cover

སྡེ་དགེའི་བསྟན་འགྱུར་པོད་བརྒྱ་བཅུ་གསུམ།

མདོ་སྡེ། ངི༽

ཐོགས་མེད། ཀླུ་སྒྲུབ། དབྱིག་གཉེན། ཡེ་ཤེས་སྦྱིན། ཤཱཀྱའི་བློ།

Nitartha Publication

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་རྣམ་པར་བཤད་པ།
ཐོགས་མེད།


DTG113_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྻ་སནྡྷི་ནིར་མོ་ཙ་ནཾ་བྷཱ་ཥྱཾ། བོད་སྐད་དུ། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་རྣམ་པར་བཤད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དགོངས་པ་ངེས་པར་འགྲེལ་པ་ཐེག་པ་ཆེན་པོའི་མདོའི་གླེང་གཞི་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་གཞལ་མེད་ཁང་ཆེན་པོ་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ཤིན་ཏུ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་འབྱུང་བ། གནས་ཐ་དད་པ་ཤིན་ཏུ་རྣམ་པར་ཕྱེ་བ་མཐའ་ཡས་པས་རྣམ་པར་གནས་པ། རྒྱ་ཡོངས་སུ་མ་ཆད་པ། ཁམས་གསུམ་པ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ། འཇིག་རྟེན་ལས་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ། ཤིན་ཏུ་རྣམ་པར་དག་ཅིང་དབང་སྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད། དེ་བཞིན་གཤེགས་པའི་གནས། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་དགེ་འདུན་དང་ལྡན་པ། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་


DTG113_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། མི་དང༌། མི་མ་ཡིན་པ་མཐའ་ཡས་པ་རྣམ་པར་རྒྱུ་བ། ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བསྟན་པ། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཡང་དག་པར་ཐོབ་པར་བྱེད་པར་ཉེ་བར་གནས་པ། ཉོན་མོངས་པའི་དྲི་མའི་གནོད་པ་ཐམས་ཅད་དང་བྲལ་བ། བདུད་ཐམས་ཅད་ཡོངས་སུ་སྤངས་པ། ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པ། དེ་བཞིན་གཤེགས་པའི་བཀོད་པའི་གནས། དྲན་པ་དང༌། བློ་གྲོས་དང༌། རྟོགས་པ་ཆེན་པོས་ངེས་པར་འབྱུང་བ། ཞི་གནས་དང་ལྷག་མཐོང་ཆེན་པོའི་བཞོན་པ་ཡིན་པ། རྣམ་པར་ཐར་པའི་སྒོ་ཆེན་པོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང། སྨོན་པ་མེད་པ་ནས་འཇུག་པ། རིན་པོ་ཆེ་པདྨའི་རྒྱལ་པོ་ཆེན་པོ་ཡོན་ཏན་མཐའ་ཡས་པས་བརྒྱན་པའི་བཀོད་པ་ལ་བརྟེན་ནས་བཞུགས་ཏེ། བཅོམ་ལྡན་འདས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ། ཀུན་ཏུ་སྤྱོད་པ་གཉིས་མི་མངའ་བ། མཚན་ཉིད་མེད་པའི་ཆོས་ལ་མཆོག་ཏུ་གཞོལ་བར་མཛད་པ། སངས་རྒྱས་ཀྱི་གནས་པས་གནས་པ། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་པ། སྒྲིབ་པ་མེད་པའི་རྟོགས་པ་ཐུགས་སུ་ཆུད་པ།


DTG113_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་མི་ཟློག་པའི་ཆོས་དང་ལྡན་པ། སྤྱོད་ཡུལ་གྱིས་མི་འཕྲོགས་པ། བསམ་གྱིས་མི་ཁྱབ་པ་རྣམ་པར་འཇོག་པ། དུས་གསུམ་ལ་མཉམ་པ་ཉིད་ཚར་ཕྱིན་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བཞུགས་པའི་སྐུ་དང་ལྡན་པ། ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པའི་མཁྱེན་པ་མངའ་བ། སྤྱོད་པ་ཐམས་ཅད་དང་ལྡན་པའི་བློ་མངའ་བ། ཆོག་ཤེས་པ་ལ་ནེམ་ནུར་མི་མངའ་བ། རྣམ་པར་མ་བརྟགས་པའི་སྐུ་མངའ་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཡང་དག་པར་བླངས་པ། སངས་རྒྱས་ཀྱི་གནས་པ་གཉིས་སུ་མེད་པ་དམ་པའི་ཕ་རོལ་ཏུ་བྱོན་པ། དེ་བཞིན་གཤེགས་པ་མ་འདྲེས་པ་རྣམ་པར་ཐར་པར་མཛད་པའི་ཡེ་ཤེས་ཀྱི་མཐར་ཕྱིན་པ། མཐའ་དང་དབུས་མེད་པའི་སྣགས་རྒྱས་ཀྱི་མཉམ་པ་ཉིད་ཐུགས་སུ་ཆུད་པ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་དེ་ཉན་ཐོས་ཀྱི་དགེ་འདུན་ཚད་མེད་པ་ཐམས་ཅད་ཀྱང་ཅང་ཤེས་པ། སངས་རྒྱས་ཀྱི་སྲས། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ། ཆོས་འདོད་པ་རྣམས་བདེ་བར་ཕྲད་པ། མང་དུ་ཐོས་པ། ཐོས་པ་འཛིན་པ། ཐོས་པ་བསགས་པ། ལེགས་པར་བསམ་པ་སེམས་པ། ལེགས་པར་སྨྲ་བ་བརྗོད་པ། ལེགས་པར་བྱ་བའི་ལས་བྱེད་པ། ཤེས་རབ་མྱུར་བ། ཤེས་རབ་མགྱོགས་པ། ཤེས་རབ་རྣོ་བ། ངེས་པར་འབྱུང་བའི་ཤེས་རབ་ཅན། ངེས་པར་རྟོགས་པའི་ཤེས་རབ་ཅན། ཤེས་རབ་ཆེ་བ། ཤེས་རབ་ཡངས་པ། ཤེས་རབ་ཟབ་པ། ཤེས་རབ་མཉམ་པ་མེད་པ། ཤེས་རབ་རིན་པོ་ཆེ་དང་ལྡན་པ། རིག་པ་གསུམ་དང་ལྡན་པ། ཚེ་འདི་ལ་བདེ་བར་གནས་པའི་མཆོག་ཐོབ་པ། ཡོན་ཡོངས་སུ་སྦྱོང་བ་ཆེན་པོ། སྤྱོད་ལམ་རབ་ཏུ་ཞི་བ་ཕུན་སུམ་ཚོགས་པ། བཟོད་པ་དང་དེས་པ་ཆེན་པོ་དང་ལྡན་པ། དེ་བཞིན་གཤེགས་པའི་བཀའ་ལ་ཤིན་ཏུ་ཞུགས་པ་ཤ་སྟག་དང༌། སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ཐམས་ཅད་ཀྱང་གནས་ཆེན་པོ་ལ་ཡང་དག་པར་ཞུགས་པ། ཐེག་པ་ཆེན་པོའི་ཆོས་ཀྱིས་ངེས་པར་འབྱུང་བ། སེམས་ཅན་ཐམས་ཅད་ལ་


DTG113_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་མཉམ་པ། རྟོག་པ་དང༌། རྣམ་པར་རྟོག་པ་དང༌། ཡོངས་སུ་རྟོག་པ་ཐམས་ཅད་དང་བྲལ་བ། བདུད་ཀྱི་ཕྱིར་རྒོལ་བ་ཐམས་ཅད་བཅོམ་པ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་ཐམས་ཅད་ལས་རིང་དུ་གྱུར་པ། ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བརྟན་པ། འཇིགས་པ་ལྔ་ལས་ཡང་དག་པར་འདས་པ། ཕྱིར་མི་ལྡོག་པའི་ས་བགྲོད་པ་གཅིག་པུར་གྱུར་པ། སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ས་མངོན་དུ་གྱུར་པ་ཤ་སྟག་གོ་ཞེས་བྱ་བའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་དོན་དམ་པའི་མཚན་ཉིད་ལྔ་བསྟན་ཏེ། དོན་དམ་པའི་མཚན་ཉིད་ལྔ་ནི། བརྗོད་དུ་མེད་པའི་མཚན་ཉིད་དང༌། གཉིས་སུ་མེད་པའི་མཚན་ཉིད་དང༌། རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་དང༌། གཞན་དང་གཞན་མ་ཡིན་པ་ལས་ཡང་དག་པར་འདས་པའི་མཚན་ཉིད་དང༌། ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དོ། །དེ་ལ་བརྗོད་དུ་མེད་པའི་མཚན་ཉིད་དང༌། གཉིས་སུ་མེད་པའི་མཚན་ཉིད་དུ་ལྟ་བ་ནི་འདི་ལྟ་སྟེ། དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་བྱང་ཆུབ་སེམས་དཔའ་ཚུལ་བཞིན་དུ་ཀུན་འདྲིས་ཞུས་པ་སྟེ། རྒྱ་ཆེར་ནི་གུད་དུ་བྲིས་པ་དེ་ཡིན་པར་ཤེས་པར་བྱའོ། །དགོངས་པས་ངེས་པར་འགྲེལ་བའི་དོན་ལས་གཞལ་མེད་ཁང་གི་བསྔགས་པ་ནི་རྣམ་པ་བཅོ་བརྒྱད་དུ་ཤེས་པར་བྱ་སྟེ། འདི་ལྟར་ཚིག་གཉིས་ཀྱིས་ཁ་དོག་ཕུན་སུམ་ཚོགས་པ་དང༌། དབྱིབས་ཕུན་སུམ་ཚོགས་པ་དང༌། ཚད་ཕུན་སུམ་ཚོགས་པ་དང༌། ཡུལ་ཕུན་སུམ་ཚོགས་པ་དང༌། རྒྱུ་ཕུན་སུམ་ཚོགས་པ་དང༌། རང་བཞིན་དུ་ཕུན་སུམ་ཚོགས་པ་དང༌། བདག་པོ་ཕུན་སུམ་ཚོགས་པ་དང༌། ཞབས་འབྲིང་བ་ཕུན་སུམ་ཚོགས་པ་དང༌། ཕྱོགས་ཕུན་སུམ་ཚོགས་པ་དང༌། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང༌། བྱ་བ་སྒྲུབ་པ་ཕུན་སུམ་ཚོགས་པ་དང༌། འཚེ་བ་མེད་པ་ཕུན་སུམ་ཚོགས་པ་དང༌། ཕྱིར་རྒོལ་བ་མེད་པ་ཕུན་སུམ་ཚོགས་པ་དང༌། གནས་ཕུན་སུམ་ཚོགས་པ་དང༌། བདག་པོའི་གནས་ཀྱི་བྱེ་བྲག་ཕུན་སུམ་ཚོགས་པ་དང༌། བཞོན་པ་ཕུན་སུམ་ཚོགས་པ་དང༌། སྒོ་ཕུན་སུམ་ཚོགས་པ་དང༌། རྟེན་ཕུན་སུམ་ཚོགས་པའོ། །སངས་རྒྱས་ཀྱི་


DTG113_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་པ་ནི་བཅོམ་ལྡན་འདས་ཀྱི་སྤངས་པ་དང་ཡེ་ཤེས་བླ་ན་མེད་པ་ཉིད་ཀྱིས་རང་གི་དོན་ཕུན་སུམ་ཚོགས་པ་དང༌། བདག་དང་གཞན་གྱི་སྦྱོར་བ་གཉིས་ཀྱིས་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྟེ། ཡན་ལག་བཞིས་བསྟན་ཏོ། །ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཞེས་བྱ་བ་ནི་ཡན་ལག་གཅིག་སྟེ། བློས་ཐུགས་སུ་ཆུད་པར་བྱ་བ་ཇི་སྙེད་ཡོད་པ་དེ་སྙེད་ཐུགས་སུ་ཆུད་པའི་ཕྱིར་རོ། །དེ་ཡང་རྣམ་པ་བཞི་སྟེ། ལེགས་པར་ཐུགས་སུ་ཆུད་པའི་བློ་ཉིད་ནི་ནང་དང་ཕྱིའི་སྐྱེ་མཆེད་ཀྱི་མཚན་མ་ཀུན་ཏུ་མི་སྤྱོད་པའི་ཕྱིར་རོ། །དོན་ཟབ་མོ་ལེགས་པར་ཐུགས་སུ་ཆུད་པའི་བློ་ཉིད་ནི་ཆོས་བདག་མེད་པ་ལ་ཀུན་ཏུ་གཞོལ་བའི་ཕྱིར་རོ། །ལེགས་པར་ཐུགས་སུ་ཆུད་པའི་བློ་ཉིས་དྲི་མ་མེད་པ་ནི་བྱང་ཆུབ་སེམས་དཔའི་གནས་པ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །ལེགས་པར་ཐུགས་སུ་ཆུད་པའི་བློ་ཉིད་བླ་ན་མེད་པ་ནི་སངས་རྒྱས་ཐམས་ཅད་དང་ཁྱད་པར་མེད་པའི་ཕྱིར་རོ། །འདི་ནི་ཡེ་ཤེས་བླ་ན་མེད་པས་རང་གི་དོན་ཕུན་སུམ་ཚོགས་པའོ། །སྒྲིབ་པ་མེད་པའི་རྟོགས་པ་ཐུགས་སུ་ཆུད་པ་ཞེས་བྱ་བ་ནི་ཡན་ལག་གཉིས་པ་སྟེ། རྟོགས་པར་བྱ་བ་ཇི་སྙེད་ཡོད་པ་རྟོགས་པའི་ཕྱིར་རོ། །དེ་ཡང་རྣམ་པ་གསུམ་སྟེ། ཉོན་མོངས་པའི་སྒྲིབ་པ་མི་མངའ་བས་རྟོགས་པ་ནི་མ་འོངས་པའི་དུས་ན་ཡང་སྤངས་པ་དེ་ཡོངས་སུ་ཉམས་པ་དང༌། ད་ལྟར་ཉོན་མོངས་པ་མི་འབྱུང་བས་སོ། །དེ་དག་ལ་རྣམ་པར་སྨིན་པའི་སྒྲིབ་པ་མི་མངའ་བས་རྟོགས་པ་ནི་བསམ་གྱིས་མི་ཁྱབ་པར་རྣམ་པར་འཇོག་པའི་ཕྱིར་རོ། །ཤེས་བྱའི་སྒྲིབ་པ་མི་མངའ་བས་རྟོགས་པ་ནི་དུས་གསུམ་དུ་ཡང་ཆགས་པ་མེད་ཅིང་ཐོགས་པ་མེད་པར་ཡེ་ཤེས་མཉམ་པ་ཉིད་ཚར་ཕྱིན་པའི་ཕྱིར་རོ། །འདི་ནི་སྤངས་པ་བླ་ན་མེད་པས་རང་གི་དོན་ཕུན་སུམ་ཚོགས་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞུགས་པའི་སྐུ་དང་ལྡན་པ་ཞེས་བྱ་བ་ནི་ཡན་ལག་གསུམ་པ་སྟེ། སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་པའི་ཕྱིར་རོ། །ཞུགས་པའི་སྐུ་དེ་ནི་དགོངས་པ་དང༌། ཐབས་དང་ཀུན་ནས་ཉོན་མོངས་པ་མེད་པ་དང༌། ངོ་བོ་ཉིད་ཀྱིས་བསྟན་ཏོ། །དེ་ལ་དགོངས་པ་ནི་ཐེ་ཚོམ་ཐམས་ཅད་གཅོད་པའོ། །ཐབས་ནི་དགའ་ལྡན་གྱི་གནས་སུ་སྐྱེ་བ་ལ་སོགས་པ་ཀུན་ཏུ་སྟོན་པའི་སྤྱོད་པའོ། །ཀུན་


DTG113_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཉོན་མོངས་པ་མེད་པ་ནི་འཇིག་རྟེན་གྱི་ཆོས་རྣམས་ཐོག་མ་ཉིད་དུ་སོ་སོར་རིག་པའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པ་ཉིད་དོ། །ངོ་བོ་ཉིད་ནི་ཉོན་མོངས་པའི་རྣམ་པར་རྟོག་པ་ཐམས་ཅད་ལས་མ་བྱུང་བ་ཉིད་དོ། །འདི་ནི་དེའི་བདག་གིས་སྦྱོར་བས་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཡང་དག་པར་བླངས་པ་ཞེས་བྱ་བ་ནི་ཡན་ལག་བཞི་སྟེ། བྱང་ཆུབ་སེམས་དཔའི་ཡེ་ཤེས་རྣམས་རང་གི་ཡེ་ཤེས་སུ་བླངས་པའི་ཕྱིར་རོ། །ཡེ་ཤེས་ཡང་དག་པར་བླངས་པ་དེ་ནི། ཁས་ལེན་པ་དང༌། འགྲུབ་པ་དང༌། རྟོགས་པ་དང་རྣམ་པ་གསུམ་གྱིས་བསྟན་ཏོ། །ཁས་ལེན་པ་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའ་སངས་རྒྱས་སུ་འགྱུར་བའི་ཆོས་ཀྱི་སྐུ་དང་གཅིག་པ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །འགྲུབ་པ་ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པའི་ཡེ་ཤེས་དང་སྤངས་པ་ཐ་དད་པ་མེད་པ་འགྲུབ་པའི་ཕྱིར་རོ། །རྟོགས་པ་ཇི་ལྟ་བུ་ཞེ་ན། དེ་གཉིས་ཀའི་གནས་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་རྟོགས་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་རྟོགས་པ་དེ་ཡང་ཆོས་ཀྱི་དབྱིངས་ཀྱིས་ཀླས་པས་ཉན་ཐོས་རྣམས་ལས་ཁྱད་པར་དུ་འཕགས་སོ། །ཉན་ཐོས་ནི་ཡོངས་སུ་མྱ་ངན་ལས་འདས་ལ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་དེ་ནི་ནམ་མཁའི་ཁམས་ཀྱི་མཐའ་གཏུགས་པར་བསྟན་ཏེ། དཔེར་ན་ནམ་མཁའ་ནི་འཇིག་པའི་དུས་སམ་ཆགས་པའི་དུས་ན་ཡང་ཟད་པ་མེད་དོ། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་སམ། ཡོངས་སུ་མྱ་ངན་ལས་འདས་པའི་དུས་ན་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཕྱིར་རོ། །དངོས་པོ་བསྡུ་བའི་སྒོ་ནས་ཡང་རྣམ་གྲངས་གཞན་ཏེ། དེ་བཞིན་གཤེགས་པའི་ཕུན་སུམ་ཚོགས་པ་འདི་རྣམ་པ་ཉི་ཤུ་རྩ་གཅིག་ཏུ་བསྟན་ཏེ། ཐུགས་ཕུན་སུམ་ཚོགས་པ་དང༌། གསུང་ཕུན་སུམ་ཚོགས་པ་དང༌། སྐུ་ཕུན་སུམ་ཚོགས་པ་མྱ་ངན་ལས་འདས་པ་མཚན་ཉིད་མེད་པ་དང༌། བཞུགས་པ་ཕུན་སུམ་ཚོགས་པ་དང༌། ཡོན་ཏན་ཡོངས་སུ་འཛིན་པ་ཕུན་སུམ་ཚོགས་པ་དང༌། དྲི་བ་ལུང་སྟོན་པ་ཕུན་སུམ་ཚོགས་པ་དང༌། རབ་ཏུ་རྒོལ་བ་ཟིལ་གྱིས་གནོན་པ་ཕུན་སུམ་ཚོགས་པ་དང༌། ཞིང་ཡོངས་སུ་དག་པ་ཕུན་


DTG113_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པ་དང༌། གནས་ཕུན་སུམ་ཚོགས་པ་དང༌། སྤྱོད་ལམ་ཕུན་སུམ་ཚོགས་པ་དང༌། སྤྲུལ་པ་ཕུན་སུམ་ཚོགས་པ་དང༌། བསྟན་པ་ཕུན་སུམ་ཚོགས་པ་དང༌། སེམས་ཅན་གྱི་སྤྱོད་པའི་རྗེས་སུ་འཇུག་པ་ཕུན་སུམ་ཚོགས་པ་དང༌། ཐམས་ཅད་དུ་འགྲོ་བའི་ལམ་གྱི་གདམས་ངག་ཕུན་སུམ་ཚོགས་པ་དང༌། ཕན་པ་དང་གནོད་པ་ལ་ཀུན་ནས་ཉོན་མོངས་པ་མེད་པ་ཕུན་སུམ་ཚོགས་པ་དང༌། གཞི་ཕུན་སུམ་ཚོགས་པ་དང༌། མི་མཐུན་པ་མེད་པ་ཕུན་སུམ་ཚོགས་པ་དང༌། ཆོ་འཕྲུལ་གྱིས་རྣམ་པར་རོལ་པ་ཕུན་སུམ་ཚོགས་པ་དང༌། ཡོན་ཏན་མི་ཟད་པ་ཕུན་སུམ་ཚོགས་པ་དང༌། བདག་གི་དངོས་པོ་ཕུན་སུམ་ཚོགས་པ་དང༌། མྱ་ངན་ལས་འདའ་བ་ཕུན་སུམ་ཚོགས་པའོ། །དེ་ལ་བཞུགས་པ་ཕུན་སུམ་ཚོགས་པ་ནི་རྣམ་པར་གཉིས་ཏེ། ཚེ་འདི་ལ་སྟོང་པ་ཉིད་ཀྱིས་བསྡུས་པའི་བཞུགས་པ་ནི་ཀུན་དགའ་བོ་དེའི་ཚེ་དང་ད་ལྟར་ཡང་སྟོང་པ་ཉིད་ཀྱིས་མང་དུ་གནས་སོ་ཞེས་གསུངས་པ་ལྟ་བུའོ། །སོ་སོར་རྟོག་པའི་བཞུགས་པ་ནི་ཉིན་མཚན་ལན་དྲུག་ཏུ་འཇིག་རྟེན་ལ་རྣམ་པར་གཟིགས་པའི་ཕྱིར་རོ། །ཉན་ཐོས་ཀྱི་བསྔགས་པ་ནི་ཅང་ཤེས་པའི་ཕྱིར་རོ། །ཅང་ཤེས་དེ་ཡང་ཕུན་སུམ་ཚོགས་པ་རྣམ་པ་བཅུ་གསུམ་གྱིས་བསྟན་ཏེ། གཉིས་སུ་མེད་པ་ཕུན་སུམ་ཚོགས་པ་དང༌། ཤིན་ཏུ་དུལ་བ་ཕུན་སུམ་ཚོགས་པ་དང༌། བསྔགས་པ་ཕུན་སུམ་ཚོགས་པ་དང༌། ཁྲུན་ཕུན་སུམ་ཚོགས་པ་དང༌། རྒྱར་ཕུན་སུམ་ཚོགས་པ་དང༌། མཐུན་པའི་ལམ་དུ་འགྲོ་བ་ཕུན་སུམ་ཚོགས་པ་དང༌། མྱུར་བ་ཉིད་དུ་ཕུན་སུམ་ཚོགས་པ་དང༌། རིང་དུ་འགྲོ་བ་ཕུན་སུམ་ཚོགས་པ་དང༌། འགྲོ་བ་བཟང་པོ་ཕུན་སུམ་ཚོགས་པ་དང༌། ཡོངས་སུ་སྤྱོད་པ་ཕུན་སུམ་ཚོགས་པ་དང༌། ཉེ་བར་ཞི་བ་ཕུན་སུམ་ཚོགས་པ་དང༌། འགྲོགས་ན་བདེ་བ་ཕུན་སུམ་ཚོགས་པ་དང༌། དབང་དུ་གྱུར་པ་ཕུན་སུམ་ཚོགས་པ་དང༌། བྱང་ཆུབ་སེམས་དཔའི་བསྔགས་པ་ནི་བསྔགས་པ་ནི། གནས་ཆེན་པོ་ལ་ཡང་དག་པར་ཞུགས་པའི་ཕྱིར་ཏེ། གནས་ཆེན་པོ་ལ་ཡང་དག་པར་ཞུགས་པ་དེ་ནི་ལམ་གྱི་སྐྱོན་རྣམ་པ་དགུ་ཡོངས་སུ་སྤངས་པར་ཡང་དག་པར་བསྟན་ཏོ། །ལམ་གྱི་སྐྱོན་རྣམ་པ་དགུ་ནི། རྫོགས་པའི་བྱང་ཆུབ་མི་མཐུན་ལམ། །རྡུལ་བཅས་པ་དང་ཚར་མ་བཅས་


DTG113_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

མར་བཅས། །ཆུད་ཟ་འཇིག་དང་བདེ་མེད་དང༌། །འཇིགས་བཅས་རིམ་མིན་ཕྱོགས་མིན་འགྲོ། །དོན་དམ་པའི་མཚན་མ་ལྔ་བསྟན་པ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ལས་བསམ་གྱིས་མི་ཁྱབ་པ་དང༌། མཚུངས་པ་མེད་པ་དང༌། དཔག་ཏུ་མེད་པ་དང༌། གྲངས་མེད་པ་དང༌། མི་མཉམ་པའི་དོན་འབྱུང་བ་དང༌། གོ་རིམས་བཞིན་ནོ། །ལུང་དང་རྟོགས་པ་སྒྲོ་བཏགས་པ་མེད་པ་དང༌། སྐུར་པ་མེད་པ་ལ་རྨོངས་པའི་གཉེན་པོར་གཉིས་སུ་མེད་པ་དང༌། བརྗོད་དུ་མེད་པ་བསྟན་ཏོ། །མིང་ནི་སྔ་རོལ་བློ་མེད་ཕྱིར། །མང་བའི་ཕྱིར་དང་མ་ངེས་ཕྱིར། །གཉིས་སུ་མེད་པ་གྲུབ་བོ། །སྟོན་པས་བཏགས་པའི་ཚིག་ཉིད་ཡིན་པ་དང༌། ཀུན་ཏུ་རྟོག་པ་སྣ་ཚོགས་ཀྱི་ཐ་སྙད་ཡིན་ཏེ། ཡོངས་སུ་མ་གྲུབ་པ་དང༌། འཕགས་པའི་རྒྱུད་ལ་མངའ་བ་ཀུན་རྫོབ་ཀྱི་ཤེས་པ་དང༌། དོན་དམ་པའི་ཤེས་པ་དང༌། མཐོང་བ་བ་དེ་དག་གིས་ངོ་བོ་ཉིད་གསུམ་རྣམ་པར་གཞག་པས་ནི་བརྗོད་དུ་མེད་པའི་མཚན་ཉིད་གཙོ་ཆེར་ཤེས་པར་བྱའོ། །སྟོན་པས་བཏགས་པའི་ཚིག་ཅེས་བྱ་བ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་རྣམ་པར་གཞག་པའི་ཕྱིར་རོ། །བརྗོད་པ་ནི་དངོས་པོ་མེད་པ་ཅན་ཡང་མ་ཡིན་ཞེས་བྱ་བ་ནི་གཞན་གྱི་དབང་རྣམ་པར་གཞག་པའི་ཕྱིར་རོ། །བརྗོད་དུ་མེད་པ་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ་བ་ནི། ཡོངས་སུ་གྲུབ་པ་རྣམ་པར་གཞག་པའི་ཕྱིར་རོ། །མཆོག་ཏུ་བཟུང་ཞེས་བྱ་བ་ནི་རང་གི་ལྟ་བ་མཆོག་ཏུ་བཟུང་ནས་གནས་སོ། །མངོན་པར་ཞེན་ཞེས་བྱ་བ་ནི་གཞན་དག་གི་དེ་ལས་བཟློག་པ་ནི་དེ་འཛིན་ཅིང་མི་འདོར་བའོ། །འདི་ལྟར་དོན་རྣམ་པར་རིག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་དོན་གང་ཡིན་པ་ཉིད་ལ་མིང་དེའོ། །དང་པོ་བཤད་ཟིན་ཏོ། །གཉིས་པ་ནི་རྟོག་གེ་ལ་བརྟེན་ནས་དོན་རྣམ་པར་སྤྱོད་པ། གཞན་མུ་སྟེགས་ཅན་རྣམས་ལ་གང་གིས་དོན་དམ་པ་ཁོང་དུ་ཆུད་པར་མི་འགྱུར་བའི་ཉེས་པ་ལྔ་ཡོད་དེ། ཀུན་ཏུ་ཚོལ་བའི་ཉེས་པ་དང༌། མངོན་པའི་ང་རྒྱལ་གྱི་ཉེས་པ་དང༌། མངོན་པར་ཞེན་པའི་ཉེས་པ་དང༌། འདོགས་པའི་ཉེས་པ་དང༌། རྩོད་པའི་ཉེས་པ་སྟེ། གཞན་གྱིས་བསྟན་པ་ཙམ་གྱིས་དོན་དམ་པ་ཁོང་དུ་ཆུད་པར་རེ་བ་དང༌། ཞི་གནས་ཙམ་ཐོབ་ན་མཚན་


DTG113_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

མར་འཛིན་པ་ཙམ་གྱིས་དོན་དམ་པ་རྟོགས་སོ་སྙམ་པའི་མངོན་པའི་ང་རྒྱལ་དང༌། རྣམ་པར་འཇོག་པའི་དབང་གིས་ཇི་ལྟར་བརྗོད་པ་བཞིན་དུ་མངོན་པར་ཞེན་པ་དང༌། མཐོང་བ་ལ་སོགས་པའི་ཐ་སྙད་ལ་བརྟེན་ནས། སྲོག་ལ་སོགས་པ་ཡོད་པར་རྣམ་པར་འཇོག་པ་འདོགས་པ་དང༌། ཕན་ཚུན་མི་མཐུན་པར་འདོགས་པ་བདག་དང༌། གཞན་གྱི་ཕྱོགས་ལ་རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བར་གྱུར་ན་རྩོད་པར་འགྱུར་བ་དང༌། གོ་རིམས་བཞིན་དུ་སྦྱར་རོ། །རྣམ་པ་འདི་ལྔ་ནི་དོན་དམ་པ་གོང་ནས་གོང་དུ་མངོན་པར་སྒྲུབ་པའི་ཚུལ་དང༌། གོ་རིམས་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །དཔེ་ལྔ་ནི་དོན་དམ་པའི་རྣམ་པ་ལྔ་དང་གོ་རིམས་བཞིན་དུ་སྦྱར་བར་ཤེས་པར་བྱ་སྟེ། འདི་ལྟར་མོས་པ་རྣམ་པ་ལྔ་ལས་བརྩམས་ནས་ཡོད་པ་སེལ་བར་མོས་པ་དང༌། འདོད་པ་ལ་མོས་པ་དང༌། རྣམ་པར་རྟོག་པ་ལ་མོས་པ་དང༌། ཐ་སྙད་ལ་མོས་པ་དང༌། བདག་གིར་འཛིན་པ་ལ་མོས་པའོ། །སྔོན་གྱི་གདུགས་རྣམས་ཞེས་བྱ་བ་ནི་གང་དག་ལ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའོ། །ཤིན་ཏུ་སྔ་བ་ཞིག་ན་ཞེས་བྱ་བ་ནི། གང་དག་ལ་སངས་རྒྱས་གཞན་དག་མངོན་པར་རྫོགས་པར་སངས་རྒྱས་པའོ། །མཆིས་ཤིང་ཞེས་བྱ་བ་ནི་གང་དག་དངོས་པོ་འདི་ཇི་ལྟ་བ་བཞིན་དུ་གཏན་ལ་དབབ་པའི་ཕྱིར་སྔོན་འཁོད་པའོ། །འདུས་ནས་ཞེས་བྱ་བ་ནི། གང་དག་གིས་དེ་དག་མཐོང་ནས་ལྷག་པ་རྣམས་སོ། །སེམས་པར་བགྱིད་ཅེས་བྱ་བ་ནི་བསྟན་པའོ། །དེ་ཡང་རང་གི་གཞུང་ལུགས་ཀྱི་སྒྲོ་འདོགས་པ་དང༌། སྐུར་པ་དང་བྲལ་བ་སེམས་པ་སྟེ། དེའི་ཕྱིར། འཇལ་བར་བགྱིད་ཅེས་གསུངས་སོ། །ཉེ་བར་རྟོགས་པར་བགྱིད་ཅེས་བྱ་བ་ནི་རིགས་པ་ལ་བརྟེན་ནས་སོ། །འདི་གཉིས་ཀྱིས་ནི། ཇི་ལྟར་སེམས་པ་དང༌། གང་གི་སེམས་པ་བསྟན་པ་ཡིན་ནོ། །དེ་ལྟར་ཡོངས་སུ་ཚོལ་བར་བགྱིད་ཀྱང་མ་རྟོགས་ནས་བློ་གྲོས་ཐ་དད་པ་ཞེས་བྱ་བ་ནི་བློ་གྲོས་སོ་སོར་གྱུར་པའོ། །ཡིད་གཉིས་ཅན་ཞེས་བྱ་བ་ནི་གང་དག་སོམ་ཉི་ཟ་བའོ། །བློ་གྲོས་ངན་པ་ཞེས་བྱ་བ་ནི་དེ་དག་ལས་གང་དག་ལོག་པར་ངེས་པ་དེ་དག་གོ །རྩོད་པ་ཞེས་བྱ་བ་ནི་སེམས་ཀྱིས་སོ། །འགྱེད་པར་གྱུར་པ་ཞེས་བྱ་བ་ནི་ཚིག་གིས་སོ། །གནོད་པ་བགྱིས་ཞེས་བྱ་བ་ནི་


DTG113_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའོ། །དེ་ཡང་མི་རིགས་པ་སྨྲས་ན་ངག་རྩུབ་པོ་འབྱིན་པའི་ཕྱིར་ཞེར་འདེབས་པ་བྱས་སོ། །རིགས་པར་སྨྲས་ན་སྤོང་བ་ལ་སོགས་པས་གབ་གབ་ཀྱིས་མནན་པ་བྱས་སོ། །ཚར་བཅད་བགྱིས་ཞེས་བྱ་བ་ནི་འདི་གཉིས་ཉིད་ཀྱིས་སོ། །རྟོགས་པ་ཞེས་བྱ་བ་ནི་མཐོང་བའི་ལམ་གྱིས་སོ། །མངོན་སུམ་དུ་བགྱིས་ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱིས་སོ། །བསྙད་ཅེས་བྱ་བ་ནི་བསྟན་པའོ། །དེ་ཡང་གསལ་བར་བྱས་པ་དང་རྣམ་པར་ཕྱེ་བ་སྟེ། དེ་ལ་གསལ་བར་བྱས་ཞེས་བྱ་བ་ནི་ཆོས་གདགས་པ་རྣམ་པར་གཞག་པས་ལེགས་པར་གསལ་བར་བྱས་པའི་ཕྱིར་རོ། །རྣམ་པར་ཕྱེ་ཞེས་བྱ་བ་ནི་དོན་རབ་ཏུ་བསྟན་པའི་ཕྱིར་རོ། །བརྟག་པའམ་རྗེས་སུ་དཔག་པའམ་མོས་པར་མི་ནུས་སོ་ཞེས་བྱ་བ་ནི་རྟོག་གེ་བ་དང༌། རྗེས་སུ་དཔག་པའི་སྟོབས་དང༌། མོས་པའི་སྟོབས་ཀྱིས་སོ། །གསུམ་པ་ལ་ནི་མོས་པས་སྤྱོད་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཤིན་ཏུ་རྨོངས་པ་གཉིས་ཀྱིས་ཤིན་ཏུ་རྨོངས་ནས་དོན་དམ་པ་ལ་ཚུལ་བཞིན་མ་ཡིན་པར་སེམས་ཏེ། བཏགས་པ་ལ་ཤིན་ཏུ་རྨོངས་པ་དང༌། རིགས་པ་ལ་ཤིན་ཏུ་རྨོངས་པས་སོ། །བཏགས་པ་ལ་ཤིན་ཏུ་རྨོངས་པ་ནི་ངེས་པའི་དོན་གྱི་མདོ་སྡེ་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་རོ། །རིགས་པ་ལ་ཤིན་ཏུ་རྨོངས་པ་ནི་གཏན་ཚིགས་ལ་སོགས་པ་ཡན་ལག་མངོན་པར་མི་ཤེས་པའི་ཕྱིར་རོ། །བསྒྲིམ་མི་དགོས་པར་ཤེས་པ་དང༌། བསྒྲིམས་ཀྱང་མི་ཤེས་པ་ནི་གཏན་ཚིགས་ཉེས་པར་ཐལ་བར་འགྱུར་བ་མེད་པས་གཏན་ཚིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་ཤིན་ཏུ་རྣམ་པར་དག །གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང༌། དོན་དམ་པའི་མཚན་ཉིད་ཐ་དད་མིན་པར་གྱུར་ན་ནི་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་ཞེས་བྱ་བ་དང༌། དེའི་ཕྱིར་འདུ་བྱེད་ཀྱི་མཚན་ཉིད་དང། དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་ཞེས་བྱ་བར་མི་རུང་སྟེ་ཞེས་བྱ་བའི་བར་དུ་རྒྱ་ཆེར་གསུངས་པའི་གཞུང་དེས་དམ་པར་འགྱུར་བ་ལ་སོགས་པ་བསྟན་པ་དང་སྦྱར་རོ། །ཕྲ་བ་ཉིད་བྱེ་བྲག་ཏུ་བྱ་བའི་ཕྱིར་ཟབ་པ་ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་གོང་མ་གོང་མ་བརྗོད་པ་དེ་དག་གི་


DTG113_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ནི་ཐུན་མོང་ཡིན་པར་ཤེས་པར་བྱའོ། །མཆོག་ཏུ་ཕྲ་བ་ཉིད་བསྟན་པ་ནི་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་ལས་བྱེ་བྲག་ཏུ་བྱ་བའི་ཕྱིར་རོ། །བཞི་པ་ལ་ནི་མངོན་པའི་ང་རྒྱལ་རྣམ་པ་གསུམ་གྱི་གཉེན་པོར་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་བསྟན་ཏེ། མངོན་པའི་ང་རྒྱལ་རྣམ་པ་གསུམ་ནི། གཟུང་བའི་མངོན་པའི་ང་རྒྱལ་དང༌། འཛིན་པའི་མངོན་པའི་ང་རྒྱལ་དང༌། མཚན་ཉིད་རབ་ཏུ་དབྱེ་བའི་མངོན་པའི་ང་རྒྱལ་ལོ། །དེ་ལ་གཟུང་བའི་མངོན་པའི་ང་རྒྱལ་གྱི་གཉེན་པོར་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕུང་པོ་རྣམས་ལ་རྣམ་པར་དག་པའི་དམིགས་པ་གང་ཡིན་པ་དེ་ནི་ངས་དོན་དམ་པ་ཡིན་པར་ཡོངས་སུ་བསྟན་ཅིང་ཞེས་རྒྱ་ཆེར་འབྱུང་བའོ། །འཛིན་པའི་མངོན་པའི་ང་རྒྱལ་གྱི་གཉེན་པོར་བསྟན་པ་ནི། རབ་འབྱོར་གཞན་ཡང་དགེ་སློང་རྣལ་འབྱོར་པ་ནི་ཞེས་རྒྱ་ཆེར་འབྱུང་བའོ། །མཚན་ཉིད་རབ་ཏུ་དབྱེ་བའི་མངོན་པའི་ང་རྒྱལ་གྱི་གཉེན་པོར་བསྟན་པ་ནི། རབ་འབྱོར་གཞན་ཡང་ཇི་ལྟར་ཕུང་པོ་དང་ཞེས་རྒྱ་ཆེར་འབྱུང་བའོ། །ལྔ་པ་ལ་ནི་སེམས་ཀྱི་གསང་བ་ལ་ཤིན་ཏུ་རྨོངས་པ་རྣམ་པ་གསུམ་སྟེ། ངོ་བོ་ཉིད་ལ་ཤིན་ཏུ་རྨོངས་པ་དང༌། རབ་ཏུ་དབྱེ་བ་ལ་ཤིན་ཏུ་རྨོངས་པ་དང༌། བརྒལ་བའི་ལན་ལ་ཤིན་ཏུ་རྨོངས་པའོ། །དེ་ལ་ངོ་བོ་ཉིད་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་བསྟན་པ་ནི། བློ་གྲོས་ཡངས་པ་འགྲོ་བ་དྲུག་གི་འཁོར་བ་འདིར་ཞེས་བྱ་བ་ནས། གཟུགས་ཅན་མ་ཡིན་པའི་ཁམས་ན་ནི་ལེན་པ་གཉིས་སུ་མེད་དོ་ཞེས་བྱ་བའི་བར་དུའོ། །རབ་ཏུ་དབྱེ་བ་ནི་རྣམ་པ་ལྔ་སྟེ། མཚན་ཉིད་རབ་ཏུ་དབྱེ་བ་ནི་ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་བ་དང༌། ཀུན་གཞིའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་བ་དང༌། སེམས་ཞེས་ཀྱང་བྱ་སྟེ་ཞེས་བྱ་བའོ། །ལས་རབ་ཏུ་དབྱེ་བ་ནི་འདི་ལྟ་སྟེ། དེས་ལུས་འདི་བཟུང་ཞིང་བླངས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའོ། །འཇུག་པའི་རབ་ཏུ་དབྱེ་བ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དང༌། ལྷན་ཅིག་ཏུ་ཅིག་ཅར་དང་ཅིག་ཅར་མ་ཡིན་པར་འཇུག་པའི་ཕྱིར་རོ། །ཀུན་རྫོབ་ཀྱི་རབ་ཏུ་དབྱེ་བ་ནི་ཆོས་ཀྱི་ལུགས་ཤེས་པའི་སྤྱོད་ཡུལ་གྱི་གསང་བའོ། །དོན་དམ་པའི་རབ་ཏུ་དབྱེ་བ་ནི། ལེན་པ་མི་མཐོང་ཞེས་བྱ་བ་ནས་ཡིད་ཀྱི་རྣམ་པར་ཤེས་


DTG113_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་མི་མཐོང་ལ་ཞེས་བྱ་བའི་བར་དུ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྡན་པའི་ཕྱིར་རོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་གསང་བ་གང་ཡིན་པ་དེ་ནི་དོན་དམ་པའི་སྤྱོད་ཡུལ་གྱི་གསང་བ་ཡིན་པར་ཤེས་པར་བྱའོ། །བརྒལ་བའི་ལན་གྱི་རབ་ཏུ་དབྱེ་བ་ནི་ས་བོན་བསྡུས་པས་གཞན་གཉིས་ཀྱང་བསྡུས་པའི་ཕྱིར། དེ་གསང་བར་བསྡུས་པས་གཞན་གཉིས་པོ་ཡིད་དང་རྣམ་པར་ཤེས་པ་ཡང་གསང་བར་བསྡུས་པར་ཤེས་པར་བྱའོ། །ས་བོན་ཐམས་ཅད་པ་ཡིན་པའི་ཕྱིར་དེ་ནི་གསང་བ་རྣམ་པར་གནས་པ་སྟེ། དེ་དག་གི་ནང་ནས་དེ་ནི་བསྟན་པའི་འོས་མ་ཡིན་པའི་ཕྱིར་དང༌། འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱི་ས་བོན་གྱི་མཚན་ཉིད་དུ་གནས་པའི་ཕྱིར་དང༌། རང་གི་མཚན་ཉིད་ཀྱིས་མི་གནས་པའི་ཕྱིར་ཤེས་པར་དཀའོ། །དྲུག་པ་ལ་ནི་དགོས་པ་དྲུག་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་བསྟན་ཏེ། གཉེན་པོའི་དགོས་པ་དང༌། ཀུན་ཏུ་བསྟན་པའི་དགོས་པ་དང༌། མངོན་པར་བསྒྲུབ་པའི་དགོས་པ་དང༌། ཐབས་ཀྱི་དགོས་པ་དང༌། རྟོགས་པའི་དགོས་པ་དང༌། ཕན་ཡོན་གྱི་དགོས་པའོ། །དེ་ལ་གཉེན་པོའི་དགོས་པ་ནི། ཤིན་ཏུ་རྨོངས་པ་རྣམ་པ་བཞིའི་གཉེན་པོ་སྟེ། སྒྲོ་འདོགས་པའི་རྒྱུ་མེད་པའི་དོན་ལ་ཤིན་ཏུ་རྨོངས་པ་དང༌། སྐུར་བའི་རྒྱུ་ཡོད་པའི་དོན་ལ་ཤིན་ཏུ་རྨོངས་པ་དང༌། དེ་འཇིག་པའི་རྒྱུ་ཀུན་ནས་ཉོན་མོངས་པ་ལ་ཤིན་ཏུ་རྨོངས་པ་དང༌། རྣམ་པར་བྱང་བ་ལ་ཤིན་ཏུ་རྨོངས་པའོ། །དེ་ལ་ཀུན་ཏུ་བསྟན་པའི་དགོས་པ་ནི་རྣམ་པ་བཞི་སྟེ། དོན་ཀུན་ཏུ་བསྟན་པ་དང༌། ཕྱི་ཀུན་ཏུ་བསྟན་པ་དང༌། ནང་ཀུན་ཏུ་བསྟན་པ་དང༌། མཉམ་པར་མ་བཞག་པའི་ས་ལ་ཀུན་ཏུ་བསྟན་པའོ། །དེ་ལ་མངོན་པར་བསྒྲུབ་པའི་དགོས་པ་ནི་རྣམ་པར་ཐར་བའི་སྒོ་གསུམ་མངོན་པར་བསྒྲུབ་པའི་ཕྱིར་རོ། །དེ་ལ་ཐབས་ཀྱི་དགོས་པ་ནི་གང་ལ་བརྟེན་ནས་མཚན་ཉིད་གསུམ་རབ་ཏུ་ཤེས་པའོ། །དེ་ལ་རྟོགས་པའི་དགོས་པ་ནི་ཤེས་བྱའི་དངོས་པོའི་དོན་ཡོངས་སུ་ཤེས་པ་དང༌། དེའི་འབྲས་བུ་འདོགས་པར་མཛད་པ་སྟེ། ཤེས་བྱ་རྣམ་པ་ཐམས་ཅད་དང་ལྡན་པའི་ཕྱིར་རོ། །དེ་ལ་ཕན་ཡོན་གྱི་དགོས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་སྟེ། དེ་ཐམས་ཅད་


DTG113_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་རྫོགས་པར་བསྟན་པའི་ཕྱིར་རོ། །དེ་ལ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་དངོས་པོ་ནི་ཆོས་ཞེས་སྨོས་པ་ཡིན་པར་རིག་པར་བྱའོ། །དེ་ལ་འདོགས་པར་མཛད་པ་ནི་དེ་ལྟ་བུ་ཡིན་ན། བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པ་ཡིན་ནོ་ཞེས་འདོགས་པར་མཛད་པའི་ཕྱིར་རོ། །བདུན་པ་ལ་ནི་དོན་ལ་ལོག་པར་རྟོག་པ་རྣམ་པ་བཞིའི་གཉེན་པོ་ངོ་བོ་ཉིད་མེད་པ་ཉིད་གསུམ་བསྟན་པ་འདི་མ་བརྗོད་ན། ངོ་བོ་ཉིད་མེད་པ་ཉིད་ཀྱི་ལྡེམ་པོར་དགོངས་པ་བསྟན་པ་ལ་དོན་ལ་ལོག་པར་རྟོག་པ་རྣམ་པ་བཞིས་ཆུད་ཟ་བར་འགྱུར་བ་དེའི་གཉེན་པོར་འདི་བསྟན་ཏོ། །དེ་ལ་དོན་ལ་ལོག་པར་རྟོག་པ་རྣམ་པ་བཞི་ནི་ངོ་བོ་ཉིད་གསུམ་ལ་མ་བརྟེན་པའི་ཕྱིར་གནས་མེད་པ་དང༌། ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་ལ་དགོངས་པ་ཡོངས་སུ་སྤངས་པའི་ཕྱིར་དགོངས་པ་མེད་པ་དང༌། སྒྲོ་འདོགས་པ་མེད་ཅིང་སྐུར་བ་མེད་པའི་དོན་རྣམ་པར་སྤངས་པའི་ཕྱིར་དོན་མེད་པ་དང༌། རང་གི་མཚན་ཉིད་ཀྱིས་མེད་པ་གང་ཡིན་པ་དེ་ནི་མ་སྐྱེས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལྟར་སྔ་ཕྱི་ལ་ལྟོས་པ་མེད་པའི་ཕྱིར་མ་ལྟོས་པའོ། །བསྟན་པ་འདོད་པའི་གཉེན་པོ་མ་བརྗོད་ན་གང་ཟག་གི་བྱེ་བྲག་གིས་ནི་བསྒྲུབ་པའི་བྱེ་བྲག་དང༌། མོས་པའི་བྱེ་བྲག་ཤེས་པར་བྱའོ། །དེ་ལ་བསྒྲུབ་པའི་བྱེ་བྲག་ནི་གཞི་རྣམ་པ་གསུམ་དང་ལྡན་པ་ཡིན་ཏེ། བསྟན་པའི་གཞི་དང་ལྡན་པ་ནི། དེ་ལ་སེམས་ཅན་གང་དག་དང་པོ་ཉིད་ནས་དགེ་བའི་རྩ་བ་མ་བསྐྱེད་པ་ཞེས་བྱ་བ་ལ་སོགས་པའོ། །རིགས་ཀྱི་གཞི་དང་ལྡན་པ་ནི། དོན་དམ་ཡང་དག་འཕགས། ཉན་ཐོས་ཀྱི་རིགས་གང་ཟག་ཞི་བའི་བགྲོད་པ་གཅིག་པུ་པ་ནི་ཞེས་བྱ་བ་ལ་སོགས་པའོ། །རྐྱེན་གྱི་གཞི་དང་ལྡན་པ་ནི། ཉན་ཐོས་བྱང་ཆུབ་ཏུ་འགྱུར་བ་གང་ཡིན་པ་དེ་ནི་ངས་རྣམ་གྲངས་ཀྱི་བྱང་ཆུབ་སེམས་དཔའ་ཡིན་པར་བསྟན་ཏེ་ཞེས་བྱ་བ་ལ་སོགས་པའོ། །མོས་པའི་བྱེ་བྲག་ནི་རྣམ་པ་ལྔ་སྟེ། རིགས་ཕུན་སུམ་ཚོགས་པ་ལས་གྱུར་པ་དང༌། མོས་པ་ཕུན་སུམ་ཚོགས་པ་ལས་གྱུར་པ་དང༌། ཤེས་རབ་ཕུན་སུམ་ཚོགས་པ་ལས་གྱུར་པ་ནི་གཅིག་སྟེ། དེ་ལ་སེམས་ཅན་གང་དག་དགེ་བའི་རྩ་བ་ཆེན་པོ་བསྐྱེད་པ་ཞེས་བྱ་བ་ལ་སོགས་པའོ། །རིགས་དང་མོས་པ་ཕུན་སུམ་ཚོགས་པ་ལས་གྱུར་ལ། ཤེས་རབ་


DTG113_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བར་གྱུར་པ་ནི་གཉིས་པ་སྟེ། དེ་ལ་སེམས་ཅན་གང་དག་དགེ་བའི་རྩ་བ་བསྐྱེད་པ་ཞེས་བྱ་བ་ལ་སོགས་པའོ། །རིགས་དང་མོས་པ་ལས་གྱུར་པ་དང༌། ཤེས་རབ་ཆུང་དུ་ལས་གྱུར་པ་ནི་གསུམ་པ་སྟེ། དེ་བཞིན་གཤེགས་པའི་ཆོས་བསྟན་པ་ནི་སེམས་ཅན་མོས་པ་སྣ་ཚོགས་ཅན་གྱི་ཕྱིར་འཇུག་པ་ཡིན་ཞེས་བྱ་བ་ལ་སོགས་པའོ། །རིགས་དང་མོས་པ་ཕུན་སུམ་ཚོགས་པ་ལས་གྱུར་བ་ཤེས་རབ་འཆལ་བ་ནི་རྣམ་པ་བཞི་པ་སྟེ། ཅི་སྟེ་སེམས་ཅན་དེ་དག་ལས་སེམས་ཅན་གང་དག་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོའི་བར་དུ་ཡང་དག་པར་འགྲུབ་པ་མ་ཡིན་ལ་ཞེས་བྱ་བ་ལ་སོགས་པའོ། །ཐམས་ཅད་ཕུན་སུམ་ཚོགས་ཤིང་མགོ་གླེངས་པས་གོ་བ་ལས་གྱུར་ན་ནི་ལྔ་པ་སྟེ། འདི་ལྟར་འཕགས་པ་དོན་དམ་ཡང་དག་འཕགས་ཀྱིས་ཆབ་མར་སྩལ་ན་ཞེས་བྱ་བ་དང༌། བཅའ་སྒ་དང་རི་མོ་བྲི་བའི་གཞི་དང༌། ནམ་མཁའི་དཔེ་བསྟན་ཏེ། ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་གཏམ་དང༌། ཤེས་རབ་ཀྱི་གཏམ་དང༌། ཀུན་རྫོབ་ཀྱི་གཏམ་དང༌། དོན་དམ་པའི་གཏམ་དང༌། གོ་རིམས་བཞིན་སྦྱར་བར་བྱའོ། །བརྒྱད་པ་ལ་ནི་རྣམ་པ་དྲུག་གིས་རྣལ་འབྱོར་གྱི་ལམ་བསྟན་ཏེ། ཡོངས་སུ་ཤེས་པ་དང༌། །ཡོངས་སུ་མི་ཤེས་པ་དང༌། ངོ་བོ་ཉིད་དང༌། སྦྱོར་བའི་རྒྱུ་དང༌། འཐོབ་པ་དང༌། འཐོབ་པའི་ཐབས་དང༌། ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པས་དེ་བསྟན་ཏོ། །དེ་ལ་ཞི་གནས་དང་ལྷག་མཐོང་གིས་ཡོངས་སུ་བསྡུས་པ་ནི་ངོ་བོ་ཉིད་དོ། །ཆོས་གདགས་པ་རྣམ་པར་གཞག་པ་ལ་དམིགས་པ་དང༌། སྨོན་ལམ་མི་གཏོང་བ་དང༌། དམིགས་པའི་དངོས་པོ་བཞི་ནི་སྦྱོར་བའི་རྒྱུའོ། །བྱམས་པ་ངས་ཆོས་གདགས་པ་རྣམ་པར་གཞག་པ་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་འཐོབ་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་ཇི་སྲིད་དུ་ཞེས་བྱ་བ་ལ་སོགས་པ་ནི་འཐོབ་པའི་ཐབས་སོ། །ལྷག་མ་ནི་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པར་ཤེས་པར་བྱའོ། །དེ་ལ་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ནི་རྣམ་པ་མང་བར་ཤེས་པར་བྱ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས་པའི་ཏིང་ངེ་འཛིན་ཆུད་མི་ཟ་བར་བྱ་བ་ནི། བཅོམ་


DTG113_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཞི་གནས་ཀྱི་ལམ་དང་ལྷག་མཐོང་གི་ལམ་ཐ་དད་ཅེས་བགྱིའམ། ཐ་དད་པ་མ་ལགས་ཞེས་བགྱི་ཞེས་བྱ་བ་ལ་སོགས་པའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་རྟོགས་པ་ཆུད་མི་ཟ་བར་བྱ་བ་ནི། བཅོམ་ལྡན་འདས་རྣམ་པར་ལྟ་བར་བགྱིད་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་གང་ལགས་པ་དེ་ཞེས་བྱ་བ་ལ་སོགས་པའོ། །མཚན་མ་གསུམ་བསྒོམ་པ་ལ་དུས་མ་ཤེས་པས་ཆུད་མི་ཟ་བར་བྱ་བ་ནི། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་གཅིག་ཏུ་ལྷག་མཐོང་བསྒོམ་པ་ལགས་ཞེས་བྱ་བ་ལ་སོགས་པའོ། །ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་རྣམ་པར་གཞིག་པ་ནི། བཅོམ་ལྡན་འདས་ལྷག་མཐོང་ལ་རྣམ་པ་དུ་མཆིས་ཞེས་བྱ་བ་ལ་སོགས་པ་སྟེ། མཚན་མ་ལས་བྱུང་བ་ལ་སོགས་པས་ཆོག་པར་མི་འཛིན་པའི་ཕྱིར་རོ། །དབང་པོ་ཡོངས་སུ་ཉམས་པ་རྣམ་པར་གཞིག་པར་བྱ་བ་ནི། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་ངམ་ཆོས་ལ་གནས་པ་ཞེས་ཀྱང་བགྱི་ཞེས་བྱ་བ་ལ་སོགས་པའོ། །དགེ་བ་འཕེལ་བ་ཆུད་མི་ཟ་བར་བྱ་བ་ནི། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་ནམ་མ་འདྲེས་པའི་ཆོས་ལ་དམིགས་པས་ཀྱང་བགྱི་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ཙམ་དུ་དམིགས་པ་ལ་སེམས་བསྡུས་པ་དེ་ཙམ་དུ་དགེ་བའི་རྩ་བ་འཕེལ་བའི་ཕྱིར་རོ། །རྟོག་པ་དང་གཡོ་བ་གཉེན་པོ་དང་བཅས་པ་ཆུད་མི་ཟ་བར་བྱ་བ་ནི། བཅོམ་ལྡན་འདས་ཇི་ལྟར་ན་ཞི་གནས་དང་ལྷག་མཐོང་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དུ་འགྱུར་བ་ལགས་ཞེས་བྱ་བ་ལ་སོགས་པའོ། །བསྒོམ་པ་ལ་རྒྱུ་ཡོངས་སུ་ཤེས་པ་དང་ཆུད་མི་ཟ་བར་བྱ་བ་ནི། བཅོམ་ལྡན་འདས་ཞི་གནས་ཀྱི་རྒྱུ་མཚན་ནི་གང་ལགས་ཞེས་བྱ་བ་ལ་སོགས་པའོ། །མངོན་པའི་ང་རྒྱལ་རྣམ་པར་གཞིག་པར་བྱ་བ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་བསྒོམ་པ་ཆོས་སོ་སོར་ཡང་དག་པར་རིག་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། མངོན་པའི་ང་རྒྱལ་མེད་པར་བྱ་བའི་ཕྱིར་ཆོས་དང་དོན་སོ་སོར་ཡང་དག་པར་རིག་པའི་མཚན་ཉིད་ཡོངས་སུ་བསྟན་པའི་ཕྱིར་རོ། །དོན་ཐམས་ཅད་བསྡུས་པ་དང༌། བསྟན་པས་དོན་ཐམས་ཅད་བསྡུས་པ་དང༌། སེམས་ལ་བརྟག་པ་བསྡུས་པ་དང༌། གནས་དང་རྟེན་རྒྱ་ཆེ་བ་དང༌།


DTG113_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་པའི་དོན་ཐམས་ཅད་ཀྱིས་སོ། །ཤེས་པར་བྱ་བའི་ཆོས་ཐམས་ཅད་བསྡུས་པ་ནི་ཇི་སྙེད་ཡོད་པ་ཉིད་དང༌། ཇི་ལྟར་བཞིན་དུ་ཡོད་པ་ཉིད་གཟུང་བ་དང་འཛིན་པ་ལ་བརྗོད་དོ། །གཟུང་བའི་དོན་ནི་གནས་དང་ལོངས་སྤྱོད་ཀྱི་དོན་གྱིས་རབ་ཏུ་ཕྱེ་བའོ། །འཛིན་པ་ལ་སོགས་པ་འདི་དག་ལ་ཕྱིན་ཅི་ལོག་སྔོན་དུ་འགྲོ་བ་ནི་ཀུན་ནས་ཉོན་མོངས་སོ། །ཕྱིན་ཅི་མ་ལོག་པ་སྔོན་དུ་འགྲོ་བ་ནི་རྣམ་པར་བྱང་བའོ། །གྲོང་མཚམས་དང་དེ་རྒྱལ་བ་ལ་སོགས་པ་བསྟན་པ་ནི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་མངོན་པར་སྒྲུབ་པའི་རྒྱུའོ། །བསྟན་པས་དོན་ཐམས་ཅད་བསྡུས་པ་ནི་བདེན་པ་གཉིས་ལ་བརྟེན་ནས་སངས་རྒྱས་རྣམས་ཆོས་སྟོན་ཏོ། །དེར་ཀུན་ནས་ཉོན་མོངས་པའི་སྐྱོན་བརྗོད། རྣམ་པར་བྱང་བའི་ཡོན་ཏན་བརྗོད། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་དེ་དག་ནི་རྐྱེན་རྣམས་ལས་འབྱུང་བ་ཡིན་གྱི། དབང་ཕྱུག་ལ་སོགས་པ་ལས་བྱུང་བ་ནི་མ་ཡིན་ནོ། །དེ་དག་ཀྱང་དུས་སུ་གཏོགས་པ་སྟེ། འདུས་བྱས་ཀྱི་མཚན་ཉིད་རྣམས་ཀྱིས་རབ་ཏུ་ཕྱེ་བའོ། །དེ་ལྟར་ན་མི་རྟག་པ་དང་ནད་ལ་སོགས་པས་སྡུག་བསྔལ་བ་དང༌། ཉན་ཐོས་ཀྱི་ཐེག་པ་ལ་ནི་སྡུག་བསྔལ་ལ་སོགས་པ་དང༌། ཐེག་པ་ཆེན་པོ་ལ་ནི་དེ་བཞིན་ཉིད་ལ་སོགས་པས་ཡོངས་སུ་ཤེས་སོ། །ད་དག་ནི་བསྡུ་བ་དང༌། དབྱེ་བ་གཉིས་ཀྱིས་སྟོན་པར་མཛད་དོ། །ལན་འདེབས་ན་ཡང་མགོ་གཅིག་ཏུ་ལན་གདབ་པ་ལ་སོགས་པས་ལན་འདེབས་པར་མཛད་དོ། །བཞི་པ་དོན་ཐམས་ཅད་བསྡུས་པ་ལ་གནས་ནི་ཚིག་འབྲུའོ། །རྟེན་པ་ནི་དོན་ཏོ། །འདི་གཉིས་ནི་བསྟན་པ་ཟབ་པ་དང༌། དོན་ཟབ་པར་ཤེས་པར་བྱའོ། །ཁམས་ཀྱི་དོན་གྱིས་རྒྱ་ཆེ་སྟེ། དཔག་ཏུ་མེད་པའི་ཕྱིར་རོ། །ཞི་གནས་ཙམ་དུ་ཟད་པས་ཆུད་མི་ཟ་བར་བྱ་བ་ནི་ཤེས་པ་དང་མཐོང་བ་ཡོངས་སུ་ཚོལ་བའི་ཕྱིར་རོ། །ཕྲ་བ་ཀུན་ཏུ་འབྱུང་བ་ཡོངས་སུ་ཤེས་པ་ཆུད་མི་ཟ་བར་བྱ་བ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་བསྒོམས་པས་ཡིད་ལ་བགྱིད་པ་གང་གིས་མཚན་མ་གང་ཇི་ལྟར་རྣམ་པར་སེལ་བར་བགྱི་ལགས་ཞེས་བྱ་བ་ལ་སོགས་པའོ། །སྟོང་པ་ཉིད་ལ་སྐྲག་པ་རྣམ་པར་གཞིག་པར་བྱ་བ་ནི། བཅོམ་ལྡན་འདས་ཐེག་པ་ཆེན་པོ་ལ་ཞེས་བྱ་བ་ནས་སྟོང་པ་ཉིད་ཀྱི་མཚན་ཉིད་བསྡུས་པ་གང་


DTG113_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་ཞེས་བྱ་བ་ལ་སོགས་པའོ། །ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་ངོ་བོ་ཉིད་དང༌། རྒྱུ་དང༌། འབྲས་བུ་དང༌། ལས་དང་སྦྱོར་བ་དང༌། འཇུག་པའི་དོན་ལས་བརྩམས་ཏེ་གདམས་ངག་སྦྱིན་པ་ཆུད་མི་ཟ་བར་བྱ་བ་ནི། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་དག་གིས་ཏིང་ངེ་འཛིན་དུ་ཞིག་བསྡུས་ལགས་ཞེས་བྱ་བ་ལ་སོགས་པའོ། །བསྒོམ་པ་ལ་འདུན་པ་དྲག་པོ་མེད་པ་རྣམ་པར་གཞིག་པར་བྱ་བ་ནི་མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བ་བཞིའི་དོན་ནི་དྲན་པ་ཉེ་བར་གཞག་པའི་རྗེས་སུ་འབྲང་བས་རིག་པར་བྱའོ། །ལྷག་མ་རྣམས་ནི་སྟོང་པ་ཉིད་བཅུ་དྲུག་གི་རྗེས་སུ་འབྲང་བས་རིག་པར་བྱའོ། །དོར་བ་མེད་པ་སྟོང་པ་ཉིད་ལ་ནི་ཚིག་གཉིས་བསྡུས་པ་དང་སྦྱར་བར་བྱའོ། །མཚན་ཉིད་སྟོང་པ་ཉིད་ལ་མཚན་མ་གཉིས་སོ། །ལྷག་མ་རྣམས་ནི་རེ་རེ་དང་སྦྱར་བར་རིག་པར་བྱའོ། །དགུ་པ་ལ་ནི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ལ་མཁས་པར་བྱ་བ་ལ་བརྩམས་ནས་འདྲི་བ་དང་ལན་བརྗོད་དེ། ཕ་རོལ་ཏུ་ཕྱིན་པ་རྣམས་ཐེག་པ་ཆེན་པོས་བསྡུས་པའི་ཕྱིར་རོ། །ཇི་ལྟར་ཡོངས་སུ་རྫོགས་པ་ནི་ས་རབ་ཏུ་དབྱེ་བས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཅུ་གང་ལགས་པ་དེ་དག་ནི་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་གང་དག་ཡོངས་སུ་རྫོགས་པ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞི་དུ་མཆིས་ལགས་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་འབྲས་བུ་ལ་མཁས་པ་དང༌། མི་མཐུན་པའི་ཕྱོགས་དང་གཉེན་པོ་ལ་མཁས་པ་དང༌། མིང་ལ་མཁས་པར་བྱ་བ་ལ་བརྩམས་ནས་དྲི་བ་གསུམ་མོ། །ས་རྣམས་ཀྱི་མི་མཐུན་པའི་ཕྱོགས་ཀྱི་རབ་ཏུ་དབྱེ་བ་ལ་མཁས་པ་ནི་ཤེས་རབ་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་དང༌། སེམས་རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ཏེ། བཅོམ་ལྡན་འདས་དེ་དག་ལ་ཀུན་ཏུ་རྨོངས་པ་ནི་དུ་མཆིས། གནས་ངན་ལེན་མི་མཐུན་པའི་ཕྱོགས་ནི་དུ་མཆིས་ལགས་ཞེས་བྱ་བ་ལ་སོགས་པའོ། །གཉེན་པོའི་རབ་ཏུ་དབྱེ་བ་ལ་མཁས་པ་ནི་སོར་ཆུད་པའི་དགེ་བ་བསྡུས་པའི་ཕྱིར་རོ། །བདག་དང་གཞན་གྱི་རྒྱུད་ཡོངས་སུ་སྨིན་པའི་གནས་ལ་མཁས་པ་ནི། བཅོམ་ལྡན་འདས་ཅིའི་སླད་དུ་སྲིད་པར་སྐྱེ་བ་ཐམས་ཅད་ཀྱི་ནང་ན་བྱང་ཆུབ་སེམས་དཔའ་


DTG113_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་རབ་མཆོག་ཅེས་བགྱི་ལགས་ཞེས་བྱ་བ་ལ་སོགས་པའོ། །བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་ནི། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་རྣམས་སྨོན་ལམ་རྒྱ་ཆེན་པོས་མཆི་བ་དང་ཞེས་བྱ་བ་ལ་སོགས་པའོ། །བདག་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་ལ་མཁས་པ་ནི། བསླབ་པའི་གཞི་དྲུག་པོ་དག་ལའོ། །གནས་དང་གནས་པ་ལ་མཁས་པ་ནི་བསླབ་པ་གསུམ་པོ་སྔ་མ་སྔ་མ་ལ་ཕྱི་མ་ཕྱི་མ་གནས་པའི་ཕྱིར་རོ། །མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཐབས་ལ་མཁས་པ་ནི་བསོད་ནམས་དང་ཡེ་ཤེས་གཉིས་དེ་དག་གི་རྒྱུ་ཡིན་པའི་ཕྱིར་རོ། །ལེགས་པར་ཤིན་ཏུ་བསླབ་པ་ལ་མཁས་པ་ནི། བཅོམ་ལྡན་འདས་བསླབ་པའི་གཞི་དྲུག་པོ་དེ་དག་ལ་བྱང་ཆུབ་སེམས་དཔའ་ཇི་ལྟར་བསླབ་པར་བགྱི་ལགས་ཞེས་བྱ་བ་ལ་སོགས་པའོ། །ལེགས་པར་མཁས་པ་ནི་ཁམས་བརྟས་པ་དང༌། ཚོགས་ཡང་དག་པར་སྒྲུབ་པ་དང༌། ཐེག་པ་ལ་ཡོངས་སུ་མི་ཉམས་པ་དང༌། སོམ་ཉི་མེད་པ་དང་གནས་སྐབས་ལས་ཤེས་པར་བྱའོ། །མཐར་ཐུག་པ་བསྡུ་བ་ལ་མཁས་པ་ནི། བཅོམ་ལྡན་འདས་ཅིའི་སླད་དུ་བསླབ་པའི་གཞི་དེ་དག་དང་གྲངས་དྲུག་ཏུ་གདགས་པར་རིག་པར་བགྱི་ལགས་ཞེས་བྱ་བ་ལ་སོགས་པའོ། །གྲོགས་ལ་མཁས་པ་ནི། བཅོམ་ལྡན་འདས་ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་གཞན་དག་གྲངས་བཞིར་གདགས་པར་རིག་པར་བགྱི་ལགས་ཞེས་བྱ་བ་ལ་སོགས་པའོ། །འབྱུང་བ་ལ་མཁས་པ་ནི། བཅོམ་ལྡན་འདས་ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གི་གོ་རིམས་དེ་ལྟར་བསྟན་པར་རིག་པར་བགྱི་ལགས་ཞེས་བྱ་བ་ལ་སོགས་པའོ། །ཐ་དད་པ་རབ་ཏུ་དབྱེ་བ་ལ་མཁས་པ་ནི། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་རྣམ་པ་དུ་མ་རབ་ཏུ་དབྱེ་ལགས་ཞེས་བྱ་བ་ལ་སོགས་པའོ། །རྫོགས་པ་ལ་མཁས་པ་ནི། བཅོམ་ལྡན་འདས་ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་དེ་དག་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཞེས་བགྱི་ལགས་ཞེས་བྱ་བ་ལ་སོགས་པའོ། །གདགས་པ་བསྡུ་བ་ལ་མཁས་པ་ནི། བཅོམ་ལྡན་འདས་རྣམ་པ་ལྔ་པོ་དེ་དག་གི་སོ་སོའི་ལས་གང་ལགས་ཞེས་བྱ་བ་ལ་སོགས་པའོ། །ཡོན་ཏན་གྱི་ཁྱད་པར་ལ་མཁས་པ་ནི། བཅོམ་


DTG113_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་གི་རྒྱ་ཆེ་བ་ཉིད་གང་ལགས་ཞེས་བྱ་བ་ལ་སོགས་པའོ། །རྒྱུན་མི་འཆད་པ་ལ་མཁས་པ་ནི། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་རྟག་ཏུ་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའི་འབྲས་བུ་འདོད་པ་བསམ་འཚལ་བ་དང་ཞེས་བྱ་བ་ལ་སོགས་པའོ། །རྒྱུ་ཉིད་ལ་གནས་པའི་ཐབས་ལ་མཁས་པ་ནི། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཇི་ལྟ་བ་དེ་ལྟར་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའི་འབྲས་བུ་འདོད་པ་ལ་དད་པས་གནས་པ་མ་ལགས་ཞེས་བྱ་བ་ལ་སོགས་པའོ། །བྱ་བ་སྒྲུབ་པ་ལ་མཁས་པ་ནི། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་གི་སོ་སོའི་མཐུ་གང་ལགས་ཞེས་བྱ་བ་ལ་སོགས་པའོ། །ཡོངས་སུ་བསྡུས་པའི་ཡང་དག་པར་གྲུབ་པའི་ཕན་ཡོན་ལ་མཁས་པ་ནི། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་རྒྱུ་གང་ལས་བྱུང་བ་དང༌། འབྲས་བུ་གང་དང་ལྡན་པ་དང༌། དོན་གང་དག་དང་ལྡན་པ་ལགས་ཞེས་བྱ་བ་ལ་སོགས་པའོ། །འབྲས་བུ་ནི་བདག་དང་གཞན་གྱི་ཆེད་ཡིན་པར་རིག་པར་བྱའོ། །སེམས་ཅན་ལ་ཕན་གདགས་པའི་གེགས་བྱེད་པ་ལ་མཁས་པ་ནི། བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ནས་ཅིའི་སླད་དུ་འཇིག་རྟེན་ན་དབུལ་པོ་དག་གདའ་ལགས་ཞེས་བྱ་བ་ལ་སོགས་པའོ། །ཐབས་ལ་འཇུག་པ་ཆུད་མི་ཟབ་ལ་མཁས་པ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ཕ་རོལ་ཏུ་ཕྱིན་པ་གང་གིས་འཛིན་ལགས་ཞེས་བྱ་བ་ལ་སོགས་པའོ། །འགྲིབ་པ་དང་འཕེལ་བ་ལ་མཁས་པ་ནི། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་ཞེས་ཀྱང་བགྱི་ཞེས་བྱ་བ་ལ་སོགས་པའོ། །ཀུན་ནས་ཉོན་མོངས་པའི་རྒྱུན་རྗེས་སུ་འཛིན་པ་གཞིག་པ་ལ་མཁས་པ་ནི། བཅོམ་ལྡན་འདས་དེ་དག་ཉོན་མོངས་པའི་བག་ལ་ཉལ་རྣམ་པ་དུ་མཆིས་ལགས་ཞེས་བྱ་བ་ལ་སོགས་པའོ། །ངེས་པར་འབྱིན་པའི་བྱེ་བྲག་གི་རབ་ཏུ་དབྱེ་བ་ལ་མཁས་པ་ནི། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་ཐེག་པ་གང་ཡིན་པ་དང༌། ཐེག་པ་ཆེན་པོ་གང་ཡིན་པ་དེ་ནི་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་གང་དག་དོན་ལ་སྒྲ་ཇི་བཞིན་ཁོ་ནར་རྣམ་པར་རྟོག་པ་ཁ་ཅིག་ནི་སྒྲོ་འདོགས་པར་བྱེད་ཅེས་བྱ་བ་ནི། ཀུན་བརྟགས་པའི་མཚན་


DTG113_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས་གཟུགས་ལ་སོགས་པའོ། །ཁ་ཅིག་ནི་སྐུར་པ་འདེབས་པར་བྱེད་ཅེས་བྱ་བ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བྱ་བ་འདིས་ཆོས་ཐམས་ཅད་ཀྱི་མཚན་ཉིད་ལ་སྐུར་བའི་ཕྱིར་རོ། །བཅུ་པ་ལ་ནི་དེ་བཞིན་གཤེགས་པའི་སྐུ་ལ་ཤིན་ཏུ་རྨོངས་པ་རྣམས་ཀྱི་གཉེན་པོར་ནི་མི་རྟག་པར་རྟོག་པའི་གཉེན་པོར་ཆོས་ཀྱི་སྐུ་བསྟན་པ་དང༌། ནོར་བར་རྟོག་པའི་གཉེན་པོར་སྐྱེ་བར་འབྱུང་བ་བསྟན་པས་སྟོན་ཏོ། །སྡེ་སྣོད་བཏགས་པ་ལ་ཤིན་ཏུ་རྨོངས་པ་རྣམས་ཀྱི་གཉེན་པོར་དེ་མ་ནོར་བར་བསྟན་ཏོ། །མ་མོའི་མཚན་ཉིད་བཅུ་གཅིག་གང་ཡིན་པ་དེ་ནི་མཚན་ཉིད་རྣམ་པ་ལྔར་འགྱུར་ཏེ། གཉིས་ནི་བསྟན་པའི་མཚན་ཉིད་དོ། །གསུམ་ནི་ཡོངས་སུ་བརྟགས་པའི་མཚན་ཉིད་དོ། །གཉིས་ནི་འབྲས་བུའི་མཚན་ཉིད་དོ། །གཉིས་ནི་དེ་དག་གི་གེགས་དང་ཕན་འདོགས་པའི་མཚན་ཉིད་དོ། །གཉིས་ནི་དེའི་ཉེས་པ་དང་ཡོན་ཏན་གྱི་མཚན་ཉིད་དོ། །ལྷག་མ་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ལ་ཤིན་ཏུ་རྨོངས་པའི་གཉེན་པོ་སྟེ། བསྟན་པ་དེ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་སྐྱེ་བ་བསྟན་པའི་ཚུལ་དུ་རིག་པར་བྱའོ། །བཅུ་པ་རྫོགས་སོ།། །།ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ཇི་ལྟར་ཡོངས་སུ་ཤེས་པར་བྱ་ཞེ་ན། གནས་དང༌། མཚན་ཉིད་དང། ཐབས་དང༌། འབྲས་བུ་དང༌། རྒྱུ་དང༌། མཐར་ཐུག་པར་འགྱུར་བ་དང༌། རྟེན་དང༌། རབ་ཏུ་དབྱེ་བས་ཡོངས་སུ་ཤེས་པར་བྱའོ། །དེ་ལ་གནས་ནི་བྱང་ཆུབ་སེམས་དཔའོ། །མཚན་ཉིད་ནི་ཕྱིན་ཅི་ལོག་གི་རྒྱུ་ཉིད་དོ། །ཐབས་ནི་ཐོས་པ་དང༌། བསམས་པ་དང༌། བསྒོམས་པས་ལས་བྱུང་བའི་ཤེས་རབ་བོ། །འབྲས་བུ་ནི་དེ་སྤངས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་སེམས་ཅན་གྱི་དོན་ཐོབ་པར་བྱེད་པའོ། །རྒྱུ་ནི་རིགས་པ་དང༌། སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་དང༌། དམ་པའི་ཆོས་ཉན་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པ་དང༌། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཀྱི་ནན་ཏན་ནོ། །མཐར་ཐུག་པར་གྱུར་པ་ནི་དེ་བཞིན་ཉིད་རྟོགས་པ་སྟེ། གང་རྟོགས་པ་པས་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོགས་པ་ཡོངས་སུ་ཤེས་པ་ཡིན་ནོ། །རྟེན་ནི་མོས་པས་སྤྱོད་པའི་ས་དང༌། ས་དང་པོ་དང༌། སངས་རྒྱས་ཀྱི་སའོ། །རབ་ཏུ་དབྱེ་བ་ན་རྣམ་པ་བཅུ་


DTG113_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ཏེ། འབྱུང་བའི་རབ་ཏུ་དབྱེ་བ་དང༌། མ་བྱུང་བའི་རབ་ཏུ་དབྱེ་བ་དང༌། འཛིན་པའི་རབ་ཏུ་དབྱེ་བ་དང༌། གཟུང་བའི་རབ་ཏུ་དབྱེ་བ་དང༌། ཕྱི་རོལ་དུ་བལྟས་པའི་རབ་ཏུ་དབྱེ་བ་དང༌། ནང་དུ་བལྟས་པའི་རབ་ཏུ་དབྱེ་བ་དང༌། ཉོན་མོངས་པ་ཅན་གྱི་རབ་ཏུ་དབྱེ་བ་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་རབ་ཏུ་དབྱེ་བ་དང༌། སྐྱེས་ནས་མྱོང་བར་འགྱུར་བའི་རབ་ཏུ་དབྱེ་བ་དང༌། ལན་གྲངས་གཞན་ལ་རབ་ཏུ་མྱོང་བའི་རབ་ཏུ་དབྱེ་བ་དང༌། མེད་པའི་རབ་ཏུ་དབྱེ་བ་དང༌། ཡོད་པ་དང་མེད་པའི་རབ་ཏུ་དབྱེ་བ་དང༌། ཡང་དག་པའི་རབ་ཏུ་དབྱེ་བ་དང༌། ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་ར་བཏུ་དབྱེ་བ་དང༌། ཡང་དག་པའི་རྒྱུ་མཐུན་པའི་རབ་ཏུ་དབྱེ་བ་དང༌། འདིར་ཅི་ཞེས་བསྟན་པའི་རབ་ཏུ་དབྱེ་བ་དང༌། འདས་པ་དང་ད་ལྟར་བྱུང་བ་ལ་སོགས་པའི་རབ་ཏུ་དབྱེ་བའོ། །ཡང་དག་མིན་རྟོག་ཡང་དག་མིན། །ཡང་དག་མིན་མིན་མི་རྟོག་ཉིད། །རྟོག་པ་མ་ཡིན་མི་རྟོག་མིན། །ཐམས་ཅད་ཤེས་པར་བརྗོད་པར་བྱ། །ཞེས་བྱ་བ་རྣམ་པ་འདི་བཞིས་ཁོང་དུ་ཆུད་པར་བྱའོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་རྣམ་པར་བཤད་པ་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེན་དྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།

