཤིང་མེད་པ་ཡིན་ནོ། །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས་ཀྱང་དོན་འདི་ལ་དགོངས་ནས། སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས། །མ་གཟིགས་གཟིགས་པ་མ་ཡིན་ཏེ། །རང་བཞིན་མེད་པའི་ངོ་བོ་ལ། །ཇི་ལྟ་བུ་ཞིག་གཟིགས་པར་འགྱུར། །ཞེས་གསུངས་སོ། །སློབ་དཔོན་འཕགས་པ་ལྷའི་ཞལ་ནས་ཀྱང༌། རྣམ་ཤེས་དེ་ཡང་དོན་དམ་པར། །དེ་ནི་མཁས་རྣམས་མི་བཞེད་དེ། །གཅིག་དང་དུ་མ་བྲལ་པའི་ཕྱིར། །ནམ་མཁའི་པདྨ་ཉིད་དང་མཚུངས། །ཞེས་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས་གསུངས་སོ། །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། བདག་ཏུ་འཛིན་པ་བཟློག་དོན་དུ། །ཕུང་པོ་ཁམས་ལ་སོགས་པ་བསྟན། །སེམས་ཙམ་ཉིད་དུ་རྣམ་གནས་ནས། །སྐལ་ཆེན་རྣམས་ཀྱིས་དེ་དག་གཞོམ། །འདི་དག་ཐམས་ཅད་སེམས་ཙམ་ཞེས། །ཐུབ་པ་ཡིས་ནི་གང་གསུངས་པ། །བྱིས་རྣམས་སྐྲག་པ་སྤང་ཕྱིར་ཏེ། །ཡང་དག་ཏུ་ནི་དེ་ཉིད་མིན། །ཞེས་པ་དང༌། ཡང་དེ་ཉིད་ལས་ཆོས་བདག་མེད་པ་འདི་ལྟ་བུ། །ཐེག་ཆེན་དག་ལ་དགའ་རྣམས་ཀྱི། །རང་སེམས་གདོད་ནས་མ་སྐྱེས་པ། །མདོར་བསྡུས་ནས་ནི་དེ་ཡིན་ནོ། །ཞེས་གསུངས་སོ། །དེ་བས་ན་ཕྱི་རོལ་པས་བརྟགས་པའི་བདག་ལ་སོགས་པ་དང༌། རང་གི་སྡེ་པས་བརྟགས་པའི་ཕུང་པོ་ལ་སོགས་བ་དང༌། སེམས་དང་སྒྱུ་མ་ལ་སོགས་པའི་རྟོག་པ་བསལ་བར་བྱས་ནས་དེ་ལྟ་བུའི་དོན་ལ་དུས་རྟག་ཏུ་


DTG111_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ནས་རྣམ་པར་རྟོག་པ་སྤང་བར་བྱའོ། །དེ་བས་ན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། བདག་དང་ཕུང་པོ་ལ་སོགས་དང༌། །རྣམ་ཤེས་རྟོག་བས་མ་བསྒྲིབས་པ། །སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །སྟོང་པའི་མཚན་ཉིད་དག་ཏུ་བཞེད། །ཅེས་གསུངས་པ་ཡིན་ནོ། །དེ་ལྟ་བུའི་རྣམ་པར་རྟོག་པ་སྤངས་པ་ནི་མྱ་ངན་ལས་འདས་པའི་མཆོག་ཡིན་ནོ་ཞེས་སྨྲས་སོ། །འཕགས་པ་ཀླུ་སྒྲུབ་ཀྱི་མན་ངག་གིས་དངོས་གྲུབ་བརྙེས་ནས་འཕགས་པ་འཇམ་པའི་དབྱངས་ཀྱི་གནང་བ་ཐོབ་པ། མངོན་པར་ཤེས་པ་བརྙེས་པ། རྒྱུད་ཐམས་ཅད་དང། མདོ་སྡེ་ཐམས་ཅད་དང༌། འདུལ་བའི་ལུང་མ་ལུས་པའི་དགོངས་པ་དུས་གཅིག་ཏུ་ཐུགས་ལ་གསལ་བ་བདེན་པ་གཟིགས་པ་དེས་ན་གཅིག་ནས་གཅིག་ཏུ་བརྒྱུད་པའི་བླ་མ་ནི་དཔལ་བྱང་ཆུབ་བཟང་པོ་འདི་ཡིན་པས་འདའི་རྗེས་སུ་འབྲང་པར་བྱའོ། །སྔར་བཀོད་པའི་གཞུང་དེ་དག་གི་དོན་ནི་འདི་ཡིན་ཏེ། ཡང་དག་ཉིད་དུ་རྣམ་དཔྱད་ན། །སྣང་བའི་ཆོས་ཅན་ཐམས་ཅད་དང༌། །གྲུབ་མཐའ་སོགས་ཀྱིས་བརྟགས་པ་ཀུན། །འཁྲུལ་ཏེ་བརྫུན་པ་ཡིན་པར་འདོད། །དཔེར་ན་མིག་ནད་ནད་སྐྱོན་གྱིས། །ཁབ་འཛག་པ་དང་སྐྲ་ཤད་དང༌། །ཟླ་གཉིས་སྦྲང་མའི་ཕུང་པོ་མཐོང༌། །དེར་འཛིན་པ་ཡི་ཤེས་པའང་ཡོད། །དཔེར་ན་གཉིད་ལོག་གཉིད་དབང་གིས། །བག་ཆགས་ཀྱིས་ནི་བདེ་སྡུག་དང༌། །གཟུགས་ལ་སོགས་པ་ཉམས་སུ་མྱོང༌། །དེར་འཛིན་པ་ཡི་ཤེས་པའང་ཡོད། །དེ་བཞིན་ཐོག་མ་མེད་པ་ནས། །མ་རིག་མིག་ནད་ནད་སྐྱོན་གྱིས། །ཕྱི་དང་ནང་གི་དངོས་པོ་མྱོང༌། །དེར་འཛིན་པ་ཡི་ཤེས་པའང་ཡོད། །ཡང་ན་ཐོག་མ་མེད་པ་ནས། །མ་རིག་གཉིད་མཐུག་ཆེན་པོ་ལོག །བག་ཆགས་བཞི་ཡི་རྨི་ལམ་དེ། །དེར་འཛིན་ཉམས་སུ་མྱོང་པ་ཡོད། །དོན་དམ་ཉིད་ལ་རྣམ་དཔྱད་ན། །ཆོས་རྣམས་ཀྱི་ནི་ཆོས་ཉིད་པས། །ལོག་པར་རྟོག་པ་དེ་དག་གིས། །ཡོད་དང་མེད་པར་སྒྲུབ་མི་ནུས། །དཔེར་ན་མིག་ནད་མ་རུང་བར། །སྐྲ་ཤད་མེད་པར་བྱ་མི་ནུས། །གང་ཚེ་མིག་ནད་རུང་བ་ན། །སྒྲ་ཤད་ཡོད་པར་བྱ་མི་ནུས། །དཔེར་ན་མ་རིག་གཉིད་སངས་ན། །རྨི་ལམ་མཐོང་བར་བྱ་མི་ནུས། །


DTG111_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྲིད་གཉིད་ནི་མ་སངས་པར། །རྨི་ལམ་མེད་པར་བྱ་མི་ནུས། །གང་ཚེ་རབ་རིབ་ནད་སངས་དང༌། །གཉིད་ལོག་པ་ལས་སད་ཙ་ན། །སྐྲ་ཤད་སོགས་དང་རྨི་ལམ་དང༌། །དེར་འཛིན་པ་ཡི་ཤེས་པའང་མེད། །དེ་བཞིན་མ་རིག་མིག་ནད་དང༌། །མ་རིག་གཉིད་མཐུག་སད་པ་ན། །སྣང་དང་བརྟགས་པའི་ཐམས་ཅད་དང༌། །ཉམས་སུ་མྱོང་བའི་ཤེས་པའང་མེད། །རྒྱུན་ཆད་མ་ཆད་ཅེས་བརྗོད་པ། །གང་ཞིག་ཡོད་པ་དེ་རྒྱུན་ཆད། །ཆོས་ཉིད་ལ་ནི་དེ་མེད་དེ། །གློ་བུར་བྱིས་པས་བརྟགས་པར་ཟད། །དེ་བས་སློབ་དཔོན་ཞི་བའི་ལྷ། །རྒྱུན་ཆད་པར་ནི་འདིར་མི་བཞེད། །དེ་ཡི་གདམས་ངག་མེད་པ་དང༌། །རྒྱུན་ཆད་པ་ཡི་གཞུང་ཡིན་ཟེར། །འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་བས་རྣམ་གྲོལ་འགྱུར། །བདག་དང་གཞན་གྱི་གྲུབ་པའི་མཐའ། །ཁ་ཅིག་ཆོས་རྣམས་ཡོད་པར་བསྒྲུབ། །གཞན་དག་ཆོས་རྣམས་མེད་ཅེས་ཟེར། །ཡང་དག་ཉིད་ལ་རྣམ་དཔྱད་ན། །ཡོད་ཅེས་པ་དང་མེད་ཅེས་པ། །ཡང་དག་མཐའ་ལ་དེ་དག་མེད། །དེ་བས་གར་ཡང་བསྒྲུབ་མི་ནུས། །བླ་མའི་བརྒྱུད་པ་བྲལ་བ་དག །རྗེས་སུ་དཔག་པའི་ཤེས་རབ་ཀྱིས། །ཡོད་མེད་རྟག་ཆད་སོགས་བསྒྲུབས་ཀྱང༌། །ངལ་འགྱུར་དོན་ལ་རེག་མི་འགྱུར། །ཆོས་གྲགས་ཆོས་མཆོག་ལ་སོགས་པས། །གཞུང་མང་བྱས་པ་ཇི་ལྟ་བུ། །མུ་སྟེགས་རྒོལ་བ་བཟློག་པའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། །དེ་བས་དོན་དམ་བསྒོམ་པ་ལ། །ཚད་མས་དགོས་པ་མེད་དོ་ཞེས། །བདག་གིས་གཞན་དུ་བཀོད་པས་ན། །རེ་ཞིག་འདིར་ནི་བརྗོད་མི་དགོས། །དེ་བས་རྗེས་དཔག་གཙོར་བྱེད་པའི། །རྟོག་གེའི་གཞུང་རྣམས་དོར་བྱས་ལ། །འཕགས་པ་ཀླུ་སྒྲུབ་གཞུང་ལུགས་ཀྱི། །བརྒྱུད་པའི་མན་ངག་བསྒོམ་པར་བྱ། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉི་ག་མིན་པའང་མ་ཡིན་པའི། །མཐའ་བཞི་ལས་ནི་རྣམ་གྲོལ་བའི། །དེ་ཉིད་དབུ་མ་པ་ཡིས་རིག །རྟག་མིན་ཆད་མིན་རྟག་ཆད་མིན། །གཉི་ག་མིན་པའང་མ་ཡིན་པའི། །མུ་བཞི་ལས་ནི་རྣམ་གྲོལ་བའི། །དེ་ཉིད་དབུ་མ་པ་ཡིས་རྟོགས། །


DTG111_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་མེད་ལྟ་བུ་ལས་འདས་ཤིང༌། །རྟག་དང་ཆད་པ་རྣམ་པར་སྤངས། །ཤེས་དང་ཤེས་བྱ་ལས་རབ་གྲོལ། །འདི་ནི་དབུ་མ་ཆེན་པོའི་གཞུང༌། །རྗེས་སུ་དཔག་པ་གཙོར་བྱས་ནས། །ཡོད་མེད་རྟག་ཆད་སོགས་སྨྲས་ཀྱང༌། །ཆོས་ཉིད་དེ་ཡི་རྗེས་མི་འབྲང། །སྒྲོ་འདོགས་པ་དང་སྐུར་བར་ཟད། །དཔེར་ན་གསེར་དང་ནམ་མཁའ་དང༌། །ཆུ་སོགས་རང་བཞིན་དག་མོད་ཀྱི། །སྐྱོན་དང་འགྲོགས་བ་ལྟར་སྣང་ཡང༌། །དེ་དག་སྐྱོན་གྱི་རྗེས་མི་འབྲང༌། །སྒྲོ་འདོགས་སྐུར་འདེབས་རྣམ་སྤངས་ཤིང༌། །སྒྲོ་བཏགས་ཀུན་ལས་ངེས་གྲོལ་བའི། །དེ་ཉིད་ཁོ་ན་བསྒོམ་བྱས་ལ། །གྲུབ་པའི་མཐའ་ལ་གནས་མི་བྱ། །འཕགས་པ་ཀླུ་སྒྲུབ་འཕགས་པའི་ལྷ། །ཟླ་གྲགས་བྷ་བྱ་ཞི་བའི་ལྷ། །བརྒྱུད་པའི་མན་ངག་འབའ་ཞིག་བསྒོམ། །གལ་ཏེ་བརྒྱུད་པ་མེད་གྱུར་ན། །དེ་དག་རྣམས་ཀྱིས་བཀོད་པ་ཡི། །གཞུང་རྣམས་ཡང་དང་ཡང་དུ་བལྟ། །ཆོས་ཀུན་ཨ་ཡི་སྒོ་ཅན་ཏེ། །གདོད་ནས་སྐྱེ་མེད་འགག་པའང་མེད། །ངོ་བོ་ཉིད་ཀྱིས་མྱ་ངན་འདས། །རང་བཞིན་གྱིས་ནི་རྣམ་པར་དག །མཐོང་ནའང་མཐོང་བ་མ་ཡིན་ཏེ། །མཐོང་བར་བྱ་དང་མཐོང་བྱེད་དང༌། །མཐོང་བ་ཤེས་བྱ་གང་ཡང་མེད། །ཐུབ་པ་རྟག་ཏུ་མཉམ་པར་གཞག །རྣམ་པར་རྟོག་པ་ཀུན་སྤངས་ཤིང༌། །ཆོས་ཀྱི་དབྱིངས་ལ་གནས་པ་ན། །རྣལ་འབྱོར་ཆེན་པོའི་ཡེ་ཤེས་ལ། །འབྱུང་དང་འཇུག་པ་དེ་མི་འདོད། །དེ་བས་མཉམ་གཞག་རྗེས་ཐོབ་དག །སངས་རྒྱས་པ་ལ་ངེད་མི་འདོད། །ས་ལ་གནས་པ་ཡིན་པར་ནི། །རྣམ་པར་མི་རྟོག་གཟུངས་ལས་བཤད། །འདི་དོན་འདིར་ནི་རྒྱས་མ་བྱས། །བདག་གི་གཞུང་འཛིན་བླ་མ་ལ། །བསྙེན་བཀུར་སོགས་ཀྱིས་མཆོད་བྱས་ཏེ། །ཡང་དང་ཡང་དུ་ཞུ་བར་བྱ། །ཐམས་ཅད་མཁྱེན་པས་ལུང་བསྟན་པའི། །འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི། །བྱང་ཆུབ་བཟང་པོའི་རྗེས་འབྲངས་ནས། །གྲུབ་མཐའ་གང་ཡང་གཟུང་མི་བྱ། །དེ་ལྟར་རིགས་པའི་སྒོ་ནས་ཆོས་ཐམས་ཅད་སྐྱེ་བ་མེད་པར་བསྒྲུབས་ནས། ད་ནི་ལུང་གི་སྒོ་ནས་ཆོས་ཐམས་ཅད་སྐྱེ་བ་མེད་པར་བསྟན་པ་ནི། དེ་ལྟར་ཡང་བཅོམ་ལྡན་འདས་


DTG111_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཤེས་པ་ལ་སོགས་པ་སྟེ། རྩ་བ་ཉིད་དུ་བརྟག་པར་བྱའོ། །དེར་མ་ཟད་ཀྱི་དོན་འདི་ནི་བཅོམ་ལྡན་འདས་ཀྱིས་མདོ་སྡེ་གཞན་དུ་ཡང་གསུངས་ཏེ། ཇི་སྐད་དུ་འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་དབྱེར་མེད་པར་བསྟན་པའི་མདོ་ལས། དེ་ལ་ཆོས་ཀྱི་དབྱིངས་ཚད་མར་བྱས་ན་དོན་དམ་པ་ཡང་མེད་ཀུན་རྫོབ་ཀྱང་མེད་དོ་ཞེས་བྱ་བ་ལ་སོགས་པ་གསལ་པོར་གསུངས་པ་དང༌། འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་བདེན་པ་ནི་གཅིག་སྟེ། འདི་ལྟར་འགོག་པའོ་ཞེས་བྱ་བ་ལ་སོགས་པས་དོན་འདི་རྒྱས་པར་གསུངས་སོ། །འཕགས་པ་སངས་རྒྱས་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་གྱི་མདོ་ལས་ཀྱང་ཇི་སྐད་དུ། དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་དེ་བཞིན་གཤེགས་དང་འདྲ། །བྱིས་པའི་བློ་ཅན་ལོག་པར་འཁྲུལ་པ་རྣམས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་གསུངས་པ་དང༌། འཕགས་པ་ཟླ་བ་སྒྲོན་མ་ལས་ཀྱང༌། ཐམས་ཅད་སྟོང་པའི་རང་བཞིན་དོན་དམ་ནི། །ཆོས་ཅན་མི་དམིགས་ཆོས་ཉིད་ཡོད་པ་མིན། །ཞེན་པ་བཟློག་ཕྱིར་རྐྱེན་བཤད་མ་རྟོགས་པ། །ཆོས་ཀྱི་ངང་ལ་ཚིག་མེད་བརྗོད་དུ་མེད། །ཅེས་གསུངས་སོ། །འཕགས་པ་འདུལ་བ་རྒྱ་མཚོ་ལས་ཀྱང༌། སྔོན་གྱི་མཐའ་སྟོང་ཕྱི་མའི་མཐའ་ཡང་སྟོང༌། །སྲིད་པ་ཐམས་ཅད་ཡོང་ཡེ་སྟོང་པ་སྟེ། །ཕྱོགས་གཅིག་སྟོང་པ་མུ་སྟེགས་ཅན་རྣམས་ཀྱི། །ཞེས་གསུངས་སོ། །འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང༌། ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད། །དམ་པའི་དོན་དུ་རང་བཞིན་མེད། །རང་བཞིན་མེད་ལ་འཁྲུལ་པ་གང༌། །དེ་ནི་ཡང་དག་ཀུན་རྫོབ་བཤད། །ཅེས་གསུངས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལས་ཀྱང༌། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་ནི་ཅི་ཡང་མི་གཟིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཡེ་ཤེས་ལ་ཡུལ་མི་མངའ་བའི་ཕྱིར་རོ་ཞེས་གསུངས་པ་དང༌། འཕགས་པ་རྒྱལ་བ་སྐྱེད་མར་མཛད་པ་ཆེན་པོ་ལས་ཀྱང༌། དེ་བཞིན་གཤེགས་པ་མི་འཁྲུགས་པའི་ཞིང་གི་ཁྱད་པར་བརྗོད་པར་མཛད་པས་འཁོར་


DTG111_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་ཞིང་དེ་བདག་ཅག་ལ་བསྟན་དུ་གསོལ་ཞེས་ཞུས་པ་དང༌། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཁམས་དེ་བསྟན་པར་མཛད་ནས་ཕྱིར་ཡང་མི་སྣང་བར་མཛད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་དེ་བཞིན་གཤེགས་པ་མི་འཁྲུགས་པའི་ཞིང་དེ་མིག་ལམ་དུ་མི་སྣང་བ་བཞིན་དུ་གཟུགས་མིག་ལམ་དུ་མི་སྣང་བའོ། །ཚོར་བ་མིག་ལམ་དུ་མི་སྣང་བའོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །དོན་འདི་འཕགས་པ་རྟག་ཏུ་ངུའི་ལེའུ་ལས་ཀྱང་གསལ་བར་གསུངས་སོ། །དེ་བཞིན་དུ་རྒྱལ་པོ་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་ལས་ཀྱང་དོན་འདི་གསལ་བར་གསུངས་སོ། །གཞན་ཡང་འཕགས་པ་ཡབ་དང་སྲས་མཇལ་བའི་མདོ་དང༌། འཕགས་པ་སོར་མོའི་ཕྲེང་ཅན་གྱི་མདོ་དང༌། འཕགས་པ་ཡེ་ཤེས་ཀྱི་ཕྱག་རྒྱའི་མདོ་དང༌། དེ་བཞིན་གཤེགས་པའི་གསང་བའི་མདོ་དང༌། དེ་བཞིན་གཤེགས་པ་འཕགས་པ་དྲི་མ་མེད་པར་གྲགས་པའི་མདོ་དང༌། འཕགས་པ་སངས་རྒྱས་རྗེས་སུ་དྲན་པའི་མདོ་དང༌། འཕགས་པ་ནམ་མཁའ་མདོག་གིས་འདུལ་བའི་མདོ་དང༌། འཕགས་པ་དེ་བཞིན་གཤེགས་པའི་མཛོད་ཀྱི་མདོ་དང༌། འཕགས་པ་སུམ་ཅུ་རྩ་གསུམ་གྱི་མདོ་དང༌། འཕགས་པ་འོད་སྲུངས་ཀྱིས་ཞུས་པའི་མདོ་དང༌། འཕགས་པ་ཆོས་ཐམས་ཅད་འབྱུང་བ་མེད་པ་བསྟན་པའི་མདོ་དང༌། འཕགས་པ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་མདོ་དང༌། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་དང༌། འཕགས་པ་ད་ལྟར་གྱི་སངས་རྒྱས་མངོན་དུ་བཞུགས་པའི་མདོ་དང༌། འཕགས་པ་སྐུ་གསུམ་བསྟན་པའི་མདོ་དང༌། འཕགས་པ་དྲི་མ་མེད་པས་བྱིན་པས་ཞུས་པའི་མདོ་དང༌། འཕགས་པ་བུ་མོ་བློ་གྲོས་བཟང་མོས་ཞུས་པའི་མདོ་དང༌། འཕགས་པ་བུ་མོ་རྣམ་དག་དང་བས་ཞུས་པའི་མདོ་དང༌། འཕགས་པ་ཆོས་ཉིད་རང་གི་ངོ་བོ་ཉིད་ལས་མི་གཡོ་བས་ཐ་དད་པར་བསྟན་པའི་མདོ་དང༌། འཕགས་པ་ལང་ཀར་གཤེགས་པ་དེ་ཉིད་དང༌། འཕགས་པ་བདེན་པ་གཉིས་བསྟན་པའི་མདོ་དང༌། འཕགས་པ་ནམ་


DTG111_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་སྙིང་པོའི་མདོ་དང༌། འཕགས་པ་ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོ་དང༌། འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་དང༌། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་མ་ལུས་པ་ཐམས་ཅད་དང༌། འཕགས་པ་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལ་སོགས་པ་མདོ་སྡེ་ཐམས་ཅད་ནས་དོན་འདི་ཤིན་ཏུ་གསལ་བར་གསུངས་པས་མདོ་དེ་དང་དེ་ཉིད་དུ་བལྟ་བར་བྱའོ། །འདིར་དེ་དག་གི་ཤློ་ཀ་བཀོད་ན་ནི་གཞུང་ཤིན་ཏུ་མངས་པར་འགྱུར་རོ། །དེ་བས་ན་ཐེག་པ་ཆེན་པོའི་མདོ་སྡེ་མ་ལུས་པ་ཐམས་ཅད་བལྟ་བ་ལ་ཤིན་ཏུ་བརྩོན་པར་བྱའོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་ཕྱིན་ཅི་མ་ལོག་པར་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང༌། སློབ་དཔོན་འཕགས་པ་ཨཱཪྻ་དེ་བ་དང༌། སློབ་དཔོན་འཕགས་པ་ཟླ་གྲགས་དང༌། སློབ་དཔོན་འཕགས་པ་ཤཱན་ཏ་དེ་བ་དང༌། སློབ་དཔོན་འཕགས་པ་བྷ་བྱ་སྣང་བྲལ་དང༌། སློབ་དཔོན་རྟ་དབྱངས་དང༌། སློབ་དཔོན་འཕགས་པ་དགེ་བསྙེན་ཟླ་བ་ལ་སོགས་པས་མཛད་པའི་གཞུང་དེ་དག་ནི་མདོའི་དོན་གསལ་བར་བཀྲོལ་བ་ཡིན་པས་དེ་དག་ཀྱང་ལེགས་པར་བལྟ་བ་ལ་བརྩོན་པར་བྱའོ། །འདིར་དེ་དག་གི་གཞུང་བཀོད་པ་ན་ནི་ཡི་གེ་ཤིན་ཏུ་མངས་པར་འགྱུར་རོ། །འདི་ལྟར་འཕགས་པ་ཀླུ་སྒྲུབ་ནི་མདོ་སྡེ་ཕལ་ཆེ་བ་དང༌། འཛམ་བུའི་གླིང་ན་མཁས་པ་དག་ཀྱང་འདི་སྐད་དུ་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་བརྗོད་ཅིང་གྲགས་མོད་ཀྱང༌། བདག་གིས་མདོའི་ནང་ནས་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་ཡིན་པར་ལེགས་པར་མཐོང་བ་ཡིན་ནོ། །སློབ་དཔོན་ཨཱཪྻ་དེ་བ་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་མན་ངག་གིས་ས་བརྒྱད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཡིན་པར་ལེགས་པར་མཐོང་ངོ༌། །སློབ་དཔོན་ཟླ་གྲགས་ཀྱང་འཕགས་པ་ཀླུ་སྒྲུབ་ཀྱི་མན་ངག་གིས་བདེན་པའི་བྱིན་གྱི་རླབས་མངའ་བ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཐུགས་སུ་ཆུད་པ་འཛམ་བུའི་གླིང་དུ་ལོ་བཞི་བརྒྱར་བཞུགས་ནས་གཞན་གྱི་དོན་འབའ་ཞིག་མཛད་པ་ཡིན་ནོ། །སློབ་དཔོན་ཤཱན་ཏ་དེ་བ་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་མན་ངག་གིས་འཕགས་པ་འཇམ་པའི་དབྱངས་ཀྱི་


DTG111_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བ་ཐོབ་པར་བྱས་ཏེ་བདེན་པ་གཟིགས་པ་ཡིན་ནོ། །སློབ་དཔོན་བྷ་བྱ་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་མན་ངག་གིས་སྐུ་ཚེ་དེ་ཉིད་ལ་རིག་འཛིན་གནས་སུ་གཤེགས་པ་ཡིན་ནོ། །སློབ་དཔོན་རྟ་དབྱངས་ནི་སློབ་དཔོན་ཨཱཪྻ་དེ་བའི་མན་ངག་གིས་བདེན་པ་གཟིགས་པ་ཡིན་ནོ། །འཕགས་པ་དགེ་བསྙེན་ཟླ་བ་ཡང་དེ་ལྟ་བུའོ། །དེ་བས་ན་དེ་ལྟ་བུའི་ལུང་དང་རིགས་པ་རྒྱ་ཆེན་པོ་བསྟན་པ་དེ་དག་ཤེས་པར་བྱས་ཤིང་དེའི་དོན་ལ་ངེས་པར་བྱས་ཏེ། ཐེ་ཚོམ་མེད་པར་བྱས་ནས་ལྷག་མཐོང་ཞེས་བྱ་བ་རྣམ་པར་མི་རྟོག་པ་དེ་བསྒོམ་པར་བྱའོ། །ཇི་ལྟར་བསྒོམ་ཞེ་ན། རེ་ཞིག་དངོས་པོ་ནི་གཉིས་ཏེ། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའོ། །དེ་གཉིས་ཀ་ཡང་གཏན་ཚིགས་ཆེན་པོ་རྣམས་ཀྱིས་བསལ་ཏེ་བསྒོམ་པར་བྱའོ། །དེ་ཡང་ཇི་སྐད་དུ་ཆོས་ཐམས་ཅད་སེམས་ལ་བསྡུས་ཤིང༌། སེམས་ཀྱང་ལུས་ལ་བསྡུས་ལ། ལུས་ཀྱང་ཆོས་ཀྱི་དབྱིངས་སུ་གཏང་བ་འདི་ནི་མན་དག་གོ་ཞེས་བླ་མའི་ཞལ་ནས་ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ལས་གསུངས་སོ། །དེ་ལྟ་བུ་ལ་ཤེས་པ་ཅིར་ཡང་མི་རྟོག །ཅིར་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། ཇི་སྲིད་མཚན་མའི་དགྲ་མ་ལངས་པའི་བར་དེ་སྲིད་དུ་དེ་ལྟ་བུ་ལ་གནས་པར་བྱའོ། །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། ཀུན་དུ་རྟོགས་པས་མ་བརྟགས་ཤིང༌། །ཡིད་ནི་རབ་ཏུ་མི་གནས་ལ། །དྲན་མེད་ཡིད་ལ་བྱེད་པ་མེད། །དམིགས་མེད་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། མཁས་པ་སྟོང་པ་ཉིད་ལ་ཡང། །སྟོང་པ་ཉིད་དུ་བལྟ་མི་འགྱུར། །ཞེས་གསུངས་སོ། །ཡང།དམིགས་པ་དང་ནི་བྲལ་བའི་སེམས། །ནམ་མཁའི་མཚན་ཉིད་ལ་གནས་ཏེ། །ནམ་མཁའ་སྒོམ་པར་བྱེད་པ་ནི། །སྟོང་པ་ཉིད་ནི་སྒོམ་པའོ། །ཞེས་གསུངས་སོ། །སློབ་དཔོན་ཞི་བ་ལྷའི་ཞལ་ནས། གང་ཚེ་ཡོད་དང་མེད་པ་གཉིས། །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པས་རབ་ཏུ་ཞི། །ཞེས་གསུངས་སོ། །གོམས་ན་ནི་དེའི་སྟོབས་སུ་འགྱུར་ཏེ། སློབ་དཔོན་ཞི་བ་ལྷའི་ཞལ་ནས། སྟོང་པ་ཉིད་ལ་གོམས་པ་ཡིས། །དངོས་པོའི་བག་ཆགས་སྤོང་བར་འགྱུར། །ཞེས་


DTG111_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་དང༌། སློབ་དཔོན་དཔལ་སྦས་ཀྱིས་ཀྱང༌། འགའ་ཞིག་བསྒོམ་པ་གོམས་པ་ཡི། །མཐུ་ཡིས་ཆོས་ཀུན་ངོ་བོ་ཉིད། །མེད་པ་དེ་ཡི་བདག་ཉིད་དུ། །འགྱུར་ཏེ་དངོས་པོ་མཐོང་བ་བཞིན། །ཞེས་གསུངས་སོ། །དེས་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་བསྟན་ཏོ། །དེ་ལྟར་སྟོང་ཉིད་བསྒོམ་བྱས་ནས། །རིམ་གྱིས་དྲོད་སོགས་ཐོབ་བྱས་ནས། །རབ་དགའ་ལ་སོགས་ཐོབ་འགྱུར་ཏེ། །སངས་རྒྱས་བྱང་ཆུབ་ཡུན་མི་རིང༌། །འདིར་མཉམ་པར་གཞག་པའི་རྣལ་འབྱོར་དང༌། སྤྱོད་ལམ་གྱི་རྣལ་འབྱོར་ལ་གནས་ནས་གོང་དུ་ཇི་ལྟར་བཤད་པའི་ཐེག་པ་ཆེན་པོའི་མདོ་སྡེའི་དོན་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་ལེགས་པར་གནས་པ་དེས། མགོན་པོ་བྱམས་པའི་ཞལ་ནས་གསུངས་ཤིང༌། འཕགས་པ་ཐོགས་མེད་ཀྱིས་འཛམ་བུའི་གླིང་དུ་རྒྱས་པར་སྤེལ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་མངོན་པར་རྟོགས་པའི་རྒྱན་གྱི་སྐབས་བརྒྱད་ཀྱི་རིམ་པ་འཕགས་པ་རྣམ་པར་གྲོལ་བའི་སྡེ་དང༌། སློབ་དཔོན་དཔལ་སེང་གེ་བཟང་པོས་བཀྲོལ་ཞིང་བཤད་པ་དེ་ཤེས་པར་བྱས་ལ་གནས་པར་བྱའོ། །དེ་ལྟ་མ་ཡིན་ན་ལམ་འབྲས་བུ་དང་བཅས་པ་ལ་རྨོངས་པར་འགྱུར་རོ། །དེ་བས་ན་རྣལ་འབྱོར་པ་དེ་ཁོ་ན་ཉིད་ལ་གནས་པས་ཚོགས་ཀྱི་ལམ་ལ་གནས་ནས། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་ནས་སྦྱོར་བའི་ལམ་ལ་རེག་པར་འགྱུར་ཏེ། རིམ་གྱིས་དྲོད་སོགས་ཞེས་པ་དྲོད་རྣམ་པ་གསུམ་དང༌། རྩེ་མོ་རྣམ་པ་གསུམ་དང༌། བཟོད་པ་རྣམ་པ་གསུམ་དང༌། ཆོས་མཆོག་རྣམ་པ་གསུམ་ལ་གནས་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་ཅིང་ཏིང་ངེ་འཛིན་བཞིས་མཐོང་བའི་ལམ་ལ་སོགས་པ་སྐྱེ་བ་ནི། རབ་དགའ་ལ་སོགས་ཐོབ་འགྱུར་ཏེ། །ཞེས་བྱའོ། སངས་རྒྱས་བྱང་ཆུབ་ཅེས་པ་ནི་འདི་ལྟར་ས་བཅུ་རྫོགས་པར་བྱས་ནས་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པར་གྱུར་ནས། སྐུ་གསུམ་དང་ཡེ་ཤེས་ལྔ་ལ་སོགས་པ་ཡུན་མི་རིང་བར་མྱུར་དུ་འཐོབ་པ་ཡིན་ནོ། །དྲོད་ནས་བཟུང་སྟེ་སྦྱོར་བའི་ལམ། །མཐོང་བའི་ལམ་སོགས་ས་བཅུ་དང༌། །སྐུ་གསུམ་ལ་སོགས་རྣམ་གཞག་ནི། །གཞུང་མངས་འཇིགས་པས་འདིར་མ་བྲིས། །མདོ་དང་བསྟན་