སངས་རྒྱས་རྗེས་སུ་དྲན་པའི་འགྲེལ་པ།
ཐོགས་མེད།


DTG113_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བུདྡྷ་ཨ་ནུ་སྨྲྀ་ཏི་བྲྀཏྟི། བོད་སྐད་དུ། སངས་རྒྱས་རྗེས་སུ་དྲན་པའི་འགྲེལ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། འདི་ལྟར་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ལ། ཡོན་ཏན་གྱི་བདག་ཉིད་ཆེ་བའི་སྐོ་ནས་དེ་བཞིན་གཤེགས་པ་རྣམས་ལ་དང་བ་བསྐྱེད་པའི་ཕྱིར་དེ་ལ་དང་པོས་ནི་ཐུན་མོང་གི་སངས་རྒྱས་རྗེས་སུ་དྲན་པ་བསྟན་ཏོ། །གཉིས་པས་ནི་མཆོག་ཏུ་སེམས་ཅན་གྱི་དོན་བྱ་བ་རྗེས་སུ་བསྒྲུབ་པའི་ཐབས་བསྟན་པའི་ཕྱིར་བྱང་ཆུབ་


DTG113_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་རྣམས་ཀྱི་ཐུན་མོང་མ་ཡིན་པ་ཉིད་ཡིན་ནོ། །རེ་ཞིག་དང་པོས་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་གྱི་བདག་ཉིད་ཆེ་བ་དེ་མངོན་པར་བརྗོད་པར་འགྱུར་ཞེ་ན། ཚིག་དགུས་གོ་རིམས་བཞིན་དུ་འཆིང་བ་གཅོད་པར་མཛད་པས་སྟོན་པ་ཕུན་སུམ་ཚོགས་པར་བསྟན་ཏོ། །རྟོགས་པའི་མཚན་ཉིད་སྟོན་པའི་ཕྱིར་ཏེ། གང་གི་རྒྱུས་ཤེ་ན། འདི་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གཟིགས་ཏེ། སེམས་ཅན་སྐལ་བ་དང་ལྡན་པ་དང་མི་ལྡན་པ་ཐུགས་སུ་ཆུད་ནས་སྐལ་བ་དང་ལྡན་པ་རྣམས་འདུལ་བར་མཛད་པས་དེའི་ཕྱིར་ཡང་སྟོན་པ་གྲུབ་པར་རབ་ཏུ་གནས་སོ། །དེ་ལྟར་སྟོན་པའི་ཕྱིར་ཡོན་ཏན་གྱི་བདག་ཉིད་ཆེ་བ་མངོན་པར་བརྗོད་པ་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་ཞེས་བྱ་བ་འདིས་ནི་འཆིང་བ་གཅོད་པར་བསྟན་པ་ཡིན་ཏེ། བཅོམ་པ་དང་ལྡན་པས་ན་བཅོམ་ལྡན་འདས་ཞེས་བྱ་སྟེ། ངེས་པའི་ཚིག་ཏུ་རིག་པར་བྱའོ། །ཡང་ཇི་ལྟར་འདིར་འཆིང་བ་གཅོད་པས་སྟོན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། ལྷའི་བུའི་བདུད་དེས་བཅོམ་པས་ན་དང་པོ་སྟོན་པ་ཕུན་སུམ་ཚོགས་པ་བརྙེས་པ་ཡིན་ནོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བའི་ཚིག་རྣམས་ཀྱིས་སྟོན་པ་ཕུན་སུམ་ཚོགས་པ་བསྟན་ཏེ། སྟོན་པ་ཕུན་སུམ་ཚོགས་པ་དེ་ཡང་རྣམ་པ་གཉིས་ཏེ། སྟོན་པའི་མཚན་ཉིད་དང༌། ཐུགས་སུ་ཆུད་པའི་མཚན་ཉིད་དོ། །སྟོན་པ་ཡང་ཕྱིན་ཅི་མ་ལོག་པར་སྟོན་པ་མཛད་པའི་ཕྱིར་ཏེ། དེ་བས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། དེ་ཁོ་ན་བཞིན་དུ་ཕྱིན་ཅི་མ་ལོག་པར་ཆོས་སྟོན་པར་མཛད་ཅེས་བྱ་བའི་དོན་ཏོ། །ཐུགས་སུ་ཆུད་པ་ཡང་རྣམ་པ་གཉིས་ཏེ། སྤངས་པ་ཕུན་སུམ་ཚོགས་པ་དང༌། ཡེ་ཤེས་ཕུན་སུམ་ཚོགས་པའོ། །སྤངས་པ་ཕུན་སུམ་ཚོགས་པ་དང་ལྡན་པས་བཅོམ་ལྡན་ཞེས་བྱའོ། །ཉོན་མོངས་པའི་དགྲ་གང་ཡིན་པ་དེ་འཇོམས་པས་ན་དགྲ་བཅོམ་པ་ཞེས་བྱའོ། །མི་དགེ་བའི་ཆོས་ཐམས་ཅད་སྤངས་པའི་ཕྱིར་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །ཡང་དག་པ་ཕྱིན་ཅི་མ་ལོག་པ་ཐུགས་སུ་ཆུད་པར་འདིས་མཛད་པས་ན་དེ་བས་ན་དེ་ཡང་དག་པར་རྫོགས་པར་གྱུར་པས་སྟོན་པ་ཕུན་སུམ་ཚོགས་


DTG113_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །ཕྱིན་ཅི་མ་ལོག་པར་ཆོས་སྟོན་པ་མཛད་པ་དང༌། ཉོན་མོངས་པ་ཐམས་ཅད་སྤངས་ཤིང་ཆོས་ཐམས་ཅད་ཐུགས་སུ་ཆུད་པས་ན་ཕྱི་རོལ་པའི་སྟོན་པ་དམན་པ་ཆོས་ཕྱིན་ཅི་ལོག་ཏུ་སྟོན་ཅིང་ཉོན་མོངས་པ་ཐམས་ཅད་མ་སྤངས་པ་རྣམས་ལས། དེ་བས་ན་སྟོན་པ་འདི་ཉིད་ཁྱད་པར་དུ་འཕགས་པ་ཡིན་ནོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་ཉོན་མོངས་པ་ཐམས་ཅད་སྤངས་པར་ངེས་པ་ཡིན་མོད་ཀྱི། ཆོས་ཐམས་ཅད་ཀྱི་རྣམ་པར་སྟོན་པར་བྱེད་པ་དང༌། ཆོས་ཐམས་ཅད་ཀྱི་རྣམ་པ་མངོན་པར་བྱང་ཆུབ་པ་མ་ཡིན་ཏེ། དེ་བས་ན་འདི་ཉིད་རྣམ་པ་ཐམས་ཅད་སྟོན་པས་ཁྱད་པར་དུ་འཕགས་པ་ཡིན་ནོ། །འདི་ལྟར་ཡང་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་སྟོན་པར་མཛད་པ་དང༌། ཉེས་པ་མ་ལུས་པ་དང་བྲལ་ཞིང༌། ཆོས་ཐམས་ཅད་ཀྱི་རྣམ་པར་མངོན་པར་རྫོགས་པར་བྱང་ཆུབ་པར་བཅོམ་ལྡན་འདས་ལས་དམིགས་པས་དེའི་ཕྱིར་དེ་ལྟ་བུར་གྱུར་པའི་བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་རྣམ་པ་སྟོན་པར་མཛད་པས་ཕུན་སུམ་ཚོགས་པ་བརྙེས་པ་ཞེས་བསྟན་ཏོ། །རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་འདིས་ནི་སྟོན་པ་ཕུན་སུམ་ཚོགས་པའི་རྒྱུ་བསྟན་ཏོ། །རིག་པ་དང་ཞབས་ཞེས་བྱ་བ་ལ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཡང་དག་པའི་ལྟ་བ་ནི་རིག་པ་ཡིན་ནོ། །ཡན་ལག་ལྷག་མ་ནི་ཞབས་སོ། །མ་མཐོང་བ་རྐང་པ་མེད་པས་འགྲོ་བར་ནུས་པར་མི་འགྱུར་བས་དེ་བས་ན་བསླབ་བ་གསུམ་ལ་རིག་པ་དང་ཞབས་ཞེས་བྱ་སྟེ། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ནི་རིག་པ་ཞེས་བྱའོ། །ལྷག་པའི་སེམས་དང༌། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ནི་ཞབས་སོ། །ཤེས་རབ་ཀྱི་སྣ་འདྲེན་པ་ཡིན་པའི་ཕྱིར་རྐང་པ་རྣམས་ཀྱིས་ཞབས་སྨོས་པར་བྱ་སྟེ། ཡང་རིག་པ་སྔོན་དུ་སྨོས་པ་ཡིན་ཏེ། དེ་ཡོངས་སུ་དག་པས་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ཡོངས་སུ་དག་པ་དེ་བས་ན་གང་གི་ཕྱིར་ཤེས་རབ་ཀྱི་མིག་གིས་བསྟན་ནས་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དེ་གཉིས་ཀྱི་རྐང་པས་བགྲོད་པར་བྱ་བ་བཞིན་དུ་ཕྱིན་པས་དེ་བས་ན་ཞབས་ཞེས་བྱའོ། །དེ་གསུམ་ལ་བསླབ་པ་ཞེས་བསྟན་ཏེ། གསུམ་པོ་དེ་ལས་ཀྱང་རིག་པ་དང་པོར་བཟུང་བ་ཡིན་པས་རིག་པ་ཞེས་སྨོས་སོ། །ཞབས་དེ་དག་ལས་དང་པོ་ཡིན་པའི་ཕྱིར་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང༌། ཆོ་ག་ཕུན་སུམ་ཚོགས་པ་དང༌། སྤྱོད་


DTG113_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཕུན་སུམ་ཚོགས་པ་དང༌། སྤྱོད་ཡུལ་ཕུན་སུམ་ཚོགས་པ་བཞི་པོས་དང་པོར་སེམས་བདེ་བ་ལ་རེག་པར་གནས་པ་ཡིན་པས་ཞབས་ཞེས་སྨོས་སོ། །ཡང་དེ་གསུམ་ལ་རིག་པས་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་མཛད་པ་དང༌། འཆི་འཕོ་དང་སྐྱེ་བ་ཤེས་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་མཛད་པ་དང༌། ཟག་པ་མེད་པ་ཤེས་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་མཛད་དེ། མཁྱེན་པ་དེ་ཡང་འདིར་གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ནས་མཚན་མོའི་ཐུན་དང་པོ་དང་གཉིས་པ་ལ་སྔོན་དང་ཕྱི་མར་གྱུར་པའི་གནས་རྗེས་སུ་དགོངས་ཤིང་མཐར་ཐུག་པ་མེད་པའི་འཆི་འཕོ་དང་སྐྱེ་བ་གཟིགས་ནས་ཐུན་གསུམ་པ་ལ་སྤང་བར་བྱ་བ་གང་ཡིན་པ་མངོན་པར་རྫོགས་པར་བྱང་ཆུབ་པ་བརྙེས་པས་དེ་ཐམས་ཅད་སྤངས་ཏེ་མངོན་པར་རྫོགས་པར་བྱང་ཆུབ་པ་མངོན་སུམ་དུ་མཛད་དེ། ཟག་པ་མེད་པའི་ཡེ་ཤེས་ཐམས་ཅད་མཁྱེན་པ་རྗེས་སུ་བརྙེས་པས་དེའི་ཕྱིར་ཡང་རིག་པས་སྣ་དྲངས་པར་གྱུར་པས་ཚུལ་ཁྲིམས་ལ་སོགས་པ་ཕུན་སུམ་ཚོགས་པ་ཡིན་ཏེ། དེ་ལ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ནི་ཚུལ་ཁྲིམས་དང་ལྡན་པ་དང༌། སོ་སོར་ཐར་པས་བསྡམས་པ་དང༌། ཆོ་ག་ཕུན་སུམ་ཚོགས་པ་དང༌། སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང༌། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་འཇིགས་པར་ལྟ་བས་ཡང་དག་པར་བསླབ་བའི་གཞི་རྣམས་ལ་སློབ་པ་ཡིན་ནོ། །དེ་ལྟ་བུ་ནི་ཚུལ་ཁྲིམས་ཡོངས་སུ་དག་པ་ཡིན་ནོ། །དེ་ལྟར་ཚུལ་ཁྲིམས་ཡོངས་སུ་དག་ན་ཕུན་སུམ་ཚོགས་པ་བཞིས་ཏིང་ངེ་འཛིན་ཡོངས་སུ་དག་པར་འགྱུར་རོ། །དེ་ལ་ཕུན་སུམ་ཚོགས་པ་བཞིས་ནི་སྤྱོད་ལམ་ཤེས་བཞིན་དུ་གནས་ཤིང་སྤྱོད་པ་ཕུན་སུམ་ཚོགས་པས་མིག་ལ་སོགས་པའི་རྣམ་པར་ཤེས་པ་གཟུགས་ལ་སོགས་པའི་རྒྱུ་མཚན་རྣམས་ལ་མཚན་མར་རྗེས་སུ་མི་འཛིན་ཅིང་དབང་པོ་རྣམས་བསྡམས་ནས་དེ་ལྟར་ཚུལ་ཁྲིམས་ཡོངས་སུ་དག་པ་ལ་ཤེས་བཞིན་གྱིས་གནས་པ་སྟེ། དབང་པོ་རྣམས་ཀྱི་སྒོ་བསྡམས་པར་གྱུར་པའི་ཏིང་ངེ་འཛིན་འགྲུབ་བོ། །ཏིང་ངེ་འཛིན་གང་བཞིས་མཆོག་ཏུ་སེམས་བདེ་བ་ལ་རེག་པར་གནས་ཏེ། དེ་དག་ཀྱང་བསམ་གཏན་བཞི་ཡིན་ཏེ། བསམ་གཏན་བཞི་པོ་དེ་དག་ལས་སུ་རུང་ཞིང་གནོད་པ་མེད་པ་ནི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་


DTG113_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེ་ལྟར་རིང་ངེ་འཛིན་ཡོངས་སུ་དག་པས་མངོན་པར་ཤས་པ་རྣམས་འགྲུབ་སྟེ། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང༌། ལྷའི་རྣ་བའི་མངོན་པར་ཤེས་པ་དང༌། ཕ་རོལ་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་དང༌། སྔར་བསྟན་པའི་རིགས་པ་གསུམ་སྟེ། དེ་བས་ན་རིག་པ་དང་ཞབས་དེ་ཕུན་སུམ་ཚོགས་པ་དེ་བས་ན་བཅོམ་ལྡན་འདས་སྟོན་པ་ཕུན་སུམ་ཚོགས་པ་ཉིད་བརྙེས་པ་ཡིན་ནོ། །དེ་ལྟར་རིག་པ་དང་ཞབས་ཕུན་སུམ་ཚོགས་པ་ནི་སྟོན་པ་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ནོ་ཞེས་བསྟན་ཏོ། །བདེ་བར་གཤེགས་པ་ཞེས་བྱ་བ་འདིས་ནི་གང་དུ་གཤེགས་པར་བྱ་བ་དེར་གཤེགས་པར་བསྟན་ཏེ། བདེ་བར་གཤེགས་པས་ན་བདེ་བར་གཤེགས་པ་སྟེ། ཡང་ཕྱིར་ལྡོག་པ་མེད་པའི་ཕྱིར་རིམས་ནད་ལེགས་པར་བྱང་བ་བཞིན་ནོ། །ལྷག་མ་མེད་པར་ཐུགས་སུ་ཆུད་པ་ནི་བདེ་བར་གཤེགས་པ་སྟེ། ཤེས་བྱ་མ་ལུས་པར་ཐུགས་སུ་ཆུད་པའི་ཕྱིར་ལེགས་པར་གང་བའི་བུམ་པ་བཞིན་ནོ། །ཡང་དེ་ཉིད་ལྡན་པའི་དོན་གྱིས་ཕྱི་རོལ་པ་དང་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པའི་དོན་ཡིན་ཏེ། གང་གི་ཕྱིར་ཕྱི་རོལ་པ་རྣམས་ནི་ལེགས་པར་རྟོགས་པས་ཕྱིར་མི་ལྡོག་པ་མ་ཡིན་ནོ། །ཉན་ཐོས་ལ་སོགས་པ་དང༌། སོ་སོའི་སྐྱེ་བོར་ཕྱིར་མི་ལྡོག་མོད་ཀྱིས་མ་ལུས་པར་རྟོགས་པ་མ་ཡིན་ཏེ། ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་ཐོགས་པའི་ཕྱིར་རོ། །ཡང་བཅོམ་ལྡན་འདས་ནི་བདེ་བར་གཤེགས་པ་ཡིན་ཏེ། མ་ལུས་པར་ཐུགས་སུ་ཆུད་ཅིང་རྟོགས་པའི་ཕྱིར་ཡང་བདེ་བར་གཤེགས་པ་ཞེས་བྱའོ། །དེ་ལྟར་རིག་པ་དང་ཞབས་སུ་ལྡན་པ་དེས་སྟོན་པ་ཕུན་སུམ་ཚོགས་པ་བརྙེས་པ་ནས་བཅོམ་ལྡན་འདས་དེ་སྟོན་པར་མཛད་ཅེས་ལས་སུ་སྦྱར་རོ། །འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ་ཞེས་བྱ་བའི་རྐང་པ་གཉིས་སྨོས་པས་ནི་སྟོན་པ་ཞེས་ལས་སུ་སྦྱར་བ་དེ་ཡང་རྣམ་པ་གཉིས་ཏེ། སྐལ་བ་དང་ལྡན་པ་དང་མི་ལྡན་པའི་འཇིག་རྟེན་དེ་རྣམས་གཟིགས་ནས་སྐལ་བ་ཡོད་པ་འདུལ་བར་མཛད་པའོ། །དེ་ལ་འཇིག་རྟེན་མཁྱེན་པ་ཞེས་བྱ་བ་འདིས་ནི་སྐལ་བ་ཡོད་མེད་ལ་གཟིགས་པར་སྟོན་ཏོ། །འཇིག་རྟེན་མཁྱེན་པ་དེ་སྐལ་བ་ཡོད་མེད་ཀྱི་འཇིག་རྟེན་ལ་གཟིགས་པས་ན་དེས་འཇིག་རྟེན་མཁྱེན་པ་ཞེས་བྱའོ། །འདི་ལྟར་བཅོམ་ལྡན་འདས་ཉིན་


DTG113_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་མཚན་ལན་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་ཏེ། སུ་ནི་ཉམས། སུ་ནི་བཅིངས། སུ་ནི་ཉམ་ང་བར་གྱུར། སུ་ནི་ངན་སོང་ལས་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ལག་ནས་དྲངས་ཏེ་མཐོ་རིས་དང་ཐར་པ་ལ་གཞག་པར་བྱ། སུ་ནི་དགེ་བའི་རྩ་བ་མ་བསྐྱེད་པ་བསྐྱེད་པར་བྱ། སུའི་དགེ་བའི་རྩ་བ་བསྐྱེད་པ་ནི་ཡོངས་སུ་སྨིན་པར་བྱ། གང་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་ནི་ཡོངས་སུ་གྲོལ་བར་བྱ་ཞེས་དགོངས་སོ། །སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་ཞེས་བྱ་བ་འདིས་ནི་སྐལ་བ་དང་ལྡན་པ་འདུལ་བར་བསྟན་ཏེ། སྐལ་བ་ཡོད་མེད་ཀྱི་འཇིག་རྟེན་རྣམས་ལ་གཟིགས་ནས་སྐྱེས་བུ་གང་ཞིག་འདུལ་བ་བཏུལ་བར་སྦྱོར་ཞིང་འདུལ་བར་སྤྱོད་པས་སྐལ་བ་དང་ལྡན་བ་འདུལ་བར་མཛད་དེ། ཁ་ལོ་སྒྱུར་བའི་རང་བཞིན་ནི་འདྲེན་པ་སྟེ། གང་ཞིག་འདིར་བཏུལ་བ་ནི་ཁ་ལོ་སྒྱུར་བའི་རང་བཞིན་ཡིན་ནོ། །བླ་ན་མེད་པ་ཞེས་སྨོས་པས་ནི་ཁ་ལོ་སྒྱུར་བའི་དངོས་པོ་ཁྱད་པར་དུ་བྱེད་པའི་དོན་ཏེ། གདུལ་བར་དཀའ་བའི་སྐྱེས་བུ་རྣམས་ཀྱང་འདུལ་བར་མཛད་པ་ཡིན་ནོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཆེ་བ་འཕགས་པ་མཛེས་དགའ་དང་སོར་མོའི་ཕྲེང་བ་དང༌། ལྟེང་རྒྱས་འོད་སྲུངས་ལ་སོགས་པ་འདུལ་བར་མཛད་པའི་ཕྱིར་རོ། །མཆོག་ཏུ་ཁ་ན་མ་ཐོ་བ་མེད་པས་འདོད་པ་བསོད་ཉམས་བདེ་བ་དང༌། དུ་བ་པའི་མཐའ་ལ་སྦྱོར་བ་གཉིས་སྤངས་ནས་ལམ་དབུ་མ་རྟོགས་པར་མཛད་པས་བཏུལ་ནས་དོན་གྱི་མཆོག་མྱ་ངན་ལས་འདས་པ་ཕྱིར་ཡང་ཤིན་ཏུ་ལྡོག་པ་མེད་པར་འདུལ་བར་མཛད་པའི་ཕྱིར་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་ཞེས་བྱའོ། །སྐལ་བ་དང་ལྡན་པ་རྣམས་འདུལ་བར་མཛད་པས་བཅོམ་ལྡན་འདས་དེ་ལ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་ཞེས་བྱ་ན། འོན་ཏེ་སྐལ་བ་དང་མི་ལྡན་པ་རྣམས་ལ་ཇི་ལྟར་རྟོགས་པར་བྱ་ཞེ་ན། དེ་ངན་སོང་གི་སྡུག་བསྔལ་གྱི་རྒུད་པ་ལས་བསྐྱབས་ནས་ལོངས་སྤྱོད་ཀྱི་བདེ་བ་དང༌། བདེ་འགྲོ་ལ་སོགས་པའི་བདེ་བ་ལ་འགོད་པར་མཛད་པའི་ཕྱིར་རོ། །གང་རིགས་མ་ངེས་པ་ནི་སྐལ་བ་དང་མི་ལྡན་པ་ལ་འདོད་དོ། །སྐལ་བ་དང་ལྡན་ཞིང་རིགས་ངེས་པའང་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ལ་རིགས་ཇི་ལྟ་བ་བཞིན་དུ་འཇོག་པར་མཛད་དོ། །རིགས་མ་ངེས་པའི་རྐྱེན་གྱིས་སྟོབས་དང་ལྡན་པ་ལ་དམན་པ་ལས་བཟློག་ནས་


DTG113_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ལ་རབ་ཏུ་འགོད་པར་མཛད་པའི་ཕྱིར་རོ། །ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བ་འདིས་ནི་གང་དག་ལ་དེ་སྟོན་པ་ལས་རབ་ཏུ་གནས་པར་དེས་ཉེ་བར་བསྟན་ཏོ། །གང་གི་ཚེ་ཡང་བཅོམ་ལྡན་འདས་སེམས་ཅན་རྣམས་ལ་ཁྱད་པར་མེད་པར་མཐོ་རིས་དང་ཐར་པའི་ལམ་སྟོན་པར་མཛད་པས་ན་སྟོན་པ་ཡིན་ཏེ། ཡང་འཕགས་པའི་བདེན་པ་གང་ཡིན་པ་བསྟན་པས་དགེ་སྦྱོང་གི་འབྲས་བུ་འཐོབ་པ་ལ་སྦྱོར་ཏེ། དེ་དག་འདིར་དབང་དུ་མཛད་པའི་ཕྱིར་ཇི་ལྟ་བ་བཞིན་དུ་བསྟན་པས་ནི་ཡང་འདིར་སྟོན་པ་ཞེས་ལས་སུ་འདོད་དོ། །དེའི་ཕྱིར་ལྷ་དང་མི་རྣམས་སྣོད་ཡིན་པ་དེས་ན་ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱའོ། །བསྡུས་པའི་དོན་ཇི་ལྟ་བུ་ཡིན་ཞེ་ན། འཆིང་བ་བཅིངས་པས་སྟོན་པ་ཉིད་ཕུན་སུམ་ཚོགས་པ་ཡིན་ཏེ། གང་ཞིག་གང་གིས་ངེས་ཇི་ལྟར་རྟོགས་པ་བསྟན་པ་ནི་ལས་སོ། །དེ་ཡང་གང་ཡིན་པ་གཟུང་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ལན་གཉིས་ཅིའི་ཕྱིར་བཟླས་ཤེ་ན། ཚིག་དགུ་པོ་ཇི་ལྟར་བསྟན་པ་ཐམས་ཅད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོན་ཏན་གྱི་བདག་ཉིད་ཆེ་བ་ཡིན་པར་བསྟན་པའི་ཕྱིར་བརྗོད་དོ། །བཅོམ་པའི་དགྲ་ནི་གྲགས་པའི་རྣམ་གྲངས་བརྗོད་པ་ཡིན་ཏེ། བཅོམ་ལྡན་འདས་གྲགས་པ་དང་ལྡན་པར་སྒྲས་བསྒྲུབ་ཅེས་བྱ་བའི་དོན་ཏོ། །གྲུབ་པའི་སྒྲ་དེའང་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་འདི་ཡང་དེ་བཞིན་གཤེགས་པ་ཞེས་བྱ་བ་འདི་དང༌། ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བ་འདི་ལའང་སྒྲས་བསྒྲུབ་པའི་སངས་རྒྱས་ཚིག་དགུ་པོ་རྣམས་རེ་རེ་དང་མངོན་པར་འབྲེལ་པ་ཡིན་ནོ། །དེ་ལྟར་ན་འདིར་སངས་རྒྱས་ཞེས་བྱ་བ་དེ་བཅོམ་ལྡན་འདས་ལ་ཇི་ལྟར་འཇུག་ཅེ་ན། འདི་ལྟར་མི་འཇུག་སྟེ། སངས་རྒྱས་ཞེས་བྱ་བ་ནི་རྟོགས་པའི་དོན་ཏོ། །དེ་ལ་ཡང་མཐའ་ན་ཀ་ཏའི་རྐྱེན་ཡོད་པས་ངོ་བོ་དང་ལས་ཀྱི་སྦྱོར་བ་མཐོང་སྟེ། ལྷ་སྦྱིན་གྱིས་རྟོགས་ཞེས་བྱ་བ་ནི་ངོ་བོ་ཡིན་ནོ། །ལྷ་སྦྱིན་གྱིས་བསྟན་བཅོས་རྟོགས་ཞེས་བྱ་བ་ནི་ལས་སོ། །དེ་ལྟ་བུ་ནི་ངོ་བོ་དང་ལས་ཀྱིས་སྦྱོར་བར་རྟོགས་པར་འདོད་དོ། །ངོ་བོ་དང་ལས་གཉིས་ཀ་མ་ཡིན་པ་ཀ་ཏ་སྦྱོར་ཞེ་ན། དེ་ལྟ་མོད་ཀྱི་ཀ་ཏ་སྦྱོར་རོ། །བློ་དང་ལྡན་པས་ན་ཆོས་རྟོགས་ཞེས་བྱ་བ་ལྟ་བུའོ། །ངོ་བོ་ཁོང་དུ་ཆུད་པས་ན་རྟོགས་པའོ། །རྟོགས་པ་ཉིད་བློ་སྟེ་གཅིག་ཅེས་བྱ་བའི་དོན་ཏོ། །དེས་འདིར་


DTG113_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་པ་རྟོགས་པ་ཞེས་བྱ་སྟེ། མའི་དོན་དང་ལྡན་པའི་ཨ་དབྱི་བར་བྱས་པས་རྟོགས་པ་དང་ལྡན་ཞེས་བྱ་བའི་དོན་ཏོ། །བློ་ནི་ཁོང་དུ་ཆུད་པའི་ཕྱིར་རོ། །ཁོང་དུ་ཆུད་པ་ནི་རྟོགས་པའོ། །རྟོགས་པའི་དོན་ལ་ཡང་ཀ་ཏའི་རྐྱེན་སྦྱར་བས་ངོ་བོ་དང་ལས་དང་བྱེད་པ་པོ་རྣམས་སོ། །བྱེད་པའི་ངོ་བོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དང༌། རང་གི་མཚན་ཉིད་རྟོགས་པ་དང་ལྡན་པས་ན་སངས་རྒྱས་སོ། །ལས་དང་བྱེད་པའི་སྦྱོར་བ་མཐོང་སྟེ། འདི་ལྟར་ཐམས་ཅད་རྣམ་པར་རྒྱས་པར་རྟོགས་པས་ལྷ་སྦྱིན་གཉིད་སངས་པ་བཞིན་ནོ། །རྟོགས་པ་རྒྱས་པ་ནི་པདྨ་རྒྱས་པ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ཡང་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པའི་ཚོགས་སྤངས་ནས་བློ་རྒྱས་པས་ན་སངས་རྒྱས་ཞེས་བྱའོ། །མི་ཤེས་པའི་གཉིད་ཀྱིས་ལོག་པའི་སེམས་ཅན་རྣམས་ཏེ། དེ་དག་ཀྱང་བསྐྱབ་པའི་ཕྱིར་སད་པར་མཛད་པས་སངས་རྒྱས་ཞེས་བྱའོ། །སངས་རྒྱས་ནི་ཡང་སྒྲིབ་པ་མ་ལུས་པ་རྣམ་པར་བསལ་ཞིང་ཐོགས་པ་མེད་པའི་ཡེ་ཤེས་ནི་ཤེས་བྱ་ཐམས་ཅད་ལ་བློ་རྒྱས་པ་དང་ལྡན་པས་ན་བློ་རྒྱས་པས་ན་སངས་རྒྱས་ཞེས་བྱའོ། །སྔ་མ་བཞིན་དུ་སྒྲིབ་པ་བསལ་བས་སྤངས་པ་ཕུན་སུམ་ཚོགས་པ་ཡིན་ནོ། །གཉིས་པ་ཐམས་ཅད་སྐྱོབ་པར་གྱུར་པས་ན་སྙིང་རྗེ་ཕུན་སུམ་ཚོགས་པ་ཡིན་ནོ། །གསུམ་པ་ནི་ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་རྒྱས་པའི་ཕྱིར་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་ནོ། །འདི་ལྟར་སྤངས་པ་དང་སྙིང་རྗེ་དང་ཡེ་ཤེས་ཕུན་སུམ་ཚོགས་པས་ནི་བཅོམ་ལྡན་འདས་ལ་སངས་རྒྱས་ཞེས་བྱ་སྟེ། གཙོ་བོ་མ་ཡིན་པ་བསྟན་པ་ཡིན་ནོ། །སངས་རྒྱས་རྗེས་སུ་དྲན་པའི་འགྲེལ་པ། སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་ཛི་ཏ་ཤྲཱི་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།

ཆོས་རྗེས་སུ་དྲན་པའི་འགྲེལ་པ།
ཐོགས་མེད།


DTG113_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། དྷརྨ་ཨ་ནུ་སྨྲྀ་ཏི་བྲྀཏྟི། བོད་སྐད་དུ། ཆོས་རྗེས་སུ་དྲན་པའི་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་ཡང་དག་བསྟན་པ། རིམས་ནད་མེད་པ། དུས་ཆད་པ་མེད་པ། རིག་པ་དང་ལྡན་པ། ཚུར་ཤོག་འདིར་ལྟོས་ཤིག་པ་ལྟ་བུའོ། །


DTG113_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོ་རང་གིས་རིག་པར་བྱ་བ། ཆོས་མངོན་པར་དད་པར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་དང་རང་སངས་རྒྱས་ཀྱི་ལམ་བདེན་པའི་ཆོས་གསུམ་དང༌། ཡང་བདེན་པ་བཞི་མངོན་པར་རྟོགས་པས་ཕྱིན་ཅི་མ་ལོག་པའི་ཆོས་ལ་མངོན་པར་དད་པ་ཐོབ་སྟེ། འདིར་ཡང་ཇི་ལྟར་གནས་པ་མངོན་དུ་བྱས་པ་ནི་དེ་བཞིན་དུ་ཡང་དག་པར་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་ཡང་དག་པར་བསྟན་པ་ཞེས་བྱ་བ་ལ་སོགས་པའི་མདོའི་རིམ་པ་བཞིན་དུ་ལེགས་པར་གསུངས་པ་ཞེས་བྱ་བ་ནི་བསྟན་པ་ཡིན་ལ། ལྷག་མ་ནི་བཤད་པ་ཡིན་ནོ། །དེ་ལ་ཕྱིན་ཅི་མ་ལོག་པའི་ཆོས་དང༌། ཡང་དག་པར་བཤད་པ་ནི་ལེགས་པར་གསུངས་པའོ། །དེ་ཁོ་ན་མཐོང་བའི་ཕྱིར་ཡང་དག་པར་བསྟན་པ་སྟེ། དད་པ་ཙམ་གྱིས་རྗེས་སུ་འབྲང་བ་མ་ཡིན་ནོ། །ཉོན་མོངས་པ་དང་བག་ལ་ཉལ་གྱི་གཉེན་པོ་ཡིན་པས་རིམས་ནད་མེད་པའོ། །ཡང་སྤང་དུ་མེད་པའི་ཕྱིར་དུས་ཆད་པ་མེད་པའམ། དུས་ཐམས་ཅད་དུ་ཡང་སྤང་དགོས་པ་མི་སྲིད་ཅིང་ཉོན་མོངས་པ་སྤོངས་པ་ལ་རབ་ཏུ་ངེས་པ་མེད་པའི་ཕྱིར་རོ། །ཉོན་མོངས་པ་མ་ལུས་པ་ལས་སྡུག་བསྔལ་འབྱུང་བ་སྤང་བའི་ཕྱིར་རིགས་པ་དང་ལྡན་པའོ། །ཐུན་མོང་མ་ཡིན་པ་འདིར་ལྟོས་ཤིག་པ་ནི་དངོས་པོ་ལ་སྟེ། ཆོས་དང་ལྡན་པ་འདི་ལ་འདིར་ལྟོས་ལ་འདི་ཉིད་དུ་དེ་ཁོ་ན་མཐོང་བར་གྱིས་ཤིག་པའོ། །འཕགས་པས་མཁྱེན་པས་ནི་ཐེ་ཚོམ་དང་བྲལ་བའི་ཕྱིར་སོ་སོ་རང་གིས་རིག་པར་བྱའོ། །ཡང་བརྗོད་དུ་མེད་པའི་ཕྱིར་སོ་སོ་རང་གིས་རིག་པ་སྟེ། ཁོང་དུ་ཆུད་པ་ཞེས་བསྟན་ཏོ། །དེ་རྣམས་ཀྱིས་འཕགས་པའི་ལམ་ཡན་ལག་བརྒྱད་བཤད་པ་ཡིན་ཏེ། ཕྱི་རོལ་པ་རྣམས་ཀྱི་ཆོས་དང༌། སངས་རྒྱས་ཀྱི་ཆོས་རྣམས་ཁྱད་པར་དུ་གསལ་བར་བྱས་པ་ཡིན་ཏེ། ཕྱི་རོལ་པ་རྣམས་ཀྱི་ཆོས་ནི་ཉེས་པར་བཤད་པའི་ཕྱིར་ལེགས་པར་བཤད་པ་མ་ཡིན་ཞིང༌། དེ་ཁོ་ན་མཐོང་བ་མ་ཡིན་ལ། ཡང་དག་པར་བརྟེན་པར་བྱ་བ་མ་ཡིན་ཏེ། དེ་དག་ནི་གཞན་དུ་སྦྱོར་བའི་ཕྱིར་རོ། །ཆོས་རྗེས་སུ་དྲན་པའི་འགྲེལ་པ་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་རྫོགས་སོ།།

དགེ་འདུན་རྗེས་སུ་དྲན་པའི་བཤད་པ།
ཐོགས་མེད།


DTG113_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སཾ་གྷ་ཨ་ནུ་སྨྲྀ་ཏི་བྱཱ་ཁྱཱ། བོད་སྐད་དུ། དགེ་འདུན་རྗེས་སུ་དྲན་པའི་བཤད་པ། འཇམ་དཔལ་གཞོན་


DTG113_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི། ལེགས་པར་ཞུགས་པ། རིགས་པར་ཞུགས་པ། དྲང་པོར་ཞུགས་པ། འདུད་པར་ཞུགས་པ། ཆོས་ལ་ཆོས་ཀྱི་རྗེས་སུ་ཞུགས་པ། ཆོས་དང་མཐུན་པའི་སྤྱོད་པ་ཡིན་ཏེ། དགེ་འདུན་གྱི་ནང་ན་རྒྱུན་དུ་ཞུགས་པ་ལ་ཞུགས་པའང་ཡོད། དགེ་འདུན་གྱི་ནང་ན་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པའང་ཡོད། དགེ་འདུན་གྱི་ནང་ན་ལན་ཅིག་ཕྱིར་འོང་བ་ལ་ཞུགས་པ་ཡང་ཡོད། དགེ་འདུན་གྱི་ནང་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱས་པ་ཡང་ཡོད། དགེ་འདུན་གྱི་ནང་ན་ཕྱིར་མི་འོང་བ་ལ་ཞུགས་པའང་ཡོད། དགེ་འདུན་གྱི་ནང་ན་ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱས་པ་ཡང་ཡོད། དགེ་འདུན་གྱི་ནང་ན་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་པ་ཡང་ཡོད། དགེ་འདུན་གྱི་ནང་ན་དགྲ་བཅོམ་པ་ལ་ཞུགས་པ་ཡང་ཡོད་དོ། །དེ་རྣམས་ནི་སྐྱེས་བུ་ཟུང་བཞི་དང་གང་ཟག་ཡ་བརྒྱད་དེ། དེ་དག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ཏེ། ཚུལ་ཁྲིམས་ཕུན་སུམ་ཚོགས་པ། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ། ཤེས་རབ་ཕུན་སུམ་ཚོགས་པ། དད་པ་ཕུན་སུམ་ཚོགས་པ། ཐོས་པ་ཕུན་སུམ་ཚོགས་པ། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས་པའོ། །སྲེག་པར་བྱེད་པ་དང༌། རབ་ཏུ་སྲེག་པར་བྱེད་པ་དང༌། ཐལ་མོ་སྦྱར་བར་འོས་པ་དང༌། བླ་ན་མེད་པའི་བསོད་ནམས་ཀྱི་ཞིང༌། འཇིག་རྟེན་གྱི་སྦྱིན་གནས་ཞེས་བྱ་བ་ནི་དགེ་འདུན་རྗེས་སུ་དྲན་པའི་མདོ་ཡིན་ནོ། །མི་ཕྱེད་པའི་དང་པ་བརྟན་པོ་དང་ལྡན་པའི་ཕྱིར་དགེ་འདུན་ཏེ། སློབ་དཔོན་དང་མི་སློབ་པར་གྱུར་པའི་གང་ཟག་སྟེ། ལམ་ལས་བདུད་ལ་སོགས་པ་ཕྱིར་རྒོལ་བ་རྣམས་ཀྱིས་དབྱེ་བར་མི་ནུས་པའི་ཕྱིར་རོ། །ཚོགས་པའི་དོན་གྱིས་ན་དགེ་འདུན་ནོ། །དེ་དག་གི་རྒྱུད་ལ་སློབ་པ་དང་མི་སློབ་པའི་ཆོས་སྐྱེས་པ་གང་ཡིན་པ་ལ་དད་པ་དེ་ནི་དགེ་འདུན་ཏེ། དད་པ་མི་ཕྱེད་པའི་ཕྱིར་རོ། །དེ་ལམ་གྱི་བདེན་པ་ལ་མངོན་པར་རྟོགས་པའི་དུས་སུ་གཞག་གོ །ཡང་ཇི་ལྟར་མངོན་དུ་བྱེད་པ་དེ་ལྟར་བསྟན་པར་བྱ་སྟེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ་ཞེས་རྒྱས་པར་གསུངས་པ་ལ་ལེགས་པར་ཞུགས་


DTG113_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བ་ནི་བསྟན་པ་ཡིན་ལ། ལྷག་མ་ནི་བཤད་པའོ། །ཚིག་དེ་དག་ལས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ལེགས་པར་ཞུགས་པ་ནི་སྦྱོར་བའི་དགེ་སློང་སྟེ། དགེ་བ་ཡང་དག་པར་བསྒོམས་པས་ན་ཡང་དགེ་སྦྱོང་སྟེ། བསྟན་པ་རྩོམ་པ་ཡིན་པར་བལྟ་བར་བྱའོ། །དེ་ལ་དགེ་སྦྱོང་གི་དོན་ནི་མྱ་ངན་ལས་འདས་པའོ། །དེ་ལ་རྒྱུན་དུ་ཞུགས་པ་ནི་རིགས་པར་ཞུགས་པའོ། །དེའི་རིགས་པ་ནི་ཆོས་བླ་ན་མེད་པ་བརྙེས་པར་བྱེད་པར་འགྱུར་རོ་ཞེས་གསུངས་སོ། །རིགས་པ་ནི་མྱ་ངན་ལས་འདས་པའི་ཆོས་སོ་ཞེས་བྱ་བའི་དོན་ཏོ། །ངེས་པར་འབྱུང་བས་ངེས་པར་འབྱུང་བ་སྟེ། རྟག་ཏུ་འབྱུང་བར་རིགས་པའོ་ཞེས་བསྟན་ཏོ། །དགེ་སྦྱོང་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །དེ་ལ་ཞུགས་པ་ནི་དྲང་པོར་ཞུགས་པ་སྟེ། བདུད་རྩིའི་སྒོ་ཕྱེ་བ་ནི་ལམ་དྲང་པོར་བསྟན་པ་ཡིན་ནོ་ཞེས་འབྱུང་ངོ༌། །དེ་ལ་དྲང་པོ་གང་ཞེ་ན། འཕགས་པའི་ལམ་མོ། །ཡོན་པོ་གང་ཞེ་ན། སྡིག་ཅན་ལྟ་བ་ཡོན་པོའོ་ཞེས་ཚིགས་སུ་བཅད་པ་གསུངས་སོ། །དགེ་སྦྱོང་ཡང་དག་པར་བསྒོམ་པ་ནི་རྒྱུན་དུ་ཞུགས་པ་སྟེ། མྱ་ངན་ལས་འདས་པར་ཞུགས་པ་ཡིན་ནོ། །ཡང་དག་པར་བསྒོམ་པ་ནི། མཉམ་དུ་འབྱུང་བ་སྟེ། ལུས་ངག་ཡིད་ཀྱི་ལས་བྱམས་པ་དང་བཅས་པ་ཡིན་ནོ། །དེ་ལ་ལོངས་སྤྱོད་དང༌། ཚུལ་ཁྲིམས་དང༌། ལྟ་བ་མཉམ་པ་སྟེ། དེ་ལ་ལོངས་སྤྱོད་མཉམ་པ་ནི་ཟང་ཟིང་གིས་སོ། །བསླབ་པ་མཉམ་པ་ནི་ཚུལ་ཁྲིམས་ཀྱིས་སོ། །ལྟ་བ་མཉམ་པ་ནི་ཡང་དག་པའི་ལྟ་བས་སོ། །དགེ་སྦྱོང་ལ་བསྟན་པ་ནི་མཚན་ཉིད་ཀྱིས་སོ། །དེ་ཁོང་དུ་ཆུད་པར་བསྟན་པ་ནི། ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བ་ཞུགས་པ་ཡིན་ནོ། །དེ་ལ་ཞུགས་པ་ནས་དེ་སྒྲུབ་པར་བྱེད་པ་ནི་རྗེས་སུ་གནས་པ་སྟེ། ཆོས་དང་མཐུན་པར་སྤྱོད་པ་ཞེས་བྱའོ། །དགེ་འདུན་གྱི་ནང་ན་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་པ་ཡང་ཡོད་ཅེས་བྱ་བ་ལ་སོགས་པ་ནི་མཐོང་བའི་ལམ་གྱི་བཟོད་པ་དང༌། ཤེས་པའི་སྐད་ཅིག་མ་བཅོ་ལྔ་དང༌། མཇུག་ཐོགས་ཀྱི་རྒྱུན་དུ་ཞུགས་པའི་འབྲས་བུ་བསྟན་ཏེ། བསྒོམ་པའི་ལམ་ལ་རྗེས་སུ་འགྲོ་བའི་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་པ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ཞེས་བསྟན་ཏོ། །སྐད་ཅིག་མ་བཅུ་དྲུག་གི་འོག་ཏུ་ཉོན་མོངས་པའི་སྐད་ཅིག་མ་དྲུག་མ་སྤངས་པའི་བར་ནི་ལན་


DTG113_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཕྱིར་འོང་བ་ལ་ཞུགས་པ་ཞེས་བྱའོ། །ཉོན་མོངས་པའི་སྐད་ཅིག་མ་དྲུག་པ་སྤངས་པ་ནི་ཕྱིར་འོང་བའི་འབྲས་བུ་ལ་གནས་པ་ཞེས་བྱའོ། །ཉོན་མོངས་པའི་སྐད་ཅིག་མ་བདུན་པ་སྤངས་པ་ནས་བརྩམས་ཏེ། ཇི་སྲིད་ཉོན་མོངས་པའི་སྐད་ཅིག་མ་དགུ་པ་མ་སྤངས་པ་དེ་སྲིད་དུ་ཕྱིར་མི་འོང་བ་ལ་ཞུགས་པ་ཞེས་བྱའོ། །དགུ་པ་ཟད་ནས་ཀྱང་སྒྲིབ་པ་ལྔ་སྤངས་པར་གྱུར་པ་ནི་ཕྱིར་མི་འོང་བའི་འབྲས་བུའོ། །བསམ་གཏན་དང་པོ་ལ་འདོད་ཆགས་དང་བྲལ་བ་ནས་བརྩམས་ཏེ། ཇི་སྲིད་སྲིད་པའི་རྩེ་མོའི་ཉོན་མོངས་པ་དགུ་པ་སྤངས་པར་མ་གྱུར་པ་དེ་སྲིད་དུ་དགྲ་བཅོམ་པ་ལ་ཞུགས་པ་ཞེས་བྱའོ། །སྲིད་པའི་རྩེ་མོའི་ཉོན་མོངས་པ་དགུ་སྤངས་པ་ནི་དགྲ་བཅོམ་པའི་འབྲས་བུ་ཞེས་བྱའོ། །བཤད་མ་ཐག་པའི་ཟུང་བཞི་པོ་དེ་དག་ལས་འདི་ལྟར་རྒྱུན་དུ་ཞུགས་པའི་འབྲས་བུ་དང་རྒྱུན་དུ་ཞུགས་པའི་ཟུང་དང་པོ་ཡིན་ནོ། །དགྲ་བཅོམ་ལྡན་པ་ལ་ཞུགས་པ་དང༌། དགྲ་བཅོམ་པ་ནི་ཟུང་བཞི་པ་སྟེ། བསྟན་མ་ཐག་པ་དེ་ནི་གང་ཟག་ཡ་བརྒྱད་དོ། །གང་ཟག་མེད་པའི་ཆོས་ཐོས་པས་བསགས་པ་གང་ཞིག་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཟང་ཟིང་འཛག་པས་ན་གང་ཟག་གོ །ཕུང་པོ་ལྔ་རྣམས་འདུས་པ་ལ་སྐྱེས་བུ་གང་ཟག་ཅེས་བརྗོད་དོ། །བཤད་མ་ཐག་པ་དེ་དག་ལ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཞེས་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་སུ་ཉན་པས་ན་ཉན་ཐོས་ཞེས་བྱའོ། །དེ་དག་ནི་མི་ཕྱེད་པའི་དོན་གྱིས་དགེ་འདུན་ཏེ། གཞན་གྱི་ཚོགས་པ་ལས་དགེ་འདུན་ཁྱད་པར་དུ་བྱས་པའི་ཕྱིར་རོ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཞེས་སྨོས་པ་ནི་ཚུལ་ཁྲིམས་དྲལ་བའི་ཉེས་པ་སྤངས་པའི་ཕྱིར་མཆོག་ཏུ་ཕུན་སུམ་ཚོགས་པ་སྟེ། དེ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་འདིར་ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང་ལྡན་པའི་རང་བཞིན་དེ་ལྟ་བུ་ཉིད་ནི་འཕགས་པའི་ཚོགས་ཀྱི་ཚུལ་ཁྲིམས་ཡིན་ནོ་ཞེས་བཀའ་སྩལ་པ་ནི་སློབ་པ་དང་མི་སློབ་པའི་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་དང་ཡང་དག་པར་ལྡན་པ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་བདེན་པ་རྟོགས་པའི་ཤེས་རབ་ཀྱི་མཚན་ཉིད་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །དད་པ་ཕུན་སུམ་ཚོགས་པ་ཞེས་


DTG113_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་མི་ཕྱེད་པའི་མཚན་ཉིད་དང་ལྡན་པ་ཞེས་བྱའོ། །ཐོས་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་ཐོས་པ་གང་ཞིག་ལ་བག་ལ་ཉལ་སྤངས་པ་དང་རྗེས་སུ་མཐུན་པ་དེ་ལྟ་བུ་འཛིན་པ་ནི་ཐོས་པ་ཕུན་སུམ་ཚོགས་པའོ། །རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་ནི་ཉོན་མོངས་པ་སྤངས་པ་སྟེ། དེ་ལྟ་བུའི་རྣམ་པར་གྲོལ་བའི་ཕུན་སུམ་ཚོགས་པ་དང་ལྡན་པ་ནི་རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པའོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས་པ་ནི་བག་ལ་ཉལ་སྤངས་ནས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་སྟེ། ཡེ་ཤེས་ནི་ཟད་པ་ཤེས་པ་ལ་སོགས་པ་མཐོང་བ་ཉིད་དེ་མི་སློབ་པ་དང་ཡང་དག་པའི་ལྟ་བ་ལ་སོགས་པ་ཡིན་ནོ། །ཡང་ན་ཡེ་ཤེས་མཐོང་བ་མངོན་སུམ་དུ་བྱས་པ་སྟེ། མངོན་སུམ་དུ་བྱས་པ་ལ་འཇིག་རྟེན་མཐོང་བ་ཞེས་བྱ་བར་གྲགས་ཏེ། དེ་ཉིད་ནི་ཡེ་ཤེས་སོ། །དེ་ལྟ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས་པ་ཡིན་ནོ། །སྲེག་པར་བྱེད་པ་ཞེས་བྱ་བ་ནི་སྲེག་པར་བྱེད་པས་སྲེག་པར་བྱེད་པ་སྟེ། དེ་ལྟ་བས་ན་རྣམ་པ་ཐམས་ཅད་དང་ཁྱད་པར་ཐམས་ཅད་སྲེག་པར་བྱེད་པས་ན་སྲེག་པར་བྱེད་པའོ། །རབ་ཏུ་སྲེག་པར་བྱེད་པ་ནི་ཞེས་བྱ་བ་ལ། མ་དད་པ་ཁྱད་པར་ཅན་གྱིས་སྲེག་པར་བྱེད་པའི་ཕྱིར་རོ། །དད་པ་དྲག་པོ་ནི་འདིར་མེད་དེ། བསོད་ནམས་དཔག་ཏུ་མེད་པའི་འབྲས་བུ་དང་ལྡན་པའི་ཕྱིར་རོ། །དེ་ལྟར་ཡང་འདི་སྐད་གསུངས་པ་ཡིན་ཏེ། གང་ཞིག་ཟླ་བ་རེ་རེ་ལ། །མཆོད་སྦྱིན་བརྒྱ་སྟོང་མཉམ་བྱས་པས། །དགེ་འདུན་རྣམས་ལ་དད་བྱས་པ། །དེ་ཡི་བཅུ་དྲུག་ཆར་མི་ཕོད། །ཐལ་མོ་སྦྱར་བར་འོས་པ་ཞེས་བྱ་བ་ནི་བསོད་ནམས་ཆེ་ཞིང་མཆོད་པའི་ཕྱིར་ཐལ་མོ་སྦྱར་ཏེ་ཕྱག་བྱ་བར་འོས་པ་ཉིད་ཡིན་ནོ། །འདུད་པར་འོས་པ་ཞེས་བྱ་བ་ནི་འདུད་པ་རྗེས་སུ་འགྲོ་བར་བྱ་བ་ཡིན་པའི་ཕྱིར་རོ། །བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་ཞེས་བྱ་བ་ནི་དེ་ལས་གོང་ན་མེད་པ་ནི་བླ་ན་མེད་པའོ། །བསོད་ནམས་ཀྱི་ཞིང་ནི་བསོད་ནམས་ཀྱང་ཡིན་ལ་ཞིང་ཡང་ཡིན་པས་བསོད་ནམས་ཀྱི་ཞིང་ངོ༌། །ལྷན་ཅིག་འགྲོ་བ་དེ་ཡང་དགེ་བ་དཔག་ཏུ་མེད་པའི་འབྲས་བུ་དང་ལྡན་པའི་ཕྱིར་རོ། །སྦྱིན་པའི་གནས་སུ་གྱུར་པ་ཞེས་བྱ་བ་ལ་འཇིག་རྟེན་ཐམས་ཅད་ཀྱི་ཡོན་


DTG113_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དབུལ་བ་བྱས་ན་ཡོན་དེའི་འབྲས་བུ་དཔག་ཏུ་མེད་པའི་ཕྱིར་རོ། །དེ་ཡང་འདི་སྐད་དུ། བརྒྱ་བྱིན་གང་གིས་དགེ་འདུན་ལ། །སྦྱིན་པ་བཏང་ཞིང་ཡོན་ཕུལ་བ། །དེ་ཡི་མཆོད་སྦྱིན་ལགས་པར་བྱས། །ཚོགས་ཀྱི་མཆོག་ལ་ཕུལ་དེ་ཡིས། །འབྲས་བུ་ཆེན་པོ་འབྱུང་བར་ནི། །འཇིག་རྟེན་རིག་པ་རྣམས་ཀྱིས་གསུངས། །ཞེས་ཚིགས་སུ་བཅད་པ་གསུངས་སོ། །དགེ་འདུན་རྗེས་སུ་དྲན་པའི་བཤད་པ་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དགེ་སློང་ཨ་ཛི་ཏ་ཤྲཱི་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་ཏེ་གཏན་ལ་ཕབ་པ།།

འཕགས་པ་སཱ་ལུ་ལྗང་པའི་ཚིག་ལེའུར་བྱས་པ།
ཀླུ་སྒྲུབ།


DTG113_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱ་ཪྻ་ཤཱ་ལི་སྟམྦ་ཀ་ཀཱ་རི་ཀཱ། བོད་སྐད་དུ། འཕགས་པ་སཱ་ལུ་ལྗང་པའི་ཚིག་ལེའུར་བྱས་པ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ཡོན་ཏན་མཐའ་ཡས་བསམ་མི་ཁྱབ། །རྫོགས་པའི་སངས་རྒྱས་ཐུགས་རྗེའི་བདག །རབ་བཏུད་སཱ་ལུ་ལྗང་པ་ཡི། །ཚིག་ལེའུར་བྱས་པ་བཤད་པར་བྱ། །ཐུབ་པ་རྒྱལ་པོའི་ཁབ་ཀྱི་ནི། །བྱ་རྒོད་ཅེས་པའི་རི་བོ་ལ། །དགེ་སློང་མང་དང་བྱང་ཆུབ་སེམས། །ཚོགས་དང་ཡང་དག་ཐབས་ཅིག་བཞུགས། །སཱ་ལུ་ལྗང་པ་ལ་གཟིགས་ནས། །རྒྱུ་དང་རྐྱེན་ལས་བྱུང་བ་སྟེ། །རྒྱུ་དང་རྐྱེན་སྐྱེས་དེ་བཞིན་དུ། །ཡན་ལག་བཅུ་གཉིས་རིམ་འབྱུང་བ། །གང་གིས་རྟེན་འབྲེལ་ཞེས་མཐོང་བ། །ཆོས་དང་སངས་རྒྱས་མཐོང་ངོ་ཞེས། །དགེ་སློང་རྣམས་ལ་འདི་གསུངས་ནས། །འདྲེན་པ་ཅང་མི་གསུང་བར་བཞུགས། །དགེ་སློང་ཤཱ་རིའི་བུས་ཐོས་ནས། །བྱམས་པའི་དྲུང་དུ་སོང་ནས་ནི། །བྱམས་པ་དེང་འདིར་དེ་བཞིན་གཤེགས། །འདི་གསུངས་དོན་རྣམས་མ་ཕྱེ་བར། །ཅང་མི་གསུང་པར་བཞུགས་གྱུར་ན། །དེའི་དོན་ཇི་ལྟར་རྟོགས་པར་བྱ། །རྟེན་ཅིང་འབྲེལ་དང་ཆོས་གང་ཡིན། །སངས་རྒྱས་ཀྱང་ནི་གང་ཞིག་ཡིན། །ཇི་ལྟར་རྟེན་འབྲེལ་མཐོང་བ་ནི། །ཆོས་དང་སངས་རྒྱས་མཐོང་བ་ཡིན། །བདག་གི་ཐེ་ཚོམ་འདིར་སྨོས་ཞེས། །ཤཱ་རིའི་བུ་ཡིས་མ་ཕམ་སྨྲས། །བྱམས་པ་ཤིན་ཏུ་བསྒོམ་པའི་བདག །བྱམས་པས་གཏན་ལ་དབབ་པ་སྨྲས། །ཡན་ལག་བཅུ་གཉིས་མ་རིག་སོགས། །འཆི་བ་ལ་ཐུག་གོ་རིམས་བཞིན། །དེ་ལྟ་


DTG113_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་སྡུག་བསྔལ་གྱི། །ཕུང་པོ་འབའ་ཞིག་འབྱུང་བར་འགྱུར། །ཆོས་ལམ་ཡན་ལག་བརྒྱད་པ་དང༌། །འབྲས་བུ་མྱ་ངན་འདས་པའོ། །དེ་ལྟར་ཐམས་ཅད་ཐུགས་ཆུད་ཕྱིར། །ཆོས་སྐྱེས་སངས་རྒྱས་ཞེས་བྱ་སྟེ། །དེ་སྐད་ཅེས་བྱ་འཕགས་མཐོང་བས། །གང་གིས་མཐོང་བ་དེས་མཐོང་ངོ༌། །གང་ཞིག་སྲོག་ལ་སོགས་བྲལ་བ། །ཉེར་ཞི་ལ་ཐུག་བཅས་པར་ནི། །རྟེན་འབྲེལ་ཆོས་དང་སངས་རྒྱས་དག །དྲི་མེད་པ་ཡི་བློས་མཐོང་བ། །རྟེན་འབྲེལ་ཞེས་པའི་མཚན་ཉིད་ནི། །རྒྱུ་བཅས་ལ་སོགས་ཚིག་དང་ལྡན། །སངས་རྒྱས་བྱུང་རུང་མ་བྱུང་རུང༌། །ཆོས་ཉིད་འདི་ནི་གནས་པ་ཡིན། །ཕྱི་དང་དེ་བཞིན་ནང་གི་ནི། །རྒྱུ་དང་རྐྱེན་ནི་རྣམ་གཉིས་ཏེ། །ཕྱི་རོལ་རྒྱུ་ནི་ས་བོན་སོགས། །རྐྱེན་ནི་རྣམ་པ་དྲུག་ཏུ་བསྟན། །ས་བོན་མྱུ་གུ་སྡོང་བུ་སོགས། །ཇི་ལྟར་འབྲས་བུ་འཇུག་པ་བརྗོད། །རྐྱེན་ནི་ས་ལ་སོགས་པ་སྟེ། །དུས་ལ་ཐུག་པ་གོ་རིམས་བཞིན། །རྟེན་དང་རླན་དང་སྨིན་པ་དང༌། །འབྲུ་འཕེལ་དང་ནི་གོ་འབྱེད་དང༌། །འགྱུར་བ་དག་ནི་དེ་རྣམས་ཀྱི། །བྱ་བ་ཇི་བཞིན་འཇུག་པའོ། །རྐྱེན་རྣམས་ཚོགས་པ་མེད་ན་ནི། །ས་བོན་ཡོད་ཀྱང་མྱུག་སོགས་མེད། །ས་བོན་མེད་པ་ཉིད་ཡིན་ན། །རྐྱེན་རྣམས་ཡོད་ཀྱང་དེ་དང་འདྲ། །རྒྱུ་དང་དེ་བཞིན་རྐྱེན་རྣམས་ནི། །ངར་འཛིན་ལ་སོགས་བྲལ་བ་སྟེ། །རྒྱུ་དང་རྐྱེན་ནི་ཚོགས་པ་ལས། །ལས་ཀྱི་འབྲས་བུ་ཆུད་ཟ་མེད། །བདག་ལས་མ་ཡིན་གཞན་ལས་མིན། །གཉིས་དང་བྱེད་པོ་དུས་ལས་མིན། །དེ་བཞིན་དབང་ཕྱུག་སོགས་བྱས་མིན། །རང་བཞིན་ལས་མིན་རྒྱུ་མེད་མིན། །རྒྱུ་དང་རྐྱེན་གྱིས་འཇུག་པ་ཡང༌། །ཐོག་མ་མེད་པའི་དུས་ཅན་སྣང༌། །རྒྱུ་ལྔ་དག་གིས་ཕྱི་རོལ་གྱི། །རྟེན་ཅིང་འབྲེལ་པར་འབྱུང་བར་བཞེད། །རྟག་པར་མ་ཡིན་ཆད་པར་མིན། །འཕོ་བར་མ་ཡིན་རྒྱུ་ཆུང་ལས། །འབྲས་བུ་ཆེན་པོ་འགྲུབ་པ་དང༌། །འདྲ་བར་རྗེས་སུ་འགྲོ་ཕྱིར་ཡང༌། །མྱུ་གུ་ས་བོན་ལྟར་མི་འདོད། །རྒྱུ་མེད་མྱུ་གུ་སྐྱེ་བའང་མེད། །འགག་དང་སྐྱེ་བ་མགོ་མཉམ་སྟེ། །སྲང་མདའི་མགོ་མཇུག་མཐོ་དམན་བཞིན། །དེ་བཞིན་ནང་གི་རྒྱུ་དང་ནི། །རྐྱེན་གྱིས་རྣམ་པ་གཉིས་སུ་བཞེད། །འདིའི་རྒྱུ་དང་པོ་མ་རིག་པ། །ཐ་མ་འཆི་ཡིན་གོ་རིམས་བཞིན། །ཡན་ལག་བཅུ་གཉིས་ཉོན་མོངས།


DTG113_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །སྐྱེ་བཅས་བདག་ཉིད་ཆ་གསུམ་ནི། །རྒྱུ་དང་རྐྱེན་ལས་བྱུང་བ་སྟེ། །བྱེད་པ་ལ་སོགས་རྣམ་པར་སྤངས། །གལ་ཏེ་དང་པོ་མ་རིག་མེད། །ཐ་མ་འཆི་བ་འབྱུང་མི་འགྱུར། །དེ་དག་ལས་གཞན་བདག་དང་ནི། །བདག་གིས་ཞེས་པ་གང་ནའང་མེད། །དང་པོ་མ་རིག་བྱུང་ན་ནི། །ཐ་མ་འཆི་བའང་སྣང་བར་འགྱུར། །དེ་ལྟར་འདི་ནི་ནང་གི་རྒྱུ། །འདི་ཡི་རྐྱེན་ནི་རྣམ་པ་དྲུག །ཐ་མ་རྣམ་ཤེས་ཐོག་མ་ས། །ནང་གི་རྐྱེན་དུ་འདོད་པ་ཡིན། །སྲ་དང་རྗེས་སུ་སྡུད་པ་དང༌། །སྨིན་དང་དབུགས་འཕེལ་གོ་འབྱེད་ཉིད། །ཤེས་དང་གཟུགས་ཀྱི་རྗེས་འཇུག་པ། །རྣམ་ཤེས་ལྔ་དང་ལྡན་པ་དང༌། །དེ་ན་ཉོན་མོངས་ཅན་ཡིད་ཀྱང༌། །འདི་རྣམས་ནང་གི་རྐྱེན་ཡིན་ནོ། །ཁམས་རྣམས་འདུས་པར་གྱུར་པ་ལས། །ལུས་ནི་སྐྱེ་བར་འདོད་པ་ཡིན། །དེ་དག་བདག་དང་བདག་གི་ཞེས། །རྣམ་རྟོག་སྐྱེ་བ་མེད་པར་འདོད། །དེ་དག་ཡོད་ན་སྐྱེ་འགྱུར་ཏེ། །དེ་དག་མེད་ན་འབྱུང་བ་མེད། །དེ་རྣམས་བདག་སོགས་མི་ལྡན་ལ། །གཞན་ཡང་སུའི་ཡང་མ་ཡིན་ནོ། །གང་གཅིག་རིལ་སོགས་འདུ་ཤེས་པ། །དེ་ནི་མ་རིག་སྲིད་གསུམ་སྒྲིབ། །མི་ཤེས་པས་ནི་འདོད་ཆགས་དང༌། །ཞེ་སྡང་གཏི་མུག་མངོན་དུ་བྱེད། །དེ་ལས་འདུ་བྱེད་དངོས་པོ་ནི། །རྣམ་པར་རིག་པའི་རྣམ་ཤེས་འབྱུང༌། །རྣམ་ཤེས་ལྷན་ཅིག་འབྱུང་བ་ནི། །གཟུགས་ཅན་མ་ཡིན་ཕུང་པོ་བཞི། །མིང་དང་གཟུགས་ལ་བརྟེན་ནས་ནི། །དབང་པོ་སྐྱེ་མཆེད་འབྱུང་བར་འགྱུར། །ཡུལ་དང་དབང་པོ་རྣམ་པར་ཤེས། །འདུས་པ་ལས་ནི་རེག་པ་འབྱུང༌། །རེག་བྱུང་ཚོར་བར་ཤེས་བྱ་སྟེ། །དེ་བཞིན་ཚོར་བྱུང་སྲིད་པའོ། །སྲེད་འཕེལ་ཉེ་བར་ལེན་པ་སྟེ། །ལེན་པ་ལས་ནི་སྲིད་པ་འབྱུང༌། །སྲིད་ལས་ཕུང་འབྱུང་སྐྱེ་བ་སྟེ། །དེ་བཞིན་སྐྱེ་ལས་རྒས་པའོ། །དེ་བཞིན་རྒས་པའི་ཕུང་མེད་པ། །དེ་ནི་འཆི་བ་ཞེས་བརྗོད་དོ། །རྨོངས་པ་འཆི་ལས་མྱ་ངན་ཏེ། །སྲིད་དང་བཅས་པའི་གདུང་བ་ཉིད། །མྱ་ངན་ལས་ནི་བརྗོད་པ་གང༌། །དེ་ནི་སྨྲེ་སྔགས་འདོན་ཞེས་བྱ། །སྨྲེ་སྔགས་འདོན་པ་ལས་བྱུང་བ། །རྣམ་པར་ཤེས་པ་ཚོགས་ལྔ་ཡི། །སིམ་པ་མ་ཡིན་སྡུག་བསྔལ་བརྗོད། །ལུས་ཀྱི་བདེ་བའི་གེགས་བྱེད་པའོ། །ཡིད་ལ་བྱེད་པའི་


DTG113_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ནི། །ཡིད་ལ་ཉེ་བར་གནོད་བྱེད་པ། །དེ་ཡིད་མི་བདེར་ཤེས་བྱ་སྟེ། །གང་གཞན་ཉེ་བའི་ཉོན་མོངས་རྒྱུ། །མུན་མངོན་ཤེས་དང་མིང་གཟུགས་ནི། །སྐྱེ་མཆེད་རེག་མྱོང་སྐོམ་པའི་ཕྱིར། །སྲེད་ལས་ལེན་དང་སྲིད་སྐྱེ་དང༌། །སྨིན་དང་འཇིག་དང་མྱ་ངན་ཕྱིར། །ཚིག་སོགས་ལུས་ལ་གནོད་པ་དང༌། །སེམས་ཡིད་མི་བདེའི་ཕྱིར་དང་ནི། །ཉོན་མོངས་ཕྱིར་ནི་མིང་དོན་མཐུན། །གོ་རིམས་བཞིན་དུ་བསྟན་པ་ཡིན། །ཡང་དེ་ཁོ་ན་ཡོངས་མ་ཤེས། །མ་རིག་ལ་སོགས་གོ་རིམས་བཞིན། །སྔ་མ་སྔ་མ་ལས་ཕྱི་མ། །སྐྱེ་བ་དག་ཏུ་ཡང་བརྗོད་དོ། །ཡན་ལག་བཅུ་གཉིས་གསུམ་འཇུག་པ། །འདི་ནི་རྟག་ཆད་ཐོག་མེད་སྐྱེད། །ཆུ་བོའི་རྒྱུན་བཞིན་འཇུག་པ་ཡིས། །ཐོག་མ་མེད་པའི་དུས་ཅན་འཇུག །འོན་ཀྱང་བཞི་པོ་འདི་དག་ནི། །རྒྱུ་ནི་སྡུད་པར་བྱེད་པ་སྟེ། །མ་རིག་སྲེད་ལས་རྣམ་པར་ཤེས། །དེ་དག་གོ་རིམས་བཞིན་དུ་བཤད། །རྒྱུ་ལས་རྣམ་ཤེས་ས་བོན་ཏེ། །ལས་ནི་ཞིང་དུ་གསུངས་པ་ཡིན། །དང་པོ་སྲེད་པ་ཉོན་མོངས་པའི། །དངོས་པོ་རྒྱུར་ནི་ཡང་དག་བཤད། །ལས་དང་ཉོན་མོངས་རྣམ་པར་ཤེས། །ས་བོན་ཉིད་དུ་རྣམ་པར་གནས། །ལས་ནི་ས་བོན་རྣམ་ཤེས་ཀྱི། །ཞིང་གི་བྱ་བ་ཡང་བྱེད་དོ། །སྲེད་པས་རྣམ་ཤེས་ཞེས་བྱ་ཡི། །ས་བོན་དེ་མ་ཐག་རླན་བྱེད། །མ་རིག་ས་བོན་རྣམ་པར་ཤེས། །བརླན་པས་བསྟེན་པ་འདེབས་པར་བྱེད། །ལས་དང་སྲེད་པ་མ་རིག་པ། །ཞིང་དང་བརླན་དང་འདབས་བྱེད་རྣམས། །རྣམ་པར་ཤེས་པ་འདི་བྱ་དང༌། །རྣམ་ཤེས་བདག་འདིས་སྙམ་པ་མེད། །འོན་ཀྱང་ས་བོན་རྣམ་པར་ཤེས། །ལས་དང་ཉོན་མོངས་གནས་པ་ནི། །ས་བོན་རྣམ་པར་ཤེས་ཞེས་བརྗོད། །མ་རིག་ལུད་ཀྱིས་བྲན་པ་དང༌། །སྲེད་པའི་ཆུ་ཡིས་བསྟེན་ན་ནི། །རྒྱུ་ལས་མིང་དང་གཟུགས་ཀྱི་ནི། །མྱུ་གུ་སྐྱེ་བའང་སྣང་བར་འགྱུར། །རང་བཞིན་གཉིས་ཀ་ལ་སོགས་པས། །མིང་གཟུགས་འདི་དག་འབྱུང་ཡིན་གྱི། །ཕ་དང་མ་ནི་ཕྲད་པ་དང༌། །དུས་རྣམས་མི་འགལ་ཉིད་ལས་སོ། །མྱོང་བ་ཅུང་ཟད་འབྲེལ་པ་ནི། །ས་བོན་རྣམ་པར་ཤེས་པར་བརྗོད། །མ་ཡི་མངལ་དུ་རིམ་བཞིན་འཕེལ། །མིང་གཟུགས་མྱུ་གུ་སྐྱེད་པར་བྱེད། །རྐྱེན་རྣམས་མ་ཚངས་མེད་པ་དང༌། །རྒྱུན་རྣམས་


DTG113_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བ་མ་ཡིན་ལས། །སྒྱུ་མ་བདག་མེད་འཛིན་མེད་པར། །སྐྱེ་བ་ཡང་ནི་ཡོད་མ་ཡིན། །མིག་གི་རྣམ་པར་ཤེས་པ་ཡང༌། །རྒྱུ་ལྔ་པོ་ཡིས་འབྱུང་བ་སྟེ། །མིག་དང་གཟུགས་དང་དེ་བཞི་སྣང༌། །ནམ་མཁའ་དེ་སྐྱེད་ཡིད་ལ་བྱེད། །ལྔ་པོ་མ་ཚང་མེད་པ་ལས། མིག་གི་རྣམ་པར་ཤེས་པ་འབྱུང༌། །དེ་དག་བདག་གིས་དེ་བསྐྱེད་ཅིང༌། རྣམ་རྟོག་སྐྱེ་མེད་ཇི་ལྟར་སྣང༌། །རྣ་བའི་རྣམ་ཤེས་ལ་སོགས་ཀུན། སྐྱེ་བའི་རིམ་པ་འདི་ཉིད་ཡིན། །རྒྱུ་དང་རྐྱེན་གྱི་ཚོགས་པ་ལས། བྱེད་པོ་ལ་སོགས་བྲལ་བ་དང༌། །ངར་འཛིན་པ་དང་བྲལ་བ་ལས། །སྐྱེ་བ་ཡང་ནི་སྔ་མ་བཞིན། །དེ་ལྟར་རྟེན་ཅིང་འབྲེལ་འབྱུང་བའི། །རྒྱུ་ཅན་ཀུན་ཏུ་ཤེས་པར་བྱ། །འཇིག་རྟེན་འདས་ནས་ཕ་རོལ་དུ། གྲོ་བའི་ཆོས་འགའ་གང་ནའང་མེད། །འོན་ཀྱང་རྒྱུ་དང་རྐྱེན་དག་ལས། །ལས་ཀྱིས་འབྲས་བུ་མངོན་པ་ཡིན། །ཇི་ལྟར་མེ་ལོང་རབ་ཕྱིས་ལ། །བཞིན་གྱི་གཟུགས་བརྙན་དམིགས་པ་བཞིན། །མེ་ལོང་ནང་དུ་གཟུགས་བརྙན་ཡང༌། །འཕོས་པ་ཡོད་པ་མ་ཡིན་ཉིད། །དེ་དག་ཕན་ཚུན་རྟོག་མེད་ཅིང༌། །བྱེད་པ་པོ་དག་ལས་རྣམས་སྤངས། །དེ་བཞིན་སྐྱེ་བར་སྣང་བ་ནི། །སྔོན་འཕེལ་བྱ་བའི་རིམ་ལས་སོ། །ཇི་ལྟར་ཟླ་བ་རིང་གནས་པ། ཆུ་སྣོད་ཆུང་དུའི་ནང་དུ་ནི། །སྣང་སྟེ་འཕོས་པ་མ་ཡིན་ལ། །བྱ་བ་དང་ནི་ལས་ཀྱང་ཡོད། །དེ་བཞིན་འདི་ནས་འཆི་འཕོ་བ། །འགའ་མེད་འགྲོ་བར་སྐྱེ་བའང་སྣང༌། །རྒྱུ་རྐྱེན་མ་ཚང་མེ་མི་འབར། །རྒྱུ་རྐྱེན་ཚང་ན་མེ་འབར་བཞིན། །རྒྱུ་རྐྱེན་མ་ཚང་མེད་པ་ལས། །ཕུང་པོ་ཉིད་མཚམས་སྦྱོར་བ་ཡོད། །ཕྱི་ཡིས་ལས་དང་བྱན་བ་རྒྱུ། །དེ་ནི་བརྟགས་པའི་བདག་ཉིད་དོ། །དེ་བཞིན་གཞན་དབང་ནང་གི་སྟེ། །རྣམ་ཤེས་ལྔ་པོ་འབྱུང་བའོ། །བརྟག་བྱ་མིན་ཕྱིར་དོན་དམ་ནི། ཡོངས་སུ་གྲུབ་པར་འདོད་པ་ཡིན། །རྒྱུ་དང་རྐྱེན་དང་ལྡན་སྐྱེ་བ། །ནམ་ཡང་རྣམ་གཉིས་ཤེས་པར་བྱ། །བྱེད་པ་པོ་ལ་སོགས་པས་དབེན། །གསོ་བ་གསོག་སྟོང་སོགས་སྙིང་པོ་མེད། །དེ་ལྟར་ཤེས་རབ་ཀྱིས་མཐོང་གང༌། །ཅི་ཅིར་ཇི་ལྟར་གང་དུ་ཅིས། །སྙམ་པའི་རྟོག་སྨྲ་སོགས་སྤངས་པ། །ཆུ་ཟླའི་གཟུགས་བརྙན་ཇི་བཞིན་པ། །དེ་བཞིན་འདི་ནས་འཆི་འཕོ་བ། །འགའ་མེད་འགྲོ་བར་སྐྱེ་བའང་སྣང༌། །


DTG113_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་བུད་ཤིང་དང་འབྲེལ་ན། །མེ་ཡི་རྒྱུན་ནི་འཇུག་འགྱུར་གྱི། །རྒྱུ་ནི་མ་ཚང་གྱུར་པ་ལས། །མེ་ནི་རྗེས་སུ་འཇུག་པ་མིན། །དེ་བཞིན་ཀུན་ནས་ཉོན་མོངས་པའི། །ས་བོན་ཡེ་ཤེས་མེས་བསྲེགས་ན། །རྒྱུ་མེད་ཕྱིར་ན་འབྲས་མེད་དེ། །བྱ་བ་དང་ནི་ལས་ཀྱང་མེད། །ཡོན་ཏན་མཐའ་ཡས་བསམ་མི་ཁྱབ། །ཞི་བ་ཆོས་ཀྱི་རང་བཞིན་སྐུ། །ཐོག་མ་དབུས་དང་མཐའ་བྲལ་བ། །རྟོགས་ནས་སངས་རྒྱས་གོ་འཕང་འཐོབ། །གང་གིས་དེ་ལྟར་དེ་ཉིད་བཟོད། །དེ་ནི་ལུང་བསྟན་ཐེ་ཚོམ་མེད། །དེ་སྐད་བྱམས་བདག་བདག་ཉིད་ཀྱིས། །ཤཱ་རིའི་བུ་ལ་སྨྲས་པ་དང༌། །སཱ་ལུ་ལྗང་པ་དཔེར་མཛད་པ། །དེ་ནི་ཤཱ་རིའི་བུས་ཐོས་ནས། །སྙིང་པོ་བླངས་ཏེ་ལྷ་ཚོགས་ཀྱིས། །རྗེས་སུ་ཡི་རངས་མངོན་བསྟོད་ནས། །ལངས་ཏེ་སོང་ནས་དགའ་སེམས་ཀྱིས། དགེ་སློང་རྣམས་ལ་བཤད་པ་ཡིན། །འཕགས་པ་སཱ་ལུ་ལྗང་པའི་མདོ་ཚིག་ལེའུར་བྱས་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།

འཕགས་པ་སཱ་ལུ་ལྗང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་རྒྱ་ཆེར་བཤད་པ།
ཀླུ་སྒྲུབ།


DTG113_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྻ་ཤཱ་ལི་སྟ་མཱ་ཀ་མ་ཧའ་ཡའ་ན་སཱུ་ཏྲ་ཊཱི་ཀཱ། བོད་སྐད་དུ། འཕགས་པ་སཱ་ལུ་ལྗང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་རྒྱ་ཆེར་བཤད་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དེ་ལ། ཡོན་ཏན་མཐའ་ཡས་བསམ་མི་ཁྱབ། །ཅེས་བྱ་བ་ལ་སོགས་པ་ལ་ཡོན་ཏན་མཐའ་ཡས་ཞེས་བྱ་བ་ནི། ཡོན་ཏན་ནི་སྟོབས་དང༌། མི་འཇིགས་པ་དང༌། མ་འདྲེས་པ་ལ་སོགས་ཏེ། ཡོན་ཏན་དོན་དུ་གཉེན་བའི་ལྷ་དང་མི་རྣམས་ཀྱིས་འདྲིས་པར་བྱ་བ་དང། བསྟེན་པར་བྱ་བ་དང༌། གོམས་པར་བྱ་བ་དང༌། བསྒོམ་པར་བྱ་བ་དང༌། མངོན་དུ་བྱ་བ་དང༌། ཐོབ་པར་བྱ་བའི་ཕྱིར་ཡོན་ཏན་རྣམས་སོ། །དེ་རྣམས་ནི་ཡོན་ཏན་མང་པོ་ཡིན། མཐའ་ཡ་པ་དང་། བསམ་གྱིས་མི་ཁྱབ་པ་ཡིན་པས་ཞེས་ཚིག་བསྡུ་སྟེ། ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཉིད་ནི་ཉན་ཐོས་དང༌། རང་སངས་རྒྱས་དང༌། སོ་སོའི་སྐྱེ་བོ་ཐམས་ཅད་དང༌། རྟོག་གེ་པ་ཐམས་ཅད་ཀྱི་ཚོགས་དང་སེམས་ཀྱི་ཡུལ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །དེའི་ཕྱིར་ཡོན་ཏན་མཐའ་ཡས་ཤིང་བསམ་གྱིས་མི་ཁྱབ་བ་དེ་རྣམས་དང་ལྡན་པའོ། །གང་ཞིག་ཅེ་ན། སྨྲས་


DTG113_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

པ། རྫོགས་པའི་སངས་རྒྱས་ཐུགས་རྗེའི་བདག །ཅེས་བྱ་བ་སྨོས་ཏེ། ཡང་དག་པར་ཕྱིན་ཅི་མ་ལོག་པར་སངས་རྒྱས་པས་རྫོགས་པའི་སངས་རྒྱས་ཏེ། ཆོས་ཐམས་ཅད་མི་རྟག་པ་དང༌། སྡུག་བསྔལ་བ་དང་སྟོང་པ་དང༌། བདག་མེད་པ་ལ་སོགས་པར་ཆོས་དང་གང་ཟག་ལ་བདག་མེད་པའི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་སོ། །ཡང་ན་པདྨ་ཁ་ཕྱེ་བ་བཞིན་དུ་བློ་རྒྱས་པས་སངས་རྒྱས་སམ། སངས་རྒྱས་པའི་ཕྱིར་ན་སངས་རྒྱས་ཏེ། འགྲོ་བ་མི་ཤེས་པའི་གཉིད་ཀྱིས་རབ་ཏུ་ལོག་པའི་ནང་ན། སྐྱེས་བུ་གཉིད་སངས་པ་བཞིན་དུ་ཇི་ལྟ་བ་ཕྱིན་ཅི་མ་ལོག་པར་ཡང་དག་པའི་ཡེ་ཤེས་ཤར་བ་བརྙེས་པའི་ཕྱིར་སངས་རྒྱས་ཞེས་བྱའོ། །ཡང་ན་སྐྱེ་བོ་མི་མཁས་པ་རྟོགས་པར་མཛད་པའི་ཕྱིར་སངས་རྒྱས་ཏེ། ཇི་ལྟར་བདག་ཉིད་གཞན་ལ་རག་ལས་པར་སོ་སོ་རང་གིས་རིག་པའི་ཆོས་ཀྱི་དེ་ཁོ་ན་རྟོགས་པ་དེ་བཞིན་དུ་ལོག་པའི་ལམ་དུ་འཁྱམས་པའི་སེམས་དང་ལྡན་པ། འཁོར་བ་འབྲོག་དགོན་པར་སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་ལ་སོགས་པར་གཅེས་པ། ལྟ་བ་རྣམ་པ་སྣ་ཚོགས་ཀྱི་ནགས་ཚང་ཚིང་དུ་ཉོན་མོངས་པའི་སྦྲུལ་གདུག་པའི་འཇིགས་པས་གང་བར་ཕན་ཚུན་ཡོངས་སུ་འཁྱམས་པ་གཞན་དག་ཀྱང་ཡང་དག་པའི་ལམ་དུ་བཙུད་དེ། ཐར་པའི་གྲོང་ཁྱེར་ཆེན་པོ་བླ་ན་མེད་པར་འཇུག་པར་མཛད་པའི་ཕྱིར་སངས་རྒྱས་ཞེས་བྱའོ། །ཐུགས་རྗེའི་བདག་ཅེས་བྱ་བ་ནི་ཐུགས་རྗེའི་རང་བཞིན་ཏེ། ཉོན་མོངས་པ་དང༌། ལས་དང༌། སྡུག་བསྔལ་སེལ་བའི་ཕྱིར་ཐུགས་རྗེའོ། །གང་ལ་ཐུགས་རྗེའི་བདག་ཉིད་དེ། །ངོ་བོ་ཉིད་ཡོད་པ་དེ་ནི་ཐུགས་རྗེའི་བདག་ཉིད་དོ། །དེ་ནི་རྫོགས་པའི་སངས་རྒྱས་ཡིན་ལ། ཐུགས་རྗེའི་བདག་ཉིད་ཀྱང་ཡིན་པས་རྫོགས་པའི་སངས་རྒྱས་ཐུགས་རྗེའི་བདག་ཉིད་དེ། དེ་བས་ན་སངས་རྒྱས་ཐུགས་རྗེའི་བདག་ཉིད་དེ་ལའོ། །རབ་བཏུད་སཱ་ལུ་ལྗང་པ་ཡི། །ཞེས་བྱ་བ་སྨོས་ཏེ། རབ་བཏུད་ཅེས་བྱ་བ་ནི་ཡང་དག་པར་མཆོད་ནས་ཏེ། འདུད་པ་དང༌། གུས་པ་དང༌། གཞོལ་བས་ཕྱག་འཚལ་ཏེའོ། །ཕྱག་འཚལ་ཏེ་ཅི་ཞིག་བྱ་ཞེ་ན། སཱ་ལུ་ལྗང་པའི་ཞེས་མདོའི་བཤད་སྦྱར་བསྟན་བཅོས། །ཚིག་ལེའུར་བྱས་པ་བཤད་པར་བྱ། །ཞེས་བྱ་བ་སྨོས་སོ། །དེ་ལ། ཡོན་ཏན་མཐའ་ཡས་


DTG113_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་མི་ཁྱབ། །ཅེས་བྱ་བ་འདིས་ནི་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །ཐུགས་རྗེའི་བདག་ཉིད་ཅེས་བྱ་བ་འདིས་ནི། གཞན་གྱི་དོན་ཕུན་སུམ་ཚོགས་པ་བརྗོད་དོ། །རྫོགས་སངས་རྒྱས་ཞེས་བྱ་བ་ནི་སངས་རྒྱས་ནི་རྟོགས་པའི་དོན་ཡིན་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དོ། །ཡོན་ཏན་མཐའ་ཡས་བསམ་མི་ཁྱབ། །ཅེས་བྱ་བ་འདིས་ནི་འདོད་ཆགས་ལ་སོགས་པ་དང་བྲལ་བ་ཉིད་དོ། །ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་ཡོང་ཏན་མ་ཡིན་པ་རྣམས་ནི། ཡོན་ཏན་དང་མི་མཐུན་པའི་ཕྱིར་རོ། །དེ་བས་ན་ཐམས་ཅད་མཁྱེན་པ། འདོད་ཆགས་དང་བྲལ་བ། རྫོགས་པའི་སངས་རྒྱས་དེ་ལྟར་བུ་ལ་བཅུད་དེའོ། །ཐུགས་རྗེའི་བདག་ཉིད་ཅེས་བྱ་བ་ནི། གང་ཞིག་ཐམས་ཅད་མཁྱེན་ཅིང་འདོད་ཆགས་དང་བྲལ་བ་དེ་ནི་སློབ་དཔོན་གྱིས་དཔེ་མཁྱུད་དང་བྲལ་བས་གཞན་དག་ལ་ཇི་ལྟར་རྟོགས་པའི་ཆོས་སྟོན་ཏེ། འདིས་ནི་གཞན་ལ་ཕན་པར་མཛད་པའི་ཕྱིར་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལྟར་རང་གི་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་ལྡན་པ་རྫོགས་པའི་སངས་རྒྱས་དེ་ལ་བཏུད་དེའོ། །དེ་ལྟར་ན་ཡང་འདོད་པ་དང་བཅས་པའི་ཚིག་ཡིན་པའི་ཕྱིར་འདོད་པ་དང་བཅས་པས་ཅི་ཞིག་འདོད་ཅེས་དྲིས་པ་དང༌། སྨྲས་པ། བཤད་པར་བྱའོ། །གང་ཞིག་བཤད། སྨྲས་པ། སཱ་ལུ་ལྗང་པའི་མདོ་དང་སྦྱར་བའི་བསྟན་བཅོས་ཚིགས་ལེའུར་བྱས་པའོ། །བསྟན་བཅོས་བརླམས་པ་ལ་ཐོག་མར། འབྲེལ་བ་དང༌། དགོས་པ་དང༌། བརྗོད་པ་དང༌། བརྗོད་པར་བྱ་བ་བཞི་ངེས་པར་བརྗོད་པར་བྱ་བ་མ་ཡིན་ནམ། །དེ་འདི་ལ་མེད་པས་འདིའི་རྩོམ་པ་ནི་མི་རིགས་པ་ཡིན་ཏེ། འབྲེལ་པ་ལ་སོགས་པ་དང་བྲལ་བའི་ཕྱིར་སྨྱོན་པའི་ཚིགས་བཞིན་ནོ་ཞེའོ། །བརྩམ་པར་མི་བྱའོ་ཞེས་བྱ་བ་ནི་ཆོས་སོ། །བསྟན་བཅོས་ཞེས་བྱ་བ་ཆོས་ཅན་ནོ། །ཆོས་དང་ཆོས་ཅན་སྤྱི་ནི་ཕྱོགས་སོ། །བྲེལ་བ་ལ་སོགས་པ་དང་བྲལ་བའི་ཕྱིར་ཞེས་བྱ་བ་ནི་གཏམ་ཚིགས་སོ། །གོ་བར་བྱེད་པས་ན་གཏམ་ཚིགས་ཏེ། གཏན་ཚིགས་ཀྱིས་དོན་ནི་གོ་བར་བྱེད་པ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་འབྲེལ་པ་ལ་སོགས་དང་བྲལ་བའི་ཕྱིར་བརྩམས་པར་མི་བྱའོ། །སྨྱོན་པའི་ཚིག་བཞིན་ནོ་ཞེས་བྱ་བའི་ནི་དཔེའོ། །དེ་སྐད་དུ་བརྒལ་བ་ལ་སྨྲས་པ། འབྲེལ་པ་ལ་སོགས་པ་དང་བྲལ་བའི་ཕྱིར་


DTG113_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གང་སྨྲས་པའི་གཏན་ཚིགས་དེ་མ་གྲུབ་པར་བརྗོད་པའི་ཕྱིར་བཤད་པ་འདི་ལ་འབྲེལ་པ་ལ་སོགས་པ་བཞི་ཡོད་པ་ཉིད་དོ། །དེ་ཡང་གང་ཞེ་ན། སྨྲས་པ། སཱ་ལུ་ལྗང་པའི་མདོ་དང་སྦྱར་བའི་བསྟན་བཅོས་ཚིག་ལེའུར་བྱས་པ་བཤད་པར་བྱ་བ་ཡིན་པས་འདི་ལ་འབྲེལ་པ་ཡོད་པ་ཉིད་དེ། སཱ་ལུ་ལྗང་པའི་མདོ་ཞེས་བྱ་བ་ནི་མུ་སྟེགས་བྱེད་པ་ལ་སོགས་པ་གཞན་གྱི་གཞུང་ལུགས་ཀྱི་ཁྱད་པར་དག་ལ་མི་དམིགས་པའི་ཕྱིར་བསྟན་བཅོས་འདི་ནི་སངས་རྒྱས་དང་འབྲེལ་པའོ། །དེའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །འབྲེལ་པ་ཡོད་པ་དང་དགོས་པ་ཡང་མེད་ན་མེད་པ་ཡིན་ནོ། །དེའི་ཕྱིར་བཤད་པ། འདིར་ནི་དགོས་པ་ནི། རྒྱུ་དང་རྐྱེན་གྱི་དོན་ཁོང་དུ་ཆུད་པའི་ཕྱིར་དང༌། གང་ཟག་ལ་བདག་མེད་པ་དང༌། ཆོས་ལ་བདག་མེད་པ་དང༌། གཟུང་བ་དང༌། འཛིན་པ་མེད་པར་རྟོགས་པའི་ཕྱིར་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་དང་བྲལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པས་འདི་ལ་དགོས་པ་ཡོད་པ་ཉིད་དོ། །དེ་བས་ན་དགོས་པ་དང་བཅས་པའི་ཕྱིར་གསོ་བ་ལ་སོགས་པའི་བསྟན་བཅོས་བཞིན་དུ་བརྩམ་པར་བྱ་བ་ཉིད་དོ། །གང་དང་གང་དོན་དང་བཅས་པ་དེ་དང་དེ་ནི་བརྩམ་པར་བྱ་བ་སྟེ། དཔེར་ན་གསོ་བ་ལ་སོགས་པའི་བསྟན་བཅོས་ལྟ་བུ་ཡིན་པས་དཔེ་མ་གྲུབ་པར་བཤད་པར་འགྱུར་རོ། །འདིའི་བརྗོད་པས་སཱ་ལུ་ལྗང་པའི་དཔེས་ནང་དང་ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བ་མཚུངས་པ་ཉེ་བར་སྦྱར་བས་འདི་བརྗོད་པས་སཱ་ལུ་ལྗང་པ་ཞེས་བྱ་བ་ཡང་ཡོད་པ་ཉིད་དེ། དེའི་ཕྱིར་ཡང་དོན་མ་གྲུབ་པ་ཉིད་དོ། །བརྗོད་པར་བྱ་བ་ཞེས་བྱ་བ་ནི། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་རྐྱེན་དང་བཅས་པ་སོ་སོར་གོ་རིམས་བཞིན་མཚན་ཉིད་རྣམ་པར་འཇོག་པར་བྱེད་པས་བྱེད་པ་པོ་ལ་སོགས་པ་དང༌། རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་དང་འབྲལ་ནས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་སྤངས་པའི་ཕྱིར་ཡང་དག་པའི་ཡེ་ཤེས་སྐྱེས་ཏེ། བླ་ན་མེད་པའི་ཆོས་སྐུ་ཐོབ་པས་འདི་བརྗོད་པར་བྱ་བ་ཡང་ཡོད་པ་ཉིད་དེ་འདིའི་ཕྱིར་ཡང་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །དེ་བས་ན་གསོ་བ་ལ་སོགས་པའི་བསྟན་བཅོས་བཞིན་དུ་བསྟན་བཅོས་འདི་འབྲེལ་པ་ལ་སོགས་པ་དང་ལྡན་པའི་ཕྱིར་བརྩམ་པར་བྱ་བ་ཉིད་དོ། །བརྩམ་


DTG113_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་ཞེས་བྱ་བ་ནི་ཆོས་སོ། །བསྟན་བཅོས་ཞེས་བྱ་བ་ནི་ཆོས་ཅན་ནོ། །ཆོས་དང་ཆོས་ཅན་སྤྱི་ནི་ཕྱོགས་སོ། །འདི་ན་ཆོས་ཡོད་པས་ཆོས་ཅན་ཏེ་གདུགས་ཅན་བཞིན་ནོ། །གལ་ཏེ་དེ་ལྟ་ན་བསྟན་བཅོས་རྩོམ་པ་ལ་ཕྱག་འཚལ་བར་བྱེད་པ་དོན་མེད་དེ། དགོས་པ་མེད་པའི་ཕྱིར་བྱ་རོག་གི་སོ་བརྟག་པ་ལ་སོགས་པའི་བསྟན་བཅོས་བཞིན་ནོ་ཞེས་བྱ་བའི་གཏན་ཚིགས་འདི་ནི་དོན་མ་གྲུབ་པ་ཉིད་བསྟན་པར་སྨྲས་པ། བསྟན་བཅོས་རྩོམ་པ་ལ་སྟོན་པ་ལ་མཆོད་པ་བྱས་སོ། །གལ་ཏེ་ཅིའི་ཕྱིར་ཞེ་ན། བསྟན་བཅོས་དང༌། དེ་ལ་གུས་པ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་ཏེ། ཆོས་ཉན་པ་གུས་པ་སྐྱེ་བ་རྣམས་ཉན་པ་དང་སེམས་པ་དང༌། བསྒོམ་པ་དག་ལ་གུས་པར་འགྱུར་གྱི། གུས་པ་མ་སྐྱེས་པ་རྣམས་ནི་མ་ཡིན་པས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །ཡང་ན་དམ་པའི་སྤྱོད་པའི་སྲོལ་བསྟན་པའི་དོན་དུ་བསྟན་བཅོས་རྩོམ་པ་ལས་སྟོན་པ་ལ་མཆོད་པ་བྱེད་དོ། །འདི་ནི་སྐྱེས་བུ་དམ་པ་མཁས་པ་རྣམས་ཀྱི་སྤྱོད་པ་ཡིན་ཏེ། ནམ་ཞིག་འགའ་ཞིག་དགོས་པ་རྩོམ་པ་ལ་འཇུག་ན་དང་པོར་ཡིད་དུ་འོང་བའི་ལྷ་ལ་ཕྱག་འཚལ་ཏེ། དགོས་པ་ཁྱད་པར་དག་ལ་ཞུགས་པ་ན་འདོད་པའི་དོན་རིང་པོར་མི་ཐོགས་པར་འགྲུབ་པས་དེའི་ཕྱིར་བསྟན་བཅོས་བྱེད་པ་འདི་ཡང་དམ་པའི་སྤྱོད་པའི་སྲོལ་དེ་ཉིད་ཀྱི་རྗེས་སུ་འབྲང་བ་ན་བསྟན་བཅོས་རྩོམ་པ་ལ་རང་གི་སྟོན་པ་ལ་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བའི་ཕྱག་འཚལ་བ་བྱས་ནས། བསྟན་བཅོས་བཤད་པར་བྱ་བ་ལ་ཞུགས་པས་འདི་ལ་དགོས་པ་ཡོད་པ་ཉིད་དོ། །སྨྲས་པ། བསྟན་བཅོས་རྩོམ་པ་སྟོན་པ་ལ། །ཕྱག་འཚལ་བྱེད་པ་འབྲས་མེད་མིན། །སྟོན་པ་དང་ནི་བསྟན་བཅོས་ལ། །གུས་བསྐྱེད་རྒྱུ་ཕྱིར་གཞན་དུ་མིན། །དེ་ནས་བསྟན་བཅོས་རྩོམ་པས་སྟོན་པ་ལ་མཆོད་པ་བྱ་བ་རྣམ་པར་གནས་པ་ཉིད་དོ། །དེའི་ཕྱིར་གཞན་གྱི་བསྟན་བཅོས་ཀྱི་ཐོག་མར་ཕྱག་འཚལ་བར་བྱེད་པར་དགོས་པ་མེད་དོ་ཞེས་གང་སྨྲས། གཏན་ཚིགས་དེ་མ་གྲུབ་པ་ཉིད་དུ་བསྟན་པར་སྨྲས་པ། བསྟན་བཅོས་རྩོམ་པ་ལ་ཕྱག་འཚལ་བར་བྱེད་པ་ནི། གསོ་བ་ལ་སོགས་པའི་བསྟན་བཅོས་བཞིན་དུ་དགོས་པ་དང་བཅས་པ་ཉིད་དོ། །བྱ་རོག་གི་སོ་བརྟག་པ་ལྟ་བུ་མིན་ནོ། །རང་གི་སྟོན་པ་ལ་ཕྱག་བྱས་ཏེ། སཱ་ལུ་ལྗང་པའི་མདོ་དང་སྦྱར་བའི་བསྟན་བཅོས་ཚིག་ལེའུར་བྱས་པ་


DTG113_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པར་བྱའོ་ཞེས་སྨྲས་ན། དེ་ཡང་གང་ཞིག་ཅེ་ན། ཐུབ་པ་རྒྱལ་པོའི་ཁབ་ཀྱི་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་པོའི་ཁབ་ནི་རྒྱལ་ཁབ་སྟེ། རྒྱལ་པོའི་ཕོ་བྲང་ཞེས་བྱ་བའི་ཐ་ཚིག་གོ །བྱ་རྒོད་ཅེས་པའི་རི་བོ་ལ། །ཞེས་བྱ་བ་ནི་བྱ་རྒོད་ཕུང་པོའི་རི་བོ་ལའོ། །དེ་ཉིད་ཀྱི་ཕྱིར་ཡང་དག་པར་སྡུད་པར་བྱེད་པའི་མདོ་ལས། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་སྨོས་སོ། །སུ་ལས་ཐོས་ཤེས་ན། དེའི་ཕྱིར་སྨྲས་པ། བཅོམ་ལྡན་འདས་ལས་སོ། །དུས་གཅིག་ན་ཞེས་བྱ་བ་ནི་དུས་གཅིག་ནའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བཅོམ་པ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་སོ། །ཅི་ཞིག་བཅོམ་པ་དང་ལྡན་ཞེ་ན། དེའི་ཕྱིར་སྨྲས་པ། བདུད་བཞིའོ། །ཉོན་མོངས་པ་དང༌། ཕུང་པོ་དང༌། ལྷའི་བུ་དང༌། འཆི་བདག་གི་བདུད་ཅེས་གྲགས་པའོ། །ཇི་ལྟར་བཅོམ་ཞེ་ན། སྨྲས་པ། གཉེན་པོ་ཡེ་ཤེས་བརྙེས་པའི་ཕྱིར་ཏེ། མཐོང་བ་དང་བསྒོམ་པའི་ལམ་ལ་འཇུག་པའི་ཚུལ་གྱིས་དྲན་པ་ཉེ་བར་གཞག་པ་བཞི་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པའི་རིམ་གྱིས། འཕགས་པའི་བདེན་པ་བཞི་སྒོམ་པ་རྣམ་པར་བསྒོམ་པ་ཉིད་ཀྱིས་ཕུང་པོའི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པས་མི་རྟག་པ་དང༌། སྡུག་བསྔལ་བ་དང། སྟོང་པ་དང༌། བདག་མེད་པ་ལ་སོགས་པར་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་གང་ཟག་དང་ཆོས་ལ་བདག་མེད་པ་དང༌། གཟུང་བ་དང་འཛིན་པ་མེད་པར་རྟོག་པའི་ཕྱིར་དང༌། ཁམས་གསུམ་པ་འདི་ཡང་སེམས་ཙམ་ཁོ་ནའོ་ཞེས་བྱ་བར་རྟོགས་པའི་ཕྱིར། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བའི་སྒོ་ནས་ཉོན་མོངས་པ་བཅོམ་མོ། །རྟག་པ་དང༌། བདེ་བ་དང༌། གཙང་བ་དང༌། བདག་དང་བཅས་པར་ཕྱིན་ཅི་ལོག་པ་བཞི་ལ་སོགས་པ་དང་བྲལ་བ་སྟེ། ཆོས་ཀྱི་སྐུ་བླ་ན་མེད་པ་དང་ལྡན་ནས་མི་གནས་པའི་མྱ་ངན་ལས་འདས་པ་བརྙེས་པའི་ཕྱིར་ཕུང་པོ་དང་འཆི་བདག་གི་བདུད་ལས་རྒྱལ་ལོ། །ཆོས་ཐམས་ཅད་སྒྱུ་མ་དང༌། སྨིག་རྒྱུ་དང༌། དྲི་ཟའི་གྲོང་ཁྱེར་དང༌། སྤྲུལ་པ་དང༌། གཟུགས་བརྙན་དང༌། བྲག་ཅ་དང༌། མགལ་མེའི་འཁོར་ལོ་དང༌། རྨི་ལམ་ལྟ་བུར་ཤིན་ཏུ་ཐུགས་སུ་ཆུད་པའི་ཕྱིར་ཀུན་ནས་ཉོན་མོངས་པའི་ཀུན་གཞི་རྣམ་པར་ཤེས་པའི་


DTG113_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆགས་ཀྱི་དྲི་མ་དང་བྲལ་བས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡང་དག་པར་ཆད་ནས་བྱམས་པ་ཆེན་པོ་ལ་སོགས་པའི་མདའ་འཕངས་པས་ཆུ་སྲིན་གྱི་རྒྱལ་མཚན་ཅན་སྡེ་དང་བཅས་པ་ལ་བསྣུན་པའི་ཕྱིར་ལྷའི་བུའི་བདུད་ཕམ་པར་མཛད་དེ། དེ་ལྟར་བདུད་བཞི་བཅོམ་པས་ན་བཅོམ་ལྡན་འདས་སོ། །ཡང་སྨྲས་པ། བདུད་བཞིའི་དགྲ་ནི་བཅོམ་ཕྱིར་དང༌། །སྲིད་པ་གསུམ་ལས་བྱུང་བ་དང༌། །བྱུང་འགྱུར་འབྱུང་བ་འབྱུང་མཁྱེན་ཅིང༌། །སྲིད་པར་གནས་འདི་བཅོམ་ལྡན་འདས། །བཅོམ་ལྡན་འདས་དེ་ལྟ་བུ་ནི་རྒྱལ་པོའི་ཁབ། བྱ་རྒོད་ཕུང་པོའི་རི་ལ་བཞུགས་སོ། །ཅིའི་ཕྱིར་གྲོང་ཁྱེར་དེ་ལ་རྒྱལ་པོའི་ཁབ་ཅེས་བྱ་ཞེ་ན། སྨྲས་པ། གྲོང་ཁྱེར་དེ་ནི་སྔོན་རྩྭ་མཆོག་གི་གྲོང་ཁྱེར་ཞེས་གྲགས་ཏེ། གང་གི་ཚེ་གྲོང་ཁྱེར་དེ་ལ་མི་མ་ཡིན་པ་འཁྲུགས་པ་རྣམས་ཀྱིས་ཡང་དང་ཡང་མེ་བཏང་བ་དེའི་ཚེ་རྒྱལ་པོས་རྟོགས་ནས་བཀའ་བཏགས་པ། ཤེས་ལྡན་གྲོང་ཁྱེར་བ་དག །དེང་ཕྱིན་ཆད་གང་གི་ཁྱིམ་དུ་སྔར་མེ་ཤོར་བ་དེས་བསིལ་བའི་ཚལ་གྱི་དུར་ཁྲོད་ཆེན་པོར་སོང་ལ་ཁྱིམ་བརྩིགས་ཏེ་འདུག་ཤིག་ཅེས་བསྒོ་བ་དང༌། དེ་ནས་ཡང་ལས་ཀྱི་རྐྱེན་གྱི་དབང་གིས་དང་པོར་རྒྱལ་པོའི་ཕོ་བྲང་དུ་མེ་ཤོར་རོ། །དེ་ནས་རྒྱལ་པོས་བློན་པོ་རྣམས་ལ་བོས་ཏེ་བསྒོ་བ། ཤེས་ལྡན་བློན་པོ་དག་ཤེས་པར་གྱིས་ཤིག །འདི་ལྟར་ང་ཉིད་ཀྱིས་དེ་ཁྲིམས་སུ་བཅས་པ་ལས་ང་ཉིད་འདའ་བར་བྱེད་པ་གང་ཡིན་པ་དེ་ནི་ང་ལ་མ་ལེགས་ཤིང་ཚུལ་མ་ཡིན་པས་ཤེས་ལྡན་བློན་པོ་དག་དེང་ལ་བསིལ་བའི་ཚལ་གྱི་དུར་ཁྲོད་ཆེན་པོའི་ནང་དུ་རྒྱལ་པོའི་ཕོ་བྲང་བརྩིགས་ཤིག་དང་དེར་སོང་ནས་འདུག་པར་བྱའོ། །དེ་ནས་རྒྱལ་པོའི་ཚིག་ཙམ་གྱིས་ཐམས་ཅད་ཀྱིས་དེ་བཞིན་དུ་བྱས་སོ། །དེ་ལ་ཐོག་མར་ནི་རྒྱལ་པོས་དེར་ཕྱིན་ཏེ་གནས་བཏབ། དེ་ནས་ནི་གཞན་དག་གིས་བཏབ་པས་རྒྱལ་པོའི་ཁབ་ཅེས་མིང་ཆགས་སོ། །དེ་ལ་རྒྱལ་པོའི་ཁབ་གྲོང་ཁྱེར་ཆེན་པོའི་ཤར་ལྷོའི་མཚམས་ན། བྱ་རྒོད་ཕུང་པོ་ཞེས་བྱ་བའི་རི་ཡོད་དེ། རི་གང་གི་སྤྱི་བོ་བྱ་རྒོད་ཀྱི་མགོ་འདྲ་བ་དེ་ལ་བྱ་རྒོད་ཕུང་པོའི་རི་ཞེས་བྱའོ། །ཡང་ན་བདུད་སྡིག་ཅན་གྱིས་བྱ་རྒོད་ཀྱི་ཤ་ཚུགས་སུ་མངོན་པར་སྤྲུལ་ཏེ་བཅོམ་ལྡན་འདས་ཀྱི་ཆོས་གོས་དབྲོག་པར་བྱ་བར་བརྩམས་པ་ལས་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་མ་ནུས་ནས་དེ་ཉིད་དུ་བོར་ཏེ་ཆོས་


DTG113_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

གོས་དེ་དེང་སང་དུ་ཡང་རྡོར་གྱུར་ནས་བཞི་རིམ་བྱས་ཏེ་ཆོས་གོས་ལྟ་བུར་འདུག་གོ །དེ་ཉེ་བར་མཚོན་པའི་རི་ནི་བྱ་རྒོད་ཕུང་པོ་ཞེས་བྱ་སྟེ། ཐུབ་པ་བྱ་རྒོད་ཕུང་པོའི་རི་དེ་ལ་བཞུགས་སོ། །ཅི་གཅིག་པུ་ཉིད་དམ་ཞེ་ན། སྨྲས་པ། མ་ཡིན་ཏེ། དགེ་སློང་མང་དང་བྱང་ཆུབ་སེམས། །ཚོགས་དང་ཡང་དག་ཐབས་ཅིག་བཞུགས། །དགེ་སློང་མང་དང་ཞེས་བྱ་བ་ནི་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ངོ༌། །བྱང་ཆུབ་སེམས་ཚོགས་དང་ཡང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུའོ། །བཞུགས་ཞེས་བྱ་བ་ནི་བཞེངས་པ་དང༌། འཆགས་པ་དང༌། བཞུགས་པ་དང༌། གཟིམས་པ་ལ་སོགས་པ་སྤྱོད་ལམ་རྣམ་པ་བཞིས་བཞུགས་པའོ། །དེ་སུ་ཞིག་ཅེ་ན་ཐུབ་པའོ། །ཐུབ་པ་ནི། སྐུ་དང༌། གསུང་དང༌། ཐུགས་ཐུབ་པ་དང་ལྡན་པའི་ཕྱིར་ཏེ། སྐུ་དང་གསུང་དང་ཐུགས་མི་འཇུག་པས་ཐུབ་པའོ།། ཅི་ལ་མི་འཇུག་ཅེ་ན། དེའི་ཕྱིར་སྨྲས་པ། སྐུ་དང༌། གསུང་དང༌། ཐུགས་ཉེས་པར་སྤྱོད་པ་ལ་མི་འཇུག་ཅེས་བྱ་བའི་དོན་སྟོན་ཏོ། །འདི་ལ་ཐུབ་པ་ཡོད་པས་ཐུབ་པ་སྟེ། ལྡན་པའི་དོན་ཡིན་པའི་ཕྱིར་དབྱུག་པ་ཅན་བཞིན་ནོ། །ཡང་ཅིའི་ཕྱིར་གནས་དང༌། དུས་དང༌། ཞབས་འབྲིང་པ་བསྟན་ཞེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང༌། ཆོས་མཐུན་པར་བྱ་བའི་ཕྱིར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་ནི་འདི་ཡིན་པར་གྲགས་ཏེ། གང་གི་ཚེ་བྲམ་ཟེ་དང༌། ཁྱིམ་བདག་རྣམས་རྗེས་སུ་འཛིན་པ་ལ་སོགས་པར་བྱེད་པ་དེའི་ཚེ་འདུག་པའི་གནས་གྲོང་དང་གྲོང་ཁྱེར་ལ་སོགས་པ་གང་དུ་འདུག་ནས་བྱེད་པའི་གནས་དེ་ངེས་པར་རྗོད་པར་བྱེད་དོ། གནས་གང་དུ་ཞེ་ན། ཆེ་གེ་མོ་ཞིག་ནའོ། །དབང་ཉིད་རབ་ཏུ་བསྟན་པའི་ཕྱིར་བློན་པོ་ལ་སོགས་པ་དང་ལྷན་ཅིག་གོ །དུས་ཞེས་བྱ་བ་ནི་སྔ་དྲོ་དང་ཕྱི་དྲོའི་དུས་སོ། །གང་དག་ལ་ཞེ་ན། བྲམ་ཟེ་དང་ཁྱིམ་བདག་ལ་སོགས་པ་ལའོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱང་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་འཁོར་ལོས་སྒྱུར་བའི་ཕྱིར་གནས་དང༌། དུས་དང་ཞབས་འབྲིང་བ་ལ་སོགས་པ་བརྗོད་དེ། གང་དུ་ཞེ་ན། རྒྱལ་པོའི་ཁབ་ནའོ། །དུས་གཅིག་ན་ནི་སྔ་དྲོའི་དུས་སོ། །གང་དག་དང་ཐབས་


DTG113_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཅེ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་དང༌། བྱང་ཆུབ་སེམས་དཔའ་རྣམས་དང་ངོ༌། །གང་དག་ལ་ཞེ་ན། དགེ་སློང་རྣམས་ལའོ། །ཅི་ཞིག་གསུངས་ཤེན། སཱ་ལུ་ལྗང་པ་ཞེས་བྱ་བའི་མདོའོ། །ཡང་སྨྲས་པ། གང་དུ་གང་དག་ཐབས་ཅིག་དང༌། །དུས་གང་གང་ཕྱིར་གང་ལ་བསྟན། །དེ་དག་ཉིད་ནི་བསྟན་བྱས་ནས། །ཐ་མར་ཀུན་དགའ་བ་ཡི་སྒྲ། །སཱ་ལུ་ལྗང་པ་ལ་གཟིགས་ནས། །ཞེས་བྱ་བ་ལ་སོགས་པ་ལ། སཱ་ལུ་ལྗང་པ་ལ་གཟིགས་ནས་ནི་གཟིགས་ཏེའོ། །རྒྱུ་དང་རྐྱེན་ལས་བྱུང་བ་སྟེ། །ཞེས་བྱ་བ་ནི་རྒྱུ་རྐྱེན་ལས་སྐྱེས་ཀྱི་འདི་སྐྱེད་པར་བྱེད་པ་དབང་ཕྱུག་ལ་སོགས་པ་གཞན་ནི་འགའ་ཡང་མེད་དོ་ཞེས་བྱ་བར་དགོངས་པའོ། །ཡང་སྨྲས་པ། ས་བོན་ལ་སོགས་མ་གཏོགས་པར། །གཞན་གྱི་རྒྱུ་ཞེས་མི་བྱ་སྟེ། །དབང་ཕྱུག་སོགས་དང་རྒྱུ་མེད་པ། །མངོན་སུམ་ལ་སོགས་འགལ་ཕྱིར་རོ། །ས་བོན་ལས་མྱུ་གུ་ལ་སོགས་པ་སྐྱེས་ཀྱི། དབང་ཕྱུག་དང༌། གཙོ་བོ་དང༌། རྒྱུ་དུས་ལ་སོགས་པ་ནི་རྒྱུ་མ་ཡིན་ཏེ། མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་མི་དམིགས་པ་ཉིད་ཀྱི་ཕྱིར་ནམ་མཁའི་ཨུཏྤ་ལ་བཞིན་ནོ། །རྒྱུ་དང་རྐྱེན་སྐྱེས་དེ་བཞིན་དུ། །ཡན་ལག་བཅུ་གཉིས་རིམ་འབྱུང་བ། །གང་གི་རྟེན་འབྲེལ་ཞེས་མཐོང་བ། །ཞེས་སྨོས་ཏེ། རྒྱུ་དང་རྐྱེན་དག་གིས་བསྐྱེད་པའི་ཆོས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་དགེ་སློང་ངམ། དགེ་སློང་མའམ། གཞན་ཡང་གང་ལ་ལས་བྱེད་པ་ལ་སོགས་པ་རྒྱུ་མེད་པ་དང༌། མི་མཐུན་པའི་རྒྱུ་དང་བྲལ་བར་མཐོང་བ་དེས། ཆོས་དང་སངས་རྒྱས་མཐོང་ངོ་ཞེས། །དགེ་སློང་རྣམས་ལ་འདི་གསུངས་ནས། །འདྲེན་པ་ཅང་མི་གསུང་བར་བཞུགས། །འཕགས་པའི་ཆོས་ཡན་ལག་བརྒྱད་པ་དང༌། འབྲས་བུའི་ཆོས་རྟོགས་པའི་ངོ་བོ་ཉིད་དང༌། མྱ་ངན་ལས་འདས་པ་ཕུང་པོ་དང་བཅས་པ་དང༌། ཕུང་པོའི་ལྷག་མ་མེད་པར་བརྗོད་པ་ཡང་ཇི་ལྟ་བ་བཞིན་དུ་མཐོང་ངོ་ཞེས་བཀའ་སྩལ་པ་ནས། བཅོམ་ལྡན་འདས་ཅང་མི་གསུང་བར་བཞུགས་སོ། །དེའི་ཚེ་ཞེས་བྱ་བ་ལ་སོགས་པ་ནི་དགེ་སློང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་བྱམས་པའི་དྲུང་དུ་ཕྱིན་ནས་འདི་ཡོངས་སུ་དྲིས་སོ། །འདི་གསུངས་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལ་ཤཱ་རིའི་བུས་


DTG113_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་གང་ཐོས་པ་དགེ་སློང་རྣམས་ལ་གསུངས་ནས་ཏེ། བཀའ་སྩལ་ནས་སོ། །འདྲེན་པ་ཞེས་བྱ་བ་ནི་ཐབས་རྣམ་པ་སྣ་ཚོགས་ཀྱི་ཚུལ་གྱིས་སེམས་ཅན་རྣམས་འདྲེན་པའི་ཕྱིར་འདྲེན་པའོ། །ཅང་མི་གསུང་བར་བཞུགས་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བཞུགས་ཞེས་བྱ་བའི་ཐ་ཚིག་གོ །དགེ་སློང་ཤཱ་རིའི་བུས་ཐོས་ནས། །ཞེས་སྨོས་ཏེ། དགེ་སློང་ཞེས་བྱ་བ་ནི་ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་ངོ༌། །ཤཱ་རིའི་བུས་ཐོས་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལས་ཐོས་ནས་སོ། །དེ་ཉིད་ཀྱི་ཕྱིར་མདོ་ལས། དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ག་ལ་བ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །བྱམས་པའི་དྲུང་དུ་སོང་ནས་ནི། །ཞེས་བྱ་བ་ནི་གང་ལ་བྱང་ཆུབ་སེམས་དཔའ་བྱམས་པ་ཉིད་པར་རྟག་ཏུ་གནས་པ་སྟེ། དེར་ཕྱིན་ཅིང་སོང་ནས་སོ། །གཉིས་ཀ་ཡང་རྡོ་ལེབ་ལ་འཁོད་དེ།། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་འདི་སྐད་ཅེས་སྨྲས་སོ། །བྱམས་པ་དེང་འདིར་དེ་བཞིན་གཤེགས། །འདི་གསུངས་དོན་རྣམས་མ་ཕྱེ་བར། །ཅང་མི་གསུང་བར་བཞུགས་གྱུར་ནས། །དེའི་དོན་ཇི་ལྟར་རྟོགས་པར་བྱ། །ཞེས་བྱ་བ་སྨོས་སོ། །བྱམས་པ་དེང་འདིར་ཞེས་བྱ་བ་བརྗོད་ནས་དགེ་སློང་རྣམས་ལ་བཅོམ་ལྡན་འདས་ཀྱིས་སཱ་ལུ་ལྗང་པའི་དཔེས་བསྟན་པས་གང་གསུངས་པ་བྱམས་པ་བདེ་བར་གཤེགས་པས་བཀའ་སྩལ་པའི་མདོ་དེའི་དོན་ཅི། བཅོམ་ལྡན་འདས་ཀྱིས་ཀྱང་དོན་རྣམ་པར་མ་ཕྱེ་ལ། ཐམས་ཅད་མཁྱེན་པའི་ཡུལ་གྱི་དོན་རྣམས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལས་འདས་པའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་གང༌། ཆོས་ནི་གང༌། སངས་རྒྱས་ནི་གང་ཞེས་བྱ་བ་ལ་སོགས་པ་འདྲིའོ། །འདི་ཉིད་མདོ་བྱེད་པས། མདོ་དང་སྦྱར་བ་སྨྲས་ལ། རྟེན་ཅིང་འབྲེལ་དང་ཆོས་གང་ཡིན། །སངས་རྒྱས་ཀྱང་ནི་གང་ཞིག་ཡིན། །ཞེས་སྨོས་ཏེ། ཇི་ལྟར་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་ན་ཆོས་མཐོང་ངོ༌། །ཆོས་མཐོང་ནས་སངས་རྒྱས་མཐོང་ངོ་ཞེས་བྱ་བ་ནི། ཇི་ལྟར་རྟེན་འབྲེལ་མཐོང་ན་ནི། །ཆོས་དང་སངས་རྒྱས་མཐོང་བ་ཡིན། །བདག་གི་ཐེ་ཚོམ་འདི་སྨྲོས་ཞེས། །ཤཱ་རིའི་བུ་ཡིས་མ་ཕམ་སྨྲས།།


DTG113_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བརྟན་ཤཱ་རིའི་བུས་ཐེ་ཚོམ་དེ་སྐྱེས་པས་དེའི་ཕྱིར་མ་ཕམ་པ་ལ་སྨྲས་སོ། །མ་ཕམ་པ་ཞེས་བྱ་བ་ནི་བྱམས་པའོ། །བྱམས་པ་ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། བྱམས་པ་ཤིན་ཏུ་བསྒོམ་པའི་བདག །བྱམས་པས་གཏན་ལ་དབབ་པ་སྨྲས། །བྱམས་པའི་ཏིང་ངེ་འཛིན་དང་ལྡན་པས་ཤིན་ཏུ་གནས་པའི་ཕྱིར་བྱམས་པ་ཤིན་ཏུ་བསྒོམ་པའི་བདག་ཉིད་དོ། །གཏན་ལ་དབབ་པ་ཞེས་བྱ་བ་ནི་ངེས་པའོ། །སྨྲས་ཞེས་བྱ་བ་ནི་བརྗོད་པའོ། །གང་ལ་སྨྲས་ཤེན། ཤཱ་རིའི་བུ་ལའོ། །ཅི་ཞིག་སྨྲས་ཤེ་ན། འདི་ལ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགེ་སློང་དག་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ལ་སོགས་པ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཞེ་ན། འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག ། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི། རྒ་ཤིའི་རྐྱེན་གྱིས་མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ་ཞེས་བྱ་བ་འདི་ནི་བཅོམ་ལྡན་འདས་ཀྱི་རྟེན་ཅིང་འབྲེལ་པའོ་ཞེས་གསུངས་སོ། །དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི་རྒྱུ་དང་བཅས། རྐྱེན་དང་བཅས་པ་ལ་བྱའི། རྒྱུ་མེད་པ་དང༌། རྐྱེན་མེད་པ་ལ་མ་ཡིན་པས་དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱའོ། །ཡང་མ་རིག་པ་ལ་སོགས་པ་སྲིད་པའི་ཡན་ལག་འདི་རྣམས་འབྱུང་བའི་གོ་རིམས་ནི་ཇི་ལྟར་རྟོགས་པར་བྱ། མཚན་ཉིད་ནི་གང༌། ལས་ནི་ཅི། གང་ཞིག་ནི་ཡིན་ཞེ་ན། སྨྲས་པ། དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་གཉིས་ཀྱི་ཕྱིར་འབྱུང་བར་རྟོགས་པར་བྱ་སྟེ། གཉིས་གང་ཞེ་ན། སྨྲས་པ། རྒྱུ་དང་འབྲེལ་པ་དང༌། རྐྱེན་དང་འབྲེལ་བའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཡང་ཕྱི་ནང་གི་ཐ་དད་པའི་ཕྱིར་རྣམ་པ་གཉིས་སུ་རྣམ་པར་གཞག་གོ །ཇི་ལྟ་ཞེ་ན། སྨྲས་


DTG113_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

པ། ས་བོན་ལས་མྱུ་གུ་སྐྱེ་བ་ནས་འབྲས་བུ་སྐྱེ་བའི་བར་ཏེ། ས་བོན་ཡོད་ན་མྱུ་གུ་སྐྱེ་བ་དང་འབྲས་བུ་སྐྱེ་བའི་ཕྱིར་རོ། །ས་བོན་མེད་ན་མྱུ་གུ་མི་སྐྱེ་བ་ནས། འབྲས་བུ་མི་སྐྱེ་བའི་བར་རོ། །ས་བོན་ཀྱང་འདི་སྙམ་དུ་བདག་གིས་མྱུ་གུ་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་སོ། །མྱུ་གུ་ཡང་འདི་སྙམ་དུ་བདག་ནི་ས་བོན་གྱིས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་པ་ནས། མེ་ཏོག་ཀྱང་འདི་སྙམ་དུ་འབྲས་བུ་མངོན་པར་བསྒྲུབས་སོ་སྙམ་དུ་མངོན་པར་མི་སེམས་སོ། །འབྲས་བུ་ཡང་འདི་སྙམ་དུ་བདག་གི་མྱུ་གུ་མེ་ཏོག་གིས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་པའི་བར་རོ། །འོན་ཀྱང་ས་བོན་ཡོད་ན་མྱུ་གུ་ནས་འབྲས་བུའི་བར་དུ་སྐྱེ་བར་འགྱུར་ཏེ། དེ་ལྟར་ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པར་བལྟ་བར་བྱའོ། །ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པར་ཇི་ལྟར་བལྟ་ཞེ་ན། སྨྲས་པ། ཁམས་དྲུག་འདུས་པའི་ཕྱིར་ཏེ། ཁམས་དྲུག་པོ་དག་གང་ཞེ་ན། འདི་ལྟ་སྟེ་ས་ལ་སོགས་པ་དང༌། དུས་རྣམས་ཏེ། དེ་ལྟར་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པར་བལྟ་བར་བྱའོ། །ས་བོན་ས་ལ་སོགས་པ་ལ་ཅི་ཞིག་ཕན་པར་བྱེད་ནས་རྒྱུའི་རྐྱེན་དུ་འདོད་ཅེ་ན། ས་ལ་སོགས་པ་ནི་འཛིན་པ་ལ་སོགས་པ་དང༌། རླན་པ་དང༌། དྲོ་བ་དང༌། འབུ་བ་དང༌། མི་སྒྲིབ་པ་དང༌། འགྱུར་བའི་བྱ་བ་གོ་རིམས་བཞིན་དུ་བྱེད་དོ། །དེ་དག་མེད་ན་མི་འགྱུར་གྱི། ནམ་མ་ཚང་བ་མེད་པ་ན། ཐམས་ཅད་འདུས་པ་དེ་ལས་དེར་འགྱུར་རོ། །ས་ལ་སོགས་པ་ཡང་འདི་སྙམ་དུ་བདག་ཅག་གིས་ས་བོན་འཛིན་པ་ལ་སོགས་པ་བྱའོ་སྙམ་དུ་མི་སེམས་སོ། །ས་བོན་ཡང་འདི་སྙམ་དུ་བདག་ལ་ནི་རྐྱེན་འདི་རྣམས་ཀྱིས་འཛིན་པ་ལ་སོགས་པའི་བྱ་བས་ཕན་བཏགས་སོ་སྙམ་དུ་མི་སེམས་སོ། །འོན་ཀྱང་སལ་སོགས་པ་ཡོད་ན་ས་བོན་ལ་མྱུ་གུ་ལ་སོགས་པ་འབྱུང་བར་འགྱུར་ལ། མེད་ན་མི་འགྱུར། དེ་ཉིད་ཀྱི་ཕྱིར་མདོ་མཛད་པས་གསུངས་པ། ཡན་ལག་བཅུ་གཉིས་མ་རིག་སོགས། །འཆི་བ་ལ་ཐུག་གོ་རིམས་བཞིན། །ཞེས་བྱ་བ་ལ། སྲིད་པའི་ཡན་ལག་གང་དག་ལ་མ་རིག་པ་ལ་སོགས་པ་འཆི་ལ་ཐུག་པ་ཡོད་པ་དེ་དག་ནི་མ་རིག་པ་ལ་སོགས་པ་འཆི་བ་ལ་ཐུག་པ་རྣམས་སོ། །དེ་ལྟ་བས་ན་སྡུག་


DTG113_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་གྱི་ཕུང་པོ་འབའ་ཞིག་འབྱུང་བར་འགྱུར་ཞེས་བྱ་བ་དེ་ལྟ་བས་ན་ཞེས་བྱ་བ་ནི་མ་རིག་པ་ལ་སོགས་པ་རིམ་གྱིས་འབྱུང་བའོ། །སྡུག་བསྔལ་གྱི་ཕུང་པོ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཚོགས་སོ། །འབའ་ཞིག་ཅེས་བྱ་བ་ནི་བདག་དང་བདག་གི་དང་བྲལ་བའོ། །འབྱུང་བར་འགྱུར་ཞེས་བྱ་བ་ནི་སྐྱེ་བར་འགྱུར་བའོ། །ཆོས་ལམ་ཡན་ལག་བརྒྱད་པ་དང༌། །འབྲས་བུ་མྱ་ངན་འདས་པའོ། །ཞེས་སྨྲས་ཏེ། ཆོས་ནི་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་སོ། །ལམ་ཡན་ལག་བརྒྱད་པ་ཞེས་བྱ་བ་ནི་ལོག་པའི་ལྟ་བ་དང༌། ལོག་པའི་རྟོག་པ་དང༌། །ལོག་པའི་ངག་དང༌། ལོག་པའི་ལས་ཀྱི་མཐའ་དང༌། ལོག་པའི་འཚོ་བ་དང༌། ལོག་པའི་རྩོལ་བ་དང༌། ལོག་པའི་དྲན་པ་དང༌། ལོག་པའི་ཏིང་ངེ་འཛིན་ཏོ། །དེ་ལ་ལོག་པའི་ལྟ་བ་ཞེས་བྱ་བ་ནི་ལོག་པའི་ལྟ་བ་སྟེ། ལྟ་བ་ལྔའོ། །འཇིག་ཚོགས་དང༌། མཐའ་དང༌། ལྟ་བ་དང༌། ཚུལ་ཁྲིམས་དང་ལོག་པ་ཞེས་བྱ་པའོ། །འདི་ཐམས་ཅད་ཀྱང་ལོག་པར་ཐོས་པ་དང་བསམ་པ་ལ་སོགས་པ་ཞུགས་པ་སྟེ། དེ་བས་ན་ལྟ་བ་ངན་པའི་ཕྱིར་ལོག་པའི་ལམ་སྤྱད་པས་མི་འདོད་པའི་རྣམ་པར་སྨིན་པ་མངོན་པར་བསྒྲུབ་པའི་ཕྱིར་དང༌། རྒྱུ་དང༌། ལས་དང༌། འབྲས་བུ་ལ་སྐུར་པ་འདེབས་པ་དང༌། སྒྲོ་འདོགས་པའི་རྣམ་པར་བཞུགས་པའི་ཕྱིར་ལོག་པར་ལྟ་བ་དག་ཅེས་བྱ་བའོ། །དེ་དང་མི་མཐུན་པའི་ཕྱིར་ཡང་དག་པའི་ལྟ་བ་ལམ་གྱི་ཡན་ལག་ཉིད་དུ་རྣམ་པར་གཞག་གོ །ཚུལ་བཞིན་ལ་གནས་པའི་ཡང་དག་པའི་ཐོས་པ་དང༌། བསམ་པ་ལ་སོགས་པའི་དད་པ་སྔོན་དུ་འགྲོ་བས་རྒྱུ་དང༌། འབྲས་བུ་དང། བདེན་པ་དང༌། དཀོན་མཆོག་དང༌། ལས་དང༌། འབྲས་བུ་ལ་སོགས་པ་ཡོད་པར་ལྟ་བ་ནི་ཡང་དག་པའི་ལྟ་བ་སྟེ། ཡང་དག་པའི་ལམ་ལ་ཉེ་བར་སྦྱོར་བ་ལས་འདོད་པའི་འབྲས་བུ་མངོན་པར་བསྒྲུབ་པའི་ཕྱིར་དང༌། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པ་ལ་སོགས་པའི་རྣམ་པར་འཇུག་པའི་ཕྱིར་ཡང་དག་པའི་ལྟ་བ་ཞེས་བྱའོ། །དེ་ལ་ལོག་པའི་རྟོག་པ་ཞེས་བྱ་བ་ནི་རྟོག་པ་ལོག་པའོ། །རྟོག་པ་ཞེས་བྱ་བ་ནི་སྤྱོད་ཡུལ་དང༌། ཡུལ་དང༌། དམིགས་པ་ཞེས་བྱ་བ་ནི་ཐ་ཚིག་གོ །སྤྱོད་ཡུལ་ཞེས་བྱ་བ་ནི་ཡུལ་དྲུག་པོ་གཟུགས་དང་སྒྲ་ལ་


DTG113_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའོ། །ལོག་པ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་སྟེ། རྟག་པ་དང༌། བདེ་བ་དང༌། གཙང་བ་དང༌། བདག་གི་རྣམ་པ་ལ་སོགས་པར་དམིགས་པས་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་རྒྱས་པར་འགྱུར་བའི་ཕྱིར་ལོག་པར་རྟོག་པའོ། །དེ་ལས་བཟློག་པ་ནི་ཡང་དག་པའི་རྟོག་པའོ། །ཡང་དག་པ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའོ། །རྟོག་པ་ཞེས་བྱ་བ་ནི་བྱ་བ་དང༌། སེམས་པ་སྟེ། འདི་དང་འདི་བྱའོ་ཞེས་ཐོག་མར་སེམས་ལ་བཞག་ནས་ལུས་དང༌། ངག་དང༌། ཡིད་ཀྱི་སྤྱོད་པ་དགེ་བ་མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པའི་ངོ་བོ་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པ་ལ་སོགས་པར་ཚུལ་བཞིན་ཡིད་ལ་བྱེད་པའི་སྦྱོར་བ་གང་ཡིན་པ་ནི་ཡང་དག་པའི་ལམ་གྱི་ཡན་ལག་ཅེས་བྱའོ། །ལོག་པའི་ངག་ཅེས་བྱ་བ་ནི་ངག་ངན་པ་སྟེ། བདག་དང་གཞན་བསླུ་བའི་རྣམ་པར་ཞུགས་པའི་ངག་གང་ཡིན་པ་དེ་ནི་ལོག་པའི་ངག་གོ །འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་ལ་སོགས་པ་དང་འབྲེལ་བའི་ཕྱིར་བདག་ལ་བསྟོད་པ་དང༌། གཞན་ལ་སྨོད་པའི་ངོ་བོར་ཞུགས་པ་དང༌། ངག་གི་ཉེས་པ་རྣམ་པ་བཞི་དང་འདྲེས་པ་དང༌། ཡང་དག་པ་དང༌། བདེན་པ་དང༌། དེ་ཁོ་ན་ཉིད་དང༌། ཆོས་ཐམས་ཅད་སྤོང་བར་བྱེད་པ་དང༌། རྒྱལ་པོ་དང༌། ཆོམ་རྐུན་དང༌། བུད་མེད་དང༌། ཁྱིམ་པ་དང༌། སྐྱེ་བོའི་གཏམ་གྱི་ངོ་བོ་དང༌། གསོག་དང་དོན་མེད་པ་མང་པོ་ནི་འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱིས་སྨད་པའི་ཕྱིར་ལོག་པའི་ངག་ཅེས་བྱའོ། །དེ་དག་མི་མཐུན་པའི་ཕྱིར་བདག་དང་གཞན་ལ་མི་སླུ་བའི་རྣམ་པ་ཅན་མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་ལ་སོགས་པའི་ངོ་བོ་ངག་གི་ཉེས་པ་རྣམ་པ་བཞི་དང་བྲལ་བའི་ཕྱིར་བདེན་པ་དང་ཡང་དག་པ་དང་དེ་ཁོ་ན་ཉིད་ཀྱི་རྗེས་སུ་འབྲང་བ་བདེན་པ་བཞིའི་རྗེས་སུ་མཐུན་པར་བྱེད་པ་དགེ་བའི་ཆོས་ཐམས་ཅད་སྡུད་པ། ཕན་པ་དང་ཡོངས་སུ་བཅད་པའི་ངོ་བོ་ཉིད་ཀྱི་ཕྱིར་བདག་ལ་བསྟོད་པ་དང༌། གཞན་ལ་སྨོད་པ་སྤང་བ། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པ་ལ་སོགས་པའི་རྣམ་པར་ཞུགས་པའི་ཕྱིར་


DTG113_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་སྐྱེ་བོ་ཐམས་ཅད་མི་སླུ་བར་བྱེད་པ་ནི་ཡང་དག་པའི་ལམ་གྱི་རྗེས་སུ་འཇུག་པའི་ཕྱིར་ཡང་དག་པའི་ངག་ཅེས་བྱའོ། །ལོག་པའི་ལས་ཀྱི་མཐའ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་ལས་བྱེད་པའོ། །ལས་ཞེས་བྱ་བ་ནི་ལུས་དང༌། ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པའི་ས་བོན་འདེབས་པའི་ཕྱིར་དང༌། རྣམ་པར་སྨིན་པ་མི་བཟད་པའི་འབྲས་བུ་མངོན་པར་སྒྲུབ་པའི་རང་བཞིན་མི་དགེ་བའི་ལས་ཀྱི་མཐའ་བྱེད་པའི་ཕྱིར་ཚ་སྒོ་ལ་སོགས་པའི་སྐྱོན་དང་འདྲེས་པའི་ཞིང་ངན་པ་ལ་ས་བོན་ངན་པ་བཏབ་པ་བཞིན། མི་འདོད་པའི་རྣམ་པར་སྨིན་པ་མངོན་པར་བསྒྲུབ་པའི་ཕྱིར་སྨད་པར་བྱ་བའི་ལས་ཀྱི་མཐའ་ནི་ལོག་པའི་ལས་ཀྱི་མཐའ་ཞེས་བྱའོ། །ལས་ལ་དགའ་བ་དང༌། གཉིད་ལ་དགའ་བ་དང༌། སྨྲ་བ་ལ་དགའ་བ་ལ་སོགས་པའི་རང་བཞིན་ནི་ལོག་པའི་ལས་ཞེས་བྱ་སྟེ། བདག་དང་གཞན་ལ་རེག་པ་ལམ་ཡིན་པ་སྡུག་བསྔལ་བར་གནས་པའི་རྟེན་གྱི་ངོ་བོའོ། །དེ་དང་མི་མཐུན་པའི་ཕྱིར་ཡང་དག་པའི་ལས་ཀྱི་མཐའོ། །ཕྱིན་ཅི་མ་ལོག་པའི་ལས་བྱེད་པའི་ཕྱིར་ལུས་དན། ངག་དང༌། ཡིད་ཀྱིས་ལེགས་པར་སྤྱད་པའི་ས་བོན་འདེབས་པའི་ཕྱིར་དང༌། ཞིང་གཤིན་པ་དང་འདྲ་བའི་ལེགས་པར་བྱས་པའི་ལས་ཀྱི་ཞིང་འདོད་པའི་རྣམ་པར་སྨིན་པ་མངོན་པར་སྒྲུབ་པའི་རྣམ་པར་ཞུགས་པའི་ཕྱིར་དང༌། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པ་ལ་སོགས་པའི་ངོ་བོར་ཞུགས་པའི་ཕྱིར་དང༌། ཡང་དག་པའི་ལས་ཀྱི་མཐའ་བྱེད་པའི་ཕྱིར་ཡང་དག་པའི་ལས་ཀྱི་མཐའ་སྟེ། ཡང་དག་པའི་ལམ་གྱི་རྗེས་སུ་འབྲང་བའི་ཕྱིར་ཡང་དག་པའི་ལམ་ཞེས་བྱའོ། །ལོག་པའི་འཚོ་བ་ཞེས་བྱ་བ་ནི། ཕྱིན་ཅི་ལོག་གི་འཚོ་བ་སྟེ། ངན་གཡོ་དང༌། ཁ་གསག་དང༌། ཐོབ་པས་འཇལ་བ་དང༌། གཞོགས་སློང་གིས་འཇུག་ཅིང་མི་ཕོངས་པའི་ལུས་དང༌། ངག་གི་ལ་སོགས་པའི་ཉེ་བར་འཚོ་བས་སྐྱེས་པ་དང་བུད་མེད་ལ་སོགས་པའི་མཚན་སྟོན་པ་དང༌། འཕོང་དང༌། རྟ་དང༌། སྙན་ངག་དང༌། གསོ་བའི་དཔྱད་དང༌། གྲངས་དང༌། ཁྱིམ་པའི་དཔྱད་དང༌། གཞོན་ནུའི་དཔྱད་དང༌། རྒྱ་མཚོ་མཚན་གྱི་དཔྱད་དང༌། ལྟས་ཤེས་པ་ལ་སོགས་པ་སྟེ། བདག་དང་གཞན་སླུ་བའི་ངོ་བོར་ཞུགས་པའི་ཕྱིར་ཚུལ་


DTG113_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ཆོས་གོས་དང་བསོད་སྙོམས་ལ་སོགས་པ་སྒྲུབ་པའི་རྗེས་སུ་འཇུག་པས་གནས་པར་བྱེད་པ་ནི་ལོག་པའི་འཚོ་བ་ཞེས་བྱའོ། །དེ་དང་མི་མཐུན་པའི་ཕྱིར་ཡང་དག་པའི་འཚོ་བ་ནི་ལམ་གྱི་ཡན་ལག་ཅེས་བྱའོ། །ཡང་དག་པ་ནི་རིག་པ་དང་མ་བྲལ་བའི་ལུས་དང༌། ངག་དང་ཡིད་འཇུག་པས་ཆོས་གོས་ལ་སོགས་པ་བསྒྲུབ་པ་སྟེ། ཚུལ་དེས་ཀུན་ཏུ་འཚོ་བ་ནི་ཡང་དག་པའི་འཚོ་བའི་རྗེས་སུ་འབྲང་བའི་ཕྱིར་དང༌། བདག་དང་གཞན་མི་སླུ་བའི་ངོ་བོའི་རྣམ་པའི་ཕྱིར་འཕགས་པའི་ལམ་གྱི་རྗེས་སུ་འཇུག་པས་ཡང་དག་པའི་འཚོ་བ་ནི་ལམ་གྱི་ཡན་ལག་ཉིད་དུ་རྣམ་པར་གཞག་གོ །ལོག་པའི་རྩོལ་བ་ཞེས་བྱ་བ་ནི་རྩོལ་བ་ནི་རྩོལ་བའོ། །ལོག་པའི་ཞེས་བྱ་བ་ནི་ཕྱིན་ཅི་ལོག་པ་སྟེ། ལུས་དང༌། ངག་དང༌། ཡིད་ཀྱི་རབ་ཏུ་སྤྱོད་པ་མི་བདེན་པ་རྣམས་ཀྱིས་བདག་དང་གཞན་ལ་གནོད་པ་བྱེད་པ་དང༌། གཡུལ་ལ་སོགས་པ་ཤོམ་པ་དང༌། ཕོ་ཉ་ལ་སོགས་པར་འགྲོ་བ་དང༌། སྤྱོད་པ་དང༌། དབྲལ་བ་དང༌། འཇོག་པ་དང༌། འདེགས་པ་དང༌། སེལ་བ་དང༌། མི་སེལ་བ་དང༌། སྦྱོར་བའི་ཚུལ་གྱིས་སྐྱེད་པ་དང༌། ཞིང་དང༌། རིག་པ་དང༌། ཚོང་དང༌། རྒྱལ་སྲིད་ལ་སོགས་པ་བདག་དང་ཕ་རོལ་ལ་གནོད་པར་བྱེད་པའི་ལུས་དང༌། ངག་དང༌། ཡིད་ཀྱིས་འཇུག་པ་རྣམ་པ་སྣ་ཚོགས་ལ་རྩོམ་པ་དང་བྱ་བ་དང༌། བརྩོན་པ་ནི་ལོག་པའི་རྩོལ་བ་ཞེས་བྱའོ། །དེ་དང་མི་མཐུན་པར་འགྱུར་བའི་ཕྱིར་ཡང་དག་པར་རྩོལ་བའོ། །ཡང་དག་པར་རྩོལ་བ་ནི་ལམ་གྱི་ཡན་ལག་ཉིད་དུ་རྣམ་པར་གཞག་སྟེ། གང་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་གཅིག་ཏུ་དགེ་བ་བདག་དང་གཞན་ལ་ཕན་འདོགས་པར་ཞུགས་པ་དག་གིས་འཕགས་པའི་ལམ་གྱི་རྗེས་སུ་འབྲང་བ་དེ་ནི་ཡང་དག་པར་རྩོལ་བའི་ཕྱིར་ཡང་དག་པར་རྩོལ་བ་སྟེ་དེ་ནི་ལམ་གྱི་ཡན་ལག་ཉིད་དུ་བརྗོད་དོ། །ལོག་པའི་དྲན་པ་ཞེས་བྱ་བ་ནི་སྨད་པར་བྱ་བ་དྲན་པ་སྟེ། ལོག་པའི་དྲན་པའོ། །དྲན་པ་ནི་དྲན་པའོ། །འདི་ནི་ལོག་པ་ཡང་ཡིན་ལ། དྲན་པ་ཡང་ཡིན་པས་ལོག་པའི་དྲན་པའོ། །དུས་གསུམ་གྱི་ཡུལ་ལ་སྔོན་དགོད་པ་དང༌། དགའ་བ་ཉམས་སུ་མྱོང་བའི་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་པ་ལ་སོགས་པ་རྗེས་སུ་དྲན་ཞིང་རྗེས་སུ་བརྗོད་པ་དང༌། དེ་ལ་ཡང་ལྷག་པར་ཆགས་པ་


DTG113_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

དང། རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བ་ལ་སོགས་པ་ཀུན་ཏུ་ལྡང་བའི་ཕྱིར་བདག་དང་གཞན་གནོད་པར་བྱེད་པའི་ཕྱིར་དང༌། མི་འདོད་པའི་རྣམ་པར་སྨིན་པ་དང་འབྲེལ་པའི་ཕྱིར་ལོག་པའི་མཚན་མ་ཡིད་ལ་བྱེད་པ་ནི་ལོག་པའི་དྲན་པའོ། །དེ་དང་མི་མཐུན་པའི་ཕྱིར་ཡང་དག་པའི་དྲན་པ་ནི་ལམ་གྱི་ཡན་ལག་ཉིད་དུ་བརྗོད་དོ། །ཡོན་ཏན་རྗེས་སུ་དྲན་པ་སྔོན་དུ་བཏང་ནས་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་དང༌། ཚུལ་ཁྲིམས་དང༌། གཏོང་བ་དང༌། ལྷ་ལ་སོགས་པ་རྗེས་སུ་དྲན་པ་ནི་ཡང་དག་པའི་དྲན་པ་སྟེ། ལམ་གྱི་ཡན་ལག་ཉིད་དུ་བརྗོད་དོ། །ཏིང་ངེ་འཛིན་གྱི་བྱ་བ་ལ། ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་ཏེ། ཀུན་ནས་མཉམ་པར་འཇོག་ཅིང་འཛིན་པའི་ཕྱིར་ཏིང་ངེ་འཛིན་ཏོ། །འདི་ནི་ལོག་པ་ཡང་ཡིན་ལ། ཏིང་ངེ་འཛིན་ཡང་ཡིན་པས་ལོག་པའི་ཏིང་ངེ་འཛིན་ཏོ། །ལོག་པ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་སྟེ་དབང་ཕྱུག་དང་རང་བཞིན་དང༌། དུས་དང༌། གཙོ་བོ་དང༌། ནང་གི་བདག་ལ་སོགས་པ་མེད་པ་དེ་དག་ལ་དམིགས་བ་སྔོན་དུ་བཏང་བའི་སེམས་འཕྲོ་བ་གང་ཡིན་པའོ། །ཡང་ན་གཟུགས་ལ་སོགས་པ་དང་ཕྱི་རོལ་གྱི་དངོས་པོ་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པ་ལ་སོགས་པའི་རྣམ་པ་དག་ལ་རྟག་པ་དང༌། བདེ་བ་དང༌། གཙང་བ་དང༌། བདག་ཏུ་ལྟ་བ་ལ་སོགས་པ་ལ་ལྷག་པར་ཆགས་ནས། དེ་དག་ལ་དམིགས་པ་སྔོན་དུ་བཏང་བའི་སེམས་འཕྲོ་བ་གང་ཡིན་པ་སྟེ། ཆགས་པ་དང་བཅས་པ་སྔོན་དུ་བཏང་བའི་སེམས་གནས་པ་གང་ཡིན་པ་དེ་ནི་ལོག་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་དང་འགལ་བར་སེམས་གནས་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཞེས་བྱ་སྟེ། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་བདག་དང་བདག་གི་སྟོང་པ་རྣམས་ལ་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པའི་རྣམ་པ་ལ་སོགས་པ་སྔོན་དུ་བཏང་བའི་སེམས་གནས་པ་སྟེ། སེམས་རྩེ་གཅིག་པ་ཉིད་ནི་ཡང་དག་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཆོས་ཐམས་ཅད་མཉམ་པ་ཉིད་དུ་བསྒྲུབ་པའི་ཕྱིར་ཏིང་ངེ་འཛིན་ཏོ། །སེམས་རྩེ་གཅིག་པ་ཉིད་དང༌། དམིགས་པ་གཅིག་པ་ཞེས་བྱ་བའི་ཐ་ཚིག་སྟེ། ཡང་དག་པའི་ཏིང་ངེ་འཛིན་དེ་ནི་ལམ་གྱི་ཡན་ལག་ཉིད་དུ་བརྗོད་དོ། །དེ་ལྟར་གང་


DTG113_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

གིས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ༌། །ཡང་སྨྲས་པ། ལྟ་སོགས་ཡན་ལག་བརྒྱད་ཀྱི་སྟེགས། །རྒྱུ་ནི་བཅུ་གཉིས་སྔོན་འགྲོ་བ། །གང་མཐོང་རྣམ་དག་བདག་ཉིད་དེས། །ཆོས་ཀྱི་དེ་ཉིད་མཐོང་བར་འགྱུར། །འབྲས་བུ་ཞེས་བྱ་བ་ནི་དགེ་སྦྱོང་ཚུལ་གྱི་འབྲས་བུའོ། །དེ་ཐོབ་པ་ནི་མངོན་སུམ་དུ་བྱེད་པ་སྟེ། ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་ཀུན་གཞི་རྣམ་པར་ཤེས་པ་ས་བོན་བག་ཆགས་ཀྱི་དྲི་མ་དང་བྲལ་བའི་ཕྱིར་གནས་གྱུར་པ་དང་ལྡན་པ། ཡིད་ཀྱི་ཡུལ་ཡོན་ཏན་གྱི་ནོར་བུ་བསམ་གྱིས་མི་ཁྱབ་ཅིང་གཞལ་དུ་མེད་པས་བརྒྱན་པ། རང་གི་གཞན་ལ་རག་མ་ལས་པའི་བདག་ཉིད་ཅན་སོ་སོ་རང་གིས་རིག་པ་སེམས་ཅན་ཐམས་ཅད་ཀྱི་དོན་རྒྱུན་མི་འཆད་པར་ལྷུན་གྱིས་གྲུབ་པར་མཛད་པའི་བདག་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་ལྡན་པའི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པའི་ཕྱིར་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པའི་ནགས་ཚང་ཚིང་གི་རྩ་བ་རྣམ་པར་བསྲེགས་པའི་ངོ་བོ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་འབྲས་བུ་མི་སློབ་པའི་ཡེ་ཤེས་ནི་འབྲས་བུའི་ཆོས་ཞེས་བྱའོ།། །།སཱ་ལུ་ལྗང་པའི་རྒྱ་ཆེར་བཤད་པ། བམ་པོ་གཉིས་པ། མྱ་ངན་ལས་འདས་པའོ་ཞེས་བྱ་བ་ནི་ཕུང་པོའི་ལྷག་མ་དང་བཅས་པ་དང༌། ཕུང་པོ་ལྷག་མ་མེད་པའི་ངོ་བོ་ཉིད་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བརྗོད་པ། རྒ་བ་མེད་པ། འཆི་བ་མེད་པ། གདུང་བ་མེད་པ། བརྟན་པ། ཞི་བ། རྟག་པ། མི་འཕྲོགས་པ། མི་ཟད་པའི་བདག་ཉིད་ཐོག་མ་དང༌། བར་དང༌། ཐ་མ་དང་བྲལ་བ། གཉིས་མེད་པའི་ཁམས་གསུམ་དང་བྲལ་བ། ལུས་དང༌། ངག་དང༌། ཡིད་ཀྱི་ལས་ཡང་དག་པར་འདས་པ། ནོར་བུ་རིན་པོ་ཆེའི་རྒྱལ་པོའི་གཟུགས་སྣ་ཚོགས་པ་དང་འདྲ་བར་ཡོན་ཏན་ནོར་བུའི་འོད་ཟེར་རྣམ་པ་སྣ་ཚོགས་ཀྱིས་འགྲོ་བའི་དོན་རྒྱུན་མི་འཆད་པར་མཛད་པ། ཞི་བ་ཆོས་ཀྱི་རང་བཞིན་གྱི་སྐུར་གྱུར་པ་ནི་མྱ་ངན་ལས་འདས་པར་བཞེད་དོ། །དེ་ལྟར་ཐམས་ཅད་ཐུགས་ཆུད་ཕྱིར། །ཆོས་སྐྱེས་སངས་རྒྱས་ཞེས་བྱ་སྟེ། །དེ་ལྟར་དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་བདག་ཉིད་ཆོས་ཀུན་གྱི་ཆོས་དེ་ཁོ་ན་ཉིད་ཇི་ལྟར་གནས་པ་བཞིན་དུ་ཐུགས་སུ་


DTG113_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཆུད་པའི་ཕྱིར་སངས་རྒྱས་ཞེས་བྱའོ། །ཆོས་སྐྱེས་ཞེས་བྱ་བ་ནི་ཆོས་དག་ལས་སྐྱེས་པས་ན་ཆོས་སྐྱེས་ཏེ། ཆོས་ཀྱིས་བསྐྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་སྐད་ཅེས་བྱ་འཕགས་མཐོང་བས། །གང་གིས་མཐོང་བ་དེས་མཐོང་ངོ༌། །དེ་སྐད་ཅེས་བྱ་བ་ནི་སངས་རྒྱས་ཞེས་དེ་སྐད་ཅེས་བྱ་བའི་ཕྱིར་བཅོམ་ལྡན་འདས་དེ་ལྟ་བུའོ། །འཕགས་མཐོང་བས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མིག་གིས་ཏེ། འཕགས་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའོ། །མཐོང་བ་ཞེས་བྱ་བ་ནི་མིག་གིས་སོ། །གང་གིས་མཐོང་བ་ཞེས་བྱ་བ་ནི་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། ཆོས་ལ་དེ་ལྟར་མཐོང་བ་དེས་ཆོས་སྐྱེས་ཏེ། ཆོས་ཀྱིས་བསྐྱེད་པས་སངས་རྒྱས་མཐོང་ངོ་ཞེས་བཤད་པ་ཡིན་ནོ། །དེ་ལ་འདིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་ལྟ་བུར་གསུངས་ཤེ་ན། སུས་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ཞེས་བྱ་བ་ལ་སོགས་པའོ། །གང་ཞིག་སྲོག་ལ་སོགས་བྲལ་བ། །ཞེས་བྱ་བ་ནི་གང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་རྟག་ཏུ་སྲོག་ལ་སོགས་པ་དང་བྲལ་བ་སྟེ། སྲོག་དང་བྲལ་བར་རོ་མཐོང་བ་ནི་རིག་པ་དང༌། རྗེས་སུ་དཔག་པ་དག་གིས་སྤྱོད་པ་དང༌། འཇལ་བ་དང༌། རྟོག་པ་དང༌། ཉེ་བར་རྟོག་པའོ། །རྟག་ཏུ་སྲོག་མེད་པ་ཞེས་བྱ་བ་ནི་སྲོག་མེད་པའོ། །ཀུན་ཏུ་འཚོ་བ་གཅེར་བུ་པ་དག་འདི་ལྟར་རྟོག་སྟེ། ནང་དང་ཕྱི་རོལ་གྱི་དངོས་པོ་འདི་ཐམས་ཅད་ནི་སྲོག་དང་བཅས་ཤིང་དབང་པོ་དང་ལྡན་ནོ། །དབང་པོ་དང་ལྡན་པ་དེ་བས་ན་ས་གསུམ་པོ་འདི་ཐམས་ཅད་སྲོག་ཆགས་ཕྲ་མོ་རྣམས་ཀྱིས་གང་ངོ་ཞེའོ། །དེ་ཉིད་ཀྱི་ཕྱིར་སྲོག་ཆགས་ཐམས་ཅད་ནི་སྲོག་ཆགས་ཟ་སྟེ། སྲོག་ཆགས་གང་དག་སྲོག་ཆགས་མི་ཟ་བའི་སྲོག་ཆགས་དེ་དག་ནི་ཐར་པ་ཐོབ་བོ་ཞེས་ཟེར་རོ། །དེ་བས་ན་དེ་དགག་པའི་ཕྱིར་སྲོག་མེད་པ་དང༌། སྲོག་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྲོག་མེད་པ་ཞེས་བྱ་བ་ནི་སྲོག་མེད་པ་སྟེ། སྲོག་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ །རྒྱུ་དང་རྐྱེན་ལས་སྐྱེ་བའི་ཆོས་ཅན་གྱི་ཕྱིར་ཏེ། རྒྱུ་ནི་ས་བོན་ལ་སོགས་པའོ། །རྐྱེན་ནི་ས་ལ་སོགས་པ་སྟེ། དེ་དག་ཀྱང་ཕན་ཚུན་གཅིག་ལ་གཅིག་རྟོག་པ་དང༌། ཡོངས་སུ་རྟོག་པ་དང༌། རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་རྩྭ་དང་ཤིང་དང་རྩིག་པ་དང་ཆོས་འདྲ་བ་གཡོ་བ་མེད་པ་བྱ་བ་མེད་པའོ། །དེ་བས་ན་སྲོག་ལ་


DTG113_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དང་བྲལ་བའི་ཕྱིར་སྲོག་མེད་པའོ། །ཕན་ཚུན་རྒྱུ་རྐྱེན་འབྲེལ་པ་ལས་སྐྱེ་ཞིང་གཅིག་ལ་གཅིག་ཀྱང་སེམས་པ་མེད་ལ། བྱ་བ་དང་ལས་ཀྱང་སྣང་སྟེ། རྒྱུ་དང་རྐྱེན་གྱིས་རྒྱུན་འདི་ནི་ཐོག་མ་མེད་པ་ནས་ཞུགས་པ་ཡིན་ནོ། །ཇི་ལྟར་ཀུན་ཏུ་འཚོ་བ་གཅེར་བུ་པ་དག་ཤིང་རྣམས་ནི་སེམས་དང་བཅས་པ་ཡིན་ཏེ། གཡོ་བའི་ཕྱིར་དང༌། ཉལ་བའི་ཕྱིར་དང༌། བཅད་ན་སྐྱེ་བའི་ཕྱིར་རོ་ཞེས་ཐ་སྙད་འདོགས་པ་ལྟ་བུ་ནི་མ་ཡིན་ཏེ། ཕྱི་རོལ་གྱི་དངོས་པོ་རྣམས་ནི་ཉི་མ་དང་ཟླ་བའི་རེག་པའི་དབང་གིས་ཞུམ་པ་དང༌། རྒྱས་པར་རྗེས་སུ་དཔག་གི །དེ་དག་ལ་ཉལ་བ་དང་ལྡང་བ་ལྟ་ག་ལ་ཡོད། རླུང་གིས་བསྐྱོད་པའི་དབང་གིས་ཤིང་གི་ཡལ་ག་ལ་སོགས་པ་འགུལ་བར་རྗེས་སུ་དཔག་པས་དེ་དག་ལ་འགྲོ་བ་དང་འོང་བ་ག་ལ་དམིགས་ཏེ། དོན་མ་གྲུབ་པ་ཉིད་དོ། །བཅད་ན་སྐྱེའོ་ཞེས་བྱ་བ་འདི་ནི་དོན་མ་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར་སྨྲས་པ། གལ་ཏེ་དེ་དག་ཡང་སེམས་དང་བཅས་པ་ཞིག་ཡིན་ན། ཅིའི་ཕྱིར་གཅོད་པའི་གནས་སྐབས་ན་གང་གིས་ན་སྲོག་གཅོད་པ་ལ་སོགས་པའི་སྡུག་བསྔལ་མྱོང་བར་མི་འགྱུར་ལ། མི་དགའ་བ་ལ་སོགས་པའི་སྤྱོད་པའམ། གསོལ་བ་འདེབས་པ་ལ་སོགས་པའམ། དེ་ནས་གཞན་དུ་འགྲོ་བ་ཅུང་ཟད་མི་བྱེད། བཅད་ན་སྐྱེ་བའི་ཕྱིར་སེམས་དང་བཅས་པར་ཁས་ལེན་ན་གང་དག་བཅད་ན་མི་སྐྱེ་བས་དེ་དག་བཟློག་པའི་ཕྱིར་སེམས་མེད་པ་ཉིད་དུ་འགྱུར་རོ། །སེམས་དང་བཅས་པ་རྣམས་ཀྱི་ཡན་ལག་དང་ཉིང་ལག་ལ་སོགས་པ་བཅད་ན་མི་སྐྱེ་བའི་ཆོས་ཅན་ཡིན་པའི་ཕྱིར་སེམས་མེད་པ་ཉིད་དུ་ཐལ་བར་འགྱུར་དུ་འོང་བས་དེའི་ཕྱིར་དེའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །དེ་ལྟ་བས་ན་སྲོག་མེད་པ་དང༌། སྲོག་དང་བྲལ་བ་ཞེས་བྱ་བ་འདི་རྣམ་པར་གནས་སོ། །ཇི་ལྟ་བུ་ཉིད་དང༌། མ་ནོར་བ་ཞེས་བྱ་བ་ནི་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་དང་བྲལ་བའི་ཕྱིར་མ་ནོར་བའོ། །མ་སྐྱེས་པ་ཞེས་བྱ་བ་ནི་བསྐྱེད་པར་བྱ་བ་དང༌། སྐྱེད་པ་དང་བྲལ་བའི་ཕྱིར་རོ། །མ་བྱུང་བ་ཞེས་བྱ་བ་ནི་རྟག་པ་དང་ཆད་པ་དང་བྲལ་བའི་ཕྱིར་རོ། །མ་བྱས་པ་ཞེས་བྱ་བ་ནི་བྱེད་པ་པོ་དང་བྲལ་བའི་ཕྱིར་ཏེ། ནང་གི་བྱེད་པའི་སྐྱེས་བུ་དང་དབང་ཕྱུག་ལ་སོགས་པ་འཇུག་པའི་འདུ་བྱེད་དང་བྲལ་བའི་ཕྱིར་རོ། །