DTG111_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་རྣམས་ན་གསལ། །རབ་ཏུ་བསྒྲིམས་ཏེ་བལྟ་བར་བྱ། །ཡང་ན། སངས་རྒྱས་བྱང་ཆུབ་ཡུན་མི་རིང༌། །ཞེས་བྱ་བ་ལ། འདི་ནི་བྱང་ཆུབ་སེམས་དཔའ་ལེ་ལོ་ཅན་དག་སྤྲོ་བ་བསྐྱེད་པའི་དོན་ཡིན་ནོ། །གང་བསྐལ་པ་གྲངས་མེད་པ་གསུམ་ཞེས་གསུངས་པ་དེ་ཡང་ཡུན་མི་རིང་སྟེ། བྱང་ཆུབ་སེམས་དཔའ་རྣམས་ནི་འགྲོ་བ་མཐའ་དག་གི་དོན་དུ་གནས་པ་སྟེ། ཇི་སྐད་དུ་ཨ་མྦ་རཱ་ཛས། བདག་ནི་བྱང་ཆུབ་རིང་ཚུལ་དུ། །འཚང་རྒྱར་མོས་ཤིང་སྤྲོ་པ་མེད། །ཕྱི་མཐར་ཐུག་གི་བར་དུ་ནི། །སེམས་ཅན་གཅིག་ཕྱིར་སྤྱད་པར་བྱ། །ཞེས་གསུངས་སོ། །དཔལ་མཆོག་དང་པོ་ལས་ཀྱང༌། ཇི་སྲིད་འཁོར་བའི་གནས་སུ་ནི། །མཁས་མཆོག་གནས་པར་གྱུར་པ་ནི། དེ་སྲིད་མཚུངས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །ཞེས་གསུངས་སོ། །འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་སྨོན་ལམ་ལས། ཇི་སྲིད་སེམས་ཅན་འདིར་འགའ་ཞིག །སེམས་ཅན་གཅིག་གྲོལ་མ་གྱུར་པ། །བླ་མེད་བྱང་ཆུབ་ཐོབ་གྱུར་ཀྱང༌། །དེ་སྲིད་དེ་དོན་དཔྱད་པར་བགྱི། །ཞེས་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། མདོ་ལས། འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཆུའི་དཀྱིལ་འཁོར་དུ་གྱུར་ལ། དེ་ལ་སྐྱེས་བུ་ཞིག་གིས་ལོ་སྟོང་ཕྲག་བརྒྱ་བརྒྱ་ན་སྤུའི་རྩེ་མོ་ཞིག་གིས་ཆུ་དེ་ལས་འཐོར་བར་བྱས་ན། ཆུའི་དཀྱིལ་འཁོར་དེ་ནི་ཟད་པར་འགྱུར་ལ། སེམས་ཅན་གྱི་ཁམས་ལ་ཟད་པ་མེད་དོ་ཞེས་གསུངས་སོ། །འཕགས་པ་བཟང་པོ་སྤྱོད་པ་ལས་ཀྱང༌། ནམ་མཁའི་མཐར་ཐུག་གྱུར་པ་ཅི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་ཙམ་མོ། །ཞེས་གསུངས་སོ། །དཔེར་ན་རིའི་རྒྱལ་པོ་རི་རབ་རྡུལ་ཕྲ་རབ་ཏུ་བཤིག་པའི་རྗེས་ལ་བྱང་ཆུབ་ཐོབ་པར་བྱའོ་སྙམ་ན་ཡང་དེ་ནི་ལེ་ལོ་ཅན་ཡིན་པར་བཤད་དོ། དེ་བས་ན་ཨ་མྦ་རཱ་ཛས་ཀྱང༌། འཁོར་བའི་ཐོག་མ་མེད་པ་ཡི། །སྐྱེ་བ་ཐ་མ་ཇི་སྲིད་དུ། །དེ་སྲིད་སེམས་ཅན་ཕན་དོན་དུ། །སྤྱོད་པ་དཔག་ཡས་སྤྱད་པར་བགྱི། །ཞེས་གསུངས་སོ། །དེ་བས་ན་སེམས་ཅན་གྱི་ཁམས་ལ་ཟད་པ་ཡང་མེད་འཕེལ་བ་ཡང་མེད་པའི་སྡུག་བསྔལ་ཅན་དེ་དག་ཡལ་བར་བོར་ནས། བདག་ཉིད་མྱུར་དུ་འཚང་རྒྱ་བར་ནི་འདོད་པར་མི་བྱ་སྟེ། བྱང་ཆུབ་སེམས་


DTG111_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་དཔའ་བོ་དབང་པོ་རྣོན་པོ་བརྩོན་འགྲུས་རབ་དང་ལྡན་པ། སེམས་སྙིང་རྗེའི་དབང་དུ་གྱུར་བ། སེམས་ཅན་མ་ལུས་པ་ལ་སྙིང་རྗེ་བ་ཅན་དེ་ལྟ་བུ་ནི་མི་འདོད་དུ་ཟིན་ཀྱང་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་ནི་ཞར་ལ་བྱུང་བའོ། །སྨོན་ལམ་དང་ནི་འཇུག་པ་དང༌། །དེ་བཞིན་ཟབ་དང་རྒྱ་ཆེ་དང༌། །མི་ལྡོག་འབྲས་བུ་ཐོབ་པས་ཀྱང༌། །ཐེག་པ་ཆེན་པོ་ཁྱད་པར་འཕགས། །ཞེས་སློབ་དཔོན་ཏྲི་བི་ཊ་ཀ་མ་ལའི་ཞལ་སྔ་ནས་ཚུལ་གསུམ་པའི་སྒྲོན་མར་གསུངས་ཏེ། ཉན་ཐོས་ཀྱི་ཐེག་པ་བས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཁྱད་པར་དུ་འཕགས་སོ་ཞེས་ཁོང་དུ་ཆུད་པར་བྱའོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་རྫོགས་སོ།། །།ད་ནི་བླ་ན་མེད་པའི་ཐེག་པ་ཆེན་པོའི་ཡང་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཐེག་པ་བརྗོད་པར་བྱའོ། །དེ་ཡང་སློབ་དཔོན་ཆེན་པོ་རྗེ་བཙུན་ཏྲེ་བི་ཊ་ཀ་མ་ལའི་ཞལ་སྔ་ནས། དོན་གཅིག་ཡིན་ནའང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་ཕྱིར་དང༌། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། །ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་བས་གསང་སྔགས་ཀྱི་ཐེག་པ་ཁྱད་པར་དུ་འཕགས་སོ་ཞེས་བྱ་བ་ནི་གཞུང་ལུགས་སོ། །འདི་ལྟར་དོན་དམ་པའི་བྱང་ཆུབ་ཀྱི་སེམས་དངོས་ཕྱིན་ཅི་མ་ལོག་པ་དེ་ནི་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔས་བསྐྱེད་པར་བྱའོ། །འོན་ཀྱང་འདིར་ནི་དེ་ལྟ་བུའི་གཞུང་གི་དོན་ནི་བདག་གིས་མ་བརྗོད་དོ། །འདིར་ནི་བསྐྱེད་པའི་རིམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཚོགས་གཉིས་བསགས་པའི་ཐབས་ཅུང་ཞིག་རྩ་བར་ཡང་བཀོད་ཅིང་འདིར་ཡང་རྩ་བ་ལ་བརྟེན་པ་ཙམ་ཞིག་བྲི་བར་བྱའོ། །དེ་ལྟ་བུའི་གསང་སྔགས་ཀྱི་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཚོགས་གཉིས་མྱུར་དུ་རྫོགས་པར་བྱའོ་སྙམ་དུ་བསམས་ནས། སྔགས་མཐུ་ཉིད་ལས་བྱུང་བ་ཡི། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྔགས་མཐུ་ཞེས་པ་ནི་སྤྱིར་གཟུངས་ཀྱི་ཆོ་ག་ཐམས་ཅད་ཀྱང་བྱ་བའི་རྒྱུད་ཡིན་པས་གཟུངས་ལ་སོགས་པའི་སྔགས་རྒྱུད་ཐམས་ཅད་ནས་འབྱུང་བའི་སྔགས་ཀྱི་བཟླས་བརྗོད་ཀྱི་ནུས་པས་དངོས་གྲུབ་འབྱུང་སྟེ། དེ་གང་ཞེ་ན། ཞི་དང་རྒྱས་ལ་སོགས་པ་ཡི། །ཞེས་པ་དབང་དང་མངོན་སྤྱོད་ཀྱི་ཆོ་ག་རྣམ་པ་བརྒྱད་དོ། །


DTG111_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་བཟང་གྲུབ་ལ་སོགས་པ། །གྲུབ་ཆེན་བརྒྱད་ཅེས་པ་ནི་འདི་ལྟར་བུམ་པ་བཟང་པོ་དང༌། རྐང་མགྱོགས་དང༌། རལ་གྲི་དང༌། མངག་གཞུག་པ་དང༌། ས་འོག་དང༌། མི་སྣང་བ་དང༌། དཔག་བསམ་གྱི་ཤིང་དང༌། རྒྱལ་སྲིད་རྣམས་སོ། །སོགས་པ་ཞེས་པ་ནི་མིག་སྨན་དང༌། རི་ལུ་དང༌། ནམ་མཁའ་ལ་འཕུར་བ་དང༌། འབྲུའི་ཆར་འབེབས་པ་དང༌། ཡུངས་ཀར་བསྒྲུབས་ནས་གཟུགས་སྣ་ཚོགས་བྱེད་པ་དང༌། པྲ་ཕབ་ནས་མངོན་པར་ཤེས་པ་བསྐྱེད་པ་དང༌། རྫུ་འཕྲུལ་ལ་སོགས་པ་བརྒྱུད་ནས་རྗེས་སུ་གཟུང་བ་དང་ཚར་གཅད་པའི་ལས་ཀྱི་དངོས་གྲུབ་ཇི་སྙེད་ཅིག་འབྱུང་བ་དེ་དག་ནི་བཟླས་བརྗོད་དང་ཏིང་དེ་འཛིན་གྱིས་ཞི་བ་དང་རྒྱས་པ་དང༌། དབང་དང་མངོན་སྤྱོད་དང༌། འཇིག་རྟེན་གྱི་དངོས་གྲུབ་ཆེན་པོ་བརྒྱད་ལ་སོགས་པ་དག་བསྒྲུབས་ནས་འབད་པ་མེད་པར་མྱུར་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པར་བྱེད་དོ། །དེ་ལྟ་བུའི་དངོས་གྲུབ་འབད་པ་མེད་པར་མྱུར་དུ་འབྱུང་བའི་གསང་སྔགས་ཀྱི་ཐེག་པ་ཞེས་པ་དེ་གང་ཡིན་ཞེ་ན། བྱ་བ་སྤྱོད་སོགས་རྒྱུད་ཅེས་བྱ་བ་དང༌། བྱ་བའི་རྒྱུད་དང༌། སྤྱོད་པའི་རྒྱུད་དང༌། རྟོག་པའི་རྒྱུད་དང༌། གཉི་གའི་རྒྱུད་དང༌། རྣལ་འབྱོར་གྱི་རྒྱུད་དང༌། རྣལ་འབྱོར་ཆེན་པོའི་རྒྱུད་དང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་སོ། །དེ་ཡང་རྒྱུད་དེ་དག་ནི་རེ་རེ་ཞིང་ཡང་དཔག་ཏུ་མེད་དེ། དེ་ཡང་དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ཆེན་པོ་ལས་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་རྒྱུད་སོ་སོའི་གྲངས་གསུངས་ཏེ། བྱ་བའི་རྒྱུད་སྟོང་ཕྲག་བཞིའོ། །སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད་དོ། །རྟོག་པའི་རྒྱུད་སྟོང་ཕྲག་བཞིའོ། །གཉིས་ཀའི་རྒྱུད་སྟོང་ཕྲག་དྲུག་གོ ། །རྣལ་འབྱོར་ཆེན་པོའི་རྒྱུད་སྟོང་ཕྲག་བཅུ་གཉིས་ཏེ། དེ་དག་རྒྱས་པར་བྱས་ན་གྲངས་མེད་དོ་ཞེས་གསུངས་སོ། །དེ་ལ་བྱ་བའི་རྒྱུད་ནི་གཟུངས་ཐམས་ཅད་དང༌། རིག་པ་མཆོག་དང༌། གར་མཁན་མཆོག་དང༌། རབ་ཏུ་གྲུབ་པར་བྱེད་པ་དང༌། དཔུང་བཟངས་དང༌། འཇམ་དཔལ་གྱི་རྩ་བའི་རྒྱུད་ཆེན་པོ་དང༌། འཇམ་དཔལ་གསང་བའི་རྒྱུད་དང༌། རྡོ་རྗེ་གཙུག་ཏོར་དང༌། ཨ་མོ་གྷ་པཱ་ཤ་དང༌། རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་ལ་སོགས་པ་སྟོང་ཕྲག་བཞི་བཞུགས་སོ། །སྤྱོད་པའི་རྒྱུད་ནི་རྣམ་པར་སྣང་


DTG111_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་མངོན་པར་བྱང་ཆུབ་པའི་རྒྱུད་དང༌། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལ་སོགས་པ་རྒྱུད་སྡེ་སྟོང་ཕྲག་བརྒྱད་བཞུགས་སོ། །རྟོག་པའི་རྒྱུད་ནི་སྒྲོལ་མ་འབྱུང་བའི་རྒྱུད་དང༌། དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་དང༌། རྟོག་པ་ཀུན་ལས་བཏུས་པ་ལ་སོགས་པ་རྒྱུད་སྡེ་སྟོང་ཕྲག་བཞི་བཞུགས་སོ། །གཉིས་ཀའི་རྒྱུད་ནི་སྒྱུ་འཕྲུལ་དྲ་བ་དང༌། པདྨ་གར་གྱི་དབང་ཕྱུག་ལ་སོགས་པ་རྒྱུད་སྡེ་སྟོང་ཕྲག་དྲུག་བཞུགས་སོ། །དེ་ལ་རྣལ་འབྱོར་གྱི་རྒྱུད་ནི་ཏ་ཏ་ཏྭཱ་སཾ་གྲ་ཧ་དང༌། དཔལ་མཆོག་དང་པོ་དང༌། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང༌། ཡང་ཡོག་རྣམ་པར་རྒྱལ་བ་དང༌། རྡོ་རྗེ་རྩེ་མོ་ལ་སོགས་པ་གྲངས་མེད་དོ། །དེ་ལ་རྣལ་འབྱོར་ཆེན་པོའི་རྒྱུད་ནི་དཔལ་གསང་བ་འདུས་པར་བཤད་རྒྱུད་དང་བཅས་པ་དང༌། ཟླ་གསང་ཐིག་ལེ་དང༌། གཤིན་རྗེའི་གཤེད་ནག་པོ་དང༌། དཔལ་མཆོག་དང་པོ་དང༌། ལྷ་ཐམས་ཅད་འདུས་པ་དང༌། ཐམས་ཅད་གསང་བ་དང༌། འདུལ་བ་དོན་ཡོད་པ་དང༌། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་དང༌། རྣམ་པར་སྣང་མཛད་སྒྱུ་འཕྲུལ་དང༌། ནམ་མཁའ་དང་མཉམ་པ་ཆུང་ངུ་དང༌། གཉིས་སུ་མེད་པ་རྣམ་པར་རྒྱལ་བའི་རྒྱུད་དང༌། རྡོ་རྗེ་གཙུག་ཏོར་རྒྱུད་ལ་སོགས་པ་རྒྱུད་སྡེ་སྟོང་ཕྲག་བཅུ་གཉིས་ཏེ་རྒྱས་པར་བྱ་ན་གྲང་བ་མེད་དོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ནི་དཔལ་ནམ་མཁའ་དང་མཉམ་པ་འབུམ་པ་ཆེན་པོ་འཁོར་ལོ་སྡོམ་པ་དང༌། རྡོ་རྗེ་མཁའ་འགྲོ་དང༌། རྡོ་རྗེ་གདན་བཞི་པ་དང༌། མ་ཧཱ་མཱ་ཡཱ་དང༌། སངས་རྒྱས་མཉམ་སྦྱོར་དང༌། སངས་རྒྱས་ཐོད་པ་དང༌། དགྱེས་པའི་རྡོ་རྗེ་འབུམ་ཕྲག་ལྔ་པ་ལ་སོགས་པ་རྒྱུད་སྡེ་སྟོང་ཕྲག་བཅུ་བཞི་བཞུགས་ཏེ་རྒྱས་པར་བྱས་ན་གྲངས་མེད་དོ། །དེ་ལྟར་རྒྱུད་སྡེ་རེ་རེ་ཞིང་ཡང་གྲངས་མེད་པས་ན་གསང་སྔགས་ཀྱི་ཐེག་པ་ནི་ཤིན་ཏུ་རྒྱས་ཤིང་མཐར་ཐུག་པ་མེད་པ་ཡིན་ནོ། །འདི་ལྟར་ཡི་དགས་ཁ་ནས་མེ་འབར་བའི་གཟུངས་དང༌། རྨ་བྱ་ཆེན་མོའི་གཟུངས་ལ་སོགས་པ་གཟུངས་མ་ལུས་པ་ཐམས་ཅད་ཀྱང་བྱ་བའི་རྒྱུད་ཡིན་ནོ་ཞེས་བླ་མ་དག་གསུང་ངོ༌། །གསུངས་པའི་ཞེས་པ་ནི་ཇི་ལྟར་གསུངས་ཤེ་ན། འདི་སྐད་དུ། གལ་ཏེ་གསང་སྔགས་སྤྱོད་འདོད་པས། །དེ་ཚེ་སློབ་དཔོན་དབང་


DTG111_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་ཕྱིར། །ཞེས་གསུངས་ཏེ། འདི་ལྟར་གལ་ཏེ་བྱ་བའི་རྒྱུད་ལ་སོགས་པའི་གསང་སྔགས་ཀྱི་ཐེག་པ་ལ་སྤྱོད་པར་འདོད་པ་ཡིན་ན་ནི་སློབ་དཔོན་གྱི་དབང་བསྐུར་བ་ཞེས་བྱ་བ་བུམ་པའི་དབང་ཐོབ་པར་མ་བྱས་པར་སྨོན་པ་དང་འཇུག་པའི་སེམས་བསྐྱེད་པ་ཙམ་ལ་ལྟོས་པར་མི་བྱ་སྟེ། གསང་སྔགས་རང་ཉིད་ལེན་པར་འགྱུར་བའི་ཕྱིར་རོ། །དེ་ཡང་རྒྱུད་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང༌། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་རྩོམ་པ་ཡང༌། །འབྲས་བུ་མེད་པ་ཉིད་དུ་འགྱུར། །ཞེས་གསུངས་པ་དང༌། ཡང་རྒྱུད་ལས་དབང་བསྐུར་རྗེས་གནང་མེད་པར་ཡང༌། །གསང་སྔགས་རང་ཉིད་ལེན་པར་བྱེད། །ཅེས་གསུངས་ཏེ་དཀྱིལ་འཁོར་དུ་འཇུག་པ་དང༌། དབང་བསྐུར་བ་དང༌། བླ་མ་དེ་ཉིད་ཀྱི་རྗེས་སུ་གནང་བ་མ་བྱས་པར་ཐེག་པ་ཆེན་པོའི་མདོ་སྡེའི་དོན་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ཆོ་ག་ལ་བརྟེན་ནས་གཟུངས་ཀྱི་ཆོ་ག་བྱེད་པ་དང༌། གཞན་ཡང་རྗེ་བཙུན་སྒྲོལ་མ་ལ་སོགས་པའི་སྒྲུབ་ཐབས་དག་མཉན་ནས་བསྒོམ་པ་དང༌། བཟླས་པ་དང༌། སྦྱིན་སྲེག་དང༌། གཏོར་མ་དང༌། དཀྱིལ་འཁོར་ལ་སོགས་པ་བྱེད་པ་ནི་གསང་སྔགས་རང་ཉིད་ལོན་པ་ཡིན་ཏེ། དཀྱིལ་འཁོར་དུ་འཇུག་པ་དང༌། དབང་བསྐུར་བ་བྱས་ཏེ། སློབ་དཔོན་གྱིས་འདི་སྐད་དུ་ཁྱོད་ཀྱི་ལྷ་ནི་འདི་ཡིན་ནོ། །བཟླས་པ་འདི་བྱ་དགོས་སོ་ཞེས་རྗེས་སུ་གནང་བ་མ་ཐོབ་པའི་ཕྱིར་རོ། །དེ་བས་ན་རྒྱུད་ལས། གསང་སྔགས་རང་ཉིད་ལེན་པ་ནི། །འགྲོ་བ་དམྱལ་བ་འབའ་ཞིག་སྟེ། །སྔགས་ཀྱང་འགྲུབ་པར་མི་འགྱུར་ཞིང༌། །ལུས་ཉོན་མོངས་པ་ཁོ་ནར་ཟད། །ཅེས་གསུངས་སོ། །དེ་དག་ནི་གསུངས་པའི་ཚིག་གི་དོན་ཡིན་ཏེ། རྒྱུད་ཐམས་ཅད་དང༌། སྔོན་གྱི་སློབ་དཔོན་ཐམས་ཅད་དང༌། ད་ལྟ་ཉིད་ཀྱི་བླ་མ་མ་ལུས་པས་འདི་སྐད་དུ་གསུངས་ཞེས་པའོ། །ཡང་ན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལྷའི་པྲ་ཕབ་པ་དང༌། རྨི་ལམ་དག་ཏུ་གང་ཟག་འདི་ནི་སྐྱེ་བ་སྔ་མ་ལ་གསང་སྔགས་སྤྱོད་སྤྱོད་པ་དག་ཡིན་ནོ་ཞེས་ཟེར་ན། དེས་བླ་མ་ཡོངས་སུ་མཉེས་པར་བྱས་ལ་བྱིན་གྱིས་བརླབ་པ་བྱས་ཏེ། འདི་ལྟར་སྒྲུབས་ཤིག་ཅེས་གནང་བ་བྱིན་ལ། སྒྲུབ་པའི་ཆོ་གའི་


DTG111_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་སྦྱིན་པར་བྱའོ། །ཆོ་ག་དེ་ཡང་འདི་ཡིན་ཏེ། འཕགས་པ་དམ་ཚིག་གསུམ་བཀོད་པའི་ཆོ་ག་དང༌། བཅོམ་ལྡན་འདས་ནོར་བུ་རྒྱས་པའི་གཞལ་མེད་ཁང་གི་ཆོ་ག་དང༌། བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོའི་ཆོ་གས་སྡིག་པ་སྦྱོང་བ་དང༌། ཚོགས་བསགས་པ་བྱས་ལ་ལྟས་བཟང་པོ་བྱུང་བ་ན་གང་ཟག་དེས་གསང་སྔགས་ཀྱི་ཐེག་པ་ལ་འཇུག་པར་གནང་གི་འདི་ལྟར་སྐྱེ་བ་སྔ་མ་ལ་གསང་སྔགས་སྤྱད་པ་མ་ཡིན་པ་དང༌། ཡང་ན་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། འཇུག་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་བྱས་པ་ཙམ་ལ་ནི་གསང་སྔགས་བསྟན་པ་དང༌། དེས་བསྒྲུབ་པ་དང་བལྟ་བ་དང་མཉན་པ་བྱ་བར་མ་གནང་སྟེ། འཇུག་པའི་ལམ་སོ་སོ་བ་ཡིན་པ་དང༌། ཐེག་པ་དག་ནི་རྣམ་པར་ཐར་པ་བསྲེ་བར་མི་བྱ་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་གང་ཟག་གི་དབང་པོ་དང་ཁམས་དང་བག་ལ་ཉལ་མཁྱེན་པས་ཐེག་པའི་ལམ་སོ་སོར་གསུངས་པ་ཡིན་ནོ། །དེ་བས་ན་རྩ་བ་ནས་སྨྲས་པ་དེ་ལྟ་བས་ན། གལ་ཏེ་གསང་སྔགས་སྤྱོད་འདོད་པས། དེ་ཚེ་སློབ་དཔོན་དབང་བསྐུར་ཕྱིར། །ཞེས་སྨྲས་ཏེ། ཕ་རོལ་ཏུ་ཕྱིན་པའི་ལམ་དུ་འཇུག་ཅིང་སྤྱོད་འདོད་ན་ནི་སྔར་ཇི་ལྟར་བརྗོད་པ་བཞིན་དུ་བསླབ་པ་རྣམ་པ་གསུམ་ལ་བསླབ་པར་བྱ་བ་ཡིན་ལ། གལ་ཏེ་གསང་སྔགས་སྤྱོད་ཅིང་རྗེ་བཙུན་སྒྲོལ་མ་ལ་སོགས་པ་སྒྲུབ་པར་འདོད་ན་ནི་སློབ་དཔོན་གྱི་དབང་ཞེས་པ་བུམ་པའི་དབང་བསྐུར་བ་ཞུ་པར་བྱའོ་ཞེས་པ་ནི་ཤློ་ཀའི་དོན་ཡིན་ནོ། །འོ་ན་དབང་བསྐུར་བའི་བླ་མ་དེ་ལ་བླ་ཆོས་དང་ཡོ་བྱད་མེད་པར་བྱ་བའམ་ཞེ་ན་མ་ཡིན་ཏེ། བསྙེན་བཀུར་རིན་ཆེན་ལ་སོགས་ཞེས་སོ། །འོ་ན་ཡོ་བྱད་ཀྱིས་ཕོངས་ཤིང་དབུལ་པོ་དག་གིས་ཇི་ལྟར་བྱ་ཞེ་ན། བཀའ་སྒྲུབ་ལ་སོགས་ཞེས་པའོ། །འདིར་སྐྱེ་བོ་འབྱོར་བ་ཅན་དག་གིས་ནི་རྒྱལ་སྲིད་རིན་པོ་ཆེ་བདུན་ལ་སོགས་པ་ཐ་ན་བདག་ཉིད་ཀྱི་ལུས་ཀྱང་དབུལ་བར་བྱ་སྟེ། ཇི་ལྟར་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ལ་རྒྱལ་པོ་དེ་བ་པཱ་ལས་རྒྱལ་སྲིད་ཐམས་ཅད་ཕུལ་བའི་རྗེས་སུ་བཙུན་མོ་དང་རང་ཉིད་ཀྱང་ཕུལ་ནས་ཕྱིས་རྒྱལ་པོ་དང་བཙུན་མོ་གཉིས་གསེར་དེ་གཉིས་དང་མཉམ་པས་བསླུས་


DTG111_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུའོ། །དབུལ་པོ་དག་གིས་བཀའ་བསྒྲུབ་པ་དང༌། ལུས་ཀྱི་བསྙེན་བཀུར་དང༌། དཀྱིལ་འཁོར་དང༌། མེ་ཏོག་ཡང་དང་ཡང་དུ་དབུལ་བ་ལ་སོགས་བྱའོ། །དེ་ལྟ་བུའི་ཚུལ་གྱིས་བླ་མ་དམ་པ་མཉེས་པར་བྱའོ། །དེ་ལྟར་བླ་མ་མཉེས་ཤིང་དགེས་པར་གྱུར་པ་དང༌། དབང་བསྐུར་བ་ཐོབ་པར་བྱས་ནས་ལུས་ལ་སོགས་པའི་སྡིག་པ་ཐམས་ཅད་ལས་གྲོལ་ནས། དེས་སྡིག་པ་དག་པའི་རྒྱུས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པའི་སྐལ་བ་ཅན་དུ་འགྱུར་རོ། །དེ་ལྟར་གསང་སྔགས་ཀྱི་ཐེག་པ་ལ་གནས་ནས་འབད་པ་མེད་པར་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱས་ཏེ། གཞན་གྱི་དོན་མཐར་ཕྱིན་པར་བྱ་བའི་ཐབས་བསྟན་ནས། ད་ནི་གསང་སྔགས་ཀྱི་ཐེག་པ་ལ་ལོག་པར་རྟོག་པ་དག་དགག་པའི་ཕྱིར། དང་པོ་སངས་རྒྱས་རྒྱུད་ཆེན་ལས། །ཞེས་པ་ལ་སོགས་པ་སྨྲས་ཏེ། འདིར་གསང་སྔགས་ལ་ལོག་པར་རྟོག་པ་ནི་གཉིས་ཏེ་སྒྲོ་འདོགས་པར་བྱེད་པ་དང་སྐུར་པ་འདེབས་པར་བྱེད་པའོ། །སྔ་མ་ནི་ཚར་གཅད་པར་བྱའོ། །ཕྱི་མ་ནི་རྗེས་སུ་གཟུང་བར་བྱའོ། །འདི་ལྟར་འདི་ན་ཁ་ཅིག་གསང་སྔགས་ཀྱི་རྒྱུད་ཆེན་པོ་མཐའ་དག་གི་དགོངས་པ་ཡང་མི་ཤེས། བླ་མ་དམ་པས་ཀྱང་མ་ཟིན་ཅིང༌། སྡིག་པའི་བཤེས་གཉེན་ལ་བརྟེན་པས་གསང་སྔགས་ཀྱི་ཚུལ་ཇི་ལྟ་བར་མ་ཤེས་པ་དགོངས་པ་ཅན་གྱི་བཀའ་ལ་བརྟེན་ནས་འདི་སྐད་དུ་བདག་ཅག་ནི་གསང་སྔགས་པའོ། །བདག་ཅག་ནི་སྤྱོད་པ་ཐམས་ཅད་བག་ཡངས་སུ་བྱེད་ཅིང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱང་མྱུར་དུ་ཐོབ་པར་འགྱུར་རོ་ཞེས་སྒྲོགས་ཤིང་གནས་པ་དེ་དག་ནི་ངན་འགྲོར་འགྲོ་བར་འགྱུར་ཏེ། དེ་བཞིན་གཤེགས་པའི་བཀའ་ལ་སྐུར་པ་བཏབ་པ་དང༌། ཚངས་པར་སྤྱོད་པ་དག་སྤགས་པས་སངས་རྒྱས་ཀྱི་བསྟན་པ་ནུབ་པར་བྱས་པ་དང༌། མངོན་སྤྱོད་དྲག་པོ་བྱས་པ་དང༌། བུད་མེད་དག་བསྟེན་པས་ཕམ་པ་བྱུང་བའི་ཕྱིར་རོ། །དཔལ་ཡེ་ཤེས་གྲགས་པའི་ཞལ་ནས་འདི་སྐད་དུ་བདག་ཅག་རྣལ་འབྱོར་པ་ལ་བཅོམ་ལྡན་འདས་ཀྱིས་གནང་བ་ཡིན་ནོ་ཞེས་ཟེར་ཞིང་སྒྲ་གསང་ཆེར་སྒྲོགས་པ་དང༌། གཞན་ཡང་སྤྱོད་པ་ཐམས་ཅད་ཀྱང་བག་ཡངས་སུ་བྱེད་པ་དེ་


DTG111_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

དག་ནི་ངན་འགྲོར་འགྲོ་བར་འགྱུར་རོ་ཞེས་གསུངས་སོ། །བདག་གི་བླ་མ་དགེ་སློང་བསོད་སྙོམས་པ་ཡ་བ་དྭའི་པའི་ཞལ་ནས་ཀྱང༌། གལ་ཏེ་དབང་བསྐུར་བ་དེ་གཉིས་འཛིན་པར་བྱེད་ན། སློབ་དཔོན་དང་སློབ་མ་དང་བཅས་པ་ངན་འགྲོར་འགྲོ་བར་འགྱུར་རོ་ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་དགོངས་པ་ལུང་བསྟན་པའི་རྒྱུད་ཆེན་པོ་ལས། རྣལ་འབྱོར་མན་ངག་མེད་པ་དག །ལྕགས་ཀྱུ་མེད་པ་བཞིན་དུ་སྤྱོད། །བདག་ནི་རྣལ་འབྱོར་པ་ཞེས་ཟེར། །ཆོས་ནི་གཡོ་ཡིས་བྱེད་པར་འགྱུར། །སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡིས། །འཚོ་བ་དག་ཀྱང་སྒྲུབ་པར་བྱེད། །ཉེས་པ་ཅུང་ཟད་ཙམ་ལ་ཡང༌། །མངོན་སྤྱོད་དྲག་པོ་བྱེད་བར་འགྱུར། །འདི་ལྟར་སྒྲུབ་པའི་ཐབས་ཙམ་ཞིག །ཤེས་ནས་རྒྱུད་ཆེན་འཆད་པར་བྱེད། །གང་དུ་རྙེད་པ་ཐོབ་འགྱུར་བར། །དམ་པའི་ཆོས་ནི་སྟོན་པར་བྱེད། །ཅེས་བྱ་བ་ལ་སོགས་པ་མང་དུ་གསུངས་སོ། །དེ་བཞིན་དུ་དཔལ་པདྨ་རྡོ་རྗེས་ཀྱང་དེ་ལྟ་བུའི་ཉེས་དམིགས་མང་དུ་གསུངས་ནས། དེ་ལྟ་བུ་དང་དེ་དག་ཉིད། ཀུན་ཀྱང་སྡིག་པའི་ལས་ཅན་ཏེ། །དམ་པ་མིན་པའི་ལམ་ཞུགས་ནས། །དམྱལ་བ་དག་ཏུ་འགྲོ་བར་འགྱུར། །ཞེས་གསུངས་སོ། །ཁུངས་མང་དུ་ཡོད་མོད་ཀྱི་ཡི་གེ་མངས་པར་འགྱུར་རོ།། དེ་ལྟ་བུ་དག་ནི་སྙིང་རྗེའི་སེམས་ཀྱིས་ཚར་གཅད་པར་བྱའོ། །ཡང་འདི་ན་ལ་ལ་དག་འདི་སྐད་དུ་གསང་སྔགས་ཀྱི་ཚུལ་ཆེན་པོ་ཇི་ལྟ་བར་མི་ཤེས་པར་གསང་སྔགས་ཀྱི་ཐེག་པས་ཅི་ཞིག་བྱ། ཕ་རོལ་ཏུ་ཕྱིན་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་གཙང་བ་དེ་ཉིད་ལ་འཇུག་པར་བྱའོ། །འདི་ལྟར་བུད་མེད་བསྟེན་པས་ནི་མི་ཚངས་པར་སྤྱོད་པའི་ཕམ་པ་འོང་ལ། མངོན་སྤྱོད་དྲག་པོ་བྱས་པས་ནི་སྲོག་བཅད་པའི་ཕམ་པ་འོང་བས་དེ་ལ་འཇུག་པར་མི་བྱའོ་ཞེས་རྒྱུད་ཀྱི་དགོངས་པ་མི་ཤེས་པར་སྐུར་པ་འདེབས་པ་དེ་དག་ནི་ཟབ་ཅིང་རྒྱ་ཆེ་བ་དབང་པོ་རྣོན་པོའི་སྤྱོད་ཡུལ་སངས་རྒྱས་ཀྱི་བསྟན་པའི་སྙིང་པོར་གྱུར་པ་སྐལ་པ་དང༌། བག་ཆགས་དང༌། ལས་འཕྲོར་ལྡན་པ་འགའི་སྤྱོད་ཡུལ་དུ་གྱུར་པ་ཡིན་པས་དེ་ལྟ་བུ་ལ་སྐུར་པ་འདེབས་པ་དེ་ནི་ངེས་པར་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བ་འདི་ལ་ཐེ་ཚོམ་མི་བྱ་སྟེ། དེ་བཞིན་གཤེགས་པའི་བཀའ་