DTG113_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་པ་མེད་པ་ཞེས་བྱ་བ་ནི་སྒྲིབ་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དམིགས་པ་མེད་པ་ཞེས་བྱ་བ་ནི་དམིགས་པར་བྱ་བ་དང་དམིགས་པ་དང་བྲལ་བའི་ཕྱིར་རོ། །རྣམ་པར་ཞི་བའི་རང་བཞིན་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པ་དང་བྲལ་བའི་ཕྱིར་རོ། །གཅིག་ཏུ་ཞི་བའི་རང་བཞིན་སྤྲོས་པ་ཐམས་ཅད་དང་བྲལ་བ། རྟོག་པའི་དྲ་བ་ཐམས་ཅད་དྲལ་བ། རྟག་ཏུ་གནས་པ། མི་འཇིགས་པ། སྐྱེ་བ་དང་འཇིག་པ་དང་བྲལ་བའོ། །གང་གིས་ཚུལ་འདི་འདྲ་བར་ཆོས་ལ་ཡང་མཐོང་བ་སྟེ། ཉེར་ཞི་ལ་ཐུག་བཅས་པར་ནི། །ཞེས་སྨོས་ཏེ། ཉེར་ཞི་ལ་ཐུག་ཅེས་བྱ་བ་ནི་ཉེ་བར་ཞི་བ་ཐ་མར་བསྟན་པའི་ཕྱིར་ཉེ་བར་ཞི་བ་ལ་ཐུག་པའོ། །གང་གིས་ཆོས་ལ་ཡང་ཚུལ་འདི་འདྲ་བར་བརྟག་པ་དང༌། སྲོག་མེད་པ་ལ་སོགས་པའི་རང་བཞིན་དུ་མཐོང་བ་ནི། རྟེན་འབྲེལ་ཆོས་དང་སངས་རྒྱས་དག །དྲི་མ་མེད་པའི་བློས་མཐོང་བ་སྟེ། དེས་ནི་བླ་ན་མེད་པའི་ཆོས་ཀྱི་སྐུར་སངས་རྒྱས་མཐོང་ངོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེས་ཞེས་བྱ་བ་ནི་གང་གིས་མཐོང་བའོ། །འཕགས་པའི་ཆོས་མངོན་པར་རྟོགས་ཏེ་ཞེས་བྱ་བ་ནི་གང་དག་སྡིག་པའི་ཆོས་རྣམས་ལ་ཕ་རོལ་དུ་རིང་བ་དེ་དག་ནི་འཕགས་པའོ། །དེ་དག་གི་ཆོས་ནི་འཕགས་པའི་ཆོས་ཏེ། ཡང་དག་པའི་ལྟ་བ་ལ་སོགས་པའོ། །མངོན་པར་རྟོགས་ཏེ་ཞེས་བྱ་བ་ནི་མངོན་དུ་ཕྱོགས་པར་རྩེ་གཅིག་ཏུ་བྱས་པའི་ཕྱིར་དང༌། མངོན་སུམ་དུ་བྱས་པའི་ཕྱིར་ཏེ། ཏིང་ངེ་འཛིན་ཐོབ་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །ཡང་དག་པའི་ཡེ་ཤེས་དང་ལྡན་པས་ཞེས་བྱ་བ་ནི་ཡང་དག་པའི་ཕྱིན་ཅི་མ་ལོག་པར་ཆོས་ཐམས་ཅད་བདག་མེད་པའི་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་རོ། །བླ་ན་མེད་པའི་ཞེས་བྱ་བ་ནི་འདིའི་གོང་ན་ཆོས་ཁྱད་པར་ཅན་ཅུང་ཟད་ཙམ་ཡང་མེད་དེ། དེ་བས་ན་དེ་ནི་བླ་ན་མེད་པ་ཞེས་བྱའོ། །ཆོས་ཀྱི་སྐུ་ཞེས་བྱ་བ་ནི་ཆོས་སྐུ་ཉིད་ཆོས་ཀྱི་སྐུ་སྟེ། མཆིག་བུ་བཞིན་ནོ། །སངས་རྒྱས་ཞེས་བྱ་བ་ནི་ཆོས་ཐུགས་སུ་ཆུད་པའི་ཕྱིར་རོ། །དེ་ལྟར་ན་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་བླ་ན་མེད་པའི་བྱང་ཆུབ་བྱེད་པ་མི་སློབ་པའི་ངོ་བོ་ཉིད་མཐོང་ངོ༌། །སུས་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་ཆོས་དེ། དེ་ལྟ་བུ་རང་གི་ཇི་ལྟ་བ་བཞིན་མངོན་པར་རྟོགས་པས་ཆོས་ལས་སྐྱེས་པ།


DTG113_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྤྲུལ་པ། ཆོས་གཟིགས་པ། སངས་རྒྱས་མཐོང་ངོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ཀྱི་དབྱེ་བ་རྣམ་པར་གཞག་པར་བྱ་བའི་ཕྱིར། རྟེན་འབྲེལ་ཞེས་པའི་མཚན་ཉིད་ནི། །ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་ཞེ་ན། དེའི་ཕྱིར་སྨྲས་པ། རྒྱུ་བཅས་ལ་སོགས་ཚིགས་དང་ལྡན། །རྒྱུ་དང་བཅས་རྐྱེན་དང་བཅས་པ་ལ་བྱའི། རྒྱུ་མེད་རྐྱེན་མེད་པ་ལ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་མདོར་བཀའ་སྩལ་པ། རྐྱེན་འདི་ཉིད་ཀྱི་འབྲས་བུའོ། །དེ་ཉིད་ཀྱི་ཕྱིར་སྨྲས་པ། སངས་རྒྱས་བྱུང་རུང་མ་བྱུང་རུང༌། །ཆོས་ཉིད་འདི་ནི་གནས་པ་ཡིན། །གང་གི་ཕྱིར་རྒྱུ་དང་རྐྱེན་དག་གིས་རྒྱུན་མི་འཆད་ཅིང༌། རྒྱུ་དང་འབྲས་བུ་རྒྱུན་མ་ཆད་པར་གཅིག་ནས་གཅིག་ཏུ་འཇུག་གི །འདི་ལ་རྒྱུ་མེད་པའམ། མི་མཐུན་པའི་རྒྱུའམ། འཇུག་པར་བྱེད་པའམ། ལྡོག་པར་བྱེད་པ་འགའ་ཡང་མེད་པ་དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། ཆོས་ཉིད་དང༌། ཆོས་གནས་པ་ཉིད་དང༌། ཆོས་ངེས་པར་འགྱུར་བ་འདི་ནི་ཡེ་འདུག་པའོ་ཞེས་གསུངས་སོ། །གལ་ཏེ་རྐྱེན་དང་བྲལ་བའི་རྒྱུ་གཅིག་པུ་ཉིད་ཀྱིས་དངོས་པོ་རྣམས་སྐྱེ་ཞིང་གནས་པའོ། །གལ་ཏེ་རྐྱེན་ཀྱང་རྒྱུ་ལ་མི་ལྟོས་པར་འགའ་ཞིག་སྐྱེད་ནུས་པར་གྱུར་ན་ནི་གནས་པ་དང་མི་གནས་པ་ཞེས་བྱ་བའི་དེ་བརྗོད་པའི་རིགས་ན་འདི་དག་སྐྱེ་བ་འབྲས་བུ་འབྱུང་བ་ཡང་རྒྱུ་མེད་པར་མ་ཡིན། རྐྱེན་མེད་པར་མ་ཡིན་པས་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང༌། ཆོས་ཉིད་དང་ཆོས་གནས་པ་ཉིད་འདི་ནི་ཡེ་ནས་འཇུག་པ་སྟེ། འདི་ལྟ་སྟེ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྐྱེན་འདི་ཉིད་ཀྱི་འབྲས་བུའོ་ཞེས་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་མདོར་བཀའ་སྩལ་ཏོ། །ཆོས་ཉིད་ནི་འདིར་རྒྱུ་དང་རྐྱེན་གྱི་ཆོས་ཉིད་གང་ཡིན་པའོ། །ཆོས་གནས་པ་ཞེས་བྱ་བ་ནི་ཆུད་མི་ཟ་བའི་ཆོས་ཉིད་དོ། །ཆོས་ངེས་པར་གྱུར་པ་ཉིད་ཅེས་བྱ་བ་ནི་རྐྱེན་ཉིད་འདི་པའི་གོ་རིམས་ངེས་པ་སྟེ། རྒྱུ་དང་རྐྱེན་རིམ་པ་བཞིན་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་མཐུན་པ་ཞེས་བྱ་བ་ནི་རྒྱུ་མེད་པར་རྐྱེན་རྣམས་མི་འཇུག་ལ།


DTG113_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་རྣམས་མེད་པར་ཡང་རྒྱུ་འཇུག་པ་མེད་པ་ཉིད་ཀྱི་ཕན་ཚུན་ཚོགས་ན་འཇུག་པར་འགྱུར་རོ། །གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱ་བ་ནི་གཞན་ཉིད་དང་བྲལ་བའི་ཕྱིར་རོ། །ཡང་དག་པ་ཉིད་ཅེས་བྱ་བ་ནི་སླུ་བར་མི་བྱེད་པའི་ཕྱིར་རོ། །བདེན་པ་ཁོ་ན་ཞེས་བྱ་བ་ནི་བདེན་པ་དང་མཐུན་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ཅེས་བྱ་བ་ནི་དོན་དང་ལྡན་པའི་ཕྱིར་རོ། །མ་ནོར་བ་ཉིད་ཅེས་བྱ་བ་ནི་ཕྱིན་ཅི་ལོག་རྣམ་པ་བཞི་དང་བྲལ་བའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པ་ཉིད་ཅེས་བྱ་བ་ནི་རྗེས་སུ་མཐུན་པའི་ཕྱིར་རོ། །འདི་ལྟར་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ཞེས་བྱ་བ་ལ་སོགས་པ་ནི་རྒྱུ་དང་རྐྱེན་རྣམ་པ་གཉིས་ཡིན་པས་རྒྱུ་རྐྱེན་གཉིས་ཀྱི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བའི་གོ་རིམས་ཁས་བླང་བར་བྱའོ། །གཉིས་གང་ཞེ་ན། གསུངས་པ། རྒྱུ་དང་འབྲེལ་པ་དང༌། རྐྱེན་དང་འབྲེལ་པའི་ཕྱིར་དེ་ཡང་ཕྱི་དང་ནང་གི་བྱེ་བྲག་གིས་རྣམ་པ་བཞིར་ཁས་བླང་དགོས་པས། ཕྱི་དང་དེ་བཞིན་ནང་གི་ནི། །རྒྱུ་དང་རྐྱེན་ནི་རྣམ་གཉིས་ཏེ། །ཞེས་བྱ་བ་སྨོས་སོ། །དེ་ལྟར་ནང་དང་ཕྱི་རོལ་གྱི་བྱེ་བྲག་གིས་ཐ་དད་པའི་རྒྱུ་དང་རྐྱེན་རྣམས་ཀྱི་མཚན་ཉིད་ཀྱི་དབྱེ་བ་ཇི་ལྟ་བུ་ཞེ་ན། ཕྱི་རོལ་རྒྱུ་ནི་ས་བོན་སོགས། །ཞེས་བྱ་བ་སྨོས་སོ། །དེ་ལ་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་བཅས་པ་གང་ཞེ་ན། ཞེས་བརྗོད་ནས་འདི་ལྟ་སྟེ། ས་བོན་ལས་མྱུ་གུ། མྱུ་གུ་ལས་འདབ་མ། འདབ་མ་ལས་སྡོང་བུ། སྡོང་བུ་ལས་སྦུ་གུ། སྦུ་གུ་ལས་སྙིང་པོ། །སྙིང་པོ་ལས་མེ་ཏོག །མེ་ཏོག་ལས་འབྲས་བུ་ཞེས་བྱ་བ་གསུངས་སོ། །རྐྱེན་ནི་རྣམ་པ་དྲུག་ཏུ་བསྟན། །ཞེས་བྱ་བ་ནི་སྐབས་ཡིན་པའི་ཕྱིར་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཞེས་བྱ་བར་སྦྱར་ཏེ། རྣམ་པ་དྲུག་ཅེས་བྱ་བ་ནི་ས་ལ་སོགས་པ་རྣམ་པ་དྲུག་གོ །དེ་ཉིད་ཀྱི་ཕྱིར་སྨྲས་པ། ས་བོན་མྱུ་གུ་སྡོང་བུ་སོགས། །ཇི་ལྟར་འབྲས་བུ་འཇུག་པར་བརྗོད། །ས་བོན་ཡོད་ན་མྱུ་གུ་དང་སྡོང་བུ་ལ་སོགས་པ་འབྲས་བུ་ལ་ཐུག་པ་རྣམས་འབྱུང་གི་ས་བོན་མེད་ན་མྱུ་གུ་དང་སྡོང་བུ་ལ་སོགས་པ་འབྲས་བུ་ལ་ཐུག་པ་རྣམས་འབྱུང་བ་མེད་དོ། །དེ་ལས་ས་བོན་ཡང་འདི་སྙམ་དུ་བདག་གིས་མྱུ་གུ་ལ་སོགས་པ་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་སོ། །མྱུ་གུ་ལ་སོགས་པ་ཡང་འདི་སྙམ་དུ་བདག་ནི་ས་བོན་ལ་སོགས་པས་མངོན་པར་བསྒྲུབས་སོ་སྙམ་དུ་མི་


DTG113_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སོ། །མེ་ཏོག་ཀྱང་འདི་སྙམ་དུ་བདག་གིས་འབྲས་བུ་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་པའི་བར་དུ་སྟེ། འབྲས་བུ་ཡང་འདི་སྙམ་དུ་བདག་ནི་མེ་ཏོག་གིས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་མོད། འོན་ཀྱང་ས་བོན་ཡོད་ན་མྱུ་གུ་ལ་སོགས་པ་ནས་འབྲས་བུ་ལ་སོགས་པར་འབྱུང་བར་འགྱུར་གྱི། མེད་ན་མི་འགྱུར་ཏེ། དེ་ལྟར་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲེལ་པར་བལྟ་བར་བྱའོ། །རྐྱེན་ནི་ས་ལ་སོགས་པ་སྟེ། །དུས་ལ་ཐུག་པ་གོ་རིམས་བཞིན། །དེ་ཉིད་ཀྱི་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པ་ཇི་ལྟར་བལྟ་ཞེ་ན་ཞེས་བྱ་བ་གསུངས་སོ། །ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པ་རྣམ་པ་དུར་བལྟ་བར་བྱ་ཞེ་ན་གསུངས་པ། ཁམས་དྲུག་འདུས་པའི་ཕྱིར་རོ། །དྲུག་པོ་གང་དག་ཅེ་ན། ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའ་དང༌། དུས་རྣམས་གོ་རིམས་བཞིན་འདུས་པ་ལས་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བའི་རྐྱེན་ཉིད་དུ་གོ་རིམས་བཞིན་ཏེ། གོ་རིམས་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །རྒྱུ་དང་རྐྱེན་འདི་རྣམས་ལས་གང་གི་ལས་གང་ཡིན་ཞེ་ན། དེའི་ཕྱིར་སྨྲས་པ། རྟེན་དང་རླན་དང་སྨིན་པ་དང༌། །འབྲུ་འཕེལ་དང་ནི་གོ་འབྱེད་དང༌། །འགྱུར་བ་དག་ནི་དེ་རྣམས་ཀྱིས། །བྱ་བ་ཇི་བཞིན་འཇུག་པའོ། །དེ་ལ་སའི་ཁམས་ནི་ས་བོན་རྟེན་པའི་བྱ་བ་བྱེད་དོ་ཞེས་བྱ་བ་ནི་ས་བོན་མྱུ་གུ་བསྐྱེད་པར་མངོན་དུ་ཕྱོགས་པར་རྟེན་པས་སྲ་བ་ཉིད་ཅེས་བྱའོ། །ཆུའི་ཁམས་ནི་རླན་པར་བྱེད་དོ་ཞེས་བྱ་བ་ནི་མཉན་པར་བྱེད་དོ་ཞེས་བཤད་པ་ཡིན་ནོ། །མེའི་ཁམས་ནི་སྨིན་པར་བྱེད་དོ་ཞེས་བྱ་བ་ནི་ཡོངས་སུ་རྒྱས་པའི་གནས་སྐབས་ཉེ་བར་བསྐྱེད་པ་ན། ཕན་ཚུན་རེག་པས་དྲོ་བ་ཉིད་ནི་ཡོངས་སུ་སྨིན་པ་ཞེས་བྱའོ། །རླུང་གི་ཁམས་ནི་འབུ་བར་བྱེད་དོ་ཞེས་བྱ་བ་ནི་འཕེལ་བར་བྱེད་པའི་ཕྱིར་ཏེ། རང་གི་གནས་སྐབས་ནས་བྱུང་སྟེ། ཕྱི་རོལ་དུ་ཁྱེར་པའི་ཕྱིར། རླུང་གི་ཁམས་ནི་ས་བོན་འབུ་བར་བྱེད་འཕེལ་བར་བྱེད་ཅེས་བྱའོ། །ནམ་མཁའི་ཁམས་ནི་ས་བོན་དང༌། མྱུ་གུ་ལ་སོགས་པ་ལ་མི་སྒྲིབ་པའི་བྱ་བ་བྱེད་ཅེས་བྱ་བ་ནི། ནམ་མཁའི་ཁམས་ནི་གེགས་མི་བྱེད་པ་ཉིད་ཀྱིས་མཐུན་པར་འཇུག་པའི་ཕྱིར་ས་བོན་དང་མྱུ་གུ་ལ་སོགས་པ་ལ་མི་སྒྲིབ་པའི་བྱ་བ་བྱེད་ཅེས་


DTG113_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དུས་ནི་ས་བོན་འགྱུར་བའི་བྱ་བ་བྱེད་དོ་ཞེས་བྱ་བ་ནི་དུས་ཀྱང་རྣམ་པ་ཐམས་ཅད་ཡོངས་སུ་བསྒྲུབས་པས་དུས་ཇི་ལྟ་བ་བཞིན་དུ་འགྱུར་བར་བྱེད་པ་ན་ས་བོན་འགྱུར་བའི་བྱ་བ་བྱེད་དོ་ཞེས་བྱའོ། །ཐམས་ཅད་ཀྱང་མ་ཚང་བ་མེད་ན་འབྱུང་གི །མ་ཚང་ན་འབྱུང་བ་མེད་དོ། །དེ་ཉིད་ཀྱི་ཕྱིར་སྨྲས་པ། རྐྱེན་རྣམས་ཚོགས་པ་མེད་ན་ནི། །ས་བོན་ཡོད་ཀྱང་མྱུག་སོགས་མེད། །ས་བོན་མེད་པ་ཉིད་ཡིན་ན། །རྐྱེན་རྣམས་ཡོད་ཀྱང་དེ་དང་འདྲ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཐམས་ཅད་འདུས་ལ་ས་བོན་འགགས་པ་ན་དེ་ལས་མངོན་པར་འགྲུབ་པར་འགྱུར་རོ། །རྒྱུ་དང་དེ་བཞིན་རྐྱེན་རྣམས་ནི། །ངར་འཛིན་ལ་སོགས་བྲལ་བ་སྟེ། །རྒྱུ་དང་རྐྱེན་ནི་ཚོགས་པ་ལས། །ལས་ཀྱི་འབྲས་བུ་ཆུད་ཟ་མེད། །དེ་ལ་སའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་སྡུག་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །དེ་བཞིན་དུ་ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའ་དང༌། དུས་རྣམས་ཀྱང་འདི་སྙམ་དུ་མི་སེམས་ཏེ། ངར་འཛིན་པ་དང༌། ང་ཡིར་འཛིན་པ་མེད་པའི་ཕྱིར་རོ། །ལས་ཀྱི་འབྲས་བུར་གདགས་པ་ཆུད་ཟ་བ་ཡང་མེད་དེ། ཐམས་ཅད་དུ་རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པ་ལས་ཞེས་བྱ་བ་ཁོང་དུ་ཆུད་པར་བྱའོ། །མྱུ་གུ་དེ་ཡང་ཞེས་བྱ་བ་ནི་ས་བོན་གྱི་རྒྱུ་ཅན་གྱི་མྱུ་གུ་ལ་སོགས་པ་དེ་སྐྱེས་པ་ན། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་དང་བྱེད་པོ་དུས་ལས་མིན། །དེ་བཞིན་དབང་ཕྱུག་སོགས་བྱས་མིན། །རང་བཞིན་ལས་མིན་རྒྱུ་མེད་མིན། །ཞེས་སྨོས་སོ། །བདག་ལས་ཞེས་བྱ་བ་ནི་དངོས་པོ་རྣམས་རྒྱུ་དང་རྐྱེན་དག་མེད་པར་བདག་ཉིད་ལས་སྐྱེ་བའོ། །ངོ་བོ་ཉིད་དུ་སྨྲ་བ་རྣམས་འདི་ལྟར་རྟོག་ཅེས་གྲག་སྟེ། དངོས་པོ་རྣམས་ཀྱི་ངོ་བོ་ཉིད། །འདི་ནི་དུས་རྟག་གནས་པ་སྟེ། །འདི་ལ་འགའ་ཡང་སྐྱེ་བ་མེད། །འགའ་ཡང་འགག་པར་མི་འགྱུར་རོ། །རྨ་བྱའི་འདབ་མ་བཀྲ་བ་དང༌། །པདྨ་ལ་སོགས་རབ་དམར་དང༌། །ཚེར་མ་རྣོ་ལ་སོགས་པ་གང༌། །སུ་ཞིག་གིས་ནི་སྔོན་བྱས་སྨྲོས། །དེ་བས་ན་དེའི་གཞུང་ལུགས་དགག་པའི་ཕྱིར་སྨྲས་པ། དངོས་པོ་རྣམས་རང་ལས་སྐྱེ་བར་རུང་བ་མ་ཡིན་ཏེ། སྔ་ཉིད་ནས་གནས་པའི་ཕྱིར་རོ། །སྐྱེ་བ་དང་ལྡན་པར་ཁས་ལེན་ན་ནི་རྒྱུ་དང་རྐྱེན་ཉིད་ཁས་བླངས་པར་འགྱུར་རོ། །དེ་བས་ན་


DTG113_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་རྣམས་རང་གི་ངོ་བོ་ལས་སྐྱེ་བར་རུང་བ་མ་ཡིན་ཏེ། སྐྱེ་བ་དང་ལྡན་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་ནོ། །གང་གི་ལྟར་ན་དངོས་པོ་རྣམས་རྟག་ཏུ་གནས་པ་དེའི་ལྟར་ན་སྐྱེ་བ་དང༌། བྱ་བ་དང༌། ལས་དང༌། གནས་པ་དང༌། འཇིག་པ་ཡང་མི་རུང་བ་ཞིག་ན། སྐྱེ་བ་དང༌། བྱ་བ་དང༌། ལས་དང༌། གནས་པ་དང༌། འཇིག་པ་ཡང་མངོན་སུམ་དུ་སྣང་ངོ༌། །དེ་བས་ན་ཉེས་པ་འདིར་ཐལ་བར་འགྱུར་དུ་འོང་བས་བདག་ལས་མིན་ཞེས་སྨོས་ཏེ། དངོས་པོ་རྣམས་རང་ལས་སྐྱེ་ན་རྟག་ཏུ་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །ནམ་མཁའ་ལྟ་བུར་ཅུང་ཟད་ཀྱང་གང་དུ་ཡང་ནམ་ཡང་སྐྱེ་བའམ་འགག་པར་མི་འགྱུར་རོ་ཞེ་ན། སྨྲས་པ། མངོན་སུམ་དང་འགལ་བའི་ཕྱིར་ཏེ། འདི་ལྟར་དངོས་པོ་རྣམས་རྒྱུ་དང་རྐྱེན་ལས་སྐྱེ་བར་ནི་སྣང་ངོ༌། །དེ་ལྟར་ན་རེ་ཞིག་དངོས་པོ་རྣམས་རང་གི་ངོ་བོ་ལས་མ་སྐྱེའོ། །གཞན་ལས་ཞེས་བྱ་བ་ནི་བདག་ལས་སོ། །གཞན་སྐྱེད་པར་བྱེད་པ་དང༌། འཇིག་པར་བྱེད་པའི་བདག་ཡོད་དོ་ཞེས་གྲག་སྟེ། ཕྱི་དང་ནང་གི་དངོས་པོ་ཐམས་ཅད་ནི་བདག་གི་ཡོན་ཏན་ཡིན་ལ། བདག་ནི་ནང་གི་བྱེད་པའི་སྐྱེས་བུར་ཡོད་དེ། དེ་ཡོད་ན་འགྲོ་བ་དང༌། འོད་པ་དང༌། གཡོ་བ་དང༌། རྟོག་པ་དང༌། སེལ་བ་དང༌། རློམ་སེམས་དང༌། བྱ་བ་དང། ལས་དང༌། དེ་ཉིད་དང་གཞན་ཉིད་དུ་ཡང་འཇུག་གོ །མིག་ལ་སོགས་པ་ནི་བདག་གི་ཡོན་ཏན་ཡིན་ཏེ། གཞན་གྱི་དོན་ཡིན་པའི་ཕྱིར། མལ་ཆ་ལ་སོགས་པའི་ཡན་ལག་བཞིན་ནོ་ཞེས་བྱ་བ་ལ། གཞན་ཞེས་བྱ་བའི་སྒྲས་ནི་བདག་གི་ཡིན་པར་བརྗོད་དོ། །མིག་ལ་སོགས་པ་ནི་དེའི་ཡོན་ཏན་ཡིན་པས་དེའི་དོན་ནི་གཞན་གྱི་དོན་ཏེ། དཔེར་ན་མལ་ཆ་ལ་སོགས་པ་གཞན་དུ་ཉེ་བར་སྦྱོར་བ་ལ་གཞན་གྱི་དོན་ཞེས་བྱ་བ་ལྟ་བུའོ། །གཞན་གྱི་དོན་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ནི་མལ་ཆའི་དཔེ་དང་མི་སྦྱོར་ཏེ། འདུས་པ་ཡིན་པའི་ཕྱིར་རོ། །བདག་ནི་འདུས་པ་མ་ཡིན་པའི་རང་གི་ངོ་བོ་ཡིན་ན། ཇི་ལྟར་ན་བདག་འདུས་པ་མ་ཡིན་ཞིང་བདག་ལུས་མེད་པ་ལ་མལ་ཆ་ལ་སོགས་པའི་ཡན་ལག་འདུས་པའི་རང་གི་ངོ་བོས་ཕན་འདོགས་པར་རུང༌། དེ་བས་ན་གཏན་ཚིགས་ཀྱི་དོན་མ་གྲུབ་པ་དེ། འདུས་པ་མ་ཡིན་པ་གཞན་གྱི་དོན་སྒྲུབ་པར་བྱེད་པས་མལ་ཆའི་དབྱེ་བས་མལ་ཆའི་དཔེ་འདུས་


DTG113_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཞན་གྱི་དོན་ཁོ་ན་བསྒྲུབས་པ་ཡིན་ནོ། །བདག་འདུས་པ་ཡིན་པས་རྒྱུ་དང་རྐྱེན་ལས་སྐྱེ་བ་ཐོབ་པ་ལ་ང་དང་ངའི་ཞེས་རློམ་པའི་རྣམ་པ་འཇུག་པའི་ཕྱིར་སེམས་ཁོ་ན་ལ་བདག་ཅེས་བྱའི། འདི་ལ་ནང་གི་བྱེད་པའི་སྐྱེས་བུ་རུས་སྦལ་གྱི་སྤུའི་རང་བཞིན་དང་འདྲ་བ་རིགས་པ་དང་རྗེས་སུ་དཔག་པ་དང་བྲལ་བ་ནི་འགའ་ཡང་མད་དོ་ཞེས་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཕྱི་དང་ནང་གི་དངོས་པོ་ནི་གཞན་ལས་སྐྱེ་བ་རུང་བ་མ་ཡིན་པ་གསུངས་སོ། །གལ་ཏེ་དེ་ལྟར་དངོས་པོ་རྣམས་བདག་ལས་ཀྱང་སྐྱེ་བར་མི་འགྱུར། གཞན་ལས་ཀྱང་མ་ཡིན། འོ་ན་དངོས་པོ་རྣམ་པ་གཉིས་ལས་སྐྱེ་བར་འགྱུར་རོ་སྙམ་ན་དེའི་ཕྱིར་དེའི་གཞུང་ལུགས་དགག་པའི་ཕྱིར་སྨྲས་པ། གཉིས་དང་བྱེད་པོ་དུས་ལས་མིན། །ཞེས་བྱ་བ་སྨོས་ཏེ། བདག་དང་གཞན་ལས་མ་ཡིན་ནོ། །གཞན་དག་ནི་བདག་དང་གཞན་འབྲེལ་པ་ལས། དངོས་པོ་རྣམས་སྐྱེ་བར་རྟོགས་ཏེ། དེའི་ཕྱིར་གཉིས་ཉིད་དུ་བརྗོད་པ་དེ་ལྟ་ནའང༌། བདག་ལས་མ་དམིགས་པའི་ཕྱིར་དང༌། གཞན་ལས་མིན་པའི་ཕྱིར་གཉིས་ལས་མིན་ཞེས་སྨོས་ཏེ། རྒྱུ་དང་རྐྱེན་མ་གཏོགས་པ་བདག་དང་གཞན་མེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །གལ་ཏེ་གཉིས་ཕྲད་ཀྱང་སྐྱེ་བ་དང་འཇིག་པར་མི་འདོད་ན་འོ་ན་བྱེད་པོ་གཞན་དབང་གིས་སྐྱེ་བ་དང་འཇིག་པར་འགྱུར་རོ་ཞེས་ཁ་ཅིག་ཟེར་ཏེ་མུ་སྟེགས་བྱེད་གཞན་དག་བྱེད་པ་པོ་ཞེས་བྱ་བ་ཐོག་མའི་བྱེད་པ་པོ་རྟག་པ་རྒྱུན་མི་ཆད་པ་ཁྱབ་པའི་བདག་འགའ་ཞིག་ཡོད་དེ། དེས་ཕྱི་དང་ནང་འདི་ཐམས་ཅད་སྐྱེད་ཅིང་འཇིག་པར་བྱེད་དོ་ཞེས་རྟོགས་སོ། །དེ་བས་ན་དེའི་གཞུང་ལུགས་དགག་པའི་ཕྱིར་སྨྲས་པ། དངོས་པོ་རྣམས་སྐྱེ་བ་དང༌། གནས་པ་དང༌། འཇིག་པ་ཉིད་ནི་བྱེད་པ་པོ་ལ་རིག་ལས་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྒྱུ་དང་རྐྱེན་འབྲེལ་པ་ལས་དངོས་པོ་རྣམས་འཇུག་པར་སྣང་ངོ༌། །བྱེད་པ་པོ་ནི་ནམ་མཁའ་བཞིན་འགྱུར་བ་མེད་པའི་ཕྱིར་དེ་ལ་རག་མ་ལས་ཏེ། སྐྱེ་བ་དང༌། གནས་པ་དང༌། འཇིག་པ་ཉིད་དུ་རུང་བ་མ་ཡིན་ནོ། །གལ་ཏེ་ཅིའི་ཕྱིར་ཞེ་ན། བྱེད་པ་པོ་འགྱུར་བ་མེད་པ། བྱེད་པ་མེད་པ་ནམ་མཁའི་བདག་ཉིད་ལ་ནི་བྱ་བ་དང༌། ལས་ཅུང་ཟད་ཀྱང་མེད་དོ། །དངོས་པོ་སྐྱེ་བ་དང་ལྡན་པ་རྣམས་ལ་རྒྱུ་དང་རྐྱེན་ལ་རག་ལས་ཏེ། འཇུག་པ་ཉིད་ཀྱི་རིམ་པར་འབྱུང་བར་སྣང་ངོ༌། །


DTG113_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ལྟར་ན་བྱེད་པ་པོ་ལ་རག་ལས་ཏེ་འཇུག་པ་དེའི་ལྟར་ན་དངོས་པོ་རྣམས་ཀྱི་སྐྱེ་བ་དང༌། གནས་པ་དང༌། འཇིག་པ་ཉིད་རྟག་ཏུ་ཉེ་བར་འགྱུར་རོ། །བྱེད་པ་པོ་རྟག་པའི་ཕྱིར་ཅིག་ཅར་དངོས་པོ་རྣམས་སྐྱེ་བ་དང༌། གནས་པ་དང༌། འཇིག་པར་འགྱུར་བའམ། ཡང་ན་འགའ་ཡང་སྐྱེ་བ་དང༌། གནས་པ་དང༌། འཇིག་པར་མི་འགྱུར་རོ། །རྟག་པའི་ཕྱིར་གང་ལའང་ཅུང་ཟད་ཀྱང་སྐྱེ་བའམ། འཇིག་པར་མི་བྱེད་དོ། །དངོས་པོ་རྒྱུ་དང་རྐྱེན་ལ་རག་ལས་ཏེ་འཇུག་པ་རྣམས་ཁོ་ན་ལ་བྱེད་པ་པོ་དང༌། བྱ་བ་དང༌། རྒྱུ་དང་འབྲས་བུ་སྐྱེ་བ་འདྲ་བའི་རིམ་པ་འབྱུང་བ་དམིགས་ཀྱི། སྐྱེ་བ་མེད་པ་ནམ་མཁའི་ཨུཏྤ་ལ་ལ་སོགས་པ་ནི་སྐྱེ་བ་དང་གནས་པ་དང་འཇིག་པ་རུང་བ་མ་ཡིན་ནོ། །རྒྱུ་འགྱུར་བ་མེད་པ་ལས་ཕན་ཚུན་རག་ལས་ཏེ། འཇུག་པར་བྱ་བ་དང་ལྡན་པ་རྣམས་ཀྱི་སྐྱེ་བ་ངེས་པ་ནི་རུང་བ་མ་ཡིན་ཏེ། རྟག་པའི་དངོས་པོ་ལས་སྐྱེས་པ། །མི་རྟག་རུང་བ་མ་ཡིན་ཉིད། །རྒྱུ་ལས་འགྱུར་བ་མེད་པའི་ཕྱིར། །ཡང་ན་འདྲ་བ་ཁོ་ནར་བྱེད། །རྒྱུ་དང་འབྲས་བུ་ཐ་དད་ན། །མི་འགྱུར་བར་ནི་ཇི་ལྟར་འགྱུར། །རྒྱུ་ལ་འགྱུར་བ་ཡང་ཡོད་པའི་ཕྱིར་དེ་མི་འདྲ་བའི་ཕྱོགས་ཉམས་སོ། །བྱ་བ་དང་མི་ལྡན་པ་མོ་གཤམ་གྱི་བུའི་བདག་ཉིད་རྣམས་ལ་ནི་འགའ་ཡང་བྱ་བ་དང་ལས་ངེས་པར་རུང་བ་མ་ཡིན་པས་བཅོམ་ལྡན་འདས་ཆོས་རྣམས་ལ་མི་བསླུ་བས་དངོས་པོ་རྣམས་ལ་སྐྱེ་བའི་བྱ་བ་བྱེད་པ་པོ་ལ་རག་ལས་པ་མ་ཡིན་གྱི། འོན་ཀྱང་རྒྱུ་དང་རྐྱེན་འདུས་པ་ཡོད་ན་དངོས་པོ་རྣམས་སྐྱེ་བ་དང༌། འཇིག་པ་དག་རུང་ངོ་ཞེས་གསུངས་སོ། །གལ་ཏེ་དེ་ལྟར་ན་འདི་ལ་དངོས་པོ་རྣམས་སྐྱེ་བ་དང༌། གནས་པ་དང༌། གཞན་དུ་འགྱུར་བ་ལ་སོགས་པ་ཁས་བླང་བར་བྱ་སྟེ། དངོས་རྣམས་སྐྱེ་དང་གནས་པ་ཡི། །རྒྱུ་ནི་དབང་ཕྱུག་ཡིན་རིག་བྱ། །གཞན་དག་དེ་ལྟར་ལོག་རྟོགས་ཤིང༌། །ཇི་ལྟར་མ་ཡིན་དེ་ལྟར་བརྗོད། །གཞན་དག་ནི་སེམས་ཅན་དང༌། སྣོད་ཀྱི་འཇིག་རྟེན་སྐྱེ་བ་དང༌། གནས་པ་དང༌། འཇིག་པ་དག་ནི་དབང་ཕྱུག་གིས་བྱས་ཤིང་འཇིག་པར་རྟོགས་ཏེ། དབང་ཕྱུག་དེའི་སེམས་ཀྱི་དབང་གིས་ལུས་དང༌། ས་གསུམ་དང༌། བྱེད་པ་ལ་སོགས་པ་འབྱུང་བར་འགྱུར་རོ་ཞེས་གྲག་གོ །གཞན་དག་ནི་དེ་ཉིད་ཀྱི་སེམས་བསྐྱེད་པ་ཙམ་གྱིས་སེམས་ཅན་དམྱལ་བ་དང༌། ཡི་


DTG113_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

དགས་དང༌། དུད་འགྲོ་དང༌། ལྷ་དང་མི་ལ་སོགས་པ་དང༌། རིམས་དང༌། དུག་དང༌། ནད་དང༌། བུད་མེད་དང༌། སྐྱེས་པ་དང༌། མ་ནིང་དང༌། གཟུགས་བཟང་བ་དང༌། གཟུགས་མི་སྡུག་པ་དང༌། ཆོམ་རྐུན་པ་དང༌། གཡོན་ཅན་དང༌། རྐུན་མ་དང༌། བྱི་པོ་བྱེད་པ་དང༌། སྲོག་གཅོད་པ་དང༌། བརྫུན་དུ་སྨྲ་བ་དང༌། ཆང་འཐུང་བ་དང༌། རྒྱལ་པོ་ལ་འཇུག་པ་དང༌། མཐའ་འཁོབ་དང༌། རི་ཁྲོད་པ་དང༌། གཡུང་པོ་དང༌། སྙིང་རྗེ་མེད་པ་དང༌། གཏུམ་པོ་དང༌། ཚིག་རྩུབ་པོ་སྨྲ་བ་དང༌། བྲམ་ཟེ་གསོད་པ་དང༌། ཕ་མ་གསོད་པ་དང༌། བ་ལང་གསོད་པ་དང༌། གཤེད་མ་ལ་སོགས་པ་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། མཁའ་འགྲོ་མ་ལ་སོགས་པ་དང༌། གཞན་གསོད་པར་བྱེད་པ་ཐམས་ཅད་དང༌། བདེ་བ་དང་སྡུག་བསྔལ་ལ་སོགས་པ་དང༌། མཐོ་རིས་དང༌། བྱང་གྲོལ་དེ་ཐམས་ཅད་སེམས་བསྐྱེད་པ་ཙམ་གྱིས་ཕྱུང་ངོ་ཞེས་ཟེར་རོ། །དབང་ཕྱུག་བྱེད་པ་པོར་སྨྲ་བ་ཤེས་རབ་ཤིན་ཏུ་གཞོན་པ་ཉིད་དང༌། སོང་བའི་རྗེས་སུ་འགྲོ་བ་ཉིད་ཀྱིས་རིགས་པའི་ཁྱད་པར་དང་བྲལ་བ་དེ་ལ་གུས་ཤིང་གཞོལ་བས་སྔ་ཕྱི་འགལ་བ་བྱིས་པ་གཞོན་ནུ་གདོལ་བ་བཞིན་དུ་དོན་ཇི་ལྟ་བ་ཉིད་མ་ཡིན་པ། མངོན་སུམ་ལ་སོགས་པ་དང་འགལ་བ། སྦྱིན་པ་དང༌། དུལ་བ་དང༌། ཡང་དག་པར་སྡོམ་པ་དང༌། འདོད་པ་དང་མི་འདོད་པའི་འབྲས་བུ་དང༌། ལེགས་པར་བྱས་པ་དང༌། ཉེས་པར་བྱས་པའི་ལས་དང༌། བགྲོད་པར་བྱ་བ་དང༌། བགྲོད་པར་བྱ་བ་མ་ཡིན་པ་དང༌། བཟའ་བ་དང༌། མི་བཟའ་བ་དང༌། མཐོ་རིས་དང༌། བྱང་གྲོལ་ལ་སོགས་པའི་འབྲས་བུ་དང་འགལ་བ། རིགས་པ་དང༌། ལུང་ལ་སོགས་པ་དང་འགལ་བ། ཚིག་ཙམ་ཕྱོགས་སུ་བྱས་ནས་རང་གི་མི་ཤེས་པའི་ལིང་ཏོག་གིས་མིག་བསྒྲིབས་པས་ནུས་པ་མེད་པའི་ཕྱིར་ཕྱུགས་སུ་གྱུར་བ་རྣམས་ནི་ཕྱུགས་པས་ཀྱང་ཆེས་ཕྱུགས་ཏེ། མི་མངོན་པ་མོ་གཤམ་གྱི་བུའི་རང་བཞིན་ཕྱུགས་བདག་ལ་བརྟེན་ཏེ། འགྲོ་བ་སྐྱེ་ཞིང་གནས་པ་དང༌། །འཇིག་པའི་རྒྱུ་ནི་དབང་ཕྱུག་ན། །དེ་ཡི་སྐྱེ་ཞིང་གནས་པ་དང༌། །འཇིག་པའི་རྒྱུ་ཡང་བརྗོད་དགོས་སོ། །སྐྱེ་བ་དང༌། གནས་པ་རྒྱུ་དང་བཅས་པ་ཉིད་དུ་ཁས་ལེན་ན་ནི་རྟག་པར་སྨྲ་བ་ཉམས་པར་འགྱུར་བས་སྨྲ་བ་བཏང་སྟེ། ཕྱིན་ཅི་ལོག་ཏུ་བསྒྲུབ་པའི་ཕྱིར་དབང་ཕྱུག་རྒྱུ་མ་ཡིན་པ་ཉིད་ཁོ་ནར་གྲུབ་


DTG113_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །འདོད་པ་ཙམ་གྱིས་སྐྱེས་ན་ནི། འགྲོ་བ་ཐམས་ཅད་ཅིག་ཅར་སྐྱེ་བ་དང༌། གནས་པ་དང༌། འཇིག་པར་འགྱུར་རོ། །དེའི་ཕྱིར་ཡང་མ་གྲུབ་པའི་དོན་ཉིད་ཡིན་ཏེ། ཐམས་ཅད་རྟག་ཏུ་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །སྡུག་བསྔལ་བ་དང༌། ངན་པ་དང༌། ཞེ་འགྲས་པ་དང༌། མི་གཙང་བ་དང༌། བྱས་པ་མི་གཟོ་བ་ལ་སོགས་པ་འབྱིན་པ་ནི་དགོས་པ་ཁྱད་པར་མེད་པའི་ཕྱིར་ཡང་མ་གྲུབ་པའི་དོན་ཉིད་ཡིན་ཏེ། དེའི་འབྱིན་པའི་ངལ་བ་འབྲས་བུ་མེད་དོ། །དགོས་པ་མེད་པ་ལ་ནི་རྟོག་པ་སྔོན་དུ་གཏོང་བ་རྣམས་འཇུག་པ་མེད་དེ། དགོས་པས་མ་ཁྱབ་པའི་ཕྱིར་རོ། །དེ་དག་དགོས་པ་དང་ལྡན་པ་ལ་ལོག་ན་རྟོག་པ་སྔོན་དུ་གཏོང་བ་རྣམས་ཀྱི་འཇུག་པ་དེ་ཡང་ལྡོག་པས་མ་གྲུབ་པའི་དོན་ཉིད་ཡིན་ནོ། །རྒྱུ་དང་རྐྱེན་ནི་ཚང་བ་ན། །རིམ་གྱིས་སྐྱེ་དང་འཇིག་པ་དང༌། །མངོན་སུམ་དུ་ནི་སྣང་བ་སྟེ། །མ་ཚང་ན་ཡང་སྐྱེ་བ་མེད། །སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་བདེ་བ་དང་སྡུག་བསྔལ་ལ་སོགས་པ་སྐྱེ་ཞིང་གནས་པ་དང༌། འཇིག་པ་ནི་རིམ་པ་ཁོ་ནས་དམིགས་ཏེ། དེའི་ཕྱིར་དབང་ཕྱུག་རྒྱུ་མ་ཡིན་ནོ། །དངོས་པོ་འགའ་ཡང་སྐྱེ་བ་དང༌། གནས་པ་དང༌། འཇིག་པར་མི་རུང་སྟེ། མངོན་སུམ་དང་འགལ་བ་དེའི་ཕྱིར་ཡང་མ་གྲུབ་པའི་དོན་ཉིད་ཡིན་ནོ། །མངོན་སུམ་ལས་བརླིང་བའི་ཚད་མ་གཞན་ཡང་ཡོད་པ་མ་ཡིན་ནོ་ཞེས་སྨྲ་བ་ཐམས་ཅད་ལ་གྲགས་སོ། །གཅིག་པུ་དོན་བྱེད་ཡོད་མིན་ཞིང༌། །བརྩེ་དང་རབ་གདུང་མེད་པ་ལ། །ཡོན་ཏན་ཟབ་མོ་ཉིད་དང་ནི། །ལྟ་སྤྱོད་སེམས་པ་སོགས་མི་རིགས། །གཅིག་པུ་བྱ་བ་དང་ལྡན་པ་དང་མི་ལྡན་པ་ལ་ཡོན་ཏན་ཟབ་མོ་ཉིད་དམ་གཟུགས་ལ་སོགས་པ་དམིགས་པའི་སེམས་པ་ཉིད་མི་རུང་བས་དེ་ནི་མི་མཐུན་ནོ། །རྒྱུ་ནི་ཀུན་ན་ཡོད་མིན་ན། །ཇི་ལྟ་བུར་ན་རྐྱེན་ཉིད་ཡིན། །རྒྱུ་མིན་ཉིད་ནི་བྱེད་མེད་ཕྱིར། །ཇི་ལྟར་དབང་ཕྱུག་ཆེ་དབང་བྱེད། །དངོས་རྣམས་བྱེད་པོ་དབང་ཕྱུག་ཆེ། །དེ་ཡང་བྱེད་པོར་མི་འདོད་ན། །ཕ་མེད་པར་ནི་བུ་འབྱུང་བ། །དེ་ནི་འདོད་དང་མཐོང་བ་མེད། །རིགས་པ་སྨྲ་རྣམས་རྒྱུ་དང་ནི། །རྒྱུ་མཐུན་འདྲ་བ་ཉིད་དུ་འདོད། །རྟག་ལས་འབྲས་བུ་རྟག་རིགས་ཏེ། །མི་རྟག་ལས་ཀྱང་མི་རྟག་ཉིད། །སཱ་ལུའི་ས་བོན་ལས་འབྲས་བུ། །ལས་ཀྱི་མྱུ་གུ་སྐྱེ་བ་མཐོང༌། །དེ་བཞིན་དབང་ཕྱུག་ཆེ་རྟག་ནི། །དངོས་པོ་


DTG113_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་རྟག་ཏུ་འབྱུང༌། །ཇི་ལྟར་མེ་ཡིས་ཐམས་ཅད་སྲེག །དེ་བཞིན་གལ་ཏེ་དབང་ཕྱུག་འདོད། །མེ་ཡི་རྒྱུ་ནི་མེ་གཞན་ལ། །དབང་ཕྱུག་ལ་ནི་རྒྱུ་ཡོད་མིན། །རིམ་གྱིས་འཇུག་པས་མེ་རྒྱུན་ལས། །ཐམས་ཅད་སྲེག་པ་ཡང་འདོད་ན། །དབང་ཕྱུག་ལ་ནི་འགྱུར་མེད་པས། །མེ་དང་འདྲ་བར་རུང་མ་ཡིན། །དེ་ལྟར་ན་དབང་ཕྱུག་བྱེད་པ་པོ་ཉིད་དུ་ཁས་ལེན་པ་ལ་ཉེས་པ་མང་དུ་ཡོད་པས། བཅོམ་ལྡན་འདས་ཀྱིས་དངོས་པོ་རྣམས་སྐྱེ་བ་དབང་ཕྱུག་གིས་བྱས་པར་མི་རུང་ངོ་ཞེས་གསུངས་སོ། །གཞན་དག་ནི་ཐམས་ཅད་དུས་ཀྱིས་བསྒྱུར་བར་འདོད་དོ། །དེ་དག་ནི་འདི་སྐད་སྨྲས་ཏེ། དངོས་རྣམས་སྐྱེ་ཞིང་གནས་པ་ནི། །དུས་ཀྱིས་སྒྱུར་བར་བྱེད་པ་སྟེ། །དངོས་རྣམས་སྐྱེ་དང་གནས་པ་ཡང༌། །དུས་ཀྱིས་སྒྱུར་བར་བྱེད་པ་ཉིད། །དེ་ལ་འདི་སྐད་བརྗོད་དེ། འདི་ལ་དུས་ཞེས་བྱ་བ་ཅི་ཡིན། རྟག་པའམ། མི་རྟག་པའམ། ཕོའམ། མོའམ། མ་ནིང་གི་རང་བཞིན་ནམ། ལྷའམ། ཤ་ཟའམ། ལུས་ཅན་ནམ། ལུས་ཅན་མ་ཡིན་པའམ། བྱ་བ་དང་བཅས་པའམ། བྱ་བ་མེད་པ་དང་ལྡན་པ་ཞིག །གལ་ཏེ་དེ་རྟག་བྱ་བ་ལས། །དེ་ལ་རག་ལས་རུང་མ་ཡིན། །ཅིག་ཅར་སྐྱེ་བར་འགྱུར་དེ་ཡང༌། །འགལ་བའི་ཕྱིར་ནི་མི་འདོད་དོ། །མི་རྟག་ཉིད་ན་དུས་མིན་གྱི། །རྒྱུ་དང་རྐྱེན་ནི་འབྲེལ་ཕྱིར་རོ། །གལ་ཏེ་སྐྱེས་པ་བུད་མེད་དང༌། །མ་ནིང་སོགས་ཡིན་ཅི་སྨྲ་འགལ། །ལུས་ཅན་ལུས་མེད་བྱ་བ་སོགས། །ཡིན་ན་ཕན་ཚུན་འགལ་བ་ཉིད། །རྟག་པ་ཉིད་ན་མི་འགྱུར་ཕྱིར། །བྱ་དང་ལས་ནི་འགལ་བར་འགྱུར། །དེ་ལྟར་ན་དུས་སུ་སྨྲ་བ་རྣམས་དུས་ཀྱི་དབང་གིས་དངོས་པོ་རྣམས་སྐྱེ་བ་དང༌། གནས་པ་དང༌། འཇིག་པར་ཁས་ལེན་པ་ཡང་རུང་བ་མ་ཡིན་པས་དེ་ཡང་བཟང་པོ་མ་ཡིན་པ་ཉིད་དོ། །ཉི་མ་དང༌། ཟླ་བ་དང༌། སྐར་མ་དང༌། དུས་ཚིགས་དང༌། ལོ་ལ་སོགས་པ་དང༌། ཕྱི་ནང་གི་དངོས་པོ་རྣམས་སོང་བ་དང༌། འགྲོ་བར་འགྱུར་བའི་ངོ་བོའི་ཕྱིར་དུས་ཞེས་བྱ་བས་དེའི་ཕྱིར་དངོས་པོ་རྣམས་སྐྱེ་བ་དང༌། གནས་པ་དང༌། འཇིག་པ་ནི། དུས་ཀྱིས་བ་སྒྱུར་བར་མི་རུང་ངོ༌། །གཞན་ཡང་རང་བཞིན་དུ་སྨྲ་བ་དག་ནི་ནང་དང་ཕྱི་རོལ་གྱི་དངོས་པོ་ཐམས་ཅད་རང་བཞིན་ལས་འབྱུང་བར་འདོད་དེ། དངོས་པོ་རྣམས་ཀྱི་རང་བཞིན་ཁོ་ནར་ཟད་ཀྱི། དངོས་པོ་འགའི་སྐྱེད་པར་བྱེད་པའམ། འཇིག་


DTG113_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པའི་རྒྱུ་ནི་འགའ་ཡང་མེད་དེ། སྲ་བ་དང༌། གཤེར་བ་དང༌། དྲོ་བ་དང༌། ཡང་བ་ཉིད་དང༌། འཇམ་པ་དང༌། རྣོ་བའི་རང་བཞིན་ཉིད་དང༌། མངར་བ་དང༌། སྐྱུར་བ་དང༌། ལན་ཚྭ་དང༌། ཁ་བ་དང༌། སེམས་ཅན་མ་ཡིན་པའི་དབྱེ་བ་ཉིད་དེ། ལྔ་མི་དུད་འགྲོ་ལ་སོགས་དང༌། །རྒྱལ་པོ་བྲམ་ཟེ་རིགས་ངན་སོགས། །ལེགས་པར་བྱས་དང་ཉེས་བྱས་དང༌། །བདེ་སྡུག་རྟག་ཏུ་གནས་པ་ཉིད། །དེ་ལྟར་རང་བཞིན་ཡིད་གཉིས་ཀྱིས། སེམས་འཁྲུལ་པ་དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། རང་བཞིན་ལ་ནི་འགྱུར་མཐོང་བས། །མངོན་སུམ་ལ་སོགས་འགལ་ཕྱིར་རོ། །གང་ལ་འགྱུར་བ་ཡོད་པ་དེ། །འགྱུར་བ་མེད་པ་ཇི་ལྟར་འགྱུར། །གསལ་བ་དུ་མ་ཐ་དད་ལ། །སྐྱེ་བ་དང་ནི་འཇིག་པ་སྣང༌། །སྐྱེ་དང་འཇིག་དང་འབྲེལ་ན་ནི། །མི་འགྱུར་བར་ནི་ཇི་ལྟར་འགྱུར། །རང་བཞིན་འགྱུར་བ་མེད་པའི་ཕྱིར། །སྐྱེས་བུ་ལ་སོགས་དོན་མེད་ན། །རིགས་དང་རྒྱལ་པོ་ཞིང་སོགས་ལ། །དེ་དག་གི་ཡང་འབྲས་བུ་སྣང༌། །རང་བཞིན་འགྱུར་ན་ནི། རྟག་པར་སྨྲས་པ་ཉམས་པར་འགྱུར། །དེ་ལྟ་བས་ན་རྒྱུ་རྐྱེན་དུ། །སྨྲ་བ་རྣམས་ཀྱི་ལམ་འདི་རིགས། །དེ་ལྟར་ན་རང་བཞིན་དུ་སྨྲ་བ་ཡང་ཕན་ཚུན་འགལ་བ་ཉིད་པས་དངོས་པོ་རྣམས་ཀྱི་སྐྱེ་བ་དང༌། གནས་པ་དང༌། འཇིག་པ་ནི་རང་བཞིན་ལས་འབྱུང་བར་མི་རུང་ངོ་ཞེས་གསུངས་སོ། །འོ་ན་དངོས་པོ་རྣམས་ཀྱི་སྐྱེ་བ་དང༌། གནས་པ་དང༌། འཇིག་པ་རྒྱུ་མེད་པ་ཅན་དུ་འགྱུར་ཏེ། གཞན་རྒྱུ་མེད་པ་ཅན་དུ་སྨྲ་བ་རྣམས་རྒྱུ་མེད་པ་ཁོ་ནར་དངོས་པོ་རྣམས་སྐྱེ་བ་དང་འགག་པར་རྟོག་གོ །རྒྱུ་མེད་པར་སྨྲ་བར་ཁས་ལེན་ན་རྒྱུ་ངེས་པ་མེད་པའི་ཕྱིར་བྱས་པ་ཆུད་ཟ་བ་དང༌། མ་བྱས་པ་དང་ཕྲད་པ་དང་ཐུག་པ་མེད་པར་ཡང་འགྱུར་ལ། ལེགས་པར་བྱས་པ་དང༌། ཉེས་པར་བྱས་པ་ལ་སོགས་པ་དང༌། ཕ་དང༌། བུ་དང༌། བྲམ་ཟེ་དང༌། རྒྱལ་རིགས་དང༌། རྗེའུ་རིགས་དང༌། དམངས་རིགས་དང། ཁྱི་ཤ་ཅན་ལ་སོགས་པ་དང༌། གཙང་བ་དང་མི་གཙང་བ་དང༌། བགྲོད་པར་བྱ་བ་དང༌། བགྲོད་པར་བྱ་བ་མ་ཡིན་པ་དང༌། བཟའ་བ་དང༌། མི་བཟའ་བ་དང༌། ལྷ་དང༌། ཤ་ཟ་ལ་སོགས་པ་དང༌། སྦྱིན་པ་དང༌། དུལ་བ་དང༌། ཡང་དག་པར་སྡོམ་པ་དང༌། བཟླས་བརྗོད་དང༌།


DTG113_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་ཐུབ་དང༌། སྨྱུང་བ་དང༌། ངེས་པ་དང༌། མཆོད་སྦྱིན་ཤེས་པ་དང༌། མི་ཤེས་པ་ལ་སོགས་པའི་རྒྱུ་ངེས་པ་མེད་པའི་ཕྱིར་ཕན་ཚུན་བྱེ་བྲག་ངེས་པར་རྣམ་པར་གཞག་པར་ཡང་མི་འགྱུར་རོ། །དེ་བས་ན་ཉེས་པ་དེར་ཐལ་བར་འགྱུར་དུ་འོང་བས་རྒྱུ་མེད་པར་སྨྲ་བ་ཡང་འཇིག་རྟེན་ལ་སོགས་པ་དང་འགལ་བའི་ཕྱིར་མ་གྲུབ་པ་ཉིད་དོ། །གང་གཞན་གཙོ་བོ་དང༌། རྡུལ་ཕྲ་རབ་ལ་སོགས་པ་དང༌། རྒྱུ་མེད་པ་དང་མི་མཐུན་པའི་རྒྱུར་སྨྲ་བས་སྨྲ་བ་ལ་སོགས་པ་དེ་དག་ཀྱང་འདི་ཉིད་ཀྱིས་དགག་པར་བྱའོ། །དེའི་ཕྱིར། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་དང་བྱེད་པོ་དུས་ཀྱིས་མིན། །དེ་བཞིན་དབང་ཕྱུག་སོགས་བྱས་མིན། །རང་བཞིན་ལས་མིན་རྒྱུ་མེད་མིན། །ཞེས་གསུངས་སོ། །རྒྱུ་དང་རྐྱེན་གྱིས་འཇུག་པ་ཡང༌། །ཐོག་མ་མེད་པའི་དུས་ཅན་སྣང༌། །ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་ནས་སྤྲོས་པའི་བག་ཆགས་ཀྱི་ས་བོན་རྒྱུན་མི་འཆད་པར་ཆུ་བོའི་རྒྱུན་འབབ་པ་བཞིན་རྗེས་སུ་འཇུག་པས། རྒྱུ་དང་རྐྱེན་གྱིས་འཇུག་པ་ཡང༌། །ཐོག་མ་མེད་པའི་དུས་ཅན་སྣང༌། །ཞེས་བྱ་བ་སྨོས་སོ། །དེ་ཉིད་ཀྱི་ཕྱིར་མདོ་ལས། འོན་ཀྱང༌། ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའ་དང༌། དུས་ཀྱི་ཁམས་རྣམས་འདུས་ནས་ས་བོན་འགགས་པ་ན་མྱུ་གུ་མངོན་པར་འགྱུར་རོ་ཞེས་གསུངས་ཏེ། འོན་ཀྱང་ཞེས་བྱ་བ་ནི་མེད་པ་ལས་བྱུང་བ་དང༌། བདག་དང༌། གཞན་དང༌། གཉིས་ཀ་དང༌། དབང་ཕྱུག་ལ་སོགས་པ་དང་བྲལ་བའི་ས་བོན་དང་ས་ལ་སོགས་པའི་ཚོགས་པ་ཉིད་ལས་མྱུ་གུ་ལ་སོགས་པ་སྐྱེ་བར་འགྱུར་རོ་ཞེས་བྱའོ། །རྒྱུ་ལྔ་དག་གིས་ཕྱི་རོལ་གྱི། །རྟེན་ཅིང་འབྲེལ་པར་འབྱུང་བ་བཞེད། །ཅེས་བྱ་བ་ལ། རྒྱུ་ལྔ་དག་གིས་ཞེས་བྱ་བ་ནི་རྒྱུ་ལྔ་པོ་དག་གིས་སོ། །ཕྱི་རོལ་གྱི་ཞེས་བྱ་བ་ནི་ས་བོན་ལ་སོགས་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་རོ། །རྟག་པར་མ་ཡིན་ཆད་པར་མིན། །འཕོ་བར་མ་ཡིན་རྒྱུ་ཆུང་ལས། །འབྲས་བུ་ཆེན་པོ་འགྲུབ་པ་དང༌། །འདྲ་བའི་རྗེས་སུ་འགྲོ་ཕྱིར་ཡང༌། །ཞེས་བྱ་བ་སྨོས་ཏེ། རྟག་པར་མ་ཡིན་ཞེས་བྱ་བ་ནི། གང་གི་ཕྱིར་ས་བོན་ཡང་གཞན་ཉིད་ལ་མྱུ་གུ་ཡང་གཞན་ཉིད་དེ། མྱུ་གུ་གང་ཡིན་པ་དེ་ཉིད་ཀྱང་ས་བོན་མ་ཡིན་ལ། ས་བོན་ཉིད་ཀྱང་མྱུ་གུ་


DTG113_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ལ། ས་བོན་མ་འགགས་ན་ཡང་མྱུ་གུ་མི་འབྱུང་ལ། འགགས་ན་ཡང་མ་ཡིན་གྱི། འོན་ཀྱང་ས་བོན་ཡང་འགགས་ལ། མྱུ་གུ་ཡང་སྐྱེ་སྟེ། དེའི་ཕྱིར་རྟག་པར་མ་ཡིན་ནོ། །ཆད་པར་མིན་ཞེས་བྱ་བ་ནི་ས་བོན་སྔར་འགགས་པ་ལས་ཀྱང་མྱུ་གུ་མི་སྐྱེ་ལ། མ་འགགས་པ་ལས་ཀྱང་མ་ཡིན་གྱི། འོན་ཀྱང་ས་བོན་ཡང་འགགས་ལ། དེ་ཉིད་ཀྱི་ཚེ་མྱུ་གུ་ཡང་འབྱུང་བར་འགྱུར་ཏེ། དེ་བས་ན་ཆད་པར་མ་ཡིན་ནོ། །འཕོ་བར་མ་ཡིན་ཞེས་བྱ་བ་ནི་ས་བོན་དང་མྱུ་གུ་མི་འདྲ་བ་ཁོ་ན་སྟེ། དེའི་འཕོ་བར་མ་ཡིན་ནོ། །རྒྱུ་ཆུང་དུ་ལས་ཞེས་བྱ་བ་ནི་ས་བོན་ཆུང་དུ་བཏབ་པ་ལས་སོ། །འབྲས་བུ་ཆེན་པོ་འགྲུབ་པ་ཞེས་བྱ་བ་ནི་རྒྱུ་ཆུང་དུ་དེ་ལས་འབྲས་བུ་མང་པོ་མངོན་པར་འགྲུབ་པ་སྟེ། ཆུང་དུ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་པས་དེའི་ཕྱིར་རྒྱུ་ཆུང་དུ་ལས་འབྲས་བུ་ཆེན་པོ་འབྱུང་ངོ༌། །འདྲ་བར་རྗེས་སུ་འགྲོ་ཕྱིར་ཡང༌། །ཞེས་བྱ་བ་ནི་ས་བོན་ཇི་ལྟ་བུ་བཏབ་པ་དེ་ལྟ་བུ་ཁོ་ནའི་འབྲས་བུ་མངོན་པར་འགྲུབ་པས་དེའི་ཕྱིར་དེ་དང་འདྲ་བའི་རྒྱུད་དུ་སྟེ། འདྲ་བར་འབྲས་བུ་མངོན་པར་འགྲུབ་པའི་ཕྱིར་རོ། །ས་བོན་མྱུ་གུ་ཐ་དད་ཕྱིར། །ས་བོན་རྟག་པ་ཉིད་མ་ཡིན། །ཆད་པར་མི་འགྱུར་གང་གི་ཕྱིར། །ས་བོན་ཡོད་ན་མྱུ་གུ་སྟེ། །ས་བོན་འདྲ་བ་འགྲུབ་པའི་ཕྱིར། །དེ་དང་མི་འདྲ་ཡང་མི་འདོད། །མྱུ་གུ་འབྲས་བུ་ལ་སོགས་པ། །མྱུ་གུ་འཕོ་ཡང་ཡོད་མ་ཡིན། །ས་བོན་ཆུང་རབ་ཅིག་ཡོད་ན། །ས་བོན་ཉིད་ལས་འབྱུང་འགྱུར་ཏེ། །དེ་བས་རྒྱུ་ནི་ཆུང་དུ་ལས། །འབྲས་བུ་ཆེན་པོ་སྐྱེ་ཕྱིར་རོ། །ས་བོན་སཱ་ལུ་སོགས་བཏབ་ལ། །འབྲས་བུ་ཁྲེ་རྒོད་ལ་སོགས་མིན། །དེ་ཉིད་ཀྱི་ཕྱིར། མྱུ་གུ་ས་བོན་ལྟར་མི་འདོད། །རྒྱུ་མེད་མྱུ་གུ་སྐྱེ་བའང་མེད། །འགག་དང་སྐྱེ་བ་མགོ་མཉམ་སྟེ། །སྲང་མདའི་མགོ་མཇུག་མཐོ་དམན་བཞིན། །ཞེས་བྱ་བ་སྨོས་ཏེ། དེ་ལྟར་ན་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ཀུན་བརྟགས་པའི་བདག་ཉིད་ཀྱིས་མ་བསགས་པར་བལྟ་བར་བྱའོ། །དེ་བཞིན་ནང་གི་འང་རྒྱུ་དང་ནི། །རྐྱེན་གྱི་རྣམ་པ་གཉིས་སུ་བཞེད། །དེ་བཞིན་ནང་གི་ཞེས་བྱ་བ་ནི། ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་བཞིན་དུ་རྒྱུ་དང་རྐྱེན་རྣམ་པ་གཉིས་དང་འབྲེལ་པའི་ཕྱིར་ཐ་དད་པ་རྣམ་པ་གཉིས་སུ་


DTG113_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པར་བྱའོ། །རྒྱུ་དང་རྐྱེན་གྱི་རྣམ་པ་གཉིས་སུ་ཞེས་བྱ་བ་ནི་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲེལ་པ་དང༌། རྐྱེན་དང་འབྲེལ་པས་རྣམ་པ་གཉིས་སུ་ཁོང་དུ་ཆུད་པར་བྱའོ། །བཞེད་ཅེས་བྱ་བ་ནི་མངོན་པར་བཞེད་པ་དང་དགོངས་པ་དང༌། མངོན་དུ་བཞེད་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲེལ་པ་ཇི་ལྟར་རྟོགས་པར་བྱ་ཞེ་ན། སྨྲས་པ། འདིའི་རྒྱུ་དང་པོ་མ་རིག་པ། །ཐ་མ་འཆི་ཡིན་གོ་རིམས་བཞིན། །དེ་ལ་ཐོག་མར་མ་རིག་པ་བསྟན་པའི་ཕྱིར་དང་པོར་མ་རིག་པའོ། །ཐ་མར་འཆི་བའི་ཡན་ལག་བསྟན་པའི་ཕྱིར་ཐ་མ་འཆི་བའོ། །དེ་དག་གི་བར་གང་ཡིན་པ་དེ་དག་ནི་དབུས་སུ་འདོད་དེ། དེ་ཉིད་ཀྱི་ཕྱིར་མདོ་ལས། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ་ཞེས་གསུངས་སོ། །ཡན་ལག་བཅུ་གཉིས་ཉོན་མོངས་ལས། །སྐྱེ་བཅས་བདག་ཉིད་ཆ་གསུམ་ནི། །རྒྱུ་དང་རྐྱེན་ལས་བྱུང་བ་སྟེ། །བྱེད་པ་ལ་སོགས་རྣམ་པར་སྤངས། །ཉོན་མོངས་པ་དང༌། ལས་དང་སྐྱེ་བ་གཞན་དབང་གི་བདག་ཉིད་འདི་ཡང་ཆ་གསུམ་གྱིས་རྣམ་པར་གཞག་སྟེ། ཉོན་མོངས་པའི་གཞན་གྱི་དབང་གི་ངོ་བོ་ཉིད་དང་ལས་ཀྱི་གཞན་གྱི་དབང་གི་ངོ་བོ་ཉིད་དང༌། སྐྱེ་བའི་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱིས་སོ། །དེ་ལ་ཉོན་མོངས་པའི་གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཡན་ལག་གསུམ་སྟེ། མ་རིག་པ་དང༌། སྲེད་པ་དང༌། ལེན་པ་རྣམས་སོ། །ལས་ཀྱི་གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཡན་ལག་གཉིས་ཏེ། འདུ་བྱེད་དང་སྲིད་པ་དག་གོ །སྐྱེ་བ་གཞན་གྱི་དབང་གི་མཚན་ཉིད་ནི་ཡན་ལག་ལྷག་མ་བདུན་ཏེ། རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྐྱེ་བ་དང༌། རྒ་ཤི་རྣམས་སོ། །ཡང་ཞེས་


DTG113_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་སྒྲས་ནི་བསྡུ་བར་བྱ་བར་བལྟ་སྟེ། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་ལ་སོགས་པ་དང༌། སྡུག་པ་དང་བྲལ་བ་དང༌། མི་སྡུག་པ་དང་ཕྲད་པ་དང༌། འདོད་པས་ཕོངས་པ་ལ་སོགས་པ་བསྡུའོ། །དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་པ་འདི་ནི་ངོ་བོ་ཉིད་གསུམ་དུ་རིག་པར་བྱའོ། །དེ་ཡང་བྱེད་པ་པོ་ལ་སོགས་པ་དང་ངོ་བོ་ཉིད་ཀྱིས་བྲལ་བར་ཤེས་པར་བྱའོ།། །།སཱ་ལུ་ལྗང་པའི་མདོའི་རྒྱ་ཆེར་བཤད་པ། བམ་པོ་གསུམ་པ། གལ་ཏེ་དང་པོ་མ་རིག་མེད། །ཐ་མ་འཆི་བ་འབྱུང་མི་འགྱུར། །ཞེས་བྱ་བ་ལ། གལ་ཏེ་དང་པོ་མ་རིག་པ་མེད་ཅེས་བྱ་བ་ནི། གལ་ཏེ་མ་རིག་པ་མེད་པར་གྱུར་ན། འདུ་བྱེད་རྣམས་མི་འབྱུང་བ་ཉིད་དོ། །དེ་བཞིན་དུ་གལ་ཏེ་རྒ་བ་དང་འཆི་བའི་བར་དུ་མེད་པར་གྱུར་ན་མྱ་ངན་ལ་སོགས་པར་འཇུག་པར་མི་འགྱུར་རོ། །དེ་དག་ལས་གཞན་བདག་དང་ནི། །བདག་གི་ཞེས་པ་གང་ནའང་མེད། །ཅེས་བྱ་བ་ནི། དེ་ལ་མ་རིག་པ་ཡང་འདི་སྙམ་དུ་བདག་གིས་འདུ་བྱེད་ལ་སོགས་པ་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་པ་ནས་རྒ་ཤིའི་བར་དུ་ཡང་འདི་སྙམ་དུ་བདག་གིས་མྱ་ངན་ལ་སོགས་པ་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་སོ། །འདུ་བྱེད་ལ་སོགས་པ་ཡང་འདི་སྙམ་དུ་བདག་ཅག་ནི་མ་རིག་པ་ལ་སོགས་པས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་པ་ནས་རྒ་ཤི་ཡང་འདི་སྙམ་དུ་བདག་ཅག་ནི་སྐྱེ་བ་ལ་སོགས་པས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་པའི་བར་དུའོ། །དང་པོ་མ་རིག་བྱུང་ན་ནི། །ཐ་མ་ཤི་བ་འང་སྣང་བར་འགྱུར། །ཞེས་བྱ་བ་ནི་མ་རིག་པ་ཡོད་པ་ལས་འདུ་བྱེད་ལ་སོགས་པ་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་བས་ན་རྒ་ཤི་ཡོད་པ་ལས་མྱ་ངན་དང་སྨྲེ་སྔགས་འདོན་པ་ལ་སོགས་པའི་པར་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་རོ། །དེ་ལྟར་འདི་ནི་ནང་གི་རྒྱུ། །ཞེས་བྱ་བ་ནི་དེ་ལྟར་ན་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱུ་དང་འབྲེལ་པར་བལྟའོ། །ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འགྲེལ་པར་ཇི་ལྟར་བ་ལྟ་ཞེ་ན། སྨྲས་པ། འདི་ཡི་རྐྱེན་ནི་རྣམ་པ་དྲུག །འདིའི་ཞེས་བྱ་བ་ནི་ནང་གིའོ། །རྐྱེན་ཞེས་བྱ་བ་ནི་ཚོགས་པའོ། །རྣམ་པ་དྲུག་ཅེས་བྱ་བ་ནི་རྣམ་པ་དྲུག་གོ །ཐ་མ་རྣམ་ཤེས་ཐོག་མ་ས། །ནང་གི་རྐྱེན་དུ་འདོད་པ་ཡིན། །རྣམ་པར་ཤེས་པ་ཐ་མར་ཡོངས་སུ་བསྟན་པའི་


DTG113_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཐ་མ་རྣམ་ཤེས་སོ། །ཐོག་མ་ནི་ས་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་མདོ་ལས། ཁམས་དྲུག་འདུས་པ་སྟེ། ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའ་དང༌། རྣམ་པར་ཤེས་པ་ལ་སོགས་པ་ནི་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པར་བལྟའོ་ཞེས་གསུངས་སོ། །སྲ་དང་རྗེས་སུ་སྡུད་པ་དང༌། །སྨིན་དང་དབུགས་འཕེལ་གོ་འབྱེད་ཉིད། །ཅེས་བྱ་བ་ནི་དེ་ལ་ནང་གི་སའི་ཁམས་གང་ཞེ་ན། གང་ལུས་དང་འབྲེལ་པ་སྲ་བ་དང༌། རྩུབ་པ་དང༌། ཧྲུད་ཧྲུད་པོ་དང༌། མཁྲང་པར་གྱུར་པ་དང༌། སྐྲ་དང༌། སྤུ་དང༌། སེན་མོ་དང༌། སོ་དང༌། རྡུལ་དང༌། དྲི་མ་དང༌། པགས་པ་དང༌། ཤ་དང༌། ཆུ་རྒྱུས་དང༌། རུས་པ་དང༌། དེ་ལྟ་བུ་ལ་སོགས་པ་གཞན་ཡང་ལུས་འདི་ལ་གང་ཅུང་ཟད་ཅི་ཡོད་པ་དེ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་སའི་ཁམས་ཞེས་བྱའོ། །རྗེས་སུ་སྡུད་པ་ཞེས་བྱ་བ་ནི་སྡུད་པ་དང་འབྲེལ་པ་དང༌། མཉེན་པ་དང༌། འཁྱུད་པ་དང༌། གོང་བུར་བྱེད་པ་དང༌། གཤེར་བ་ཉིད་དང༌། འདི་ལྟ་སྟེ། མཆི་མ་དང༌། རྡུལ་དང༌། མཆིལ་མ་དང༌། སྣབས་དང༌། ཞག་དང༌། རྐང་དང༌། ཁུ་ཆུ་དང༌། གཅིན་དང༌། ཕྱི་ས་དང༌། ཁྲག་དང༌། ཆུ་སེར་དང༌། ཀླད་པ་དང༌། ཕོ་བ་དང༌། ལོང་ཀ་ལ་སོགས་པ་དང༌། གཞན་ཡང་ལུས་འདི་ལ་དེ་ལྟ་བུའི་གཤེར་བའི་རང་བཞིན་ཡོད་པ་ནི་ཆུའི་ཁམས་ཞེས་བྱའོ། །སྨིན་པ་ཞེས་བྱ་བ་ནི་སྨིན་པར་བྱེད་པ་སྟེ། སྨིན་པ་དང༌། ཚོས་པ་དང༌། སྨིན་འགྱུར་དང༌། དྲོ་བ་དང༌། མེ་དང༌། གདུང་བ་དང༌། ཚ་བ་དང༌། ལྷམ་པ་དང༌། གང་ལུས་འདིའི་ནང་ན་ཟོས་པ་དང༌། འཐུངས་པ་དང༌། འཆོས་པ་རྣམས་ལེགས་པར་བདེ་བར་འཇུག་པར་བྱེད་པ་གཞན་ཡང་གང་ཅུང་ཟད་ཅི་ཡང་རུང་སྟེ། དེ་ལྟ་བུ་དེ་ཐམས་ཅད་ནི་མེའི་ཁམས་ཞེས་བྱའོ། །དབུགས་ཞེས་བྱ་བ་ནི་རླུང་གི་ཁམས་ཏེ། དབུགས་ནི་དབུགས་འབྱུང་བ་དང༌། དབུགས་རྔུབ་པ་དང༌། ཚིག་དང༌། སྨྲ་བ་དང༌། འགྲོ་བ་དང༌། འོང་བ་དང༌། ཞུམ་པ་དང་འཕེལ་བ་ཞེས་བྱ་བ་ནི། ལུས་ནི་རྒྱས་པ་དང༌། སྐྱེད་པ་དང༌། གཡོ་བ་དང༌། འགུལ་བ་དང༌། ལྡེག་པ་དང༌། རྒྱས་པར་གྱུར་པ་དང༌། འཕེལ་བ་དང༌། ཆམ་པ་དང༌། ལུད་པ་དང༌། སྐྱིགས་བུ་དང༌། སྦྲིད་པ་དང༌། སྟོད་ཀྱི་རླུང་དང༌། སྨད་ཀྱི་རླུང་དང་གཞན་ཡང་ལུས་འདིའི་ནང་ན་གང་ཅུང་ཟད་དེ་ལྟ་བུ་ཡོད་པ་དེ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་


DTG113_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གི་ཁམས་ཞེས་བྱའོ། །གོ་འབྱེད་ཅེས་བྱ་བ་ནི་སྒྲིབ་པ་མེད་པས་གོ་འབྱེད་པའོ། །སྒྲིབ་པ་ནི་ཐོགས་པ་དང་བཅས་པ་དང༌། སྒྲིབ་པ་དང་བཅས་པའོ། །སྦུ་གུ་དང༌། སྦུབས་དང༌། གསེང་དང༌། བུ་ག་སྟེ། ཁའི་བུ་ག་དང༌། རྣ་བའི་བུ་ག་དང༌། སྣའི་བུ་ག་དང༌། མིག་གི་བུ་ག་ལ་སོགས་པ་ལུས་ཀྱི་ནང་གི་སྦུབས་འདི་ནི་ནམ་མཁའི་ཁམས་ཞེས་བྱའོ། །ཤེས་དང་གཟུགས་ཀྱི་རྗེས་འཇུག་པ། །རྣམ་ཤེས་ལྔ་དང་ལྡན་པ་དང༌། །དེ་ན་ཉོན་མོངས་ཅན་ཡིད་ཀྱང༌། །འདི་རྣམས་ནང་གི་རྐྱེན་ཡིན་ནོ། །དེ་ལ་མིང་གི་རྗེས་སུ་འཇུག་པ་དང༌། གཟུགས་ཀྱི་རྗེས་སུ་འཇུག་པ་ནི་ནང་གི་རྣམ་པར་ཤེས་བའི་ཁམས་ཞེས་བྱའོ། །རྣམ་ཤེས་ལྔ་དང་ལྡན་པ་དང༌། །ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལྔའི་ཚོགས་གང་ཡིན་པའོ། །དེ་ལ་ཉོན་མོངས་ཅན་ཡིད་ཀྱང༌། །ཞེས་བྱ་བ་ནི་ཉོན་མོངས་ཅན་གྱི་ཡིད་དེ། དེ་དག་དང་འབྱུང་བ་ཆེན་པོ་བཞི་གཅིག་ཏུ་བསྡུས་ནས་མདུང་ཁྱིམ་གྱི་ཚུལ་དུ་མེད་དང་གཟུགས་ཞེས་བྱའོ། །དེ་ལ་མིང་ཞེས་བྱ་བ་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་པོ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ཞེས་བྱ་བ་དང༌། གཟུགས་ཞེས་བྱ་བ་ཕ་མའི་ཁུ་ཆུ་དང༌། ཁྲག་ལས་བྱུང་བ་སྲིད་པ་བར་མའི་ཕུང་པོ་ལ་བརྟེན་ནས་དང་པོར་མིང་དང་གཟུགས་མངོན་པར་འགྲུབ་པ་གང་ཡིན་པ་དེ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ཟག་པ་དང་བཅས་པ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ངོ་བོ་བདག་ཏུ་རྨོངས་པ་ལ་སོགས་པ་ཉོན་མོངས་པ་བཞིའི་བདག་ཉིད་དེ། བདག་ཏུ་རྨོངས་པ་དང༌། བདག་ཏུ་ང་རྒྱལ་བ་དང༌། བདག་ལ་ལྟ་བ་དང༌། བདག་ལ་ཆགས་པ་ཞེས་བྱ་བ་ཉོན་མོངས་པ་བཞི་པོ་འདི་རྣམས་དང་ལྡན་པ་ཉོན་མོངས་པ་ཅན་གྱི་ཡིད་ཅེས་བྱ་བ་གཅིག་ཏུ་བསྡུས་པ་ལ་མིང་དང་གཟུགས་ཞེས་བྱའོ། །ཁམས་རྣམས་འདུས་པར་གྱུར་པ་ལས། །ལུས་ནི་སྐྱེ་བར་འདོད་པ་ཡིན། །ཞེས་བྱ་བ་ནི། བཤད་མ་ཐག་པའི་ཁམས་དྲུག་གོ །འདུས་པར་གྱུར་པ་ལས་ཞེས་བྱ་བ་ནི་མ་ཚང་བ་མེད་པ་ལས་སོ། །ལུས་ཞེས་བྱ་བ་ནི་འབྱུང་བོ་དང་འབྱུང་བ་ལས་གྱུར་པ་འདུས་པའི་གོང་བུའོ། །སྐྱེ་བ་ཞེས་བྱ་བ་ན་འབྱུང་བར་རོ། །འདོད་ཅེས་བྱ་བ་ནི་རྗེས་སུ་དཔག་པ་སྟེ། འདི་ལ་བྱེད་པ་པོ་ལ་སོགས་པ་ནི་མེད་དོ་སྙམ་དུ་བསམས་པའོ། །དེ་དག་བདག་དང་བདག་གི་ཞེས། །རྣམ་རྟོག་སྐྱེ་བ་མེད་པར་འདོད། །ཅེས་བྱ་བ་ནི་བདག་ཅག་གིས་འདི་དག་བསྐྱེད་


DTG113_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

དོ་སྙམ་པ་དང༌། དེ་རྣམས་ཀྱིས་བདག་ཅག་བསྐྱེད་དོ་སྙམ་དུ་དེ་རྣམས་གཅིག་ལ་གཅིག་རྟོག་པ་མི་སྐྱེའོ། །དེ་དག་ཡོད་ན་སྐྱེ་འགྱུར་ཏེ། །དེ་དག་མེད་ན་འབྱུང་བ་མེད། །རྐྱེན་རྣམས་མེད་ན་ལུས་སྐྱེ་བར་མི་རུང་གི །གང་གི་ཚེ་ནང་གི་རྐྱེན་ས་ལ་སོགས་པ། མ་ཚང་བ་མེད་པ་དེའི་ཚེ་འདུས་པ་ལས་ལུས་སྐྱེ་བར་འགྱུར་ལ། མ་ཚང་ན་ལུས་སྐྱེ་བར་མི་འགྱུར་རོ། །དེ་རྣམས་བདག་སོགས་མི་ལྡན་པ། །གཞན་ཡང་སུའི་ཡང་མ་ཡིན་ནོ། །དེ་ལ་སའི་ཁམས་ནི་བདག་མ་ཡིན་ཏེ། ང་དང་ངའི་སྙམ་བའི་རློམ་སེམས་པ་དང་བྲལ་བའི་ཕྱིར་རོ། །སེམས་ཅན་མ་ཡིན་པ་ནི་སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་དང་བྲལ་བའི་ཕྱིར་རོ། །སྲོག་མ་ཡིན་པ་ནི་གཡོ་བ་མེད་པའི་ཕྱིར་རོ། །སྐྱེ་བ་བོ་མ་ཡིན་པ་ནི་བསྐྱེད་པར་བྱ་བ་དང༌། སྐྱེད་པ་པོ་དང་བྲལ་བའི་ཕྱིར་རོ། །ཤེད་ལས་སྐྱེས་པ་མ་ཡིན་པ་ནི། ཤེད་དང་བྲལ་བའི་ཕྱིར་རོ། །ཤེད་བུ་མ་ཡིན་པ་ནི་ནང་ན་འདུག་པའི་ཤེད་བུ་ལྟ་བུ་མེད་པའི་ཕྱིར་རོ། །བུད་མེད་མ་ཡིན། སྐྱེས་པ་མ་ཡིན། མ་ནིང་མ་ཡིན་པ་ནི་ནང་གི་བུད་མེད་དང༌། སྐྱེས་པ་དང༌། མ་ནིང་གི་བདག་ཉིད་མེད་པའི་ཕྱིར་རོ། །ང་དང་བདག་མ་ཡིན་ཞེས་བྱ་བ་ནི། བདག་དང་བདག་གིར་རློམ་པ་དང་བྲལ་བའི་ཕྱིར་རོ། །གཞན་ཡང་སུའི་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པའི་བྱེད་པ་པོ་དང༌། བྱ་བ་དང་ལས་དང་བྲལ་བའི་ཕྱིར་རོ། །དེ་བཞིན་དུ་ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའ་དང༌། རྣམ་པར་ཤེས་པའི་ཁམས་ཀྱང་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། སྐྱེ་བ་པོ་མ་ཡིན། ཤེད་ལས་སྐྱེས་པ་མ་ཡིན། བུད་མེད་མ་ཡིན། སྐྱེས་པ་མ་ཡིན། མ་ནིང་མ་ཡིན། ང་མ་ཡིན། བདག་མ་ཡིན་ཏེ། དབང་ཕྱུག་ལ་སོགས་པ་གཞན་ཡང་སུའི་ཡང་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །གང་གཅིག་རིལ་སོགས་འདུ་ཤེས་པ། །དེ་ནི་མ་རིག་སྲིད་གསུམ་སྒྲིབ། །དེ་ལ་མ་རིག་པ་གང་ཞེ་ན། སྨྲས་པ། སྲིད་གསུམ་སྒྲིབ་པ་ཞེས་བྱའོ། །སྲིད་པ་གསུམ་ནི་སྲིད་གསུམ་སྟེ། །འདོད་པའི་སྲིད་པ་དང། གཟུགས་ཀྱི་སྲིད་པ་དང༌། གཟུགས་མེད་པའི་སྲིད་པའོ། །དེ་དག་ཀྱང་སེམས་ཅན་དང༌། སྣོད་ཀྱི་འཇིག་རྟེན་གྱི་ཐ་སྙད་ཀྱིས་རྣམ་པ་གཉིས་སུ་གཞག་གོ །ཡང་ཁམས་དང༌། འགྲོ་བ་དང༌། སྐྱེ་གནས་ཀྱི་བྱེ་བྲག་གིས་ནི་རིག་པ་གསུམ་དུ་གཞག་གོ །ཇི་ལྟར་ཞེ་ན། སྨྲས་པ། དེ་ལ་འདོད་


DTG113_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁམས་གནས་རིས་སུམ་ཅུ་རྩ་དྲུག་གི་རྣམ་པར་རིག་པ་སྣང་བ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ངོ་བོ་ཉིད་ལ་རིལ་པོ་གཅིག་པར་རྟོག་ཅིང་འདུ་ཤེས་པས་འཛིན་པའི་ཕྱིར་མ་རིག་པ་ཞེས་བརྗོད་དོ། །དེ་ལ་གནས་སུམ་ཅུ་རྩ་དྲུག་ནི་ཚ་བའི་རང་བཞིན་གྱི་དམྱལ་བ་ཆེན་པོ་བརྒྱད་དང༌། གྲང་བའི་རང་བཞིན་གྱི་དམྱལ་བ་ཆེན་པོ་བརྒྱད་དེ། ཡང་སོས་དང༌། ཐིག་ནག་དང༌། བསྡུས་འཇོམ་དང༌། ངུ་འབོད་དང༌། ངུ་འབོད་ཆེན་པོ་དང༌། ཚ་བ་དང༌། རབ་ཏུ་ཚ་བ་དང༌། མནར་མེད་པ་ཞེས་བྱ་བ་ཚ་བའི་དམྱལ་བ་བརྒྱད་དང༌། ཨ་ཆུ་ཟེར་བ་དང༌། ཀྱི་ཧུད་ཟེར་བ་དང༌། སོ་ཐམ་ཐམ་པ་དང། ཆུ་བུར་ཅན་དང༌། ཆུ་བུར་རྡོལ་བ་དང༌། པདྨ་ལྟར་གས་པ་དང༌། པདྨ་ཆེན་པོ་ལྟར་གས་པ་དང༌། ཨུཏྤལ་ལྟར་གྱེས་པ་ཞེས་བྱ་བའི་གྲང་བའི་རང་བཞིན་ཡིན་པའི་ཕྱིར་གྲང་བའི་དམྱལ་བ་བརྒྱད་དང༌། ཉི་ཚེ་བ་དང༌། ཉེ་འཁོར་བ་དང༌། ཡི་དགས་རྣམས་ཀྱི་གནས་དང༌། དུད་འགྲོ་རྣམས་ཀྱི་གནས་དང༌། ལྷ་མ་ཡིན་རྣམས་ཀྱི་གནས་དང༌། གླིང་བཞི་དང༌། བར་གྱི་གླིང་བརྒྱད་དོ། །དེ་ལ་ཡི་དགས་རྣམས་ཀྱི་གནས་ནི་མྱ་ངམ་དང༌། འབྲོག་དགོན་པ་ནའོ། །དེ་ལས་གཞན་དུ་གྱེས་པ་ནི་གྲོང་དང༌། གྲོང་ཁྱེར་དང༌། གྲོང་རྡལ་དང༌། དུར་གྲོད་དང༌། རི་དང༌། འབྲོག་དང༌། རི་འོར་དང༌། གླིང་དང༌། ཆུ་ཀླུང་དང༌། རླུང་དང༌། མཚོ་དང༌། ལྟེང་ཀ་དང༌། རྫིང་དང༌། ཁྲོན་པ་དང༌། སྐྱེད་མོས་ཚལ་དང༌། གནས་དང༌། ལྷ་ཁང་དང༌། མ་མོའི་ཁྱིམ་དང༌། ཀླུའི་གནས་དང༌། མྱ་ངམ་དང༌། མཚེའུ་དང༌། ཤིང་དང༌། ཁང་སྟོང་དང༌། ལམ་པོ་ཆེ་དང༌། ཀླུང་གི་དྲུང་དང༌། དགོན་པའི་གནས་དང༌། གཡང་ས་དང༌། ཟམ་པ་དང༌། གཟིངས་ཀྱི་གནས་དང༌། སྲང་དང༌། ལམ་པོ་ཆེ་དང༌། ཚོང་ཁང་དང༌། བཞི་མདོ་དང༌། སུམ་མདོ་དང༌། མུ་སྟེགས་བསོད་ནམས་བྱེད་པའི་གནས་དང༌། ཆུ་འདུས་ལ་སོགས་པར་གནས་བཅས་ཏེ། རང་གི་ལས་ཀྱི་དབང་གིས་རྣམ་པར་རིག་པ་སྣང་བ་རྣམ་པར་རྟོག་པ་ལས་བྱུང་བ་རྣམས་གང་མི་ཤེས་པ་འདི་ནི་མ་རིག་པ་ཞེས་བྱའོ། །དུད་འགྲོའི་གནས་ནི་རྒྱ་མཚོ་ཆེན་པོའི་ནང་ནའོ། །སྐྱེ་བའི་གནས་ནི་བཞི་སྟེ། སྒོ་ང་ལས་སྐྱེ་བ་དང༌། མངལ་ནས་སྐྱེ་བ་དང༌། དྲོད་གཤེར་ལས་སྐྱེ་བ་དང༌། རྫུས་ཏེ་སྐྱེ་བའི་སྐྱེ་གནས་ཀྱི་བྱེ་བྲག་གིས་དུད་འགྲོའི་འགྲོ་བ་སྣ་ཚོགས་ཀྱི་


DTG113_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རིག་པའི་རྣམ་པར་སྣང་བ་རྣམ་པར་རྟོག་པའི་བག་ཆགས་ཀྱིས་བསྒོས་པའི་རྒྱུད་ཅན་ཏེ། དེ་ལས་གཞན་དུ་གྱེས་པ་ནི་བོང་བུ་དང༌། ཕག་པ་དང༌། སྤྲེའུ་དང༌། གླང་པོ་ཆེ་དང༌། རྔ་མོ་དང༌། རྟ་དང༌། རི་དགས་དང༌། མ་ཧེ་དང༌། བ་ལང་དང༌། བ་མེན་དང༌། འབྲི་དང༌། ཁྱི་དང། ཝ་དང༌། ནེའུ་ལེ་དང༌། བྱི་བ་དང༌། སེང་གེ་དང༌། སྟག་དང༌། དྲེད་དང༌། དོམ་དང༌། སྦྱང་ཀི་དང༌། བྱི་ལ་དང༌། ཉ་དང༌། རུས་སྦལ་དང༌། ཆུ་སྲིན་དང༌། ཆུ་སྲིན་བྱིས་པ་གསོད་དང༌། སྦྲུལ་དང༌། གྲོག་སྦུར་དང༌། སྡོམ་དང༌། བྱེ་མ་ལེབ་དང༌། སྲེག་པ་དང༌། གྲོག་མ་དང༌། སྲིན་བུ་དང༌། གྲོག་མཁར་དང༌། སྐྱིན་གོར་དང༌། ཤིག་དང༌། འབུ་དང༌། ཆུ་ན་གནས་པ་དང༌། ནེ་ཙོ་དང༌། རི་སྐེགས་དང༌། ཁུ་བྱུག་དང༌། རྨ་བྱ་དང༌། ངང་པ་དང༌། ཁྲུང་ཁྲུང་དང༌། ཆུ་སྐྱར་དང༌། ཁྭ་དང༌། བྱ་རྒོད་དང༌། འུག་པ་དང༌། ཤང་ཤང་ཏེའུ་དང༌། འདབ་བཟངས་ལ་སོགས་པ་གནས་མ་ངེས་པའི་འགྲོ་བས་རང་གི་ལས་ཀྱི་བག་ཆགས་གཞན་གྱི་དབང་གིས་རྣམ་པར་སྣང་བའི་རྣམ་པ་ལ་གནས་བཅས་པ་གང་མི་ཤེས་པ་འདི་ཡང་མ་རིག་པ་ཞེས་བྱའོ། །ལྷ་མ་ཡིན་རྣམས་ཀྱི་གནས་བཞི་ནི་རི་རབ་ཀྱི་བང་རིམ་བཞིའི་ནང་ནའོ། །དེ་ནས་གཞན་དུ་གྱེས་པས་གནས་བཅས་པ། རི་དང༌། འབྲོག་དང༌། ཚལ་དང༌། སྐྱེད་མོས་ཚལ་དང༌། ཀླུང་དང༌། གྲོང་ལ་སོགས་པ་རང་གི་ལས་ཀྱི་དབང་ལས་རྣམ་པར་རིག་པ་སྣང་བ་རྣམ་པར་རྟག་པ་ལས་བྱུང་བའི་གནས་གཞན་དག་གང་མི་ཤེས་པ་འདི་ཡང་མ་རིག་པ་ཞེས་བྱའོ། །སེམས་ཅན་དམྱལ་བ་རང་གི་ལས་ཀྱི་དབང་དང་མཐུན་པའི་རྣམ་པར་རྟོག་པ་ལས་བྱུང་བ་རྣམས་ཀྱི་ནི། མཚོ་ཆེན་པོ་མ་དྲོས་པ་ནས་དཔག་ཚད་ཉི་ཁྲིའི་འོག་ན་སྣོད་ཀྱི་རྣམ་པར་རིག་པའི་རང་བཞིན་རྩ་བར་གྱུར་པའི་གནས་གཞན་མངོན་པར་གྲུབ་བོ། །དེ་ལས་གཞན་དུ་ཉི་ཚེ་བའི་སེམས་ཅན་དམྱལ་བ་ལ་སོགས་པའི་སྣོད་ཀྱི་རྣམ་པར་རྟོག་པ་ལས་བྱུང་བའི་རི་དང་འབྲོག་དང༌། མྱ་ངམ་དང། རི་སུལ་དང༌། གཡང་ས་དང༌། ཆུ་འགྲམ་ལ་སོགས་པའི་གནས་མངོན་པར་གྲུབ་པ་གང་མི་ཤེས་པ་འདི་ཡང་མ་རིག་པ་ཞེས་བྱའོ། །གླིང་བཞི་ནི་ཤར་གྱི་ལུས་འཕགས་དང༌། ལྷོའི་འཛམ་བུའི་གླིང་དང༌། ནུབ་ཀྱི་བ་ལང་སྤྱོད་དང༌། བྱང་གི་སྒྲ་མི་སྙན་ནོ། །བར་གྱི་གླིང་བརྒྱད་ཅེས་བྱ་བ་


DTG113_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཤར་གྱི་ལུས་འཕགས་ཀྱི་འཁོར་ལུས་དང༌། ལུས་འཕགས་དང༌། ལྷོའི་འཛམ་བུའི་གླིང་གི་འཁོར་གཡོ་ལྡན་དང༌། ལམ་མཆོག་འགྲོ་དང༌། ནུབ་ཀྱི་བ་གླང་སྤྱོད་ཀྱི་འཁོར་རྔ་ཡབ་དང༌། རྔ་ཡབ་གཞན་དང༌། བྱང་གི་སྒྲ་མི་སྙན་གྱི་འཁོར་སྒྲ་མི་སྙན་དང༌། སྒྲ་མི་སྙན་གྱི་ཟླའོ། །གླིང་དང་ཉེ་བའི་གླིང་དེ་དག་རབ་ཏུ་དབྱེ་བས་ནི་རྣམ་པ་མང་པོར་ཐ་དད་དེ། རང་གི་རྣམ་པར་ཤེས་པའི་སྣང་བ་རྣམ་པར་རྟོག་པའི་དབང་གིས་བྱུང་བ་སྤྲོས་པ་སྣ་ཚོགས་པའི་བག་ཆགས་ཀྱིས་བསྒོས་པ་དེ་ལྟ་དུ་མི་ཤེས་པ་གང་ཡིན་པ་འདི་ཡང་མ་རིག་པ་ཞེས་བྱའོ། །ལྷ་དྲུག་གི་སེམས་ཅན་གྱི་སྣོད་ཀྱི་རྣམ་པའི་རྣམ་པར་རིག་པ་སྣང་བའི་བྱེ་བྲག་ཐུན་མོང་དང་ཐུང་མོང་མ་ཡིན་པའི་ངོ་བོ་མ་ལུས་པ་ལ་གོང་བུར་འཛིན་པའི་རྟོག་པའི་དབང་གིས་བྱུང་བ་རྣམས་གང་མི་ཤེས་པ་འདི་ཡང་མ་རིག་པ་ཞེས་བྱའོ། །དེ་ལ་ལྷའི་རིས་དྲུག་ཅེས་བྱ་བ་ནི་རྒྱལ་ཆེན་རིས་བཞི་དང༌། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དོ། །གཞན་ཡང་གང་རིག་སྔགས་འཆང་གྲུབ་པ་དང༌། དྲང་སྲོང་དང༌། ནམ་མཁའ་ལྡིང་དང༌། དྲི་ཟ་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། ཀླུ་དང༌། གནོད་སྦྱིན་ལ་སོགས་པ་དང༌། རྒྱུ་སྐར་དང༌། གཟའ་དང༌། སྐར་མ་དང༌། །ཟླ་བ་དང༌། ཉི་མ་འཁོར་དང་བཅས་པ་ལ་གཞལ་མེད་ཁང་དང་བཅས་ཏེ། སྐྱེ་བ་དང་འཇིག་པ་དང་རང་གི་ལས་ཀྱི་དབང་གིས་རྣམ་པར་རིག་པའི་རྣམ་པར་སྣང་བ་རྣམ་པར་རྟོག་པའི་བག་ཆགས་ཀྱི་རྗེས་སུ་སོང་བ་རྣམས་དང༌། སྒོ་ང་ལས་སྐྱེས་པ་དང༌། མངལ་ནས་སྐྱེས་པ་དང༌། དྲོད་གཤེར་ལས་སྐྱེས་པ་དང༌། རྫུས་ཏེ་སྐྱེ་བའི་སྐྱེ་གནས་ཀྱི་བྱེ་བྲག་གིས་དུད་འགྲོའི་འགྲོ་བ་སྣ་ཚོགས་ཀྱི་རྣམ་པར་རིག་པའི་རྣམ་པར་སྣང་བ་རྣམ་པར་རྟོག་པའི་བག་ཆགས་ཀྱིས་བསྒོས་པའི་རྒྱུད་ཅན་བོང་བུ་དང༌། ཕག་དང༌། སྤྲེའུ་དང༌། གླང་པོ་ཆེ་དང༌། རྔ་མོ་དང༌། རྟ་དང༌། རི་དགས་དང༌། མ་ཧེ་དང༌། བ་ལང་དང། བ་མེན་དང༌། འབྲི་དང༌། ཁྱི་དང༌། ཝ་དང༌། ནེའུ་ལེ་དང༌། བྱི་བ་དང༌། སེང་གེ་དང༌། སྟག་དང༌། དྲེད་དང༌། དོམ་དང༌། སྤྱང་ཀི་དང༌། བྱི་ལ་དང༌། ཉ་དང༌། རུས་སྦལ་དང༌། ཆུ་སྲིན་དང༌། ཆུ་སྲིན་བྱིས་པ་གསོད་དང༌། སྦྲུལ་དང༌། གྲོག་སྦུར་དང༌། སྡོམ་དང༌། ཕྱེ་མ་ལེབ་


DTG113_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དང། སྡིག་པ་དང༌། གྲོག་མོ་དང༌། སྲིན་བུ་དང༌། གྲོག་མཁར་དང༌། སྐྱིན་གོར་དང༌། ཤིག་དང༌། འབུ་དང༌། ཆུ་ན་གནས་པ་དང༌། ནེ་ཙོ་དང༌། རི་སྐེགས་དང༌། ཁུ་བྱུག་དང༌། རྨ་བྱ་དང༌། ངང་པ་དང༌། ཁྲུང་ཁྲུང་དང༌། ཆུ་སྐྱར་དང༌། ཁྭ་དང༌། བྱ་རྒོད་དང༌། འུག་པ་དང༌། ཤང་ཤང་ཏེའུ་དང༌། འདབ་བཟངས་ལ་སོགས་པ་གནས་མ་ངེས་པའི་འགྲོ་བས་རང་གི་ལས་ཀྱི་བག་ཆགས་གཞན་གྱི་དབང་གིས་རྣམ་པར་རིག་པ་སྣང་བའི་རྣམ་པ་ལ་གནས་བཅས་ཏེ། དེ་ལྟར་ན་འགྲོ་བ་སྐྱེ་གནས་ཐ་དད་པ་དུ་མའི་བྱེ་བྲག་གིས་ཐ་དད་པའི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ཞེས་གྲགས་པ་ཐུན་མོང་དང། ཐུན་མོང་མ་ཡིན་པའི་བྱེ་བྲག་ལ་སོགས་པ་རིལ་པོར་འཛིན་པ་ལས་བྱུང་བ་གཅིག་ཏུ་བསྡུས་ནས་འདོད་པའི་ཁམས་ཞེས་བྱའོ། །ཡང་སྨྲས་བ། ཁམས་འགྲོ་སྐྱེ་གནས་བྱེ་བྲག་གིས། །འདོད་སྲིད་རྣམ་པ་སུམ་ཅུ་དྲུག །ལྷ་དྲུག་མི་ནི་བཅུ་གཉིས་དང༌། །དམྱལ་བ་བཅུ་དྲུག་དུད་འགྲོ་དང༌། །ཡི་དགས་ལྷ་མ་ཡིན་དུ་བཅས། །དེ་ལྟ་བུའི་རྣམ་པ་རྟོག་པ་སྣ་ཚོགས་ཀྱི་བག་ཆགས་ལས་བྱུང་བ་གང་མི་ཤེས་པ། ཡོངས་སུ་མི་ཆོད་པ། བསྒྲིབས་པ་མི་གསལ་བ། ཁོང་དུ་མ་ཆུད་པ། ཡོངས་སུ་མི་ཤེས་པ་མུན་པ་མུན་ནག་དང༌། སྔོན་གྱི་མཐའ་དང༌། ཕྱི་མའི་མཐའ་དང༌། དབུས་དང༌། རྒྱུ་དང༌། ལས་དང༌། འབྲས་བུ་དང༌། བདེན་པ་དང༌། དཀོན་མཆོག་དང༌། སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་མི་ཤེས་པ་གང་ཡིན་པ་དེ་མ་རིག་པ་སྟེ། ཁམས་གསུམ་གྱི་སྒྲིབ་པ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་མདོ་ལས། ཁམས་དྲུག་པོ་འདི་དག་ཉིད་ལ་གང་གཅིག་པུར་འདུ་ཤེས་པ་དང༌། རིལ་པོར་འདུ་ཤེས་པ་དང༌། རྟག་པར་འདུ་ཤེས་པ་དང༌། ཐེར་ཟུག་ཏུ་འདུ་ཤེས་པ་དང༌། བདེ་བར་འདུ་ཤེས་པ་དང༌། བདག་ཏུ་འདུ་ཤེས་པ་དང༌། སེམས་ཅན་དུ་འདུ་ཤེས་པ་དང༌། སྲོག་ཏུ་འདུ་ཤེས་པ་དང༌། སྐྱེས་བུར་འདུ་ཤེས་པ་དང༌། གང་ཟག་ཏུ་འདུ་ཤེས་པ་དང༌། ཤེད་ལས་སྐྱེས་སུ་འདུ་ཤེས་པ་དང༌། ཤེད་བུར་འདུ་ཤེས་པ་དང༌། ང་ཞེས་བྱ་བ་དང༌། བདག་གི་ཞེས་བྱ་བར་འདུ་ཤེས་པ་སྟེ། འདི་ལྟ་བུ་ལ་སོགས་པ་མི་ཤེས་པ་སྣ་ཚོགས་པ་འདི་ནི་མ་རིག་པ་ཞེས་བྱའོ་ཞེས་བསྟན་ཏོ། །དེ་ལ་སའི་ཁམས་ནི་རྫས་བརྒྱད་ཡིན་པའི་ཕྱིར་གཅིག་པུར་འདུ་ཤེས་པ་མི་རུང་ངོ༌། །རྡུལ་ཕྲ་མོ་


DTG113_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་ཕན་ཚུན་བསགས་པའི་བདག་ཉིད་མ་ཡིན་པའི་ཕྱིར་རིལ་པོར་འཛིན་པར་མི་རུང་ངོ༌། །རྒྱུ་རྐྱེན་འབྲེལ་པར་འཇུག་པའི་ཕྱིར་རྟག་པར་འདུ་ཤེས་པར་མི་རུང་ངོ༌། །ཡུན་རིང་དུ་མི་གནས་པའི་ཕྱིར་ཐེར་ཟུག་ཏུ་འདུ་ཤེས་པ་མེད་དོ། །སྐྱེས་མ་ཐག་ཏུ་འཇིག་པའི་ཕྱིར་བརྟན་པར་འདུ་ཤེས་པ་མེད་དོ། །འདུ་བྱེད་དང་འགྱུར་བའི་སྡུག་བསྔལ་དང་ལྡན་པའི་ཕྱིར་བདེ་བར་འདུ་ཤེས་པ་མེད་དོ། །མི་གཙང་བའི་རྫས་རྣམ་པ་སུམ་ཅུ་རྩ་དྲུག་འདུས་པའི་ཕྱིར་གཙང་བར་འདུ་ཤེས་པ་མེད་དོ། །འབྱུང་བ་དང༌། འབྱུང་བ་ལས་གྱུར་པའི་རྫས་དུ་མ་ཡིན་པའི་ཕྱིར་བདག་ཏུ་འདུ་ཤེས་པ་མེད་དོ། །སེམས་དང་སེམས་ལས་བྱུང་བའི་བྱིན་གྱིས་བརླབས་པའི་ཕྱིར་སེམས་ཅན་དུ་འདུ་ཤེས་པ་མེད་དོ། །བྱ་བ་མེད་པའི་ཕྱིར་སྲོག་ཏུ་འདུ་ཤེས་པ་མེད་དོ། །ཡང་འགྲོ་བ་དང་འོང་བ་དང་བྲལ་བའི་ཕྱིར་གང་ཟག་ཏུ་འདུ་ཤེས་པ་མེད་དོ། །ང་དང་ང་ཡིར་རློམ་སེམས་དང་བྲལ་བའི་ཕྱིར་ཤེད་ལས་སྐྱེས་དང༌། ཤེད་བུར་འདུ་ཤེས་པ་མེད་དོ། །ང་ཞེས་བྱ་བ་དང༌། བདག་གི་ཞེས་བྱ་བ་ལ་སོགས་པ་དང་བྲལ་བའི་ཕྱིར་ཤེད་ལས་སྐྱེས་ལ་སོགས་པར་འདུ་ཤེས་པ་མི་རིགས་སོ། །དེ་ལྟར་ན་ཁམས་དྲུག་པོ་མི་རྟག་པ་ལ་སོགས་པའི་རང་གི་ངོ་བོ་དེ་དག་མི་ཤེས་པ་གང་ཡིན་པ་འདི་ནི་མ་རིག་པ་ཞེས་བྱའོ། །དེ་ལ་མ་རིག་པ་ཞེས་བྱ་བ་ནི་རིག་པ་མ་ཡིན་པས་མ་རིག་པའོ། །རིག་པ་མེད་པ་ནི་མ་ཡིན་ཏེ། མེད་པ་ནི་ཅི་ཡང་མ་ཡིན་ནོ། །མ་རིག་པ་རིག་པ་ལས་གཞན་དུ་རིག་པ་གཞན་ཉིད་ཡིན་ནོ། །དེ་བས་ན་མེད་པ་དགག་པ་ཡང་མ་ཡིན། གཞན་ཉིད་ཀྱང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འགལ་བ་ཡིན་ཏེ། མ་རིག་པ་ནི་མ་རིག་པ་མ་ཡིན་པ། རིག་པའི་ཆོས་དང་འགལ་བ་ལ་མ་རིག་པ་ཞེས་བྱའོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དེའི་གོང་ཡན་ཆད་གནས་བཅུ་བདུན་གྱི་རྣམ་པའི་རྣམ་པར་རིག་པ་སྣང་བ་ནི་གཟུགས་ཀྱི་ཁམས་སོ། །དེ་འབྱུང་བ་ནི་སེམས་ཅན་དང༌། སྣོད་ཀྱི་འཇིག་རྟེན་གྱི་ངོ་བོ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བྱེ་བྲག་རྣམ་པར་རྟོག་པའི་དབང་གིས་བྱུང་ངོ། །གནས་དག་ནི་བསམ་གཏན་བཞི་བསྒོམ་པ་རྣམ་པ་གསུམ་དང་ལྡན་པས་ཚངས་རིས་ལ་སོགས་པ་བཅུ་གཉིས་དང༌། བསམ་གཏན་བཞི་པ་སྤེལ་མར་བསྒོམ་པ་དང་ལྡན་པས། གནས་གཙང་མའི་གནས་ལྔའོ། །དེ་ལ་དང་པོ་ནི་ཚངས་རིས་དང༌། ཚངས་པའི་མདུན་ན་འདོན་དང༌། ཚངས་པ་ཆེན་པོའོ།།


DTG113_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི་འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་ལོ། །གསུམ་པ་ནི་དགེ་ཆུང་དང༌། ཚད་མེད་དགེ་དང༌། དགེ་རྒྱས་སོ། །བཞི་པ་ནི་སྤྲིན་མེད་དང༌། བསོད་ནམས་སྐྱེས་དང༌། འབྲས་བུ་ཆེའོ། །གནས་གཙང་མའི་ནི་མི་ཆེ་བ་དང༌། མི་གདུང་བ་དང༌། ཤིན་ཏུ་མཐོང་དང༌། གྱ་ནོམ་སྣང་དང༌། འོག་མིན་ནོ། །བསམ་གཏན་བཞིའི་ས་རྟོག་པ་དང་བཅས་པ་དང༌། རྟོག་པ་མེད་པ་དང༌། བདེ་བ་དང༌། བཏང་སྙོམས་དང༌། མཚུངས་པར་ལྡན་པ་དང༌། བསམ་གཏན་ཁྱད་པར་ཅན་དང༌། མི་ལྕོགས་པ་མེད་པའི་ས་འདི་དག་གང་མི་ཤེས་པ་དང༌། མ་མཐོང་བ་དང༌། མངོན་པར་མ་རྟོགས་པ་འདི་ཡང་མ་རིག་པ་ཞེས་བྱའོ། །གང་ཡང་མིང་ཙམ་གྱི་འདུ་ཤེས་སྣང་བའི་རྣམ་པའི་རྣམ་པར་རིག་པའི་རྣམ་པར་རྟོག་པ་ལས་བྱུང་བ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་པོ་ནམ་མཁའ་དང༌། རྣམ་ཤེས་དང་ཅི་ཡང་མེད་པ་དང༌། འདུ་ཤེས་མེད་འདུ་ཤེས་མེད་མི་ན་སྐྱེ་མཆེད་རྣམས་གང་མི་ཤེས་པ་དང༌། མངོན་པར་མ་རྟོགས་པ་དང༌། མ་མཐོང་བ་འདི་ཡང་མ་རིག་པ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར། བཅོམ་ལྡན་འདས་ཀྱིས། བསམ་གཏན་བཞི་དང་མི་ལྕོགས་མེད། །ཁྱད་པར་ཅན་གྱིས་རྣམས་དང༌། །གཟུགས་མེད་སྙོམས་པར་འཇུག་པ་ཡི། །འདུ་ཤེས་ཐ་དད་བཞི་རྣམས་དང༌། །རྣམ་དག་རྣམས་ཀྱི་ས་བཞི་དང༌། །ས་བཅུ་བསྟན་པའི་བདག་ཉིད་རྣམས། །དབང་ཕྱུག་ཆེན་པོ་ཐོབ་པའི་གནས། །དེ་ནི་ཁམས་གསུམ་མ་གཏོགས་པ། །རང་སེམས་རྣལ་འབྱོར་རྣལ་འབྱོར་དབང༌། །རྣམ་པར་དག་པ་འབྱུང་བའི་ས། །ཡེ་ཤེས་ཏིང་ངེ་འཛིན་དང་གཟུགས། །དབང་དང་སོ་སོར་རིག་པ་ཅན། །ཞེས་གསུངས་ཏེ། དེ་ལ་ཡང་གང་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་དང༌། མ་མཐོང་བ་དང༌། མངོན་པར་མ་རྟོགས་པ་དང༌། ཁོང་དུ་མ་ཆུད་པ་བསྒོམ་པའི་ལམ་གྱི་ཡེ་ཤེས་སྐྱེ་བ་ལ་གེགས་བྱེད་པ་དེ་ཡང་མ་རིག་པ་ཞེས་བྱའོ། །དེ་ལྟ་བས་ན་མ་རིག་པའི་མུན་པའི་རབ་རིབ་ཀྱི་ལིང་ཐོག་གི་ས་མིག་བསྒྲིབས་པའི་ཕྱིར། ཡུལ་རྣམས་ལ་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་ཀྱི་རྣམ་པའི་རྣམ་པར་རིག་པ། ཕྱིན་ཅི་ལོག་གི་རྣམ་པར་རྟོག་པའི་བག་ཆགས་སྣང་བ་ཉིད་ཀྱིས་རྟག་པ་དང༌། བདག་དང༌། བདེ་བ་དང༌། གཙང་བ་ལ་སོགས་པར་ཕྱིན་ཅི་


DTG113_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པས་འདོད་ཆགས་དང༌། ཞེ་སྡང་དང་གཏི་མུག་རྒྱས་པའི་ཕྱིར་འདོད་ཆགས་སྐྱེས་པའི་ལས་ཀྱང་མངོན་པར་འདུ་བྱེད་དོ། །འདོད་པ་ལ་གེགས་བྱེད་པ་དང་ལྡན་པའི་ཕྱིར། ཞེ་སྡང་ལས་སྐྱེས་པའི་ལས་ཀྱང་མངོན་པར་འདུ་བྱེད་དོ། །ལམ་མ་ཡིན་པ་ལ་ལམ་དུ་འདུ་ཤེས་པ་དང་མ་དག་པ་ལ་དག་པར་འདུ་ཤེས་པ་དང༌། གྲོལ་བ་མ་ཡིན་པ་ལ་གྲོལ་བར་འདུ་ཤེས་པའི་ཕྱིར་གཏི་མུག་ལས་སྐྱེས་པ་ཡང་མངོན་པར་འདུ་བྱེད་དོ། །དེ་གཉིས་ལས་བཟློག་པ་ཉིད་ཀྱིས་མི་གཡོ་བའི་ལས་ཀྱང་མངོན་པར་འདུ་བྱེད་དོ། །རྐྱེན་དེ་དང༌། གཞི་དེས་མ་རིག་པར་ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། ལྟ་བ་དང༌། ཐེ་ཚོམ་དང༌། ཕྲག་དོག་དང༌། སེར་སྣའི་རྗེས་སུ་སོང་བའི་ཕྱིར་ལུས་ཀྱི་ལས་མི་དགེ་བ་བདག་དང་ཤེས་པ་ཡོངས་སུ་བསྐྱབ་པའི་ཆེད་དུ་སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་གཡེམ་པ་དང༌། མྱོས་པའི་རྒྱུ་ཆང་འཐུང་པ་གཞན་དུ་མི་འདོད་པའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པ་ཡང་མངོན་པར་འདུ་བྱེད་དོ། །ངག་གི་བརྫུན་དང༌། ཕྲ་མ་དང༌། ཚིག་རྩུབ་པོ་དང༌། དོན་མེད་པར་སྨྲས་པ་མི་འདོད་པའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པ་ཡང་མངོན་པར་འདུ་བྱེད་དོ། །ཡིད་ཀྱི་ལས་བརྣབ་སེམས་དང༌། གནོད་སེམས་དང། ལོག་པར་ལྟ་བ་དང་མཚུངས་པར་ལྡན་པ་ཡང་མངོན་པར་འདུ་བྱེད་དོ། །ལུས་དང༌། ངག་དང༌། ཡིད་ཀྱི་ཉེས་པར་སྤྱོད་པའི་ཆོས་ཡང་དག་པར་བླངས་པའི་རྒྱུས་སེམས་ཅན་དམྱལ་བ་དང༌། ཡི་དགས་དང༌། དུད་འགྲོ་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་མི་ཤེས་པའི་ཡུལ་འདོད་ཆགས་དང༌། ཞེ་སྡང་གཏི་མུག་མངོན་དུ་བྱེད། །ཅེས་བྱ་བ་སྨོས་ཏེ། དེ་ལ་མི་ཤེས་པས་ཞེས་བྱ་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཀྱི་དངོས་པོ་མངོན་པར་འདུ་བྱེད་པས་ལྷག་པར་བསྒོམ་པའི་འདུ་བྱེད་ཀྱི་དངོས་པོ་སོ་སོར་རྣམ་པར་རིག་པའི་ངོ་བོའི་རྣམ་པར་ཤེས་པ་མངོན་པར་འགྲུབ་བོ། །དེ་ཉིད་ཀྱི་ཕྱིར། དེ་ལས་འདུ་བྱེད་དངོས་པོ་ནི། །རྣམ་པར་རིག་པའི་རྣམ་ཤེས་འབྱུང༌། །ཞེས་བྱ་བ་སྨོས་ཏེ། དེ་ལས་ཞེས་བྱ་བ་ནི། འདུ་བྱེད་ལ་བརྟེན་ནས་སོ། །དངོས་པོ་ནི་རྣམ་པར་རིག་པའི་ཞེས་བྱ་བ་ནི་རྣམ་པར་རིག་པར་བྱེད་པས་རྣམ་པར་རིག་པ་སྟེ། རྣམ་པར་ཤེས་པ་ལ་


DTG113_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་བག་ཆགས་འཇོག་པ་ཞེས་བྱ་བའི་ཐ་ཚིག་གོ །རྣམ་ཤེས་ལྷན་ཅིག་འབྱུང་བ་ནི། །གཟུགས་ཅན་མ་ཡིན་ཕུང་པོ་བཞི། །ཞེས་བྱ་བ་ལ། རྣམ་ཤེས་ལྷན་ཅིག་འབྱུང་བ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་རྒྱུ་ལས་བྱུང་བའོ། །གཟུགས་ཅན་མ་ཡིན་ཕུང་པོ་བཞི། །ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཕུང་པོ་བཞི་སྟེ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ཞེས་བྱ་བ་རྣམས་སོ། །གཟུགས་ཅན་མ་ཡིན་ཞེས་བྱ་བ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་བསགས་པའི་རྣམ་པ་དང་བྲལ་བའི་ཕྱིར་ཡིན་གྱི། རྟག་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སེམས་དང་སེམས་ལས་བྱུང་བའི་ངོ་བོ་དག་ཡིན་ནོ། །ཕུང་པོ་ཉིད་ནི་རྫས་དུ་མའི་བདག་ཉིད་ཡིན་པའི་ཕྱིར་རོ། །གཟུགས་ནི་ཁམས་བཞི་པོ་ཕ་མའི་ཁུ་ཆུ་དང༌། ཁྲག་ལས་བྱུང་བ་ས་དང༌། ཆུ་དང༌། མེ་དང༌། རླུང་གི་ཁམས་ཏེ། དེ་དག་བསྡུས་ནས་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱའོ། །མིང་དང་གཟུགས་ལ་བརྟེན་ནས་ནི། །དབང་པོ་སྐྱེ་མཆེད་འབྱུང་བར་འགྱུར། །ཞེས་བྱ་བ་ནི། གང་སྔོན་དབང་པོ་ལ་སྲེད་པ་དང་བཅས་པའི་བག་ཆགས་མིང་དང་གཟུགས་ལ་བཞག་པའི་མིང་དང་གཟུགས་དེས་རྐྱེན་བྱས་ནས་མིག་ལ་སོགས་པའི་དབང་པོ་དྲུག་མངོན་པར་འགྲུབ་པས་དབང་པོ་སྐྱེ་མཆེད་དྲུག་འབྱུང་བར་འགྱུར་ཞེས་བྱའོ། །དབང་པོ་སྐྱེ་མཆེད་སྒོ་དྲུག་ནི་རྣམ་པར་ཤེས་པ་དྲུག་གི་རྟེན་དུ་གྱུར་པ་སྟེ། གཟུགས་ལ་སོགས་པའི་ཡུལ་དམིགས་པའི་རྣམ་པར་རིག་པ་སྣང་བ་འཛིན་པའི་རང་གི་ངོ་བོ་རྣམས་མངོན་པར་བསྒྲུབས་པས་བཅོམ་ལྡན་འདས་ཀྱིས་མིང་དང་གཟུགས་ལ་བརྟེན་པའི་དབང་པོ་རྣམས་ནི་སྐྱེ་མཆེད་དྲུག་གོ་ཞེས་གསུངས་སོ། །ཡུལ་དང་དབང་པོ་རྣམ་པར་ཤེས། །འདུས་པ་ལས་ནི་རེག་པ་འབྱུང༌། །ཞེས་བྱ་བ་ནི་དབང་པོ་སྐྱེ་མཆེད་དྲུག་པོ་རྐྱེན་དུ་བྱས་ནས་ཡུལ་ལ་དབང་པོ་དང༌། རྣམ་པར་ཤེས་པ་འདུས་པའི་ཕྱིར་རེག་པ་སྟེ། དབང་པོ་དང་རྣམ་པར་ཤེས་པ་དག་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་རེག་པ་ལྟ་བུར་བར་མ་ཆོད་ཉིད་དུ་འཇུག་སྟེ། འདི་ལ་རེག་པ་ནི་འགའ་ཡང་མེད་དོ། །བསགས་པ་མ་ཡིན་པ་རྣམ་པར་ཤེས་པ་ལྔ་ནི་ཚོགས་བསགས་པ་ཡུལ་དང༌། དབང་པོ་རྣམས་དང་ལྷན་ཅིག་གཅིག་ཏུ་འགྱུར་དུ་འོང་བས་རེག་པ་ལྟ་བུ་ཡིན་གྱི་རེག་པ་ནི་མ་ཡིན་ནོ་


DTG113_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང༌། ཆོས་གསུམ་འདུས་པ་ནི་རེག་པའོ་ཞེས་གསུངས་ཏེ། དམིགས་པ་སྣང་བའི་རྣམ་པར་རིག་པ་སྐྱེ་བའོ། །དེ་བཞིན་དུ་རེག་པའི་རོ་མྱང་བ་ལ་འཆུམས་པ་ལ། རེག་པའི་ཚོགས་དྲུག་ལ་བརྟེན་ཏེ་ཚོར་བའི་ཚོགས་དྲུག་སྐྱེའོ། །དེ་ཉིད་ཀྱི་ཕྱིར། རེག་བྱུང་ཚོར་བར་ཤེས་བྱ་སྟེ། །ཞེས་བྱ་བ་སྨོས་སོ། །ཚོར་བ་ནི་རེག་པས་བསྐྱེད་པ་སྟེ། རེག་པའི་རྒྱུ་ལས་འབྱུང་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་ཚོར་བ་ཞེས་བྱ་བ་ནི་དེས་ཚོར་བར་བྱེད་པས་ན་ཚོར་བ་སྟེ། ཚོར་བ་ནི་མྱོང་བའོ། །བདེ་བ་དང་སྡུག་བསྔལ་བ་དང༌། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་དང༌། ཡིད་བདེ་བ་དང༌། ཡིད་མི་བདེ་བའི་བྱེ་བྲག་ལ་ཚོར་བར་སྣང་བའི་རྣམ་པའི་རྣམ་པར་རིག་པ་རྣམ་པར་རྟོག་པའི་དབང་གིས་བྱུང་བ་ཡུལ་དང༌། དབང་པོ་དང་རྣམ་པར་ཤེས་པ་གསུམ་ཚན་དྲུག་གི་བྱེ་བྲག་གིས་ཚོར་བའི་ཚོགས་དྲུག་སྐྱེ་བས་བཅོམ་ལྡན་འདས་ཀྱིས་རེག་པ་དང་ལྷན་ཅིག་སྐྱེས་པ་ནི་ཚོར་བའོ་ཞེས་གསུངས་སོ། །དེ་བཞིན་དུ་ཚོར་བའི་རོ་མྱང་བ་ཅུང་ཟད་ལ་ཆགས་ཤིང་མངོན་པར་ཞེན་པའི་བདག་ཉིད་ནི་ཚོར་བའི་རྒྱུ་ཅན་གྱི་སྲེད་པ་ཞེས་བྱ་བ་སྲེད་པ་སྐྱེ་སྟེ། དེ་ཉིད་ཀྱི་ཕྱིར། དེ་བཞིན་ཚོར་ལས་སྲེད་པ་འབྱུང༌། །ཞེས་བྱ་བ་སྨོས་སོ། །སྲེད་པ་ཞེས་བྱ་བ་ནི་ཁམས་གསུམ་པའི་འདོད་ཆགས་ཏེ། ཆགས་པ་དང༌། ལྷག་པར་ཞེན་པ་དང༌། མངོན་པར་འདོད་པ་དང༌། ཞེན་པ་དང༌། མི་འབྲལ་བར་འདོད་པ་དང༌། དགའ་བ་དང༌། སྡུག་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཡང་དབང་པོ་དང༌། ཡུལ་དང༌། རྣམ་པར་ཤེས་པའི་བྱེ་བྲག་གིས་སྲེད་པའི་ཚོགས་དྲུག་ཏུ་རྣམ་པར་གཞག་སྟེ། སྲེད་པར་སྣང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པའི་དབང་གིས་བྱུང་བའི་སྲེད་པའི་ཚོགས་དྲུག་སྐྱེ་བས་བདེ་བར་གཤེགས་པས་ཚོར་བ་ལ་ཞེན་པ་ནི་སྲིད་པའོ་ཞེས་གསུངས་སོ། །དེ་ལྟར་ལྷག་པར་ཞེན་པའི་སྲེད་པ་འཕེལ་པ་ནི་ལེན་པའོ། །དེ་ཉིད་ཀྱི་ཕྱིར། སྲེད་འཕེལ་ཉེ་བར་ལེན་པ་སྟེ། །ཞེས་བྱ་བ་སྨོས་སོ། །སྲེད་པ་ནི་ཆགས་པས་ཀུན་ནས་འཁྱུད་པ་འབྲལ་བར་མི་འདོད་པའི་རྒྱུའོ། །དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ལ་སོགས་པ་ནི་ལེན་པ་སྟེ། ཉེ་བར་ལེན་པའི་ཕྱིར་ཉེ་བར་ལེན་པའོ། །ཉེ་བར་ལྔ་པའི་ལེན་པ་ནི་ཉེ་བར་ལེན་པའོ། །རང་གི་ལས་ཇི་ལྟར་བླངས་


DTG113_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་བརྒྱགས་ཀྱི་གཞན་གྱི་དབང་གིས་ལེན་པ་ལས་སྐྱེས་པ་ཡང་སྲིད་པ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར། ལེན་པ་ལས་ནི་སྲིད་པ་འབྱུང༌། །ཞེས་བྱ་བ་སྨོས་སོ། །རང་གི་ལས་ཀྱི་བག་ཆགས་ཇི་ལྟ་བ་སྣང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པ་རྣམ་པར་རྟོག་པའི་དབང་གིས་བྱུང་བ་ཡང་སྲིད་པ་མངོན་པར་བསྒྲུབ་པའི་ཕྱིར་སྲིད་པ་ཞེས་བྱ་སྟེ་ཡང་འབྱུང་བའི་ཕྱིར་རོ། །རང་གི་ལས་ནི་བག་ཆགས་ཇི་ལྟ་བའི་དབང་གིས་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་དང༌། མི་གཡོ་བའི་ལས་ཀྱི་བག་ཆགས་ཀྱི་དབང་གིས་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ན་ལས་ཀྱི་སྲིད་པ་ནི་རྒྱུ་ཡིན་ནོ། །སྲིད་ལས་ཕུང་འབྱུང་སྐྱེ་བ་སྟེ། །ལས་ཀྱི་སྲིད་པའི་རྒྱུ་དེ་ལས་ཕུང་པོ་འབྱུང་བ་ནི་སྐྱེ་བ་ཞེས་བྱའོ། །དེ་ལ་ཕུང་པོ་འབྱུང་བ་ཞེས་བྱ་བ་ནི་ཕུང་པོ་སྐྱེ་བ་སྟེ། ཁམས་དང་སྐྱེ་མཆེད་ཐོབ་པ་ཡང་བསྡུས་ཏེ་སྐྱེ་བ་ཞེས་བརྗོད་དོ། །དེ་ལ་ཕུང་པོ་ཞེས་བྱ་བ་ནི་རྫས་དུ་མ་བསགས་པའི་ཕྱིར་སྤུངས་པའི་དོན་ནི་ཕུང་པོའི་དོན་ཏོ། །ཡང་ན་མི་རྟག་པ་ཉིད་ཀྱིས་འཇོམས་པའི་ཕྱིར་ཏེ། སྐྱེས་མ་ཐག་ཏུ་མི་རྟག་པ་ཉིད་ཀྱི་སྲིན་པོས་ཟ་བར་བྱེད། འཇོམས་པར་བྱེད། འཇིག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །དེ་ལྟར་མངོན་པར་གྲུབ་ན་སྐྱེ་བའི་རྒྱུས་སྐྱེ་བའི་རྐྱེན་གྱིས་རྒ་བ་ཉིད་འགྲུབ་བོ། །དེ་ཉིད་ཀྱི་ཕྱིར། དེ་བཞིན་སྐྱེ་ལས་རྒ་བའོ། །ཞེས་བྱ་བ་སྨོས་ཏེ། སྐྱེ་བའི་རྐྱེན་གྱིས་མངོན་པར་བསྒྲུབ་པའི་ཕུང་པོ་རྣམས་རྒ་བ་ནི་རྙིངས་པ་ཉིད་དེ། ཉམ་ཆུང་བར་བྱེད་པ་དང༌། སྤྱི་ཅེར་བ་དང༌། མགོ་སྐྱ་བ་དང༌། གཉེར་མས་གང་བ་དང༌། སྒུར་བ་དང༌། སྒུ་བ་དང༌། ཀྱོར་ཀྱོར་པོ་དང༌། སྒྲ་ངར་ངར་པོ་ཉིད་དང༌། འཁར་བ་ལ་བརྟེན་པ་དང༌། སྤྱོད་པ་མི་གསལ་བ་དང༌། དབང་པོ་ཉམས་པ་དང༌། དྲན་པ་ཉམས་པ་ཞེས་བྱ་བ་དེ་ལྟ་བུ་ནི་སྐྱེ་བའི་རྐྱེན་གྱིས་མངོན་པར་བསྒྲུབ་པའི་ཕུང་པོ་རྣམས་རང་གི་ལས་ཀྱི་རྣམ་པ་ཅན་གྱི་རྣམ་པར་རིག་པ་སྣང་བ་རྣམ་པར་རྟོག་པའི་བག་ཆགས་ཀྱི་དབང་གིས་བསྐྱེད་པའི་རྙིངས་པ་ནི་རྒ་བ་ཞེས་བྱའོ། །དེ་ལྟར་རྒ་བས་རྒས་པར་གྱུར་པའི་ཕུང་པོ་གཞན་དུ་འགྱུར་བ་ནི་འཆི་བ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་སྨྲས་པ། དེ་བཞིན་རྒ་བའི་ཕུང་མེད་པ། །དེ་ནི་འཆི་བ་ཞེས་བརྗོད་དོ། །དེ་ལ་རྒ་བ་ཞེས་བྱ་བ་ནི་ཤིག་ཤིག་པོར་གྱུར་པ་རྒ་བའི་རྐྱེན་གྱིས་འཆི་བ་འབྱུང་ངོ༌། །དེ་ལ་འཆི་བ་ཞེས་བྱ་བ་ནི་ཕུང་པོ་གཞན་དུ་གྱུར་པ་སྟེ། འཆི་བ་དང༌། ཤི་བ་དང༌། དུས་བྱེད་པ་དང༌། འཇིག་རྟེན་


DTG113_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་དུ་འགྲོ་བ་དང༌། འཕོ་བ་དང༌། འགྲོ་བ་དང༌། ཕུང་པོ་གྱེས་པ་དང༌། ཕུང་པོ་འཇིག་པ་དང༌། ཚེ་ཟད་པ་དང༌། སྲོག་གི་དབང་པོ་འགགས་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བསྡུས་པ་ནི་རྒ་ཤིའོ། །འཆི་བར་སྣང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པའི་རྣམ་པར་རྟོག་པའི་དབང་གིས་བྱུང་བ། ཕུང་པོ་འཇིག་པ་འཆི་བ་སྟེ། གནས་སྐབས་ཐ་མ་ཉལ་བའི་ཐ་མ་རྣམ་པར་ཤེས་པ་འཕོ་བ། དྲོད་ཡལ་བ། ཚེ་དང་བྲལ་བ། རིས་མཐུན་པ་འདོར་བ། སྲིད་པར་འཕོ་བའོ། །གང་ཡང་རྣམ་པར་ཤེས་པ་ཐ་མའི་གནས་སྐབས་ན་གནད་འཆད་པ་ལ་སོགས་པས་བསྐྱེད་པ་རྣམས་རྣམ་པ་དུ་མར་བླ་བ་དང༌། བླང་བ་དང༌། ཉམ་ཆུང་བ་དང༌། ཡོངས་སུ་རྙིངས་པ་དང༌། ཞེན་པ་དང༌། འགག་འགག་པོ་དང༌། གདོང་མདོག་ངན་པ་དང༌། མགོན་མེད་པ་དང༌། རང་གི་ལས་ཀྱི་རྣམ་པར་རྟོག་པ་ལས་བྱུང་བའི་གཤིན་རྗེའི་མི་དེ་དག་གིས་ཕན་ཚུན་ཁྲིད་པའི་རྣམ་པར་སྣང་བའི་རྣམ་པར་རིག་པ་དང༌། སྲོག་གི་ལྷག་མ་ཅུང་ཟད་ཙམ་ལུས་པ་ལས་དབུགས་བརྩེགས་པ་འབྱུང་བ་དང༌། མི་དགའ་བ་དང༌། འགུལ་བ་དང༌། རྐན་ཡོངས་སུ་བསྐམས་པ་དང༌། སྣ་ཞོམ་པ་དང༌། རྡུལ་དང༌། བརླན་དང༌། དྲི་མ་དང༌། རང་གི་གཅིན་དང༌། ཕྱི་ས་དང༌། ཁ་ཆུ་ལུས་ལ་ཆགས་ཤིང་གོས་པ་དང༌། གྲོགས་མེད་པར་མུན་ནག་ཆེན་པོ་དང༌། གཡང་ས་དང༌། རི་དང༌། བོག་རི་དང༌། ནགས་ཚལ་ཐིབས་པོ་དང༌། ཁང་སྟོང་དང༌། ཁྱིམ་དང༌། །ཞལ་མེད་ཁང་དང༌། སྟེང་ཁྱམས་དང༌། ཁང་པ་བརྩེགས་པ་དང༌། མེ་འོབས་དང༌། མཚོ་ཆེན་པོ་དང༌། སོག་མའི་ཕུང་པོར་འགྲོ་བ་ལྟ་བུའི་སེམས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕུང་པོ་གཞན་ལེན་པ་ནི་འཆི་བ་ཞེས་བྱའོ། །རྨོངས་པ་འཆི་ལས་མྱ་ངན་ཏེ། །ཞེས་བྱ་བ་ནི་སྲིད་པ་དང་བཅས་པའི་ནང་གི་གདུང་བ་ནི་མྱ་ངན་ཏོ། །ནང་གི་གདུང་བ་ཞེས་བྱ་བ་ནི་སེམས་ཡོངས་སུ་གདུང་བའོ། །མྱ་ངན་བྱེད་པའི་ཕྱིར་མྱ་ངན་ཏེ། ད་ནི་བདག་དགའ་བའི་དངོས་པོ་དང༌། སྡུག་པའི་དངོས་པོ་དང་བྲལ་བར་འགྱུར་རོ་སྙམ་དུ་མི་དགའ་ཞིང་གདུངས་པས་ན་མྱ་ངན་ཞེས་བྱའོ། །ལས་ཇི་ལྟར་འཕགས་པའི་རྣམ་པར་སྣང་བའི་རྣམ་པར་རིག་པ་མངོན་དུ་གྱུར་པ་ནི་དགའ་བ་དང༌། འཇིགས་པ་དང༌། མི་དགའ་བའི་རྣམ་པས་བསྐྱེད་པ་གནད་


DTG113_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པའི་སྡུག་བསྔལ་དང༌། སེམས་བློང་བར་གྱུར་པའི་མྱ་ངན་ལས་གཞན་དུ་བསླངས་པ་ཀྱེ་མ་ཀྱི་ཧུད་ཅི་གང་གིས། ཇི་ལྟར། གང་དུ་སྐྱབས་སུ་གཤེགས་ཤིང་གཟིགས། །འདིར་འགྲོའོ། །བདག་ནི་སོང་ངོ༌། །བླངས་སོ། །བརྒྱབ་བོ། །ཤིའོ། །ཟོས་སོ། ཞིག་གོ །རབ་ཏུ་ཞིག་གོ །ཀྱི་ཧུད་མ་གཅིག །ཀྱི་ཧུད་ཕ་གཅིག །ཕུ་ནུ་པོ། ཆེ་ཞེ། བུ། བུ་མོ། ཆུང་མ་ཞེས་རྣམ་པ་མང་པོར་བླ་བ་ཕྱིན་ཀྱི་ལོག་གི་ཚིག་སྒྲོགས་པས་བསྐྱེད་པའི་རྡོལ་པའི་གདུང་བ་ནི་སྨྲེ་སྔགས་འདོན་པའོ། །དེ་ཉིད་ཀྱི་ཕྱིར། མྱ་ངན་ལས་ནི་བརྗོད་པ་གང༌། །དེ་ནི་སྨྲེ་སྔགས་འདོན་ཞེས་བྱ། །ཞེས་བྱ་བ་སྨོས་སོ། །སྨྲེ་སྔགས་འདོན་པ་ལས་བྱུང་བ། །རྣམ་པར་ཤེས་པའི་ཚོགས་ལྔ་ཡི། །སིམ་པ་མ་ཡིན་སྡུག་བསྔལ་བརྗོད། །ལུས་ཀྱི་བདེ་བའི་བགེགས་པའོ། །སྨྲེ་སྔགས་འདོན་པ་ལས་བྱུང་བ། །ཞེས་བྱ་བ་ནི། སྨྲེ་སྔགས་འདོན་པ་ལས་སོ། །རྣམ་པར་ཤེས་པ་ལྔའི་ཚོགས་དང་ལྡན་པ་ཞེས་བྱ་བ་ནི་ཡིད་དུ་འོང་བའི་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱའི་རྗེས་སུ་དྲན་པས་ཉེ་བར་བསྐྱེད་པ། རྣམ་པར་ཤེས་པའི་ཚོགས་ལྔའི་སྡུག་བསྔལ་ཉེ་བར་གནོད་པར་བྱེད་པ། སིམ་པ་མ་ཡིན་པ་ཉམས་སུ་མྱོང་བ། ལུས་ཀྱི་བདེ་བའི་གེགས་བྱེད་པའི་བདག་ཉིད། སྡུག་བསྔལ་གྱི་རྣམ་པ་སྣང་བའི་རྣམ་པར་རིག་པའི་དབང་གིས་བྱུང་བ་ནི་སྡུག་བསྔལ་ཞེས་བརྗོད་དོ། །ཡིད་ལ་བྱེད་པའི་སྡུག་བསྔལ་ལ་ནི། །ཡིད་ལ་ཉེ་བར་གནོད་བྱེད་པ། །དེ་ཡིད་མི་བདེར་ཞེས་བྱ་སྟེ། །གང་གཞན་ཉེ་བའི་ཉོན་མོངས་རྒྱུ། །ཡིད་ཀྱིས་བདེ་བ་དང༌། སྡུག་བསྔལ་རྗེས་སུ་དྲན་ནས་སྔོན་རྒོད་པ་དང༌། དགའ་བ་དང༌། རྩེས་པ་དང༌། ཆས་པ་དང༌། འཕྱར་གཡེང་བྱས་པ་ལ་སོགས་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པ་ཡིད་ཀྱི་སྡུག་བསྔལ་ཡིད་མི་བདེ་བ་ལ་སོགས་པ་ཉེ་བར་ཉོན་མོངས་པ་སྐྱེ་བས། །གང་གཞན་ཉེ་བའི་ཉོན་མོངས་རྒྱུ། །ཞེས་བྱ་བ་སྨོས་ཏེ། གང་གཞན་ཡང་འདི་ལྟ་བུ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་དེ་དག་ནི་ཉོན་མོངས་ཞེས་ཀྱང་བྱ། འཁྲུག་པ་ཞེས་ཀྱང་བྱ་ལ། དེ་ལ་སྲིད་པའི་ཡན་ལག་བཅུ་གཉིས་འདི་དག་ཉིད་ཀྱི་མིང་དོན་དང་མཐུན་པར་བསྟན་པའི་ཕྱིར། །མུན་མངོན་མིང་དང་གཟུགས་དང་ནི། །སྐྱེ་མཆེད་རེག་པ་


DTG113_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

སྐོམ་པའི་ཕྱིར། །ཞེས་བྱ་བ་སྨོས་སོ། །དེ་ལ་མུན་པའི་ཕྱིར་མ་རིག་པའོ། །མངོན་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པའི་ཕྱིར་འདུ་བྱེད་རྣམས་སོ། །གཞོལ་བའི་ཕྱིར་མིང་ངོ༌། །གཟུགས་ཀྱི་ཕྱིར་གཟུགས་སོ། །སྐྱེ་མཆེད་རེག་མྱོང་སྐོམ་པའི་ཕྱིར་ཞེས་བྱ་བ་ནི་སྐོམ་པའི་ཕྱིར་སྐྱེ་མཆེད་དོ། །རེག་པའི་ཕྱིར་རེག་པའོ། །མྱོང་བའི་ཕྱིར་ཚོར་བའོ། །སྐོམ་པའི་ཕྱིར་སྲེད་པའོ། །སྲེད་ལས་ཉེ་དང་ཡང་འབྱུང་དང༌། །སྨིན་དང་འཇིག་དང་མྱ་ངན་ཕྱིར། །ཉེ་བར་ལེན་པའི་ཕྱིར་ལེན་པའོ། །ཡང་སྲིད་པ་སྐྱེད་པའི་ཕྱིར་སྲིད་པའོ། །འབྱུང་བའི་ཕྱིར་སྐྱེ་བའོ། །སྨིན་པའི་ཕྱིར་རྒ་བའོ། །འཇིག་པའི་ཕྱིར་འཆི་བའོ། །མྱ་ངན་བྱེད་པའི་ཕྱིར་མྱ་ངན་ཏོ། །ཚིག་སོགས་ལུས་ལ་གནོད་པ་དང༌། །སེམས་ཡིད་མི་བདེ་ཕྱིར་དང་ནི། །ཉོན་མོངས་ཕྱིར་ན་མིང་དོན་མཐུན། །གོ་རིམས་བཞིན་དུ་བསྟན་པ་ཡིན། །ཚིག་གིས་སྨྲེ་བའི་ཕྱིར་སྨྲེ་སྔགས་འདོན་པའོ། །ལུས་ལ་གནོད་པའི་ཕྱིར་སྡུག་བསྔལ་ལོ། །སེམས་ལ་གནོད་པའི་ཕྱིར་ཡིད་མི་བདེ་བའོ། །ཉོན་མོངས་པའི་ཕྱིར་ཉོན་མོངས་པའོ། །ཡང་དེ་ཁོ་ན་མ་ཤེས་པ། །ཞེས་བྱ་བ་ལ་སོགས་པ་ནི་ཡང་བརྟགས་པའི་དོན་རབ་ཏུ་བསྟན་པའི་ཕྱིར་སྨྲས་པ་སྟེ། ཡང་དེ་ཁོ་ན་ཡོངས་མ་ཤེས། །མ་རིག་ལ་སོགས་གོ་རིམས་བཞིན། །སྔ་མ་སྔ་མ་ལས་ཕྱི་མ། །སྐྱེ་བ་དག་ཏུ་ཡང་དག་བརྗོད། །དེ་ཁོ་ན་ཡོངས་མི་ཤེས་ཞེས་བྱ་བ་ནི་མ་རྟོགས་པ་དང་ལོག་པར་རྟོགས་པ་སྟེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུས་མི་ཤེས་པ་ནི་མ་རིག་པའོ། །མ་རིག་པ་ཡོད་ན་འདུ་བྱེད་སྣ་ཚོགས་མངོན་པར་བསྒྲུབ་སྟེ། བསོད་ནམས་སུ་ཉེ་བར་འགྲོ་བ་དང༌། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བ་དང༌། མི་གཡོ་བར་ཉེ་བར་འགྲོ་བའོ། །དེ་ལ་བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་བསོད་ནམས་སུ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་རོ། །བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་རོ། །མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་མི་གཡོ་བར་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་ཏེ། འདི་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱའོ། །མིང་དང་གཟུགས་


DTG113_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་འཕེལ་བས་སྐྱེ་མཆེད་དྲུག་གི་སྒོ་ནས་བྱ་བ་བྱེད་པ་རྣམས་འབྱུང་སྟེ། དེ་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱའོ། །སྐྱེ་མཆེད་དྲུག་པོ་ལས་རེག་པའི་ཚོགས་དྲུག་འབྱུང་སྟེ། དེ་ནི་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱའོ། །ཇི་ལྟ་བུར་རེག་པ་འབྱུང་བ་དེ་ལྟ་བུར་ཚོར་བ་འབྱུང་སྟེ། དེ་ནི་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱའོ། །ཚོར་བའི་བྱེ་བྲག་དེ་དག་མྱོང་བ་དང༌། མངོན་པར་དགའ་བ་དང༌། ལྷག་པར་ཞེན་ནས་འདུག་པ་དེ་ནི་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱའོ། །མྱོང་བ་དང་ལྷག་པར་ཞེན་པ་ལས་བདག་སྡུག་པའི་ངོ་བོ་དང༌། བདེ་བའི་ངོ་བོ་དང་བྲལ་བར་མ་གྱུར་ཅིག་སྙམ་དུ་གང་གི་ཕྱིར་ཞིང་སྨོན་པ་འདི་ནི་སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱའོ། །དེ་ལྟར་སྨོན་ཅིང་ཡང་སྲིད་པ་བསྐྱེད་པའི་ལས་ལུས་དང༌། ངག་དང༌། ཡིད་ཀྱིས་ཀུན་ནས་སློང་བ་དེ་ནི་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱའོ། །ལས་དེ་ལས་སྐྱེས་པའི་ཕུང་པོ་རྣམས་མངོན་པར་འགྲུབ་པ་གང་ཡིན་པ་དེ་ནི་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱའོ། །སྐྱེས་ནས་མངོན་དུ་གྲུབ་པའི་ཕྱིར་ཕུང་པོ་རྣམས་ཀྱི་འཕེལ་བ་ཡོངས་སུ་སྨིན་པ་དང༌། འཇིག་པར་འགྱུར་བ་དེ་ནི་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱའོ། །ཡན་ལག་སྔ་མ་སྔ་མ་རྣམས་ནི་ཕྱི་མ་ཕྱི་མ་སྐྱེ་བ་རྣམས་ཀྱི་རྒྱུ་ཉིད་ཡིན་པས་དེ་དག་ནི་ཕྱི་མ་འབྱུང་བའི་ཕྱིར་རྐྱེན་ཁོ་ན་སྟེ། དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་འདི་ནི་རྒྱུ་གཞན་དང་གཞན་ལས་བྱུང་བའོ། །ཡན་ལག་བཅུ་གཉིས་གསུམ་འཇུག་པ། །འདི་ནི་རྟག་ཆད་ཐོགས་མེད་སྐྱེ། །ཆུ་བོའི་རྒྱུན་བཞིན་འཇུག་པ་ཡིས། །ཐོག་མ་མེད་པའི་དུས་ཅན་འཇུག། མི་རྟག་པ་མ་ཡིན་པ་དེ་ནི་རྒྱུན་དུ་གནས་པའི་ཕྱིར་རོ། །འདུས་བྱས་མ་ཡིན་པ་དེ་ནི་འདུ་བྱེད་དང་བྲལ་བའི་ཕྱིར་རོ། །སེམས་པ་པོ་ཡོད་པ་མ་ཡིན་པ་དེ་ནི་སེམས་དང་བྲལ་བའི་ཕྱིར་རོ། །རྐྱེན་ལས་བྱུང་བ་མ་ཡིན་པ་ནི་རྐྱེན་དང་བྲལ་བའི་ཕྱིར་རོ། །ཟད་པའི་ཆོས་མ་ཡིན་པ་ནི་བསགས་པ་དང་བྲལ་བའི་ཕྱིར་རོ། །འགོག་པའི་ཆོས་མ་ཡིན་པ་ནི་སྐྱེ་བ་དང༌། གནས་པ་དང༌། འཇིག་པ་དང་བྲལ་བའི་ཕྱིར་རོ། །ཐོག་མ་མེད་པའི་དུས་ནས་ཞུགས་པ་ནི་དུས་ཀྱི་མཚམས་ཡོངས་སུ་ཆད་པ་དང་བྲལ་བའི་ཕྱིར་རོ། །ཀླུང་གི་རྒྱུན་བཞིན་དུ་རྒྱུན་འབྱུང་བས་རྒྱུན་མ་ཆད་པར་འཇུག་པའོ།། །།འཕགས་


DTG113_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

པ་སཱ་ལུ་ལྗང་པའི་མདོ། རྒྱ་ཆེར་བཤད་པ། བམ་པོ་བཞི་པ་སྟེ་ཐ་མའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ཆུ་བོའི་རྒྱུན་བཞིན་དུ་རྒྱུན་མི་འཆད་པར་རྗེས་སུ་འཇུག་མོད་ཀྱི། འོན་ཀྱང་བཞི་པོ་འདི་དག་ནི་རྒྱུ་ནི་སྡུད་པར་བྱེད་པ་སྟེ། ཡན་ལག་བཞི་ནི་ཡན་ལག་བཅུ་གཉིས་པའི་རྟེན་ཅིང་འབྲེལ་པ་ཞེས་བྱ་བ་སྡུད་པར་བྱེད་པའི་རྒྱུར་འགྱུར་རོ། །དེའི་ཕྱིར་བཞི་གང་ཞེ་ན་ཞེས་གསུངས་སོ། །མ་རིག་སྲེད་ལས་རྣམ་པར་ཤེས། །དེ་དག་གོ་རིམས་བཞིན་དུ་བཤད། །མ་རིག་པ་དང༌། སྲེད་པ་དང༌། ལས་དང༌། རྣམ་པར་ཤེས་པ་ཞེས་བྱ་བ་གོ་རིམས་བཞིན་ནོ། །རྒྱུ་ལས་རྣམ་ཤེས་ས་བོན་ཏེ། །རྣམ་པར་ཤེས་པ་ནི་ས་བོན་གྱི་རང་བཞིན་གྱི་རྒྱུ་བྱེད་དོ། །ལས་ནི་ཞིང་དུ་གསུངས་པ་ཡིན། །ལས་ནི་ཞིང་གི་རང་བཞིན་གྱི་རྒྱུ་བྱེད་དོ་ཞེས་གསུངས་སོ། །མ་རིག་པ་དང༌། སྲེད་པ་ནི་ཉོན་མོངས་པའི་རང་བཞིན་གྱི་རྒྱུ་བྱེད་དོ། །ལས་དང་ཉོན་མོངས་རྣམ་པར་ཤེས། །ས་བོན་ཉིད་དུ་ཉེར་གནས་ལ། །ལས་དང་ཉོན་མོངས་པ་དག་ནི་ས་བོན་རྣམ་པར་ཤེས་པ་སྐྱེད་པར་བྱེད་དོ། །དེ་ལ། ལས་ནི་ས་བོན་རྣམ་ཤེས་ཀྱི། །ཞིང་གི་བྱ་བ་ཡང་བྱེད་དོ། །སྲེད་པས་རྣམ་ཤེས་ཞེས་བྱ་བའི། །ས་བོན་དེ་མ་ཐག་རླན་བྱེད། །མ་རིག་ས་བོན་རྣམ་པར་ཤེས། །བརླན་པས་བསྟེན་པ་འདེབས་པར་བྱེད། །ལས་དང་སྲེད་དང་མ་རིག་པ། །ཞིང་དང་བརླན་དང་འདེབས་བྱེད་རྣམས། །རྣམ་པར་ཤེས་ལ་འདི་བྱ་དང༌། །རྣམ་ཤེས་བདག་འདིས་སྙམ་པ་མེད། །དེ་ལ་ལས་ཀྱང་འདི་སྙམ་དུ། །མི་སེམས་སོ་ཞེས་བྱ་བ་ལ་སོགས་པ་ནི་ལས་ཀྱང་འདི་སྙམ་དུ། །བདག་གིས་ས་བོན་རྣམ་པར་ཤེས་པའི་ཞིང་གི་བྱ་བ་ཡང་བྱའོ་སྙམ་དུ་མི་སེམས་པ་ཉིད་དོ། །སྲེད་པ་ཡང་ཞེས་བྱ་བ་ལ་སོགས་པ་ནི་འདི་ལྟར་སྲེད་པ་ཡང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པ་བརླན་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །མ་རིག་པ་ཡང་ཞེས་བྱ་བ་ལ་སོགས་པ་ནི་མ་རིག་པ་ཡང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པ་གདབ་བོ་སྙམ་དུ་མི་སེམས་སོ། །རྣམ་པར་ཤེས་པ་ཡང་ཞེས་བྱ་བ་ལ་སོགས་པ་ནི་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མི་སེམས་ཏེ། འོན་ཀྱང་ས་བོན་རྣམ་པར་ཤེས། །ལས་དང་ཉོན་མོངས་གནས་པ་ནི། །ས་བོན་རྣམ་ཤེས་ཞེས་བརྗོད་པ། །མ་


DTG113_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

རིག་ལུད་ཀྱིས་བྲན་པ་དང༌། །སྲེད་པའི་ཆུ་ཡིས་བསྟེན་ན་ནི། །མ་རིག་ལུད་ཅེས་བྱ་བ་ནི་ལུད་དང་འདྲ་བས་ལུད་དེ་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་ཕྱིར་རོ། །ལུད་ཀྱིས་བྲན་པ་ཞེས་བྱ་བ་ནི་ལུད་ཀྱིས་བཀབ་པའོ། །སྲེད་པའི་ཆུ་ཡིས་བསྟེན་ན་ནི། །ཞེས་བྱ་བ་ནི་སྲེད་པ་ཉིད་ཆུའོ། །བསྟེན་ན་ཞེས་བྱ་བ་ནི་བརླན་ནའོ། །རྒྱུ་ལས་མིང་དང་གཟུགས་ཀྱི་ནི། །མྱུ་གུ་སྐྱེ་བའང་སྣང་བར་འགྱུར། །ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ཚོགས་པ་སྐྱེ་བ་ནི་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་པར་འགྱུར་རོ། །མིང་དང་གཟུགས་ཀྱི་མྱུ་གུ་དང་ཡང་ཞེས་བྱ་བ་ལ་སོགས་པ་ནི། རང་གཞན་གཉིས་ཀ་ལ་སོགས་པས། མིང་གཟུགས་འདི་དག་འབྱུང་མིན་གྱི། །མིང་དང་གཟུགས་ཀྱི་མྱུ་གུ་འདི་དག་ནི་རང་དང་གཞན་གཉིས་ཀ་ལ་སོགས་པས་བསྐྱེད་པ་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། ཕ་དང་མ་ནི་ཕྲད་པ་དང༌། །དུས་རྣམས་མི་འགལ་ཉིད་ལས་སོ། །ཕ་དང་མ་ནི་ཕྲད་པ་དང༌། །ཞེས་བྱ་བ་ལ་སོགས་པ་ནི་ཕ་དང་མ་ཀུན་ཏུ་ཆགས་པར་གྱུར་པ་དང༌། འདུས་པ་དང༌། མ་རུངས་པར་གྱུར་པ་སྟེ། བུ་འཆགས་པར་ནུས་པ་དང༌། དུས་དང་ལྡན་པའོ། །ཉི་མ་གསུམ་འདས་ཏེ་ཁྲག་ངན་པ་དང་བྲལ་བ་དེ་ནི། བུད་མེད་རྣམས་ཀྱི་དུས་སུ་བརྗོད་དེ། དེའི་ཚེ་སྐྱེས་པ་དང་ཡང་ཕྲད། ཁུ་བ་དང་ཁྲག་དང་ཡང་ལྡན། དྲི་ཟ་བདག་ཉིད་ཀྱང་སེམས་ཀྱང་སེམས་ཕྱིན་ཅི་ལོག་ཏུ་གྱུར་ཏེ། ཕ་དང་མའི་བྱ་བ་ལ་མོས་ན་མངལ་དུ་སྐྱེ་བའི་རིམ་གྱིས་ནུར་ནུར་པོ་དང༌། མེར་མེར་པོ་དང༌། ནར་ནར་པོ་དང༌། གོར་གོར་བོ་དང༌། རྐང་ལག་འགྱུར་བའི་གནས་སྐབས་ལས་འདས་ཏེ་སྐྱེ་བ་ན། བྱིས་པ་དང༌། གཞོན་ནུ་དང༌། བར་མ་དང༌། དར་ལ་བབ་པ་དང༌། རྒན་པོ་ལ་སོགས་པའི་གནས་སྐབས་བཅུར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཡང་སྨྲས་པ། མྱོང་བ་ཅུང་ཟད་འབྲེལ་པ་ནི། །ས་བོན་རྣམ་པར་ཤེས་པར་བརྗོད། །མ་ཡི་མངལ་དུ་རིམ་བཞིན་འཕེལ། །མིང་གཟུགས་མྱུ་གུ་སྐྱེད་པར་བྱེད། །འོན་ཀྱང་ཕ་དེ་དང་མ་ཕྲད་པ་དང༌། ཟླ་མཚན་དང་ལྡན་པ་དང༌། རྐྱེན་གཞན་ཡང་ཆོགས་པ་ན་མའི་མངལ་དུ་མྱོང་བ་དང་ལྡན་པའི་ས་བོན་རྣམ་པར་ཤེས་པ་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་བོ། །རྐྱེན་རྣམས་མ་ཚང་མེད་པ་དང༌། །རྒྱུ་རྣམས་འགལ་བ་མ་ཡིན་ལས། །སྒྱུ་མ་བདག་མེད་འཛིན་མེད་པར། །སྐྱེ་བ་ཡང་ནི་ཡོད་པ་ཡིན།