DTG111_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐུར་པ་བཏབ་བ་དང༌། ཆོས་ཟབ་མོ་སྤངས་པའི་ཕྱིར་རོ། །ཆོས་སྤངས་བའི་ལས་ཀྱི་རྣམ་པར་སྨིན་པ་ནི་འཕགས་པ་རྣམ་པར་འཐག་པའི་མདོ་ལས་འདི་སྐད་དུ་ཆོས་ལ་ལ་ནི་བཟང་ཞེས་བ་དང༌། ཆོས་ལ་ལ་ངན་ནོ་ཞེས་ཟེར་ན་ཆོས་སྤངས་པའོ་ཞེས་པ་ལ་སོགས་པ་ཆོས་དུ་མ་མཐོང་བའི་ཕྱིར་རོ། །བླ་མ་དགེ་སློང་བསོད་སྙོམས་བའི་ཞལ་ནས་ཀྱང༌། དེའི་ཕྱིར་གསང་སྔགས་ཐེག་པ་ལ། །བདུད་ཀྱིས་སྨྲས་ཞེས་བརྙས་མི་བྱ། །ཐེག་པ་ཀུན་ལ་སྤངས་པ་ཡང༌། །འདི་གནས་ཕྱག་རྒྱ་ཆེན་པོ་ཐོབ། །ཅེས་གསུངས་སོ། །དེ་ལྟ་བུའི་གང་ཟག་ནི་སྙིང་རྗེའི་སེམས་ཀྱིས་རྗེས་སུ་གཟུང་བར་བྱའོ། །སྐུར་བ་འདེབས་པ་དེ་ཡང་གཉིས་ཏེ། ཆོས་ལ་སྐུར་པ་འདེབས་པ་དང༌། གང་ཟག་ལ་སྐུར་པ་འདེབས་པའོ། །དེ་ལ་ཆོས་ལ་སྐུར་པ་འདེབས་པར་མི་བྱ་སྟེ། འཕགས་པ་འོད་སྲུངས་ཀྱིས་ཞུས་པ་ལས་འདི་སྐད་དུ། ཆོས་ཟབ་མོ་གང་དག་བློས་མི་རྟོགས་པ་དེ་ལ་སངས་རྒྱས་ཀྱི་བྱང་ཆུབ་ནི་མཐའ་ཡས་ཤིང་སེམས་ཅན་མོས་པ་ཐ་དད་པ་རྣམས་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་བསྟན་པ་ལ་འཇུག་སྟེ། དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་གྱི་བདག་གིས་ནི་མི་ཤེས་ཏེ། དེ་བཞིན་གཤེགས་པས་མངོན་སུམ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོ་ཉིད་དུ་བལྟ་བར་བྱའོ། །གཞན་ཡང་མདོ་དང་རྒྱུད་ཐམས་ཅད་དུ་དོན་འདི་བདག་གིས་མཐོང་ངོ༌། །གང་ཟག་ལ་ཡང་སྐུར་པ་གདབ་པར་མི་བྱ་སྟེ། འཕགས་པ་ལྷག་པའི་བསམ་པ་བསྐུལ་བ་དང༌། འཕགས་པ་ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་དག་ལས་ངའམ་ང་དང་འདྲ་བ་མ་གཏོགས་པར་གང་ཟག་གིས་གང་ཟག་གི་ཚོང་གཟུང་བར་མི་བྱ་སྟེ་ཉམས་པར་འགྱུར་རོ་ཞེས་གསུངས་སོ། །དེའི་ཉེས་བ་ནི་མདོ་ལས་གཞན་ཡང་མང་དུ་མཐོང་ངོ༌། །དང་པོའི་སངས་རྒྱས་རྒྱུད་ཆེན་ལས། །ཞེས་བྱ་བ་ལ་སོགས་པའི་ཚིག་རྐང་པ་བཅུ་གཉིས་ཀྱི་དོན་བདག་གིས་བདག་གི་བླ་མར་གྱུར་པ་དགེ་སློང་བསོད་སྙོམས་པ་དང་གསེར་གླིང་པའི་གདམས་ངག་ལ་བརྟེན་པ་ཡིན་ཏེ། བླ་མའི་ཞལ་ནས་དབང་བསྐུར་བ་ངེས་པར་བསྟན་པ་ཞེས་བྱ་བ་ལས་འདི་སྐད་དུ། དེ་ལ་དབང་


DTG111_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྣམ་པ་གཉིས་ཏེ། ཁྱིམ་པའི་ཕྱོགས་ལ་བརྟེན་པ་དང༌། ཚངས་པར་སྤྱོད་པའི་ཕྱོགས་ལ་བརྟེན་པའོ། །ཁྱིམ་པའི་ཕྱོགས་ལ་བརྟེན་པ་གང་ཞེ་ན། ཇི་སྙེད་རྒྱུད་ལས་གསུངས་པ་ཐམས་ཅད་དོ། །ཚངས་པར་སྤྱོད་པའི་ཕྱོགས་ལ་བརྟེན་པ་གང་ཞེ་ན། དེ་དག་ཉིད་ལས་གསང་བ་དང༌། ཤེས་རབ་ཡེ་ཤེས་སྤངས་པའོ། །དེ་ཅིའི་ཕྱིར་དེ་གཉིས་སྤངས་ཤེ་ན། འདི་ལྟར་སངས་རྒྱས་ཀྱི་ཆོས་ལ་བརྟེན་ནས་དགེ་བ་ཇི་སྙེད་ཅིག་འབྱུང་བ་དེ་དག་ཐམས་ཅད་ནི་བསྟན་པ་གནས་པ་ལས་འབྱུང་བ་ཡིན་ལ། བསྟན་པ་གནས་པ་ཡང་ཚངས་པར་སྤྱོད་པ་ཁོ་ལ་ལྟོས་ཤིང༌། དབང་བསྐུར་བ་གཉིས་ནི་ཚངས་པར་སྤྱོད་པའི་མི་མཐུན་པའི་གནས་སུ་མཐོང་བའི་ཕྱིར་རོ། །དེ་བས་ན་དབང་བསྐུར་བ་གཉིས་ནི་ཚངས་པར་སྤྱོད་པ་ཟད་པར་བྱེད་པ་ཡིན་ལ། ཚངས་པར་སྤྱོད་པ་ཟད་ན་སངས་རྒྱས་ཀྱི་བསྟན་པ་ནུབ་པར་འགྱུར་ཞིང༌། དེ་ནུབ་པས་བསོད་ནམས་མངོན་པར་འདུ་བྱ་བ་རྣམས་རྒྱུན་ཆད་པར་འགྱུར་ལ། གཞི་དེ་ལས་དགེ་བ་མ་ཡིན་པ་དཔག་ཏུ་མེད་པ་འབྱུང་བའི་ཕྱིར་དེ་གཉིས་ཚངས་པར་སྤྱོད་པ་རྣམས་ལ་སྤངས་སོ་ཞེས་གསུངས་སོ། །དེ་ལྟར་ཡིན་ན་ཚངས་པར་སྤྱོད་པ་དག་གིས་གསངས་སྔགས་ལ་འཇུག་ཏུ་མི་རུང་ངོ་ཞེ་ན། རྒྱུད་ཀུན་ཉན་དང་འཆད་པ་དང༌། །སྦྱིན་སྲེག་མཆོད་སྦྱིན་སོགས་བྱེད་པ། །སློབ་དཔོན་དབང་བསྐུར་རྙེད་གྱུར་པ། །ཞེས་བྱ་བ་འདི་སྨོས་སོ། །གལ་ཏེ་ཚངས་པར་སྤྱོད་པའི་སྔགས་པས་རྒྱུད་ལ་སོགས་པ་ཉན་པ་དང༌། གཞན་ལ་འཆད་པ་དང༌། བལྟ་བ་དང༌། སྦྱིན་སྲེག་དང༌། གཏོར་མ་དང༌། བཟླས་བརྗོད་དག་བྱེད་པར་འདོད་ན་ནི་སློབ་དཔོན་དབང་བསྐུར་ཞེས་པ་བུམ་པའི་དབང་གིས་རུང་བརྒྱུད་ཐམས་ཅད་དང༌། དཀྱིལ་འཁོར་གྱི་ཆོག་ཐམས་ཅད་ནས་གསལ་བར་གསུངས་སོ། །འདིའི་དོན་བླ་མ་དགེ་སློང་བསོད་སྙོམས་པ་ཡ་བ་དྭཱི་པས་གསུངས་ཏེ། འདི་སྐད་དུ་དེ་ལྟ་ཡིན་ན་ཚངས་པར་སྤྱོད་པ་རྣམས་ནི་ཐེག་པ་ཆེན་པོའི་ཡང་ཐེག་པ་ཆེན་པོའི་སྐལ་བ་ཅན་མ་ཡིན་པར་འགྱུར་རོ་ཞེ་ན། དེ་ནི་འདིར་ངེས་པར་འཁྲུལ་པར་སྤྱད་པར་བྱ་སྟེ། གང་གིས་བུམ་པ་དང༌། སློབ་དཔོན་དང་རྗེས་སུ་གནང་བ་ཐོབ་པ་ཉིད་ཀྱི་རྒྱུད་ལ་སོགས་པ་བསྒྲུབ་པ་དང༌། བཤད་


DTG111_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་མཉན་པ་དང་བལྟ་བ་ལ་དབང་བསྐུར་བའི་ཕྱིར་སྐལ་བ་ཅན་ཡིན་ནོ། །དེ་ལྟ་ན་ཁྱིམ་པ་དག་ལ་ཡང་གསང་བ་དང༌། ཤེས་རབ་ཀྱི་དབང་དགོས་པ་མེད་པར་འགྱུར་རོ་ཞེ་ན། དེ་མི་དགོས་པ་ཡང་ཡིན་ལ། དེ་ལས་བཟློག་པ་ཡང་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །དེ་ཉིད་རིག་ལ་ཉེས་པ་མེད། །ཅེས་པ་འདིའི་དོན་ནི་བདག་ལ་བླ་མ་དག་གིས་ཉེ་བར་བསྟན་པ་གནང་བ་མང་དུ་ཡོད་དེ། བླ་མ་དམ་པ་ཁ་ཅིག་གི་ཞལ་ནས་སྙིང་རྗེས་སེམས་ཅན་གྱི་དོན་རིག་ཅིང་སེམས་སྙིང་རྗེའི་དབང་དུ་སོང་བའི་བྱང་ཆུབ་སེམས་དཔས་ཅི་བྱས་ཀྱང་དེའི་རྒྱུད་ལ་ཉེས་པ་མེད་ཅིང་དེའི་རྗེས་ལ་ཡང་བསོད་ནམས་མང་དུ་འཕེལ་བར་འགྱུར་རོ་ཞེས་གསུངས་སོ། །དེ་ནི་བཟོད་པ་ཆུང་ངུ་ཐོབ་པ་ཡིན་ནོ། །དམ་པ་ལ་ལའི་ཞལ་ནས་ཆོས་ཐམས་ཅད་སྒྱུ་མར་ཤེས་ཤིང་དེའི་དེ་ཁོ་ན་ཉིད་རིག་པའི་རྣལ་འབྱོར་བ་ལས་ཉེས་པར་འགྱུར་བ་གང་ཡང་མེད་དེ། འདི་སྐད་དུ། ཆུ་ཡི་ཟླ་བ་ལྟ་བུར་ནི། །རྣལ་འབྱོར་པ་ནི་གང་གིས་ཤེས། །དེ་ནི་སྡིག་དང་བསོད་ནམས་སོགས། །ནམ་ཡང་གོས་པར་མི་འགྱུར་རོ། །ནང་དང་ཕྱི་རོལ་གནས་འདི་ཀུན། །སེམས་ཡིན་སྒྱུ་མ་ལྟ་བུ་སྟེ། །དེ་ཡང་རྟག་མིན་ཆད་པ་མིན། །གཉི་ག་དག་ཏུའང་མི་རྟོག་ཅིང༌། །དངོས་འཛིན་དུག་གིས་མ་གོས་པས། །དེ་ལྟ་བུ་ནི་སུས་མཐོང་བ། །སྒྱུ་མར་རིག་ལ་ཉེས་པ་མེད། །ཅེས་གསུངས་ཏེ། ཆོས་ཀྱི་མཆོག་ཆུང་ངུ་ཐོབ་པ་ལ་ཉེས་པ་མེད་པའོ། །བླ་མ་དགེ་སློང་བསོད་སྙོམས་པའི་ཉེས་པར་མི་འགྱུར་བ་ནི་བླ་མའི་ཞལ་སྔ་ནས་མཛད་པའི་གཞུང་དེ་ཉིད་དུ་བལྟ་བར་བྱའོ། །འདི་ནི་ལས་དང་པོ་པ་ད་ལྟ་ཉིད་ན་ཡང་ཉེས་པ་མེད་པའོ། །དམ་པ་གཞན་ནི་འདི་སྐད་དུ་འཕགས་པ་འོད་སྲུངས་ཀྱིས་ཞུས་པའི་མདོ་དང༌། བུད་མེད་འགྱུར་བ་ལུང་བསྟན་པའི་མདོ་དང༌། དཔལ་མཆོག་དང་པོའི་རྒྱུད་དང༌། འདུལ་བ་དོན་ཡོད་པའི་རྒྱུད་དང༌། རྒྱུད་གཞན་དེ་མ་ཡིན་པ་དག་དང༌། འཕགས་པ་ཀླུ་སྒྲུབ་དང༌། སློབ་དཔོན་ཨཱཪྻ་དེ་བ་ལ་སོགས་པའི་གཞུང་དེ་དག་གི་ཚུལ་གྱིས་ཉེས་པར་མི་འགྱུར་ཞིང༌། དོན་དེ་ནི་དེ་ཁོ་ན་ཉིད་རིག་པ་ལ་ཉེས་པ་མེད་དེ་རྩེ་མོ་ཆུང་ངུ་ཐོབ་པ་ནའོ་


DTG111_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུང་ངོ༌། །དམ་པ་གཞན་ནི་འདི་སྐད་དུ་ཆོས་ཐམས་ཅད་ཀྱི་སྐྱེ་བ་མེད་པ་དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང༌། དེ་རྒྱུད་ལ་སྐྱེས་པ་ལ་ཡང་ཉེས་པ་མེད་དེ། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་རིག་པ་ལ་ཉེས་པ་མེད་དོ་ཞེས་གསུང་སྟེ། འདི་ནི་བདེན་པ་མཐོང་བ་དག་ལ་ཉེས་པ་པར་མི་འགྱུར་རོ། །དེ་བས་ན་ལམ་ལ་གནས་པའི་རྣལ་འབྱོར་པ་དེས་ཉེས་པ་མེད་པ་དང༌། ཉེས་པར་འགྱུར་པ་དག་ཤེས་པར་བྱའོ། །ཡིད་བཞིན་ནོར་བུ་ལྟ་བུའི་སྤྲུལ་པའི་སྐུ། །འདས་ཤིང་འཕགས་པ་ཀླུ་སྒྲུབ་ལ་སོགས་པའི། །མཁས་པ་ཆེན་པོ་རྣམས་ཀྱང་མེད་པ་ན། ཐུབ་པའི་དམ་ཆོས་ནུབ་ཏུ་ཉེ་བ་ཡི། །དིང་སང་དུས་ན་སྨྱོན་པ་ལྟ་བུ་ཡི། །ལོག་པར་རྟོགས་པའི་གང་ཟག་མང་པོ་བྱུང༌། །བླ་མ་བརྒྱུད་པའི་གདམས་ངག་བྲལ་བ་ཡི། །མདོ་དང་བསྟན་བཅོས་གླེགས་བམ་མཐོང་བ་ཡིས། །གསུང་རབ་རྒྱ་མཚོ་ཟབ་མོའི་དོན་ལ་སྤྱོད། །དེ་དག་ལོང་བ་ལྟ་བུར་གྱུར་པ་སྟེ། །ཐེག་ཆེན་ལམ་མཆོག་དེ་ཡིས་ཤེས་པ་མིན། །དེ་བས་ལོག་རྟོགས་རྗེས་སུ་འབྲང་མི་བྱ། །ལེགས་པའི་འབྱུང་གནས་ཐེག་པ་ཆེན་པོའི་ལམ། །བླ་མ་མིག་དང་འདྲ་བ་མེད་པ་ཡིས། །མ་མཐོང་མི་མཐོང་མཐོང་བར་མི་འགྱུར་རོ། །ཐེག་པ་ཆེན་པོ་རྒྱ་མཚོ་ལྟར་ཟབ་ཅིང༌། །ནམ་མཁའ་ལྟ་བུར་ཤིན་ཏུ་རྒྱ་ཆེ་བ། །བླ་མ་དང་བྲལ་རང་དགའ་སྨྲ་བ་ཡིས། །མདོ་དང་བསྟན་བཅོས་དག་གི་གླེགས་བམ་དེ། །མཐོང་བས་ཚིམ་སྟེ་བླ་མ་སྟེན་མི་བྱེད། །དེ་དག་གིས་ནི་ཐེག་པ་ཆེན་པོ་ཡི། །གཏམ་གྱི་རིམ་པ་ཙམ་ཡང་མི་ཤེས་ན། །ཟབ་དང་རྒྱ་ཆའི་དོན་ལྟ་ག་ལ་ཡོད། །ཐེག་ཆེན་བག་ཆགས་བཟང་པོ་ཡོད་པ་ཡི། །བླ་མ་དམ་པས་ཟིན་པའི་སྐྱེ་བོ་ནི། །མཁས་པ་སུ་ཞིག་དེ་ཡི་རྗེས་སུ་འབྲང༌། །དིང་སང་བསྟན་པ་ནུབ་ཀར་གྱུར་པ་ཡི། །འཇིགས་པ་ཆེན་པོའི་དུས་འདི་བྱུང་བས་ན། །རྟོགས་ལྡན་མཁས་པ་དག་གིས་བག་ཡོད་ཀྱིས། །བླ་མ་བཟང་པོ་བརྒྱུད་པའི་གང་ཟག་ནི། །ཡུལ་དང་ས་ཕྱོགས་གང་ན་ཡོད་པ་དྲི། །རྙེད་ནས་ཟླ་བའམ་ལོར་ཡང་བསྟེན་བྱས་ལ། །བསྙེན་བཀུར་ཚུལ་བཞིན་བྱས་ལ་མཉེས་པར་བྱ། །སྐྱེས་བུ་དེ་ཡི་ལུས་དང་ངག་དག་གི །སྤྱོད་ཚུལ་ཤིང་ཏུ་ངན་པར་སྤྱོད་ན་ཡང༌། །དེ་ལ་


DTG111_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

མི་བལྟ་དམ་ཆོས་བླང་བར་བྱ། །དཔེར་ན་བུང་བས་མེ་ཏོག་འཛིན་པའི་ཚེ། །སྦྲང་རྩི་ཁྱེར་ནས་མེ་ཏོག་ལུས་པ་དང༌། །མཁས་པ་དེས་ཀྱང་དེ་དང་འདྲ་བར་སྤྱད། །སྤྱོད་ཚུལ་མི་བལྟ་དེ་ཡི་གདམས་ངག་མཉན། །ཉེར་བསྟན་དེ་ལ་སེམས་ནི་གོམས་པས་ན། །ཚེ་འདི་ཉིད་ལ་བྱང་ཆུབ་ཐོབ་བྱའི་ཕྱིར། །འཁོར་ལོ་སྡོམ་པ་ལ་སོགས་གསང་སྔགས་ཀྱི། །གདམས་ངག་བླ་མ་བརྒྱུད་པ་ཅན་ལ་ཞུ། །དབང་བསྐུར་གཉིས་པ་སྤངས་པ་ཡི། །གསང་སྔགས་གཞུང་ལུགས་མི་ཤེས་ན། །རྣམ་རྟོག་དུ་མས་བཅིངས་གྱུར་པས། །མྱུར་དུ་སངས་རྒྱས་འགྲུབ་མི་འགྱུར། །ཡང་སྨྲས་པ། ཐུབ་པའི་བསྟན་པ་མདངས་ཉམས་གྱུར་པ་ཡི། །སྟོན་པའི་དམ་ཆོས་རྣམ་པར་འཇིག་པ་ནི། །དིང་སང་དུས་ན་བསྟན་པ་འཇིག་པ་ན། །སངས་རྒྱས་ཉིད་ཀྱི་སློབ་མ་མ་གཏོགས་པར། །ཕ་རོལ་པ་དང་ཐ་མལ་སྐྱེ་བོ་ཡིས། །ཐུབ་པའི་བསྟན་པ་སུས་ཀྱང་འཇིག་མི་ནུས། །ཁྱད་པར་དུ་ནི་རབ་ཏུ་བྱུང་བས་འཇིག །ཁ་ཅིག་གསང་སྔགས་རྒྱུད་ཀྱི་རྗེས་འབྲངས་ནས། །ལོག་པར་སྤྱོད་ཅིང་གཞན་ལའང་ལོག་པར་སྟོན། །ཁ་ཅིག་ཤེས་རབ་ཕ་རོལ་ཕྱིན་པ་ཡི། །ཇི་བཞིན་ཡང་དག་དོན་ནི་མི་ཤེས་པར། །རྒྱུ་དང་འབྲས་བུ་ལ་སོགས་ཀུན་རྫོབ་པ། །འགོག་ཅིང་རང་བཞིན་རྣམ་པར་དག་ཅེས་སྨྲ། །ཁ་ཅིག་སོ་སོར་ཐར་པ་འདུལ་བ་ཡི། །བསླབ་པ་ཇི་སྙེད་གསུངས་པ་བཏང་བྱས་ནས། །ཞིང་དང་ཁེ་སོགས་ཁྱིམ་པ་དང་འདྲེ་ཞིང༌། །གཙུག་ལག་ཁང་ནའང་སྣ་ཚོགས་གཏམ་གྱིས་སྤྱོད། །འཕགས་པ་ལང་ཀར་གཤེགས་པ་ལས། ང་ཡི་བསྟན་པ་སུན་འབྱིན་པ། །ངུར་སྨྲིག་གི་ནི་གོས་བགོས་ཤིང༌། །འབྲས་བུ་ཡོད་དང་མེད་སྨྲ་བ། །མ་འོངས་པ་ན་འབྱུང་བར་འགྱུར། །ཞེས་གསུངས་སོ། །ཡང་དེ་ཉིད་ལས། རྩོད་པའི་དུས་ཀྱི་ཐ་མ་ལ། །འཇིག་རྟེན་དམ་ཆོས་མི་བསྒོམ་མོ། །ཞེས་གསུངས་སོ། །མཁས་པ་ཆེན་པོ་ནོར་གྱི་རྩ་ལག་གི་ཞལ་ནས་ཀྱང༌། སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང༌། །དབང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །དེ་ཉིད་མ་མཐོང་རང་དགར་སྤྱོད་བ་ཡི། །ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། །རང་བྱུང་རང་འབྱུང་བསྟན་པ་གཅེས་འཛིན་རྣམས། །མཆོག་ཏུ་


DTG111_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཞིར་གཤེགས་འགྲོ་མགོན་མེད་པ་ན། །འདོམས་མེད་ཡོན་ཏན་འཇོམས་པར་བྱེད་པ་ཡི། །དྲི་མས་དགའ་མགུར་དིང་སང་འདི་ན་སྤྱོད། །དེ་ལྟར་ཐུབ་པའི་བསྟན་པ་ཉམས་དགའ་འདི། །ལྐོག་མར་སྲོག་འབྱིན་འདྲ་དང་དྲི་མ་རྣམས། །སྟོབས་དང་ལྡན་པའི་དུས་སུ་རིག་ནས་ནི། །ཐར་པ་འདོད་པ་དག་གིས་བག་ཡོད་ཀྱིས། །ཞེས་གསུངས་སོ། །དམ་པའི་གདམས་ངག་རྒྱས་པར་བཀོད་པ་འདི། །སངས་རྒྱས་བསྟན་པ་ཇི་སྲིད་གནས་ཀྱི་བར། །སྙིང་རྗེ་བྱང་ཆུབ་སེམས་དང་ལྡན་པ་དེ། །བརྩོན་འགྲུས་ཀྱིས་ནི་ཉིན་མཚན་སྤྱོད་གྱུར་ཅིག །བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེལ་ཞེས་བྱ་བ་བྷཾ་ག་ལའི་རྒྱལ་པོའི་རིགས་རྒྱུད་ཤཱཀྱའི་དགེ་སློང་མཁས་པ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པ་དཱི་པཾ་ཀ་ར་ཤྲཱི་ཛྙ་ནས་མཛད་པ་རྫོགས་སོ།། །།དད་པའི་ས་གཞི་ཚུལ་ཁྲིམས་ས་བོན་བསྟེན། །བྱམས་པའི་མྱུ་གུ་ཏིང་འཛིན་ཆུས་བརླན་པའི། །རྩ་བ་སྙིང་རྗེ་ཆུ་བ་བྱང་ཆུབ་སེམས། །ཡལ་ག་ཕར་ཕྱིན་ལོ་མ་བསྡུ་བའི་དངོས། །མེ་ཏོག་ནོར་བདུན་འབྲས་བུ་རྗེས་དྲན་དྲུག །དགེ་བཅུའི་དྲིས་ཁྱབ་སློབ་མའི་བྱ་ཚོགས་འདུ། །ཤིང་མཆོག་དེ་འདྲའི་བྱང་ཆུབ་སེམས་དཔའ་ནི། །བྷཾ་ག་ལར་འཁྲུངས་མར་མེ་མཛད་དཔལ་ཞབས། །དིང་སང་དུས་ན་སངས་རྒྱས་གདུང་འཚོབ་པ། །སྐྱ་བོ་དབུས་ན་ཉི་མ་བཞིན་དུ་ལྷམ། །སྙན་པར་རབ་གྲགས་ཆོས་ལུགས་བཟང་པོ་ཤེས། །སྡོམ་པས་རབ་བསྡམས་མཁས་དང་ནུས་པར་ལྡན། །རིགས་ཅན་རྣམས་ཀྱི་བླ་མར་འོས་པ་སྟེ། །དེ་ནི་སངས་རྒྱས་རྣམས་ཀྱི་སྲས་གཅིག་པུ། །བསམ་དང་ལྷག་བསམ་གསེར་དང་ཟླ་ཚེས་འདྲ། །ཕ་རོལ་འགྲོ་བ་དག་གི་བསམ་པ་དང༌། །སྤྱོད་ལམ་མཐུན་ཞིང་ཆོས་ཀྱི་བཤད་པའང་སྟོན། །ནམ་ཡང་གང་ཟག་ཕ་རོལ་མི་དད་པ། །དུག་དང་འདྲ་བར་སྤོང་བྱེད་བསམ་རྗེས་འཇུག །བྱ་བ་ངན་སྤངས་སྤྱོད་ལམ་ཉམས་པ་མེད། །སྐད་ཅིག་སྐད་ཅིག་གཉེན་པོའི་སྟོབས་དང་ལྡན། །ཕྲིན་ལས་བཟང་པོས་ཡུལ་ཕྱོགས་དབུས་སུ་འཁྲུངས། །སྐྱེ་བ་བཟང་པོ་རྒྱལ་པོའི་རིགས་སུ་འཁྲུངས། །རིགས་བརྒྱུད་བཟང་པོ་ཐེག་ཆེན་རིགས་སུ་འཁྲུངས། །སྨོན་ལམ་བཟང་པོས་སངས་རྒྱས་སྲས་སུ་འཁྲུངས། །དེ་


DTG111_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའི་བླ་མ་བྱང་ཆུབ་སེམས་དཔའ་ནི། །མར་མེ་མཛད་དཔལ་ཡེ་ཤེས་སྙིང་རྗེ་ཅན། །སྐྱེས་མཆོག་དེ་ལ་འདུན་པའི་སློབ་མ་ནི། །ཤཱཀྱའི་དགེ་སློང་ཚུལ་ཁྲིམས་རྒྱལ་བ་དེས། །དད་ཅིང་གུས་པས་བསྙེན་བཀུར་ཚུལ་བཞིན་དུ། །བྱས་པ་ཉིད་ཀྱིས་ཐུགས་དམ་སྙིང་པོ་ནི། །འཁོར་ལོ་སྡོམ་པ་རྣལ་འབྱོར་རྒྱུད་རྒྱལ་པོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལས། །སྙིང་པོའི་སྙིང་པོར་གྱུར་པ་འདི་ཡིན་ཏེ། །ཉིན་མཚན་ཀུན་དུ་ཡིད་ལ་འདི་བསྒོམ་ཞེས། དེ་ཡིས་ཉེར་བསྟན་ཉམས་པ་མེད་པར་གནང༌། །ནགས་ཚོ་བདག་ཉིད་གཅིག་པུ་མ་གཏོགས་པ། །བོད་ཀྱི་སློབ་མ་གཞན་ལ་ཡོད་རེ་སྐན། །བླ་མ་དེ་ལ་དད་ཅིང་གུས་པ་ཡིས། །ལུས་ངག་ཡིད་ཀྱིས་རྟག་ཏུ་ཕྱག་འཚལ་ལོ།། །།རྒྱ་གར་གྱི་མཁས་པ་ཆེན་པོ་བླ་མ་བྱང་ཆུབ་སེམས་དཔའ་བྷཾ་ག་ལ་པ། དཔལ་མར་མེ་མཛད་ཡེ་ཤེས་ཞབས་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས། །

སྙིང་པོ་བསྡུས་པ་ཞེས་བྱ་བ།
མར་མེ་མཛད་ཡེ་ཤེས།


DTG111_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སཾ་གྲ་ཧ་གརྦྷ་ནཱ་མ། བོད་སྐད་དུ། སྙིང་པོ་བསྡུས་པ་ཞེས་བྱ་བ། ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །ཁམས་གསུམ་སྡུག་བསྔལ་རྒྱ་མཚོ་ཆེའི། །དཔའ་རླབས་ཤིན་ཏུ་འཁྲུགས་པ་ནི། །དགེ་དང་མི་དགེ་ལ་སོགས་པའི། །ཟག་བཅས་ལས་ལས་ངེས་པར་འབྱུང༌། །དེ་དག་ཆགས་སྡང་ལ་སོགས་པའི། །ཉོན་མོངས་རྒྱུ་ཡིས་བསྐྱེད་པ་སྟེ། །དེ་དག་འབྱུང་བའི་རྒྱུ་ཉིད་ཀྱང༌། །ཡིད་དུ་འོང་དང་མི་འོང་སོགས། །གཉིས་སུ་འཛིན་པ་ཉིད་ལས་བྱུང༌། །ཐམས་ཅད་འབྱུང་བའི་རྒྱུ་ཉིད་ནི། །རྟག་དང་ཁྱབ་དང་གཅིག་པུ་སོགས། །དངོས་པོར་འཛིན་པའི་གདོན་ཡིན་ཏེ། །དེ་བས་སྐལ་ལྡན་སྐྱེས་བུ་ནི། །བདག་གཞན་གྲོལ་བ་དོན་གཉེར་བས། །རྟེན་ཅིང་འབྲེལ་འབྱུང་ལ་སོགས་པའི། །རིགས་པ་གང་ལ་གོམས་པ་ཡིས། །དངོས་པོར་འཛིན་པ་བཟློག་པར་བྱ། །ཕྱི་ནང་ཆོས་རྣམས་ཐམས་ཅད་ཀུན། །མཚན་མ་ཐམས་ཅད་དང་བྲལ་བའི། །ནམ་མཁའ་ལྟ་བུར་ཤེས་བྱས་ལ། །དངོས་འཛིན་གདོན་གྱིས་བརླབས་པ་ཡི། །འགྲོ་ཀུན་ཡུལ་དུ་བྱས་ནས་ནི། །སྡུག་བསྔལ་རྒྱ་མཚོ་སྐེམས་བྱེད་པ། །སྙིང་རྗེ་ཆེན་པོ་སྔོན་འགྲོ་བས། །བདག་གཞན་དོན་ཀུན་


DTG111_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ཡི། །རིན་ཆེན་བྱང་ཆུབ་སེམས་བསྐྱེད་བྱ། །བྱང་ཆུབ་སྤྱོད་པ་རླབས་ཆེན་པོས། །ཕ་རོལ་ཕྱིན་དྲུག་ལ་སོགས་ལ། །མཉམ་གཞག་ལངས་པའི་སྦྱོར་བ་ཡིས། །ལམ་སྔ་རིམ་གྱིས་བགྲོད་བྱས་ཏེ། །སྒྲིབ་པ་རྣམ་པ་གཉིས་བསལ་ན། །ཚོགས་གཉིས་ཡོངས་སུ་རྫོགས་པ་ལས། །འབྲས་བུ་སྐུ་གསུམ་བསྒྲུབ་པར་བྱ། །སྐུ་གསུམ་འབྱུང་བའི་མཚན་ཉིད་ཀྱང༌། །སྟོང་ཉིད་ནམ་མཁའ་ལྟ་བུ་ལས། །བརྩལ་མེད་ཐུགས་རྗེའི་སྤྲིན་འབྱུང་ཞིང༌། །སྐུ་གཉིས་བདུད་རྩིའི་ཆུ་རྒྱུན་གྱིས། །ཁམས་གསུམ་ཐ་མའི་རྒྱུད་བརླན་ཏེ། །བྱང་ཆུབ་སྙིང་པོའི་ས་བོན་ལས། དགེ་བའི་ལོ་ཐོག་སྨིན་པར་འགྱུར། །སངས་རྒྱས་ཀུན་གྱི་སྙིང་པོ་སྟེ། །འདི་ནི་སྙིང་པོ་བསྡུས་པ་ཡིན། །ཐ་མའི་དུས་སུ་གྱུར་པས་ན། །ཚེ་ཐུང་ནད་མང་ལོངས་སྤྱོད་དམན། །རྐྱེན་ངན་བར་ཆད་མང་བ་ཡིས། །ཡུན་རིངས་གནས་པའི་མཐུ་མེད་པས། །ཚིག་རྗེས་གཅད་པར་མི་ནུས་ཀྱི།། བཤེས་གཉེན་དམ་པ་བསྟེན་བྱ་སྟེ། །ཤིན་ཏུ་བརྩོན་པའི་སེམས་ལྡན་པས། །གཡང་ས་རབ་ཏུ་དྲན་བྱས་ཏེ། །བདག་གཞན་གྲོལ་བར་བྱ་བའི་ཕྱིར། །སྙིང་པོ་མྱུར་དུ་བསྡུ་བ་ཡིན། །བརྩེ་བས་འདི་བྱས་བསོད་ནམས་ཀྱིས། །སྐལ་ངན་སེམས་ཅན་ཐམས་ཅད་ཀྱང༌། །བྱང་ཆུབ་སེམས་དང་ལྡན་གྱུར་ནས། །སྙིང་པོ་མྱུར་དུ་སྡུད་པར་ཤོག །སྙིང་པོ་བསྡུ་བ་ཞེས་བྱ་བ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་འབྱུང་གནས་དེབ་རྩེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །

སྙིང་པོ་ངེས་པར་བསྡུ་བ་ཞེས་བྱ་བ།
མར་མེ་མཛད་ཡེ་ཤེས།


DTG111_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཧྲྀ་ད་ཡ་ནི་ཀྲི་པྟ་ནཱ་མ། བོད་སྐད་དུ། སྙིང་པོ་ངེས་པར་བསྡུ་བ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མངོན་མཐོ་ངེས་པར་འབྱུང་སྟེར་བ། །དཀོན་མཆོག་གསུམ་ལ་གུས་བཏུད་ནས། །འཁོར་བའི་འཇིགས་པ་སེལ་བ་ཡི། །སྙིང་པོ་བསྡུ་བ་བཤད་པར་བྱ། །འཁོར་བའི་མཚན་ཉིད་སྡུག་བསྔལ་དང༌། །ལས་དང་ཉོན་མོངས་རྣམ་རྟོག་སྟེ། །དེ་དག་རྒྱུ་འབྲས་གོ་རིམས་ཅན། །འཁོར་བ་བསྡུས་ནས་བསྟན་པ་ཡིན། །ཐར་པའི་མཚན་ཉིད་བྱང་ཆུབ་སྟེ། །ཤེས་རབ་ཐབས་དང་སྤྱོད་པ་དང༌།


DTG111_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལྔ་དང་ནི་ཚོགས་གཉིས་ལས། །མྱ་ངན་འདས་པའི་སྐུ་གསུམ་འབྱུང༌། །དེ་ཡང་རྒྱུ་འབྲས་གོ་རིམས་ཅན། །ཐར་པ་བསྡུས་ཏེ་བསྟན་པའོ། །ཁམས་གསུམ་སྡུག་བསྔལ་རྒྱ་མཚོ་ཆེ། །དབའ་རླབས་ཤིན་ཏུ་འཁྲུགས་པ་ནི། །དགེ་དང་མི་དགེ་ལ་སོགས་པའི། །ཟག་བཅས་ལས་ལས་ངེས་པར་འབྱུང༌། །དེ་དག་གཏི་མུག་ཆགས་སྡང་སོགས། །ཉོན་མོངས་རྒྱུ་ཡིས་བསྐྱེད་པ་སྟེ། །ཡིད་འོང་མི་འོང་ལ་སོགས་པ། །གཉིས་སུ་འཛིན་པ་ཉིད་ལས་བྱུང༌། །ཐམས་ཅད་འབྱུང་བའི་རྒྱུ་ཉིད་ནི། །ད་དང་བདག་ཏུ་འཛིན་ལས་བྱུང༌། །གཞན་ཡང་འབྱུང་བའི་རྒྱུ་ཉིད་ནི། །རྟག་དང་གཅིག་པུ་ཁྱབ་ལ་སོགས། །དངོས་པོར་འཛིན་པའི་གདོན་ཡིན་ཏེ། །ཤེས་རབ་ལྡན་པས་སྤང་བར་བྱ། །དེ་བས་སྐལ་ལྡན་སྐྱེས་བུ་ནི། །བདག་གཞན་མ་ལུས་གྲོལ་བྱའི་ཕྱིར། །མི་སླུ་བ་ཡི་ལུང་དག་དང༌། །རྟེན་ཅིང་འབྲེལ་འབྱུང་ལ་སོགས་པའི། །རིགས་པ་གང་ལ་གོམས་པ་ཡིས། །དངོས་པོར་འཛིན་པའི་གདོན་ཆེན་པོ། །མ་ལུས་པར་ནི་བཟློག་པར་བྱ། །འདི་ལྟར་ཕྱི་ནང་ཆོས་རྣམས་ནི། །མཚན་མ་ཀུན་བྲལ་རང་བཞིན་ནི། །ནམ་མཁའ་ལྟ་བུར་ཤེས་བྱས་ལ། །རྟག་ཏུ་གོམས་པར་བསྒྲུབ་པར་བྱ། །འཁོར་བ་ཐོག་མ་མེད་པ་ནས། །དངོས་འཛིན་གདོན་གྱིས་བརླབས་གྱུར་པའི། །འགྲོ་ཀུན་ཡུལ་དུ་བྱས་ནས་ནི། །ཐམས་ཅད་རྗེས་སུ་འཛིན་པ་ཡིས། །བྱམས་ཆེན་ཚད་མེད་སྔོན་འགྲོ་བས། །སྡུག་བསྔལ་རྒྱ་མཚོ་སྐེམས་བྱེད་པའི། །སྙིང་རྗེ་ཆེན་པོ་ཚད་མེད་པས། །བདག་ལ་གཞན་དོན་འགྲུབ་པ་ཡི། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །ཡང་དག་བརྟན་པ་བསྐྱེད་པར་བྱ། །བདག་གཞན་འབྱོར་པ་བཅུད་ལྡན་པས། །འཁོར་བའི་ཆོས་ལ་ཡིད་འབྱུང་བྱ། །འཇིགས་པ་ཀུན་ལས་སྐྱོབ་པ་ཡི། །སྐྱབས་གསུམ་པོ་དང་ལྡན་པ་དེས། །སོ་སོར་ཐར་ལ་ལེགས་གནས་བྱ། །ཚུལ་ཁྲིམས་བཟང་པོ་དང་ལྡན་ཞིང༌། །ཐེག་ཆེན་རིགས་ཡོད་སྐྱེས་བུ་དེས། །འགྲོ་བ་སྐྱབས་མེད་བསྐྱབ་པའི་ཕྱིར། །སྐྱབས་སུ་འགྲོ་བ་སྔོན་འགྲོ་བ། །སྨོན་པའི་སེམས་ནི་བསྐྱེད་པར་བྱ། །ལྷག་པའི་བསམ་པ་དང་ལྡན་པས། །འཇུག་པའི་སེམས་ནི་བསྐྱེད་བྱས་པས། །སྔར་གྱི་སྨོན་པའི་སེམས་དེ་ཉིད། །རྒྱ་


DTG111_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་རབ་ཏུ་འཕེལ་བར་འགྱུར། །བྱང་ཆུབ་སེམས་དཔའི་སྤྱོད་པ་ནི། །རླབས་ཆེན་ཕ་རོལ་ཕྱིན་དྲུག་སོགས། །མཉམ་གཞག་ལངས་པའི་རྣལ་འབྱོར་གྱིས། །ཚོགས་ཀྱི་ལམ་འདི་བསྟན་པར་བསྒྲུབ། །ལམ་ལྔ་རིམ་གྱིས་བགྲོད་བྱས་ཏེ། །སྒྲིབ་པ་གཉིས་ནི་བསལ་བྱས་ནས། །འདི་ལྟར་ཚོགས་གཉིས་རྫོགས་བྱས་ཏེ། །འབྲས་བུ་སྐུ་གསུམ་འགྲུབ་པར་བྱ། །སྐུ་གསུམ་སྒྲུབ་པའི་མཚན་ཉིད་ཀྱང༌། །ཆོས་སྐུ་ནམ་མཁའ་ལྟ་བུ་ལས། །བརྩལ་མེད་ཐུགས་རྗེའི་སྤྲིན་བྱུང་བས། །སྐུ་གཉིས་བདུད་རྩིའི་ཆུ་རྒྱུན་གྱིས། །ཁམས་གསུམ་ཐ་བའི་རྒྱུད་བརླན་ཏེ།། བྱང་ཆུབ་སྙིང་པོའི་ས་བོན་ལས། །དགེ་བའི་ལོ་ཏོག་སྨིན་པར་འགྱུར། །དུས་གསུམ་སངས་རྒྱས་ཀྱིས་གསུངས་པའི། །སྙིང་པོ་འདིར་ནི་བསྡུས་པ་ཡིན། །འཁོར་བའི་སྡུག་བསྔལ་སྤང་འདོད་ན། །དེ་ལ་བརྩོན་འགྲུས་འབད་པར་བྱ། །རྩོད་པའི་དུས་ཀྱི་ཐ་མ་ལ། །ཚེ་ཐུང་ནད་མང་ལོངས་སྤྱོད་དམན། །རྐྱེན་ངན་བར་ཆད་མང་བ་ཡིས། །ཡུན་རིངས་གནས་པའི་མཐུ་མེད་པས། །ཚིག་རྗེས་གཅད་པར་མི་ནུས་ཀྱིས། །རིགས་ལ་གནས་པའི་གང་ཟག་དེས། །བཤེས་གཉེན་དམ་པ་བསྟེན་བྱས་ལ། །ཤིན་ཏུ་བརྩོན་པའི་སེམས་ཀྱིས་ནི། །འཁོར་བའི་སྡུག་བསྔལ་དྲན་བྱས་ལ། །བདག་གཞན་གྲོལ་བར་བྱ་བའི་ཕྱིར། །སྙིང་པོ་མྱུར་དུ་བསྡུ་བར་བྱ། །བརྩེ་བས་འདི་བྱས་དགེ་བ་ཡིས། །སྐལ་ལྡན་སེམས་ཅན་མ་ལུས་ཀུན། །བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་ཏེ། །སྙིང་པོ་མྱུར་དུ་སྡུད་པར་ཤོག །སྙིང་པོ་ངེས་པར་བསྡུ་བ་ཞེས་བྱ་བ། སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་དབུས་ཀྱི་གཉེ་ཐང་གཙུག་ལག་ཁང་དུ་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ།
མར་མེ་མཛད་ཡེ་ཤེས།


DTG111_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བོ་དྷི་སཏྭ་མ་ཎྱ་བ་ལི། བོད་སྐད་དུ། བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །དད་པའི་ལྷ་ལ་ཕྱག་འཚལ་ལོ། །ཐེ་ཚོམ་ཐམས་ཅད་རྣམ་སྤངས་ཤིང༌། །སྒྲུབ་ལ་ནན་ཏན་གཅེས་


DTG111_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྱ། །གཉིད་རྨུགས་ལེ་ལོ་སྤང་བྱ་ཞིང༌། །རྟག་ཏུ་བརྩོན་འགྲུས་འབད་པར་བྱ། །དྲན་དང་ཤེས་བཞིན་བག་ཡོད་པས། །དབང་པོའི་སྒོ་རྣམས་རྟག་ཏུ་བསྲུང༌། །ཉིན་མཚན་དུས་གསུམ་ཡང་དང་ཡང༌། །སེམས་ཀྱིས་རྒྱུད་ལ་བརྟག་པར་བྱ། །བདག་གི་ཉེས་པ་བསྒྲག་བྱ་ཞིང༌། །གཞན་གྱི་འཁྲུལ་པ་བཙལ་མི་བྱ། །གཞན་གྱི་ཡོན་ཏན་བསྒྲག་བྱ་ཞིང༌། །བདག་གི་ཡོན་ཏན་སྦ་བར་བྱ། །རྙེད་དང་བཀུར་སྟི་སྤང་བྱ་ཞིང༌། །ཁེངས་གྲགས་རྟག་ཏུ་སྤང་བར་བྱ། །བྱམས་དང་སྙིང་རྗེ་བསྒོམ་བྱ་ཞིང༌། །བྱང་ཆུབ་སེམས་ནི་བརྟན་པར་བྱ། །མི་དགེ་བཅུ་པོ་སྤང་བྱ་ཞིང༌། །རྟག་ཏུ་དད་པ་བརྟན་པར་བྱ། །འདོད་པ་ཆུང་ཞིང་ཆོག་ཤེས་དང༌། །བྱས་པ་དྲིན་དུ་གཟོ་བ་དང༌། །ཁྲོ་དང་ང་རྒྱལ་གཞོམ་བྱ་ཞིང༌། །དམན་པའི་སེམས་དང་ལྡན་པར་བྱ། །ལོག་པའི་འཚོ་བ་རྣམ་སྤང་ཞིང༌། །ཆོས་ཀྱི་འཚོ་བས་འཚོ་བར་བྱ། །ཟང་ཟིང་ཐམས་ཅད་རྣམ་སྤང་ཞིང༌། །འཕགས་པའི་ནོར་གྱིས་བརྒྱན་པར་བྱ། །དད་པའི་ནོར་དང་ཚུལ་ཁྲིམས་ནོར། །ཁྲེལ་ཡོད་ངོ་ཚ་ཤེས་པའི་ནོར། །ཐོས་པའི་ནོར་དང་གཏོང་བའི་ནོར། །ཤེས་རབ་ཉིད་ཀྱི་ནོར་བདུན་པོ། །ནོར་གྱི་རྣམ་པ་འདི་དག་ནི། །མི་ཟད་པ་ཡི་གཏེར་བདུན་དེ། །མི་མ་ཡིན་ལ་བརྗོད་མི་བྱ། །རྟག་ཏུ་འདུ་འཛི་སྤང་བྱ་ཞིང༌། །དགོན་པ་ལ་ནི་གནས་པར་བྱ། །འཁྱལ་པའི་ཚིག་རྣམས་སྤང་བྱ་ཞིང༌། །ངག་རྣམས་རྟག་ཏུ་བསྡམ་པར་བྱ། །བླ་མ་མཁན་པོ་མཐོང་བའི་ཚེ། །གུས་པས་རིམ་གྲོ་བསྐྱེད་པར་བྱ། །གང་ཟག་ཆོས་ཀྱི་མིག་ཅན་དང༌། །ལས་དང་པོ་པའི་སེམས་ཅན་ལ། །སྟོན་པའི་འདུ་ཤེས་བསྐྱེད་པར་བྱ། །སེམས་ཅན་ཐམས་ཅད་མཐོང་བའི་ཚེ། །ཕ་མ་བུ་ཚའི་འདུ་ཤེས་བསྐྱེད། །སྡིག་པའི་གྲོགས་པོ་སྤང་བྱ་ཞིང༌། །དགེ་བའི་བཤེས་གཉེན་བསྟེན་པར་བྱ། །སྡང་དང་མི་བདེའི་ས་སྤང་ཞིང༌། །གང་དུ་བདེ་བར་འགྲོ་བར་བྱ། །གང་ལ་ཆགས་པ་སྤང་བྱ་ཞིང༌། །ཆགས་པ་མེད་པར་གནས་པར་བྱ། །ཆགས་པས་བདེ་འགྲོ་མི་ཐོབ་ཅིང༌། །ཐར་པའི་སྲོག་ཀྱང་གཅོད་པར་བྱེད། །གང་དུ་དགེ་བའི་ཆོས་མཐོང་བ། །དེར་ནི་རྟག་ཏུ་འབད་པར་བྱ། །ཐོག་མ་བརྩམས་པ་གང་ཡིན་པ། །དང་པོ་དེ་ཉིད་བསྒྲུབ་བྱ་སྟེ། །དེ་ལྟ་


DTG111_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནི་ཀུན་ལེགས་བྱས། །གཞན་དུ་གཉིས་ཀ་འགྲུབ་མི་འགྱུར། །རྟག་ཏུ་སྡིག་ལ་དགའ་བྲལ་བྱ། །གང་དུ་མཐོ་བའི་སེམས་འབྱུང་ཚེ། །དེ་ཚེ་ང་རྒྱལ་བཅག་བྱ་ཞིང༌། །བླ་མའི་གདམས་ངག་དྲན་པར་བྱ། །ཞུམ་པའི་སེམས་ནི་བྱུང་བའི་ཚེ། །སེམས་ཀྱི་གཟེངས་ནི་བསྟོད་པར་བྱ། །རྟག་ཏུ་སྟོང་ཉིད་བསྒོམ་པར་བྱ། །གང་དུ་ཆགས་སྡང་ཡུལ་བྱུང་ཚེ། །སྒྱུ་མ་སྤྲུལ་པ་བཞིན་དུ་བལྟ། །མི་སྙན་ཚིག་རྣམས་ཐོས་པའི་ཚེ། །བྲག་ཅ་བཞིན་དུ་བལྟ་བར་བྱ། །ལུས་ལ་གནོད་པ་བྱུང་བའི་ཚེ། །སྔོན་གྱི་ལས་སུ་བལྟ་བར་བྱ། །བས་མཐའ་དགོན་པར་རབ་གནས་ཤིང༌། །རི་དགས་ཤི་བའི་རོ་བཞིན་དུ། །བདག་གིས་བདག་ཉིད་སྦ་བྱ་ཞིང༌། །ཆགས་པ་མེད་པར་གནས་པར་བྱ། །རྟག་ཏུ་ཡི་དམ་བརྟན་བྱ་ཞིང༌། །ལེ་ལོ་རྙོག་པའི་སེམས་བྱུང་ཚེ། །དེ་ཚེ་བདག་ལ་བརྔན་བགྲང་ཞིང༌། །བརྟུལ་ཞུགས་སྙིང་པོ་དྲན་པར་བྱ། །གལ་ཏེ་གཞན་དག་མཐོང་བའི་ཚེ། །ཞི་དེས་གསོང་པོར་སྨྲ་བ་དང༌། །ཁྲོ་གཉེར་ངོ་འཛུམ་སྤང་བྱ་ཞིང༌། །རྟག་ཏུ་འཛུམ་ཞིང་གནས་པར་བྱ། །རྟག་ཏུ་གཞན་དག་མཐོང་བའི་ཚེ། །སེར་སྣ་མེད་ཅིང་སྦྱིན་ལ་དགའ། །རྟག་ཏུ་ཕྲག་དོག་སྤང་བར་བྱ། །གཞན་གྱི་སེམས་ནི་བསྲུང་བའི་ཕྱིར། །རྩོད་པ་ཐམས་ཅད་སྤང་བྱ་ཞིང༌། །རྟག་ཏུ་བཟོད་དང་ལྡན་པར་བྱ། །ངོ་དགའ་མེད་ཅིང་གསར་འགྲོགས་མེད། །རྟག་ཏུ་ཟུངས་ནི་ཐུབ་པར་བྱ། །གཞན་ལ་བརྙས་པ་སྤང་བྱ་ཞིང༌། །གུས་པའི་ཚུལ་གྱིས་གནས་པར་བྱ། །གཞན་ལ་གདམས་ངག་བྱེད་པའི་ཚེ། །སྙིང་རྗེ་ཕན་སེམས་ལྡན་པར་བྱ། །ཆོས་ལ་སྐུར་བ་གདབ་མི་བྱ། །གང་མོས་འདི་ལ་འདུན་པར་བྱ། །ཆོས་སྤྱོད་རྣམ་བཅུའི་སྒོ་ནས་ནི། །ཉིན་མཚན་མེད་པར་འབད་པར་བྱ། །མང་པོའི་ནང་དུ་ངག་ལ་བརྟག །གཅིག་པུ་འདུག་ན་སེམས་ལ་བརྟག །དུས་གསུམ་དགེ་རྩ་ཅི་བསགས་པ། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །བསོད་ནམས་སེམས་ཅན་རྣམས་ལ་བདར། །རྟག་ཏུ་ཡན་ལག་བདུན་པ་ཡི། །སྨོན་ལམ་ཆེན་པོ་གདབ་པར་བྱ། །དེ་ལྟར་བྱས་ན་བསོད་ནམས་དང༌། །ཚོགས་ཆེན་གཉིས་ཀྱང་རྫོགས་འགྱུར་ཏེ། །སྒྲིབ་པ་གཉིས་ཀྱང་ཟད་པར་འགྱུར། །མི་ལུས་ཐབ་པའི་དོན་ཡོད་པས། །བླ་མད་བྱང་ཆུབ་ཐོབ་པར་འགྱུར།། །།རྒྱ་གར་གྱི་མཁན་པོ་དང་ལ་མ་


DTG111_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

མེ་མཛད་ཡེ་ཤེས་ཀྱིས་མཛད་པ། བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ་རྫོགས་སོ།།

བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་ལམ་ལ་འཇུག་པ་བསྟན་པ།
མར་མེ་མཛད་ཡེ་ཤེས།


DTG111_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བོ་དྷི་ས་ཏྭ་ཀ་རྨཱ་དི་མརྒཱ་བ་ཏཱ་ར་དེ་ཤ་ན། བོད་སྐད་དུ། བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་ལམ་ལ་འཇུག་པ་བསྟན་པ། བླ་མ་དམ་པ་ལ་ཕྱག་འཚལ་ལོ། །ངན་འགྲོ་འཁོར་བ་འཇོམས་པ་དང༌། །མངོན་མཐོ་ངེས་འབྱུང་རྩོལ་མཛད་པ། །ཕྱོགས་བཅུའི་དཀོན་མཆོག་ཐམས་ཅད་དང༌། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །འདི་ན་གང་དག་རང་བཞིན་གྱིས་སྙིང་རྗེ་དང་ཤེས་རབ་ཆེ་བ་ཐེག་པ་ཆེན་པོའི་རིགས་ཅན་དང༌། ཡང་གང་དག་སྐྱེ་བ་སྔ་མ་དག་ཏུ་ཐེག་པ་ཆེན་པོ་ལ་གོམས་པར་བྱས་པའི་སྐྱེས་བུ། འཁོར་བ་ལ་ཡིད་ལེགས་པར་བྱུང་བ་འཆི་བ་རྗེས་སུ་དྲན་པ། ཕྱི་ནང་གི་དངོས་པོ་ཐམས་ཅད་ལ་ཞེན་པ་ཆུང་བ་དང༌། དགེ་བའི་བཤེས་གཉེན་དམ་པ་ཅིག་ལ་ཐེག་པ་ཆེན་པོའི་ལམ་ཕྱིན་ཅི་མ་ལོག་པ་ཅིག་ཐོས་པར་གྱུར་ན་ཅི་མ་རུང༌། བདག་གིས་དམ་པ་ཅིག་བཙལ་བར་བྱའོ་སྙམ་དུ་སེམས་པ་དེས། དགེ་བའི་བཤེས་གཉེན་དུ་རུང་བའི་བླ་མ་བཙལ་ཏེ། གཞན་དུ་བསྟན་པ་བཞིན་དུ་གསུམ་ལ་སྐྱབས་སུ་འགྲོ་བ་ཁྱད་པར་ཅན་དང༌། འགྲོ་བ་མཐའ་ཡས་པ་ཡུལ་དུ་བྱས་ཏེ་བསམ་པ་བཟང་པོ་དང་ལྡན་པས་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་སེམས་ཐུན་མོང་མ་ཡིན་པ་བསྐྱེད་པ་དང༌། ལྷག་པའི་བསམ་པ་བཟང་པོ་དང་ལྡན་པས་གཡོ་སྒྱུ་དང་བྲལ་བའི་འཇུག་པ་བྱང་ཆུབ་ཀྱི་སེམས་ཆེན་པོས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་ལེགས་པར་བླང་བར་བྱའོ། །དེ་ནས་ཁྱི་དང་གདོལ་པ་དང༌། བྲན་གྱི་འདུ་ཤེས་དང་ལྡན་པ། གཡོ་སྒྱུ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་དེ་ཚོགས་ཀྱི་ལམ་པ་ཡིན་པས་ཉིན་དང་མཚན་དུ་ལུས་དང་ངག་དང་ཡིད་ཀྱི་བྱ་བ་ཐམས་ཅད་དོན་མེད་པར་མི་འགྱུར་རོ། །འདི་ལྟར་སེམས་དེས་ཟས་ཚོད་རིག་པར་བྱ་བ་དང༌། དབང་པོའི་སྒོ་རྣམས་བསྡམ་པ་དང༌། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྟ་བ་དང༌། ཉིན་དང་མཚན་དུ་རྣལ་འབྱོར་ལ་བརྩོན་པར་བྱའོ། །དེ་ནས་དབུགས་ཕྱི་ནང་དུ་རྒྱུ་བ་ཡང་གཞན་གྱི་དོན་དུ་འགྱུར་བར་འདོད་པ་དེས་ཐོ་རངས་ཀྱི་ཐུན་


DTG111_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལངས་ཏེ། བཤང་བ་དང་གཅི་བ་དོར་བ་ལ་སོགས་པའི་སྤྱོད་ལམ་ལེགས་པར་བྱས་ནས། ཡུལ་དབུས་དང་ཡུལ་མཐའ་འཁོབ་ཀྱི་བྱེ་བྲག་གིས་ཁྲུས་བྱས་ལ། འགྲོ་བ་མཐའ་དག་ལ་དམིགས་ཏེ་ཚད་མེད་པ་བཞིས་བྱང་ཆུབ་ཏུ་སེམས་བསྐྱེད་ལ། དཀོན་མཆོག་གསུམ་གྱི་གཟུགས་བརྙན་གྱི་སྤྱན་སྔར་བྱུག་རིས་ལེགས་པར་བྱས་ཏེ་མེ་ཏོག་དྲི་ཞིམ་པོ་སིལ་མ་ལེགས་པར་གཏོར་ནས། དེ་དག་གི་སྤྱན་སྔར་པུས་མོ་གཉིས་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཐམས་ཅད་དང་ཆོས་ཐམས་ཅད་དང༌། ཐེག་པ་ཆེན་པོའི་དགེ་འདུན་གྱི་སྤྱན་སྔར་ལུས་ཀྱི་བཀོད་པ་གྲངས་མེད་ཅིང་བརྗོད་དུ་མེད་པར་སྤྲུལ་ཏེ། དེ་དག་རེ་རེའི་ཞབས་ལ་ལེགས་པར་ཕྱག་བྱའོ། །དེ་དག་ལ་ཟང་ཟིང་གི་མཆོད་པ་ཚད་མེད་པ་རྒྱ་ཆེ་བ་དཔག་ཏུ་མེད་པས་མཉེས་པར་བྱའོ། །དེ་ནས་ལུས་རེ་རེ་ལ་མགོ་བརྗོད་དུ་མེད་པ་མགོ་རེ་རེ་ལ་ལྕེ་བརྗོད་དུ་མེད་པར་སྤྲུལ་ཏེ་བདག་དང་གཞན་གྱི་སྡིག་པ་མ་ལུས་པར་བཤགས་པར་བྱའོ། །བདག་དང་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་མ་གདབ་བར་བྱའོ། །གང་དག་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཚེའི་འདུ་བྱེད་གཏོང་བ་དག་ལ་འཁོར་བ་ཇི་སྲིད་པའི་བར་དུ་ཡོངས་སུ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པར་བྱའོ། །དགེ་བའི་རྩ་བ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། །ཇི་ལྟར་མདོ་ལས་འབྱུང་བ་བཞིན་དུ་ཡན་ལག་དེ་དག་རེ་རེ་ལ་ཚིག་ཤིན་ཏུ་རྒྱས་པར་བརྗོད་པར་བྱའོ། །དེ་ནས་མཆོད་པ་བདུན་པོའི་རྗེས་ལ་འགྲོ་བ་མཐའ་དག་ལ་དམིགས་ཏེ། གསུམ་ལ་སྐྱབས་སུ་འགྲོ་བའི་ཚིག་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ། །དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་སྟེ། ཇི་ལྟར་ཆོ་ག་ལས་འབྱུང་བ་བཞིན་དུ་བྱའོ། །ཐ་ན་ཡང་འདི་སྐད་དུ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་སྦྱིན་སོགས་བགྱིས་པ་འདི་


DTG111_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་བདག་གི་ལུས་དབུལ་བ་དང༌། དེ་ནས་སྐྱེས་བུ་ཆེན་པོའི་ཆོས་ལུགས་ཤིང་རྟ་ཆེན་པོའི་ལམ་ལ་གནས་པར་དམ་བཅའ་བར་བྱའོ། །དེ་ནས་རང་གི་མལ་དུ་སྐྱིལ་མོ་ཀྲུང་གིས་འདུག་ལ། བླ་མ་རྗེ་བཙུན་དཔལ་བྱང་ཆུབ་བཟང་པོས་བཀོད་པའི་ཏིང་ངེ་འཛིན་གྱི་ལེའུ་ལས་གསུངས་པའི་ཡན་ལག་དགུ་པོ་ཤེས་པར་བྱས་ལ། ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་བསྒོམ་པར་བྱ་སྟེ། དེ་ཡང་བྱིང་བ་དང་རྒོད་པ་ལ་སོགས་པའི་སྐྱོན་དུ་གྱུར་པ་ཐམས་ཅད་བསལ་ཏེ་བསྒོམ་པར་བྱའོ། །དེ་ནས་མིག་ཕྱེ་ལ་དབུགས་ཕྱུང་སྟེ། ཕྱི་དང་ནང་གི་དངོས་པོ་མཐོང་བ་ན། ཨེ་མའོ་རེ་མཚར། ཨེ་མའོ་རེ་མཚར། ནམ་མཁའ་ལྟ་བུའི་སྐྱེ་བ་མེད་པ་ལས་རྟེན་ཅིང་འབྲེལ་པར་འབྱུང་བའི་སྟོབས་ཀྱིས་སྣ་ཚོགས་སུ་སྣང་ཞིང་གནས་པ་འདི། ཨེ་མའོ་ངོ་མཚར་རོ་སྙམ་དུ་སྒྱུ་མའི་དཔེ་བརྒྱད་ཀྱི་ཚུལ་དུ་ཤེས་པར་བྱའོ། །དེ་ནས་སྙིང་རྗེ་ཆེན་པོའི་ཡིད་ཀྱིས་མི་སྣང་བའི་སེམས་ཅན་ཐམས་ཅད་ལ་ཆོས་བཤད་པའི་ཕྱིར་རྟོག་པ་ཅི་ཡོད་པས་ཐེག་པ་ཆེན་པོའི་མདོ་སྡེ་ཁ་ཏོན་དུ་གདོན་པར་བྱའོ། །དེ་ནས་ཟས་ཀྱི་བྱ་བའི་དུས་སུ་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་གིས་གང་བའི་ལུས་སྙིང་པོ་མེད་པ་མཐར་འཇིག་པ་འདིས་སངས་རྒྱས་ཀྱི་ཆོས་ཀྱི་སྐུའི་སྙིང་པོ་དེ་བཙལ་བར་བྱའོ་ཞེས་བསམས་ལ་རྒྱགས་པའི་ཕྱིར་མ་ཡིན་ལ། རོ་ལ་ཆགས་པས་ཀྱང་མ་ཡིན་ཏེ། གྲུ་ལྟ་བུའི་བློས་བཟའ་བར་བྱའོ། །ཟས་ཀྱི་ཚོད་རིག་པར་ཡང་བྱ་སྟེ། གསོ་བ་རིག་པའི་རྒྱུད་ཡན་ལག་བརྒྱད་པ་ལས། ལྟོ་ཡི་སུམ་ཆ་ཟས་ཀྱིས་ཏེ། །ཆ་གཉིས་པ་ནི་སྐོམ་གྱིས་སོ། །རླུང་ལ་སོགས་པའི་གནས་སུ་ནི། །ཆ་གཅིག་སྟོང་པར་གཞག་པར་བྱ། །ཞེས་བཤད་དོ། །ཟས་དེ་ལ་ཆ་བཞིར་བགོ་བར་བྱ། ཆ་དང་པོ་དཀོན་མཆོག་གསུམ་དང་བླ་མ་ལ་དབུལ་བར་བྱའོ། །ཆ་གཅིག་རང་ཉིད་ལོངས་སྤྱད་པར་བྱའོ། །ཆ་གཅིག་བྱིས་པ་དང་མགོན་མེད་པ་དག་ལ་སྦྱིན་པར་བྱའོ། །ཆ་གཅིག་ནི་ཁྱི་དང་བྱ་རོག་ལ་སོགས་པའི་བྱོལ་སོང་ལ་སྦྱིན་པར་བྱའོ། །གང་དག་གིས་སྤྱོད་པ་བསྡུས་པར་ནི་གཞན་དུ་ཡང་བརྗོད་


DTG111_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ཚུལ་གཞན་ནི་སྤྱོད་པ་བསྡུས་པའི་སྒྲོན་མ་ལས་བཤད་པ་བཞིན་ནོ། །དེ་ནས་སྔ་དྲོའི་ཐུན་ལ་ཡང་ཐོ་རངས་ཀྱི་ཐུན་ལ་ཇི་སྐད་བརྗོད་པ་ལྟར་ཐམས་ཅད་བྱའོ། །གུང་གི་ཐུན་དང༌། དགོངས་མོའི་ཐུན་དང༌། སྲོད་ཀྱི་ཐུན་དང༌། མཚན་མོའི་གུང་གི་ཐུན་ཐམས་ཅད་དུ་ཇི་ལྟར་བརྗོད་པའི་ཆོ་ག་ཐམས་ཅད་རྫོགས་པར་བྱའོ། །དེ་ལྟར་རྣལ་འབྱོར་པ་དེ་ལ་ནི་གཉིད་ལོག་པ་དང་ཉལ་བའི་དུས་ལ་ངེས་པ་མེད་དོ་ཞེས་བླ་མ་དག་གསུང་ངོ༌། །དེ་ལྟ་བུའི་རྣལ་འབྱོར་པ་ཚོགས་ཀྱི་ལམ་པ། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་འདོད་པའི་ལས་དང་པོ་པ་ཉིན་དང་མཚན་དུ་དོན་མེད་པར་མི་གནས་པ་དེ་ལྟ་བུ་ལ་ལྟུང་བའི་ཉེས་པ་ག་ལ་འབྱུང༌། གལ་ཏེ་བག་ཆགས་ངན་པའི་སྟོབས་ཀྱིས་ལྟུང་བ་བྱུང་བར་གྱུར་ན། འདི་ལྟར་མྱུར་དུ་གསོ་བར་བྱེད་དེ། དེ་ཡང་འདི་ལྟར་ཐུན་དྲུག་པོ་དག་དུམ་བུ་བཅོ་བརྒྱད་དུ་བགོས་ནས་སྐད་ཅིག་མ་ལྔ་བཅུ་རྩ་བཞིར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཡང་རབ་འབྲིང་དགུར་འགྱུར་རོ། །བླ་མའི་མན་ངག་གིས་གསོ་བའི་ཐབས་རྣམས་ཤེས་པར་བྱའོ། །དམ་པ་རྣམས་ཀྱིས་བཤད་པའི་ལམ་བཟང་པོ། །བྱང་ཆུབ་འོད་སོགས་སློབ་མས་བསྐུལ་བྱས་པ། །ཐེག་ཆེན་རིགས་ཅན་རྣམས་ཀྱིས་བགྲོད་བྱས་ནས། །རྐང་གཉིས་དབང་པོའི་གནས་སུ་འགྲོ་བར་ཤོག །རྗེ་བཙུན་བླ་མ་བྱང་ཆུབ་སེམས་དཔའ་ལ། །དགེ་སློང་བྱང་ཆུབ་འོད་ཀྱིས་གསོལ་བ་བཏབ། །དགེ་སློང་ཚུལ་ཁྲིམས་རྒྱལ་བས་ཞུས་ནས་བསྒྱུར། །ཐེག་པ་ཆེན་པོ་པ་རྣམས་སྤྱོད་གྱུར་ཅིག །བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་ལམ་ལ་འཇུག་པ་བསྟན་པ། སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར།།