DTG113_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཀྱི་ཕྱིར་བདག་པོ་མེད་པའི་ཆོས་བདག་གི་མེད་པ་དང༌། འཛིན་པ་མེད་པ་དང༌། སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་ལ་རྒྱུ་དང་རྐྱེན་མ་ཚང་པ་མེད་པའི་ཕྱིར་ཞེས་གསུངས་སོ། །བདག་པོ་མེད་པ་ཞེས་བྱ་བ་ནི་ནང་གི་བྱེད་པའི་སྐྱེས་བུ་ལ་སོགས་པ་མི་དམིགས་པའི་ངོ་བོ་ཡིན་མོད་ཀྱི། དེ་ལ་མངོན་པར་ཞེན་ཕས་བསྐྱེད་པ་གང་ཀུན་ཏུ་འཛིན་པའོ། །ཆོས་ཞེས་བྱ་བ་ནི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ཀྱི་ངོ་བོ་ཉིད་དོ། །བདག་གི་ཞེས་བྱ་བ་ནི་བདག་དང་བདག་གི་དང་བྲལ་བའོ། །འཛིན་པ་མེད་པ་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པ་ཡོངས་སུ་འཛིན་པ་མི་དམིགས་པའི་ཕྱིར་རོ། །སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་ལ་ཞེས་བྱ་བ་ནི་ཇི་ལྟར་སྒྱུ་མ་ནི་མེད་པ་ཡིན་ཡང་ཐ་སྙད་རྣམ་པ་སྣ་ཚོགས་སྒྲུབ་པར་བྱེད་པ་དེ་བཞིན་དུ་སྒྱུ་མའི་རང་བཞིན་གྱི་ཆོས་ཐམས་ཅད་ལ་བྱ་བ་ལ་སོགས་པ་རྣམ་པ་སྣ་ཚོགས་དམིགས་པར་འགྱུར་རོ། །རྒྱུ་དང་རྐྱེན་འདུས་པ་མ་གཏོགས་པར་རྒྱུ་དང་རྐྱེན་ལ་སོགས་པའི་ཆོས་ཅུང་ཟད་ཀྱང་སྐྱེ་བའམ་འཇིག་པར་མི་འགྱུར་ཏེ། ཇི་ལྟར་ཡང་རྒྱུ་དང་རྐྱེན་མ་ཚང་བའི་ཕྱིར་དངོས་པོ་རྣམས་སྐྱེ་བ་མེད་པ་དེ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དཔེར། མིག་གི་རྣམ་པར་ཤེས་པ་ཡང༌། །རྒྱུ་ལྔ་པོ་ཡིས་འབྱུང་བ་སྟེ། །ཞེས་བྱ་བ་སྨོས་ཏེ། འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་ནི་རྒྱུ་ལྔས་འབྱུང་སྟེ། ལྔ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི། མིག་དང་གཟུགས་དང་དེ་བཞིན་སྣང༌། །ནམ་མཁའ་དེ་བསྐྱེད་ཡིད་ལ་བྱེད། །ཅེས་བྱ་བ་དེ་ཉིད་ཀྱི་ཕྱིར་མིག་ལ་བརྟེན་པ་དང༌། གཟུགས་དང༌། སྣང་བ་དང༌། ནམ་མཁའ་དང༌། དེ་བསྐྱེད་པ་ཡིད་ལ་བྱེད་པ་ལ་ཡང་ཞེས་བྱ་བ་གསུངས་སོ། །དེ་ལ་མིག་ཅེས་བྱ་བ་ནི་གཟུགས་བལྟ་བར་བྱ་བ་ལ་མིག་གི་དབང་པོ་མ་ཚང་བ་མེད་པར་འགྱུར་བའོ། །དེ་ཉིད་ཀྱི་ཕྱིར་མིག་ནི་རྣམ་པར་ཤེས་པའི་རྟེན་གྱི་བྱ་བ་བྱེད་དོ་ཞེས་གསུངས་སོ། །སྣང་བ་ཞེས་བྱ་བ་ནི་ཟླ་བ་དང༌། སྐར་མ་དང༌། མེ་དང༌། སྨན་དང༌། ནོར་བུའི་འོད་རྣམས་ཏེ་མངོན་པར་བྱ་བ་ལ་སྣང་བ་ཡང་ཉེ་བར་གནས་པར་འགྱུར་བའོ། །ནམ་མཁའ་ཡང་མི་སྒྲིབ་པ་ཉིད་ཀྱིས་མ་ཚང་བར་མ་གྱུར་པའོ། །དེ་བསྐྱེད་པ་ལ་ཡིད་ལ་བྱེད་པ་ཡང་བསམ་པའི་བྱ་བ་ལ་མཚང་བར་མ་གྱུར་པའོ། །ལྔ་པོ་མ་ཚང་མེད་པ་ལས། །མིག་གི་རྣམ་པར་ཤེས་པ་འབྱུང༌། །མིག་གི་རྣམ་པར་ཤེས་པའི་རྐྱེན་དེ་


DTG113_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལས་གང་ཡང་རུང་བ་ཞིག་མེད་ན་ཡང་མིག་གི་རྣམ་པར་ཤེས་པ་འབྱུང་བར་མི་འགྱུར་གྱི་ཡོད་ན་འབྱུང་བར་འགྱུར་རོ། །དེ་དག་བདག་གིས་དེ་སྐྱེད་ཅེས། །རྣམ་རྟོག་སྐྱེ་མེད་ཇི་ལྟ་བར། །ཞེས་བྱ་བ་ནི་དེ་ལ་མིག་གི་དབང་པོ་ནི་འདི་སྙམ་དུ་མིག་གི་རྣམ་པར་ཤེས་པའི་རྟེན་གྱི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །གཟུགས་ཀྱང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་དམིགས་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །སྣང་བ་ཡང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་མངོན་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །ནམ་མཁའ་ཡང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་མི་བསྒྲིབ་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །དེ་སྐྱེད་པའི་ཡིད་ལ་བྱེད་པ་ཡང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་བསམ་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །མིག་གི་རྣམ་པར་ཤེས་པ་ཡང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མི་སེམས་ཏེ། འོན་ཀྱང་རྐྱེན་འདི་དག་ཡོད་པ་ལས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་གྱི་མེད་ན་མི་འགྱུར་བ་ལྟར། རྣ་བའི་དབང་པོ་ལ་སོགས་ཀུན། །སྐྱེ་བའི་རིམ་པ་འདི་ཉིད་ཡིན། །དེ་བཞིན་དུ་རྣ་བའི་དབང་པོ་ལ་སོགས་པ་ཡང་རྒྱུ་ལྔས་སྐྱེ་བའི་རིམ་པ་ཁོང་དུ་ཆུད་པར་བྱའོ། །རྒྱུ་དང་རྐྱེན་ནི་ཚོགས་པ་ལས། །བྱེད་པོ་ལ་སོགས་བྲལ་བ་དང༌། །ང་འཛིན་པ་དང་བྲལ་བ་ལས། །སྐྱེ་བ་ཡང་ནི་སྔ་མ་བཞིན། །དེ་ལྟར་རྟེན་ཅིང་འབྲེལ་འབྱུང་བའི། །རྒྱུ་ཅན་ཀུན་ཏུ་ཤེས་པར་བྱ། །དེ་ལྟར་ཏེ། རྒྱུ་དང་རྐྱེན་གྱི་རིམ་པ་བཤད་མ་ཐག་པའི་རིམ་པ་དེ་ལྟར་ཆོས་ཐམས་ཅད་ཀྱི་སྐྱེ་བ་དང༌། གནས་པ་དང༌། འཇིག་པ་རྟོགས་པར་བྱའོ། །འཇིག་རྟེན་འདི་ནས་ཕ་རོལ་དུ། །འགྲོ་བའི་ཆོས་འགའ་གང་ནའང་མེད། །འོན་ཀྱང་རྒྱུ་དང་རྐྱེན་དག་ལས། །ལས་ཀྱི་འབྲས་བུར་མངོན་པ་ཡིན། །དེ་ལ་ཆོས་ཞེས་བྱ་བ་ནི་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ལ་སོགས་པའི་ཆོས་དང༌། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་ལ་སོགས་པ་དང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པའི་ཆོས་སོ། །འདི་ནས་ཞེས་བྱ་བ་ནི། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ལམ། འཇིག་རྟེན་ཕ་རོལ་ནས་འཇིག་རྟེན་འདིར་ཆོས་འགའ་ཡང་མི་འཕོ་བའོ། །གལ་


DTG113_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དེ་ལྟར་ན་རྟག་པར་སྨྲ་བའམ། རྒྱུ་མེད་པ་དང་མི་མཐུན་པའི་རྒྱུར་སྨྲ་བར་འགྱུར་དུ་འོང་ངོ་ཞེ་ན། བཀའ་སྩལ་པ། རྒྱུ་དང་རྐྱེན་མ་ཚད་པ་མེད་པའི་ཕྱིར་ལས་ཀྱི་འབྲས་བུར་མངོན་པ་ཡང་ཡོད་དོ། །དེ་ལ་འཕོ་བ་ཡང་མེད་ལ་ལས་ཀྱི་འབྲས་བུ་ཡང་ཆུད་མི་ཟ་བར་མངོན་སུམ་དང༌། རྗེས་སུ་དཔག་པ་དང༌། ཡིད་ཆེས་པའི་ལུང་ལས་རབ་ཏུ་གྲགས་པའི་དཔེ་འདི་དག་གིས་ཤེས་པར་བྱ་སྟེ། ཇི་ལྟར་མེ་ལོང་རབ་ཕྱིས་ལ། །བཞིན་གྱི་གཟུགས་བརྙན་དམིགས་པ་བཞིན། །མེ་ལོང་ནང་དུ་གཟུགས་བརྙན་ཡང༌། །འཕོས་པ་ཡོད་པ་མ་ཡིན་ཉིད། །དེ་ཉིད་ཀྱི་ཕྱིར་གསུངས་པ། འདི་ལྟ་སྟེ། རབ་ཏུ་ཕྱིས་པའི་མེ་ལོང་གི་དཀྱིལ་འཁོར་ལ་བཞིན་གྱི་གཟུགས་བརྙན་སྣང་བ་ཡང་བཞིན་མེ་ལོང་གི་དཀྱིལ་འཁོར་ནང་དུ་མ་འཕོས་མོད་ཀྱི། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་བཞིན་དུ་མངོན་པ་ཡང་ཡོད་དོ། །དེ་བཞིན་དུ་འགའ་ཡང་འདི་ནས་ཤི་འཕོས་པ་ཡང་མེད་ལ། ཕ་རོལ་ཏུ་སྐྱེས་པ་ཡང་མེད་མོད་ཀྱི། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་ལས་ཀྱི་འབྲས་བུར་མངོན་པ་ཡང་ཡོད་དོ། །དེ་དག་ཕན་ཚུན་རྟོག་མེད་ཅིང༌། །བྱེད་པ་པོ་དང་ལམ་རྣམས་སྤངས། །དེ་བཞིན་སྐྱེ་བ་སྣང་བ་ནི། །སྔོན་འཕེལ་བྱ་བའི་རིམ་པ་ལས། །དེ་དག་ཅེས་བྱ་བ་ནི། བཞིན་དང་མེ་ལོང་དོ། །ཕན་ཚུན་ཞེས་བྱ་བ་ནི་གཅིག་ལ་གཅིག་གོ །རྟོག་མེད་ཅེས་བྱ་བ་ནི་རྣམ་པར་རྟོག་པ་མེད་པའོ། །བྱེད་པ་པོ་དང་ལས་རྣམས་སྤངས། །ཞེས་བྱ་བ་ནི། དེ་ལ་བྱེད་པ་པོ་དང་ལས་མེད་དོ། །ཆད་པར་མི་འགྱུར་རམ་ཞེ་ན། །དེ་བཞིན་སྐྱེ་བ་སྣང་བ་ནི། །ཞེས་སྨོས་སོ། །ཇི་ལྟར་བྱེད་པ་མེད་པའི་བྱ་བ་དང་ལས་སུ་འགྱུར་ཞེ་ན། སྨྲས་པ། སྔོན་འཕེལ་བྱ་བའི་རིམ་ལས་སོ། །ཇི་ལྟར་ཟླ་བ་རིང་གནས་པ། །ཆུ་སྣོད་ཆུང་དུའི་ནང་དུ་ནི། །སྣང་སྟེ་འཕོས་པའང་མ་ཡིན་ལ། །བྱ་བ་དང་ནི་ལས་ཀྱང་ཡོད། །དེ་ཉིད་ཀྱི་ཕྱིར་བཀའ་སྩལ་པ། དཔེར་ན་ཟླ་བའི་དཀྱིལ་འཁོར་ནི་དཔག་ཚད་བཞི་ཁྲི་ཉིས་སྟོང་ན་གནས་ཏེ། འོན་ཀྱང་སྣོད་ཆུང་དུ་ཆུས་གང་བར་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་བརྙན་སྣང་ཡང་ཟླ་བའི་དཀྱིལ་འཁོར་ནི་གནས་དེ་ན་མ་འཕོས་ཏེ། འོན་ཀྱང་སྣོད་ཆུང་དུ་ཆུས་གང་བའི་ནང་དུ་སྣང་སྟེ། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་ཟླ་བའི་གཟུགས་བརྙན་མངོན་པ་ཡང་


DTG113_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དོ། །དེ་བཞིན་དུ་འདི་ནས་སུ་ཡང་ཤི་འཕོས་པ་དང༌། མ་སྐྱེས་མོད་ཀྱི་རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པའི་ཕྱིར་ལས་ཀྱི་འབྲས་བུར་མངོན་པ་ཡང་ཡོད་དོ། །ཡང་དཔེར་ན་མེ་ནི་རྒྱུ་མ་ཚང་ན་མི་འབར་གྱི་རྒྱུ་དང་རྐྱེན་ཚོགས་པ་ལས་འབར་རོ། །དེ་བཞིན་དུ་བདག་པོ་མེད་པའི་ཆོས་འཛིན་པ་མེད་པ་ཕན་ཚུན་གྱི་རྐྱེན་ཅན་སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་ལ་རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་སྐྱེ་བའི་གནས་ཉིད་མཚམས་སྦྱོར་བ་མའི་མངལ་དེ་དང་དེར་ས་བོན་རྣམ་པར་ཤེས་པ་ལས་དང་ཉོན་མོངས་པ་རྣམས་ཀྱིས་བསྐྱེད་པའི་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་པོ། །ཕྱི་ཡི་ལས་དང་བྱ་བ་རྒྱུ། །དེ་ནི་བརྟགས་པའི་བདག་ཉིད་དོ། །དེ་ལ་ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བའི་བྱ་བ་དང༌། ལས་སུ་རྣམ་པར་གཞག་པ་ནི་བརྟགས་པའི་བདག་ཉིད་དུ་ཤེས་པར་བྱའོ། །དེ་བཞིན་གཞན་དབང་ནང་གི་སྟེ། །རྣམ་ཤེས་ལྔ་པོ་འབྱུང་བའོ། །དེ་ལ་གཞན་གྱི་དབང་གི་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ནི་ནང་གི་སྟེ། དབང་པོ་ལྔ་དང༌། ཡུལ་གྱི་རྣམ་པར་རིག་པ་སྣང་བའི་རྣམ་པ་ཅན་དུ་རིག་པར་བྱའོ། །བརྟག་བྱ་མིན་ཕྱིར་དོན་དམ་ནི། །ཡོངས་སུ་གྲུབ་པར་འདོད་པ་ཡིན། །གང་བརྟག་པ་དང་གཞན་གྱི་དབང་གི་བདག་ཉིད་ཀྱི་རྣམ་པའི་རྣམ་པར་རིག་པ་སྣང་བའི་རྣམ་པ་དང་བྲལ་བ་ལ་རྣམ་པར་རྟོག་པ་མེད་པ་ཤིན་ཏུ་ཡོངས་སུ་དག་པ། ཆུའི་ཁམས་དང༌། གསེར་དང༌། ནམ་མཁའ་ལྟ་བུར་ཡོངས་སུ་དག་པ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ངོ་བོ་ཡོངས་སུ་དག་པ། ཟླ་བ་ཤར་བ་ལྟ་བུར་ཡོན་ཏན་བསམ་གྱིས་མི་ཁྱབ་པ། གཞལ་དུ་མེད་པའི་འོད་ཟེར་སྣང་བའི་བདག་ཉིད་ཅན་འཕོས་པ་མེད་པ། སེམས་ཅན་ཐམས་ཅད་ཀྱི་དོན་ལྷུན་གྱིས་གྲུབ་པར་རྒྱུན་མི་འཆད་པར་མཛད་པ། ཐོག་མ་དང་དབུས་དང་ཐ་མ་དང་བྲལ་བ། ཁམས་གསུམ་ལས་ཡང་དག་པར་འདས་པ། དྲི་མ་དང་བྲལ་བ། དྲི་མ་མེད་པ། དྲི་མ་སྤངས་པའི་ངོ་བོ། །སོ་སོ་རང་གིས་རྟོག་པའི་སྤྱོད་ཡུལ་གྱི་བདག་ཉིད་ལུས་དང༌། ངག་དང༌། ཡིད་ཀྱི་ས་ལས་ཡང་དག་པར་འདས་པ། སོ་སོ་རང་གིས་རིག་པ། གཞན་ལ་རག་མ་ལས་པ། གཟུགས་སྣ་ཚོགས་ཀྱི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ལྟ་བུ་སྟེ། བླ་ན་མེད་པའི་ཆོས་ཀྱི་སྐུ་ཞེས་བྱའོ། །རྒྱུ་དང་རྐྱེན་དང་ལྡན་སྐྱེ་བ། །ནམ་ཡང་རྣམ་གཉིས་ཤེས་པར་བྱ། །


DTG113_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་པོ་ལ་སོགས་པས་དབེན། །གསོག་གསོབ་སྟོང་སོགས་སྙིང་པོ་མེད། །དེ་ཉིད་ཀྱི་ཕྱིར་དེ་ལ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་ལྔར་བལྟ་སྟེ་ཞེས་བྱ་བ་གསུངས་སོ། །གང་ཞེ་ན། གསུངས་པ། རྟག་པར་མ་ཡིན་ཏེ། གང་གི་ཕྱིར་ཐ་མ་འཆི་བའི་ཕུང་པོ་རྣམས་ཀྱང་གཞན་ལ། སྐྱེ་བའི་ཆར་གཏོགས་པ་རྣམས་ཀྱང་གཞན་ཏེ། ཐ་མ་འཆི་བའི་ཕུང་པོ་གང་ཡིན་པ་དེ་ཉིད་སྐྱེ་བའི་ཆར་གཏོགས་པ་རྣམས་མ་ཡིན་ནོ། །སྐྱེད་པར་བྱེད་པའི་རྒྱུ་གང་ཡིན་པ་དེ་ཉིད་འཇིག་པར་བྱེད་པ་ཡིན་ལ། འཇིག་པར་བྱེད་པའི་རྒྱུ་གང་ཡིན་པ་དེ་ཉིད་ཀྱང་སྐྱེད་པར་བྱེད་པ་ཡིན་པར་འགྱུར་དུ་འོང་བས་ཐ་མ་འཆི་བའི་ཕུང་པོ་རྣམས་ཀྱང་འགགས་ལ། སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་ཀྱང་འབྱུང་བས་དེའི་ཕྱིར་རྟག་པར་མ་ཡིན་ནོ། །ཐ་མ་འཆི་བའི་ཕུང་པོ་རྣམས་སྔོན་འགགས་པ་ལས་མ་ཡིན་ཞེས་བྱ་བ་ནི་འགགས་ནས་ཡུན་རིང་དུ་ལོན་པ་ལས་མ་ཡིན་པ། སྐྱེ་བའི་ཆར་གཏོགས་པ་ཞེས་བྱ་བ་ནི་སྐྱེ་བའི་ཆ་ལ་བརྟེན་པས་ན་སྐྱེ་བའི་ཆ་ལ་གཏོགས་པ་སྟེ། ཕུང་པོ་རྣམས་འབྱུང་བར་འགྱུར་བའོ། །ཐ་མ་འཆི་བ་མ་འགགས་པ་ཁོ་ནར་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་དག་འབྱུང་བར་འགྱུར་ན་མི་རུང་བས་བཀའ་སྩལ་པ། ཐ་མ་འཆི་བའི་ཕུང་པོ་རྣམས་ཀྱང་འགགས་ལ། དེ་ཉིད་ཀྱི་ཚེ་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་སྲང་མདའི་མཐོན་དམན་བཞིན་དུ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་ཆད་པར་མ་ཡིན་ནོ། །སེམས་ཅན་གྱི་རིས་མི་འདྲ་བ་ནས་སྐལ་བ་མཉམ་པའི་སྐྱེ་བར་སྐྱེ་བ་གཞན་མངོན་པར་འགྲུབ་པས་དེའི་ཕྱིར་འཕོ་བར་མ་ཡིན་ནོ། །ལས་ཆུང་དུ་བྱས་པས་འབྲས་བུ་ཆེན་པོའི་རྣམ་པར་སྨིན་པ་མྱོང་སྟེ། དེའི་ཕྱིར་རྒྱུ་ཆུང་དུ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་བོ། །ཇི་ལྟར་མྱོང་བར་འགྱུར་བའི་ལས་བསགས་པ་དེ་ལྟ་བུ་མྱོང་བར་འགྱུར་བའི་རྣམ་པར་སྨིན་པ་མྱོང་བས་དེའི་ཕྱིར་དེ་དང་འདྲ་བའི་རྒྱུད་དུའོ། །གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ལ་ཡང་དག་པའི་ཤེས་རབ་ཀྱིས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ། རྟག་པར་རྒྱུན་དུ་སྲོག་མེད་པ་དང༌། ཇི་ལྟ་བུ་ཉིད་དང༌། མ་ནོར་བ་ཉིད་དང༌། མ་སྐྱེས་པ་དང༌། མ་བྱུང་བ་དང༌། མ་བྱས་པ་དང༌། འདུས་མ་བྱས་བ་དང༌། ཐོགས་པ་མེད་པ་དང༌། དམིགས་པ་མེད་པ་དང༌། ཞི་བ་དང༌། མི་འཕྲོགས་པ་དང༌། རྣམ་པར་ཞི་བ་མ་ཡིན་པའི་


DTG113_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་དང༌། མེད་པ་དང༌། གསོག་དང༌། གསོབ་དང༌། སྙིང་པོ་མེད་པ་དང༌། ནད་དང༌། འབྲས་དང༌། སྡིག་པ་དང༌། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པར་མཐོང་བ་ཞེས་བྱ་བ་ལ། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ལ་ཞེས་བྱ་བ་ནི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཡིན་པ་འདི་ལའོ། །ཡང་དག་པའི་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའིའོ། །ཤེས་རབ་ཀྱིས་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་སོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཇི་ལྟ་བར་རོ། །རྟག་པར་རྒྱུན་དུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་རྒྱུན་མི་འཆད་པར་རོ། །སྲོག་མེད་པ་ཞེས་བྱ་བ་ནི་སྲོག་དང་བྱེད་པ་ལ་སོགས་པ་དང་བྲལ་བའི་ཕྱིར་སྲོག་མེད་པའོ། །མ་སྐྱེས་པ་ཞེས་བྱ་བ་ནི་སྐྱེ་བ་དང་བྲལ་བའི་ཕྱིར་རོ། །མ་བྱུང་བ་ཞེས་བྱ་བ་ནི་གནས་པ་དང་བྲལ་བའི་ཕྱིར་རོ། །མ་བྱས་པ་ཞེས་བྱ་བ་ནི་བྱེད་པ་པོ་མེད་པའི་ཕྱིར་རོ། །འདུས་མ་བྱས་པ་ཞེས་བྱ་བ་ནི་འདུས་བྱས་ཀྱི་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །ཐོགས་པ་མེད་པ་ཞེས་བྱ་བ་ནི་སྒྲིབ་པ་དང་བྲལ་བའི་ཕྱིར་རོ། །དམིགས་པ་མེད་པ་ཞེས་བྱ་བ་ནི་དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་དང་བྲལ་བའི་ཕྱིར་རོ། །ཞི་བ་ཞེས་བྱ་བ་ནི་ཞི་བ་ཉིད་ཀྱི་ཕྱིར་རོ། །འཇིགས་པ་མེད་པ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་འཇིགས་པ་དང་བྲལ་བའི་ཕྱིར་རོ། །མི་འཕྲོགས་པ་ཞེས་བྱ་བ་ནི་ཉོན་མོངས་པའི་གཞན་དབང་དང་བྲལ་བའི་ཕྱིར་རོ། །མི་ཟད་པ་ཞེས་བྱ་བ་ནི་རྟག་ཏུ་རྣམ་པར་གནས་པའི་ཕྱིར་རོ། །རྣམ་པར་ཞི་བ་མ་ཡིན་ཞེས་བྱ་བ་ནི་གཅིག་ཏུ་ཞི་བའི་བགྲོད་པ་དང་བྲལ་བའི་ཕྱིར་རོ། །མེད་པ་ཞེས་བྱ་བ་ནི་ཕུང་པོ་ལས་གུད་ན་གཞན་མེད་པའི་ཕྱིར་རོ། །གསོག་ཅེས་བྱ་བ་ནི་གྲོལ་བའི་བདག་ལྕགས་ཐུར་ལྟ་བུ་གཅིག་པུར་མེད་པའི་ཕྱིར་རོ། །གསོབ་ཅེས་བྱ་བ་ནི་ནང་ན་འདུས་པའི་ངོ་བོ་བདག་གི་རྫས་མེད་པའི་ཕྱིར་རོ། །སྙིང་པོ་མེད་པ་ཞེས་བྱ་བ་ནི་འཕྲོ་བའི་བདག་ཉེད་མེད་པའི་ཕྱིར་རོ། །ནད་ཅེས་བྱ་བ་ནི་ནད་ཀྱི་བདག་ཉིད་ཕུང་པོ་ལས་གུད་ན་མེད་པའི་ཕྱིར་རོ། །འབྲས་ཞེས་བྱ་བ་ནི་ཕུང་པོ་ལས་མ་གཏོགས་པ་གནོད་བར་བྱེད་པ་གཞན་མེད་པའི་ཕྱིར་རོ། །སྡིག་པ་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པ་ལས་གུད་ན་གནོད་པའི་ངོ་བོ་གཞན་མེད་པའི་ཕྱིར་རོ། །མི་རྟག་པ་ཞེས་བྱ་བ་ནི་སྐྱེས་མ་ཐག་ཏུ་འཇིག་པ་སྟེ། ཕུང་པོ་ལས་


DTG113_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

གུད་ན་གཞན་མེད་པའི་ཕྱིར་རོ། །སྡུག་བསྔལ་ཞེས་བྱ་བ་ནི་འདུ་བྱེད་དང་འགྱུར་བའི་སྡུག་བསྔལ་ལས་གུང་ན་མེད་པའི་ཕྱིར་རོ། །སྟོང་པ་ཞེས་བྱ་བ་ནི་བརྟགས་པའི་ངོ་བོ་ཉིད་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལས་གུད་ན་མེད་པའི་ཕྱིར་རོ། །བདག་མེད་པ་ཞེས་བྱ་བ་ནི་ཕུང་པོ་ལས་མ་གཏོགས་པ་བདག་གི་རྫས་མེད་པའི་ཕྱིར་རོ། །བྱེད་པ་པོ་ལ་སོགས་པས་དབེན། །གསོབ་གསོག་སྟོང་སོགས་སྙིང་པོ་མེད། །དེ་ལྟར་ཤེས་རབ་ཀྱིས་མཐོང་གང༌། །ཅི་ཅིར་ཅི་ལྟར་གང་དུ་ཅིས། །སྙམ་པའི་རྟོག་སྨྲ་སོགས་སྤངས་པ། །ཡོན་ཏན་མཐའ་ཡས་བསམ་མི་ཁྱབ། །ཞི་བ་ཆོས་ཀྱི་རང་བཞིན་སྐུ། །དེ་བཞིན་ཉིད་ཀྱི་ཕྱིར་དེ་ནི། །སྔོན་གྱི་མཐའ་ལ་མི་རྟོག་གོ །ཞེས་གསུངས་ཏེ། ཅི་བདག་འདས་པའི་དུས་ན་བྱུང་བར་འགྱུར་རམ་སྙམ་པའི་རྨོངས་པ་འདི་ལ་མི་སྐྱེའོ། །མ་རྨོངས་པ་ལ་ཡེ་ཤེས་སྐྱེ་བའི་ཕྱིར་བདག་འདས་པའི་དུས་ན་མི་འདི་ལྟ་བུར་འགྱུར་རམ་སྙམ་པ་ལ་སོགས་པ་དང༌། བདག་ལྷའམ། ཤ་ཟའམ། བདེ་བར་གནས་པའམ། སྡུག་བསྔལ་བར་གནས་པ་ཅིར་འགྱུར་རམ་སྙམ་པའི་རྨོངས་པ་མེད་པ་ཉིད་དོ། །བདག་བདེ་འགྲོའམ། ངན་འགྲོའམ། ཡུན་རིང་བའམ། ཡུན་ཐུང་བ་ཇི་ལྟར་འགྱུར་སྙམ་པའི་རྨོངས་པ་ཡང་མེད་པ་ཉིད་ངོ། །མ་འོངས་པའི་མཐའ་ལ་མི་རྟོག་སྟེ། ཅི་མ་འོངས་པའི་དུས་ན་འབྱུང་བར་འགྱུར་རམ་སྙམ་པ་དང༌། འོན་ཏེ་འབྱུང་བར་མི་འགྱུར་སྙམ་པའི་རྨོངས་པ་ཡང་འདི་ལ་མེད་པ་ཉིད་དོ། །མ་འོངས་པའི་དུས་ན་ཅིར་འགྱུར་སྙམ་པ་མ་འོངས་པའི་དུས་ན་ལྷའམ། ཤ་ཟའམ། མི་ཅིར་འགྱུར་སྙམ་པའི་རྨོངས་པ་ཡང་འདི་ལ་མི་འབྱུང་བ་ཉིད་དོ། །བདེ་བའམ། སྡུག་བསྔལ་བའམ། གཟུགས་བཟང་བའམ། གཟུགས་ངན་པ་ཇི་ལྟར་འགྱུར་སྙམ་པའི་རྨོངས་པ་ཡང་འདི་ལ་མེད་དོ། །ནང་ལ་ཡང་མི་རྟོག་གོ་ཞེས་བྱ་བ་ནི་ནང་ལ་རྨོངས་པར་མི་འགྱུར་བ་སྟེ། འདི་ཅི་ཞིག་ཅེས་བྱ་བ་ནི་བདག་གམ་བདག་མེད་སྙམ་པའོ། །འདི་ཇི་ལྟ་བུ་ཞིག་ཅེས་བྱ་བ་ཅི་གཟུགས་ཅན་ནམ། འོན་ཏེ་གཟུགས་ཅན་མ་ཡིན་པ་ཞིག་སྙམ་པའི་རྨོངས་པ་ཡང་འདི་ལ་མི་འབྱུང་ངོ༌། །ཅི་ཞིག་ཡོད་ཅེས་བྱ་བ་ནི་ལེགས་པར་བྱས་པའི་ལས་བྱས་པའམ། ཉེས་པར་བྱས་པའི་ལས་བྱས་པ་སྙམ་པའི་རྨོངས་པ་ཡང་འདི་ལ་མི་སྐྱེའོ། །


DTG113_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་འདི་ལྷའི་འགྲོ་བའམ། མིའི་འགྲོ་བ་གང་ནས་འོངས་ཏེ་འདི་ནས་ཤི་འཕོས་ནས་ལྷ་རྣམས་སམ་མི་རྣམས་སམ། དམྱལ་བའམ། ཡི་དགས་དང༌། དུད་འགྲོ་གང་དུ་འགྲོ་བར་འགྱུར་སྙམ་པའི་རྨོངས་པ་ཡང་འདི་ལ་མི་འབྱུང་ངོ༌། །འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་དག་གི་ལྟ་བར་གྱུར་པ་ཐ་དད་པ་གང་དག་ཡོད་པར་འགྱུར་བ་ཞེས་བྱ་བ་ལ་ལྟ་བར་གྱུར་པ་ཞེས་བྱ་བ་ནི་ལྟ་བའི་གནས་སོ། །ཐ་དད་པ་ཞེས་བྱ་བ་ནི་སོ་སོ་བའོ། །འདི་ལྟ་སྟེ་ཞེས་པ་ནི་བསྟན་པའི་ཕྱིར་རོ། །བདག་ཏུ་སྨྲ་བ་དང་ལྡན་པ་ཞེས་བྱ་བ་ནི་ཕུང་པོ་ལས་མ་གཏོགས་པར་བདག་མེད་དེ། མ་དཔྱད་པར་བདག་དང་བདག་གི་ཞེས་བྱ་བའི་ངོ་བོར་བདག་ཏུ་འཛིན་པ་དང་ལྡན་པའི་ཕྱིར་བདག་ཏུ་སྨྲ་བ་དང་ལྡན་པ་ཞེས་གསུངས་ཏེ། ཕྱིན་ཅི་ལོག་ཏུ་འཛིན་པས་ཀུན་ནས་བསླང་བའི་ཕྱིར་རོ། །གང་ཟག་ཏུ་སྨྲ་བ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ནི་ཡང་འགྲོ་བའི་ཕྱིར་གང་ཟག་ཅེས་བྱ་བ་ཕུང་པོ་ལས་མ་གཏོགས་པ་གང་འཇིག་རྟེན་འདི་སྤངས་ནས་འཇིག་རྟེན་ཕ་རོལ་དུ་འགྲོ་བའམ། འཇིག་རྟེན་ཕ་རོལ་སྤངས་ནས་འཇིག་རྟེན་འདིར་འོངས་པ་ཡོད་པ་མ་ཡིན་པས་འཛིན་པ་དང༌། ངན་པ་ཕྱིན་ཅི་ལོག་གི་འཛིན་པ་ཞེས་གསུངས་སོ། །དགེ་མཚན་དང་བཀྲ་ཤིས་སུ་ལྡན་པ་ཞེས་བྱ་བ་ལ། དགེ་མཚན་ནི་འཇིག་རྟེན་བཟོའི་གནས་དང༌། རིག་པའི་གནས་རྣམ་པ་སྣ་ཚོགས་གང་དག་ཡིན་པ་དགའ་སྟོན་དང༌། བག་མ་གཏོང་བ་དང༌། བག་མ་ལེན་པ་དང༌། འཐབ་མོ་དང༌། གཡུལ་དང༌། སྐྱེད་མོས་ཚལ་དང༌། ཆུ་ཀླུང་དང༌། རྒྱ་མཚོ་དང༌། རི་དང༌། ཚལ་དང༌། འཕགས་པའི་གཞན་དེ་དང་དེ་དག་ཏུ་འགྲོ་བ་དང༌། ལྟ་བ་དང༌། འཕོ་བ་དང༌། འཇུག་པ་དང༌། གནས་པའི་རྗེས་སུ་དགའ་བ་རྩེ་བའི་བདེ་བ་མྱོང་བའི་གར་དང༌། གླུ་དང༌། ཚིག་ཏུ་སྨྲ་བ་དང༌། རྒྱུག་པ་དང༌། མཆོང་བ་དང༌། ཚར་དང༌། སྐྱེས་པ་དང༌། བུད་མེད་དང༌། ཁྱེའུ་དང༌། བུ་མོར་འགྱེད་པའི་གཏམ་དང༌། རྩོད་པ་དང༌། ལྡེའུ་བརྗོད་པ་དང༌། གླང་པོ་ཆེ་དང༌། རྟ་ལ་སོགས་པ་འཐབ་པ་དང༌། རྩྭ་དཱུར་བ་དང༌། ཞོ་དང༌། གིའུ་ཝང་དང༌། ཞིང་གཤོལ་དང༌། ཐོ་བ་དང༌། མེ་ཏོག་དང༌། འབྲས་བུ་དང༌། བུམ་པ་དང༌། དུང་དང༌། ཉ་ལ་སོགས་པ་དང༌། བྲམ་ཟེ་དང༌། ཁྱུ་མཆོག་དང༌། ཟླ་བ་དང༌། ཉི་མ་དང༌། གཟའ་དང༌། སྐར་མ་


DTG113_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

དང། རྒྱུ་སྐར་དང༌། །ཡུད་ཙམ་དང༌། སྦྱོར་བ་དང༌། བྱེད་པ་ལ་སོགས་པ་སྟེ་ལྟས་མཁན་ལ་སོགས་པ་བདག་ཉིད་དང་དག་པ་ཚོལ་བ་དང༌། ཕྱིན་ཅི་ལོག་རྣམ་པ་དུ་མའི་འཕྱང་ཐག་ལ་འཇུ་ཞིང་ལམ་མ་ཡིན་པ་ལ་ལམ་དུ་འདུ་ཤེས་པ་དང༌། མ་དག་པ་ལ་དག་པར་འདུ་ཤེས་པ་དང༌། མ་གྲོལ་བ་ལ་གྲོལ་བར་འདུ་ཤེས་པས་འགྲོ་བ་དྲུག་གི་འཁོར་ལོར་ཞུགས་པའི་བློ་གྲོས་ཅན་འགྲོ་བ་དང་འགྲོ་བར་གྱུར་པ་རྣམས་ནི་འཁོར་བ་ཁོ་ནའི་རྗེས་སུ་འབྲང་གི །མྱ་ངན་ལས་འདས་པའི་ནི་མ་ཡིན་ནོ་ཞེས་དེ་དག་ཡང་དག་པའི་ཤེས་རབ་ཀྱིས་མཐོང་བ་ན་ཕྱིན་ཅི་ལོག་རྣམ་པ་བཞི་དང་བྲལ་བའི་ཕྱིར་རྩ་བ་ནས་བཅད་དེ། དེ་མི་སྣང་བར་གྱུར་ཅིང་སྤངས་པ་ཡིན་པས་ཡོངས་སུ་ཤེས་ནས་རྩ་བ་ནས་བཅད་དེ། ཤིང་ཏ་ལའི་མགོ་བཞིན་མི་སྣང་བའི་རང་བཞིན་དུ་ཕྱིས་མི་སྐྱེ་མི་འགག་པའི་ཆོས་སུ་འགྱུར་རོ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་སྨྲས་པ། དེ་བཞིན་འདི་ནས་འཆི་འཕོ་པ། །འགའ་མེད་འགྲོ་བར་སྐྱེས་པའང་སྣང༌། །དེ་ཉིད་ཀྱི་ཕྱིར་དཔེ་བརྗོད་པ། །ཇི་ལྟར་བུད་ཤིང་དང་འབྲེལ་བ། །མེ་ཡི་རྒྱུན་ནི་འཇུག་འགྱུར་གྱི། །རྒྱུ་ནི་མ་ཚང་གྱུར་པ་ལས། །མེ་ཡི་རྗེས་སུ་འཇུག་པ་མིན། །དེ་བཞིན་ཞེས་བྱ་བ་ནི་ཇི་ལྟར་ཟླ་བའི་གཟུགས་ཐག་རིང་པོ་ན་གནས་ནས་ཀྱང་ཆུའི་སྣོད་ཆུང་ངུ་འམ། ཆུ་དང་ཏིལ་མར་གྱི་སྣོད་ཆེན་པོ་དང༌། དུ་མ་དག་ཏུ་ཡང་སྣང་བ་ཟླ་བའི་གཟུགས་འཕོས་པའམ། དུ་མ་ཉིད་ཀྱང་མེད་མོད་ཀྱི། འོན་ཀྱང་ཆུའི་སྣོད་དུ་མ་དག་ཏུ་སྣང་ངོ༌། །དེ་བཞིན་དུ་འདི་ནས་འགའ་ཡང་ཤི་འཕོས་པ་ཡང་མེད། སོང་བ་ཡང་མེད། འོང་བ་ཡང་མེད། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཤི་འཕོས་པ་དང༌། སོང་བ་དང༌། འོང་བ་དང་སྣང་བ་དེ་བཞིན་དུ་ཆུ་སྣོད་དང་འདྲ་བ་སེམས་ཅན་གྱི་རྒྱུད་འགྲོ་བའི་གནས་གཞན་རྣམ་པ་དུ་མ་ཐ་དད་པས་སེམས་ཟླ་བའི་གཟུགས་བརྙན་སྐྱེ་བར་འགྱུར་རོ། །རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པའི་ཕྱིར་ཞེས་བྱ་བ་ནི་དགེ་བ་དང༌། མི་དགེ་བ་དང༌། མི་གཡོ་བ་ལ་སོགས་པའི་རྒྱུ་ཇི་ལྟར་འཕངས་པ་དེར་སྣང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པ་འབྱུང་སྟེ། བདག་དང་བདག་གི་དང་བྲལ་བའི་དངོས་པོ་ཐམས་ཅད་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་རིམ་པ་རྟོགས་པར་བྱའོ། །རྒྱུན་མི་འཆད་པའི་དཔེ་བརྗོད། ཇི་ལྟར་བུད་ཤིང་དང་འབྲེལ་ན། །མེ་ཡི་རྒྱུན་ནི་འཇུག་འགྱུར་གྱི། །ལས་དང་ཉོན་མོངས་པས་བསྒོས་པའི་སེམས་ཀྱི་རྒྱུད་མེའི་རྒྱུན་དང་འདྲ་བའི་


DTG113_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བུད་ཤིང་ནི་ལས་དང་ཉོན་མོངས་པ་ཁོ་ན་ཡིན་པར་བརྟག་སྟེ། ཇི་ལྟར་མེ་བུད་ཤིང་རྒྱུར་བྱས་ནས་འབར་བ་རྒྱུན་མི་འཆད་ལ། བུད་ཤིང་མེད་ན་རྒྱུན་འཆད་པར་འགྱུར་བ་དེ་བཞིན་དུ་འདིར་ཡང་ལས་དང་ཉོན་མོངས་པའི་བུད་ཤིང་བཅད་དེ། ཀུན་ནས་ཉོན་མོངས་པའི་ཀུན་གཞི་རྣམ་པར་ཤེས་པའི་ས་བོན་གྱི་རྒྱུན་ཡེ་ཤེས་ཀྱི་མེ་དང་ཕྲད་པས་བསྲེགས་ན་རྒྱུ་འགག་པའི་ཕྱིར་འབྲས་བུ་མི་འབྱུང་ངོ༌། །དེ་ཉིད་ཀྱི་ཕྱིར་བཀའ་སྩལ་པ། དགེ་སློང་ངམ་བྲམ་ཟེ་གང་དག་ཡོད་པ་འདི་ལྟ་སྟེ་ཞེས་བྱ་བ་ནི་འདི་ལས་ཕྱི་རོལ་པ་རྣམས་སོ། །འཇིག་རྟེན་ན་ཞེས་བྱ་བ་ནི་འཇིག་རྟེན་འཇིག་ཅིང་འཇིག་ཅིང་འགྲོ་བའི་དོན་ཏེ། འཇིག་པའི་ཕྱིར་འཇིག་རྟེན་པས་ཞིག་པར་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ །ལྟ་བར་གྱུར་པ་ཞེས་བྱ་བ་ནི་ལྟ་བ་དང་མཐོང་བ་སྟེ་ཕྱིན་ཅི་ལོག་གི་བསྟན་བཅོས་ཉན་པ་དང༌། སེམས་པ་ལ་སོགས་པའི་ལོག་པའི་ཤེས་པ་བྱུང་བའི་ཕྱིར་ལོག་པའི་ཤེས་པ་ནི་ལྟ་བ་ཞེས་བྱའོ། །ཐ་དད་པ་ནི་སོ་སོ་བའོ། །འདི་ལྟ་སྟེ། བདག་ཏུ་སྨྲ་བ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ཞེས་བྱ་བ་བདག་དང་བདག་གི་དང་བྲལ་བ་དག་ལ་བདག་ཉིད་དུ་ཡང་དག་ལྟ་བའི་ཤེས་རབ་ཉོན་མོངས་པ་ཅན་གང་ཡིན་པ་དེ་ནི་ལྟ་བ་ཞེས་བྱའོ། །འཇིག་ཚོགས་དང༌། མཐའ་དང༌། ལྟ་བ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་དང༌། ལོག་པར་ལྟ་བ་སྔོན་དུ་འགྲོ་བའི་ཤེས་རབ་ངན་པ་མ་རིག་པ་དང་མཚུངས་པར་ལྡན་པའི་ཕྱིར་ལྟ་བ་ཞེས་བྱ་བ་དེ་དང༌། མ་རིག་པ་སྔོན་དུ་འགྲོ་བའི་འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ལྟ་བ་དང༌། ཐེ་ཚོམ་དང༌། ཉེ་བའི་ཉོན་མོངས་པ་མཚུངས་པར་ལྡན་པ་དང༌། ལྟ་བ་མ་ཡིན་པའི་མཚན་ཉིད་ཁམས་ཀྱི་རྣམ་པ་དང་བྱེ་བྲག་གི་ཐ་དད་པ་མ་གཏོགས་ནས། ཀུན་ནས་ཉོན་མོངས་པའི་ཀུན་གཞི་རྣམ་པར་ཤེས་པ་ལ་བག་ཆགས་སུ་གནས་པ་དེའི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་སྣང་བ་གསོས་པ་རྣམས་ཐོག་མ་ཉིད་དུ་འཇིག་རྟེན་ལས་འདས་པའི་ལམ་ལ་བསྟན་ཏེ། འཕགས་པའི་བདེན་པ་བཞི་བསྒོམ་པ་གོམས་པའི་རིམ་གྱིས་སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་མཐོང་པ་དང༌། བསྒོམ་པ་དང༌། རྣམ་པར་གྲོལ་བ་


DTG113_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཁྱད་པར་དང༌། བར་ཆད་མེད་པས་སྤངས་པ་མངོན་དུ་བྱས་པ་དང༌། གང་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། བསམ་གཏན་དང༌། གཟུགས་མེད་པ་དང༌། ཚད་མེད་པ་དང༌། རྗེས་སུ་དྲན་བ་དྲུག་ལ་སོགས་པ་དང༌། ཆོས་དང༌། གང་ཟག་ལ་བདག་མེད་པ་དང༌། བྱང་ཆུབ་ཀྱི་སེམས་བསྒོམ་པ་དང༌། ཏིང་ངེ་འཛིན་དང༌། གཟུངས་དང༌། དད་པ་དང༌། བརྩོན་འགྲུས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། ས་དང༌། དབང་དང༌། མངོན་པར་ཤེས་པ་དང༌། ཡེ་ཤེས་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། རྣམ་པར་གྲོལ་བའི་སྒོ་དང༌། བཟོད་པ་བསྒོམ་པ་ལ་སོགས་པའི་རིམ་གྱིས་འཇིག་རྟེན་ལས་འདས་པའི་ལམ་གྱི་རྗེས་སུ་འགྲོ་བས། མོས་པས་སྤྱོད་པ་ལ་རབ་ཏུ་གནས་ཤིང་ངེས་པར་འབྱུང་བ་རབ་ཏུ་སྦྱོར་བ་མངོན་སུམ་དུ་བྱས་པ་ལས་དབང་པོ་དང༌། སྟོབས་དང༌། མི་འཇིགས་པ་དང༌། མ་འདྲེས་པ་དང༌། སོ་སོར་རིག་པ་དང༌། དཔེ་བྱད་དང༌། སྐྱེས་བུ་ཆེན་པོའི་མཚན་དང༌། རྫུ་འཕྲུལ་གྱི་རྐང་པ་ལ་སོགས་པ་བསྒོམ་པ་ཡོངས་སུ་རྫོགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་རྗེས་སུ་རྟོགས་པ་ལས་ཞི་གནས་དང༌། ལྷག་མཐོང་གི་རྗེས་སུ་མཐུན་པ་མཉམ་པ་ཉིད་དུ་གྱུར་པ། ཡོན་ཏན་མཐའ་ཡས་བསམ་མི་ཁྱབ། །ཞི་བ་ཆོས་ཀྱི་རང་བཞིན་སྐུ། །ཐོག་མ་དབུས་དང་མཐའ་བྲལ་བ། །རྟོགས་ནས་སངས་རྒྱས་གོ་འཕང་ཐོབ། །ཅེས་བྱའོ། །དེ་ལ་གཟུགས་ཀྱི་ཕུང་པོ་ཞེས་བྱ་བ་ནི། གཟུགས་སུ་སྣང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པ་སྣང་བའི་རྣམ་པར་རྟོག་པ་ལས་བྱུང་བ་རྫས་དུ་མའི་བདག་ཉིད་འབྱུང་བ་དང༌། འབྱུང་བ་ལས་གྱུར་པའི་གཟུགས་ཀྱི་མཚན་ཉིད་སྤྱི་བཅུ་གཅིག་བདག་ཉིད་བདག་གི་རྫས་རྣམ་པ་ལྔར་སྒྲོ་འདོགས་པས་ཀུན་ནས་བསླང་བ་མིག་དང༌། རྣ་བ་ལ་སོགས་པ་དང༌། གཟུགས་དང༌། སྒྲ་ལ་སོགས་པ་དང༌། འདོད་པ་དང༌། གཟུགས་དང༌། གཟུགས་མེད་པ་དང་མཚུངས་པར་ལྡན་པའི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་མཚན་ཉིད་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། དབང་པོ་དང༌། རྣམ་པར་


DTG113_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པའི་ཡུལ་གྱི་བདག་ཉིད་དང༌། གཞན་ཡང་དེ་ལྟ་བུའི་གཟུགས་ཀྱི་མཚན་ཉིད་ཀྱི་ཆོས་ནི་གཟུགས་ཀྱི་ཕུང་པོ་ཞེས་བྱའོ། །དེ་ལ་ཚོར་བའི་ཕུང་པོ་ཞེས་བྱ་བ་ནི་བདེ་བ་དང༌། སྡུག་བསྔལ་དང༌། གཉིས་ཀའི་རྣམ་པར་མྱོང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པ་སྣང་བ་སྟེ། ཡུལ་དང༌། དབང་པོ་དང༌། རྣམ་པར་ཤེས་པ་དབྱེ་བས་ཚོར་བའི་ཚོགས་དྲུག་གོ །ཁམས་ཀྱི་རྣམ་པ་དང་བྱེ་བྲག་གི་དབྱེ་བས་ནི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཕྱིར་རབ་ཏུ་དབྱེ་བ་མཐའ་ཡས་ཏེ། བདེ་བ་དང༌། སྡུག་བསྔལ་དང༌། ཡིད་བདེ་བ་དང༌། ཡིད་མི་བདེ་བ་བཏང་སྙོམས་དང་ལྡན་པའི་ཕྱིར་བདག་གི་རྫས་རྣམ་པ་དྲུག་ཉིད་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་རྣམ་པར་རྟོག་པའི་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་དང་འབྲེལ་བས་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ལ་སོགས་པ་ཁམས་གསུམ་པའི་རྣམ་པར་རྟོག་པའི་དབང་གིས་བྱུང་བ་རྫས་སུ་མ་བསྡུས་པའི་ཕྱིར་ཚོར་པའི་ཕུང་པོ་ཞེས་བྱའོ། །འདུ་ཤེས་ནི་ཕྲ་བ་དང༌། རགས་པ་དང༌། ཆེན་པོར་གྱུར་པ་ལ་སོགས་པ་མཚན་མར་འཛིན་པ་སྣང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པ་རྣམ་པར་རྟོག་པའི་དབང་གིས་བྱུང་བ་སྔོན་དགོད་པ་དང༌། དགའ་བ་དང༌། རྩེས་པ་ལ་སོགས་པ་རྗེས་སུ་དྲན་ཞིང་སྐྱེས་པ་དང་བུད་མེད་ལ་སོགས་པའི་མཚན་མའི་ཁྱད་པར་འཛིན་པའི་བདག་ཉིད་དེ། ཡུལ་དང༌། དབང་པོ་དང༌། རྣམ་པར་ཤེས་པའི་དབྱེ་བས་འདུ་ཤེས་ཀྱི་ཚོགས་དྲུག་གོ །འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང་འབྲེལ་པའི་ཕྱིར་ཁམས་ཀྱི་རྣམ་པ་དང༌། བྱེ་བྲག་གི་དབྱེ་བས་ནི་རབ་འབྱམ་མཐའ་ཡས་ཏེ། ཀུན་ནས་ཉོན་མོངས་པའི་ཀུན་གཞིའི་རྣམ་པར་ཤེས་པའི་བག་ཆགས་དང་འབྲེལ་པའི་ཕྱིར་བདག་ཏུ་རྨོངས་པ་ལ་སོགས་པ་དང་ལྡན་པའི་བདག་ཉིད་ནི་འདུ་ཤེས་ཞེས་བྱའོ། །འདུ་བྱེད་ནི་མཚུངས་པར་ལྡན་པ་དང༌། ལྡན་པ་མ་ཡིན་པ་དང༌། གདགས་པ་དང༌། འདུས་བྱས་དང། འདུས་མ་བྱས་སུ་སྣང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པ་རྣམ་པར་རྟོག་པའི་དབང་གིས་བྱུང་བ་རྣམས་སོ། །སྔོན་འཕངས་པའི་ཀུན་གཞི་རྣམ་པར་ཤེས་པ་ལས་ཡོད་པའི་བག་ཆགས་ཀྱི་དབྱེ་བས་ནི་ཁམས་ཀྱི་རྣམ་པ་དང༌། བྱེ་བྲག་གི་རབ་འབྱམ་མཐའ་ཡས་དང་ལྡན་པའི་འདུ་བྱེད་ཀྱི་རྫས་དུ་མ་


DTG113_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའི་ཕྱིར་འདུ་བྱེད་ཀྱི་ཕུང་པོ་ཞེས་བྱའོ། །དེ་ལ་རྣམ་པར་ཤེས་པའི་ཕུང་པོ་ནི་རྣམ་པ་བརྒྱད་དེ། ཡུལ་དང༌། དབང་པོ་དང༌། རྣམ་པར་ཤེས་པའི་བྱེ་བྲག་ཏུ་སྣང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པ་རྣམ་པར་རྟོག་པའི་དབང་གིས་བྱུང་བ་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་དང་འབྲེལ་པའི་ཕྱིར་ཁམས་ཀྱི་རྣམ་པ་དང༌། བྱེ་བྲག་གི་དབྱེ་བས་རབ་འབྱམ་མཐའ་ཡས་ནི་རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱའོ། །དེ་དག་ཉིད་ཀྱང་ཁམས་དང༌། སྐྱེ་མཆེད་དང༌། ཟག་པ་དང་བཅས་པ་དང༌། འདུས་བྱས་དང༌། ཀུན་ནས་ཉོན་མོངས་པ་ལ་སོགས་པའི་རྣམ་གྲངས་ཀྱི་དབྱེ་བས་རང་གི་མཚན་ཉིད་དང་འབྲེལ་པས་བསྡུས་ཏེ། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ཞེས་བྱའོ། །དེ་ལྟར་ན་ཀུན་ནས་ཉོན་མོངས་པའི་ཀུན་གཞི་རྣམ་པར་ཤེས་པའི་ས་བོན་དང་འབྲེལ་པ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པས་ཀུན་ནས་བསླངས་པ་ཁམས་གསུམ་པར་སློང་བའི་སེམས་དང༌། སེམས་ལས་བྱུང་བ་དེ་དག་ནི་འཁོར་བ་ཞེས་བྱའོ། །འོན་ཀྱང་དེ་ལ་ཐོག་མ་ཉིད་དུ་བྱེད་པ་པོ་ལ་སོགས་པ་དང་བྲལ་བ་གསོག་གསོབ་སྙིང་པོ་མེད་པ་ཞེས་བྱ་བར་རིག་ནས་བདེན་པ་བཞི་བསྒོམ་པ་ལུགས་དང་མཐུན་པར་འདུག་པས་གཏན་ལ་ཕབ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མེ་བྱུང་ནས་མ་རིག་པའི་མུན་པ་ལ་སོགས་པ་དང་བྲལ་ཏེ་རྒྱུ་དང་རྐྱེན་གྱི་དོན་གྱི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པ་ལས་ཞི་བ་ཆོས་ཀྱི་སྐུར་རྟོགས་སོ། །དེའི་ཕྱིར་སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་མཐོང་བ་དང༌། བསྒོམ་པའི་ལམ་གྱི་གོ་རིམས་ཞེས་བྱ་སྟེ། དེ་ལ་སྡུག་བསྔལ་གྱི་བདེན་པ་ལ་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བའི་ཤེས་པ་དང༌། བཟོད་པ་དང༌། གྲོལ་བ་དང༌། སྤོང་བ་དང༌། ཁྱད་པར་དང༌། བར་ཆད་མེད་པའི་ཤེས་པས་སྡུག་བསྔལ་དེ་མངོན་པར་རྟོགས་ནས་ཉོན་མོངས་པའི་ཀུན་གཞི་རྣམ་པར་ཤེས་བའི་བག་ཆགས་ཡང་དག་པར་བཅོམ་སྟེ། གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་ནས་ཁམས་གསུམ་པར་སྣང་བ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལས་བྱུང་བའི་སེམས་ཙམ་པ་འདི་ལ་སྒྱུ་མ་དང༌། སྨིག་རྒྱུ་དང༌། དྲི་ཟའི་གྲོང་ཁྱེར་དང༌། མགལ་མེའི་འཁོར་ལོ་དང༌། བྲག་ཅ་དང༌། ཆུ་ཟླ་དང༌། གཟུགས་བརྙན་བཞིན་དུ་རྣམ་པར་བསྒོམས་ན། ཕུང་པོ་ལ་སོགས་པ་


DTG113_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཁམས་དང༌། སྐྱེ་མཆེད་དུ་གཟུང་བ་དང༌། འཛིན་པ་དང་བྲལ་ནས་ཆོས་ལ་བདག་མེད་པ་མཉམ་པ་ཉིད་ལ་ཞུགས་ཏེ། རང་གི་སེམས་ཉིད་གཟོད་མ་ནས་མ་སྐྱེས་པའོ་ཞེས་སྟོང་པའི་ཡེ་ཤེས་ལ་ཞུགས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་ཡེ་ཤེས་ཀྱི་སྙིང་རྗེའི་རྩ་བ་ཅན་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུར་གྱུར་པ་ཐབས་སྣ་ཚོགས་དང༌། བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་བསགས་ནས་ཕ་རོལ་ཏུ་ཕྱིན་པ་བཅུའི་རྒྱུ་དག་གིས་ས་བཅུའི་རྟེན་ཅན་ཡེ་ཤེས་བཅུའི་དམིགས་པ་དབང་བཅུའི་འབྲས་བུ་ཅན་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པའི་འབྱུང་གནས་ཞི་བ་ཆོས་ཀྱི་སྐུ་རྟོགས་སོ། །དེ་བཞིན་དུ་ཀུན་འབྱུང་གི་བདེན་པ་ལ་ཀུན་འབྱུང་དང༌། རྒྱུ་དང༌། རབ་ཏུ་སྐྱེ་བ་དང༌། རྐྱེན་དུ་བར་ཆད་མེད་པ་དང༌། རྣམ་པར་གྲོལ་བ་དང༌། སྤོང་བ་དང༌། ཁྱད་པར་དང༌། མཐོང་བ་དང༌། བསྒོམ་པ་ལུགས་དང་མཐུན་པ་དང༌། ལུགས་དང་མི་མཐུན་པའི་རྣམ་པས་ཀུན་ནས་ཉོན་མོངས་པའི་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་ཀྱི་དྲི་མ་དང་བྲལ་ནས་ཞི་བ་ཆོས་ཀྱི་སྐུ་ལ་འཇུག་གོ །འགོག་པའི་བདེན་ང་ལ་ཡང་འགོག་པ་དང༌། ཞི་བ་དང༌། གྱ་ནོམ་པ་དང༌། ངེས་པར་འབྱུང་བ་བར་ཆད་མེད་པ་དང༌། རྣམ་པར་གྲོལ་བ་དང༌། སྤོང་བ་དང༌། ཁྱད་པར་དང༌། མཐོང་བ་དང༌། བསྒོམ་པའི་ལམ་གྱི་རིམ་གྱིས་ཀུན་ནས་ཉོན་མོངས་པའི་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་ཡང་དག་པར་བཅོམ་པས་བར་ཆད་མེད་པ་དང༌། སྤོང་བ་དང༌། རྣམ་པར་གྲོལ་བ་དང༌། ཁྱད་པར་བསྒོམས་པ་ལས་གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་ཏེ་ཞི་བའི་ཆོས་ཀྱི་སྐུ་འཐོབ་བོ། །རྒྱུ་དང་རྐྱེན་དང་བྲལ་བ་ལས་ལམ་གྱི་བདེན་པ་ལ་ཡང་ལམ་དང༌། རིག་པ་དང༌། སྒྲུབ་པ་དང༌། ངེས་པར་འབྱིན་པར་ཡང་དག་པར་མཐོང་ན་འདི་ལྟར་མཐོང་བ་དང༌། བསྒོམ་པ་དང༌། བར་ཆད་མེད་པ་དང༌། སྤོང་བ་དང༌། རྣམ་པར་གྲོལ་བ་དང༌། ཁྱད་པར་གྱི་ལམ་དང་མཐུན་པར་ཀུན་གཞི་རྣམ་པར་ཤེས་པ་ལ་ཡོད་པའི་བག་ཆགས་ཡང་དག་པར་བཅོམ་ནས། གང་ཟག་དང་ཆོས་ལ་བདག་མེད་པའི་མཉམ་པ་ཉིད་རྟོགས་པ་ལས་སྐུ་གསུམ་གྱི་རྟེན་ཞི་བ་ཆོས་ཀྱི་སྐུ་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་གཞལ་དུ་མེད་པའི་ཚོགས་ཅན་ཐོག་མ་དང༌། བར་དང༌། ཐ་མ་དང་བྲལ་བ་དོན་ཐམས་ཅད་རྒྱུན་མི་འཆད་པར་ལྷུན་གྱིས་གྲུབ་པར་མཛད་པའི་


DTG113_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་བླ་ན་མེད་པ་དང༌། ཐམས་ཅད་མཁྱེན་པ་ཉིད་ཐོབ་བོ། །ཡང་སྨྲས་པ། གང་གིས་དེ་ལྟར་དེ་ཉིད་བཟོད། །དེ་ནི་ལུང་བསྟན་ཐེ་ཚོམ་མེད། །གང་གིས་དེ་ལྟར་བཤད་མ་ཐག་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཟག་དང་ཆོས་ལ་བདག་མེད་པའི་དེ་ཉིད་བཟོད་ཅིང་འདོད་པ་དེ་ནི་གང་ཟག་དང་ཆོས་ལ་བདག་མེད་པར་བཟོད་པ་དང་ལྡན་པའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དང་འདྲ་བར་བལྟ་བར་བྱ་ཞིང་ཤེས་པར་བྱ་བའི་ཐ་ཚིག་གོ །དེ་ཉིད་ཀྱི་ཕྱིར་མདོ་ལས། བཙུན་པ་ཤཱ་རིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཆོས་ལ་བཟོད་པ་འདི་ལྟ་བུ་དང་ལྡན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ་ཞེས་གསུངས་སོ། །དེ་སྐད་བྱམས་བདག་བདག་ཉིད་ཀྱིས། །ཤཱ་རིའི་བུ་ལ་སྨྲས་པ་དང༌། །དེ་སྐད་དུ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་དྲིས་པ་དང༌། བྱང་ཆུབ་སེམས་དཔའ་བྱམས་པས་ཀྱང༌། སཱ་ལུ་ལྗང་པ་དཔེར་མཛད་པའི་མདོ་འདི་རྒྱ་ཆེར་རྣམ་པར་ཕྱེ་ནས་བཤད་པ་དང༌། བྱང་ཆུབ་སེམས་དཔའ་བྱམས་པས་བཤད་པ། སཱ་ལུ་ལྗང་པ་དཔེར་མཛད་པ། །དེ་ནི་ཤཱ་རིའི་བུས་ཐོས་ནས། །ཞེས་བྱ་བ་ནི་སཱ་ལུ་ལྗང་པ་དཔར་མཛད་པའོ། །སྙིང་པོ་བླངས་ཏེ་ལྷ་ཚོགས་ཀྱིས། །ཞེས་བྱ་བ་ལ། སྙིང་པོ་བླངས་ཏེ་ཞེས་བྱ་བ་ནི། ཆོས་ཀྱི་དོན་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་སྙིང་པོ་བཟུང་བའོ། །ལྷ་ཚོགས་ཀྱིས་ཞེས་བྱ་བ་ནི། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་ལ་སོགས་པ་དང་བཅས་པའོ། །རྗེས་སུ་ཡི་རངས་ཞེས་བྱ་བ་ནི་རྗེས་སུ་ཡི་རངས་ཏེའོ། །མངོན་བསྟོད་ནས་ཞེས་བྱ་བ་ནི། ཁྱོད་ཀྱིས་ཇི་སྐད་བཤད་པ་དེ་ཁོ་ན་ལྟར་ཡིན་གྱི། གཞན་དུ་མ་ཡིན་ནོ་ཞེས་ངེས་པར་བཟུང་ཞིང་ངེས་པར་བསྐྱེད་ནས་སོ། །ལངས་ཏེ་སོང་ནས་དགའ་སེམས་ཀྱིས། །དགེ་སློང་རྣམས་ལ་བཤད་པ་ཡིན། །དེ་ཉིད་ཀྱི་ཕྱིར་མདོ་ལས། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་བྱམས་པས་བཤད་པ་ལ་མངོན་པར་དགའ་ནས། སྟན་ལས་ལངས་ཏེ་སོང་ངོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་དེ་སྐད་ཅེས་སྨྲས་པ་ནི། བྱང་ཆུབ་སེམས་དཔའ་བྱམས་པ་དེ་སྐད་ཅེས་ཤཱ་རིའི་བུ་ལ་


DTG113_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པའོ། །ཡི་རངས་པ་ནི་ཤཱ་རིའི་བུས་དེ་ཐོས་ནས་ཡིད་དགའ་སྟེ། སེམས་མགུ་ཞེས་བྱ་བའི་ཐ་ཚིག་གོ །སོང་ནས་དགེ་སློང་རྣམས་ལ་མདོ་སྡེ་ཟབ་ཅིང་རྒྱ་ཆེ་བ་རྨད་དུ་བྱུང་བ་ཇི་ལྟར་ཐོས་པ་བཞིན་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བཤད་པ་ཡིན་ནོ། །སཱ་ལུ་ལྗང་པའི་མདོ་སྡེ་ཡི། །རྒྱ་ཆེར་བཤད་པ་རབ་བཟང་པོ། །དམན་བློས་རབ་ཏུ་རྟོགས་བྱའི་ཕྱིར། །བརྒྱ་ཕྲག་བཅུ་གཉིས་ཁོ་ནར་བྱས། །སཱ་ལུ་ལྗང་པའི་རྒྱ་ཆེར་བཤད་པ། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་པྲ་བྷཱ་དང༌། ལོ་ཙཱ་བ་བནྡེ་ལེགས་པའི་བློ་གྲོས་དང༌། ཛྙཱ་ན་ཀུ་མཱ་རས་བསྒྱུར། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་ཞུས་ནས་གཏན་ལ་ཕབ་པ།།

སངས་རྒྱས་རྗེས་སུ་དྲན་པའི་རྒྱ་ཆེར་འགྲེལ་པ།
དབྱིག་གཉེན།


DTG113_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བུདྡྷ་ཨནུ་སྨྲྀ་ཏི་ཊཱི་ཀཱ། བོད་སྐད་དུ། སངས་རྒྱས་རྗེས་སུ་དྲན་པའི་རྒྱ་ཆེར་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྗེས་སུ་དྲན་པ་བསྟན་པ། དང་པོ་ནི་དེ་བཞིན་གཤེགས་པའི་ཡོན་ཏན་ཆེ་བའི་བདག་ཉིད་ཀྱི་སྒོ་ནས་རབ་ཏུ་དང་བ་ཡང་དག་པར་བསྐྱེད་པར་བྱ་བའི་ཆེད་ཡིན་པའི་ཕྱིར་ཐུན་མང་བ་ཡིན་ནོ། །གཉིས་པ་ནི་གཏན་དུ་སེམས་ཅན་གྱི་དོན་བྱ་བ་སྒྲུབ་པའི་ཐབས་ཉེ་བར་སྟོན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཁོ་ནའི་ཐུན་མོང་མ་ཡིན་པ་ཡིན་ནོ། །རེ་ཞིག་ཇི་ལྟར་ན་དང་པོས་དེ་བཞིན་གཤེགས་པའི་ཡོན་ཏན་ཆེ་བའི་བདག་ཉིད་ཀྱི་སྒོ་ནས་རབ་ཏུ་དང་བ་མངོན་པར་བརྗོད་པ་ཡིན་ཞེན། གོ་རིམས་བཞིན་དུ་ཚིག་དགུས་བགེགས་བཅོམ་པ་དང༌། སྟོན་པ་ཉིད་ཕུན་སུམ་ཚོགས་པ་གསུང་བ་ཉིད་དང༌། སྒྲུབ་པ་ཉིད་ཀྱི་མཚན་ཉིད་དང༌། རྒྱུ་གང་ཡིན་པ་དང༌། ཇི་ལྟར་གཤེགས་པ་དང༌། སེམས་ཅན་སྐལ་བ་དང་ལྡན་པ་དང༌། མི་ལྡན་པ་ལ་གཟིགས་པ་དང༌། སྐལ་བ་དང་ལྡན་པ་འདུལ་བར་མཛད་པ་དང༌། སྟོན་པ་ཉིད་དེ་གང་དག་ལ་གནས་པ་དང༌། གང་དག་གི་དོན་ཡིན་པ་མངོན་པར་བརྗོད་པའི་སྒོ་ནས་ཡོན་ཏན་ཆེ་བའི་བདག་ཉིད་མངོན་པར་བརྗོད་པ་ཡིན་ཏེ། དེ་ལ་བཅོམ་ལྡན་འདས་ཞེས་བྱ་བ་འདིས་ནི་ངེས་པའི་ཚིག་གི་ཚུལ་གྱིས་ན་བཅོམ་པ་དང་ལྡན་པ་ནི། བཅོམ་ལྡན་འདས་ཞེས་བྱ་བའི་ཕྱིར་བགེགས་བཅོམ་པ་སྟོན་ཏོ། །འདིར་སྟོན་པ་ཉིད་ཕུན་སུམ་


DTG113_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པའི་བགེགས་གང་ཞེ་ན། ལྷའི་བུའི་བདུད་ཡིན་ཏེ། དེ་བཅོམ་པས་དང་པོ་ཉིད་དུ་སྟོན་པ་ཕུན་སུམ་ཚོགས་པ་བརྙེས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་དགྲ་ཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བའི་ཚིག་འདི་དག་གིས་ནི་སྟོན་པ་ཉིད་ཕུན་སུམ་ཚོགས་པ་སྟོན་ཏོ། །སྟོན་པ་ཉིད་ཕུན་སུམ་ཚོགས་པ་དེ་ཡང་རྣམ་པ་གཉིས་ཏེ། གསུང་བ་ཉིད་ཀྱི་རྒྱུ་མཚན་ཉིད་དང༌། སྒྲུབ་པ་ཉིད་ཀྱི་མཚན་ཉིད་དོ། །གསུང་བ་ཉིད་ཕུན་སུམ་ཚོགས་པ་ནི། གང་གིས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་བརྗོད་པ་ཆོས་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པ་ཉིད་དེ། ཆོས་དེ་ཁོ་ན་བཞིན་དུ་ཕྱིན་ཅི་མ་ལོག་པར་གསུངས་པའི་ཕྱིར་རོ། །སྒྲུབ་པ་ཉིད་ནི་སྤངས་པ་ཕུན་སུམ་ཚོགས་པ་དང༌། ཡེ་ཤེས་ཕུན་སུམ་ཚོགས་པ་སྟེ། སྤངས་པ་ཕུན་སུམ་ཚོགས་པ་ནི་དགྲ་བཅོམ་པ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་དགྲ་བཅོམ་པ་ཞེས་བྱ་སྟེ། ཉོན་མོངས་པ་རྣམས་ནི་དགེ་བའི་ཆོས་ཐམས་ཅད་ལ་གནོད་པར་བྱེད་པའི་དོན་གྱིས་ན་དགྲ་དག་ཡིན་ནོ། །ཡེ་ཤེས་ཕུན་སུམ་ཚོགས་པས་ནི། ཆོས་རྣམས་ཡང་དག་པར་ཕྱིན་ཅི་མ་ལོག་པར་ཀུན་ནས་སངས་རྒྱས་པའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་སྟེ། ཆོས་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པ་ཉིད་དང། ཉོན་མོངས་པ་ཐམས་ཅད་སྤངས་པ་དང༌། ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་དེ་ཙམ་གྱིས་ནི་སྟོན་པ་ཉིད་ཕུན་སུམ་ཚོགས་པ་ཡོངས་སུ་རྫོགས་པ་ཡིན་ནོ། །གསུམ་པོ་དེ་ཡང་བཅོམ་ལྡན་འདས་ཁོ་ན་ལ་དམིགས་པས་དེའི་ཕྱིར་བཅོམ་ལྡན་འདས་ཁོ་ནས་སྟོན་པ་ཉིད་ཕུན་སུམ་ཚོགས་པ་རྣམ་པ་ཐམས་ཅད་བརྙེས་པ་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་འདིས་ནི་སྟོན་པ་ཉིད་ཕུན་སུམ་ཚོགས་བདེ་ཐོབ་པའི་རྒྱུ་སྟོན་ཏོ། །རིག་པ་དང་ཞབས་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དེ། མི་མཐོང་བའམ་རྐང་པ་མེད་པར་འགྲོ་མི་ནུས་པས་ཡང་དག་པའི་ལྟ་བ་ནི་རིག་པ་ཡིན་ནོ། །ཡན་ལག་ལྷག་མ་རྣམས་ནི་ཞབས་ཡིན་ནོ། །ཡང་ན་རིག་པ་དང་ཞབས་ནི་བསླབ་པ་གསུམ་སྟེ། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ནི་རིག་པ་ཡིན་ནོ། །ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་སེམས་ཀྱི་བསླབ་པ་དག་ནི་ལྷག་པའི་ཤེས་རབ་ཀྱི་སྔོན་རོལ་དུ་སྦྱང་བར་བྱ་བའི་ཕྱིར་ཞབས་ཡིན་ཏེ། སྔར་


DTG113_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་པ་ནི་ཞབས་ཞེས་བྱ་བའི་ཕྱིར་རོ། །རིག་པ་སྔར་སྨོས་པ་ནི་དེ་ཡོངས་སུ་དག་པས་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ཡོངས་སུ་དག་པར་འགྱུར་བའི་ཕྱིར་ཏེ། ཤེས་རབ་དེས་མིག་བཞིན་དུ་མཐོང་ཞིང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དག་གིས་རྐང་པ་བཞིན་དུ་འགྲོ་བ་ནི་བགྲོད་པར་བྱ་བར་ཕྱིན་པར་འགྱུར་བས་དེའི་ཕྱིར་རིག་པ་དང་ཞབས་ཞེས་བྱ་བའི་སྒྲ་ནི་བསླབ་པ་གསུམ་ཡིན་པར་སྟོན་ཏོ། །ཡང་ན་དེ་ལ་རིག་པ་ཞེས་སྨོས་པས་ནི་རིག་པ་གསུམ་བཟུང་ལ། ཞབས་ཞེས་སྨོས་པས་ནི་དེའི་སྔོན་རོལ་དུ་སྤྱད་པ་ཡིན་པའི་ཕྱིར་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང༌། སྤྱོད་པ་ཕུན་སུམ་ཚོགས་པ་དང༌། བཟློག་པ་ཕུན་སུམ་ཚོགས་པ་དང༌། ཚེ་འདི་ལ་བདེ་བར་གནས་པ་ལྷག་པའི་སེམས་བཞི་བཟུང་ངོ༌། །རིག་པ་གསུམ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པ་མངོན་སུམ་དུ་མཛད་པའི་མངོན་པར་ཤེས་པ་དང༌། འཆི་འཕོ་དང་སྐྱེ་བ་མཁྱེན་པ་མངོན་སུམ་དུ་མཛད་པའི་མངོན་པར་ཤེས་པ་དང༌། ཟག་པ་ཟད་པ་མཁྱེན་པ་མངོན་སུམ་དུ་མཛད་པའི་མངོན་པར་ཤེས་པ་སྟེ། འདི་ལྟར་བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ཏེ། ནམ་གྱི་ཐུན་དང་པོ་དང༌། དང་འོག་ལ་སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། འཆི་འཕོ་དང་སྐྱེ་བ་མཁྱེན་པས་སེམས་ཅན་སྔོན་གྱི་མཐར་གཏོགས་པ་རྣམས་དང༌། ཕྱི་མའི་མཐར་གཏོགས་པ་རྣམས་ཀྱི་སྔོན་གྱི་གནས་དང༌། འཆི་འཕོ་དང་སྐྱེ་བ་གཟིགས་ནས་ཐུན་གསུམ་པ་ལ་ཟག་པ་ཟད་པ་མཁྱེན་པས་སྤང་བར་བྱ་བ་གང་ཡིན་པ་དང༌། ཐོབ་པར་བྱ་བ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བ་གང་ཡིན་པ་དེ་ཐམས་ཅད་སྤངས་པ་མངོན་སུམ་དུ་བྱས་མངོན་པར་རྫོགས་པར་བྱང་ཆུབ་ནས་ཐམས་ཅད་མཁྱེན་པ་ཉིད་བརྙེས་སོ། །རིག་པ་དེ་དག་གི་སྔོན་རོལ་དུ་སྤྱད་པར་བྱ་བ་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ནི་རྣམ་པ་དྲུག་སྟེ། ཚུལ་ཁྲིམས་དང་ལྡན་པ་དང༌། སོ་སོར་ཐར་པའི་སྡོམ་པ་ལ་གནས་པ་དང༌། ཆོ་ག་ཕུན་སུམ་ཚོགས་པ་དང༌། སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང༌། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པ་དང༌། བསླབ་པའི་གཞི་ཡང་དག་པར་བླངས་ནས་སློབ་པ་སྟེ། དེ་དག་གིས་ནི་ཚུལ་ཁྲིམས་ཡོངས་སུ་དག་པ་ཡིན་ནོ། །དེ་ལྟར་ཚུལ་ཁྲིམས་ཡོངས་སུ་དག་ནས་ཏིང་ངེ་འཛིན་ཡོངས་སུ་དག་པར་བྱ་བའི་ཕྱིར་སྤྱོད་པ་


DTG113_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས་པ་ལ་སྤྱོད་དེ། དེ་ལ་སྤྱོད་པ་ཕུན་སུམ་ཚོགས་པ་ནི། སྤྱོད་ལམ་ཐམས་ཅད་དུ་ཤེས་བཞིན་དུ་གནས་པའོ། །བཟློག་པ་ཕུན་སུམ་ཚོགས་པ་ནི་མིག་ལ་སོགས་པས་ཤེས་པར་བྱ་བ་ལ་མཚན་མ་དང་མངོན་རྟགས་སུ་མི་འཛིན་པའི་ཕྱིར་དབང་པོའི་སྒོ་བསྡམ་པ་ཡིན་ནོ།། དེ་ལྟར་ཚུལ་ཁྲིམས་ཡོངས་སུ་དག་པ་ཤེས་བཞིན་དུ་གནས་པ་དང༌། དབང་པོ་རྣམས་ཀྱི་སྒོ་བསྡམས་པར་གྱུར་ནས་ཏིང་ངེ་འཛིན་སྒྲུབ་པར་བྱེད་དེ། ཏིང་ངེ་འཛིན་ནི་ཚེ་འདི་ལ་བདེ་བར་གནས་པ་ལྷག་པའི་སེམས་བཞི་ཡིན་ནོ། །དེ་དག་ལས་ཀྱང་བསམ་གཏན་བཞི་པ་སྟེ། བསམ་གཏན་བཞི་པ་ལས་སུ་རུང་བར་བྱ་བའི་ཕྱིར་ཏིང་ངེ་འཛིན་ཡོངས་སུ་སྒྲུབ་བོ། །དེ་ལྟར་ཏིང་ངེ་འཛིན་ཡོངས་སུ་དག་པ་ནི་མངོན་པར་ཤེས་པ་མངོན་པར་སྒྲུབ་པར་བྱེད་དེ། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང༌། ལྷའི་རྣ་བའི་མངོན་པར་ཤེས་པ་དང༌། ཕ་རོལ་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་དང༌། སྔར་བཤད་པའི་རིག་པ་གསུམ་སྒྲུབ་པར་བྱེད་དེ། དེ་ལྟ་བས་ན་རིག་པ་དེ་དག་དང་ཞབས་དེ་དག་དང་ལྡན་པས་བཅོམ་ལྡན་འདས་ཀྱིས་སྟོན་པ་ཉིད་ཕུན་སུམ་ཚོགས་པ་བརྙེས་པའི་ཕྱིར་རིག་པ་དང་ཞབས་སུ་ལྡན་པ་ནི་སྟོན་པ་ཉིད་ཕུན་སུམ་ཚོགས་པ་འཐོབ་པའི་རྒྱུར་བསྟན་པ་ཡིན་ནོ། །བདེ་བར་གཤེགས་པ་ཞེས་བྱ་བ་འདིས་ནི་ཇི་ལྟར་གཤེགས་པར་བྱ་བ་བཞིན་དུ་གཤེགས་པ་དེ་སྟོན་པར་བྱེད་དོ། །ལེགས་པར་གཤེགས་པ་ནི་བདེ་བར་གཤེགས་པ་སྟེ། ཡང་ཕྱིར་མི་ལྡོག་པའི་དོན་གྱིས་རིམས་ནད་ལེགས་པར་བྱང་བ་བཞིན་ནོ། །མ་ལུས་པར་རྫོགས་པ་ནི་བདེ་བར་གཤེགས་པ་སྟེ། ཤེས་བྱ་མ་ལུས་པར་རྟོགས་པའི་དོན་གྱིས་ན་བུམ་པ་ལེགས་པར་གང་བ་བཞིན་ནོ། །དོན་འདི་གཉིས་ནི་ཕྱི་རོལ་པ་དང་ཉན་ཐོས་དག་ལས་ཁྱད་པར་དུ་བྱ་བའི་དོན་ཏེ། ཕྱི་རོལ་པ་རྣམས་ནི་ཡང་ཕྱིར་ལྡོག་པའི་ཕྱིར་ལེགས་པར་གཤེགས་པ་མ་ཡིན་ནོ། །ཉན་ཐོས་ལ་སོགས་པ་ནི་ཡང་སོ་སོའི་སྐྱེ་བོར་འགྱུར་བའི་སྐལ་བ་ཅན་མ་ཡིན་པའི་ཕྱིར་ལེགས་པར་གཤེགས་པ་ནི་ཡིན་མོད་ཀྱི། ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་ཐོགས་པའི་ཕྱིར་མ་ལུས་པར་རྟོགས་པ་ནི་མ་ཡིན་ནོ། །བཅོམ་ལྡན་འདས་ནི་ལེགས་པར་གཤེགས་པའི་ཕྱིར་དང༌། རྟོགས་པར་བྱ་བ་མ་ལུས་པར་རྟོགས་པའི་ཕྱིར་བདེ་བར་གཤེགས་པ་ཞེས་བྱའོ། །དེ་ལྟར་རིག་པ་དང་


DTG113_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་སུ་ལྡན་པས་སྟོན་པ་ཕུན་སུམ་ཚོགས་པ་དེ་མ་ལུས་པར་བརྙེས་པའི་བཅོམ་ལྡན་འདས་ཀྱི་སྟོན་པ་ཉིད་ཀྱི་ཕྲིན་ལས་དེ་ནི་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ཞེས་བྱ་བའི་ཚིག་འདི་གཉིས་ཀྱིས་སྟོན་ཏོ། །སྟོན་པ་ཉིད་ཀྱི་ཕྲིན་ལས་དེ་ཡང་རྣམ་པ་གཉིས་ཏེ། འཇིག་རྟེན་སྐལ་བ་དང་ལྡན་པ་དང༌། སྐལ་བ་དང་མི་ལྡན་པ་ལ་གཟིགས་པ་དང༌། སྐལ་བ་དང་ལྡན་པ་འདུལ་བར་མཛད་པའོ། །དེ་ལ་འཇིག་རྟེན་མཁྱེན་པ་ཞེས་བྱ་བ་འདིས་ནི་འཇིག་རྟེན་སྐལ་བ་དང་ལྡན་པ་དང་མི་ལྡན་པ་ལ་གཟིགས་ཏེ། འཇིག་རྟེན་རིག་པ་ན་འཇིག་རྟེན་མཁྱེན་པ་ཡིན་ནོ། །འདི་ནི་འཇིག་རྟེན་སྐལ་བ་དང་ལྡན་པ་དང་མི་ལྡན་པ་མཁྱེན་པའི་ཕྱིར་འཇིག་རྟེན་མཁྱེན་པ་ཞེས་བྱ་སྟེ། འདི་ལྟར་བཅོམ་ལྡན་འདས་ནི་སངས་རྒྱས་ཀྱི་སྤྱན་གྱིས་ཉིན་ལན་གསུམ་མཚན་ལན་གསུམ་དུ་སུ་ནི་ཉམས། སུ་ནི་འཕེལ། སུ་ནི་ཉམ་ང་བར་གྱུར། སུ་ནི་ངན་སོང་ལ་གཞོལ། སུ་ནི་ངན་སོང་ལ་འབབ། བདག་གིས་གང་ནི་ངན་སོང་ལས་དྲངས་ནས་མཐོ་རིས་དང་ཐར་པ་ལ་དགོད་པར་བྱ། གང་གི་དགེ་བའི་རྩ་བ་མ་སྐྱེད་པ་རྣམས་ནི་ཡོངས་སུ་སྨིན་པར་བྱ། གང་གི་ཡོངས་སུ་སྨིན་པ་རྣམས་ནི་ཐར་བར་བྱ་ཞེས་འཇིག་རྟེན་ལ་རྣམ་པར་གཟིགས་པར་མཛད་དོ། །སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་ཞེས་བྱ་བ་འདིས་ནི་སྐལ་པ་དང་ལྡན་པ་འདུལ་བར་མཛད་པ་སྟོན་ཏེ། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་སྐལ་བ་དང་ལྡན་པ་དང༌། སྐལ་བ་དང་མི་ལྡན་པ་ལ་གཟིགས་ནས་སྐྱེས་བུ་གང་དག་འདུལ་བར་འོས་པ་འདུལ་བར་སྤྱོད་པ་དེ་དག་ནི་སྐལ་བ་དང་ལྡན་པ་སྟེ། དེ་དག་འདུལ་བར་མཛད་དོ། །ཁ་ལོ་སྒྱུར་བའི་ངོ་བོར་གྱུར་པའི་ཕྱིར་འདུལ་བའི་ཁ་ལོ་ནི་སྒྱུར་བའི་ངོ་བོ་ཡིན་ནོ། །བླ་ན་མེད་པ་ཞེས་སྨོས་པ་ནི་ཁ་ལོ་སྒྱུར་བའི་ངོ་བོ་ཁྱད་པར་དུ་བྱ་བའི་ཕྱིར་ཏེ་དགའ་བོ་དང༌། སོར་མོའི་ཕྲེང་བ་དང༌། ལྟེང་རྒྱས་འོད་སྲུངས་ལ་སོགས་པ་འདུལ་བར་མཛད་པའི་སྐྱེས་བུ་ཁ་ཅིག་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཤས་ཆེ་བ་གདུལ་དཀའ་བ་རྣམས་ཀྱང་འདུལ་བའི་ཕྱིར་དང༌། ཐབས་སླ་བ་མཆོག་ཏུ་ཁ་ན་མ་ཐོ་བ་མེད་པས་འདོད་པ་བསོད་ནམས་དང་དུབ་པ་དང་ལྡན་པའི་མཐའ་སྤངས་ནས་དབུ་མའི་ལམ་གྱིས་འདུལ་བའི་ཕྱིར་དང༌། དོན་གྱི་མཆོག་མྱ་ངན་ལས་འདས་པ་ལ་འདུལ་བའི་ཕྱིར་དང༌། གཏན་


DTG113_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་ལྡོག་པར་འདུལ་བའི་ཕྱིར་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ཞེས་བྱ་བ་སྟེ། སྐལ་བ་དང་ལྡན་པ་རྣམས་འདུལ་བའི་ཕྱིར་བཅོམ་ལྡན་འདས་ནི་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་ཞེས་བྱའོ། །འོ་ན་སྐལ་བ་མེད་པ་དེ་དག་ཇི་ལྟར་སྒྲུབ་པར་མཛད་ཅེ་ན། དེ་དག་ལ་ཡང་དབུལ་བ་དང༌། ངན་འགྲོའི་སྡུག་བསྔལ་ལས་ཡོངས་སུ་སྐྱོབ་པས་ལོངས་སྤྱོད་དང༌། བདེ་འགྲོ་ལ་སོགས་པ་ལ་འགོད་པར་མཛད་དོ། །སྐལ་བ་དང་མི་ལྡན་པ་ནི་རིགས་མེད་པ་ལ་ཕྱའོ། །སྐལ་བ་དང་ལྡན་པ་ནི་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ལ་རིགས་ཇི་ལྟ་བ་བཞིན་དུ་འགོད་པར་མཛད་དོ། །མ་ངེས་པའི་རིགས་ཅན་ནི་རྐྱེན་གྱི་སྟོབས་ཀྱིས་རབ་ཏུ་གྲོལ་བ་ལས་ཉམས་པ་ལས་བཟློག་སྟེ་གྱ་ནོམ་པ་ལ་འགོད་པར་མཛད་པས་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ཞེས་བྱའོ། །ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བ་འདིས་ནི་སྟོན་པ་ཉིད་ཀྱི་ཕྲིན་ལས་དེ་གང་དག་ལ་གནས་པ་དེ་སྟོན་ཏེ། བཅོམ་ལྡན་འདས་སེམས་ཅན་རྣམས་ལ་མཐོ་རིས་དང༌། བྱང་གྲོལ་སྟོན་པའི་ཕྱིར་བྱེ་བྲག་མེད་པར་སྟོན་པ་ཡིན་མོད་ཀྱི། འདིས་ནི་གང་ལ་བདེན་པར་མཐོང་བ་དང༌། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་པ་དམིགས་པ་དེ་དག་གི་སྐབས་ཡིན་ནོ། །དོན་ཇི་ལྟ་བ་བཞིན་རྗེས་སུ་སྟོན་པ་ནི་འདིར་སྟོན་པ་ཉིད་ཀྱི་ཕྲིན་ལས་ཡིན་པར་དགོངས་ལ། དེའི་སྣོད་ནི་ལྷ་དང་མི་དག་ཡིན་པས་དེའི་ཕྱིར་ལྷ་དང་མི་དག་གི་སྟོན་པ་ཞེས་བྱའོ། །ཇི་སྐད་དུ་བཤད་པའི་ཚིག་དགུས་བརྗོད་པར་འདོད་པ་ཡོན་ཏན་ཆེ་བའི་བདག་ཉིད་མཐའ་དག་མངོན་པར་བརྗོད་ཟིན་ནས་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་འདི་གཉིས་ཡང་ཅིའི་ཕྱིར་སྨོས་ཤེ་ན། གང་ལ་ཡོན་ཏན་ཆེ་བའི་བདག་ཉིད་འདི་ཡོད་པ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ་ཞེས་བྱ་བར་བསྟན་པའི་ཕྱིར་རོ། །ཡང་ན་བཅོམ་ལྡན་འདས་ཞེས་བྱ་བའི་སྒྲ་ནི་གྲགས་པའི་རྣམ་གྲངས་སུ་བརྗོད་པར་བྱ་བ་ཡིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་གྲགས་པ་དང་ལྡན་པ་སྟེ། རྣམ་པར་གྲགས་པ་ཞེས་བྱ་བའི་སྒྲའི་དོན་ཡིན་ནོ། །དེ་ལྟ་བས་ན་འདི་ལྟར་བཅོམ་ལྡན་འདས་དེ་ནི་སངས་རྒྱས་ཞེས་བྱ་བར་རྣམ་པར་གྲགས་སོ་ཞེས་བྱ་བའི་ཐ་ཚིག་གོ །འདི་ལྟར་དེ་ནི་དེ་བཞིན་གཤེགས་པ་ཞེས་བྱ་བ་དང༌། འདི་ལྟར་དེ་ནི་དགྲ་བཅོམ་པ་ཞེས་བྱ་བ་དང༌། འདི་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་རེ་རེ་


DTG113_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་སྦྱར་བར་བྱའོ། །འདི་ལ་དངོས་པོ་མཐའ་དག་རྟོགས་པའི་བློ་ཡོད་པས་ན་སངས་རྒྱས་ཞེས་བྱའོ། །དེ་བཞིན་གཤེགས་པ་དེ་ནི་བསོད་ནམས་དག་གི་རྒྱུ་མཐུན་པ། དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ་ཞེས་བྱ་བ་ལ་སོགས་པ་སངས་རྒྱས་རྗེས་སུ་དྲན་པ་བསྟན་པ་འདི་ལ་ནི་བཅོམ་ལྡན་འདས་དེ་སེམས་ཅན་གྱི་དོན་རྒྱུ་གང་གིས་གཏན་དུ་དང༌། སྐུ་གང་ཡིན་པ་དང༌། གང་ལ་བརྟེན་པ་དང༌། བྱ་བ་གང་ཡིན་པ་དང༌། ཐབས་གང་ཡིན་པ་དང༌། གང་ན་གནས་ཤིང་དེ་ལ་མ་ཆགས་པར་དོན་མཛད་པ་དང༌། དངོས་པོ་གང་ལ་ཆགས་པ་དང༌། སྤང་བ་གང་ཡིན་པ་དང༌། ཡེ་ཤེས་གང་ཡིན་པ་དང༌། སྐུ་གང་དག་ལ་བཞུགས་ནས་གཏན་དུ་སེམས་ཅན་གྱི་དོན་མཛད་པའི་དོན་དེ་དག་གི་གོ་རིམས་བཞིན་དུ་ཚིག་གཉིས་དང༌། དྲུག་དང༌། གསུམ་དང༌། བཞི་དང༌། ཡང་དྲུག་དང༌། གསུམ་དང༌། གསུམ་དང༌། བཞི་དང༌། བཞིས་བསྟན་ཏོ། །དེ་ལ་དེ་བཞིན་གཤེགས་པ་དེ་ནི་བསོད་ནམས་དག་གི་རྒྱུ་མཐུན་པ། དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ་ཞེས་བྱ་བ་འདི་གཉིས་ཀྱིས་ནི་རྒྱུ་གང་གིས་རྟག་ཏུ་སེམས་ཅན་གྱི་དོན་མཛད་པ་སྟོན་ཏེ། རྒྱུ་གཉིས་ལས་གཞན་དག་གིས་གཏན་དུ་སེམས་ཅན་གྱི་དོན་བྱེད་མི་ནུས་སོ། །སོ་སོའི་སྐྱེ་བོ་དག་གིས་བསོད་ནམས་དག་གི་རྣམ་པར་སྨིན་པ་ཕྱུང་ནས་ཡོངས་སུ་ཟད་པར་འགྱུར་བའི་ཕྱིར་རོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་དགེ་བའི་རྩ་བ་དག་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཟད་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་གཤེགས་པའི་བསོད་ནམས་དག་ནི་རྣམ་པར་སྨིན་པ་ཕྱུང་ནས་ཡོངས་སུ་ཟད་པ་མེད་དེ། གང་གི་ཕྱིར་དེ་བཞིན་གཤེགས་པ་དེ་བསོད་ནམས་དག་གི་རྒྱུ་མཐུན་པའི་ཕྱིར་རོ། །འདི་ལྟར་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་ན་སེམས་ཅན་ཐམས་ཅད་ལ་གཟིགས་ལ་རྣམ་པར་སྨིན་པ་ལ་མི་གཟིགས་ཤིང་སྦྱིན་པ་ལ་སོགས་པ་བསོད་ནམས་ཐམས་ཅད་རྒྱུ་མཐུན་པའི་འབྲས་བུ་འབྱུང་བར་བྱ་བའི་ཆེད་དུ་སྦྱིན་པ་ཡང་ཁྱད་པར་དུ་འགྱུར་ཞིང་སྦྱིན་པ་མི་ཟད་པར་གྱུར་ཅིག་ཅེས་སྦྱིན་པ་ཡོངས་སུ་བསྔོ་བ་མཛད་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས་པའི་ཆེད་དུ་ནི་བསྔོ་བར་མི་མཛད་ལ། དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་ཁྱད་པར་དུ་འགྱུར་ཞིང་ཚུལ་ཁྲིམས་ལ་སོགས་པ་མི་ཟད་པར་གྱུར་ཅིག་ཅེས་བསྔོ་བ་མཛད་ཀྱི། བདེ་འགྲོ་ལུས་ཕུན་སུམ་ཚོགས་པ་ལ་


DTG113_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ཆེད་དུ་ནི་བསྔོ་བར་མི་མཛད་དོ། །དེ་ལྟར་སྦྱིན་པ་ལ་སོགས་པའི་བསོད་ནམས་ཡོངས་སུ་བསྔོས་པ་རྣམས་རྒྱུ་མཐུན་པར་གྱུར་པས་དེ་བཞིན་གཤེགས་པ་དེ་བསོད་ནམས་མི་ཟད་པ་ཡིན་ཏེ། དེས་ནི་གཏན་དུ་སེམས་ཅན་གྱི་དོན་མཛད་པར་སྤྱོད་དོ། །དེ་བཞིན་གཤེགས་པའི་དག་བའི་རྩ་བ་ཐམས་ཅད་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡང་ཟད་པ་མེད་པས་དེའི་ཕྱིར་དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ནི་རྟག་པ་ཞེས་བྱ་སྟེ། ཉེ་བར་འདུས་བྱས་པའི་སྐུ་སྔོན་འཕགས་པའི་ཤུགས་ཀྱིས་རྩོལ་བ་མེད་པར་ཡིད་བཞིན་གྱི་ནོར་བུ་བཞིན་དུ་འཁོར་བ་ཇི་སྲིད་པར་འཇུག་པའི་ཕྱིར་རོ། །དེ་ལྟར་ན་དེ་བཞིན་གཤེགས་པ་དེ་ནི་སེམས་ཅན་གྱི་དོན་གྱི་འབྲས་བུ་ཅན་གྱི་དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ་ཞེས་བྱའོ། །བཟོད་པས་བརྒྱན་པ། བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི། དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ། མཚན་གྱི་མེ་ཏོག་རྒྱས་པ། སྤྱོད་ཡུལ་རན་པར་མཐུན་པ། མཐོང་ན་མི་མཐུན་པ་མེད་པ་ཞེས་བྱ་བའི་ཚིག་འདི་དྲུག་གིས་ནི་བཅོམ་ལྡན་འདས་དེ་སྐུ་གང་གིས་སེམས་ཅན་གྱི་དོན་གང་མཛད་པའི་སྐུ་དེ་སྟོན་ཏེ། སྐུ་དེ་ནི་གཟུགས་ཀྱི་སྐུ་ཡིན་ནོ། །གཟུགས་ཀྱི་སྐུ་དེའི་ཕུན་སུམ་ཚོགས་པ་ལ་ཡང་རྣམ་པ་ལྔས་སྟོན་ཏེ། རྩ་བའི་རྒྱུ་ཕུན་སུམ་ཚོགས་པ་དང༌། རབ་ཏུ་དབྱེ་བའི་རྒྱུ་ཕུན་སུམ་ཚོགས་པ་དང༌། ངོ་བོ་ཉིད་ཕུན་སུམ་ཚོགས་པ་དང༌། གནས་སྐབས་ཕུན་སུམ་ཚོགས་པ་དང༌། མཛད་པ་ཕུན་སུམ་ཚོགས་པའོ། །དེ་ལ་བཟོད་པས་བརྒྱན་པ་ཞེས་བྱ་བ་འདིས་ནི་རྩ་བའི་རྒྱུ་ཕུན་སུམ་ཚོགས་པ་སྟོན་ཏོ། །བཟོད་པ་ནི་མཛེས་པའི་རྒྱུ་ཡིན་ཏེ། འདི་ལྟར་བཟོད་པས་ནི་མཛེས་པར་འགྱུར་རོ་ཞེས་གསུངས་སོ། །ཡང་འདི་ནི་མདོག་ངན་པར་འགྱུར་བའི་ལམ་ཡིན་ཏེ། འདི་ལྟ་སྟེ་ཁྲོ་བ་ཡིན། ཁོན་དུ་འཛིན་པ་ཡིན་ཞེས་གསུངས་ཏེ། བཟོད་པ་ནི་རང་གི་ངོ་བོ་བསྟེན་པ་དང༌། དེའི་མི་མཐུན་པའི་ཕྱོགས་ཡོངས་སུ་སྤངས་པས་མཛེས་པའི་རྒྱུར་བཤད་དོ། །བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི་ཞེས་བྱ་བ་འདིས་ནི་རབ་ཏུ་དབྱེ་བའི་རྒྱུ་ཕུན་སུམ་ཚོགས་པ་སྟོན་ཏེ། སྐུའི་ལན་ལག་སོ་སོའི་རྒྱུ་ནི་རབ་ཏུ་དབྱེ་བའི་རྒྱུ་ཡིན་ནོ། །དེ་ཡང་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས་བརྩོན་


DTG113_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུས་མི་ཟད་པ་བསྟན་པའི་ནང་ནས་བསོད་ནམས་ཀྱི་ཚོགས་མི་ཟད་པར་བསྟན་པ་ལས་ཁོང་དུ་ཆུད་པར་བྱ་སྟེ། དེ་ལས་ནི་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་བཅུ་འགྱུར་གྱིས་དེ་བཞིན་གཤེགས་པའི་བ་སྤུའི་ཁུང་གཅིག་མངོན་པར་འགྲུབ་པ་གསུངས་ལ། བ་སྤུའི་ཁུང་ཐམས་ཅད་མངོན་པར་འགྲུབ་པར་རྟོགས་པའི་བསོད་ནམས་ཀྱི་ཕུང་པོ་བརྒྱད་འགྱུར་གྱིས་ནི་དཔེ་བྱད་བཟང་པོ་གཅིག་མངོན་པར་འགྲུབ་བོ། །དཔེ་བྱད་བཟང་པོ་ཐམས་ཅད་མངོན་པར་འགྲུབ་པར་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་སྟོང་འགྱུར་གྱིས་ནི་མཛོད་སྤུ་དང༌། གཙུག་ཏོར་དང༌། ཆོས་ཀྱི་དུང་མ་གཏོགས་པ་མཚན་རེ་རེ་ཡོངས་སུ་འགྲུབ་པར་གསུངས་ལ། མཚན་ཉི་ཤུ་རྩ་དགུ་འགྲུབ་པར་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་ཁྲི་འགྱུར་གྱིས་ནི་མཛོད་སྤུ་འགྲུབ་བོ། །མཛོད་སྤུ་འགྲུབ་པར་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་འབུམ་འགྱུར་གྱིས་ནི་གཙུག་ཏོར་འགྲུབ་བོ། །གཙུག་ཏོར་འགྲུབ་པར་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་བྱེ་བ་ཕྲག་འབུམ་འགྱུར་གྱིས་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་དུང་མངོན་པར་འགྲུབ་བོ་ཞེས་གསུངས་ཏེ། དེ་ལྟར་ན་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་དེ་ནི་བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི་ཡིན་ནོ། །དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ། མཚན་གྱི་མེ་ཏོག་རྒྱས་པ་ཞེས་བྱ་བ་འདི་གཉིས་ཀྱིས་ནི། གཟུགས་ཀྱི་སྐུའི་ངོ་བོ་ཉིད་ཕུན་སུམ་ཚོགས་པ་སྟོན་ཏེ། དེ་བཞིན་གཤེགས་པའི་སྐུ་མཛེས་པའི་རང་གི་ངོ་བོ་ནི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཡིན་ནོ། །དེ་ལ་དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ་ནི་དེ་དག་མཚན་གྱི་འཁོར་ཡིན་པའི་ཕྱིར་རོ། །མཚན་གྱི་མེ་ཏོག་རྒྱས་པ་ནི་དེ་དག་རྒྱན་དུ་གྱུར་པའི་ཕྱིར་རོ། །སྤྱོད་ཡུལ་རན་པར་མཐུན་པ་ཞེས་བྱ་བ་འདིས་ནི་གནས་སྐབས་ཕུན་སུམ་ཚོགས་པ་སྟོན་པར་བྱེད་དེ། མངོན་དུ་གཤེགས་པ་ཐམས་ཅད་དུ་མཛེས་པའི་ཕྱིར་སྤྱོད་ལམ་ཐམས་ཅད་དུ་མཛེས་པ་ནི་གནས་སྐབས་ཕུན་སུམ་ཚོགས་པ་ཡིན་ནོ། །མཐོང་ན་མི་མཐུན་པ་མེད་པ་ཞེས་བྱ་བ་འདིས་ནི་མཛད་པ་ཕུན་སུམ་ཚོགས་པ་སྟོན་ཏེ། དེ་བཞིན་གཤེགས་པའི་སྐུའི་མཛད་པ་ནི་རང་གི་ངོ་བོས་ཀྱང་རབ་ཏུ་དང་བ་བསྐྱེད་ལ། གནས་སྐབས་ཀྱིས་ཀྱང་རབ་ཏུ་དང་བ་བསྐྱེད་པས་སེམས་ཅན་རྣམས་དང་མི་མཐུན་པ་མེད་པ་ཡིན་ཏེ།


DTG113_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་ཙམ་གྱིས་འདི་ནི་སྐྱེས་བུ་ཆེན་པོ་ཡིན་ནོ་ཞེས་བྱ་བར་རྟོགས་ཤིང་རབ་ཏུ་དང་བ་སྐྱེད་པར་བྱེད་པ་གང་ཡིན་པ་འདི་ཉིད་འདིའི་མཐོང་ན་མི་མཐུན་པ་མེད་པ་ཡིན་ནོ། །དད་པས་མོས་པ་རྣམས་ལ་མངོན་པར་དགའ་བ། ཤེས་རབ་ཟིལ་གྱིས་མི་ནོན་པ། སྟོབས་རྣམས་ལ་བརྫི་བ་མེད་པ་ཞེས་བྱ་བའི་ཚིག་གསུམ་པོ་འདིས་ནི་བཅོམ་ལྡན་འདས་དེ་སེམས་ཅན་གང་དག་ལ་བརྟེན་ནས་སེམས་ཅན་གྱི་དོན་མཛད་པ་དེ་སྟོན་པར་བྱེད་དེ། སེམས་ཅན་དེ་དག་ཀྱང་དད་པའི་བསམ་པའམ། ཟིལ་གྱིས་མནན་པའི་བསམ་པ་སྟེ། བསམ་པ་གཉིས་ཀྱིས་དེ་བཞིན་གཤེགས་པའི་དྲུང་དུ་འོད་ངོ༌། །དད་པའི་བསམ་པ་ཡང་རྣམ་པ་གཉིས་ཏེ། ཅི་འདྲ་བ་སྙམ་པའི་བསམ་པའམ། རབ་ཏུ་དགའ་བའི་བསམ་པའོ། །དེ་གཉི་ག་ཡང་མངོན་པར་འདོད་པའི་ངོ་བོ་ཡིན་པའི་ཕྱིར་དད་པ་ཞེས་བྱའོ། །འདི་ལྟར་ཁ་ཅིག་ནི་ཅི་འདྲ་བ་ཞིག་སྙམ་པའི་བསམས་པ་སྐྱེས་པ་དང༌། སྔོན་གྱི་དགེ་བའི་རྩ་བས་ཡང་དག་པར་བསྐུལ་ནས་དེ་བཞིན་གཤེགས་པའི་དྲུང་དུ་འགྲོའོ། །ཁ་ཅིག་ནི་ཡོན་ཏན་ཆེ་བའི་བདག་ཉིད་ཐོས་ནས་རབ་ཏུ་དང་བ་ཡང་དག་པར་བསྐྱེད་པ་དང༌། དགེ་བའི་རྩ་བས་བསྐུལ་ནས་འགྲོ་སྟེ། དེ་བས་ན་འདིས་ནི་བར་མར་གནས་པ་དང༌། དད་པ་དག་བསྟན་པ་ཡིན་ནོ། །དེ་དག་གིས་མཐོང་ན་དགའ་བ་དང༌། རབ་ཏུ་དད་བ་སྐྱེད་པ་མཛད་པའི་ཕྱིར་བཅོམ་ལྡན་འདས་དེ་ནི་དད་པས་མོས་པ་རྣམ་པ་དེ་གཉི་གའི་ཡང་མངོན་པར་དགའ་བའི་རྒྱུ་ཡིན་ནོ། །ཟིལ་གྱིས་མནན་པའི་བསམ་པ་ཡང་རྣམ་པ་གཉིས་ཏེ། ཤེས་རབ་ཟིལ་གྱིས་མནན་པའི་བསམ་པ་ནི་དཔེར་ན་རྩོད་པ་དོན་དུ་གཉེར་བར་བྱེད་པ་བདེན་པ་པོ་ལ་སོགས་པ་ལྟ་བུའོ། །ལུས་ཀྱི་སྟོབས་ཀྱིས་ཟིལ་གྱིས་གནོན་པའི་བསམ་པ་དེ་ནི་དཔེར་ན་འབྲོག་གནས་ལ་སོགས་པ་སྟོབས་ཀྱིས་མངོན་པའི་ང་རྒྱལ་བྱེད་པ་རྣམས་ལྟ་བུའོ། །དེ་བས་ན་འདིས་ནི་བསམ་པ་རྣམ་པ་གཉིས་ཀྱིས་ཞེ་འགྲས་པ་རྣམས་ཡང་དག་པར་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་དེ་ནི་ཤེས་རབ་ཕུལ་དུ་ཕྱིན་པ་དང་ལྡན་པའི་ཕྱིར་དང༌། ཟིལ་གྱིས་གནོན་པར་མཛད་པའི་ཕྲིན་ལས་ཕུལ་དུ་ཕྱིན་པ་དང་ལྡན་པའི་ཕྱིར་ཟིལ་གྱིས་གནོན་པར་འདོད་པ་དེ་གཉི་གའི་ཤེས་རབ་ཀྱི་ཟིལ་གྱིས་མི་ནོན་ཅིང་སྟོབས་རྣམས་ཀྱིས་བརྫི་བ་མེད་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་སྟོན་པ། བྱང་


DTG113_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་རྣམས་ཀྱི་ཡབ། འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ། །མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་རྣམས་ཀྱི་དེད་དཔོན་ཞེས་བྱ་བའི་ཚིག་འདི་བཞིས་ནི་བཅོམ་ལྡན་འདས་དེ་སེམས་ཅན་ཐམས་ཅད་ཀྱི་བྱ་བ་གང་ཡིན་པ་མཛད་པ་དེ་སྟོན་ཏེ། དེ་ལ་སེམས་ཅན་ཐམས་ཅད་ཀྱི་སྟོན་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་དེ་ཁྱད་པར་མེད་པར་སེམས་ཅན་ཐམས་ཅད་ཀྱི་བྱ་བ་སྟོན་པ་ཉིད་ཀྱིས་མཛད་པ་ཡིན་ཏེ། འདི་ལྟར་ངན་སོང་དུ་སྐྱེས་པ་ཁ་ཅིག་ཀྱང་འོད་དང་དེ་བཞིན་གཤེགས་པའི་སྐུ་ཡང་དག་པར་བསྟན་པས་རབ་ཏུ་དང་བ་བསྐྱེད་ནས་བདེ་འགྲོ་ལ་འགོད་པར་མཛད་ལ། བདེ་འགྲོར་སྐྱེས་པ་རྣམས་ཀྱང་ཁ་ཅིག་སྐལ་བ་དང་མི་ལྡན་པ་སྔར་བཤད་པའི་ཚུལ་དུ་ཟིལ་གྱིས་མནན་པའི་བསམ་པས་ལྷག་པ་རྣམས་ནི་འཁོར་བའི་བདེ་བའི་ལམ་སྦྱིན་པ་ལ་སོགས་པ་ལ་འགོད་པར་མཛད་དོ། །སྐལ་བ་དང་ལྡན་པ་བསམ་པ་རྣམ་པ་གཉིས་ཀྱིས་ལྷག་པ་རྣམས་ཀྱང་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ནི་དགེ་བའི་རྩ་བ་སྐྱེད་པར་མཛད་དོ། །དགེ་བའི་རྩ་བ་བསྐྱེད་པ་རྣམས་ནི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་མཛད་དོ། །ཡོངས་སུ་སྨིན་པ་རྣམས་ནི་རིགས་ཇི་ལྟ་བ་བཞིན་དུ་ཉན་ཐོས་ལ་སོགས་པ་ལ་འགོད་ཅིང་ཡོངས་སུ་གྲོལ་བར་མཛད་དེ། དེ་ལྟར་ན་བཅོམ་ལྡན་འདས་དེ་ནི་ངན་འགྲོ་དང་བདེ་འགྲོར་སྐྱེས་པ་རྣམས་དང༌། སྐལ་བ་དང་ལྡན་པ་དང༌། སྐལ་བ་དང་མི་ལྡན་པ་རྣམས་ཀྱི་བྱ་བ་བསྒྲུབ་པའི་ཕྱིར་ན་སེམས་ཅན་ཐམས་ཅད་ཀྱི་སྟོན་པ་ཞེས་བྱའོ། །བྱ་བ་དེའི་གནས་སྐབས་ཀྱི་བྱེ་བྲག་ནི་རྣམ་པ་གཉིས་ཏེ། ཞུགས་པའི་གནས་སྐབས་ཀྱི་བྱེ་བྲག་དང༌། འཇུག་པའི་གནས་སྐབས་ཀྱི་བྱེ་བྲག་གོ །ཞུགས་པའི་གནས་སྐབས་ཀྱི་བྱེ་བྲག་ཀྱང་སངས་རྒྱས་འབྱུང་བ་དང་ཉེ་བར་བསྒྲུབ་པར་བྱ་བའི་ཕྱིར་སངས་རྒྱས་དང་ཉན་ཐོས་ཀྱི་རིགས་ཀྱི་བྱེ་བྲག་ནི་རྣམ་པ་གཉིས་སོ། །དེ་ལ་སངས་རྒྱས་ཀྱི་རིགས་ཅན་གྱི་དབང་དུ་མཛད་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ་ཅེས་བྱ་བ་སྨོས་ཏེ། བཅོམ་ལྡན་འདས་དེ་ནི་རང་གི་ཡོན་ཏན་ཕུན་སུམ་ཚོགས་པ་ལ་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དག་པར་གཏོད་པའི་ཕྱིར་འཁོར་ལོས་སྒྱུར་བས་འཁོར་ལོས་སྒྱུར་བའི་བུ་མཚན་དང་ལྡན་པ་ལ་འཁོར་ལོ་ཡང་དག་པར་གཏོད་པ་ཤེས་པ་རྣམས་ཀྱི་ཕར་གྱུར་པ་དང་འདྲ་བ་དེ་དག་གི་ཡབ་ཏུ་གྱུར་ཞེས་བྱའོ། །


DTG113_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ཐོས་ཀྱི་རིགས་ཅན་གྱི་དབང་དུ་མཛད་ནས་འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ་ཞེས་བྱ་བ་སྨོས་ཏེ། བཅོམ་ལྡན་འདས་དེ་ནི་འཁོར་ལོས་སྒྱུར་བའི་བུ་ཕལ་པ་རྣམས་ཀྱི་རྒྱལ་པོར་གྱུར་པ་བཞིན་དུ་ཉན་ཐོས་གཅིག་ཏུ་དཀའ་བཞིན་དུ་བྱེད་པས་རྟོག་པ་ཐོབ་པ་རྣམས་ཀྱི་རྒྱལ་པོ་ལྟ་བུར་གྱུར་པ་ཡིན་ནོ། །འཇུག་པའི་གནས་སྐབས་ཀྱི་བྱེ་བྲག་ནི་རིགས་གསུམ་ཅར་ལ་ཡང་སྲིད་པས་དེའི་ཕྱིར་དེའི་དབང་དུ་མཛད་ནས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་རྣམས་ཀྱི་དེད་དཔོན་ཞེས་བྱ་བ་སྨོས་ཏེ། བཅོམ་ལྡན་འདས་དེ་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པ་ཐར་པའི་ས་བོན་མ་སྐྱེས་པ་དེ་དག་གི་རིགས་ཇི་ལྟ་བ་བཞིན་དུ་ལམ་ནས་ལམ་གཞན་དུ་ཁྲིད་པར་མཛད་པའི་ཕྱིར་དེད་དཔོན་ཞེས་བྱའོ། །ཡེ་ཤེས་དཔག་ཏུ་མེད་པ། སྤོབས་པ་བསམ་གྱིས་མི་ཁྱབ་པ། གསུང་རྣམ་པར་དག་པ། དབྱངས་སྙན་པ། སྐུ་བྱད་པ་ལྟ་བས་ཆོག་མི་ཤེས་པ། སྐུ་མཚུངས་པ་མེད་པ་ཞེས་བྱ་བའི་ཚིག་འདི་དྲུག་གིས་ནི་བཅོམ་ལྡན་འདས་དེ་ཐབས་གང་གིས་སེམས་ཅན་གྱི་དོན་མཛད་པའི་ཐབས་དེ་སྟོན་ཏེ། ཐབས་དེ་ཡང་དེ་ལས་གསུམ་ཡིན་ནོ། །དེ་ལ་གོ་རིམས་བཞིན་དུ་ཚིག་དང་པོས་ནི་ཡིད་ཀྱི་ཕྲིན་ལས་སྟོན་ཏོ། །གསུམ་གྱིས་ནི་གསུང་གི་ཕྲིན་ལས་སྟོན་ཏོ། །གཉིས་ཀྱིས་ནི་སྐུའི་ཕྲིན་ལས་སྟོན་ཏེ། གསུང་དང་སྐུའི་ཕྲིན་ལས་དག་ནི་ཆོས་འཆད་པ་ལ་སོགས་པ་སྟོན་པའི་ངོ་བོ་ཡིན་པའི་ཕྱིར་ལྷུར་སེམས་ཅན་གྱི་དོན་མཛད་པའི་ཐབས་ཡིན་པར་སྟོན་ཏོ། །ཐུགས་ཀྱི་ཕྲིན་ལས་ཀྱང་དེ་དག་ཀུན་ནས་སློང་བར་བྱེད་པ་ཉིད་ཀྱིས་སེམས་ཅན་གྱི་དོན་མཛད་པའི་ཐབས་ཡིན་པར་ཡོངས་སུ་བཟུང་སྟེ། ཡེ་ཤེས་ནི་དེ་དང་ལྷན་ཅིག་སྤྱོད་པའི་ཕྱིར་འདིར་ཐུགས་ཀྱི་ཕྲིན་ལས་ཞེས་བཤད་དོ། །ཡུལ་དཔག་ཏུ་མེད་པས་ཡེ་ཤེས་དཔག་ཏུ་མེད་པ་ཡིན་ལ། དེ་དང་ལྡན་པས་བཅོམ་ལྡན་འདས་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་སྟེ། སྐུ་དང་གསུང་གི་ཕྲིན་ལས་ཀྱི་མཚན་ཉིད་ནི་སེམས་ཅན་གྱི་དོན་མཛད་པའི་ཐབས་ཡིན་པར་བཟུང་ལ། དེ་དག་ཀྱང་དཔག་ཏུ་མེད་ལ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་དེ་ལ་ཐོགས་པ་མེད་པར་འཇུག་གོ །གསུང་གི་ཕྲིན་ལས་ནི་སྤོབས་པ་དང་དབྱངས་རྣམ་པར་དག་པའི་ཡོན་ཏན་ཕུན་སུམ་ཚོགས་པའི་ཁྱད་པར་བསྟན་ཏེ། དེ་ལ་སྤོབས་


DTG113_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁྱད་པར་ཡང་རྣམ་པ་གཉིས་ཏེ། ཡི་གེ་ལ་བརྟེན་པ་དང༌། དོན་ལ་བརྟེན་པའོ། །ཡི་གེ་ལ་བརྟེན་པ་ནི་ཚིག་རེ་རེ་ལ་བརྟེན་ནས་ཡི་གེའི་བྱེ་བྲག་གཞན་དང་གཞན་དག་གིས་བསྐལ་པ་དཔག་ཏུ་མེད་པར་སྟོན་ཀྱང་དེ་བཞིན་གཤེགས་པའི་སྤོབས་པ་ཡོངས་སུ་གཏུགས་པ་མེད་པ་ལས་རིག་པར་བྱའོ། །དོན་ལ་བརྟེན་པ་ནི་བསྐལ་པ་དཔག་ཏུ་མེད་པར་སེམས་ཅན་དཔག་ཏུ་མེད་པ་རྣམས་སོ་སོ་ནས་ཞུ་བ་དཔག་ཏུ་མེད་པ་ཡོངས་སུ་ཞུས་པའི་ཞུ་བ་ཐམས་ཅད་ལ་ལན་ཅིག་གསུང་གཅིག་བརྗོད་པ་ཁོ་ནས་ལན་ཐེབས་པ་ལས་རིག་པར་བྱ་སྟེ། དེ་ལྟར་ན་ཡི་གེ་དང་དོན་ལ་བརྟེན་པའི་སྤོབས་པའི་ཁྱད་པར་གྱིས་བསམ་གྱིས་མི་ཁྱབ་པ་ངོ་མཚར་རྨད་དུ་བྱུང་བའི་ཆོས་སྟོན་པར་མཛད་པའི་ཕྱིར་བཅོམ་ལྡན་འདས་དེ་སྤོབས་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །ངག་གི་སྐྱོན་བརྫུན་དུ་སྨྲ་བ་ལ་སོགས་པ་དང༌། སྨྲ་བར་བཅོལ་པའི་སྐྱོན་སྤུ་ཟིང་ཞེས་བྱེད་པ་ལ་སོགས་པ་དང༌། ང་རོའི་སྐྱོན་གདངས་མི་སྙན་པ་ལ་སོགས་པ་ཇི་སྙེད་པ་དེ་དག་མེད་པའི་ཕྱིར་བཅོམ་ལྡན་འདས་དེ་ནི་གསུང་རྣམ་པར་དག་པ་ཞེས་བྱའོ། །གསུང་གི་ཡོན་ཏན་གྱི་སྒོ་ནས་ཡིད་དུ་འོང་བའི་ཕྱིར་བཅོམ་ལྡན་འདས་དེ་ནི་དབྱངས་སྙན་པ་ཞེས་བྱའོ། །གསུང་གི་ཡོན་ཏན་ནི་གསུང་དབྱངས་ཀྱི་ཡན་ལག་ལྔ་དང་ལྡན་པ་དང་དྲུག་ཅུ་དང་ལྡན་པ་ལས་རིག་པར་བྱའོ། །སྐུ་བྱད་བལྟ་བས་ཆོག་མི་ཤེས་པ་དང༌། སྐུ་མཚུངས་པ་མེད་པ་ཞེས་བྱ་བའི་ཚིག་འདི་གཉིས་ནི་སྐུའི་ཕྲིན་ལས་ཀྱི་རྟེན་གྱི་ཁྱད་པར་དང༌། རང་གི་ངོ་བོའི་ཁྱད་པར་བསྟན་ཏེ། དེ་ལ་རྟེན་གྱི་ཁྱད་པར་ནི་སྐུ་བྱད་བལྟ་བས་ཆོག་མི་ཤེས་པ་ལས་རིག་པར་བྱ་སྟེ། བཅོམ་ལྡན་འདས་དེའི་ཡན་ལག་དང་ཉིང་ལག་དག་ལ་ཡུན་རིང་མོ་ཞིག་ནས་མཐོང་ཡང་སྔོན་མ་མཐོང་བ་བཞིན་དུ་བལྟ་བའི་དགའ་བས་ངོམས་མི་ཤེས་པའི་སྐུ་བྱད་བལྟ་བས་ཆོག་མི་ཤེས་པ་ཞེས་བྱའོ། །རང་གི་ངོ་བོའི་ཁྱད་པར་ནི་སྐུ་མཚུངས་པ་མེད་པ་ལས་རིག་པར་བྱ་སྟེ། བཅོམ་ལྡན་འདས་དེ་ནི་ཁམས་དང༌། འགྲོ་བ་དང༌། སྐྱེ་གནས་དག་ཏུ་གདུལ་བྱ་དེ་དང་དེ་དག་ལ་ཁ་དོག་དང་སྤྱོད་པ་མཐུན་པར་བསྟན་པ་དང༌། ཆོས་བསྟན་པས་འདུལ་བར་མཛད་པའི་ཕྱིར་སྐུ་མཚུངས་པ་མེད་པ་ཞེས་བྱའོ། །འདོད་པ་དག་གིས་མ་གོས་པ། གཟུགས་དག་གིས་ཉེ་བར་མ་གོས་པ། གཟུགས་མེད་པ་དག་དང་མ་


DTG113_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་པ་ཞེས་བྱ་བའི་ཚིག་འདི་གསུམ་གྱིས་ནི་བཅོམ་ལྡན་འདས་དེ་གང་ན་གནས་པ་དང༌། དེ་ལ་ཇི་ལྟར་མ་ཆགས་པར་སེམས་ཅན་གྱི་དོན་མཛད་པ་སྟོན་ཏེ། དེ་ལ་གང་ན་གནས་ཤིང་སེམས་ཅན་གྱི་དོན་མཛད་ཅེ་ན། འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་ན་གནས་ཏེ། དེ་ན་ལུས་དང༌། ངག་དང་འབྲེལ་པ་ཡོད་པའི་ཕྱིར་རོ། །གཟུགས་མེད་པའི་ཁམས་ན་ནི་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་གཟུགས་མེད་པ་དག་དང་མ་འདྲེས་པ་ཞེས་བྱ་བ་གསུངས་སོ། །དེ་ལ་བཅོམ་ལྡན་འདས་དེ་འདོད་པའི་ཁམས་ན་སེམས་ཅན་གྱི་དོན་མཛད་པ་ན་འདོད་པར་གཏོགས་པའི་འདོད་པའི་འདོད་ཆགས་ལ་སོགས་པའམ། དེར་གཏོགས་པའི་སེམས་ཅན་ལོག་པར་སྒྲུབ་པ་དག་གིས་མི་འཕྲོགས་པའི་ཕྱིར་འདོད་པ་དག་གིས་མ་གོས་པ་ཞེས་བྱའོ། །གཟུགས་ཀྱི་ཁམས་ན་ཡང་སྙོམས་པར་འཇུག་པའི་ཚེ་སྙོམས་པར་འཇུག་པའི་བདེ་བ་དག་དང༌། དེར་གཏོགས་པའི་སེམས་ཅན་དང་འབྲེལ་པ་དེར་སྐྱེ་བའི་ཡོན་ཏན་ཡང་དག་པར་བསྟན་པས་སེམས་མ་འཕངས་པའི་ཕྱིར་གཟུགས་དག་གིས་ཉེ་བར་མ་གོས་པ་ཞེས་བྱའོ། །ཉེ་བར་གོས་པ་ནི་ཉེ་བར་གོས་པ་སྟེ། དེ་ཡང་སྙོམས་པར་འཇུག་པའི་རོ་མྱང་བ་དང་སྐྱེ་བའི་ཡོན་ཏན་ཡང་དག་པར་མཐོང་བས་རོ་མྱང་བའོ། །དེ་དག་མེད་པས་ན་ཉེ་བར་མ་གོས་པ་ཞེས་བྱའོ། །ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ། ཁམས་རྣམས་དད་མི་ལྡན་པ། སྐྱེ་མཆེད་རྣམས་བསྡམས་པ་ཞེས་བྱ་བའི་ཚིག་འདི་གསུམ་གྱིས་ནི་བཅོམ་ལྡན་འདས་དེ་དངོས་པོ་གང་ལ་ཡང་མ་ཆགས་པར་སེམས་ཅན་གྱི་དོན་མཛད་པ་དེ་སྟོན་ཏེ་དངོས་པོ་དེ་ཡང་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་དག་ཡིན་ཏེ། ཕྱི་ནང་གི་དངོས་པོ་ནི་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་དག་ཀྱང་ཆགས་པའི་གནས་ཡིན་པའི་ཕྱིར་ཏེ། དེ་ལ་ཕུང་པོ་རྣམས་ནི། ཡང་སྐྱེ་བའི་མཚན་ཉིད་ཡིན་པའི་ཕྱིར་དེ་དག་ལ་རབ་ཏུ་ཐར་བས། བཅོམ་ལྡན་འདས་དེ་ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ་ཞེས་བྱའོ། །ཁམས་རྣམས་ནི་དབང་པོ་རྣམས་ཀྱིས་རྣམ་པར་ཤེས་པའི་སྒོ་ནས་ཡུལ་རྣམས་དང་ལྡན་པའི་ངོ་བོ་ཡིན་པའི་ཕྱིར་དེ་ལ་བརྟེན་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བས། བཅོམ་ལྡན་འདས་དེ་ཁམས་རྣམས་དང་མི་ལྡན་པ་


DTG113_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱའོ། །སྐྱེ་མཆེད་རྣམས་ནི་མཐོང་བ་ལ་སོགས་པ་སྐྱེ་བའི་སྒོར་གྱུར་པའི་ཕྱིར། དེ་ལ་བརྟེན་པའི་ཀུན་ནས་ཉོན་མོངས་པ་བསྡམས་པའི་ཕྱིར། བཅོམ་ལྡན་འདས་དེ་སྐྱེ་མཆེད་རྣམས་བསྡམས་པ་ཞེས་བྱའོ། །མདུད་པ་རྣམས་ཡོངས་སུ་བཅད་པ། ཡོངས་སུ་གདུང་བ་དག་ལས་རྣམ་པར་གྲོལ་བ། སྲེད་པ་ལས་ཡོངས་སུ་གྲོལ་བ། ཆུ་བོ་ལས་བརྒལ་བ་ཞེས་བྱ་བའི་ཚིག་འདི་བཞིས་ནི། བཅོམ་ལྡན་འདས་དེ་སྤངས་པ་ཕུན་སུམ་ཚོགས་པ་ཇི་ལྟ་བུ་ཞིག་ཡིན་ན། སེམས་ཅན་གྱི་དོན་མཛད་པ་དེ་སྟོན་ཏེ། ཉོན་མོངས་པ་རྣམས་ནི་མདོར་བསྡུ་ན། ཡུལ་དང་མ་ཕྲད་པ་དང། ཕྲད་པའི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། མདུད་པའི་མཚན་ཉིད་རྣམས་དང༌། ཡོངས་སུ་གདུང་བའི་མཚན་ཉིད་རྣམས་སོ། །དེ་དག་གི་སྒོ་ཡང་རྣམ་པ་གཉིས་ཏེ། སྲེད་པའི་སྒོ་རྣམས་དང༌། ཆུ་བོའི་སོག་རྣམས་སོ། །ཡུལ་དང་མ་ཕྲད་པ་རྣམས་ལ་ནི། དོན་དུ་གཉེར་བའི་རྣམ་པའི་སྲེད་པའི་སྒོ་ནས་མདུད་པར་གྱུར་པ་དག་ཡིན་ནོ། །ཕྲད་པ་རྣམས་ལ་ནི་ཤས་ཆེར་ཀུན་ཏུ་སྤྱོད་པའི་སྒོ་ནས་ཆུ་བོ་བཞིན་དུ་འཕྲོགས་པའི་ཕྱིར་ཡོངས་སུ་གདུང་བར་འགྱུར་བ་དག་ཡིན་ནོ། །མདུད་པ་དེ་དང་དེ་དག་གི་སྒོར་གྱུར་པ་སྲེད་པ་རྣམས་དང༌། ཡོངས་སུ་གདུང་བ་དེ་དང་དེ་དག་གི་སྒོར་གྱུར་པ་ཆུ་བོ་རྣམས་སྤངས་པའི་ཕྱིར། བཅོམ་ལྡན་འདས་དེ་མདུད་པ་རྣམས་ཤིན་ཏུ་བཅད་པ། ཡོངས་སུ་གདུང་བ་དག་ལས་རྣམ་པར་གྲོལ་བ། སྲེད་པ་ལས་ཡོངས་སུ་གྲོལ་བ། ཆུ་བོ་ལས་བརྒལ་བ་ཞེས་བྱའོ། །ཡེ་ཤེས་ཡོངས་སུ་རྫོགས་པ། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་གནས་པ། མྱ་ངན་འདས་པ་ལ་མི་གནས་པ། ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ་ཞེས་བྱ་བའི་ཚིག་འདི་བཞིས་ནི། བཅོམ་ལྡན་འདས་དེ་ཡེ་ཤེས་ཕུན་སུམ་ཚོགས་པ་ཇི་ལྟ་བུ་ཞིག་ཡིན་ན། སེམས་ཅན་གྱི་དོན་མཛད་པ་དེ་སྟོན་ཏེ། ཡེ་ཤེས་དེ་ནི་རྣམ་པ་གསུམ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་དང༌། ཐ་དད་མེད་པར་མཁྱེན་པ་དང༌། མི་གནས་པའི་མཁྱེན་པའོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ནི་ཡེ་ཤེས་ཀྱིས་ཤེས་བྱའི་ཚོགས་ཐམས་ཅད་དང༌། རྣམ་པ་ཐམས་ཅད་ལ་ཁྱབ་པའི་ཕྱིར་ཡེ་ཤེས་ཡོངས་སུ་རྫོགས་པ་ཞེས་བྱ་བ་ཡིན་ནོ། །ཐ་དད་པ་མེད་པར་མཁྱེན་པ་ནི། དུས་གསུམ་དུ་གཏོགས་པའི་སངས་རྒྱས་ཀྱི་སྐུ་ཚེ་དང༌།


DTG113_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་ངོ་བོ་དང༌། ཞིང་ལ་སོགས་པའི་ཁྱད་པར་གྱིས་ཐ་དད་པ་རྣམས་ཀྱང༌། ཆོས་ཀྱི་སྐུས་མཉམ་པ་ཉིད་བརྙེས་པའི་ཕྱིར། འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་གནས་པ་ཞེས་བྱ་བ་ཡིན་ནོ། །མི་གནས་པའི་མཁྱེན་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་མི་གནས་པའི་ཕྱིར། མྱ་ངན་ལས་འདས་པ་ལ་མི་གནས་པ་ཡིན་ཏེ། ཡང་དག་པའི་མཐའ་ལ་གནས་པ་གང་ཡིན་པ་དེ་ཉིད། འདིའི་ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པ་ལ་མི་གནས་པ་ཡིན་ནོ། །ཡང་དག་པའི་མཐའ་ནི་དེ་བཞིན་ཉིད་རྣམ་པར་དག་པ་སྟེ། དེ་ཉིད་ཆོས་ཀྱི་སྐུ་ཡིན་ནོ། །དེ་ལ་གནས་པ་ནི་ཡང་དག་པའི་མཐའ་ལ་གནས་པ་ཞེས་བྱའོ། །སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པའོ་ཞེས་བྱ་བ་ནི་འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ནི། དེ་བཞིན་གཤེགས་པའི་སྐུ་གསུམ་ཡིན་ཏེ། འདི་ལྟ་སྟེ་དེ་བཞིན་གཤེགས་པ་དེས་དེ་ཁོ་ན་ལ་གནས་ཏེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གཟིགས་ནས། བསམ་པ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་གྱི་སྒོ་ནས་ཆོས་སྟོན་པར་མཛད་པས་སྐུ་གསུམ་པོ་དེ་ཁོ་ན་ལ་བཞུགས་ཞེས་བྱ་བའི་ཐ་ཚིག་གོ །འདི་ལྟར་ལུང་ལས། བཅོམ་ལྡན་འདས་དེ་ལོངས་སྤྱོད་རྫོགས་པའི་སྐུས་ས་བཅུ་ལ་གནས་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང༌། དེ་ལས་གཞན་པའི་བདག་ཉིད་ཆེན་པོ་རྣམས་ལ། ཐེག་པ་ཆེན་པོའི་ཆོས་སྟོན་ཅིང༌། འོག་མིན་གྱི་གནས་ན་བཞུགས་སོ་ཞེས་འབྱུང་སྟེ། དེ་ལྟར་རེ་ཞིག་ལོངས་སྤྱོད་རྫོགས་པའི་སྐུས་སེམས་ཅན་གྱི་དོན་མཛད་པར་སྦྱོར་བར་བཤད་པ་ཡིན་ནོ། །སྤྲུལ་པའི་སྐུ་ལ་ཡང་སེམས་ཅན་གྱི་དོན་མཛད་པར་སྦྱོར་བར་ཡོད་པ་ཉིད་དེ། འདི་ལྟར་གཞུང་ལུགས་ལས། བཅོམ་ལྡན་འདས་དེ་སྤྲུལ་པའི་སྐུའི་འདོད་པ་ན་སྤྱོད་པ་འཕགས་པ་ཤཱ་རིའི་བུ་ལ་སོགས་པ་དང༌། དེ་ལས་གཞན་པ་སྐལ་བ་དང་ལྡན་པ་རྣམས་ཀྱི་སེམས་ཅན་གྱི་རྒྱུད་ལ་གཟིགས་ནས་ཆོ་འཕྲུལ་གསུམ་བསྟན་པས་བསམ་པ་ཇི་ལྟ་བ་དང༌། སྐལ་པ་ཇི་ལྟ་བ་བཞིན་དུ་ཉན་ཐོས་ཀྱི་ཐེག་པའི་ཆོས་ཉིད་སྟོན་ཅིང་འཁོར་བ་ཇི་སྲིད་པར་བཞུགས་སོ་ཞེས་འབྱུང་སྟེ། དེ་ལྟར་སྤྲུལ་པའི་སྐུ་དེ་ཡང་དེ་དང་ལྡན་པར་བསྟན་པ་


DTG113_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ཆོས་ཀྱི་སྐུ་དེ་ནི་གཉི་གའི་གཞིར་གྱུར་པའི་ཕྱིར་དེ་དག་གི་རྒྱུར་འགྱུར་བས་དེ་ཉིད་གཙོ་བོའི་རྒྱུ་ཡིན་ནོ། །དེ་མེད་ན་དེ་གཉི་ག་ཡང་མེད་པས་སེམས་ཅན་གྱི་དོན་མཛད་པ་ཡང་མེད་པར་འགྱུར་ཏེ། དེ་ལྟ་བས་ན་སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ནི་དེ་བཞིན་གཤེགས་པའི་སྐུ་གསུམ་ཡིན་ནོ་ཞེས་བྱ་བར་གནས་སོ། །འདི་དག་ནི་དེ་བཞིན་གཤེགས་པའི་ཡང་དག་པའི་ཡོན་ཏན་ཡིན་ནོ། །འདིར་བསྡུས་པའི་ཚིགས་སུ་བཅད་པ་ནི། རྒྱུན་མི་འཆད་གཟུགས་སེམས་ཅན་དང༌། །དེ་ཡི་བྱ་བ་རིགས་པ་དང༌། །ཁམས་དང་དངོས་ལ་མ་ཆགས་དང༌། །སྤངས་དང་ཡེ་ཤེས་ཕུན་སུམ་ཚོགས། །གཞན་གྱི་དོན་དུ་སྤྱད་པ་འདི། །གཉིས་དང་དྲུག་དང་གསུམ་དང་བཞི། །དྲུག་དང་གསུམ་གཉིས་བཞི་ཚན་གཉིས། །ཚིག་འདི་དག་གིས་རབ་ཏུ་བསྟན། །རྣམ་པ་དྲུག་གིས་སྐུ་བསྟན་པ། །རྩ་བའི་རབ་དབྱེ་རྒྱུ་དང་རང༌། །གནས་སྐབས་མཛད་པ་ཕུན་ཚོགས་པའི། །ཚིག་རྣམས་ཀྱིས་ནི་འདིར་བཤད་དོ། །སྟོན་པ་ཕུན་ཚོགས་དེ་རྒྱུ་དང༌། །དེ་བཞིན་བྱོན་པ་ཁོ་ན་དང༌། །དེ་ཡི་ཕྲིན་ལས་དེ་གནས་ཏེ། །དྲན་པ་ཉུང་ངུའི་བསྡུས་པ་ཡིན། །ཞེས་བྱ་བ་ཡིན་ནོ། །འཕགས་པ་སངས་རྒྱས་རྗེས་སུ་དྲན་པའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།

ཚིགས་སུ་བཅད་པ་གཅིག་པའི་བཤད་པ།
དབྱིག་གཉེན།


DTG113_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨེ་ཀ་གཱ་ཐཱ་བྷཱ་ཥཱཾ། བོད་སྐད་དུ། ཚིགས་སུ་བཅད་པ་གཅིག་པའི་བཤད་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྐྱེས་བུ་ཁྱུ་མཆོག་ཆེན་པོ་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་ལྷ་ཡུལ་ས་ལའང་མེད། །འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན། །ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་མེད་ལ་ཕྱོགས་དང་ཕྱོགས་མཚམས་དག་ནའང་མེད། །རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་ཏུ་བསྐོར་ཀྱང་ག་ལ་ཡོད། །ཅེས་པའི་ཚིགས་སུ་བཅད་པའོ། །ཚིགས་སུ་བཅད་པ་འདིས་ནི་ཅི་རིགས་པར་སོ་སོར་མ་ངེས་པའི་གནས་ཀྱི་ཁྱད་པར་གྱི་བདག་པོར་གྱུར་པ་སྐྱེས་བུ་ཁྱུ་མཆོག་ཏུ་འདོད་པ་དག་ལས་ཁྱད་པར་དུ་བྱ་བའི་ཕྱིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་


DTG113_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔར་གྱུར་པས་ཉིན་ཞག་བདུན་དུ་རྣམ་པ་རྗེས་སུ་དྲན་པ་དང་འབད་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འགྲུབ་པའི་རང་བཞིན་ཅན་ཡིན་ཏེ། བཅོམ་ལྡན་འདས་སྐར་རྒྱལ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་བརྗོད་པས་ཐུན་མོང་མ་ཡིན་པའི་ཕུན་སུམ་ཚོགས་པ་བརྗོད་པར་མངོན་ནོ། །དེ་ལ་སོ་སོར་ངེས་པའི་གནས་ཀྱི་ཁྱད་པར་གྱི་བདག་ཉིད་དུ་གྱུར་པ་ནི། འཇིག་རྟེན་གྱི་ནང་ན་ཁྱད་དུ་འཕགས་པར་འདོད་པ་ལྷའི་ཡུལ་ན་ཚངས་པ་དང༌། མཚེ་མ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དོ། །ས་དང་འབྲེལ་པའི་ཕྱིར་ས་ལ་སྟེ། རི་རབ་ཀྱི་རྩེ་མོ་བརྒྱ་བྱིན་གྱིའོ། །དེ་ཉིད་ཀྱི་ཕྱོགས་གཅིག་ལྟ་སྟེ། དེ་བས་ན་གནས་མཆོག་ཅེས་བྱ་བ་གསུངས་སོ། །བང་རིམ་བཞིའི་བྱང་ཕྱོགས་ཀྱི་ངོས་ན་ནི་རྣམ་ཐོས་ཀྱི་བུའོ། །ཕྱོགས་ན་ཞེས་བྱ་བ་ནི་རྣམ་ཐོས་སྲས་དང༌། མིག་མི་བཟང་དང༌། འཕགས་སྐྱེས་པོ་དང༌། ཡུལ་འཁོར་སྲུང་གིའོ། །ཕྱོགས་མཚམས་ནི་རི་རབ་ཀྱི་སྟེང་ཁང་པ་བརྩེགས་པ་བཞི་ནི་ལག་ན་རྡོ་རྗེ་དབང་བྱེད་པ་ཡིན་ཏེ། དེ་དག་ནི་སྙིང་རྗེ་དང་སྤངས་པ་དང་ཡེ་ཤེས་དང་བྲལ་བ་ཡིན་ལ། བཅོམ་ལྡན་འདས་ནི་དེ་དག་རྙེད་པའི་དགེ་བའི་འབྲས་བུས་རྣམ་པ་ཐམས་ཅད་དུ་འདྲ་བ་མ་ཡིན་ན། ཁྱད་པར་དུ་ལྷག་པ་ལྟ་ག་ལ་ལགས། མ་ངེས་པའི་གནས་ཀྱི་ཁྱད་པར་གྱི་བདག་པོར་གྱུར་པ་དག་ནི་སྐྱེས་བུའི་མཆོག་ཏུ་འདོད་པ་ཡིན་ཏེ། འཇིག་རྟེན་འདི་ན་སྐེམ་བྱེད་དང་དབང་ཕྱུག་དང་སྐྱེས་བུ་ལ་སོགས་པའོ། །དེ་དག་ཀྱང་ཉོན་མོངས་པ་དང་སྡུག་བསྔལ་དང་ལྡན་པས་ལུས་དང་སེམས་རབ་ཏུ་ཞི་བ་མ་ཡིན་ཏེ། དེ་དག་ཉན་ཐོས་དང་འདྲ་བའང་མ་ཡིན་ན་བཅོམ་ལྡན་འདས་དང་ལྟ་སྨོས་ཀྱང་ཅི་དགོས། སྐྱེ་བོ་མང་པོ་དང༌། ལོ་ཏོག་ཕུན་སུམ་ཚོགས་པ་དང༌། ཡོན་ཏན་ཐུན་མོང་མ་ཡིན་པས་རྣམ་པར་བརྒྱན་པའི་སངས་རྒྱས་དང༌། སངས་མ་རྒྱས་པ་ནི་སྐྱེས་བུ་གཙོ་བོར་བཀུར་བ་ནི་བྲམ་ཟེ་དང༌། རྒྱལ་པོ་དག་སྟེ། དེ་དག་ཀྱང་བསམ་པ་དང་སྦྱོར་བ་ངན་པས་ཉན་ཐོས་དང་འདྲ་བའང་མ་ཡིན་ནོ། །གང་དག་སྤྱིར་རྣམ་པར་གྲོལ་བ་ཐོབ་པ་རང་སངས་རྒྱས་དང༌། ཉན་ཐོས་དང༌། བླ་གབ་མེད་པ་དང༌། དུར་ཁྲོད་དང༌། ཚལ་གྱི་ནང་ན་གནས་པ་དེ་བཞིན་གཤེགས་པས་བསྔགས་པའི་བདག་ཉིད་ཆེན་པོ་བསྟན་པ་དང༌། ཀུན་བརྗོད་པ་


DTG113_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

དང། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྐྱོབ་པར་མི་ནུས་པ་དང༌། དགེ་སྦྱོང་ཆེན་པོར་འདོད་པ་སེར་སྐྱ་དང་འུག་པ་ལ་སོགས་པ་དེ་དག་ཀྱང་ཡེ་ཤེས་དང་ཐུགས་རྗེའི་ཁྱད་པར་དང་བྲལ་བའི་ཕྱིར་བཅོམ་ལྡན་འདས་དང་འདྲ་བ་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ཁྱོད་ཀྱི་སངས་རྒྱས་ཆོས་ནི་མཚུངས་མེད་པས། །ཁྱད་པར་འཕགས་པ་ཁྱད་པར་ཆེན་པོས་འཕགས། །ཞེས་བཤད་དོ། །རྣམ་པ་གཅིག་ཏུ་ན་བཅོམ་ལྡན་འདས་ཀྱི་ཡོན་ཏན་བསྟན་པ་དང་བཤད་པ་དག་གིས་ཅི་རིགས་པར་སེམས་ཅན་ཐམས་ཅད་ཀྱི་བླ་མ་ཉིད་དུ་བསྟན་ཏེ། སྐྱེས་བུ་ཁྱུ་མཆོག་ཆེན་པོ་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལའང་མེད། །ཅེས་བྱ་བ་ནི་བསྟན་པའོ། །ལྷག་མ་ནི་དེ་གཉིས་ཀྱི་སོ་སོའི་བཤད་པ་སྟེ། འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་ཞེས་བྱ་བ་ནི་ས་ལའོ། །རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན། །ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་མེད། །ཅེས་པ་ནི་ལྷའི་ཡུལ་ནའོ། །ཕྱོགས་དང་ཕྱོགས་མཚམས་དག་ནའང་མེད་པ་ནི་སའི་སྟེང་ན་སྟེ། ཕྱོགས་ནི་གླིང་བཞི་པ་རྣམས་སོ། །ཕྱོགས་མཚམས་ནི་བར་གྱི་གླིང་བརྒྱད་དོ། །རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པར་ཀུན་ཏུ་བསྐོར་ཀྱང་ཞེས་བྱ་བ་ནི་རི་གཉའ་ཤིང་འཛིན་ནས་བཟུང་སྟེ་ཁོར་ཡུག་ཆེན་པོའི་བར་ཐམས་ཅད་དོ། །བསྡུས་པའི་དོན་ནི་ཚིགས་སུ་བཅད་པ་འདིས་བཅོམ་ལྡན་འདས་ཁམས་གསུམ་ལས་ཁྱད་པར་དུ་འཕགས་པ་ཉིད་དུ་བསྟན་ཏེ། ལྷ་ཡུལ་ས་ལའང་མེད་ཅེས་བྱ་བས་ནི་ས་གསུམ་ལས་ཁྱད་པར་དུ་འཕགས་པ་ཉིད་དོ། །གཞན་གྱིས་ནི་འདོད་པའི་ཁམས་ལས་ཁྱད་པར་དུ་འཕགས་པ་ཉིད་དུ་བསྟན་ཏོ། །ཚིགས་སུ་བཅད་པ་གཅིག་པའི་བཤད་པ། བསྟན་བཅོས་ཚིགས་སུ་བཅད་པ་བསྡུས་པ་ལས་བྱུང་བ། སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།

འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ།
དབྱིག་གཉེན།


DTG113_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གཟུངས་འདི་ནི་དོན་དྲུག་ལས་བརྩམས་ནས་གསུངས་པར་མངོན་ཏེ། ཤེས་རབ་ཡོངས་སུ་རྫོགས་པ་དང༌། སྙིང་རྗེའི་སྟོབས་རྣམ་པར་དག་པ་དང༌། རང་གི་རྒྱུད་རྣམ་པར་དག་པ་དང༌། གཞན་གྱི་སྒྲུབ་པའི་གེགས་ཡོངས་


DTG113_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཤེས་པ་དང༌། བྱང་ཆུབ་ཀྱི་ཚོགས་ཀུན་ཏུ་སྡུད་པ་དང༌། དེའི་འབྲས་བུ་ཡང་དག་པའི་ཡེ་ཤེས་དང་དེ་བཞིན་ཉིད་དོ། །རྣམ་གྲངས་གཞན་ཡང་སྡུག་བསྔལ་བའི་དུས་དང༌། བདེ་བའི་དུས་ན་སེམས་ཅན་གྱི་ཁམས་འཛིན་པ་དང༌། བདག་དང་གཞན་ལ་ཚོགས་ཀྱི་བར་ཆད་ཡོངས་སུ་སྤང་བ་དང༌། ཚོགས་ཀྱི་རྣམ་པ་ཐམས་ཅད་སོགས་པ་དང༌། ཚོགས་བསགས་པ་ཡང་རང་གི་དོན་ཕུན་སུམ་ཚོགས་པ་དང༌། གཞན་གྱི་དོན་ཕུན་སུམ་ཚོགས་པ་ལས་བརྩམས་ནས་བསྟན་ཏོ། །རྣམ་གྲངས་གཞན་དུ་ཡང་རྟོག་སྟེ། ཐམས་ཅད་མཁྱེན་པ་ཉིད་ལས་ལྡོག་པའི་རྒྱུ་ནི་དྲུག་སྟེ། སེམས་ཅན་ལ་མ་ཕྱོགས་ཤིང་འཁོར་བའི་སྡུག་བསྔལ་ལ་ཇི་མི་སྙམ་པ་མེད་པ་དང༌། འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ལ་ཀུན་ཏུ་འཛིན་པའི་སེམས་ཉིད་དང༌། སྒྲིབ་པ་ལ་སོགས་པ་དང༌། མི་དགེ་བའི་གྲོགས་པོས་ཡོངས་སུ་སྐྱོབ་པའི་རྗེས་སུ་འཇུག་པ་དང༌། ཚོགས་མ་བསགས་པ་ཉིད་དང༌། སྲིད་པའི་ཕུན་སུམ་ཚོགས་པ་ལ་སོགས་པ་ལ་གཞོལ་བའི་སེམས་ཟང་ཟིང་དང་བཅས་པ་ཉིད་དེ། དེའི་གཉེན་པོར་གོ་རིམས་བཞིན་དུ་སྒོ་དྲུག་པོ་འདི་དག་རིག་པར་བྱའོ། །དང་པོ་དང་གཉིས་པས་ནི་སྡུག་བསྔལ་དང༌། བདེ་བའི་གནས་སྐབས་ན་སེམས་ཅན་ཡོངས་སུ་མི་གཏོང་བས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་བསྟན་ཏེ། །ལྔ་པས་ནི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་དོ། །གསུམ་པ་དང་བཞི་པས་ནི་གེགས་སེལ་བས་བདག་གི་དེ་གཉིས་ཀ་བསྒྲུབ་པར་ནུས་པའི་ཕྱིར་རོ། །དྲུག་པས་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་པའི་འབྲས་བུ་ཆོས་ཀྱི་སྐུ་ཞེས་བྱ་བ་ཕུལ་དུ་བྱུང་དུ་མེད་པའི་ཕྱིར་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་ཉེ་བར་གནས་པའི་ཕྱིར་འཁོར་བའི་མཐའ་ཇི་སྲིད་པ་ཡིན་པར་རིག་པར་བྱའོ། །རྣམ་པ་གཅིག་ཏུ་ན་རྣམ་གྲངས་གཞན་དུ་ཡང་རྣམ་པ་བཞིས་བསམ་པ་ཡོངས་སུ་དག་པ་བསྟན་ཏེ། ཆོས་ལ་བདག་མེད་པར་རབ་ཏུ་རྟོགས་པས་སེམས་ཅན་ལོག་པར་ཞུགས་པ་དང༌། འཁོར་བའི་སྡུག་བསྔལ་རྣམས་ཀྱིས་མི་གཡོས་པ་ཉིད་དང༌། ཕུན་སུམ་ཚོགས་པའི་དུས་ན་སེམས་ཅན་ལ་ལྟ་བ་དང་བཅས་པ་ལ་ཀུན་ཏུ་རྨོངས་པ་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་མི་འབྱུང་བ་དང༌། རྣམ་པར་གྲོལ་བ་སྟེ་གནས་གྱུར་པའོ། །བླ་ན་མེད་པའི་ཡེ་ཤེས་དང༌། རྣམ་པར་


DTG113_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བ་ལ་སྦྱོར་བ་རྣམ་པར་དག་པའི་འབྲས་བུ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བ་འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པ་ཡང་རུང་གང་ཅི་ཡོད་པ་དེ་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་རྫོགས་ན་བསམ་པ་འབའ་ཞིག་གིས་བླ་ན་མེད་པའི་ཡེ་ཤེས་བསྐྱེད་མི་ནུས་པའི་ཕྱིར་དེ་ཕ་རོལ་ཏུ་ཕྱིན་པའི་འབྲས་བུར་གསུངས་ཏེ་རིགས་མཐུན་པའི་ཕྱིར་བླ་ན་མེད་པའི་ཡེ་ཤེས་ཉིད་བསམ་པ་རྣམ་པར་དག་པའི་འབྲས་བུར་རིགས་སོ། །དེ་གཉིས་ཀའི་འབྲས་བུ་ནི་གཉིས་ཀ་སྟེ། བསམ་པ་དང་སྦྱོར་བ་གཅིག་ལ་གཅིག་ལྟོས་པ་གཉིས་ཤིན་ཏུ་མཐར་ཐུག་པའི་ཕྱིར་རོ། །ཚོགས་ཐམས་ཅད་མི་དམིགས་པའི་རྣམ་པར་ཡོངས་སུ་བསྒོམས་པ་ཡོངས་སུ་བསྡོས་པའི་དབང་གིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང༌། དེ་བཞིན་གཤེགས་པའི་ཡོན་ཏན་གཞན་རྣམས་ཀྱང་འཐོབ་སྟེ། རྒྱུ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་བསམ་པ་ཡོངས་སུ་སྦྱང་བ་འབྲས་བུ་མེད་པ་ཁོ་ནར་འགྱུར་ཏེ། དེ་གཉིས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ཡིན་ནོ། །རྒྱུ་རྣམ་པ་གཉིས་ཀྱང་ཤེས་རབ་དང་སྙིང་རྗེ་མཉམ་པ་ཉིད་ཀྱིས་ཡོངས་སུ་ཟིན་པ་སྟེ། རྣམ་པ་དེ་ཉིད་ཀྱིས་ཡང་དག་པར་བསྒྲུབས་པའི་ཕྱིར་རོ། །ཡོན་ཏན་ནི་དེ་ལྟ་བུས་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔས་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྔོ་བར་བྱའོ། །དེ་ལྟ་བས་ན་འདི་ནི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་ཆེན་པོ་ཞེས་བྱའོ། །དེ་ལྟར་རྣམ་པ་དྲུག་པོ་དེ་དག་གི་བསྒོམས་པ་དེ་དག་གི་ཕན་ཡོན་དྲུག་ཏུ་ཁོང་དུ་ཆུད་པར་བྱ་སྟེ་གོ་རིམས་བཞིན་ནོ། །དགེ་བའི་རྩ་བ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་འཁོར་བར་འཁོར་བ་ན་སྡུག་བསྔལ་སྲབ་མོ་མྱོང་བར་འགྱུར་ཏེ། དེ་ཡོངས་སུ་གཏུགས་པར་མི་འགྱུར་བ་དང༌། ཟད་མི་ཤེས་པ་དང༌། རྒྱ་ཆེ་བའི་རྒྱུན་གྱིས་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་མྱོང་བར་འགྱུར་ཞིང་སེམས་ཅན་གྱི་ཁམས་ཚད་མེད་པ་ཡོངས་སུ་སྨིན་པར་བྱེད་པ་དང༌། སྒྲིབ་པ་མེད་པར་དགེ་བའི་རྩ་བ་རྣམས་མྱུར་དུ་ཡང་དག་པར་སྡུད་པར་བྱེད་ལ། དགེ་བ་ལ་ཀུན་ཏུ་དགའ་ཞིང་དགེ་བ་ལ་མོས་པ་དང༌། བྱང་ཆུབ་སེམས་དཔའ་ལ་འཁྲུལ་བ་ཤིན་ཏུ་ཕྲ་བ་ཡང་མི་སྣང་ཞིང་རབ་ཏུ་རྟོགས་པས་སེལ་བ་དང༌། མྱུར་དུ་ཚོགས་ཡོངས་སུ་


DTG113_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་བྱེད་ཅིང་ཐམས་ཅད་མཁྱེན་པ་ཉིད་མངོན་པར་སྒྲུབ་པའི་ཏིང་ངེ་འཛིན་ཀྱང་ཐོབ་པ་དང༌། འཇིག་རྟེན་ཇི་ཙམ་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་སྣང་སྟེ། དེ་ཡང་སྒྲུབ་པའོ། །འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།

འཕགས་པ་ཆོས་བཞི་པའི་རྣམ་པར་བཤད་པ།
དབྱིག་གཉེན།


DTG113_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཆོས་བཞི་པའི་རྣམ་པར་བཤད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་བཞི་པོ་འདི་དག་ཇི་སྲིད་འཚོའི་བར་དུ་སྲོག་གི་ཕྱིར་ཡང་ཡོངས་སུ་གཏང་བར་མི་བྱའོ་ཞེས་བྱ་བའི་མདོ་འདི་ཅིའི་ཕྱིར་བརྩམས་ཤེ་ན། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཐབས་ལ་མགོ་རྨོངས་པ་རྣམས་ལ་ཡང་དག་པར་བསྟན་པའི་ཕྱིར་དང༌། བག་མེད་པ་རྣམས་ཡང་དག་པར་འཛིན་དུ་གཞུག་པའི་ཕྱིར་དང༌། ཀུན་ཏུ་ཞུམ་པ་རྣམས་ཡང་དག་པར་གཟེངས་བསྟོད་པའི་ཕྱིར་དང༌། ཡང་དག་པར་ཞུགས་པ་རྣམས་ཡང་དག་པར་རབ་ཏུ་དགའ་བར་བྱ་བའི་ཕྱིར་རོ། །བཞི་ཞེས་གྲངས་སྨོས་པ་ནི་རྒྱ་ཆེ་བར་དོགས་ནས་དེ་དག་ཉན་མི་འདོད་པ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་རོ། །གྲངས་སྨོས་ན་བདེ་བླག་ཏུ་དྲན་པའི་ཕྱིར་རོ། །འོག་ནས་འབྱུང་བའི་བཟོད་པ་དང༌། དེས་པ་གཉིས་དགོས་པ་གཅིག་པས་ཐ་མི་དད་པའི་ཕྱིར་རོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་རྣམ་གྲངས་མང་ཡང་མིང་གཉིས་སྨོས་པ་ནི་རྒྱུ་གསུམ་གྱིས་ཏེ། མོས་པ་དང༌། སྦྱོར་བ་དང༌། ཁོང་དུ་ཆུད་པས་སོ། །མོས་པས་ཇི་ལྟ་བུ་ཞེ་ན། ཤེས་བྱ་ཟབ་མོ་ལ་མོས་པའི་ཕྱིར་བྱང་ཆུབ་སེམས་དཔའོ། །མཐུ་ཆེན་པོ་ལ་མོས་པའི་ཕྱིར་སེམས་དཔའ་ཆེན་པོའོ། །སྦྱོར་བས་ཇི་ལྟ་བུ་ཞེ་ན། བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་རབ་ཏུ་བརྩོན་པའི་ཕྱིར་དང༌། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཡོངས་སུ་བསྐྱབ་པའི་ཕྱིར་རོ། །ཁོང་དུ་ཆུད་པས་ཇི་ལྟ་བུ་ཞེ་ན། སྟོབས་གཉིས་ཀྱིས་བྱང་ཆུབ་རྟོགས་པར་འགྱུར་བའི་ཕྱིར་ཏེ། གཉིས་གང་ཞེ་ན། བློའི་སྟོབས་དང༌། བརྩོན་འགྲུས་ཀྱི་སྟོབས་ཏེ། མི་ཤེས་པ་དང༌། བརྩོན་འགྲུས་ཆུད་དུས་ནི་བྱང་ཆུབ་རྟོགས་པར་མི་ནུས་སོ། །ཇི་སྲིད་འཚོའི་