སྐྱབས་སུ་འགྲོ་བ་བསྟན་པ།
མར་མེ་མཛད་ཡེ་ཤེས།


DTG111_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ས་ར་ཎཾ་གཙྪཱ་མི་དེ་ཤ །བོད་སྐད་དུ། སྐྱབས་སུ་འགྲོ་བ་བསྟན་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ངན་སོང་གསུམ་དང་འགྲོ་བ་ལྔའི། །སྡུག་བསྔལ་མ་ལུས་སེལ་མཛད་ཅིང༌། །མཐོ་རིས་མྱ་ངན་འདས་པ་ཡི། །བདེ་བ་སྩོལ་མཛད་དེ་ལ་འདུད། །འདིར་སྐྱབས་སུ་འགྲོ་བ་བཤད་པར་བྱ་སྟེ། སྡོམ་ལ། རྟེན་དང་


DTG111_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དང་བསམ་པ་དང༌། །དུས་དང་རང་བཞིན་ཚད་དང་ནི། །ཚུལ་དང་བསླབ་པ་ངེས་པའི་ཚིག །ལས་དང་དཔེ་དང་དབྱེ་བ་དང༌། །ཉེས་དམིགས་དགོས་པ་ཕན་ཡོན་ཏེ། །རྣམ་པ་བཅོ་ལྔ་དག་ཏུ་བརྗོད། །དེ་ལ་རྟེན་གྱི་གང་ཟག་ནི་གཉིས་ཏེ། ཐེག་པ་ཆེན་པོའི་རིགས་ཅན་དང༌། ཐེག་པ་ཆུང་ངུའི་རིགས་ཅན་ནོ། །གནས་ནི་རྣམ་པ་གཉིས་ཏེ། ཐེག་པ་ཆེ་ཆུང་གི་བྱེ་བྲག་གིས་སོ། །དེ་ལ་ཐེག་པ་ཆེན་པོའི་གཞུང་གིས་ནི་དཀོན་མཆོག་གསུམ་འདི་ལྟ་བུ་ཡིན་ཏེ་དེ་ཁོ་ན་ཉིད་ཀྱི་དཀོན་མཆོག་གསུམ་དང༌། མངོན་པར་རྟོགས་པའི་དཀོན་མཆོག་གསུམ་དང༌། མདུན་དུ་བཞུགས་པའི་དཀོན་མཆོག་གསུམ་མོ། །དེ་ཡང་འདི་ལྟར་ཤེས་བྱ་ཕྱིན་ཅི་མ་ལོག་པར་མཁྱེན་པ། རྣམ་པར་མི་རྟོག་པ་གཉིས་སུ་མེད་པའི་ཡེ་ཤེས། ཆོས་ཀྱི་དབྱིངས་ལ་གནས་པ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་དང༌། མཉམ་པར་གཞག་པའི་དུས་སུ་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟ་བུར་ཤེས་པའི་བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་གནས་པ་དང༌། ཡང་འདི་ལྟར་གཟུགས་ཀྱི་སྐུ་རྣམ་པ་གཉིས་དང་བདེན་པ་བཞི་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྒྱུད་ལ་གནས་པ་དང༌། སྦྱོར་བའི་ལམ་གྱི་བྱང་ཆུབ་སེམས་དཔའ་དང༌། ཡང་འདི་ལྟར་རི་མོར་བྲིས་པ་དང༌། འབུར་དུ་བཏོད་པ་དང༌། ལུགས་མ་དང༌། ལྡེར་སོ་ལ་སོགས་པ་དང༌། གསུང་རབ་ཡན་ལག་དགུའི་བདག་ཉིད་པོ་ཏི་དང༌། གླེགས་བམ་ལ་སོགས་པ་དང༌། ཚོགས་ཀྱི་ལམ་པའི་བྱང་ཆུབ་སེམས་དཔའོ། །ཐེག་པ་ཆུང་ངུའི་གཞུང་ནི། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང༌། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་བྱ་བ་ཡིན་ནོ། །དེ་ལ་བསམ་པ་ནི་ཐེག་པ་ཆེན་པོ་པའི་ནི་སེམས་ཅན་མ་ལུས་པའི་དོན་དུ་སེམས་པའོ། །གཅིག་ནི་བདག་འབའ་ཞིག་གི་དོན་དུ་སེམས་པའོ། །དེ་ལ་དུས་ནི་ཐེག་པ་ཆེན་པོ་པའི་ནི་བྱང་ཆུབ་ཀྱི་སྙིང་པོའི་བར་དུའོ། །གཅིག་ནི་ཇི་སྲིད་


DTG111_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

འཚོའི་བར་དུ་དམ་འཆའ་བའོ། །དེ་ལ་རང་བཞིན་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་ལྡན་པ་དང༌། རྣམ་པར་རིག་བྱེད་མ་ཡིན་པ་སྐྱེས་པའོ། །དེ་ལ་ཚད་ནི་ཁས་བླངས་པ་དང༌། སྐྱབས་བྱེད་པ་དང༌། རྣམ་པར་རིག་བྱེད་སྐྱེད་པའོ། །དེ་ལ་ཚུལ་ནི་སྐྱབས་སུ་འགྲོ་བའི་ཆོ་ག་ཡིན་ཏེ་དེ་ནི་བླ་མ་ལ་ཞུ་བར་བྱའོ། །དེ་ལ་བསླབ་པ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པ་སྟེ། བླ་མའི་ཞལ་སྔ་ནས་ཤེས་པར་འགྱུར་རོ། །དེ་ལ་ངེས་པའི་ཚིག་ནི་འབངས་ཡིན་པའམ། དེ་ལས་གཞན་པའི་ཇོ་བོ་མི་ཚོལ་བས་སྐྱབས་སུ་སོང་བའོ། །དེ་ལ་ལས་ནི་བྱང་ཆུབ་ཀྱི་སེམས་ཀྱི་ལྗོན་ཤིང་སྐྱེ་བའི་རྩ་བར་གྱུར་པ་དང༌། ཐར་པའི་གྲོང་ཁྱེར་ཆེན་པོའི་སྒོར་འཇུག་པ་དང༌། བསྙེན་གནས་ལ་སོགས་པའི་སྡོམ་པ་ཐམས་ཅད་ཀྱི་རྟེན་བྱེད་པའོ། །དེ་ལ་དཔེ་ནི་རྒྱལ་པོའམ་བློན་པོའི་འབངས་དག་དེའི་བཀའ་ལས་མི་འདའ་ཞིང་ཅི་ནས་ཀྱང་དེ་མགུ་བར་བྱེད་པ་བཞིན་ནོ། །དེ་ལ་དབྱེ་བ་ནི་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པའི་བྱེ་བྲག་གོ །དེ་ལ་ཉེས་དམིགས་ནི་གཉིས་ཏེ། སྐྱབས་ཉམས་པའམ་མི་ཤེས་པའོ། །སྤངས་པའམ་ཉམས་པ་ནི་འདི་སྐད་དུ། ཟླ་གྲགས་ཀྱི་ཞལ་སྔ་ནས། རྟེན་གྱི་དམ་པ་བླངས་ནས་ནི། །སླར་ཡང་དམན་ལ་བརྟེན་གྱུར་ན། །ཉམས་བཅས་ཕྱོགས་ལ་གནས་པས་ན། །དེ་ནི་དམ་པའི་བཞད་གད་འགྱུར། །ཞེས་གསུངས་ཏེ་མཚོན་པ་ཙམ་མོ། །དེ་ལ་དགོས་པ་ནི་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང༌། །ཀུན་དགའ་དང་ནི་མཆོད་གནས་ཀྱི། །ལྗོན་ཤིང་རྣམས་ལ་སྐྱབས་སུ་འགྲོ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང༌། །སྐྱབས་དེ་མཆོག་གྱུར་མ་ཡིན་ལ། །སྐྱབས་དེ་ལ་ནི་བརྟེན་ནས་སུ། །སྡུག་བསྔལ་ཀུན་ལས་མི་གྲོལ་ཞིང༌། །གང་ཚེ་གང་ཞིག་སངས་རྒྱས་དང༌། །ཆོས་དང་དགེ་འདུན་སྐྱབས་སོང་ན། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང༌། །སྡུག་བསྔལ་ཡང་དག་འདས་པ་དང༌། །འཕགས་ལམ་ཡན་ལག་བརྒྱད་བདེ་བ། །མྱ་ངན་འདས་པར་འགྲོ་འགྱུར་དང༌། །འཕགས་པའི་བདེན་པ་བཞི་པོ་དག །ཤེས་རབ་ཀྱིས་ནི་ལྟ་བྱེད་པ། །སྐྱབས་དེ་གཙོ་


DTG111_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཡིན་པ་སྟེ། །སྐྱབས་དེ་མཆོག་ཏུ་གྱུར་པ་ཡིན། །སྐྱབས་དེ་ལ་ནི་བརྟེན་ནས་ཀྱང༌། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །ཞེས་གསུངས་སོ། །སྐྱབས་སུ་འགྲོ་བའི་དགོས་པ་ནི་དེ་ལྟ་བུའོ། །དེ་ལ་ཕན་ཡོན་ནི་གསུམ་སྟེ། རྒྱུའི་དུས་ཀྱི་ཕན་ཡོན་དང༌། ལམ་གྱི་དུས་ཀྱི་ཕན་ཡོན་དང༌། འབྲས་བུའི་དུས་ཀྱི་ཕན་ཡོན་ནོ། །རྒྱུའི་དུས་ཀྱི་ལ་ཚེ་འདིའི་དང༌། ཚེ་རབས་གཞན་གྱིའོ། །ཚེ་འདིའི་ཕན་ཡོན་ནི་འཇིགས་པ་ཆེན་པོ་བརྒྱད་ལས་ཐར་བར་བྱེད་པ་དང༌། བར་ཆད་མེད་པ་དང༌། བསྟན་པ་ལ་དགའ་བའི་ལྷ་དག་བསྟང་གྲོགས་བྱེད་པ་དང། འཆི་བའི་དུས་སུ་ཡིད་དགའ་བ་ལ་སོགས་པའོ། །ཚེ་རབས་གཞན་གྱི་ནི་འཁོར་བའི་སྡུག་བསྔལ་དང༌། ངན་སོང་གི་སྡུག་བསྔལ་ལས་འདྲེན་པར་མཛད་པ་དང༌། མྱ་ངན་ལས་འདས་པ་དང༌། མཐོ་རིས་ཀྱི་བདེ་བ་སྩོལ་བའོ། །ལམ་གྱི་ཕན་ཡོན་བདེན་པ་བཞི་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སོགས་པ་ལ་སྦྱོར་བར་མཛད་པའོ། །འབྲས་བུའི་ཕན་ཡོན་མྱ་ངན་ལས་འདས་པ་གཉིས་དང༌། སྐུ་གསུམ་ཐོབ་པར་བྱེད་པའོ། །འདི་དག་ནི་མདོར་བསྡུས་པ་ཡིན་ལ་རྒྱས་པར་གཞུང་དང་བླ་མ་ལས་ཤེས་པར་བྱའོ། །སྐྱབས་སུ་འགྲོ་བ་བསྟན་པ་ཞེས་བྱ་བ། བླ་མ་བྱང་ཆུབ་སེམས་དཔའ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།།

ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཡི་གེར་བསྡུས་པ།
མར་མེ་མཛད་ཡེ་ཤེས།


DTG111_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་པ་ཐཱ་སཱ་དྷ་ན་ཝ་རྞྞ་སཾ་གྲ་ཧ། བོད་སྐད་དུ། ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཡི་གེར་བསྡུས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བསམ་གྱིས་མི་ཁྱབ་ཆེ་བ་མངའ། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །བྱང་ཆུབ་བསྒྲུབ་ལ་རག་ལས་པས། །སྒྲུབ་པ་ལྷུར་བླང་སྙིང་པོར་བྱ། །དལ་འབྱོར་ཕུན་སུམ་ཚོགས་པའི་ལུས། །ཤིན་ཏུ་རྙེད་དཀའ་རྙེད་གྱུར་ཅིང༌། །ཕྱིས་ཀྱང་ཤིན་ཏུ་རྙེད་དཀའ་བས། །སྒྲུབ་ལ་འབད་པས་དོན་ཡོད་བྱ། །སངས་རྒྱས་འབྱུང་དང་དགེ་སློང་དང༌། །མི་ལུས་རྙེད་དཀའ་རྙེད་གྱུར་ཅིང༌། །དགེ་བཤེས་ཕྲད་དཀའ་ཕྲད་གྱུར་ནས། །དོན་མེད་པར་


DTG111_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མ་བྱེད་གསུངས། །རླུང་གི་ནང་གི་མར་མེ་བཞིན། །ཚེ་འདི་གནས་པའི་གདེང་མེད་ཕྱིར། །མགོའམ་ལུས་ལ་མེ་འབར་བཞིན། །སྒྲུབ་ལ་མྱུར་དུ་བརྩོན་འགྲུས་བརྩམ། །འཇིག་རྟེན་འདས་དང་འཇིག་རྟེན་གྱི། །ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང༌། །སྒྲུབ་པའི་མཐུ་ལས་བྱུང་རིག་མཛད། །སྒྲུབ་པ་གཙོར་མཛད་བློ་ལྡན་རྣམས། །འདི་དང་གཞན་དུ་བདེ་བ་ལ། །མཁས་པ་སུ་ཞིག་ཐེ་ཚོམ་ཟ། །དེ་ཉིད་ཕྱིར་ན་བློ་ལྡན་རྣམས། །སྒྲུབ་པ་སྙིང་པོར་བྱ་བར་རིག །འདོད་པའི་གཞི་ལ་ཆགས་པའི་རྒྱུས། །སྒྲུབ་པའི་སྤྱོད་ལམ་ཉམས་པའི་མི། །འཇིག་རྟེན་འདས་དང་འཇིག་རྟེན་གྱི། །ཕུན་སུམ་ཚོགས་པ་ཐམས་ཅད་ལས། །ཤིན་ཏུ་རིང་བ་ཁོ་ནར་འགྱུར། །འཁོར་བའི་བཙོན་ར་ཉམ་ང་རུ། །ཉོན་མོངས་འཆིང་བ་སྣ་ཚོགས་ཀྱིས། །རབ་ཏུ་བསྡམས་པས་ཉམ་ཐག་ཅིང༌། །འཁོར་བའི་སྡུག་བསྔལ་དཔག་མེད་ཀྱིས། །དེ་ཉིད་རྒྱུད་གདུང་མི་བདེར་འགྱུར། །དེ་ཉིད་ཕྱིར་ཡང་བློ་ལྡན་དང༌། །འདོད་པའི་གཞི་ལ་ཆགས་སྤངས་ཏེ། །ཆོས་སྒྲུབ་གཙོ་བོར་བྱ་བའི་རིགས། །འདོད་ལ་ཆགས་བྲལ་བྱ་བའི་ཕྱིར། །འདོད་པའི་ཉེས་པ་དཔག་མེད་པ། །གཞུང་ལས་འབྱུང་བ་རྟོགས་བྱས་ལ། །རྟག་ཏུ་ཚུལ་བཞིན་ཡིད་ལ་བྱ། །མནོག་ཆུང་ཉེས་པ་ཆེ་བ་ནི། །བཏུང་བ་དུག་ཅན་ལྟ་བུར་བལྟ། །ཆོས་མིན་སྡུག་བསྔལ་རྒྱུར་གྱུར་པས། །རྩ་བའི་མེ་བཞིན་ཤེས་པར་བྱ། །འདོད་པ་ངོམས་པར་མི་བྱེད་ཅིང༌། །སྐོམ་པའི་སྲེད་པ་འཕེལ་བྱེད་པ། །ལན་ཚྭའི་ཆུ་འཐུངས་ལྟ་བུ་ཞེས། །ཐུབ་པའི་དབང་པོའི་ལུང་ལས་འབྱུང༌།། འདོད་པ་གནོད་པ་མང་བ་ནི། །ཤིང་གི་རྩེ་མོའི་ཤིང་ཏོག་དང༌། །ལམ་ཀའི་ཤིང་གི་ཤིང་ཏོག་འདྲ། །བྱིས་པ་རྣམས་ནི་ལན་མང་དུ། །འདོད་པའི་གཞི་ལ་ཆགས་པས་ཕུང༌། །འདོད་པའི་སྐྱོན་དུ་མ་གྱུར་པ། །དེ་ནི་འགའ་ཡང་མེད་རིག་བྱ། །དེ་ཡི་ལས་ནི་སྡུག་བསྔལ་བསྐྱེད། །ཐོག་མ་མེད་པའི་དུས་ནས་ཀྱང༌། །འདོད་ལ་ཆགས་པས་རྟག་ཏུ་འཁོར། །འདོད་པའི་ཆུ་བོའི་ཤུགས་ཀྱིས་ནི། །འཁོར་བའི་འཁོར་ལོར་འཁོར་བྱེད་ཅིང༌། །དེ་ཡིས་ཉེས་པ་གྲངས་མེད་སྐྱེད། །འཁོར་བའི་སྐྱོན་ནི་མཐའ་ཡས་ཀྱིས། །སྔོན་མཐའ་ད་ལྟར་ཕྱི་མཐའ་རུ། །གདུང་


DTG111_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་གདུང་བྱེད་གདུང་བྱེད་འགྱུར། །དེ་དོན་རྟག་ཏུ་བསྒོམ་བྱ་ཞིང༌། །བཙོན་ར་ལྟ་བུའི་འཁོར་བ་ལ། །བཙོན་ལྟར་སྐྱོ་བ་གོམས་པར་བྱ། །ཇི་ལྟར་བཙོན་ནི་བཙོན་ར་ཡི། །སྡུག་བསྔལ་མང་མྱོང་དེ་དྲན་པས། །སྐྱོ་སེམས་རྟག་ཏུ་ངང་གིས་འབྱུང༌། །ཇི་ལྟར་བཙོན་ནི་བཙོན་ར་ལས། །འབྲོས་པའི་གླགས་ནི་བྱུང་བའི་ཚེ། །ཆེད་ཀ་གཞན་དང་མི་སྙོམས་པར། །དེ་ཡི་གནས་ནས་འབྲོས་པ་ལྟར། །འཁོར་བའི་རྒྱ་མཚོ་ཆེ་འདི་ལས། །རྒལ་བའི་གླགས་དག་བྱུང་གྱུར་ན། །ཆེད་དཀའ་གཞན་དང་མི་སྙོམས་པར། །སྲིད་པའི་ཁྱིམ་ནས་འབྱུང་བར་བྱ།། བདག་གཞན་འཁོར་བའི་སྡུག་བསྔལ་དག །མཐར་དབྱུང་ཕྱིར་ཡང་བློ་ལྡན་དག །འདོད་པ་མེ་བཞིན་མྱུར་སྤངས་ཏེ། །ཆོས་སྒྲུབ་གཙོར་བྱ་མི་རིགས་སམ། །སྒྲུབ་པར་འདོད་པའི་གང་ཟག་གིས། །ས་ལྟར་ཆོས་ཉིད་གཞིར་གྱུར་པས། །དང་པོ་སྐྱབས་སུ་ལེགས་འགོ་ཞིང༌། །དེ་ཡི་བསླབ་པའི་ཆོས་ལ་བསླབ། །རྗེས་སུ་དྲན་དྲུག་རྟག་ཏུ་བསྒོམ། །སངས་རྒྱས་ཡོན་ཏན་མཐའ་ཡས་པ། །སྒྲུབ་པ་པོས་ནི་དྲན་བྱས་ལ། །དེ་ལ་དད་པ་བརྟན་པར་བྱ། །ཆོས་ཀུན་རྩ་བ་དད་པ་ཡིན། །རྩྭ་རྩེའི་ཟིལ་ཐིགས་ལྟ་བུར་ནི། །རིང་དུ་མི་གནས་ཚེ་འདིའི་ཕྱིར། །མཁས་པས་སྡིག་པ་ཡོང་མི་སྤྱོད། །དེ་འབྲས་ངན་འགྲོའི་སྡུག་བསྔལ་འབྱུང༌། །དགེ་བཅུ་ཚུལ་ཁྲིམས་དག་བྱ་ཞིང༌། །སོ་སོར་ཐར་པའི་སྡོམ་དག་ཀྱང༌། །ཅི་ནུས་རིམ་གྱིས་དག་པར་བསྲུང༌། །དེ་ནི་འཕགས་ནོར་ཀུན་གྱི་རྒྱུ། །མང་ཐོས་ནོར་ཡིན་དེ་ལྡན་བྱ། །ཚུལ་ཁྲིམས་ནོར་ཉམས་གྱུར་པ་བཞིན། །མང་ཐོས་ནོར་ལས་ཉམས་པའི་མི། །ཕྱི་ཕྱིར་འགྱོད་པར་གདོན་མི་ཟ། །རང་ལ་ང་རྒྱལ་གཞོམ་པ་དང༌། །ཆོས་སྨྲ་བ་ལའང་གུས་པར་བྱ། །ཐེག་ཆེན་ཆོས་སྒོར་འཇུག་འདོད་པས། །མུན་སེལ་གདུང་བ་ཞི་བྱེད་པ། །ཉི་ཟླ་ལྟ་བུའི་བྱང་ཆུབ་སེམས། །བསྐལ་པར་འབད་པས་སྐྱེ་ཡང་རུང༌། །དང་པོར་དེ་བསྐྱེད་རབ་སྦྱངས་པས། །རི་རབ་ལྟ་བུར་བརྟན་པར་བྱ། །དེ་བསྐྱེད་སྦྱོང་བར་འདོད་པ་ཡིས། །བྱམས་སོགས་ཚངས་པའི་གནས་བཞི་པོ། །འབད་པས་རིང་དུ་བསྒོམ་བྱས་པས། །ཆགས་དང་ཕྲག་དོག་སྤང་བྱ་ཞིང༌། །ཡང་དག་ཆོ་ག་བྱས་པས་སྐྱེ། །བག་


DTG111_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཆོས་ལས་ཉམས་པའི་མི། །ཆོས་ཀུན་ལས་ནི་ཉམས་པར་འགྱུར། །ཆོས་དེ་རྣལ་འབྱོར་ཉིད་དུ་བྱ། །བུ་གཅིག་ཕ་མ་བུ་བསྲུང་དང༌། །ཞར་བ་མིག་གཅིག་མིག་བསྲུང་དང༌། །ལམ་ཞུགས་རྣམས་ཀྱི་དེད་དཔོན་དང༌། །སྨན་ཤིང་ཆེན་པོའི་འབྲས་བུ་ལྟར། །བག་ཡོད་ཆོས་ཀྱིས་སེམས་དེ་བསྲུང༌། །སེམས་དེ་བྱང་ཆུབ་རྩ་བར་གསུངས། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཡི། །དཀྱིལ་འཁོར་དག་ནི་ཐམས་ཅད་ཀྱང༌། །བྱང་ཆུབ་སེམས་ཀྱི་མཐུ་ལས་བྱུང༌། །སེམས་མཆོག་དེ་དང་མི་ལྡན་པས། །སྦྱིན་ལས་ཤེས་རབ་བར་དག་གི །སྤྱོད་པ་དྲུག་ལ་སློབ་བྱེད་ཀྱང༌།། རྟེན་དང་བྲལ་བ་ཉིད་ཀྱི་ཕྱིར། །ཕ་རོལ་ཕྱིན་པའི་མིང་ཡང་མེད། །ཉན་ཐོས་བསེ་རུ་དྲུག་པོ་བཞིན། །བསོད་ནམས་ཐམས་ཅད་སྡུད་པ་ཡི། །ཏིང་འཛིན་སེམས་དེ་མ་བསྐྱེད་ན། །བསམ་གཏན་བཞི་དང་གཟུགས་མེད་བཞི། །ཏིང་འཛིན་ལན་མང་ཐོབ་འགྱུར་ཀྱང༌། །སྲིད་པའི་མཚོ་ལས་རྒལ་མི་ནུས། །བྱང་ཆུབ་སེམས་ཀྱི་བཞོན་པ་ལ། །བརྟེན་ནས་འཆི་བ་རྗེས་དྲན་གྱི། །ལྕག་ནི་ཡང་དང་ཡང་བརྡབ་ཅིང༌། །སྲིད་ལམ་འཇིགས་པ་ཆེ་བ་ཡི། །ལམ་འདི་མྱུར་དུ་འདའ་བྱས་ལ། །འཇིགས་མེད་སངས་རྒྱས་སར་ཕྱིན་བྱ། །སྐྱབས་འགྲོ་ལྷག་པའི་ཚུལ་ཁྲིམས་དང། །སྨོན་པའི་གཞི་ལ་གནས་པ་ཡིས། །སེམས་པའི་སྡོམ་པ་རབ་བཟུང་ཞིང༌། །ཕ་རོལ་ཕྱིན་དྲུག་ལ་སོགས་པ། །སེམས་དཔའི་སྤྱོད་པ་ཐམས་ཅད་ལ། །ཅི་ནུས་རིམ་གྱིས་ཚུལ་བཞིན་སྤྱད། །འཇུག་པའི་སྤྱོད་པ་གཙོར་སྟོན་པའི། །མདོ་སྡེ་བལྟ་ཞིང་བསྟན་བཅོས་མཉན།། ཆོས་ཀྱིས་མི་ངོམས་མཚོ་འདྲའི་མིས། །རིན་ཆེན་ནོར་བུའི་རྒྱ་མཚོ་བཞིན། །ཡོན་ཏན་ཀུན་འབྱུང་འབྱུང་གནས་གང༌། །ཐེག་ཆེན་གཞུང་ལས་བསྔགས་པ་ཡི། །བཤེས་གཉེན་རིང་དུ་ཚུལ་བཞིན་བསྟེན། །རྒྱ་མཚོ་ཆེན་པོར་ཆུ་བོ་བཞིན། །དེ་ཡི་རྟེན་ལ་ཡོན་ཏན་འདུ། །སེམས་དཔའི་སྤྱོད་ལ་དེ་མཁས་འགྱུར། །སེམས་དཔའ་སྤྱོད་པ་ཆེ་བ་ལ། །དད་པ་ཤིན་ཏུ་བརྟེན་པར་བྱ། །བག་ཡོད་དྲན་དང་ཤེས་བཞིན་དང༌། །ཚུལ་བཞིན་ཡིད་ལ་བྱེད་པ་ཡིས། །ཀུན་ནས་ཉོན་མོངས་དམིགས་པ་ལ། །རང་སེམས་ཡན་པ་ཕྱིར་བཟློག་སྟེ། །སངས་རྒྱས་ཆོས་ཀྱི་དམིགས་པ་ལ།།


DTG111_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་གཞག་པ་ཉིད་དུ་བྱ། །དེ་ལྟར་སློབ་པའི་རྒྱལ་སྲས་གང༌། །དེ་ཡི་སྤྱོད་ལས་ཉམས་མི་འགྱུར། །དགེ་བའི་བཤེས་ཀྱི་གདམས་པ་བཞིན། །རྩོམ་པ་དག་ནི་ཐམས་ཅད་ཀུན། །ཐེག་ཆེན་གཞུང་དང་བསྟུན་དེ་ཙམ། །གྲོས་ཀྱི་ཕུགས་ནི་ཆོས་ལ་གཏད། །ཆོས་དང་འགལ་ན་གང་ཡང་སྤང༌། །ཆོས་དང་མཐུན་པའི་སྤྱོད་པ་སྤྱད། །བློ་ལྡན་གང་ཞིག་རྩོམ་པ་ཀུན། །ཆོས་གཙོར་བྱེད་པ་དཔལ་ལྡན་པོ། །དེ་ལ་འདི་དང་གཞན་དུ་ཡང༌། །བདེ་བར་འགྱུར་བར་ཐེ་ཚོམ་མེད། །ཐོས་པ་ཉུང་དང་འཁོར་སྤངས་ཤིང༌། །བས་མཐའ་དགོན་པར་གནས་པར་བྱ། །ཞི་བ་དང་ནི་དུལ་བ་ཡི། །སྦྱོར་བ་དེ་ལ་བརྩོན་འགྲུས་བརྩམ། །ཁྱིམ་ནི་གང་ལའང་མི་བལྟ་ཞིང༌། །གཞན་སྐྱོན་མི་བརྟག་རང་སྐྱོན་བལྟ། །གཞན་གྱི་སྙིང་ལ་མི་འབབ་པའི། །ཚིག་ཀྱང་མཁས་པས་རིང་དུ་སྤང༌། །འདི་དག་དང་ལྡན་རྒྱལ་སྲས་གང༌། །ཕྱི་མཐའ་དུས་སུ་མི་ཉམས་པར། །བདེ་བར་ཐར་ཞེས་ཐུབ་པས་གསུངས། །གཞན་བརྙས་ཁྱད་དུ་གསོད་ཅིང་སྨོད། །དེ་ཡིས་བདག་ཉིད་ཉམས་པར་འགྱུར། །ཀུན་ལ་སྟོན་པའི་འདུ་ཤེས་སྦྱང༌། །ཆོས་སྒོར་ཞུགས་དང་རྒྱལ་སྲས་ལ། །ཁྱད་པར་དུ་ཡང་བློ་དེ་སྦྱང༌། །རང་བྱུང་འཆིང་བ་དམ་པོ་གང༌། །རྙེད་པ་དང་ནི་བཀུར་སྟི་སྟེ། །དེ་ཡིས་གཞི་ལ་ཆགས་པ་སྤང༌། །འཆིང་བ་དེ་ལས་གྲོལ་བ་གང༌། །མེ་ཡི་ནང་གི་པདྨ་བཞིན། །མཁས་པའི་ངོ་མཚར་གནས་སུ་འགྱུར། །རབ་ཏུ་བྱུང་བའི་སྒྲུབ་པ་པོས། །སངས་རྒྱས་ཆོས་ཀུན་འབྱུང་བའི་རྒྱུ། །འཕགས་པའི་རིགས་བཞི་ལ་གནས་པས། །འདོད་པ་ཆུང་ཞིང་ཆོག་ཤེས་བྱ། །སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ། །དེ་ཡིས་བསླབ་པར་ཐུབ་པས་གསུངས། །ཡོ་བྱད་བསྙུངས་པ་ལ་གནས་ཤིང༌། །ཡོངས་སུ་འཛིན་པ་ཐམས་ཅད་ལ། །རྒྱབ་ཀྱིས་ཕྱོགས་ཏེ་གནས་པར་བྱ། །རྒྱུས་མེད་ཡུལ་དུ་གྲོང་རྒྱུ་ཞིང༌། །བྱ་བཞིན་འཚོ་བ་འཕྲལ་བཙལ་བྱ། །རང་སེམས་སྦྱོང་བ་ལྷུར་ལེན་པ། །ངོ་མཚར་ཐུབ་པའི་མདོ་ལས་གསུངས། །གདུལ་དཀའ་སེམས་རྒྱུད་ཡིན་བཏང་ནས། །གྲགས་སོགས་འཇིག་རྟེན་ཆོས་ཀྱི་ཕྱིར། །ཉིན་མཚན་གྱི་ནི་དུས་ཀུན་དུ། །རྩོད་པ་སློབ་


DTG111_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རྩོད་པ་སྦྱོང༌། །ཉན་བཤད་ལ་སོགས་ཆོས་ལ་འཇུག །ཚེ་ནི་དོན་མེད་མྱུར་དུ་འདའ། །མཆོག་གི་ལམ་ལས་དེ་ཉམས་འགྱུར། །འཆི་བདག་ཉེ་བར་གྱུར་པའི་ཚེ། །འགྱོད་པས་དེ་རྒྱུད་གདུང་བར་འགྱུར། །འཇིག་རྟེན་ཆོས་ལ་མཉམ་སེམས་བསླབ། །དེ་ཡིས་བྱིས་པ་སླུ་བར་བྱེད། །འཇིག་རྟེན་གང་གི་བློ་ལ་ཡང༌། །བདག་གི་མིང་ཡང་མི་གནས་ཤིང༌། །བདག་གི་ལུས་ཀྱི་རུས་པའི་རྡུལ། །ཤིན་ཏུ་ཕྲ་བའང་འཇིག་རྟེན་ན། །གནས་པར་མི་འགྱུར་དེ་དུས་འབྱུང༌། །དེ་ཚེ་རྙེད་དང་བཀུར་སྟི་དང༌། །གྲགས་སོགས་མེད་འཇིགས་སྨོས་ཅི་དགོས། །དེ་ཚེ་བདག་ལ་གང་དབེན་པ། །བློ་དང་ལྡན་པས་དཔྱད་པ་ཐོབ། །ལས་དང་པོ་ཡི་གང་ཟག་གིས། །ལུས་དབེན་པ་ལ་མ་བརྟེན་པར། །སེམས་དབེན་རྙེད་པར་དཀའ་བའི་ཕྱིར། །འདྲེ་སྤངས་ནང་དུ་གནས་པར་བྱ། །འདྲེས་པས་འདྲིས་ཤིང་ཆགས་པར་བྱེད། །དེ་ཡིས་འཁོར་བའི་འཁོར་ལོ་བསྐོར། །དེ་ལྟར་འདྲེ་བ་སྤངས་པ་ལ། །རྟག་ཏུ་བག་དང་ལྡན་པར་བྱ། །གཉིད་ལ་དགའ་སྤངས་ཆོས་ཀུན་ཕྱིར། །དེར་གནས་དེ་ཡིས་བརྩོན་འགྲུས་བརྩམ། །དེ་ཡིས་ཆོས་ཀུན་རྫོགས་པར་བྱེད། །དྲན་པ་ཉེར་གཞག་བཞི་བསྒོམ་ཞིང༌། །ཕྱིན་ཅི་ལོག་བཞི་རབ་ཏུ་སྤང༌། །སྨྲ་ལ་དགའ་ཡང་དོན་བསམ་བྱ། །བུར་མ་ཤིང་ཤུན་སྙིང་པོ་ཅི་ཡང་མེད། །དགའ་བར་བྱ་བའི་རོ་ནི་ནང་ན་འདུག །ཤུན་པ་ཟོས་པས་མིས་ནི་བུ་རམ་རོ། །ཞིམ་པོ་རྙེད་པར་ནུས་པ་མ་ཡིན་ནོ། །ཤུན་པ་དེ་བཞིན་འདི་ལ་སྨྲ་བ་སྟེ། །རོ་ལྟ་བུ་ནི་འདི་ལ་དོན་སེམས་ཡིན། །དེ་ལྟ་བས་ན་མི་རིགས་སྨྲ་སྤངས་ཏེ། །རྟག་ཏུ་བག་ཡོད་ཀྱིས་ལ་དོན་སོམས་ཤིག །ནམ་མཁའི་མཐའ་ཀླས་སེམས་ཅན་གྱི། །ཆེད་དུ་གོ་བགོས་རིག་མཛོད་ལ། །འགའ་ཡི་ཆེད་དུ་སྒྲུབ་པ་ཡི། །སྤྱོད་པ་དག་ལ་ཉམས་མི་བྱ། །འཁོར་དང་རྙེད་པ་བཀུར་སྟི་དང༌། །གྲོགས་འདོད་པ་ཡི་བློས་བསྐྱེད་ནས། །སྨ་ལ་དགའ་བའི་སེམས་བྱུང་ན། །སྒྲུབ་པའི་བར་ཆད་བྱེད་པའི་གདོན། །རང་གི་སེམས་དེ་ཡིན་རིག་མཛོད། །མཛའ་བཤེས་ལ་སོགས་གང་ལ་ཡང༌། །གཅེས་དགོས་མཁོ་བ་ཆུད་བར་བྱ། །མཁོ་བའི་སྒོ་ནས་ཉམས་འགྱུར་ཞིང༌། །ཆོས་ལའང་བར་ཆད་མང་དུ་འབྱུང༌། །ལས་ལ་དགའ་བ་རབ་སྤངས་ཏེ། །


DTG111_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་དཀའི་སེམས་གདུལ་དགེ་བ་སྤྱད། །སྤྲོས་ལ་དགའ་བ་རབ་སྤངས་ཏེ། །བཟོད་ལ་དེས་པས་བདག་ཉིད་བརྒྱན། །བཟོད་པའི་ཆེ་བ་དཔག་ཏུ་མེད། །རྙེད་དང་བཀུར་སྟི་ལ་སོགས་པའི། །ཆོས་དྲུག་ཉེས་པ་མཐོང་བར་བྱ། །སེམས་དཔའི་སྤྱོད་པ་གྲངས་མེད་ཀྱང། །བསྡུ་ན་ཐབས་དང་ཤེས་རབ་གཉིས། །ཐབས་དང་ཤེས་རབ་ཕ་མ་ཡིས། །སངས་རྒྱས་སྲས་ནི་སྐྱེད་པར་བྱེད། །བདེར་གཤེགས་སྲས་ནི་དོན་གཉེར་བས། །ཐབས་དང་ཤེས་རབ་ཕ་མ་ཡིན། །སྒྲུབ་པ་འདི་གཉིས་འབྲེལ་པར་བྱ། །སྒྲུབ་པ་འདི་གཉིས་བྲལ་གྱུར་ན། །སངས་རྒྱས་སྲས་སྐྱེད་མི་ནུས་ཏེ། །སྐྱེས་པ་དང་ནི་བུད་མེད་དག །གཅིག་ལ་གཅིག་ནི་ཟླ་མེད་བཞིན། །གང་ཕྱིར་ཡ་བྲལ་འཆིང་བ་གསུངས། །ཆོས་ཀུན་རྩ་བར་རབ་བསྟན་པའི། །འདུན་པ་རྟག་ཏུ་བསྒོམ་བྱ་ཞིང༌། །ཟླ་བ་ཡར་གྱི་ངོ་བཞིན་དུ། །སྒྲུབ་བློ་རྟག་ཏུ་འཕེལ་བར་བྱ། །སྟོབས་དང་ལྡན་པ་ཉིད་དུ་བྱ། །སྒྲུབ་པའི་བློ་ནི་འཕེལ་འགྱུར་ན། །རླན་ལྡན་རི་རྩེའི་རྩ་ཤིང་བཞིན། །སྒྲུབ་པ་འཕེལ་བར་གདོན་མི་ཟ། །སྒྲུབ་བློ་སྟོབས་དང་ལྡན་གྱུར་ན། །སྤྱོད་པའི་ཁུར་ལྕི་ཡུན་རིང་དུ། །ཁུར་ཡང་སྐྱོ་ཞིང་ངལ་མི་འགྱུར། །ཆོས་སྤྱོད་རྣམ་བཅུ་ལ་སོགས་པའི། །ཚོགས་བསག་སྒོ་ནི་ཐམས་ཅད་ནས། །ཚོགས་གཉིས་བསག་པ་ལྷུར་བླང་བྱ། །སློབ་པའི་དུས་ན་ཆེ་བ་གང༌། །དེ་ཡི་རྟེན་ལ་ཆོས་ཀུན་སྐྱེ། །སེམས་ཅན་དོན་ལ་མཐུ་ལྡན་འགྱུར། །སྐུ་དང་ཡེ་ཤེས་འབྲས་བུ་འབྱུང༌། །ཐབས་དང་ཤེས་རབ་སྙིང་པོ་གང༌། །ཞི་གནས་ལྷག་མཐོང་རྣལ་འབྱོར་བསྒོམ། །འཇིག་རྟེན་འདས་དང་འཇིག་རྟེན་གྱི། །ཆོས་ཀུན་དེ་གཉིས་འབྲས་བུར་གསུངས། །མངོན་ཤེས་མཐུ་དང་ལྡན་བྱ་དང༌། །ཟག་མེད་ལམ་ནི་བསྐྱེད་པའི་ཕྱིར། །དང་པོ་ཞི་གནས་བསྐྱེད་པར་བྱ། །ཞི་གནས་ཚོགས་ནི་ཉམས་པ་ཡིས། །རིང་དུ་འབད་ཀྱང་འགྲུབ་མི་འགྱུར། །ཏིང་འཛིན་ཚོགས་ལ་ལེགས་པར་བསླབ། །ཏིང་འཛིན་གནོད་པ་ཀུན་སྤངས་ཏེ། །མཐུན་པའི་དམིགས་པ་གང་ཡིན་པ། །སྤོང་བའི་འདུ་བྱེད་བརྒྱད་ལྡན་པར། །དེ་དོན་གཉེར་བས་གཙུབ་ཤིང་ལྟར། །ཆགས་པའི་རླན་དང་བྲལ་བ་ཡིས། །རྟག་ཏུ་རྒྱུན་དང་ལྡན་པར་བསྒོམ། །ཉོན་མོངས་གཡུལ་ལས་རྒྱལ་


DTG111_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་ཕྱིར། །ཞི་གནས་ལ་བརྟེན་ལྷག་མཐོང་བསྒོམ། །ལྷག་མཐོང་གྲུབ་པར་གྱུར་པ་ཡིས། །མཉམ་གཞག་ལངས་པའི་དུས་དག་ཏུ། །སྒྱུ་མའི་དཔེ་བརྒྱད་ལྟ་བུར་ནི། །ཆོས་ཀུན་ལྟ་བ་གོམས་བྱས་པས། །རྗེས་ཀྱིས་རྟོགས་པ་སྦྱང་བ་དང༌། །ཐབས་ལ་སློབ་པ་གཙོ་བོར་བྱ། །མཉམ་པར་གཞག་པའི་དུས་དག་ཏུ། །ཞི་གནས་ལྷག་མཐོང་ཆ་མཉམ་ཞིང༌། །དེ་རྒྱུན་རྟག་ཏུ་གོམས་པར་བྱ། །དེ་ལྟར་ཚུལ་བཞིན་བསླབས་པའི་མཐུས། །དྲོད་སོགས་ངེས་འབྱེད་བཞི་ཐོབ་ནས། །ས་བཅུའི་ཡེ་ཤེས་རིམ་གྱིས་སྐྱེད། །དེ་ཡིས་མྱུར་དུ་དེ་འཚང་རྒྱ། །ནོར་བུ་བཞིན་དུ་གཞན་གྱི་དོན། །ལྷུན་གྱིས་གྲུབ་པར་དེ་བྱེད་འགྱུར། །ཤིན་ཏུ་བསྡུས་ན་གོ་མི་འགྱུར། །ཤིན་ཏུ་སྤྲོས་ན་གཞུང་མངས་འགྱུར། །བློ་དང་ལྡན་པས་ལེགས་དཔྱད་ན། །གོ་བའི་ཚད་དུ་བདག་གིས་གདམས། །བདག་གི་བླ་མ་ཡོན་ཏན་མང་མངའ་རྒྱ་མཚོ་ཆེ་དང་མཚུངས། །འཇིག་རྟེན་ཆོས་ལ་མི་གཟིགས་ཉིད་གཞན་དོན་ཕྱིར་སྒྲུབ་པ་སྙིང་པོར་འཛིན། །འཇིག་རྟེན་མ་རིག་གིས་ལོང་ཤེས་རབ་མིག་འབྱེད་མཐུ་མངའ་དུ་མ་ཡིས། །གདམས་པའི་དོན་དང་གཙུག་ལག་བསྟན་བཅོས་ལས་བཤད་བསླབ་དགོས་ཞེས། །གཞན་ལ་ཕན་པ་འབྱུང་སྲིད་བསམ་པས་ཡི་གེར་གནས་པར་བྱས། །དད་དང་ཤེས་རབ་ནོར་ལྡན་སྒྲུབ་པ་སྙིང་པོར་བྱེད་འདོད་གང༌། །ཐེག་པ་ལམ་གྱི་སྒྲུབ་ཐབས་ཡང་དག་ཡི་གེར་བསྡུས་འདི་ལ། །གལ་ཏེ་མོས་པ་ཡོད་སྲིད་འདི་བཞིན་བྱས་ཏེ་རང་གཞན་དོན་དུ་འགྱུར། །ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཡི་གེར་བསྡུས་པ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།

ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ།
མར་མེ་མཛད་ཡེ་ཤེས།


DTG111_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་པ་ཐཱ་སཱ་དྷ་ན་སཾ་གྲ་ཧ། བོད་སྐད་དུ། ཐེག་པ་ཆེན་པོ་ལམ་གྱི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདས་དང་ད་ལྟར་བདེ་གཤེགས་ཀུན། །སྐྱེད་པའི་ཡབ་དང་ཡུམ་གྱུར་པ། །སྒྲུབ་པའི་ཆོས་ལ་རབ་གུས་ཤིང༌། །ངག་


DTG111_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་དང་བས་ཕྱག་འཚལ་ལོ། །བསམ་གྱིས་མི་ཁྱབ་ཆེ་བ་མངའ། །བླ་མ་བྱང་ཆུབ་ཐོབ་འདོད་ན། །བྱང་ཆུབ་བསྒྲུབ་ལ་རག་ལས་པས། །སྒྲུབ་པ་ལྷུར་བླང་སྙིང་པོར་བྱ། །དེ་ཡིས་གསུམ་ལ་སྐྱབས་འགྲོ་ཞིང༌། །མི་དགེ་ཀུན་ལས་ལྡོག་པ་ཡིས། །ལྷག་པའི་ཚུལ་ཁྲིམས་དག་པར་བསྲུང༌། །བྱང་ཆུབ་སེམས་ཀྱི་བཞོན་པ་ལ། །བརྟེན་ནས་འཆི་བ་རྗེས་དྲན་གྱི། །ལྕག་ནི་ཡང་དང་ཡང་བརྡབ་ཅིང༌། །སྲིད་ལམ་འཇིགས་པ་ཆེ་ས་ཡི། །ལམ་འདི་མྱུར་དུ་འདས་བྱས་ལ། །འཇིགས་མེད་སངས་རྒྱས་སར་ཕྱིན་བྱ། །སྨོན་པའི་གཞི་ལ་གནས་པ་ཡིས། །སེམས་དཔའི་སྡོམ་པ་རབ་བཟུང་ཞིང༌། །ཕ་རོལ་ཕྱིན་དྲུག་ལ་སོགས་པ། །སེམས་དཔའི་སྤྱོད་པ་ཚུལ་བཞིན་སྤྱད། །དེ་བསྡུས་ཐབས་དང་ཤེས་རབ་ལ། །མི་གནས་མྱ་ངན་འདས་ཕྱིར་བསླབ། །དེ་ཡི་སྙིང་པོ་རྣམ་པ་གཉིས། །མེ་དོན་གཉེར་བས་གཙུབ་ཤིང་ལྟར། །ཆགས་པའི་ལྡན་དང་བྲལ་བ་ཡིས། །རྟག་ཏུ་རྒྱུན་ལྡན་གུས་པར་བསྒོམ། །དེ་ཡིས་མྱུར་དུ་དེ་འཚང་རྒྱ། །ནོར་བུ་བཞིན་དུ་གཞན་གྱི་དོན། །ལྷུན་གྱིས་གྲུབ་པར་དེ་བྱེད་འགྱུར། །ཐེག་ཆེན་སྒྲུབ་ཐབས་བསྡུས་འདི་ལ། །སྐལ་ལྡན་རྣམས་ཀྱིས་ལེགས་པར་བསླབ། །སྙིང་ལ་བདུད་རྩིའི་ཐིགས་པ་ཆགས། །བློ་མ་སྦྱངས་པས་བློས་རེག་དཀའ། །འདི་བསྡུས་དགེ་བས་འགྲོ་བ་ཀུན། །ཐེག་ཆེན་སྒྲུབ་པ་ལྷུར་ལེན་ཤོག །བདག་ཀྱང་སངས་རྒྱས་ས་ཐོབ་ནས། །འགྲོ་བའི་འདྲེན་པ་བྱེད་པར་ཤོག །ཐེག་པ་ཆེན་པོ་ལམ་གྱི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།

རང་གི་བྱ་བའི་རིམ་པ་བསྐུལ་བ་དང་བཅས་པ་ཡི་གེར་བྲིས་པ།
མར་མེ་མཛད་ཡེ་ཤེས།


DTG111_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་བྱ་བའི་རིམ་པ་བསྐུལ་བ་དང་བཅས་པ་ཡི་གེར་བྲིས་པ་བཞུགས། །རང་གི་བྱ་བའི་རིམ་པ་བསྐུལ་བ་དང་བཅས་པ་ཡི་གེར་བྲིས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཁོར་བ་ཐོག་མ་མེད་པ་ནས། །ཉོན་མོངས་བག་ཆགས་ཚད་མེད་པས། །ཡུལ་ངན་རྐྱེན་དང་ཕྲད་པ་ལས། །ཉོན་མོངས་སྡུག་བསྔལ་


DTG111_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བའི་ཚེ། །རང་གི་དྲན་པའི་ཕྱིར་དུ་འདི། །བྱས་པས་དེ་ཚེ་དྲན་པར་ཤོག །ནང་གི་སེམས་ནི་དུལ་གྱུར་ན། །ཕྱི་ཡི་དགྲ་འདིས་གནོད་མི་ནུས། །རང་གི་ནང་སེམས་གཡོ་བ་ན། །ཕྱི་ཡི་དགྲ་འདིས་རྐྱེན་བྱས་ནས། །ནང་གི་དགྲ་འདིས་རང་རྒྱུད་བསྲེག །དེས་ན་ནང་གི་དགྲ་འདི་གཞོམ། །དུག་ཅན་སྣོད་ཀྱིས་ཟས་བརླག་བཞིན། །ནང་གི་དྲི་མས་དགེ་ཚོགས་བརླག །གཉེན་པོ་ཆུ་ཡིས་ཁྲུས་བྱས་ནས། །དག་པས་བདེ་བ་ཆེན་པོ་འཐོབ། །གང་ན་གནས་ཚེ་གང་གི་ཚེ། །གང་གི་དྲི་མ་ལྡང་བ་དང༌། །ནང་གི་དགྲ་འདི་འབྱུང་བའི་ཚེ། །ཐབས་ནི་སྣ་ཚོགས་གསུངས་པས་སྤང། །དགྲ་གཞོམ་དྲི་མ་བཀྲུ་བའི་ཕྱིར། །དེ་ཚེ་འབད་པ་ཆེན་པོ་བྱ། །གང་གིས་རང་གི་རྒྱུད་འདི་ལ། །ནང་དུ་བལྟས་ཏེ་རང་སེམས་བརྟག །དེ་ཚེ་ཡུལ་ལ་ཤེས་པ་སྐྱེ། །ཤེས་པ་སྐྱེ་བའི་ཡུལ་རྣམས་གསུམ། །ཉོན་མོངས་བར་མ་དགེ་བ་སྐྱེ། །རྒྱུ་རྐྱེན་ཡུལ་གྱི་བྱེ་བྲག་གིས། །ཉོན་མོངས་སྐྱེ་བ་དག་ལ་གསུམ། །ཆེན་པོ་འབྲིང་དང་ཆུང་ངུའོ། །གཉེན་པོའི་རིམ་པའང་དེ་བཞིན་ཏེ། །ཆེན་པོ་སྐྱེ་བའི་ཡུལ་དེ་ལ། །བརྟེན་ཏེ་ཚོགས་ཆེན་འབད་པས་སྐྱེ། །འབྲིང་གི་ཡུལ་ལ་འབྲིང་ཡིན་ཏེ། །ཆུང་ངུ་ལ་ནི་ཆུང་ངུའོ། །ཆེན་པོ་ཀུན་ལ་སྐྱེས་ན་མཆོག །བར་མ་ལུང་མ་བསྟན་པ་ཡང༌། །དྲན་པས་ཟིན་པའི་སེམས་དེ་ཡིས། །ཀུན་སློང་རྗེས་ཀྱིས་དགེ་བར་བསྒྱུར། །ཐབས་སྒོ་སྣ་ཚོགས་པ་ཡིས་སོ། །དགེ་བ་ཆེ་འབྲིང་ཆུང་དུ་དག །ངང་གིས་སྐྱེས་པའི་ཡུལ་དེ་ལ། །སྦྱོར་བ་དངོས་དང་རྗེས་དག་ལས། །ཁྱད་འཕགས་བསོད་ནམས་ཀུན་བསྔོ་བྱ། །ཤེས་ན་གང་ལའང་ཚོགས་འཕེལ་འགྱུར། །ཐོག་མེད་དུས་ནས་ཇི་སྲིད་དུ། །བདག་ནི་དུག་གསུམ་ཞེན་པས་འཁོར། །ཇི་སྲིད་སྐྱེ་ཤི་ཁ་བརྒྱུད་པས། །དེ་སྲིད་ལས་རྣམས་ཆུད་རེ་ཟོས། །ཇི་སྲིད་དགེ་སེམས་འཕེལ་འགྱུར་བ། །དེ་སྲིད་སངས་རྒྱས་མངོན་སངས་རྒྱས། །བདག་ནི་གཏི་མུག་མུན་པས་བསྒྲིབས། །མུན་ནག་གློག་འགྱུ་སྣང་བ་ཙམ། །ཅི་ཞིག་ལྟར་སྟེས་དྲན་རྙེད་ཚེ། །དེ་ཚེ་འབད་པས་བསྒྲུབ་པར་བྱ། །འཆི་བར་ངེས་པ་ཆ་ཡོད་ཅིང༌། །གནས་པའི་དབང་སྟེར་མེད་མོད་ཀྱི། །བདག་ནི་རེ་ཞིག་མི་འཆི་སྙམ། །


DTG111_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་བཏང་སྟེ་བྱང་ཆུབ་བསྒྲུབ། །གཞན་དག་ལ་ཡང་སྒྲུབ་པར་གྱིས། །དཔེར་ན་བྱིས་པ་རིག་མེད་པས། །མེ་དང་གཡང་སོགས་འཇིགས་པ་མེད། །དེ་བཞིན་འགྲོ་བ་གཏི་མུག་རྣམས། །ངན་སོང་དག་ལའང་འཇིགས་པ་མེད། །དཔེར་ན་ཟས་མཆོག་རོ་དང་ལྡན། །ནད་པ་དག་ལ་བྱིན་པའི་ཚེ། །ཟས་ལ་སྨོད་ཅིང་མི་འདོད་བཞིན། །ཐབས་ཀྱི་བྱེ་བྲག་འདི་དག་ཀྱང༌། །རྨོངས་པ་ཉོན་མོངས་ལྡན་པ་ལ། །བསྟན་ཀྱང་དེ་འདྲ་ཉིད་དུའོ། །དཔེར་ན་བཟའ་ལ་དགའ་བའི་མི། །ཟོས་བརླག་བསགས་ཕན་ཆ་ཡོད་ཀྱང༌། །འདོད་པས་མི་ཚུགས་ཟ་བ་བཞིན། །སྔ་ཕྱི་རྒྱུ་འབྲས་ཆ་ཡོད་ཀྱང༌། །ཉོན་མོངས་ཞེན་པ་སྟོབས་ཆ་ཡོད། །དགེ་མེད་སྡིག་པ་སྣ་ཚོགས་སྤྱོད། །དཔེར་ན་ཁ་བྱ་མཁན་དག་གིས། །ཁ་ལ་བྱ་དགོས་ཀུན་བསྒྲུབ་ཟེར། །གཞན་གྱི་དྲན་པ་བསྐྱེད་པའི་ཚེ། །དེ་བཞིན་དགེ་བ་བྱ་དགོས་ཟེར། །ཁ་ཅིག་ཁ་ལ་གླེང་བྱེད་ཅིང༌། །ཞེ་ལ་དོན་དུ་སྒྲུབ་མི་བྱེད། །ཁ་ཅིག་འབྲས་བུ་དོན་ཆེན་པོ། །བཏང་ནས་བྱ་བ་ཆུང་ངུ་སྒྲུབ། །དེ་ཡང་བྱིས་པའི་སྤྱོད་པ་ཅན། །ཁ་ཅིག་བསམ་པ་རླུང་བཞིན་གཡོ། །རུང་དང་མི་རུང་གཉིས་ཀ་བྱེད། །ཁ་ཅིག་ཁ་དོག་དཀར་པོ་བཞིན། །རྐྱེན་གང་ལྡན་པ་དེ་ལྟར་འགྱུར། །ཁ་ཅིག་རང་ཉིད་ངང་གིས་དགེ་།གྲོགས་ཀྱིས་རྦད་པས་ཉོན་མོངས་སྐྱེད། །ཁ་ཅིག་རྐྱེན་མེད་རྒྱུ་དང་ལྡན། །དམ་པའི་གྲོགས་ཀྱིས་ཟིན་པ་ན། །སྡིག་སྤོང་དགེ་བྱེད་དེ་ལ་བསྐུལ། །ཁ་ཅིག་དགེ་ལ་བསྐུལ་མི་དགོས། །རང་གི་བྱ་བའི་རིམ་པ་བསྐུལ་བ་དང་བཅས་པ་ཡི་གེར་བྲིས་པ། སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།

མདོའི་སྡེའི་དོན་ཀུན་ལས་བཏུས་པའི་མན་ངག།
མར་མེ་མཛད་ཡེ་ཤེས།


DTG111_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སཱུ་ཏྲཱ་རྠ་ས་མུ་ཙྪ་ཡོ་པ་དེ་ཤ། བོད་སྐད་དུ། མདོའི་སྡེའི་དོན་ཀུན་ལས་བཏུས་པའི་མན་ངག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྒྱ་མཚོ་ནམ་མཁའ་ལྟར་ཟབ་རྒྱ་ཆེ་བ། །མདོ་སྡེའི་སྡེ་སྣོད་མ་མོ་ཀུན་བལྟས་ཤིང༌། །དཔལ་ལྡན་བླ་མའི་ཞལ་ནས་བྱུང་བ་ཡི། །རྙེད་པར་དཀའ་བའི་དོན་རྣམས་བྲི་བར་


DTG111_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནོར་ལྟ་བུའི་ཆོས་ནི་ལྔ་བཅུ་སྟེ། སྲོག་ལྟ་བུ་ལ་སོགས་པའོ། །དེ་རྣམས་ཅུང་ཟད་བཤད་པར་བྱ་སྟེ། ཇི་སྐད་དུ། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་ཉིད་ཡིན་པའོ། །ཞེས་སོ། །དེ་ལྟར་སེམས་ཅན་རྣམས་ལ་སྲོག་གཅེས་ཤིང་སྲོག་ལ་བརྟེན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་ཡང་སྲོག་ལྟ་བུའི་བྱང་ཆུབ་ཀྱི་སེམས་གཅེས་ཤིང་ལ་དེ་ལ་བརྟེན་པའོ། །ཕ་མ་ལྟ་བུའི་ཆོས་ནི་སྟོང་པ་ཉིད་དང༌། སྙིང་རྗེ་ཡིན་ཏེ། དེས་མ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་འབྱུང་བར་མི་འགྱུར་རོ། །བྱན་མོ་ལྟ་བུ་ནི་འཆི་བ་དང། བསླབ་པ་དང༌། ལས་ཀྱིས་བསགས་པ་བགྲང་བ་རྣམས་ཏེ། ཉིན་མཚན་ལན་གསུམ་དུ་འགྲོགས་དགོས་པའོ། །ཁང་པ་ལྟ་བུ་ནི་དགེ་བ་བཅུ་པོ་ཡིན་ཏེ། འདི་ནི་ཁང་པ་ཉིད་དེ་ངན་འགྲོ་དག་གི་སྒོ་གཅོད་པའི་ཕྱིར། ནོར་ལྟ་བུ་ནི་འཕགས་པའི་ནོར་བདུན་དང༌། འདོད་པ་ཆུང་བ་དང༌། ཆོག་ཤེས་པའོ། །གྲོགས་པོ་ལྟ་བུ་ནི་སྦྱོར་བ་ཁམས་གསུམ་ན་བྱེད་ཀྱང་བསམ་པ་མྱ་ངན་ལས་འདས་པ་དང༌། སྦྱིན་པ་རྒྱ་ཆེན་པོ་གཏོང་ཡང་རྣམ་པར་སྨིན་པ་ལ་རེ་བ་མེད་པ་དང༌། ཆོས་ཐམས་ཅད་སྐྱེ་བ་མེད་པར་ཤེས་ཀྱང་ལས་ཀྱི་རྣམ་པར་སྨིན་པ་མི་འདོར་བ་དང༌། ཆོས་ཐམས་ཅད་བདག་མེད་པར་ཤེས་ཀྱང་སེམས་ཅན་ལ་སྙིང་རྗེ་བསྐྱེད་པའོ། །རྩ་བ་ལྟ་བུ་ནི་དད་པ་དང༌། ཐོས་པ་དང༌། གཏོང་བ་དང༌། བཟོད་པའོ། །ཞིང་ལྟ་བུ་ནི་ཚུལ་ཁྲིམས་སོ། །ཉེ་དུ་ལྟ་བུ་ནི་ཕ་རོལ་ཏུ་ཕྱིན་པ་བཅུའོ། །སློབ་དཔོན་ལྟ་བུ་ནི་རྗེས་སུ་དྲན་པ་དྲུག་གོ །མཁན་པོ་ལྟ་བུ་ནི་འཕགས་པ་འོད་སྲུངས་ཀྱིས་ཞུས་པའི་མདོའི་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་འགྱུར་བའི་ཆོས་བཞིའོ། །ཚོང་དཔོན་ལྟ་བུ་ནི་བསླབ་པ་ཀུན་ལས་བཏུས་ཀྱི་གནོད་པ་བཅུ་བཞིའི་གཉེན་པོ་རྣམས་སོ། །སྲིང་མོ་ལྟ་བུ་ནི་ཚད་མེད་པ་བཞིའོ། །བྲན་ལྟ་བུ་ནི་བསྡུ་བའི་དངོས་པོ་བཞིའོ། །འབངས་ལྟ་བུ་ནི་ཁྱི་དང་བྲན་དང་གདོལ་པ་ལྟ་བུར་ང་རྒྱལ་བཅག་པའོ། །མིག་ལྟ་བུ་ནི་བསམ་པ་དང༌། ལྷག་པའི་བསམ་པ་རྣམ་པར་དག་པའོ། །མ་མ་ལྟ་བུ་ནི་དགེ་བའི་བཤེས་གཉེན་ཡིན་ནོ། །རྒྱལ་པོ་ལྟ་བུ་ནི་དཀོན་མཆོག་གསུམ་ཡིན་ནོ། །ཆུ་ལུད་ལྟ་བུ་ནི་འཁོར་གསུམ་ཡོངས་སུ་དག་


DTG111_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །ལམ་མཁན་ལྟ་བུ་ནི་དྲན་པ་དང༌། ཤེས་བཞིན་དང༌། ཚུལ་བཞིན་སེམས་པ་དང༌། བག་ཡོད་པ་དང༌། ཕྱིན་ཅི་ལོག་བཞིའི་གཉེན་པོ་བསྟེན་པའོ། །པགས་པ་ལྟ་བུ་ནི་སེམས་ཅན་མི་གཏོང་ཞིང་རྗེས་སུ་འཛིན་པའོ། །རྒྱན་ལྟ་བུ་ནི་དད་པ་དང༌། ཚུལ་ཁྲིམས་དང༌། གཏོང་བ་དང༌། ཐས་པ་དང༌། ཤེས་རབ་པོ། །ནད་དང་ཟུག་རྔུ་ལྟ་བུ་ནི་ཕྱི་ནང་གི་དངོས་པོ་ལ་ཞེན་པའི་སེམས་སོ། །སྐྱེས་བུ་མནར་སེམས་ཅན་ལྟ་བུ་ནི་ཁྱིམ་པའི་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་བདག་ནམ་ཞིག་ན་ཚངས་པར་སྤྱོད་པར་འགྱུར་ཞིག་གུ་ཞེས་པ་དང༌། རབ་ཏུ་བྱུང་བ་འདི་སྙམ་དུ་ནམ་ཞིག་ན་བདག་གིས་འགྲོ་བ་རྣམས་སྡུག་བསྔལ་ལས་ཐར་བར་ནུས་ཞེས་པའོ། །ལེ་ལོ་ཅན་ལྟ་བུ་ནི་ཁྱིམ་པས་ཞིང་ལ་སོགས་པ་མ་སྤངས་པའོ། །རབ་ཏུ་བྱུང་བས་ཚུལ་འཆོས་ལ་སོགས་པ་མ་སྤངས་པའོ། །ཚུལ་ཁྲིམས་ཀྱི་ཕུང་པོའི་མདོ་ལས། དགེ་སློང་དག་རབ་ཏུ་བྱུང་བས་གླང་པོ་ཆེ་འཐབ་པ་ལ་བལྟས་ན་ཡང་ལོག་པའི་འཚོ་བ་ཡིན་ནོ་ཞེས་གསུངས་སོ། །གཤིས་བཟང་པོ་ལྟ་བུ་ནི་ཚུལ་བཞིན་སེམས་པ་དང་ལྡན་པའོ། །དིག་པ་ལྟ་བུ་ནི་གཞན་གྱི་ཉེས་པ་དང་འཁྲུལ་པ་མི་བརྗོད་པ་དང༌། རང་གི་ཡོན་ཏན་མི་བརྗོད་པ་དང༌། གཞན་ལ་མི་སྨོད་པའོ། །ལོང་བ་ལྟ་བུ་ནི་གཞན་གྱི་འཁྲུལ་པ་ལ་མི་བལྟ་བའོ། །རྐུན་མ་ཟིན་པ་ལྟ་བུ་ནི་དག་པའི་ཆོས་འཇིག་པ་ན་དམ་པའི་ཆོས་འཛིན་པའོ། །བྱིས་པ་ལྟ་བུ་ནི་བཀའ་བློ་བདེ་བ་དང༌། ང་ལོ་ཡང་བ་དང༌། འགྲོགས་ན་བདེ་བ་དང༌། མགུ་སླ་བ་དང༌། གསོ་སླ་བ་དང། དགང་སླ་བ་དང༌། ཆོས་ཤེས་པའོ། །ཕོ་ཉ་ལྟ་བུ་ནི་བྱང་ཆུབ་སེམས་དཔའ་དོན་མང་བ་དང༌། བྱ་བ་མང་བ་དང་སྙིང་ལས་ཆེ་བའོ། །བློན་པོ་ལྟ་བུ་ནི་དམ་བཅའ་བརྟེན་པའོ། །མཛངས་པ་ལྟ་བུ་ནི་སེམས་ཅན་དང་ཞེ་འགྲས་པ་མེད་པ་དང་བཅོས་སུ་བཏུབ་པའོ། །སློབ་མ་ལྟ་བུ་ནི་ཉིན་ལན་གསུམ་མཚན་ལན་གསུམ་དུ་བླ་མ་ལ་བསྙེན་བཀུར་བྱ་བ་དང༌། བསོད་ནམས་ཀྱི་ཚོགས་བསག་པ་དང༌། སྡོམ་པ་གསོ་བའོ། །བསུ་སྐྱེལ་བ་ལྟ་བུ་ནི་སེམས་ཅན་ཐམས་ཅད་སངས་རྒྱས་པར་བྱས་ནས་གདོད་བདག་ཉིད་འཚང་རྒྱ་བར་འདོད་པའོ། །ལོང་ཁྲིད་ལྟ་བུ་ནི་བདག་


DTG111_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་པར་བྱས་ནས་གདོད་གཞན་གྱི་དོན་བྱེད་པའོ། །བསྐལ་པ་དང་པོའི་མི་ལྟ་བུ་ནི་སྤྱོད་ལམ་དང༌། ཚུལ་ཁྲིམས་དང༌། འཚོ་བ་དང༌། ཆོ་ག་དང༌། ལྟ་བ་ཕུན་སུམ་ཚོགས་པའོ། །སྐྱེས་བུ་འདོད་པ་ཅན་ལྟ་བུ་ནི་སྤྱོད་ལམ་ཐམས་ཅད་གཞན་ལ་བསྔོ་བ་སྟེ། འཕགས་པ་དཀོན་མཆོག་སྤྲིན་ལས་འབྱུང་བ་ལྟ་བུའོ། །མུན་པ་ལྟ་བུ་ནི་དབུ་མ་ཆེན་པོའི་དོན་ལ་རྟག་ཏུ་གནས་པའོ། །གཤེད་མ་ལྟ་བུ་ནི་ལོག་པར་ལྟ་བ་སྐྱེས་པ་དེ་སྤང་བར་བྱའོ། །ཆོམ་རྐུན་ལྟ་བུ་ནི་བག་མེད་པ་དང༌། མ་གུས་པ་སྟེ་སྤང་བར་བྱའོ། །དགྲ་ལྟ་བུ་ནི་ངོ་ཚ་མེད་པ་དང་བག་མེད་པའོ། །གླེན་པ་ལྟ་བུ་ནི་དྲན་པ་དང་ཤེས་བཞིན་མེད་པའོ། །ར་རོ་བ་ལྟ་བུ་ནི་ནག་པོར་གྱུར་པ་བཞིའོ། །བྱོལ་སོང་ལྟ་བུ་ནི་བསླབ་པའི་ཚུལ་རྣམས་མི་ཤེས་པའོ། །ཤན་པ་ལྟ་བུ་ནི་སྙིང་རྗེ་དང་བྲལ་བའི་སྤྱོད་ལམ་ཅན་ནོ། །བྱས་པ་ལ་དྲིན་དུ་མི་གཟོ་བ་ལྟ་བུ་ནི་སོ་སོར་ཐར་པའི་སྡོམ་པ་བཞག་པའོ། །དྭ་ཕྲུག་ལྟ་བུ་ནི་ཐབས་མཁས་པ་དང་བྲལ་བའོ། །སྨོན་པ་ལྟ་བུ་ནི་བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པའོ། །བདུད་ཀྱིས་བརླམས་པ་ལྟ་བུ་ནི་བར་དུ་གཅོད་པའི་ཆོས་ལྔ་བཅུ་རྩ་ལྔ་དང༌། སུམ་ཅུ་རྩ་གཉིས་མི་ཤེས་པའོ། །ལྔ་བཅུ་རྩ་ལྔ་པོ་ཡང་གང་ཞེ་ན། འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་བྱུང་བ་ལྟ་བུ་སྟེ་འདི་ལྟར་བར་དུ་གཅོད་པའི་ཆོས་ནི་གཅིག་སྟེ་བག་མེད་པའོ། །བར་དུ་གཅོད་པའི་ཆོས་ནི་གཉིས་ཏེ། ངོ་ཚ་མེད་པ་དང༌། ཁྲེལ་མེད་པའོ། །གསུམ་སྟེ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གོ །བཞི་སྟེ། དམ་པ་མ་ཡིན་པའི་འགྲོ་བ་བཞིའོ། །ལྔ་སྟེ། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པ་གཡེམ་པ་དང༌། བརྫུན་དུ་སྨྲ་བ་དང༌། ཆང་འཐུང་བའོ། །དྲུག་སྟེ། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་དང༌། ཚུལ་ཁྲིམས་དང༌། སློབ་དཔོན་དང༌། རྒན་པ་རྣམས་ལ་མ་གུས་པའོ། །བདུན་ཏེ། ང་རྒྱལ་རྣམ་པ་བདུན་ནོ། །བརྒྱད་དེ་ལོག་པ་བརྒྱད་དོ། །དགུ་སྟེ། ཀུན་ནས་མནར་སེམས་ཀྱི་དངོས་པོ་རྣམ་པ་དགུའོ། །བཅུ་སྟེ། མི་དགེ་བ་བཅུའོ་ཞེས་འབྱུང་ངོ༌། །བར་དུ་གཅོད་པའི་ཆོས་སུམ་ཅུ་རྩ་གཉིས་ཀྱང༌། འཕགས་པ་ཐེག་པ་ཆེན་པོའི་མན་ངག་གི་མདོ་


DTG111_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འབྱུང་བ་ལྟ་བུ་སྟེ། ཇི་སྐད་དུ། བུ་མོ་ཐེག་པ་ཆེན་པོའི་བར་དུ་གཅོད་པའི་ཆོས་ནི་སུམ་ཅུ་རྩ་གཉིས་ཏེ། བར་དུ་གཅོད་པ་དེ་དག་གིས་ཐམས་ཅད་མཁྱེན་པར་མྱུར་དུ་ངེས་པར་མི་འབྱུང་ངོ༌། །སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་འདོད་པ་དང༌། བརྒྱ་བྱིན་དང་ཚངས་པ་འདོད་པ་དང༌། སྐྱེ་བ་ལ་གནས་ཏེ་ཚངས་པར་སྤྱོད་པ་དང༌། དགེ་བའི་རྩ་བ་གཅིག་ལ་ཆགས་པ་དང༌། ལོངས་སྤྱོད་བདོག་པ་རྣམས་ལ་སེར་སྣ་བྱེད་པ་དང༌། སེམས་ཅན་རྣམས་ལ་མཉམ་པར་མི་སྦྱིན་པ་དང༌། ཚུལ་ཁྲིམས་ལ་ལྷོད་པ་དང༌། གཞན་གྱི་སེམས་མི་བསྲུང་བ་དང༌། གནོད་སེམས་དང༌། ཁོང་ཁྲོ་བའི་བག་ལ་ཉལ་བྱེད་པ་དང༌། དེས་སེམས་ཞུམ་པ་དང༌། བརྗེད་ངས་པ་དང༌། ཐོས་པ་དོན་དུ་མི་གཉེར་བ་དང༌། དཔྱོད་པ་མེད་པ་དང༌། འཕགས་པ་མ་ཡིན་པའི་སྤྱོད་པ་དང། ང་རྒྱལ་ལས་ཀྱང་ང་རྒྱལ་འཕེལ་བ་དང༌། ལུས་དང་ངག་དང་སེམས་ཀྱི་ལས་ཡོངས་སུ་མ་དག་པ་དང༌། དམ་པའི་ཆོས་ཡོངས་སུ་མི་བསྲུང་བ་དང༌། སློབ་དཔོན་ཆོས་འཆབ་པ་དང༌། བསྡུ་བའི་དངོས་པོ་རྣམས་འདོར་བ་དང༌། ཡང་དག་པར་དགའ་བར་འགྱུར་བའི་ཆོས་གཏོང་བ་དང༌། སྡིག་པའི་གྲོགས་པོ་བསྟེན་པ་དང༌། བྱང་ཆུབ་ཏུ་ཡོངས་སུ་མི་བསྔོ་བ་སྟེ་ཕུང་པོ་གསུམ་དང་མི་མཐུན་པ་དང༌། དགེ་བའི་རྩ་བ་ཆུང་དུས་རློམ་སེམས་སུ་བྱེད་པ་དང༌། ཐབས་མེད་པར་ལྷུང་བའི་བློ་དང༌། ཕྱིར་ཞིང་དཀོན་མཆོག་གི་བསྔགས་པ་མི་སྨྲ་བ་དང། བྱང་ཆུབ་སེམས་དཔའ་ལ་གནོད་པར་སེམས་པ་དང༌། མ་ཐོས་པའི་ཆོས་སྤོང་བ་དང༌། བདུད་ཀྱི་ལས་ཁོང་དུ་མི་ཆུད་པ་དང༌། འཇིག་རྟེན་རྒྱང་པན་པའི་གསང་ཚིག་འཛིན་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་མི་བྱེད་པ་དང༌། འཁོར་བས་ཡོངས་སུ་མི་སྐྱོ་བ་སྟེ། བུ་མོ་སུམ་ཅུ་རྩ་གཉིས་པོ་འདི་དག་ནི་ཐེག་པ་ཆེན་པོའི་བར་དུ་གཅོད་པའི་ཡང་དག་པའི་ཕུལ་ཡིན་ཏེ། བར་དུ་གཅོད་པ་དེ་དག་གིས་ཐམས་ཅད་མཁྱེན་པར་ངེས་པར་མི་འབྱུང་ངོ༌། །དེ་ལྟ་མོད་ཀྱི་འོན་ཀྱང་བུ་མོ་ཐེག་པ་ཆེན་པོའི་ཡོན་ཏན་ཇི་ཙམ་པ་དེ་ཙམ་དུ་བར་དུ་གཅོད་པ་ཡང་དེ་


DTG111_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་མོ་ཞེས་གསུངས་སོ། །གཞན་ཡང་བར་དུ་གཅོད་པའི་ཆོས་དཔག་ཏུ་མེད་པ་དག་མདོ་སྡེ་དུ་མར་མཐོང་མོད་ཀྱི། འདིར་གཞུང་མངས་པར་འགྱུར་བས་མ་བཀོད་དེ། ལམ་འདི་ལ་ཆེད་ཆེར་བྱེད་པའི་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་མདོ་དེ་དང་དེར་བལྟ་བར་བྱ་ཞིང་ཉམས་སུ་བླང་པ་ལ་བརྩོན་པར་བྱའོ། །གཏམ་དུ་བྱ་བ་གཞན་ཡང་མང་དུ་ཡོད་དེ། རྩུབ་ཅིང་དྲག་ལ་ཡུན་རིང་སྡུག་བསྔལ་བཟོད་དཀའ་བཟོད་པར་བྱེད་པ་ངོ་མཚར་ཆེ། །ཆུ་བོ་བཞིས་གཡེངས་ཡང་དང་ཡང་དུ་ཀེང་རུས་བཞོན་པ་ཞོན་པ་དེ་ཡང་ངོ་མཚར་ཆེ། །ཆུང་མ་ཁྱིམ་སྤངས་བརྟུལ་ཞུགས་བཟང་བླངས་རྟག་ཏུ་ལུས་ངག་ཡིད་གཡེངས་འདི་ཡང་ངོ་མཚར་ཆེ། །དགེ་བའི་རྩ་བ་ཆུང་དུ་ཙམ་ཡང་མེད་པར་དེ་ཉིད་དོན་གྱི་སངས་རྒྱས་ཡེ་ཤེས་རྩད་གཅོད་ཚོལ་བ་འདི་ཡང་ངོ་མཚར་ཆེ། །སོ་སོར་ཐར་པའི་བསླབ་པ་མེད་པར་ཐེག་ཆེན་བྱང་ཆུབ་མཆོག་གཉིས་རྩད་གཅོད་ཚོལ་བ་འདི་ཡང་ངོ་མཚར་ཆེ། །དེ་ལ་སོགས་པ་ངོ་མཚར་ཆེ་བ་མང་དུ་ཡོད་མོད་ཀྱི། །འཛམ་གླིང་སྐྱེ་བོའི་རྟོག་དང་སྤྱོད་པ་སྨྲ་བར་ག་ལ་ནུས། །དེ་བས་ཐར་འདོད་མཁས་པ་ཁྱེད་ཅག་སྨྱོན་པ་དེ་དག་དང༌། །ལྷན་ཅིག་འདྲེ་བར་མ་བྱེད་བག་ཡོད་གནས་པར་གྱིས། །འདི་ལྟར་དེ་དག་སྙིང་རྗེའི་ཡུལ་དུ་མ་བྱས་མ་གཏོགས་པར། །ལམ་མཆོག་བཤད་ཀྱང་དེ་ལ་འཇུག་པར་མི་འགྱུར་བདག་གིས་ཇི་ལྟར་བྱ། །ཇི་སྲིད་མངོན་པར་ཤེས་པ་མ་ཐོབ་བར་དུ་གཞན་དག་སྨིན་པར་མི་ནུས་བསེ་རུང་གནས་པར་བྱ། །བླ་མ་བཟང་པོ་བཙལ་བྱ་རྟག་ཏུ་མདོ་སྡེ་དག་ལ་བལྟ་བར་བྱ། །མདོ་སྡེའི་དོན་ཀུན་ལས་བཏུས་པའི་མན་ངག །སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།

མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ།
མར་མེ་མཛད་ཡེ་ཤེས།


DTG111_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ད་ཤཱ་ཀུ་ཤ་ལ་ཀརྨ་པ་ཐཱ། བོད་སྐད་དུ། མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་ཞིག་བདེ་འགྲོ་ཐོབ་པར་འདོད་པས་སྤང་བར་བྱ་བའི་མི་དགེ་བ་བཅུའི་ལས་ཀྱི་ལམ་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་འདི་ལྟ་སྟེ། ལུས་ཀྱི་ལས་ནི་རྣམ་གསུམ་


DTG111_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

དང། །ངག་གི་རྣམ་པ་བཞི་དག་དང༌། །ཡིད་ཀྱི་རྣམ་པ་གསུམ་པོ་དང༌། །འདི་བཅུ་མི་དགེ་བ་རུ་གསུངས། །འདི་རྣམས་རབ་ཏུ་ཕྱེ་ནས་བཤད་པར་བྱ་སྟེ། དེ་ལ་རེ་ཞིག་ལུས་ཀྱི་ནི་སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་སྤྱོད་པའོ། །ངག་གི་ནི་བརྫུན་དུ་སྨྲ་བ་དང༌། ཕྲ་མ་དང༌། ངག་རྩུབ་པོ་དང༌། ཚིག་འཁྱལ་པའོ། །ཡིད་ཀྱི་ནི་བརྣབ་སེམས་དང༌། གནོད་སེམས་དང༌། ལོག་པར་ལྟ་བའོ། །དེ་ལ་སྲོག་གཅོད་པ་ནི་སྲོག་ཆགས་སུ་གྱུར་པ་དང༌། སྲོག་ཆགས་སུ་འདུ་ཤེས་པར་གྱུར་པ་དང༌། གསོད་པའི་སེམས་ཉེ་བར་གནས་པར་གྱུར་པ་དང༌། དེའི་ཐབས་ཀྱང་བྱེད་པ་དང༌། སྲོག་འགགས་པར་གྱུར་པ་སྟེ། ཡན་ལག་ལྔ་པོ་དེ་དག་དང་ལྡན་ན་སྲོག་གཅོད་པ་ཡིན་ནོ། །དེ་ལ་མ་བྱིན་པར་ལེན་པ་གང་ཞེ་ན། གཞན་གྱིར་གྱུར་པ་དང༌། ཕ་རོལ་གྱིས་ཡོངས་སུ་བཟུང་བར་ཡང་འདུ་ཤེས་པ་དང༌། རྐུ་བའི་སེམས་ཀྱང་ཉེ་བར་གནས་པར་གྱུར་པ་དང༌། དེའི་ཐབས་ཀྱང་བྱེད་པ་དང༌། གནས་ནས་བསྐྱོད་པ་སྟེ་ཡན་ལག་ལྔ་པོ་དེ་དག་དང་ལྡན་ན་མ་བྱིན་པར་ལེན་པར་འགྱུར་རོ། །འདོད་པས་ལོག་པར་གཡེམ་པ་ནི་རྣམ་པ་བཞི་སྟེ། ཡུལ་མ་ཡིན་པ་དང༌། དུས་མ་ཡིན་པ་དང༌། ཡན་ལག་མ་ཡིན་པ་དང༌། འགྲོ་བར་བྱ་བ་མ་ཡིན་པའོ། །དེ་ལ་ཡུལ་མ་ཡིན་པ་ཞེས་བྱ་བ་ནི་དམ་པའི་ཆོས་དང༌། སྐུ་གཟུགས་ལ་སོགས་པ་དང་བྱང་ཆུབ་སེམས་དཔའི་གནས་དང༌། སློབ་དཔོན་དང༌། མཁན་པོ་དང༌། སྦྱིན་གནས་དང༌། ཕ་མ་ལ་སོགས་པ་དང༌། བླ་མ་དང་ཉེ་བར་གྱུར་པའོ། །དུས་མ་ཡིན་པ་ཞེས་བྱ་བ་ནི་ཉིན་པར་དང༌། ཟླ་མཚན་དང་ལྡན་པ་དང༌། སྦྲུམ་མ་དང༌། བུ་ཆུང་འཚོ་བ་དང༌། མི་འདོད་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བས་ཉེ་བར་གདུངས་པ་དང༌། བསྙེན་གནས་ཡན་ལག་བརྒྱད་ལ་གནས་པའོ། །ཡན་ལག་མ་ཡིན་པ་ཞེས་བྱ་བ་ནི་ཁ་དང་བཤད་པའི་ལམ་དང༌། ཁྱེའུ་དང་བུ་མོའི་མདུན་དང་རྒྱབ་ཀྱི་བུག་པ་དང་རང་གི་ལག་པའོ། །འགྲོ་བར་བྱ་བ་མ་ཡིན་པ་ནི། གཞན་གྱི་བུད་མེད་ཐམས་ཅད་དང༌། ཆོས་དང༌། རྒྱལ་མཚན་དང༌། རིགས་ཀྱིས་བསྲུངས་པ་དང༌། རྒྱལ་པོས་བསྲུངས་པ་དང༌། གཞན་གྱིས་བླངས་པའི་སྨད་འཚོང་མ་དང༌། གཉེན་འབྲེལ་ཅན་དང༌། བྱོལ་སོང་ངོ༌། །དེ་ལྟར་རང་


DTG111_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཆུང་མ་ལ་བརྟེན་ནས་འདོད་པས་ལོག་པར་གཡེམ་པར་འགྱུར་རོ། །དེ་ལ་བརྫུན་དུ་སྨྲ་བ་ཞེས་བྱ་བ་ནི་དངོས་པོར་ཡང་མ་གྱུར་པ་དང༌། དངོས་པོའི་གནས་སྐབས་ལས་ཉམས་པར་གྱུར་པ་དང༌། ལོག་པར་འདུ་ཤེས་པར་གྱུར་པ་དང༌། ལོག་པའི་ཐབས་ཀྱང་ཉེ་བར་གནས་པར་གྱུར་པ་དང། དེའི་ཐབས་ཀྱང་བྱེད་པ་དང༌། བརྫུན་གྱི་ཚིག་ཀྱང་སྨྲས་པ་སྟེ། ཡན་ལག་ལྔ་པོ་འདི་དག་དང་ལྡན་ན་བརྫུན་དུ་སྨྲ་བར་འགྱུར་རོ། །ཕྲ་མ་ཞེས་བྱ་བ་ནི་ཉོན་མོངས་པའི་སེམས་ཀྱིས་གཞན་འབྱེད་པའི་ཚིག་གོ །ཚིག་རྩུབ་པོ་ཞེས་བྱ་བ་ནི་ཕ་རོལ་གྱི་གནད་ལ་ཕོག་པའི་སྡང་ཚིག་གོ ། ཚིག་འཁྱལ་པ་ཞེས་བྱ་བ་ནི་འདོད་པ་དང་ཉེ་བར་ལྡན་པས་སམ། ཆགས་པ་དང་ཉེ་བར་ལྡན་པས་སྨྲ་བར་བྱ་བ་མ་ཡིན་པ་སྨྲ་བའོ། །བརྣབ་སེམས་ཞེས་བྱ་བ་ནི་ཕ་རོལ་གྱི་རྫས་དང༌། དབང་ཕྱུག་དང་ལོངས་སྤྱོད་རྣམས་ལ་ཆགས་པའི་སེམས་མི་བཟད་པའོ། །གནོད་སེམས་ཞེས་བྱ་བ་ནི་སེམས་ཅན་ལ་རྣམ་པར་སྡང་བ་དང༌། སེམས་ཅན་འདི་དག་གསད་དོ། །བཅིང་ངོ༌། །བརྡེག་གོ །བཏག་གོ་ཞེས་སེམས་པའོ། །ལོག་པར་ལྟ་བ་ཞེས་བྱ་བ་ནི་སྦྱིན་པ་མེད། སྦྱིན་སྲེག་མེད། འཇིག་རྟེན་འདི་མེད། འཇིག་རྟེན་ཕ་རོལ་མེད། དགེ་སྦྱོང་མེད། བྲམ་ཟེ་མེད། ལྷ་མེད། སངས་རྒྱས་བཅོམ་ལྡན་འདས་མེད། དགྲ་བཅོམ་པ་མེད། རང་སངས་རྒྱས་མེད། ལེགས་པར་སྤྱད་པ་མེད། ཉེས་པར་སྤྱད་པ་མེད། ལེགས་པར་བྱས་པ་དང་ཉེས་པར་བྱས་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་ཅེས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ་དང༌། ཐེག་པ་ཆེན་པོའི་མདོ་ལས་འབྱུང་བ། མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་ནི་དམྱལ་བ་ཆེན་པོའི་རྒྱུ་ཡིན་ཏེ། མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟེན་པས་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

ལས་རྣམ་པར་འབྱེད་པ་ཞེས་བྱ་བ།
མར་མེ་མཛད་ཡེ་ཤེས།


DTG111_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀརྨ་བི་བྷཾ་ག་ནཱ་མ། བོད་སྐད་དུ། ལས་རྣམ་པར་འབྱེད་པ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དིང་སང་དུས་ཀྱི་སྐྱེ་བོ་འདི་དག་གིས། །མཐོ་རིས་བདེ་བ་དག་ཀྱང་ཐོབ་དཀའ་ན། །མྱ་ངན་འདས་ལ་རེ་བ་ཡོད་མིན་པས། །བདག་ཉིད་ཁོ་ན་དྲན་ཕྱིར་བྲི་བར་བྱ། །ཡོད་མེད་རྟག་ཆད་དང་བྲལ་བ། །བདེ་བའི་ལོངས་སྤྱོད་ཕུན་སུམ་ཚོགས། །འགྲོ་རྣམས་ཡོངས་སུ་སྨིན་མཛད་པ། །དམ་པའི་སྐྱེས་མཆོག་དེ་ལ་འདུད། །བཅོམ་ལྡན་འདས་གང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆེན་པོ་ལས་ཀྱང་ཕུལ་དུ་བྱུང་ཞིང་ཁྱད་པར་དུ་འཕགས་པ་དེ་ལ་ཕྱག་འཚལ་ནས། ཇི་ལྟར་བྱ་ཞེ་ན། ལས་དགེ་བ་དང་མི་དགེ་བ་རྣམ་པར་དབྱེ་བར་བྱ་སྟེ། མངོན་པར་མཐོ་བ་མཐོ་རིས་ལྷ་དང་མི། །ཐོབ་པར་བྱེད་པ་སྡོམ་པའི་ཚུལ་ཁྲིམས་ཡིན། །དེ་ཉམས་གྱུར་པས་ངན་སོང་འགྲོ་བ་ནི། །དམྱལ་བ་ཡི་དགས་བྱོལ་སོང་འདི་དག་གོ །ལྷ་དང་མིའི་གཏམ་རྒྱས་པ་འདི་ནི་འཇིག་རྟེན་གཞག་པ་དང༌། འཇིག་རྟེན་གདགས་པ་དང༌། བྱེ་བྲག་ཏུ་བཤད་པ་ཆེན་པོའི་ནང་ནས་ཆེ་ལོང་དུ་བཏུས་པ་མཛོད་ཀྱི་གནས་གསུམ་པ་ལ་སོགས་པར་བལྟ་བར་བྱའོ། །འདི་ལྟར་ཚ་བའི་སེམས་ཅན་དམྱལ་བ་ནི་འཛམ་བུའི་གླིང་འདིའི་འོག་ན་དཔག་ཚད་ཁྲི་ཕྲག་གཉིས་ན་སེམས་ཅན་དམྱལ་བ་ཆེན་པོ་གནས་སོ། །གཞན་བདུན་ནི་དེའི་སྟེང་ན་རིམ་པ་བཞིན་དུ་གནས་སོ། །དེ་དག་གི་ཚེའི་ཚད་ཀྱི་རིམ་པ་ནི་མི་རྣམས་ཀྱི་ལོའི་རིམ་པ་རྣམས་ལ། འདོད་པའི་ཁམས་ཀྱི་ལྷ་རྣམས་དང༌། ཡང་སོས་ལ་སོགས་པ་དམྱལ་བ་རྣམས་ཀྱི་ཉིན་ཞག་དང་ཟླ་བ་དང་ལོའི་རིམ་པ་རྣམས་བསྒྲེས་ནས་ཤེས་པར་བྱ་སྟེ། འདི་ལྟར་མི་རྣམས་ཀྱི་ཚེ་ལོ་ལྔ་བཅུ་ལ་སོགས་པ་ལས་བསྒྱུར་ནས་ཤེས་པར་བྱའོ་ཞེས་བཤད་པས་སོ། །གྲང་བའི་སེམས་ཅན་དམྱལ་བ་ཡང་ནི་ཏི་སེའི་འོག་ན་སྔ་མ་དེ་དག་གི་ཐད་ཀ་ན་གནས་པ་སྟེ། དེ་དག་གི་ཚེའི་ཚད་ཀྱང་ཡུལ་དབུས་ཀྱི་བྲེས་བཅལ་བའི་ཏིལ་ཁལ་བརྒྱད་ཅུས་བྱུར་བུར་བཀང་བའི་ནང་ནས། སྐྱེས་བུ་ཞིག་གིས་ལོ་བརྒྱ་བརྒྱ་ན་ཏིལ་རེ་རེ་ཕྱུང་བས་ཟད་པར་གྱུར་པ་ན་སེམས་ཅན་དམྱལ་བ་ཆུ་བུར་ཅན་གྱི་ཚེ་ཟད་པ་ཡིན་ཏེ། འོག་མ་རྣམས་ཀྱི་ཚེ་ནི་ཉི་ཤུར་བསྒྱུར་རོ། །འདི་དག་གི་དོན་ཡང་ཅུང་ཟད་ཙམ་ཞིག་མདོ་ལས་བཤད་པ་


DTG111_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བྲི་བར་བྱའོ། །དེ་ལྟར་དེ་དག་དམྱལ་བ་ནི། །བཅུ་དྲུག་ཅེས་བྱ་རྒལ་བར་དཀའ། །དྲག་པོའི་ལས་ཀྱིས་ཀུན་དུ་གང༌། །རེ་རེ་ལ་ཡང་ལྷག་བཅུ་དྲུག །རྩིག་པ་བཞི་དང་ངོས་བཞི་སྟེ། །རྣམ་ཕྱེ་རིས་སུ་ཆད་པ་ཡིན། །ལྕགས་ཀྱི་ར་བས་ཀུན་ནས་བསྐོར། །ལྕགས་དག་གིས་ནི་གང་བ་ཡིན། །དཔག་ཚད་བརྒྱ་ཕྲག་དུ་མར་ནི། །མེ་ལྕེ་དག་གིས་ཁྱབ་པར་གནས། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །མཛོད་ལས་ཀྱང༌། དེ་དག་གི་ནི་ངོས་བཞིན། །མེ་མར་མུར་དང་རོ་མྱགས་དང༌། །སྤུ་གྲི་ལམ་སོགས་ཆུ་བོ་ཡིན། །ཞེས་བཤད་དོ། །སྔོན་གྱི་མཁས་པ་ཆེན་པོ་ཁ་ཅིག་ན་རེ་ཚ་བ་ལ་སོགས་པ་བདུན་པོ་དེ་དག་ནི་མནར་མེད་པའི་སེམས་ཅན་དམྱལ་བའི་གཡས་ངོས་དང་གཡོན་ངོས་ན་གནས་སོ་ཞེས་ཟེར་རོ། །ཉི་ཚེ་བ་དང་ཉེ་འཁོར་བའི་སེམས་ཅན་དམྱལ་བ་དག་ལ་ནི་གནས་ཀྱི་ངེས་པ་མེད་དེ། ཆུ་བོ་དང་རི་དང་མྱ་ངམ་ལ་སོགས་པའི་ཐང་དང་སྟེང་ན་གནས་སོ། །གཏམ་རྒྱས་པར་ནི་དྲན་པ་ཉེ་བར་གཞག་པ་དང༌། འཇིག་རྟེན་གཞག་པ་དང༌། འཇིག་རྟེན་གདགས་པ་ལ་སོགས་པར་བལྟའོ། །ཡི་དགས་ཀྱི་རྩ་བའི་གནས་ནི་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་འོག་དཔག་ཚད་ལྔ་བརྒྱ་ན་ཡོད་དེ། དེ་ན་ཡི་དགས་ཀྱི་རྒྱལ་པོ་གཤིན་རྗེ་གནས་སོ། །གཞན་ནི་དེ་ལས་འཕྲོས་པ་ཡིན་ནོ། །གཏམ་རྒྱས་པར་ནི་ཡི་དགས་ཀྱི་རྟོགས་པ་བརྗོད་པར་བལྟ་བར་བྱའོ། །བྱོལ་སོང་གི་རྩ་བའི་གནས་ནི་རྒྱ་མཚོ་ཆེན་པོ་ཡིན་ནོ། །ཐང་དང༌། ཆུ་དང༌། རི་དང༌། དུར་ཁྲོད་ལ་སོགས་པ་ན་ནི་དེ་ལས་འཕྲོས་པ་ཡིན་ཏེ། རྒྱས་པར་ནི་དེ་དང་དེ་དག་ཏུ་བལྟ་བར་བྱའོ། །གནས་གསུམ་པོ་ན་བདེ་བ་མེད། །སྡུག་བསྔལ་རྒྱུ་དང་བཅས་པའི་གཏམ། །མདོ་དང་བསྟན་བཅོས་དག་ན་གསལ། །བློ་དང་ལྡན་པས་བལྟ་བར་གྱིས། །དམྱལ་བ་དང༌། ཡི་དགས་དང༌། བྱོལ་སོང་གི་སྡུག་བསྔལ་རྒྱུ་དང་བཅས་པ་མདོ་དང་བསྟན་བཅོས་དག་ན་གསལ་ལོ། །མིའི་སྡུག་བསྔལ་བརྒྱ་རྩ་བཅུ་དག་ནི་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ཡོ་ག་ཙཱཪྻར་བལྟ་བར་བྱའོ། །ལྷ་དག་ལ་ནི་སྡུག་བསྔལ་གཞན་ནི་མེད་ཀྱི་འོན་ཀྱང་འཆི་ལྟས་ལྔ་དང་ཉེ་བའི་འཆི་ལྟས་ལྔ་འབྱུང་སྟེ། འདི་ལྟར་གོས་དྲི་མ་འཆགས་པ་དང༌། མེ་ཏོག་གི་ཕྲེང་བ་རྙིངས་པ་དང༌། མཚན་ཁུང་


DTG111_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྡུལ་འབྱུང་བ་དང༌། ལུས་ལ་དྲི་མ་འབྱུང་བ་དང་རང་གི་སྟན་ལ་མི་དགའ་བར་འགྱུར་རོ། །ཉེ་བའི་ལྟས་ལྔ་ནི་གོས་དང་རྒྱན་དག་ལས་ཡིད་དུ་མི་འོང་བའི་སྒྲ་འབྱུང་བ་དང༌། ལུས་ཀྱི་འོད་ཆུང་བར་འགྱུར་བ་དང༌། ཁྲུས་བྱས་པའི་ཆུའི་ཐིགས་པ་ལུས་ལ་འཆགས་པར་འགྱུར་བ་དང༌། གཡོ་བའི་བདག་ཉིད་ཅན་ཡང་བློ་ཡུལ་གཅིག་ལ་འཆགས་པར་འགྱུར་བ་དང༌། མིག་འབྱེད་པ་དང་འཛུམས་པ་སྲིད་པར་འགྱུར་བ་དག་སྟེ། ཉེ་བ་ལྔ་ནི་མ་ངེས་པའོ། །སྡུག་བསྔལ་དེ་དག་ཅི་ལས་བྱུང་ཞེ་ན། ལས་ནི་ལྕི་དང་ཡང་བ་དག །ཡུལ་དང་བསམ་པའི་དབྱེ་བ་ཡིས། །ཉན་ཐོས་ཐེག་པ་ཆེན་པོའི་ལུགས། །རྣམ་པ་གཉིས་སུ་ཤེས་པར་བྱ། །ལྕི་བ་ནི་གཉིས་ཏེ། ཡུལ་གྱིས་ལྕི་བ་དང༌། བསམ་པས་ལྕི་བའོ། །ཡང་བ་ཡང་དེ་དང་འདྲའོ། །དེ་ཡང་ཉན་ཐོས་དང་ཐེག་པ་ཆེན་པོའི་ལུགས་ཀྱིས་ལྕི་བ་དང་ཡང་བ་སོ་སོར་ཐ་དད་པར་ཤེས་པར་བྱའོ། །དེ་ལ་ཉན་ཐོས་ཀྱི་ཡུལ་གྱིས་ལྕི་བ་ནི་འདི་ལྟར་མཚམས་མེད་པ་ལྔ་ལས་ཕ་བསད་པ་མ་གཏོགས་པ་བཞིའོ། །དེ་ལས་ཀྱང་དགེ་འདུན་གྱི་འཁོར་ལོའི་དབྱེན་ལྕི་བའོ། །གཞན་ཡང་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང༌། སྲིད་པའི་རྩེ་མོའི་ཏིང་ངེ་འཛིན་ལས་ལངས་པའི་རྣལ་འབྱོར་པ་དང༌། མཁན་པོ་དང༌། སློབ་དཔོན་དང༌། དགེ་སློང་དང༌། དགེ་སློང་མ་དང༌། ཕ་དང་མ་དང༌། སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའ་དང༌། ནད་པ་དང༌། ཆོས་སྨྲ་བ་དང༌། ངེས་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང༌། རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དག་གསོད་པ་དང༌། དེ་དག་ལ་རྡེག་པ་དང༌། ལྕགས་སྒྲོག་ལ་སོགས་པས་སྡོམ་པ་དང༌། དེ་དག་གི་ཡོ་བྱད་རྐུ་བ་དང༌། མཆོད་རྟེན་གྱི་དང༌། དགེ་འདུན་གྱི་དང༌། ཆོས་ཀྱི་དང༌། སངས་རྒྱས་ཀྱི་ཡོ་བྱད་རྐུ་བ་དང༌། གང་ཟག་སྔ་མ་དེ་དག་དང༌། དཀོན་མཆོག་གསུམ་ལ་བརྫུན་སྨྲ་བ་དང༌། ཚིག་རྩུབ་པོ་དང༌། དེ་དག་ཕན་ཚུན་འབྱེད་པ་དང༌། ཚིགས་སུ་བཅད་པ་མ་ཡིན་པ་སྨྲ་བ་ནི་ཡུལ་གྱིས་ལྕི་བའོ། །བསམ་པས་ལྕི་པ་ནི་ལོག་པར་ལྟ་བ་ཆེན་པོ་སྐྱེས་པ་དང་ཡིད་ཀྱིས་ཉེས་པ་ཆེན་པོའོ། །ཡུལ་གྱིས་ཡང་བ་ནི་བྱོལ་སོང་དང༌། དུར་


DTG111_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་ཀྱི་ཤ་ཟ་གསོད་པ་ལ་སོགས་པའོ། །བསམ་པས་ཡང་བ་ནི་དེ་ལས་གཞན་པ་རྣམས་སོ། །དེ་ལ་ཐེག་པ་ཆེན་པོའི་ཡུལ་གྱིས་ལྕི་བ་ནི་འདི་ལྟར་བླ་མ་རྣམས་དང༌། སེམས་དང་པོ་བསྐྱེད་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང༌། ཕ་དང་མ་དང་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་དང༌། རང་གི་ལྷ་དང༌། དཀོན་མཆོག་གསུམ་ལ་སོགས་པ་ལ་སྔ་མའི་ཚུལ་རྣམས་བཞིན་དུ་བྱེད་པའོ། །དོན་འདི་ཉིད་ལ་དགོངས་ནས། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་གཙུག་ཏོར་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་འདི་སྐད་དུ། །གསང་བ་པའི་བདག་པོ་ཉེས་པར་སྤྱོད་པ་དེ་དག་ནི་ལྕི་བར་གྱུར་པ་དང༌། ཐ་མལ་པར་གྱུར་པའོ། །དེ་ལ་ཕ་མར་གྱུར་པ་ལ་སོགས་པ་གསོད་པ་དང༌། རྡེག་པ་ནི་ལུས་ཀྱི་ཉེས་པར་སྤྱོད་པ་ལྕི་བའོ། །སྲོག་གཅོད་པ་ལ་སོགས་པ་གཞན་གསུམ་ནི་ལུས་ཀྱི་ཉེས་པར་སྤྱོད་པ་ཐ་མལ་པའོ། །དམ་པའི་ཆོས་སྤོང་བ་དང༌། ལྷ་རྣམས་ལ་ཚིག་རྩུབ་དོ་སྨྲ་བ་དང། ཕ་མ་དང༌། བླ་མར་གྱུར་པ་ལ་སོགས་པ་ལ་ཚིག་ངན་པ་སྨྲ་བ་ནི་དག་གི་ཉེས་པར་སྤྱོད་པ་ལྕི་བའོ། །སྐྱེས་བུ་འགའ་ཞིག་དད་པས་དགེ་བ་ཉམས་སུ་ལེན་ཅིང་རྩོམ་པའི་གཏམ་གྱི་སྐབས་སུ་འཇིག་རྟེན་ཕ་རོལ་མེད་དོ་ཞེས་བྱ་བའི་ཚིག་འཇིག་རྟེན་ལས་འདས་པའི་བརྫུན་དུ་སྨྲ་བ་ནི་ངག་གི་ཉེས་པར་སྤྱོད་པ་ལྕི་བའོ། །དགེ་བའི་བར་ཆད་བྱེད་པའི་ཚིག་འཁྱལ་པ་སྨྲ་བ་དང༌། ལྐོག་འཕྱས་བྱེད་པ་དང༌། མི་དགེ་བའི་ལས་ཀྱི་གཏམ་རྣམས་ནི་ངག་གི་ཉེས་པར་སྤྱོད་པ་ཐ་མལ་པའོ། །ཡིད་ཀྱི་ཉེས་པར་སྤྱོད་པ་ནི་གསུམ་སྟེ། དེ་ཉིད་ལས་སེམས་ཀྱི་ཉེས་པ་དང༌། སེམས་ལས་བྱུང་བའི་ཉེས་པ་དང༌། མ་རིག་པའི་ཉེས་པའོ། །དེ་དག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་དེ་ཉིད་ལ་མ་ཆགས་པ་ཉིད་ནི་སེམས་ཀྱི་ཉེས་པར་སྤྱོད་པའོ། །དྲེགས་པ་དང༌། ང་རྒྱལ་དང༌། ཁྲོ་བ་དང༌། སེམས་ཅན་རྣམ་པར་འཇིག་པ་དང༌། འདོད་ཆགས་ཀྱི་སེམས་ཀྱིས་གཞན་གྱི་བུད་མེད་ལ་ཆགས་པ་དང༌། གཞན་གྱི་སྲོག་འཕྲོག་པ་དང༌། བླ་མར་གྱུར་པ་ལ་སེམས་གྱ་གྱུ་ཞིང་རབ་ཏུ་སྡང་བ་ནི་སེམས་ལས་བྱུང་བའི་ཉེས་པའོ། །དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་འདོར་ཞིང་བརྗེད་ངས་པ་དང༌། སོམ་ཉིར་གྱུར་པ་དང༌། ཡིད་


DTG111_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་རྨོངས་པར་གྱུར་པ་ནི་མ་རིག་པའི་ཉེས་པ་སྤྱོད་པའོ་ཞེས་གསུངས་སོ། །དེ་ལ་བསམ་པས་ལྕི་བ་ནི། ཐེག་པ་ཆེན་པོ་པ་སེམས་སྙིང་རྗེའི་དབང་དུ་གྱུར་པ། སེམས་ཅན་ཐམས་ཅད་མི་གཏོང་བར་རྗེས་སུ་འཛིན་པས་ལྕི་བ་ནི། འདི་ལྟར་ཞེ་སྡང་ཁོ་ན་ཡིན་ཏེ། སློབ་དཔོན་ཞི་བ་ལྷའི་ཞལ་ནས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཡང༌། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་གསུངས་སོ། །འདི་ཁོ་ན་ཉིད་ལྕི་བ་ཡིན་པའི་ཁུངས་མང་དུ་ཡོད་མོད་ཀྱི་རེ་ཞིག་གཞག་གོ །ཡང་བའི་ལས་ཀྱང་ཚུལ་འདི་ལས་ཤེས་པར་བྱའོ། །ཐེག་པ་གཉིས་པོ་འདི་དག་ཏུ། །ལྕི་དང་ཡང་བའི་ལས་རྣམས་བཤད། །འདོད་ཆགས་ཞེ་སྡང་གཏི་མུག་གིས། །རྣམ་པ་གསུམ་དུ་འགྱུར་བའོ། །དེ་ལ་སྲོག་གཅོད་པ་འདོད་ཆགས་ལས་སྐྱེས་པ་ནི་འདི་ལྟར་ལུས་ཀྱི་ཡན་ལག་གི་ཕྱིར་རམ། ནོར་གྱི་ཕྱིར་རམ། རྩེད་མོའི་ཕྱིར་རམ། བདག་དང་མཛའ་བོ་ཡོངས་སུ་བསྐྱབ་པའི་ཕྱིར་སྲོག་གཅོད་པའོ། །ཞེ་སྡང་ལས་བྱུང་བ་ནི་རྩོད་པ་དང་ཁོན་གྱིས་བྱས་པའོ། །གཏི་མུག་མ་ལེན་པའི་ཚེ་དང་གསོད་པ་དང༌། དང༌། རྒྱལ་པོའི་ཆོས་འདོན་པ་ཚད་མར་བྱས་ནས་ཆོས་ཀྱི་བློས་གསོད་པ་དང༌། མི་མི་བགྲུངས་པ་དག་ལ་ཆད་པས་བཅད་ན་རྒྱལ་པོའི་བསོད་ནམས་ཀྱི་སྣོད་དུ་འོང་ཞེས་ཟེར་ནས་གསོད་པ་ལྟ་བུ་དང༌། སེན་དྷ་པ་དག་འདི་སྐད་དུ། ཕ་དང་མ་རྒས་སམ་ནད་ཚབས་པོ་ཆེས་ཐེབས་ན་གསད་དོ། །སྦྲུལ་དང་སྡིག་པ་དང་སྦྲང་བུ་ཏྲེ་མ་བུ་ཀ་ལ་སོགས་པ་ནི་རྣམས་ལ་གནོད་པ་བྱེད་པས་གསད་དོ། །རི་དགས་དང༌། ཕྱུགས་དང༌། བྱ་དང༌། མ་ཧེ་ལ་སོགས་པ་ནི་ལོངས་སྤྱོད་པའི་ཕྱིར་གསད་དོ་ཞེས་ཟེར་བ་ལྟ་བུའོ། །མ་བྱིན་པར་ལེན་པ་ཆགས་པ་ལས་བྱུང་བ་ནི། གང་ཞིག་གང་དོན་དུ་གཉེར་བ་དེས་འཕྲོག་པའམ། གཞན་གྱི་རྙེད་པའམ། བཀུར་སྟིའམ། གྲགས་པའི་ཕྱིར་རམ། བདག་དང་མཛའ་བོ་ཡོངས་སུ་བསྐྱབ་པའི་ཕྱིར་འཕྲོག་པའོ། །ཞེ་སྡང་ལས་སྐྱེས་པ་ནི་སྔར་བཞིན་ནོ། །གཏི་མུག་ལས་བྱུང་བ་ནི་རྒྱལ་པོའི་ཆོས་འདོན་པ་ཚད་མར་བྱས་ནས་མི་བགྲུངས་པ་དག་ཆད་པས་བཅད་ནས་འཕྲོག་པ་ལྟ་བུ་དང༌། བྲམ་


DTG111_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཟེ་དག་ན་རེ་འདི་ཐམས་ཅད་ཚངས་པས་བྲམ་ཟེ་རྣམས་ལ་བྱིན་པ་ཡིན་པ་ལས། དེ་ལྟར་བྲམ་ཟེ་རྣམས་ཉམས་པས་རིགས་གཞན་སྤྱོད་དུ་ཟད་མོད། དེ་བས་བྲམ་ཟེ་འཕྲོག་པ་ན། རྐུ་བ་མ་ཡིན་གྱི་བྲམ་ཟེ་བདག་ཉིད་ཀྱི་ལེན་པར་བྱེད་པར་ཟད་པས་བདག་ཉིད་ཀྱི་ཟ་བ་དང༌། བདག་ཉིད་འཐུངས་པ་དང༌། བདག་ཉིད་ཀྱི་གྱོན་པ་དང༌། བདག་ཉིད་ཀྱི་སྦྱིན་པ་ཡིན་ནོ་ཞེས་ཟེར་བ་ལྟ་བུའོ། །དེ་ལ་འདོད་པས་ལོག་པར་གཡེམ་པ་འདོད་ཆགས་ལས་བྱུང་བ་ནི་གཞན་གྱི་ཆུང་མ་ལ་ཆགས་པའམ། རྙེད་པའམ། བཀུར་སྟིའི་ཕྱིར་རམ། བདག་གམ་མཛའ་བོ་ཡོངས་སུ་བསྐྱབ་པའི་ཕྱིར་མི་ཚངས་པར་སྤྱོད་པའོ། །ཞེ་སྡང་ལས་བྱུང་བ་ནི་སྔ་མ་བཞིན་ནོ། །གཏི་མུག་ལས་བྱུང་བ་ནི་པར་སིག་པ་དག་ན་རེ་མ་ལ་སོགས་པ་ལ་ཉལ་བ་དང༌། བ་ལང་ཕྲེང་གི་མཆོད་སྦྱིན་ལ་ཆོ་ག་ཅན་གྱི་ཆུ་འཐུང་ངོ༌། །རྩྭ་གཅོད་དོ། །མའི་གན་དུ་ཉལ་པོ་ལ་འགྲོ་བའོ། །སྲིང་མོའི་གན་དུ་དང༌། རུས་གཅིག་པའི་གན་དུ་འགྲོ་བར་བྱའོ་ཞེས་བྱ་བ་དང༌། བ་ལང་ལ་སོགས་པ་ལ་ཡང་སྤྱད་པར་བྱའོ་ཞེས་ཟེར་བ་ལྟ་བུའོ། །དེ་ལྟ་བས་ན་འདི་ལྟ་བུ་བྱུང་བ་ན་ནི། རྒྱལ་པོ་བཞད་གད་ལྟ་བུ་བྱེད་པ་དང༌། །བག་མ་ལེན་པའི་ཚེ་དང་གསོད་པ་དང༌། །ནོར་ཀུན་འཕྲོག་ཚེ་བརྫུན་སྨྲས་གནོད་མེད་དེ། །བརྫུན་ལྔ་ལྟུང་བར་བྱེད་པ་མིན་ཞེས་བཤད། །ཅེས་ཟེར་བ་དང༌། གང་ཡང་ལོག་པར་ལྟ་བའི་བརྫུན་དུ་སྨྲ་བའོ། །མི་དགེ་བ་ལྷག་མ་དག་ཀྱང་སྔ་མ་བཞིན་ནོ། །ཡིད་ཀྱི་གསུམ་ནི་འདོད་ཆགས་ལ་སོགས་པ་གསུམ་གྱི་མཇུག་ཏུ་སྐྱེས་པའོ། །སྲོག་གཅོད་པ་ནི་བསམས་བཞིན་དུ། །མ་ནོར་བར་ནི་གཞན་བསད་ནའོ། །མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇབ་བུས་བདག་གིར་བྱེད། །ལོག་གཡེམ་བགྲོད་མིན་པ་ལ་འགྲོ། །འདུ་ཤེས་གཞན་བསྒྱུར་བརྫུན་ཚིག་དོན། །ཉོན་མོངས་སེམས་ཀྱིས་ཕ་རོལ་འབྱེད། །ཚིག་རྩུབ་པོ་ནི་མི་སྙན་པའོ། །ངག་འཁྱལ་ཀླུ་དང་ཟློས་གར་དང༌། བསྟན་བཅོས་ངན་དང་འདུ་འཛིའི་གཏམ། །བརྣབ་སེམས་གཞན་གྱི་ནོར་ལ་ཆགས། གནོད་སེམས་སེམས་ཅན་ལ་སྡང་བའོ། །རྒྱུ་འབྲས་མེད་ཟེར་ལོ་ལྟའོ། །དེ་ལྟར་ཐེག་པ་ཆེན་པོའི་འདི་ལྟར་ཡིན་ཏེ། དེ་ཡང་རྣམ་པར་སྣང་མཛད་མངོན་པར་བྱང་ཆུ་


DTG111_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཆེད་དུ་བསམས་ནས་སྲོག་གཅོད་པ་ལས་སླར་ལྡོག་པར་བྱའོ། །དབྱུང་བ་སྤང་ཞིང་ཁོན་དུ་འཛིན་པ་ཡང་སྤང་བར་བྱའོ། །དེས་བདག་ཉིད་ལ་ཇི་ལྟ་བ་དེ་བཞིན་དུ་གཞན་གྱི་སྲོག་ཀྱང་ཡོངས་སུ་བསྲུང་བར་བྱའོ། །མ་བྱིན་པར་ལེན་པ་ལས་སླར་ལྡོག་པར་བྱ་སྟེ། དེས་གཞན་གྱིས་ཡོངས་སུ་བཟུང་བའི་ལོངས་སྤྱོད་ལ་ཆགས་པ་བསྐྱེད་པར་ཡང་མི་བྱ་ན། གཞན་གྱིས་ཡོངས་སུ་བཟུང་བའི་ལོངས་སྤྱོད་ལ་མ་བྱིན་པར་ལེན་པ་ལྟ་ཅི་སྨོས། འདོད་པས་ལོག་པར་གཡེམ་པ་ལས་ལྡོག་པར་བྱ་སྟེ། དེས་གཞན་གྱིས་ཡོངས་སུ་བཟུང་བའི་ཆུང་མ་དང༌། རིགས་དང༌། མཚན་མ་དང༌། ཆོས་ཀྱིས་བསྲུངས་པ་རྣམས་ལ་ཆགས་པ་བསྐྱེད་པར་ཡང་མི་བྱ་ན། ཡན་ལག་མ་ཡིན་པར་སྤྱོད་པ་དང༌། དབང་པོ་གཉིས་སྤྲོད་པ་ལྟ་ཅི་སྨོས། བརྫུན་དུ་སྨྲ་བ་ལས་ལྡོག་པར་བྱ་སྟེ། དེས་ཆེད་དུ་བསམས་ནས་གང་གིས་སངས་རྒྱས་ཀྱི་བྱང་ཆུབ་སླུ་བར་འགྱུར་བའི་བརྫུན་གྱི་ཚིག་སྲོག་གི་ཕྱིར་ཡང་སྨྲ་བར་མི་བྱའོ། །ཚིག་རྩུབ་པོ་ལས་ལྡོག་པར་བྱ་སྟེ་དེས་སེམས་ཅན་རྣམས་ལ་མཉེན་པ་དང༌། འཇམ་པ་དང༌། ཡིད་ལ་འབབ་པ་དེ་ལྟ་བུའི་ཚིག་སྨྲ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གསང་པའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཐོག་མར་འགྲོ་བ་ནི་ཚིག་སྙན་པ་ཡིན་པའི་ཕྱིར་རོ། །ཕྲ་མ་ལས་ལྡོག་པར་བྱ་སྟེ། དེ་ཅི་ནས་ཀྱང་དབྱེན་དུ་མི་འགྱུར་བའི་ཚིག་དེ་དང༌། གནོད་པར་མི་འགྱུར་བའི་ཚིག་དེ་ལྟར་བསྒྲུབ་པར་བྱའི་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་དབྱེ་བ་ལ་ཞུགས་པ་མ་ཡིན་ནོ། །ཚིག་འཁྱལ་པ་ལས་ལྡོག་པར་བྱ་སྟེ། དེས་ཡུལ་དང་དུས་དང་དོན་དང་ལྡན་པའི་རྗེས་སུ་འཇུག་པས་སེམས་ཅན་ཐམས་ཅད་ལ་ཡིད་དུ་འོང་བ་དང་རན་པར་སྤྱོད་པའི་ཚིག་སྨྲ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཚིག་བཟང་པོ་དང་ལྡན་པའི་ཕྱིར་རོ། །བརྣབ་སེམས་ལས་ལྡོག་པར་བྱ་སྟེ། དེས་གཞན་གྱི་ལོངས་སྤྱོད་དང་གཞན་གྱི་ནོར་ལ་ཆགས་པའི་སེམས་ཀྱང་བསྐྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སེམས་མ་ཆགས་པ་ཡིན་ནོ། །གལ་ཏེ་བྱང་ཆུབ་སེམས་དཔའ་བདག་སེམས་ཆགས་ན་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒོའི་ཕྱོགས་


DTG111_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལས་ཉམས་པར་འགྱུར་རོ། །གསང་བ་པའི་བདག་པོ་བྱང་ཆུབ་སེམས་དཔའི་རབ་ཏུ་དགའ་བ་བསྐྱེད་པ་དེས་འདི་ལྟར་བསམ་པར་བྱ་སྟེ། གང་དག་གིས་བྱ་དགོས་པ་དེ་དང་དེས་རང་འབྱོར་པར་གྱུར་པ་དེ་ལེགས་སོ་སྙོམ་ནས་སེམས་ཅན་དེ་དག་གི་ལོངས་སྤྱོད་དེ་དག་ཆུད་མི་ཟ་བ་ལ་ཡང་དང་ཡང་དུ་དགའ་བ་བསྐྱེད་པར་བྱའོ། །གསང་བའི་བདག་པོ་གཞན་ཡང་གནོད་སེམས་ལས་ལྡོག་པར་བྱ་སྟེ། དེས་ཐམས་ཅད་དུ་བཟོད་པ་དང་ལྡན་པ་དང༌། བྱམས་པ་དང༌། ཁོང་ཁྲོ་བ་མེད་ཅིང་སེམས་སྙོམས་པར་བྱའོ། །དེས་མཛའ་བོ་ལ་ཇི་ལྟ་བ་བཞིན་དུ་དགྲ་ལ་ཡང་དེ་བཞིན་དུ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཡིད་ཀྱི་གནས་ངན་ལེན་དང་ལྡན་པ་མ་ཡིན་གྱི་བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་བསམ་པ་ཡོངས་སུ་དག་པ་ཡིན་ནོ། །གསང་བའི་བདག་པོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་གནོད་སེམས་དང་བྲལ་བར་བྱའོ། །གསང་བའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ལོག་པར་ལྟ་བ་ལས་ལྡོག་པར་བྱ་སྟེ། དེས་ཡང་དག་པའི་ལྟ་བ་དང༌། འཇིག་རྟེན་ཕ་རོལ་ལ་འཇིགས་པར་ལྟ་བ་དང༌། གཡོ་མེད་པ་དང༌། གྱ་གྱུ་མེད་པ་དང༌། དྲང་བ་དང༌། སངས་རྒྱས་དང་ཆོས་དང་དགེ་འདུན་དག་ལ་བསམ་པ་དེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གསང་བའི་བདག་པོ་ལོག་པར་ལྟ་བ་ནི་བྱང་ཆུབ་སེམས་དཔའི་ཁ་ན་མ་ཐོ་བ་ཆེན་པོ་སྟེ། དགེ་བའི་རྩ་བ་ཐམས་ཅད་གཅོད་པར་འགྱུར་རོ། །འདི་ནི་མི་དགེ་བའི་རྩ་བ་ཐམས་ཅད་ཀྱི་ཕྱི་མོའོ། །གསང་བའི་བདག་པོ་དེ་ལྟ་བས་ན་ཐ་ན་བཞད་གད་ཙམ་དུ་ཡང་ལོག་པར་ལྟ་བ་སྐྱེད་པར་མི་བྱེད་པའོ་ཞེས་གསུངས་སོ། །ཡུལ་དང་བསམ་པ་ཉོན་མོངས་དང༌། །དུས་དང་གྲངས་དང་ཡན་ལག་སོགས། །ཆུང་དང་འབྲིང་དང་ཆེན་པོ་སྟེ། །རྣམ་པ་གསུམ་དུ་ཤེས་པར་བྱ། །ལས་ཀྱི་ལམ་བཅུ་པོ་དེ་དག་ཀྱང་ཡུལ་ལ་སོགས་པ་དེ་དག་གི་དབང་གིས་ཆུང་ངུ་དང་འབྲིང་པོ་དང་ཆེན་པོར་འགྱུར་རོ། །དེ་ལ་ཡུལ་གྱིས་འགྱུར་བ་ནི་སྔར་ཇི་སྐད་བརྗོད་པའི་ཚུལ་དེ་ལས་ཤེས་པར་བྱའོ། །དེ་ལ་བསམ་པས་གསུམ་དུ་འགྱུར་བ་ནི། །མི་ཤེས་པས་བྱས་པ་ནི་ཆུང་ངུའོ། །བག་མེད་པས་བྱས་པ་ནི་འབྲིང་པོའོ། །མ་གུས་པས་བྱས་པ་ནི་ཆེན་པོའོ། །དེ་ལ་ཉོན་མོངས་པས་གསུམ་དུ་འགྱུར་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཆུང་དུ་དང་འབྲིང་དང་ཆེན་པོས་སྲོག་གཅོད་པ་ལ་སོགས་པའི་ལས་ཀྱང་དེ་བཞིན་


DTG111_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱེད་པའོ། །དེ་ལ་དུས་ཀྱིས་འགྱུར་བ་ནི་སྦྱོར་བ་དང༌། དངོས་གཞི་དང༌། མཇུག་རྣམས་ལས་གཅིག་དང་ལྡན་པ་ནི་ཆུང་བའོ། །གཉིས་དང་ལྡན་པ་ནི་འབྲིང་པོའོ། །དེ་དག་གསུམ་ག་རྫོགས་པ་ནི་ཆེན་པོའོ། །དེ་ལ་ལས་ཀྱི་ལམ་བཅུ་པོ་དེ་དག་གྲངས་ཀྱིས་འགྱུར་བ་ནི་ལན་གཅིག་བྱས་པ་འདི་ཆུང་བའོ། །ལན་གཉིས་བྱས་པ་ནི་འབྲིང་པོའོ། །ལན་གསུམ་ཕན་ཆད་བྱས་པ་ནི་ཆེན་པོའོ། །དེ་ལ་ཡན་ལག་གི་འགྱུར་བ་ནི་སྲོག་གཅོད་པ་ལ་སོགས་པ་དེ་དག་གི་ཡན་ལག་ཕལ་ཆེར་མ་ཚང་བ་ནི་ཆུང་བའོ། །ཕལ་ཆེར་ཚང་བ་ནི་འབྲིང་པོའོ། །ཐམས་ཅད་རྫོགས་ཤིང་ཚང་བ་ནི་ཆེན་པོའོ། །སོགས་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་དེ་དག་ལས་གང་ཡང་རུང་བ་ལན་ཅིག་བྱས་པ་ཙམ་ནི་ཆུང་བའོ། །དེ་ལ་འགྱོད་པ་མེད་པ་ནི་འབྲིང་པོའོ། །དེ་ལ་གཉེན་པོ་བསྟེན་པ་ནི་ཆེན་པོའོ། །བསྡམ་པར་བྱ་བ་ནི་ཆུང་ངུའོ། །བཤགས་པར་བྱ་བ་ནི་འབྲིང་པོའོ། །ཕམ་པ་ནི་ཆེན་པོའོ། །རྩེད་མོ་དང་གཞན་གྱི་གཡམ་ལ་རྒྱུགས་ཀྱིས་བྱས་པ་ནི་ཆུང་ངུའོ། །རང་ཉིད་ལ་ཉོན་མོངས་པ་དང་ཉེས་པ་མེད་ཀྱང་དཔྱ་ཞིང་གཞན་གྱི་སྡིག་པ་བྱེད་པའི་རྐྱེན་བྱེད་པ་ནི་འབྲིང་པོའོ། །རང་ཉིད་ལ་ཉེས་པ་ཡོད་ཅིང་གཞན་གྱིས་སྤྱད་པ་ནི་ཆེན་པོའོ། །གཞན་ཡང་སྡིག་པའི་གྲོགས་པོ་དང་མི་དགེ་བའི་བཤེས་གཉེན་གྱི་དབང་གིས་རང་དབང་མེད་པར་བྱས་པ་ནི་ཆུང་ངུའོ། །གྲགས་པ་སྙན་པའི་ཕྱིར་བྱས་པ་ནི་འབྲིང་པོའོ། །རྣམ་པར་སྨིན་པ་ལ་མི་འཇིགས་པ་ནི་ཆེན་པོའོ། །གཞན་ཡང་ལས་ཀྱི་ལམ་བཅུ་པོ་འདི་དག་གི་དོན་རྒྱས་པ་ནི་འཕགས་པ་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་མདོ་སྡེ་དང༌། སློབ་དཔོན་བྲམ་ཟེ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་མཛད་པ་དང༌། འཕགས་ཐོགས་མེད་ཀྱིས་མཛད་པའི་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལ་སོགས་པའི་ཡོ་ག་ཙཱ་ཪྻའི་ས་ཆེན་པོར་བལྟའོ། །གཞན་ཡང༌། བསམས་བཞིན་པ་དང་རྫོགས་པ་དང༌། །མི་འགྱོད་གཉེན་པོ་མེད་པ་དང༌། །འཁོར་དང་རྣམ་པར་སྨིན་པ་ལས། །བསགས་པའི་ལས་ཞེས་བྱ་བ་ཡིན། །ཡང་འཁོར་པའི་ལས་ནི་ལྕི་གང་དང༌། །ཉེ་བ་གང་དང་གོམས་པ་གང༌། །སྔོན་བྱས་དེ་དག་གང་ཡིན་ལས། །སྔ་མ་སྔ་མ་རྣམ་སྨིན་འགྱུར། །ཡང༌། ཤིན་ཏུ་ཡིད་ལ་གཅགས་པ་དང༌། །ལས་དེ་གསར་དུ་བྱས་པ་དང༌། །ཡང་དང་ཡང་དུ་བྱས་པས་གོམས། །དེ་ལས་གང་རུང་སྔར་མྱོང་འགྱུར། །མཐོང་བའི་ཆོས་ལས་


DTG111_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་འགྱུར་དང༌། །སྐྱེས་ནས་མྱོང་བར་འགྱུར་བ་དང༌། །ལན་གྲངས་གཞན་དུ་མྱོང་འགྱུར་དང༌། །མྱོང་པར་འགྱུར་བར་མ་ངེས་པའོ། །ལས་ནི་དཀར་དང་གནག་པ་དང༌། །འདྲེས་མའི་ལས་དང་རྣམ་པ་གསུམ། །མདོ་དང་བསྟན་བཅོས་དག་ན་གསལ། །དེ་བས་ན། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བ་དེས་བསགས་ནས། །སྨིན་ནས་ལུས་ཅན་རྣམས་ལ་ནི། །འབྲས་བུ་ཉིད་དུ་སྟོན་པར་བྱེད། །ཅེས་བྱ་སྟེ་དེ་ལྟ་བུ་ལ་ཡང་ངེས་པར་ཡིད་ཆེས་པར་བྱའོ། །འགྲོ་བ་རྒྱུད་ལྔའི་སེམས་ཅན་ཐམས་ཅད་དག །འཛམ་གླིང་འདིར་སྐྱེས་དགེ་བ་བཅུ་སྤྱད་དེ། །མཐར་གྱིས་བླ་མ་བཟང་པོ་བསྟེན་བྱས་ནས། །ཟག་པ་མེད་པའི་ཚུལ་ཁྲིམས་ཐོབ་གྱུར་ཅིག །ལས་རྣམ་པར་འབྱེད་པ་ཞེས་བྱ་བ། སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།

སྤྱོད་པ་བསྡུས་པའི་སྒྲོན་མ།
མར་མེ་མཛད་ཡེ་ཤེས།


DTG111_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཙཱ་ཪྻ་སཾ་གྲ་ཧ་པྲ་དཱི་པ། བོད་སྐད་དུ། སྤྱོད་པ་བསྡུས་པའི་སྒྲོན་མ། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་གི་གསུང་གི་འོད་ཟེར་གྱིས། །བདག་སོགས་རྨོངས་པ་མ་ལུས་པའི། །སྙིང་གི་པདྨ་ཁ་འབྱེད་པའི། །དམ་པའི་སྐྱེས་མཆོག་དེ་ལ་འདུད། །གསང་སྔགས་ཕ་རོལ་ཕྱིན་པ་ལ། །བརྟེན་ནས་བྱང་ཆུབ་བསྒྲུབ་བོ་ཞེས། །བླ་མ་སངས་རྒྱས་གསུངས་པས་ན། །དེ་དོན་བདག་གིས་བྲི་བར་བྱ། །གསང་སྔགས་འདི་རུ་བརྗོད་མི་བྱ། །ཕ་རོལ་ཕྱིན་ལུགས་སྤྱོད་པ་ཡི། །བྱང་ཆུབ་སེམས་དཔའི་སྤྱོད་པ་དག །མདོ་ཙམ་བདག་གིས་བཤད་པར་བྱ། །སེམས་བསྐྱེད་སྔོན་དུ་སོང་བ་ཡིས། །བྱང་ཆུབ་སེམས་དཔའི་སྡོམ་པ་བླང༌། །མདོ་སྡེ་མ་ལུས་ཀུན་བལྟ་ཞིང༌། །བསྟན་བཅོས་མཐའ་དག་མཉན་པར་བྱ། །ལུས་དང་ངག་དང་ཡིད་གསུམ་གྱིས། །ཇི་སྐད་བཤད་པའི་སྡོམ་པ་རྣམས། །མ་ཉམས་གཙང་མར་བསྲུང་བྱས་ལ། །ཚུལ་ཁྲིམས་རྣམ་པར་དག་པར་བྱ། །ཟས་ཀྱི་ཚོད་ཀྱང་རིག་པར་བྱ། །དབང་པོ་རྣམས་ཀྱི་སྒོ་ཡང་བསྡམས། །ནམ་གྱི་ཆ་སྟོད་ཆ་སྨད་ལ། །མི་ཉལ་རྣལ་འབྱོར་བརྩོན་པར་བྱ། །ཁ་ན་མ་ཐོ་ཕྲ་རབ་ལའང༌། །ཤིན་ཏུ་འཇིགས་པ་བསྐྱེད་པར་བྱ། །མཚན་མོ་ཆ་གསུམ་བགོ་བྱ་སྟེ། །ཐ་མའི་ཆ་ལ་ལྡང་བར་བྱ། །གདོང་ལ་སོགས་པ་བཀྲུ་བའམ། །ཡང་ན་མ་བཀྲུས་པ་ཡང་རུང༌། །བདེ་བའི་སྟན་ལ་འདུག་ནས་ནི། །ཆོས་རྣམས་ཆོས་ཉིད་དྲན་པར་བྱ། །མཚན་མས་གཡེངས་པས་མ་ནུས་ན། །ལངས་


DTG111_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དངོས་པོ་སྣང་བ་ཀུན། །སྒྱུ་མ་ལྟ་བུར་ཉེ་བར་བརྟག །བར་སྐབས་དེར་ཡང་དགེ་སྦྱོར་ཡང༌། །ཡན་ལག་བདུན་པ་རྫོགས་པར་བྱ། །སྨོན་ལམ་ཤིན་ཏུ་རྒྱ་ཆེན་གདབ། །ཡང་ན་སྔར་གྱི་སྒོམ་ལ་བསྒོམ། །དེ་ནས་ཟས་ཀྱི་དུས་དག་ཏུ། །སྙིང་པོ་མེད་པའི་ལུས་འདི་ཡིས། །སྙིང་པོ་དམ་པ་བཙལ་བྱ་ཞེས། །ལུས་ལ་གྲུ་ཡི་བློ་གཞག་ལ། །རྒྱགས་པ་སྐྱེད་ཕྱིར་མི་བཟའ་ཞིང༌། །རོ་ལ་ཆགས་པས་མི་བཟའོ། །ཟས་ལ་ཆ་བཞིར་བགོ་བྱ་སྟེ། །དང་པོ་ལྷ་ལ་བཤོས་གཙང་དབུལ། །དེ་རྗེས་ཆོས་ཀྱི་སྲུང་མ་ལ། །གཏོར་མ་ཤིན་ཏུ་རྒྱ་ཆེན་བཏང༌། །རང་གིས་ཟོས་ཤིང་འཐུངས་པ་ཡི། །ལྷག་མ་འབྱུང་པོ་ཀུན་ལ་སྦྱིན། །བར་སྐབས་དེར་ཡང་སྒྲུང་རྒྱུད་དང། །ངོ་མཚར་ཅན་གྱི་གཏམ་ཡང་བྱ། །དེ་ནས་ལངས་ལ་ཅུང་ཞིག་བཅག །ཡང་ན་རྟེན་ལ་བསྐོར་བ་བྱ། །བཟླས་བརྗོད་གླེགས་བམ་བཀླག་པའམ། །ཡང་ན་བདེ་གཤེགས་གཟུགས་བརྙན་བྱ། །ཇི་སྲིད་རྡུལ་ནི་མ་བྱུང་བར། །དེ་སྲིད་བསྐོར་བ་མ་ཡེངས་པར། །བྱས་ལ་སྨོན་ལམ་རྒྱ་ཆེན་གདབ། །མདོར་ན་མགོན་པོ་བྱམས་པ་ཡིས། །བཤད་པའི་ཆོས་སྤྱོད་བཅུ་པོ་རྣམས། །ཡིད་ནི་རབ་ཏུ་མ་ཡེངས་ཤིང༌། །སྒྱུ་མ་ལྟ་བུར་དྲན་པས་སྤྱད། །གལ་ཏེ་ཡོད་ན་དགེ་འདུན་མཆོད། །ཡང་ན་བྱིས་པའི་སྟོན་མོ་བྱ། །མགོན་མེད་དག་ལ་སྦྱིན་པ་ནི། །རྣལ་འབྱོར་བསོད་ནམས་ཚོགས་སུ་འགྱུར། །ཉིན་མོའི་བྱ་བ་རྫོགས་པ་དང༌། །མཚན་མོའི་ཆ་ནི་དང་པོ་རུ། །ཆོས་ཉིད་སྤྲོས་པ་དང་བྲལ་བ། །ཤེས་པའང་སྤྲོས་དང་བྲལ་བར་གཞག །མཚན་མོའི་གུང་ལ་བབ་པ་ན། །ལྡང་དང་སྣང་བའི་འདུ་ཤེས་ཀྱིས། །སེང་གེ་ཇི་ལྟར་ཉལ་བ་ལྟར། དགེ་བའི་གཉིད་ནི་ལོག་པར་བྱ། །སྤྱིར་ན་མཉམ་གཞག་སེམས་བརྟན་ན། །ལུས་ངག་དགེ་བ་གཙོར་མི་བྱ། །ཡང་ན་མཉམ་གཞག་མི་གསལ་ན། །འཇིག་རྟེན་མཐུན་འཇུག་བྱ་བའི་ཕྱིར། །ལུས་ངག་དགེ་བ་ཅི་ནུས་བྱ། །འཇིག་རྟེན་སེམས་དང་མ་མཐུན་ན། །འདི་ནི་བདག་གི་ཆོས་མིན་ཞེས། །བསམ་པ་བཟང་པོ་སྔོན་བཏང་ལ། འཇིག་རྟེན་ཡུལ་ཆོས་དྲི་བར་བྱ། །ནེ་པ་ལ་ཡི་ཡུལ་དུ་ནི། །རང་གི་གྲོགས་པོས་བསྐུལ་ནས་བྱས། །གསང་སྔགས་ལུགས་ལ་མི་མོས་ན། །འདི་ལྟར་མཛོད་ཅིག་སྠ་བི་ར། །སྤྱོད་པ་བསྡུས་པའི་སྒྲོན་མ་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་པའོ།། །།