DTG113_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་ཡོངས་སུ་གཏང་བར་མི་བྱའོ་ཞེས་བྱ་བས་ནི། ཆོས་དེ་རྣམས་ལ་རྒྱུན་དུ་བྱ་བ་ཉིད་སྟོན་ཏོ། །སྲོག་གི་ཕྱིར་ཡང་ཞེས་བྱ་བས་ནི་གུས་པར་བྱ་བ་ཉིད་དོ། །ཅིའི་ཕྱིར་ཆོས་བཞི་ཞེས་བྱ་སྟེ། མི་ཉུང་མི་མང་ཞེ་ན། བྱང་ཆུབ་ཀྱི་ཚོགས་ཀྱི་བར་ཆད་བྱེད་པའི་ཆོས་བཞི་སྟེ། དེ་དག་གི་གཉེན་པོར་བཞིའོ་བར་ཆད་བྱེད་པའི་ཆོས་བཞི་པོ་དག་གང་ཞེ་ན། དོན་དུ་མི་གཉེར་བ་ཉིད་དང༌། ཐབས་མི་ཤེས་པ་ཉིད་དང༌། སེམས་ཅན་ལ་མི་ཕྱོགས་པ་ཉིད་དང༌། ཡུལ་ལ་མངོན་དུ་ཕྱོགས་པ་ཉིད་དོ། །ཡང་བཞི་སྟེ། མི་རྩོམ་པ་དང༌། ལོག་པར་རྩོམ་པ་དང༌། རྩོམ་པ་གཏོང་བ་དང༌། རྩོམ་པ་ལ་རྣམ་པར་གཡེང་བའོ། །ཡང་བྱང་ཆུབ་ཀྱི་ཚོགས་དང་མཐུན་པའི་ཆོས་བཞི་སྟེ། དེ་དག་གི་གཞིའི་ཕྱིར་བཞིའོ། །བྱང་ཆུབ་ཀྱི་ཚོགས་དང་མཐུན་པའི་ཆོས་བཞི་པོ་དག་གང་ཞེ་ན། གདམས་ངག་དང་རྗེས་སུ་བསྟན་པ་འདོད་པ་ཉིད་དང༌། དེ་འཐོབ་པ་དང༌། དེའི་སྣོད་ཉིད་དང༌། དེ་གྲུབ་པའོ།། ཡང་བཞི་སྟེ། དོན་དུ་གཉེར་བ་ཉིད་དང༌། ཐབས་ཤེས་པ་ཉིད་དང༌། སྒྲུབ་པ་སྟེ། དེ་ལ་སྒྲུབ་པ་ནི་རྣམ་པ་གཉིས་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང༌། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པའོ། །ཡང་བཞི་སྟེ། འཁོར་པ་ཡོངས་སུ་མི་གཏོང་བ་དང༌། དེ་ན་ཀུན་ནས་ཉོན་མོངས་པ་མེད་པ་དང༌། སེམས་ཅན་སྡུད་པ་དང༌། བརྩོན་འགྲུས་སྦྱངས་པ་ཉིད་དོ། །ཡང་རྒྱུ་བཞི་པོ་དག་གིས་བགྲོད་དཀའ་བའི་ལམ་ལས་རྒལ་བར་བྱེད་པ་ཡིན་ཏེ། འགྲོ་བར་འདོད་པ་ཉིད་དང༌། ལམ་ཤེས་པ་ཉིད་དང༌། ཡི་ཆད་པས་ཇི་མི་སྙམ་པ་ཉིད་དང༌། བག་ཡོད་པ་ཉིད་ཀྱིས་སོ། །དེ་ལྟར་ན་འཁོར་བའི་ལམ་ལས་རྒལ་བར་བྱེད་པ་ཡིན་ཏེ། དེ་དག་གི་གཞིའི་ཕྱིར་བཞིའོ། །ཅིའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་བརྩོན་པ་ལ་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་ཞེ་ན། ལྟག་ན་མེད་པ་ཉིད་དུ་མིང་རྣམ་པར་གཞག་པའི་ཕྱིར་ཏེ་སྣང་བྱེད་བཞིན་ནོ། །དོན་མདོར་བསྡུ་ན་བཅོམ་ལྡན་འདས་ཀྱིས་མདོ་སྡེ་འདིར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་རྗེས་སུ་མཐུན་པའི་ལས་དང༌། ཇི་ལྟར་དེའི་འབྲས་བུ་མེད་པར་མི་འགྱུར་བ་དེ་ཡོངས་སུ་བསྟན་ཏོ། །འཕགས་པ་ཆོས་བཞི་པའི་རྣམ་པར་བཤད་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།

འཕགས་པ་ཆོས་བཞི་པའི་རྣམ་པར་བཤད་པ།
ཡེ་ཤེས་སྦྱིན།


DTG113_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཆོས་བཞི་པའི་རྣམ་པར་བཤད་པའི་རྒྱ་ཆེར་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཆོས་བཞི་པོ་ཡི་མདོ་སྡེ་ནི། །མཁས་པ་དག་གིས་བཤད་ཀྱིས་ཀྱང༌། །ཤེས་རབ་ཆུང་དུ་དགའ་བྱའི་ཕྱིར། །བདག་གིས་ཀྱང་ནི་ཡང་དག་བཤད། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང༌། བྱང་ཆུབ་སེམས་དཔའ་རབ་ཏུ་མང་པོ་དག་དང་ཐབས་ཅིག་ཏུ་བཞུགས་ཏེ་ཞེས་བྱ་བ་ནི་གླེང་གཞིའོ། །ཅིའི་ཕྱིར་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་ཤེ་ན། ཆོས་འདི་ཁྱིམ་གྱི་གནས་ནས་མངོན་པར་འབྱུང་བ་རྣམས་ཀྱི་ཡིན་པར་བསྟན་པའི་ཕྱིར་རོ། །དེ་བས་ན་དགེ་སློང་རྣམས་ལ་བཀའ་སྩལ་ཏེ། རབ་ཏུ་བྱུང་བ་རྣམས་ཀྱིས་ཆོས་འདི་བསྒྲུབ་ནུས་སོ་ཞེས་བསྟན་པའི་ཕྱིར་གསུངས་སོ། །དགེ་སློང་གི་དགེ་འདུན་ཆེན་པོ་འདི་གྲངས་ཀྱི་ཕལ་ཆེ་བ་ཉིད་ལ་བསྟན་པ་སྟེ། དེ་ནི་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུ་ཞེས་གསུངས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་བ། དགེ་སློང་དག་ཅེས་བྱ་བ་དང༌། བཅོམ་ལྡན་འདས་ཞེས་བྱ་བ་ནི། དགེ་སློང་དག་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང༌། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་བཞི་པོ་འདི་དག །ཇི་སྲིད་འཚོའི་བར་དུ་སྲོག་གི་ཕྱིར་ཡང་ཡོངས་སུ་གཏང་བར་མི་བྱའོ་ཞེས་བྱ་བའི་མདོ་འདི་ཅིའི་ཕྱིར་བརྩམས་ཤེ་ན་ཞེས་བྱ་བ་ནི་ཅི་དགོས་ཞེས་བྱ་བའི་ཐ་ཚིག་གོ །དགོས་པ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཐབས་ལ་མགོ་རྨོངས་པ་རྣམས་ལ་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་དང༌། བག་མེད་པ་རྣམས་ཡང་དག་པར་འཛིན་དུ་གཞུག་པའི་ཕྱིར་དང༌། ཀུན་ཏུ་ཞུམ་པ་རྣམས་ཡང་དག་པར་ཞུགས་པར་གཟེངས་བསྟོད་པའི་ཕྱིར་དང༌། ཡང་དག་པར་ཞུགས་པ་རྣམས་ཡང་དག་པར་རབ་ཏུ་དགའ་བར་བྱ་བའི་ཕྱིར་རོ་ཞེས་སྨོས་སོ། །དེས་ནི་དགོས་པ་བཞི་བསྟན་པ་ཡིན་ཏེ། འདི་ལྟ་སྟེ། ཡང་དག་པར་བསྟན་པ་དང༌། ཡང་


DTG113_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་འཛིན་དུ་གཞུག་པ་དང༌། ཡང་དག་པར་གཟེངས་བསྟོད་པ་དང༌། ཡང་དག་པར་རབ་ཏུ་དགའ་བར་བྱ་བའོ། །གང་དག་ལ་ཡང་དག་པར་བསྟན་པའི་ཕྱིར་སྙམ་པ་ལ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཐབས་ལ་མགོ་རྨོངས་པ་ལ་ཞེས་བྱ་བ་སྨོས་སོ། །བླ་ན་མེད་པའི་བྱང་ཆུབ་ནི་སངས་རྒྱས་ཀྱི་བྱང་ཆུབ་སྟེ། དེ་ཐོབ་པར་བྱ་བའི་ཐབས་ལ་གང་དག་མགོ་རྨོངས་པ་དེ་དག་ལ་ཡང་དག་པར་བསྟན་པའི་ཕྱིར་རོ། །གང་དག་ཐོབ་པར་བྱ་བའི་ཐབས་མཐོང་ཡང་བག་མེད་དེ་མི་བསྒྲུབས་པས་བག་མེད་པ་དེ་དག་ཡང་དག་པར་འཛིན་དུ་གཞུག་པའི་ཕྱིར་ཞེས་བྱ་བ་ནི་སློང་དུ་གཞུག་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །གང་དག་ཡང་དག་པར་ཞུགས་ཀྱང་ལེ་ལོ་ཆེ་བའི་ཕྱིར་ཞན་བཞིན་དུ་འཇུག་པ་དེ་དག་ནི་ཀུན་ཏུ་ཞུམ་པ་ཞེས་བྱ་སྟེ། ཀུན་ཏུ་ཞུམ་པ་དེ་དག་ཀྱང་ཡང་དག་པར་གཟེངས་བསྟོད་པའི་ཕྱིར་ཞེས་བྱ་བ་ནི་བརྩོན་འགྲུས་ཆེར་ཞེས་བྱ་བའི་ཐ་ཚིག་གོ །གང་དག་བརྩོན་འགྲུས་བརྩམས་ཏེ་ཆོས་འདི་དག་ལ་གནས་པ་དེ་དག་ནི་ཡང་དག་པར་ཞུགས་པ་རྣམས་ཞེས་བྱ་སྟེ། ཡང་དག་པར་ཞུགས་པ་དེ་དག་ཡང་དག་པར་རབ་ཏུ་དགའ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི། དགའ་བའི་བྱེ་བྲག་སྐྱེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །དགོས་པ་འདི་དག་ནི་མདོ་སྡེ་ཐམས་ཅད་ལ་ཡང་ཅི་རིགས་པར་འགྱུར་རོ། །ཅིའི་ཕྱིར་བཞི་ཞེས་གྲངས་མཛད་སྙམ་པ་ལ། བཞི་ཞེས་གྲངས་སྨོས་པ་ནི་རྒྱ་ཆེ་བར་དོགས་ནས་དེ་དག་ཉན་མི་འདོད་པ་ཡོངས་སུ་སྤང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་པ་ནི་བློ་ཞན་པ་གང་དག་རྒྱ་ཆེ་བ་ལ་མགོ་རྨོངས་པར་གྱུར་པ་དེ་དག་ལ་གྲངས་སྨོས་པ་མེད་ན་རྒྱ་ཆེ་བར་དོགས་པ་སྐྱེའོ། །དོགས་པ་དེས་དེ་དག་ཆོས་དེ་ལ་ཉན་མི་འདོད་པ་སྐྱེ་བར་འགྱུར་ཏེ། དེ་བས་ན་དེ་སྤང་བའི་ཕྱིར་གྲངས་སྨོས་པ་མཛད་དོ། །རྒྱུ་གཉིས་པ་སྟེ། གྲངས་སྨོས་ན་བདེ་བླག་ཏུ་དྲན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་པ་ནི་ཆོས་གང་དག་གྲངས་སྨོས་པ་དེ་དག་བདེ་བླག་ཏུ་ཟིན་པར་འགྱུར་གྱི་གཞན་དུ་ན་སེམས་རྣམ་པར་འཁྲུགས་པར་འགྱུར་བས་རྣམ་གྲངས་སྨོས་སོ། །རྒྱུ་གསུམ་པ་སྟེ། འོག་ནས་འབྱུང་བའི་བཟོད་པ་དང༌། ངེས་པ་གཉིས་དགོས་པ་གཅིག་པས་ཐ་མི་དད་པའི་ཕྱིར་རོ་ཞེས་སྨོས་པ་ནི་གལ་ཏེ་བཞི་ཞེས་གྲངས་མ་སྨོས་ན་བཟོད་པ་དང༌། ངེས་པ་གཉིས་མི་རྟོགས་པར་འགྱུར་རོ། །ཅིའི་ཕྱིར་དེ་གཉིས་


DTG113_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མི་དད་ཅེ་ན། དགོས་པ་གཅིག་པས་ཞེས་སྨོས་ཏེ། དགོས་པ་གཅིག་པའི་ཕྱིར་དེ་གཉིས་ཐ་མི་དད་པར་འདོད་དོ། །དེ་ཐོབ་པར་མི་འགྱུར་བར་བྱ་བའི་ཕྱིར་གྲངས་སྨོས་པར་མཛད་དོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་རྣམ་གྲངས་མང་ཡང་ཞེས་བྱ་བ་ནི་གང་དག་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཞུགས་པ་དེ་དག་ལ་མིང་མང་ཡང་ཞེས་བྱ་བ་སྟེ། དཔེར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །བློ་དང་ལྡན་པ་གསལ་བའི་མཆོག། རྒྱལ་སྲས་རྒྱལ་བ་ཉིད་དང་ནི། །རྒྱལ་གཞི་རྒྱལ་བའི་མྱུ་གུ་དང༌། །རྩལ་དང་ལྡན་པ་ངོ་མཚར་བ། །དེ་དཔོན་གྲགས་པ་ཆེན་པོ་དང༌། །ཐུགས་རྗེ་ལྡན་དང་བསོད་ནམས་ཆེ། །དབང་ཕྱུག་དེ་བཞིན་ཆོས་ཅན་ནོ། །ཞེས་བཤད་པ་ལྟ་བུའོ། །དེ་ལྟར་རྣམ་གྲངས་མང་ན་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་མིང་གཉིས་སྨོས་ཤེ་ན། དེའི་ཕྱིར་རྒྱུ་གསུམ་གྱིས་ཞེས་བྱ་བ་སྨོས་ཏེ། གསུམ་གང་ཞེ་ན། མོས་པ་དང༌། སྦྱོར་བ་དང༌། ཁོང་དུ་ཆུད་པས་སོ། །མོས་པས་ཇི་ལྟ་བུ་ཞེ་ན། ཤེས་བྱ་ཟབ་མོ་ལ་མོས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལ་ཟབ་མོ་ནི་གང་ཟག་དང་ཆོས་ལ་བདག་མེད་པ་ཉིད་དོ། །དེ་རྟོགས་པ་ནི་བྱང་ཆུབ་སེམས་དཔའ་སྟེ་དེ་ལ་མོས་པའོ། །སེམས་དཔའ་ནི་དེ་ལ་སེམས་པས་བྱང་ཆུབ་སེམས་དཔའོ། །མཐུ་ཆེན་པོ་ལ་མོས་པའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བྱ་བ་དེ་ལ་མཐུ་ཆེན་པོ་ནི་གང་སུའི་ལུངཾ་བུ་རེ་རེ་ནས་ཀྱང་སངས་རྒྱས་ཀྱི་ཞིང་དུ་མ་འཇིག་པ་དང་འཆགས་པའི་བསྐལ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་དེ་ལ་མོས་པས་ན་སེམས་ཅན་དེ་ཆེ་བས་སེམས་དཔའ་ཆེན་པོའོ། །སྦྱོར་བས་ཇི་ལྟ་བུ་ཞེ་ན། བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་རབ་ཏུ་བརྩོན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། བྱང་ཆུབ་ལ་རབ་ཏུ་བརྩོན་པའི་སེམས་ཅན་ནི་བྱང་ཆུབ་སེམས་དཔའོ། །སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཡོངས་སུ་བསྐྱབ་པའི་ཕྱིར་ཞེས་བྱ་བ་ནི་རབ་ཏུ་བརྩོན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་སྦྱར་བར་བྱ་སྟེ། སེམས་ཅན་གྱི་ཚོགས་ཆེན་པོ་མྱ་ངན་ལས་ཟློ་པའི་ཕྱིར་རབ་ཏུ་བརྩོན་པའི་


DTG113_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ནི་ངེས་པའི་ཚིག་གི་ཚུལ་གྱིས་སེམས་དཔའ་ཆེན་པོ་ཞེས་བྱའོ། །ཁོང་དུ་ཆུད་པ་ཇི་ལྟ་བུ་ཞེ་ན། སྟོབས་གཉིས་ཀྱིས་བྱང་ཆུབ་རྟོགས་པར་འགྱུར་བའི་ཕྱིར་ཏེ་ཞེས་བྱ་བ་ནི་གང་གི་ཕྱིར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཆོས་གཉིས་དང་ལྡན་ན་བྱང་ཆུབ་རྟོགས་པར་འགྱུར་ཏེ། དེ་བས་ན་གཉིས་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ། །གཉིས་གང་ཞེ་ན། བློའི་སྟོབས་དང༌། བརྩོན་འགྲུས་ཀྱི་སྟོབས་ཏེ་ཞེས་བྱ་བ་སྨོས་ཏེ། བློ་ཉིད་དང༌། བརྩོན་འགྲུས་ཉིད་སྟོབས་ཞེས་ཚིག་རྣམ་པར་སྦྱོར་རོ། །བློ་དེ་དང་ལྡན་པའི་སེམས་ཅན་ནི་མི་མཐུན་པའི་ཕྱོགས་ཀྱི་ཟིལ་གྱིས་མི་ནོན་པས་བྱང་ཆུབ་སེམས་དཔའོ། །བརྩོན་འགྲུས་ནི་ཆེ་བར་འགྱུར་བའི་རྒྱུ་ཡིན་པས་དེ་དང་ལྡན་པའི་སེམས་ཅན་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱའོ། །སྟོབས་གཉིས་ཀྱིས་བྱང་ཆུབ་རྟོགས་པར་ཇི་ལྟར་ཤེས་ཤེ་ན། མི་ཤེས་པ་དང༌། བརྩོན་འགྲུས་ཆུང་དུས་ནི་བྱང་ཆུབ་རྟོགས་པར་མི་ནུས་སོ་ཞེས་བཤད་པ་སྟེ། དེ་བས་ན་དེ་ལྟར་རྒྱུ་གསུམ་གྱིས་མིང་གཉིས་སྨོས་པ་མཛད་དོ། །དེ་ནི་འདི་སྐད་དུ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་རྣམ་གྲངས་མང་དུ་ཟིན་ཀྱང་འདིར་ཇི་སྐད་སྨོས་པའི་མོས་པ་དང༌། སྦྱོར་བ་དང༌། རྟོགས་པ་དང་ལྡན་པ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། དེ་གཉིས་སྟོན་པའི་ཕྱིར་སྨོས་སོ་ཞེས་བསྟན་པར་འགྱུར་རོ། །ཇི་སྲིད་འཚོའི་བར་དུ་ཡོངས་སུ་གཏང་བར་མི་བྱའོ་ཞེས་བྱ་བས་ནི་ཆོས་དེ་རྣམས་ལ་རྒྱུན་དུ་བྱ་བ་ཉིད་སྟོན་ཏོ་ཞེས་བྱ་བས་ནི་ཆོས་དེ་དག་ལ་རྟག་ཏུ་བསྟེན་ན་ཇི་སྐད་བཤད་པ་བཞིན་དུ་ཐོབ་པར་བསྟན་པའོ། །ཡོན་ཏན་དེ་ཡང་འོག་ནས་ཚིགས་སུ་བཅད་དེ། མཁས་འདིར་ཆོས་འདི་དག་ལ་རྟག་གནས་ན། །བདུད་རྣམས་བཅོམ་སྟེ་བྱང་ཆུབ་འཚང་རྒྱའོ། །ཞེས་གསུངས་པའོ། །སྲོག་གི་ཕྱིར་ཡང་ཞེས་བྱ་བས་ནི་གུས་པར་བྱ་བ་ཉིད་དེ། གུས་པར་བྱ་བ་ནི་ཆོས་བཞི་པོ་འདི་དག་ལ་བྱ་བར་བསྟན་པར་སྦྱར་ཏེ། བསྟི་སྟང་དུ་བྱ་ཞིང་གུས་པ་དང་བཅས་པས་བསྟན་ན་ཡོན་ཏན་རྣམས་ཐོབ་པར་བསྟན་ཏོ། །ཅིའི་ཕྱིར་ཆོས་བཞི་ཞེས་བྱ་ཞེ་ན་ཞེས་བྱ་བ་ནི་བཞི་པོ་འདི་ཉིད་དེ་ཞེས་བྱ་བའི་ཐ་ཚིག་སྟེ། མི་ཉུང་མི་མང་ཞེས་བྱ་བར་སྦྱོར་རོ། །ལན་དུ་བྱང་ཆུབ་ཀྱི་ཚོགས་ཀྱི་བར་ཆད་བྱེད་པའི་ཆོས་བཞི་སྟེ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་བྱང་


DTG113_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའི་ཚོགས་ལ་བར་ཆད་བྱེད་པ་བཞི་ཁོ་ན་སྟེ། མི་ཉུང་མི་མང་ལ་དེ་དག་གི་གཉེན་པོར་བཤད་པས་བཞི་ཉིད་དུ་འགྱུར་ཏེ། ཉུང་བ་ཡང་མ་ཡིན་མང་བ་ཡང་མ་ཡིན་ནོ། །བར་ཆད་བྱེད་པ་དེ་དག་གང་ཡིན་སྙམ་པ་ལ་དོན་དུ་མི་གཉེར་བ་ཉིད་དང༌། ཐབས་མི་ཤེས་པ་ཉིད་དང༌། སེམས་ཅན་ལ་མི་ཕྱོགས་པ་ཉིད་དང༌། ཡུལ་ལ་མངོན་དུ་ཕྱོགས་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། དེ་ལ་རེ་ཞིག་དོན་དུ་མི་གཉེར་བ་ཉིད་ཀྱི་གཉེན་པོར་ནི་འདི་ལྟ་སྟེ། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ་བྱང་ཆུབ་ཀྱི་སེམས་སྲོག་གི་ཕྱིར་ཡང་ཡོངས་སུ་གཏང་བར་མི་བྱ་ཞེས་གསུངས་པ་སྟེ། བྱང་ཆུབ་ཀྱི་སེམས་ནི་དོན་དུ་གཉེར་བའི་ངོ་བོ་ཡིན་པས་མི་འདོད་པ་ཉིད་བཟློག་པར་འགྱུར་རོ། །ཐབས་མི་ཤེས་པ་ཉིད་ཀྱི་གཉེན་པོར་ནི་འདི་ལྟར་དགེ་བའི་བཤེས་གཉེན་ཡོངས་སུ་གཏང་བར་མི་བྱ་ཞེས་གསུངས་པ་སྟེ། དེ་ལ་བརྟེན་ནས་ཐབས་ཤེས་པ་ཉིད་ཐོབ་པར་འགྱུར་བའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ནི་བྱང་ཆུབ་སེམས་དཔའ་རྣམས་དང་སངས་རྒྱས་རྣམས་ཏེ། དཔེར་ན་བྱང་ཆུབ་སེམས་དཔའི་ཆོས་སྨྲ་བའི་དགེ་བའི་བཤེས་གཉེན་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ཞེས་གསུངས་པ་ལྟ་བུའོ། །སེམས་ཅན་ལ་མི་ཕྱོགས་པ་ཉིད་ཀྱི་གཉེན་པོར་འདི་ལྟར་བཟོད་པ་དང༌། དེས་པ་ཡོངས་སུ་གཏང་བར་མི་བྱ་ཞེས་གསུངས་པ་སྟེ། དེ་ལ་བཟོད་པ་ནི་ཕ་རོལ་གྱི་གནོད་པ་བྱས་པ་ལ་བཟོད་པའོ། །དེས་པ་ནི་ཕ་རོལ་ལ་གནོད་པ་མི་བྱེད་པ་སྟེ། བདག་གི་སེམས་རྣམ་པར་དག་པ་དང༌། གཞན་གྱི་སེམས་རྗེས་སུ་སྲུང་བ་དང༌། གོ་རིམས་བཞིན་ནོ། །དེ་ལྟར་སྡུག་བསྔལ་དང་གནོད་པ་འདོད་པའི་གཉེན་པོས་སེམས་ཅན་ལ་མི་ཕྱོགས་པ་ཉིད་ཀྱི་གཉེན་པོར་གྱུར་བ་ཡིན་ནོ། །ཡུལ་མངོན་དུ་ཕྱོགས་པའི་གཉེན་པོར་ནི་འདི་ལྟར་དགོན་པ་ལ་གནས་པ་ཡོངས་སུ་གཏང་བར་མི་བྱ་ཞེས་གསུངས་པ་སྟེ། དེ་ན་བུད་མེད་ཀྱི་གཟུགས་ལ་སོགས་པ་ཆགས་པར་འགྱུར་བ་རྣམས་མེད་པའི་ཕྱིར་རོ། །འདྲེ་བ་མེད་པས་མངོན་དུ་ཕྱོགས་པའི་གཉེན་པོར་འགྱུར་བ་ཡིན་ནོ། །ཡང་བཞི་སྟེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་བར་


DTG113_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་བྱེད་པའི་ཆོས་བཞི་ཞེས་བྱ་བར་བསྙེགས་སོ། །བཞི་གང་ཞེ་ན། འདི་ལྟ་སྟེ། མི་རྩོམ་པ་དང༌། ལོག་པར་རྩོམ་པ་དང༌། རྩོམ་པ་གཏོང་བ་དང༌། རྩོམ་པ་ལ་རྣམ་པར་གཡེང་བའོ། །དེ་ལ་མི་རྩོམ་པའི་གཉེན་པོར་ནི་འདི་ལྟར་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཏང་བར་མི་བྱ་ཞེས་གསུངས་པ་སྟེ། བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་ལ་རྩོལ་བར་འགྱུར་བའི་ཕྱིར་མི་རྩོམ་པའི་གཉེན་པོ་ཉིད་ཡིན་པར་རིག་པར་བྱའོ། །ལོག་པར་རྩོམ་པའི་གཉེན་པོར་ནི་འདི་ལྟར་དགེ་བའི་བཤེས་གཉེན་ཡོངས་སུ་གཏང་བར་མི་བྱ་ཞེས་གསུངས་པ་སྟེ། དགེ་བའི་བཤེས་གཉེན་ནི་ཡང་དག་པའི་རྩོམ་པའི་རྒྱུར་གྱུར་བའི་ཕྱིར་ཏེ་འདི་ལྟར་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་རྣམས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་དང་འཁོར་བའི་གཉེན་པོའི་ཆོས་སྟོན་པའོ། །དེ་བས་ན་དགེ་བའི་བཤེས་གཉེན་རྣམས་ཡིན་གྱི་དེ་ལྟ་མ་ཡིན་ན་ནི་མཛའ་བཤེས་ངན་པ་རྣམས་སུ་འགྱུར་ཏེ། དཔེར་ན་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་མཛའ་བཤེས་ངན་པ་གྲོགས་ངན་པ་སྟེ། ཉན་ཐོས་ཀྱི་ཐེག་པ་ཅན་བདག་ལ་ཕན་པའི་ཕྱིར་ཞུགས་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་ཅན་དོན་ཉུང་ཞིང་བྱ་བ་ཉུང་བ་དང༌། འཇིག་རྟེན་རྒྱང་པན་པ་གསང་ཚིག་གི་སྤོབས་པ་སྣ་ཚོགས་ཅན་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །རྩོམ་པ་གཏོང་བ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཏོང་བ་སྟེ། དེའི་གཉེན་པོར་བཟོད་པ་དང༌། ངེས་པ་ཡོངས་སུ་གཏང་བར་མི་བྱ་ཞེས་གསུངས་པ་སྟེ། བཟོད་པ་དང་དེས་པ་མེད་ན་གྲང་བ་ལ་སོགས་པ་ལས་བྱུང་བ་དང༌། གཞན་གྱི་གནོད་པ་ལས་བྱུང་བའི་སྡུག་བསྔལ་གྱི་བྱེ་བྲག་གིས་གཟིར་བར་འགྱུར་ན་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཏོང་བར་འགྱུར་བས་རྩོམ་པ་གཏོང་བའི་གཉེན་པོ་ནི་བཟོད་པ་དང་ངེས་པའོ། །རྩོམ་པ་ལ་རྣམ་པར་གཡེང་བའི་གཉེན་པོར་དགོན་པ་ལ་གནས་པ་ཡོངས་སུ་གཏང་བར་མི་བྱ་ཞེས་གསུངས་པ་སྟེ། བྱང་ཆུབ་ཀྱི་སེམས་ཡོད་དུ་ཟིན་ཀྱང་ལུས་ཀྱི་སེམས་རྣམ་པར་གཡེངས་ན་བྱང་ཆུབ་རྟོགས་པར་མི་ནུས་ཀྱི། ཡུལ་ཡོངས་སུ་བཏང་བས་དགོན་པ་ལ་དགའ་བར་གྱུར་ན་རྟོགས་པར་འགྱུར་ཏེ། དཔེར་ན་དགོན་པར་མངོན་པར་དགྱེས་པའི་རྒྱལ་བས་བྱང་ཆུབ་བརྙེས་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཡང་


DTG113_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་ཚོགས་དང་མཐུན་པའི་ཆོས་བཞི་སྟེ། དེ་དག་གི་གཞིའི་ཕྱིར་བཞི་ཡིན་པས་མི་ཉུང་མི་མང་ངོ་ཞེས་སྦྱར་རོ། །བྱང་ཆུབ་ཀྱི་ཚོགས་དང་མཐུན་པའི་ཆོས་བཞི་པོ་དག་གང་ཞེ་ན། གདམས་ངག་དང་རྗེས་སུ་བསྟན་པ་འདོད་པ་ཉིད་དང༌། དེ་འཐོབ་པ་དང། དེའི་སྣོད་ཉིད་དང༌། དེ་སྒྲུབ་པའོ། །བཞི་པོ་དེ་དག་ནི་བྱང་ཆུབ་ཀྱི་ཚོགས་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་རྗེས་སུ་མཐུན་པ་དེ་སྒྲུབ་པར་བྱེད་པའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བ་ནི་གདམས་ངག་དང་རྗེས་སུ་བསྟན་པ་ཉིད་ཀྱི་ཕྱིར་ཡིན་ཏེ། འདི་ལྟར་བྱང་ཆུབ་ཀྱི་སེམས་མ་བཏང་ན་བྱང་ཆུབ་སེམས་དཔའ་རྣམས་དགེ་བའི་བཤེས་གཉེན་ལ་གདམས་ངག་དང་རྗེས་སུ་བསྟན་པ་ནོད་པར་འདོད་དེ། དཔེར་ན་འཕགས་པ་ནོར་བཟངས་ལྟ་བུའོ། །དེ་འཐོབ་པ་ཞེས་བྱ་བ་ནི་གདམས་ངག་དང་རྗེས་སུ་བསྟན་པ་འཐོབ་པ་སྟེ། དེ་ཡང་དགེ་བའི་བཤེས་གཉེན་ལ་བརྟེན་ནས་དེ་གཉིས་འཐོབ་པའི་ཕྱིར་རོ། །དེའི་སྣོད་ཉིད་ཅེས་བྱ་བ་ནི་དེ་གཉིས་ཀྱི་སྣོད་ཉིད་དེ། གདམས་ངག་རྗེས་སུ་བསྟན་པའི་སྣོད་ཅེས་བྱ་བའི་ཐ་ཚིག་གོ །དེའི་གཞི་ནི་བཟོད་པ་དང་དེས་པའོ། །དེའི་སྒྲུབ་པ་ཞེས་བྱ་བ་ནི་གདམས་ངག་དང་རྗེས་སུ་བསྟན་པ་དེ་གཉིས་སྒྲུབ་ཅེས་བྱ་བའི་ཐ་ཚིག་སྟེ། དེའི་གཞི་ནི་དགོན་པ་ལ་གནས་པ་ལ་བྱའོ། །དེ་ནི་ཞི་གནས་དང་ལྷག་མཐོང་དང་ཚུལ་ཁྲིམས་ཡང་དག་པར་འགྲུབ་པའི་རྒྱུ་ཡིན་ནོ། །གྲོང་ནི་འཕྲལ་གྱི་བྱ་བ་མང་བའི་ཕྱིར་མ་ཡིན་ནོ། །ཡང་བྱང་ཆུབ་ཀྱི་ཚོགས་དང་མཐུན་པའི་ཆོས་བཞི་སྟེ། དེ་དག་གི་གཞིའི་ཕྱིར་བཞི་ཞེས་བྱ་བར་སྦྱར་རོ། །བཞི་པོ་དག་གང་ཞེ་ན། དོན་དུ་གཉེར་བ་ཉིད་དང༌། ཐབས་ཤེས་པ་ཉིད་དང༌། སྒྲུབ་པ་སྟེ། དེ་ལ་སྒྲུབ་པ་ནི་རྣམ་པ་གཉིས་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང༌། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པའོ། །དེ་ལ་དོན་དུ་གཉེར་བ་ཉིད་ཀྱི་གཞི་ནི་བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བའོ། །ཉན་ཐོས་དང་རང་སངས་རྒྱས་བྱང་ཆུབ་ཀྱི་སེམས་བཏང་བ་དག་ནི་སངས་རྒྱས་ཀྱི་ཡོན་ཏན་དོན་དུ་གཉེར་བར་མི་འགྱུར་རོ། །ཐབས་ཤེས་པ་ཉིད་ཅེས་བྱ་བ་ནི་སངས་རྒྱས་ཉིད་ཐོབ་པར་བྱེད་པའི་ཐབས་ཤེས་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ །


DTG113_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་གཞི་ནི་དགེ་བའི་བཤེས་གཉེན་ཏེ། དེ་ལས་དེ་ཐོས་པར་འགྱུར་བའི་ཕྱིར་རོ། །སྒྲུབ་པ་ཞེས་བྱ་བའི་སྒྲུབ་པ་སྟེ་བཤད་དོ། །དེ་ལ་སྒྲུབ་པ་ནི་རྣམ་པ་གཉིས་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང༌། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པའོ་ཞེས་བྱ་བ་ལ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་གཞི་ནི་བཟོད་པ་དང་ངེས་པའོ། །སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པའི་གཞི་ནི་གཞན་དགོན་པ་ལ་གནས་པ་སྟེ། སེམས་ཅན་ལོག་པར་ཞུགས་པ་དག་ལ་མི་བཟོད་པའི་ངང་ཚུལ་ཅན་དང༌། འདུ་འཛི་ལ་དགའ་བདག་གིས་ནི་ཡོངས་སུ་སྨིན་པར་བྱེད་པ་གཉིས་སྒྲུབ་པར་མི་ནུས་སོ། །ཡང་བྱང་ཆུབ་ཀྱི་ཚོགས་ཀྱི་རྗེས་སུ་མཐུན་པའི་ཆོས་བཞི་སྟེ། དེ་དག་གི་གཞིའི་ཕྱིར་བཞི་ཞེས་སྦྱར་རོ། །བཞི་པོ་དེ་དག་གང་ཞེ་ན། འཁོར་བ་ཡོངས་སུ་མི་གཏོང་བ་དང༌། དེ་ན་ཀུན་ནས་ཉོན་མོངས་པ་མེད་པ་དང༌། སེམས་ཅན་སྡུད་པ་དང༌། བརྩོན་འགྲུས་སྦྱངས་པ་ཉིད་དོ། །དེ་ལ་འཁོར་བ་ཡོངས་སུ་མི་གཏོང་བའི་གཞི་ནི་བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བའོ། །བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཉིད་དོན་དུ་གཉེར་བའི་ངོ་བོ་ཡིན་པའི་ཕྱིར་ཏེ། དེ་ནི་འཁོར་བ་ཇི་སྲིད་པའི་སེམས་ཅན་གྱི་དོན་ལ་ཞུགས་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་སེམས་བསྐྱེད་པ་གང་ཡིན་པ་དེ་འཁོར་བ་ཡོངས་སུ་མི་གཏོང་བའི་གཞི་སྟེ། དེ་ལ་བརྟེན་ནས་སྨོན་ལམ་ཆེན་པོ་བཅུ་མཐར་ཐུག་པའི་གནས་སྐབས་ཀྱི་མཐར་ཐུག་པར་བྱེད་དོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་གྱི་ཁམས་ཀྱི་མཐའ་གང་དུ་ཐུག་པ་དེའི་མཐར་ཐུག་པར་གྱུར་ཅིག་ཅེས་རྒྱ་ཆེ་བར་འབྱུང་བའོ། །དེ་ལྟར་གྱུར་ན་འཁོར་བ་ཡོངས་སུ་མི་གཏོང་ངོ༌། །དེ་ན་ཀུན་ནས་ཉོན་མོངས་པ་མེད་པ་ཞེས་བྱ་བ་ནི་འཁོར་བ་ནའོ། །དེའི་གཞི་དགེ་བའི་བཤེས་གཉེན་ཏེ། དེ་ལས་ཀུན་ནས་ཉོན་མོངས་པ་མེད་པར་བྱ་བའི་ཐབས་འཐོབ་པའི་ཕྱིར་རོ། །སེམས་ཅན་སྡུད་པ་ཞེས་བྱ་བ་ནི་བསྡུ་པའི་དངོས་པོ་བཞི་པོ་དག་གིས་སེམས་ཅན་སྡུད་ཅེས་བྱ་བའི་ཐ་ཚིག་གོ །དེའི་གཞི་ནི་བཟོད་པ་དང༌། ངེས་པ་སྟེ། ལོག་པར་ཞུགས་པ་ལ་ཇི་མི་སྙམ་པ་ནི་དེ་དག་སྡུད་པར་མི་བྱེད་དོ། །བརྩོན་འགྲུས་སྦྱངས་པ་ཉིད་ཅེས་བྱ་བ་ནི་བརྩོན་འགྲུས་ཡོངས་སུ་


DTG113_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་ཉིད་ཅེས་བྱ་བའི་ཐ་ཚིག་སྟེ། དཔེར་ན་གསེར་བཙོ་མ་ཡོངས་སུ་དག་པར་སྨིན་པ་ལྟ་བུ་སྟེ། དགོན་པ་ལ་གནས་ན་བརྩོན་འགྲུས་ཡོངས་སུ་དག་པར་འགྱུར་བའི་ཕྱིར་དེའི་གཞི་ནི་དགོན་པ་ན་གནས་པའོ། །ཡང་རྒྱུ་བཞི་པོ་དག་གིས་བགྲོད་དཀའ་བའི་ལམ་ལས་རྒལ་བར་བྱེད་པ་ཡིན་ཏེ། བཞི་པོ་གང་ཡིན་སྙམ་པ་ལ། དེའི་ཕྱིར་འགྲོ་བར་འདོད་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྟེ། གང་འགྲོ་བར་གྱུར་བ་དང༌། ལམ་ལ་མཁས་པ་དང༌། སྐོམ་པ་དང་བཀྲེས་པས་ཡི་ཆད་པ་ལ་ཇི་མི་སྙམ་པ་དང༌། ལམ་ཡོངས་སུ་མི་གཏོང་བས་བག་ཡོད་པར་གྱུར་བ་ནི་དེ་བགྲོད་དཀའ་བའི་ལམ་ལས་རྒལ་བར་བྱེད་པའོ། དེ་ལྟར་ན་རྒྱུ་བཞི་པོ་དེ་དག་ཁོ་ནས་འཁོར་བའི་ལམ་ལས་རྒལ་བར་བྱེད་པ་ཡིན་ཏེ། དེ་དག་གི་གཞིའི་ཕྱིར་ཆོས་བཞིར་རིག་པར་བྱའོ། །དེ་ལ་འགྲོ་བར་འདོད་པ་ཉིད་ཀྱི་གཞི་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འགྲོ་བ་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །ལམ་ཤེས་པ་ཉིད་ཀྱི་གཞི་ནི་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ཏེ། དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་ལམ་ཤེས་པ་ཉིད་འཐོབ་པའི་ཕྱིར་རོ། །ཡི་ཆད་པས་ཇི་མི་སྙམ་པའི་གཞི་ནི་བཟོད་པ་དང་དེས་པའོ། །དེ་ལ་ཡི་ཆད་པས་ཇི་མི་སྙམ་པ་འདི་ནི་སྡུག་བསྔལ་གྱི་མི་བཟློག་པའོ། །བཟོད་པ་དང་དེས་པ་ནི་ཞེ་མི་སྡང་བའོ། །བག་ཡོད་པའི་གཞི་ནི་དགོན་པ་ན་གནས་པ་སྟེ་དེ་ལས་དེ་འགྲུབ་པའི་ཕྱིར་རོ། །ཅིའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་བརྩོན་པ་ལ་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་ཞེ་ན། ལྟག་ན་མེད་པ་ཉིད་དུ་མིང་རྣམ་པར་གཞག་པའི་ཕྱིར་ཏེ། སྣང་བྱེད་བཞིན་ནོ་ཞེས་བྱ་བ་ནི། འདི་སྐད་དུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་བརྩོན་པའི་སེམས་ཅན་ཡོད་དུ་ཟིན་ཀྱང་ལྟག་ན་མེད་པ་མ་ཡིན་པའི་ཕྱིར་དེ་བྱང་ཆུབ་སེམས་དཔའ་ནི་མ་ཡིན་ཏེ། ལྟག་ན་མེད་པར་མི་སྣང་བར་གཞག་པར་མཐོང་བ་འདི་ལྟ་སྟེ། སྣང་བྱེད་བཞིན་ནོ་ཞེས་བསྟན་པར་འགྱུར་རོ། །སྲིན་བུ་མེ་ཁྱེར་ལ་སོགས་པ་ཡང་སྣང་བར་མི་བྱེད་པ་མ་ཡིན་མོད་ཀྱི་སྣང་བྱེད་དག་ཅེས་མི་བྱ་སྟེ། འདིར་ཡང་དེ་བཞིན་ནོ། །དོན་མདོར་བསྡུ་ན་ཞེས་བྱ་བ་ནི་དེ་ལྟར་རེ་ཞིག་རྒྱ་ཆེར་བཤད་


DTG113_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

པའོ་ཞེས་བསྟན་པའོ། །དོན་མདོར་བསྡུ་ན་བཅོམ་ལྡན་འདས་ཀྱིས་མདོ་སྡེ་འདིར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་རྗེས་སུ་མཐུན་པའི་ལས་དང༌། ཇི་ལྟར་དེའི་འབྲས་བུ་མེད་པར་མི་འགྱུར་བ་དེ་ཡོངས་སུ་བསྟན་ཏོ་ཞེས་བྱ་བ་དེ་ལ་རྗེས་སུ་མཐུན་པའི་ལས་ནི་མདོ་ཚིག་གོང་མ་རྣམས་ཀྱིས་བསྟན་ཏོ། །ལས་དེའི་འབྲས་བུ་མེད་པར་མི་འགྱུར་བ་ནི་མདོའི་ཚིག་ཐ་མས་བསྟན་ཏེ། དགོན་པ་ལ་གནས་ན་སེམས་རྩེ་གཅིག་ཏུ་བྱེད་ནུས་པས་ལས་དེའི་འབྲས་བུ་མེད་པར་མི་འགྱུར་རོ། །འཕགས་པ་ཆོས་བཞི་པའི་རྣམ་པར་བཤད་པ་རྒྱ་ཆེར་འགྲེལ་བ། སློབ་དཔོན་ཡེ་ཤེས་བྱིན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ་དང༌། པྲཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།

འཕགས་པ་ག་ཡ་མགོའི་རི་ཞེས་བྱ་བའི་མདོའི་རྣམ་པར་བཤད་པ།
དབྱིག་གཉེན།


DTG113_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ག་ཡ་མགོའི་རི་ཞེས་བྱ་བའི་མདོའི་རྣམ་པར་བཤད་པ། འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཕྱག་འཚལ་ལོ། །མདོར་བསྡུས་པ་ནི་གླེང་གཞི་དང་མཐུན་པའི་ཉན་པ་པོ་ཕུན་སུམ་ཚོགས་པ་དང༌། ཏིང་ངེ་འཛིན་དང༌། རྟོགས་པ་པོ་རྣམ་པར་དག་པ་དང༌། བརྟག་པར་བྱ་བའི་དངོས་པོ་དང༌། བཞེངས་པ་དང༌། བསྟན་པ་དང༌། བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་མཐུ་དང༌། སྤྱོད་པ་རྣམ་པར་དབྱེ་བའོ། །སྤྱོད་པ་རྣམ་པར་དབྱེ་བ་དེ་ཡང་བསྡུ་བ་རྣམ་པ་གཉིས་ཀྱིས་བསྡུས་པར་རིག་པར་བྱ་སྟེ། རྒྱུས་བསྡུས་པ་དང༌། འབྲས་བུས་བསྡུས་པའོ། །དེ་ལ་གླེང་གཞི་ནི་སངས་རྒྱས་དུ་མ་བཞུགས་བཞུགས་པའི་ཕྱིར་ཏེ། ཡུལ་དེར་འདུས་པ་དེ་བརྗོད་པས་ཆོས་ཀྱི་རྣམ་གྲངས་འདི་ཡང་སངས་རྒྱས་དུ་མས་ཡོངས་སུ་བཟུང་བར་བསྟན་པའི་ཕྱིར་རོ། །མཐུན་པའི་ཉན་པ་པོ་ཕུན་སུམ་ཚོགས་པ་ནི་མི་སློབ་པ་དང༌། སློབ་པས་བསྡུས་པར་རིག་པར་བྱའོ། །དེ་ལ་མི་སློབ་པ་ནི་རྣམ་པ་བརྒྱད་ཀྱིས་རིག་པར་བྱ་སྟེ། ལྷག་མཐོང་གི་བྱ་བ་ཤིན་ཏུ་རྫོགས་པའི་ཕྱིར་བྱ་བ་རྫོགས་པ་དང༌། ཏིང་ངེ་འཛིན་གྱི་སྒྲིབ་པ་སྤངས་པའི་ཕྱིར་བྱ་བ་ཟིན་པ་དང༌། ཁུར་བླངས་པ་བོར་བ་སྟེ། ཁུར་དེ་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་གོ །མྱ་ངན་ལས་འདས་པ་མངོན་སུམ་


DTG113_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱེད་པ་དང༌། ཁམས་གསུམ་ནས་བྱུང་བ་དང༌། མ་ནོར་བའི་གདམས་ངག་བསྒོམས་ཏེ་དེ་ལ་གནས་ནས་ཉོན་མོངས་པ་ཤིན་ཏུ་སྤངས་པ་དང༌། རྫུ་འཕྲུལ་གྱི་རྐང་པ་ཤིན་ཏུ་བསྒོམས་པ་དང༌། དད་པས་བྱིན་པ་ཡོངས་སུ་སྤྱོད་པའི་འོས་སུ་གྱུར་པས་སོ། །རྣམ་པ་གཉིས་ཀྱིས་སློབ་པར་རིག་པར་བྱ་སྟེ། བསླབ་པ་མ་རྫོགས་པ་དང༌། ཇི་ལྟར་འདོད་པའི་དོན་ཡོངས་སུ་མ་རྫོགས་པས་སོ། །དེ་ལ་ཏིང་ངེ་འཛིན་ནི་བརྟག་པར་བྱ་བའི་དངོས་པོ་སྟེ། རྟོག་གེའི་ཡུལ་མ་ཡིན་པར་ཀུན་ཏུ་བསྟན་པའི་ཕྱིར་རོ། །དོན་གྱི་སྐབས་འདིར་ནི་བཅོམ་ལྡན་འདས་ཀྱི་ཏིང་ངེ་འཛིན་ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་པར་རིག་པར་བྱའོ། །འདིས་ནི་དོན་འདི་དེ་དག་གི་ཡུལ་ཡང་ཡིན་པར་ཡོངས་སུ་བསྟན་པར་འགྱུར་རོ། །དེ་ལ་རྟོག་པ་པོ་རྣམ་པར་དག་པ་ནི་བྱང་ཆུབ་བརྙེས་པར་བསྟན་ཏེ། བྱང་ཆུབ་བརྙེས་པ་དེ་ཡང་ཉན་ཐོས་དང་རང་སངས་རྒྱས་རྣམས་ལས་ཡེ་ཤེས་ཐུགས་སུ་ཆུད་པར་བྱེད་བྲག་ཏུ་གྱུར་རོ། །ཡེ་ཤེས་ཐུགས་སུ་ཆུད་པ་དེ་ཡང་རྣམ་པ་བཅུ་བདུན་གྱིས་རིག་པར་བྱ་སྟེ། དམ་བཅས་པ་ཉམས་སུ་ལོན་པ་དང༌། ཁུར་བླངས་པ་བོར་བ་སྟེ་ཁུར་གྱི་དོན་ནི་སྔ་མ་བཞིན་ནོ། །ཉོན་མོངས་པའི་སྒྲིབ་བ་ཤིན་ཏུ་སྤངས་ཕ་དང༌། ཤེས་བྱའི་སྒྲིབ་པ་ཤིན་ཏུ་སྤངས་པ་དང༌། ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་བྱས་པ་དང༌། ལྟ་བ་ཐམས་ཅད་ཀྱི་ཟུག་རྡུ་བཏོན་པ་དང༌། སྨོན་ལམ་དང་བྲལ་བ་དང༌། འཇིག་རྟེན་ལས་འདས་པའི་ཡེ་ཤེས་རབ་ཡང་དག་པར་བསྒྲུབས་པ་དང༌། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང༌། བདག་མེད་པའི་སྒྲ་བསྒྲགས་པ་དང༌། ཕྱིར་རྒོལ་བ་ཤིན་ཏུ་ཚར་བཅད་པ་དང༌། རྐྱེན་ཀུན་ཏུ་སྦྱོར་བ་མི་འབྱུང་བ་དང༌། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཡང་དག་པར་བཤད་པ་དང༌། ཕྱིན་ཅི་ལོག་པ་མངོན་པར་ཞེན་པ་སྤངས་པ་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པའི་རྗེས་སུ་མཐུན་པ་དང༌། མུ་སྟེགས་ཅན་ཞིང་ངན་པ་རྣམ་པར་བཟློག་པ་དང༌། བསོད་ནམས་ཀྱི་ཞིང་དཀོན་མཆོག་གསུམ་ཀུན་ཏུ་བསྟན་པས་སོ། །དེ་ལ་བརྟག་པར་བྱ་བའི་དངོས་པོ་ནི་གང་གིས་གང་ཞིག་ཇི་ལྟར་ཁོང་དུ་ཆུད་པའོ། །དེ་དག་ནི་ཀུན་ཏུ་བརྟགས་པ་ཡིན་པས་དུས་གསུམ་དུ་ཡང་རང་


DTG113_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མེད་པར་རིག་པར་བྱའོ། །དེ་ལ་ལུས་དང་སེམས་ཀྱི་ཁོང་དུ་ཆུད་པར་མི་རིགས་པའི་ཚུལ་དུ་གཞག་པས་བྱིས་པས་རྫས་སུ་ཡོད་པར་བཏགས་པ་གཞན་ཡང་མི་སྲིད་པར་བསྟན་ཏོ། །དེ་ལ་ལུས་ཀྱིས་མི་རིགས་པའི་ཚུལ་ནི་རྣམ་པ་བརྒྱད་ཀྱིས་རིག་པར་བྱ་སྟེ། སྤྱོད་པ་མེད་པ་དང༌། ཀུན་ཏུ་བརྟགས་པ་ལས་བྱུང་བ་དང༌། འདུ་ཤེས་མེད་པ་དང༌། རྐྱེན་རྣམས་ཚོགས་པ་ལས་བྱུང་བ་དང༌། མི་གཙང་བ་དང༌། ཐེར་ཟུག་མ་ཡིན་པ་དང༌། རང་བཞིན་གྱིས་བསྒྲིམས་ཏེ་ཡོངས་སུ་བསྐྱང་དགོས་པ་དང༌། འཇིག་པའི་དང་ཚུལ་ཅན་གྱིས་སོ། །སེམས་ཀྱི་ཁོང་དུ་ཆུད་པར་མི་རིགས་པའི་ཚུལ་ནི་རྣམ་པ་དྲུག་གིས་རིག་པར་བྱ་སྟེ། ལོག་པར་སྣང་བས་བྱིས་པའི་སྐྱེ་བོ་རྨོངས་པར་བྱེད་པ་དང་དགེ་བ་དང་མི་དགེ་བའི་རྐྱེན་ལས་བྱུང་བ་དང༌། མི་གནས་པ་དང༌། ཀུན་བརྟགས་པའི་མཚན་ཉིད་མི་དམིགས་པ་དང༌། རང་བཞིན་གྱིས་སྟོང་པ་དང༌། རིང་དུ་སོང་བས་སོ།། དེ་ལ་ཁོང་དུ་ཆུད་པར་བྱ་བའི་དོན་ནི་མིང་དང་ཐ་སྙད་ཙམ་དུ་ཟད་པས་ཀུན་བརྟགས་པའི་རང་བཞིན་མེད་པར་རིག་པར་བྱའོ། །ཐ་སྙད་ཙམ་དེ་ཡང་རྣམ་པ་ཉི་ཤུ་རྩ་གཉིས་ཀྱིས་རིག་པར་བྱ་སྟེ། དངོས་པོ་མེད་པ་དང༌། རྟོག་གེའི་ཡུལ་ལས་ཤིན་ཏུ་འདས་པ་དང༌། ཆོས་རང་བཞིན་གྱི་སྟོང་པ་དང། མཚན་མ་མེད་པ་དང༌། བྱིས་པའི་ཡུལ་ལས་ཤིན་ཏུ་འདས་པ་དང༌། རྣམ་པར་ཤེས་པའི་ཡུལ་ལས་ཤིན་ཏུ་འདས་པ་དང༌། གནས་མེད་པ་དང༌། མ་སྐྱེས་མ་འགགས་པ་དང༌། ཐ་སྙད་ཐམས་ཅད་ལས་ཤིན་ཏུ་འདས་པ་དང༌། དགེ་བ་དང་མི་དགེ་བ་མངོན་པར་འདུ་བྱེད་པའི་ལས་མི་དམིགས་པ་དང༌། ལྟ་བ་པོ་དང་བྲལ་བ་དང༌། རྣ་བའི་རྣམ་པར་ཤེས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ་དང༌། རྟེན་མེད་པ་དང༌། ནམ་མཁའ་ལྟ་བུ་དང༌། འདུས་མ་བྱས་པ་དང༌། སྐབས་མེད་པ་དང༌། ཉི་ཚེའི་ཤེས་པ་ལས་ཤིན་ཏུ་འདས་པ་དང༌། ཚད་མེད་པ་དང༌། གཞན་དག་ལ་བསྟན་དུ་མེད་པ་དང༌། སོ་སོ་རང་གིས་རིག་པ་དང༌། སྣང་བ་མེད་པ་དང༌། བརྗོད་དུ་མེད་པས་སོ། །ད་ནི་ཇི་ལྟར་ཁོང་དུ་ཆུད་པ་དེ་ཡང་མིང་དང༌། བཏགས་པ་དང༌། བརྡ་དང༌། ཐ་སྙད་ཙམ་དུ་ཟད་པས་ཀུན་བརྟགས་


DTG113_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རང་བཞིན་མེད་པར་རིག་པར་བྱའོ། །མིང་དང༌། བརྡ་དང༌། བཏགས་པ་དང༌། ཐ་སྙད་ཙམ་དེ་ཡང་རྣམ་པ་དྲུག་གིས་ཡོངས་སུ་བསྟན་ཏེ། ཡང་དག་པ་མ་ཡིན་པ་ཀུན་བརྟགས་པ་དང༌། གསོག་དང༌། བདག་མི་དམིགས་པ་དང༌། འཇིག་རྟེན་པའི་ཤེས་རབ་ལས་ཤིན་ཏུ་འདས་པ་དང༌། ཡི་གེའི་ལམ་ལས་ཡང་དག་པར་འདས་པ་དང༌། ངར་འཛིན་པ་དང་ང་ཡིར་འཛིན་པ་དང་བྲལ་བས་སོ། །དེ་ལྟར་ན་ཁོང་དུ་ཆུད་པ་པོ་གང་ཡིན་པ་དང༌། ཁོང་དུ་ཆུད་པར་བྱ་བ་གང་ཡིན་པ་དང༌། རྣམ་པ་གང་གིས་ཁོང་དུ་ཆུད་པ་དེ་དག་དེ་ལྟར་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང༌། ཡོངས་སུ་ཤེས། མངོན་སུམ་དུ་བྱས་པ་འདི་ནི་མངོན་པར་རྫོགས་པར་བྱང་ཆུབ་ཅེས་བྱའོ། །མངོན་པར་རྫོགས་པར་བྱང་ཆུབ་པ་དེ་ཡང་འགྱུར་བ་མེད་པ་དང༌། མི་འགྱུར་བ་གཉིས་ཀྱིས་རབ་ཏུ་དང་བ་དང༌། རབ་ཏུ་ཞི་བར་ཡོངས་སུ་བསྟན་ཏོ། །མཚན་ཉིད་མེད་པའི་དོན་ནི་སྔ་མ་བཞིན་ནོ། །ཏིང་ངེ་འཛིན་གྱི་བྱ་བ་ནི་ཡོངས་སུ་རྫོགས་པ་ལ་བསྟན་པའི་བྱ་བ་ནི་ཉེ་བར་གནས་པའི་ཕྱིར་བཞེངས་པར་རིག་པར་བྱའོ། །དེ་ལ་བསྟན་པ་ནི་རྣམ་པ་གཉིས་ཏེ། ཏིང་ངེ་འཛིན་མྱོངས་བའི་དོན་འཕགས་པ་འཇམ་དཔལ་ལས་བརྩམས་ཏེ་བསྟན་པ་དང༌། དེས་ཞུས་པ་གཏན་ལ་ཕབ་པར་བསྟན་པའོ། །ཅིའི་ཕྱིར་འཕགས་པ་འཇམ་དཔལ་ལ་བཀའ་སྩལ་ཞེ་ན། བསྟན་པ་འདིའི་ཆེད་དུ་དེས་བྱིན་གྱིས་བརླབས་པའི་ཕྱིར་རོ། །ཅིའི་ཕྱིར་དེས་བྱིན་གྱིས་བརླབས་ཏེ་འདི་བཤད་ཅེ་ན། བཤད་པ་འདི་ཟབ་པའི་ཕྱིར་ཤེས་རབ་ཟབ་པ་ཉིད་ཀྱི་དབང་དུ་བྱས་སོ། །ཅིའི་ཕྱིར་འཕགས་པ་འཇམ་དཔལ་གྱིས་ཞུས་ཤེ་ན། དེ་ཉིད་ལ་བཀའ་སྩལ་པས་དེ་ཉིད་ཀྱིས་ཞུས་པར་རིགས་པའི་ཕྱིར་རོ། །ཞུས་པ་དེ་ཡང་འཇུག་པ་རྣམ་པར་དག་པ་རིག་པར་བྱའོ། །འཇུག་པ་རྣམ་པར་དག་པ་དེ་ཡང་རྣམ་པ་དགུས་རིག་པར་བྱ་སྟེ། སྤྲོས་པ་བོར་བ་དང༌། ཆོས་སུ་འཛིན་པ་བོར་བ་དང༌། བླ་གབ་མེད་པའི་དོན་ནི་སྔ་མ་བཞིན་དང༌། ཞི་བ་དང༌། རྟག་པ་དང༌། མི་རྟག་པར་འཛིན་པ་བོར་བ་དང༌། ལམ་ལ་སྐུར་པ་འདེབས་པ་བོར་བ་དང༌། སྐུར་བ་དང༌། སྒྲོ་བཏགས་པ་རྣམ་པར་སྤངས་པ་དང༌། ཆོས་ཐམས་ཅད་ལ་ཚུལ་གཅིག་ཏུ་འཇུག་པ་དང༌། ཤེས་


DTG113_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དང༌། ཁམས་གསུམ་པ་ལ་ཡང་དག་པར་འདས་པ་ལ་སོགས་པ་ཚིག་བཞིའི་དོན་རྣམ་པར་དབྱེ་པ་ནི་སྔ་མ་བཞིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་མཐུ་ནི་རྣམ་པ་གཉིས་ཀྱིས་རིག་པར་བྱ་སྟེ། ཇི་ལྟར་འདོད་པའི་དོན་ཡོངས་སུ་རྫོགས་པ་དང༌། སྤོབས་པ་ཐོགས་པ་མེད་པའོ། །ཇི་ལྟར་འདོད་པའི་དོན་ཡོངས་སུ་རྫོགས་པ་དེ་ཡང་གོང་ནས་གོང་དུ་རྣམ་པ་བཅུ་བཞིས་མངོན་པར་བསྒྲུབ་པར་རིག་པར་བྱ་སྟེ། བཅུ་བཞི་གང་ཞེ་ན། གདམས་ངག་མི་བརྗེད་པ་དང༌། ལེགས་པར་བཟུང་བའི་གདམས་དག་འདུས་བྱས་ལ་ཉེ་བར་རྟོག་པ་དང༌། དེ་ལ་ཡང་ཉེས་པར་ལྟ་བ་དང༌། ཉེས་པ་དེ་དག་དང་མི་བསྟེན་པ་དང༌། དགེ་བའི་ལས་ཡང་དག་པར་འཛིན་པ་དང༌། ལུས་དང་ངག་དང་ཡིད་ཀྱི་ལས་རྣམ་པར་དག་པ་དང༌། ཚུལ་ཁྲིམས་ཡོངས་སུ་དག་པ་དང༌། སེམས་ཅན་གྱི་དོན་དང་མཐུན་པ་དང༌། ཚོགས་ཡོངས་སུ་རྫོགས་པ་དང༌། ཡོངས་སུ་མི་སྐྱོ་བ་དང༌། ལས་ཀྱི་འབྲས་བུ་རྣམ་པར་དག་པ་དང༌། སྦྱོར་བ་རྣམ་པར་དག་པ་དང༌། སེམས་ཅན་གྱི་དོན་རྣམ་པར་དག་པ་དང༌། གཞན་གྱིས་མི་བཀྲི་བ་རྣམ་པར་དག་པས་སོ། །སྤོབས་པ་ཐོགས་པ་མེད་པ་ནི་ས་བཅུས་བསྡུས་པའི་སེམས་བསྐྱེད་པ་རྣམ་པ་བཞིས་རབ་ཏུ་དབྱེ་བས་བསྟན་པར་རིག་པར་བྱའོ། །རབ་ཏུ་དབྱེ་བ་བསྟན་པ་དེ་ཡང་བཞི་པ་རྣམ་པ་བཅུ་གཉིས་ཀྱིས་ཡོངས་སུ་བསྟན་ཏེ། རྣམ་པ་བཅུ་གཉིས་གང་ཞེ་ན། གོང་ནས་གོང་དུ་རྒྱུ་ཆུད་མི་ཟ་བ་དང༌། ཡང་རྒྱུའི་རིམ་གྱིས་འབྲས་བུ་ཡོངས་སུ་དག་པ་དང༌། ཡང་སྨོན་ལམ་ལ་བརྟེན་ཏེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་འཛིན་པ་དང༌། ཚུལ་ཁྲིམས་དང་སྡོམ་པ་རྣམ་པར་དག་པ་དང༌། བསྒོམ་པའི་ལམ་ན་ཤེས་རབ་དང་ཐབས་ཀྱིས་ཆོས་ཐམས་ཅད་ལ་སྦྱོར་བ་དང༌། ཁུར་བླངས་པ་མི་འདོར་བ་དང༌། ཡང་གོང་ནས་གོང་དུ་མཐུ་རྣམ་པར་དག་པ་དང༌། ཡང་དབང་པོ་རྣོ་བའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ལྷག་པར་དམིགས་པ་དང༌། ཤེས་རབ་ཀྱི་ཁྱད་པར་གྱིས་སྤྱོད་པ་མཐའ་ཡས་པ་ཡང་དག་པར་སྒྲུབ་པ་དང༌། རྩོལ་བའི་ཡོངས་སུ་གཡོ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་དང༌། རྒྱལ་ཚབ་ཏུ་རབ་ཏུ་གནས་པ་དང༌། ཡང་བཞི་ལ་ལྷག་པར་དམིགས་པ་དང༌། བློས་རབ་ཏུ་རྣམ་པར་འབྱེད་པ་དང༌། ཐབས་མཁས་པས་ཆོས་


DTG113_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་འཇལ་བ་དང༌། ཡེ་ཤེས་ཁོང་དུ་ཆུད་པ་དང༌། ཡང་རང་བཞིན་གྱིས་རུས་ཕུན་སུམ་ཚོགས་པ་དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ཐོས་པ་འཛིན་པ་དང༌། སྤྲོས་པ་ལས་དབེན་པ་དང༌། ལྷུན་གྱིས་གྲུབ་པར་སེམས་ཅན་གྱི་དོན་བྱེད་པ་དང༌། ཡང་མོས་པས་སྤྱོད་པ་ན་མངོན་པར་འདུ་བྱེད་པ་ཡོངས་སུ་སྨིན་པས་ས་དང་པོ་ལ་ལྷག་པར་དམིགས་པ་དང༌། ཡེ་ཤེས་ཡོངས་སུ་སྨིན་པས་སྦྱོར་བ་ལས་བྱུང་བའི་སྤྱོད་པ་ལ་ལྷག་པར་དམིགས་པ་དང༌། བསྒོམ་པ་ཡོངས་སུ་སྨིན་པས་སངས་རྒྱས་ཀྱི་ཆོས་མ་ཐོབ་པ་རྣམས་ལ་ལྷག་པར་དམིགས་པ་དང༌། འབྲས་བུ་ཡོངས་སུ་སྨིན་པས་ཇི་ལྟར་འདོད་པ་བཞིན་དུ་མངོན་པར་རྫོགས་པར་རྟོགས་པ་དང༌། ཡང་མ་ནོར་བར་དགེ་བ་བསྒོམ་པའི་གནས་དང༌། མ་ནོར་བའི་ཆོས་ལ་ངེས་པར་རྟོགས་པའི་སྐྱེ་གནས་དང༌། མ་ནོར་བར་བསྒོམ་པའི་གནས་དང༌། རང་གི་སེམས་ལ་དབང་བསྒྱུར་བ་དང༌། ཡང་དགེ་བའི་རྩ་བ་མཐའ་ཡས་པ་འཛིན་པ་དང༌། ཆོས་མཐའ་ཡས་པ་ལ་ངེས་པར་རྟོགས་པ་དང༌། ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པའི་རྗེས་སུ་འཇུག་པ་དང༌། རྣམ་པར་རོལ་པ་མཐའ་ཡས་པ་མྱོང་བ་དང༌། ཡང་ཉོན་མོངས་པའི་ནད་ཀྱི་གཉེན་པོའི་གནས་དང༌། ཉོན་མོངས་པའི་ནད་དང་མཐུན་པའི་སྨན་རབ་ཏུ་ཤེས་པ་དང༌། ཤེས་ནས་ཀྱང་ཐབས་ལ་གནས་ཏེ་ཇི་ལྟར་མཐུན་པ་བཞིན་དུ་སྦྱོར་བ་དང༌། ཉོན་མོངས་པའི་ནད་ལས་གསོ་བ་དང༌། ཡང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་ནོན་པ་དང༌། དེ་ཡང་བསླབ་པའི་གནས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་དང༌། བསྒོམ་པ་ཁྱད་པར་དུ་འཕགས་པ་དང༌། བསྒོམས་པའི་འབྲས་བུ་ཁྱད་པར་དུ་འཕགས་པའོ། །ཆོས་ཀྱི་མངའ་བདག་མངོན་སུམ་དུ་བཞུགས་བཞིན་དུ་འཕགས་པ་འཇམ་དཔལ་ལ་ཡོངས་སུ་དྲིས་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་བརྗོད་པའི་ཕྱིར་རོ། །དེ་ཡང་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ལ་ཁོང་ཁྲོ་བའི་སེམས་འབྱུང་བ་རྣམས་དང་བ་བསྐྱེད་པའི་ཕྱིར་རོ། །དེ་ལ་རྒྱུས་བསྡུས་པའི་སྤྱོད་པའི་རྣམ་པར་དབྱེ་བ་ནི་རྒྱུ་རྣམ་པར་དག་པ་ཁྱད་པར་དུ་འཕགས་པས་ཡོངས་སུ་བསྟན་ཏོ། །རྒྱུ་རྣམ་པར་དག་


DTG113_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁྱད་པར་དུ་འཕགས་པ་དེ་ཡང་བསྟན་པ་རྣམ་པ་བཞིས་ཡོངས་སུ་བརྗོད་དེ། ཚོགས་དང་རྣམ་པར་དག་པའི་ལམ་བསྟན་པ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྟན་པ་དང༌། ཡང་དག་པའི་མཐའ་དེ་ཁོང་དུ་ཆུད་པར་བྱ་བའི་ཐབས་བསྟན་པ་དང༌། རྗེས་སུ་མཐུན་པའི་སྒྲུབ་པ་བསྟན་པས་སོ། །དེ་ལ་ཚོགས་ཀྱི་ལམ་བསྟན་པ་ནི་རྣམ་པ་བརྒྱད་ཀྱིས་རིག་པར་བྱ་སྟེ། སེམས་ཅན་རྣམ་པ་ཐ་དད་པ་ཡོངས་སུ་སྨིན་པར་བྱེད་པ་དང༌། དེ་དག་གི་ཉེས་པར་སྤྱོད་པ་སྣ་ཚོགས་ཀྱིས་ཇི་མི་སྙམ་པ་དང༌། དཀར་པོའི་ཆོས་ཐམས་ཅད་ཡང་དག་པར་སྡུད་པར་བྱེད་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ལྷག་པར་དམིགས་པ་དང༌། མཚན་ཉིད་མི་འདྲ་བ་དང༌། སྨོན་ལམ་རྣམ་པ་སྣ་ཚོགས་དང༌། འདུལ་པའི་སེམས་ཅན་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང༌། ཚོགས་རྣམ་པ་སྣ་ཚོགས་ཉེ་བར་སྒྲུབ་པས་སོ། །རྣམ་པར་དག་པའི་ལམ་བསྟན་པ་ཡང་རྣམ་པ་བརྒྱད་ཀྱིས་རིག་པར་བྱ་སྟེ། དགེ་བ་དང་མི་དགེ་བའི་ཆོས་ལ་སྤྱོད་པ་དང༌། རྐྱེན་གྱིས་མི་ལྟ་བར་ཆོས་ཐམས་ཅད་མངོན་དུ་གཏོང་བ་དང༌། ཆགས་པ་ཐམས་ཅད་ལས་གྲོལ་བ་དང༌། ཉིད་མཚམས་སྦྱོར་བ་གཅོད་པ་དང༌། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་དང༌། ཚུལ་གཅིག་ཏུ་ཡང་དག་པར་གཞོལ་བ་དང༌། བྱིས་པས་ཀུན་ཏུ་བརྟགས་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྟོགས་པ་དང༌། ཞི་བའི་དབྱིངས་སུ་མངོན་སུམ་དུ་བྱེད་པས་སོ། །དེ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྟན་པ་ནི་རྣམ་པ་གཉིས་ཀྱིས་རིག་པར་བྱ་སྟེ། དགེ་བའི་རྩ་བའི་ཚོགས་སྣ་ཚོགས་སྒྲུབ་པ་དང༌། ཡོངས་སུ་གཅོད་པ་སྟེ། དེའི་དོན་ནི་སྔ་མ་བཞིན་ནོ། །ཡང་གཉིས་ཏེ། ཁམས་གསུམ་ན་སྤྱོད་པ་དང༌། ཁམས་གསུམ་ནས་བྱུང་བའོ། །ཡང་གཉིས་ཏེ། ཟང་ཟིང་དང་བཅས་པའི་འབྲས་བུ་མངོན་པར་འགྲུབ་པ་དང༌། ཟང་ཟིང་མེད་པའི་འབྲས་བུ་མངོན་པར་འགྲུབ་པའོ། །ཡང་གཉིས་ཏེ། རྣམ་པར་ཤེས་པའི་སྤྱོད་ཡུལ་ཡིན་པས་མཐའ་དམིགས་པ་དང༌། རྣམ་པར་ཤེས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པས་མཐའ་མི་དམིགས་པའོ། །ཡང་གཉིས་ཏེ། འདུས་བྱས་ཀྱི་དབྱིངས་ཡོངས་སུ་ཤེས་པ་དང༌། འདུས་མ་བྱས་ཀྱི་དབྱིངས་ཡོངས་སུ་ཤེས་པའོ། །དེ་ལ་ཡང་


DTG113_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་མཐའ་ནི་རྣམ་པ་བཞིས་བསྟན་ཏེ། མི་རྟག་པ་ཉིད་ཀྱིས་ཉེས་པ་ཡོངས་སུ་སྤངས་པ་དང༌། རང་གི་མཚན་ཉིད་ཀྱིས་གནས་པ་དང༌། རྟག་ཏུ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གནས་པ་དང༌། དོར་བ་མེད་ཅིང་གཞག་པ་མེད་པས་ཏེ། དོར་བ་མེད་ཅིང་གཞག་པ་མེད་པའི་དོན་ནི་སྔ་མ་བཞིན་ནོ། །དེ་ཁོང་དུ་ཆུད་པར་བྱ་བའི་ཐབས་བསྟན་པ་ནི། དེ་མ་ཐག་ཏུ་གསུངས་པའི་ཚིག་གསུམ་དང༌། བཅུ་པ་ཕྲག་དྲུག་གིས་ཡོངས་སུ་སྟོན་ཏེ། གང་གིས་ཇི་ལྟར་གང་གི་དོན་དུ་གང་དུ་གནས་ཏེ་ཁོང་དུ་ཆུད་པར་བྱེད་པའོ། །དེ་ལ་ཡེ་ཤེས་འཁོར་དང་བཅས་པས་ནི་ཁོང་དུ་ཆུད་པར་བྱེད་དེ། དེ་ཡང་རྣམ་པ་སུམ་ཅུ་རྩ་གསུམ་གྱིས་བསྟན་པར་རིག་པར་བྱ་སྟེ། སེམས་རྣམ་པར་དག་པས་ལམ་རྣམ་པར་དག་པ་དང༌། ལམ་རྣམ་པར་དག་པས་སེམས་རྣམ་པར་དག་པ་དང༌། ཡང་དག་པའི་མཐའ་ནི་ལམ་དང་ཡེ་ཤེས་ཀྱི་དམིགས་པ་ཉིད་གཅིག་པུ་སྟེ། གནས་ཡིན་ཞིང་གཅིག་ལ་གཅིག་རྟེན་པ་དང༌། ཡང་དག་པའི་མཐའི་ཡེ་ཤེས་ལ་གནས་ཏེ་གནས་འགྱུར་བ་དང༌། གནས་གྱུར་པས་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པར་འགྱུར་བ་དང༌། ཕན་ཚུན་བྱ་བ་བྱས་པར་གནས་པ་དང༌། ཤེས་བྱའི་དངོས་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང༌། ཐོག་མ་མེད་པའི་འཁོར་དང་ལྡན་པའི་སེམས་ཅན་རྣམས་ཀྱི་ཐར་པའི་ས་བོན་དང་མཐུན་པ་ཡོངས་སུ་ཤེས་པ་དང༌། ལས་སྣ་ཚོགས་ཀྱི་རྣམ་པར་སྨིན་པ་དེ་དང་མཐུན་པ་ཡོངས་སུ་ཤེས་པ་དང༌། བདག་ལ་ཕན་པ་དང་གཞན་ལ་ཕན་པ་དང་མཐུན་པར་ཡོངས་སུ་ཤེས་པ་དང༌། དགེ་བའི་རྩ་བ་ཆུང་དུ་ཡང་ཚད་མེད་པར་བྱེད་པ་དང༌། དགེ་བ་དང་མི་དགེ་བ་ལ་རྣམ་པར་དཔྱོད་པ་དང༌། རྣམ་པ་སྣ་ཚོགས་ཀྱི་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང༌། དགེ་བ་དང་མི་དགེ་བའི་ཆོས་འཛུད་པ་དང་འབྱིན་པ་དང༌། དུས་དང་དུས་མ་ཡིན་པ་ལ་ཡོངས་སུ་རྟོག་པ་དང༌། མཐའ་གཉིས་སྤངས་ནས་ནང་ལ་བརྟེན་པ་དང༌། ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་དང་བྲལ་བའི་ཕྱིར་བརྩོན་འགྲུས་བརྩམས་པ་དང༌། གཞན་དག་ཀྱང་བསླབ་པ་དེ་ཉིད་ལ་འགོད་པ་དང༌། བསྒོམ་པ་ལ་བརྟེན་ན་རྗེ་སུ་ཆགས་པ་དང༌། ཁོང་ཁྲོ་བ་བོར་བ་དང༌། འཁོར་མ་


DTG113_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

རུངས་པ་མ་ཡིན་པ་གདམས་པ་དང༌། མ་ནོར་བར་ཐོས་པ་ཡོངས་སུ་བཙལ་བ་དང༌། ཆོས་ཐམས་ཅད་ལ་དབང་སྒྱུར་བ་དང༌། བསམ་པ་དང་བག་ལ་ཉལ་ཤེས་ནས་ཇི་ལྟར་མཐུན་པར་ཆོས་སྟོན་པ་དང༌། དེ་ཁོ་ན་ཁོང་དུ་ཆུད་པར་བྱ་བ་དང༌། སེམས་ལ་ཡང་དག་པ་དང་ཡང་དག་པ་མ་ཡིན་པར་འཛིན་པ་རྣམ་པར་སྤོང་བ་དང༌། བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པ་དང༌། སེམས་ཅན་ཡོང་སུ་སྨིན་པར་བྱེད་པ་དང༌། ཆོས་རྣམས་ཀྱི་འབྱུང་བ་དང་འཇིག་པ་ལ་ཡོངས་སུ་རྟོག་པ་དང༌། ཆོས་ཐམས་ཅད་ལ་མཁས་པ་དང༌། མྱ་ངན་ལས་འདས་པ་ལ་འདོད་པ་མེད་པ་དང༌། མི་འཇིགས་པ་བཞི་ཐོབ་པ་དང༌། ཆོས་ཐམས་ཅད་ལ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཐོབ་པ་དང༌། ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པ་དང༌། དོན་དམ་པའི་ཚུལ་ལ་འཇུག་པས་མངོན་པར་ཞེན་པ་མེད་པའི་དོན་ནི་སྔ་མ་བཞིན་ནོ། །ཇི་ལྟར་ཁོང་དུ་ཆུད་པར་བྱེད་པའི་དོན་དེ་ཡང་རྣམ་པ་བཅུས་ཡོངས་སུ་བསྟན་པར་རིག་པར་བྱ་སྟེ། འཕགས་པ་དང་འཕགས་པ་མ་ཡིན་པའི་འདུས་བྱས་དང་འདུས་མ་བྱས་ཀྱི་ལུས་ལ་རྟོག་པ་དང༌། ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་དོན་ལ་རྟོག་པ་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཆུང་དུ་དང་འབྲིང་དང་ཆེན་པོ་ལ་རྟོག་པ་དང༌། དགེ་བ་དང་མི་དགེ་བའི་སྲེད་པ་ལ་རྟོག་པ་དང༌། ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པའི་ལྟ་བ་ལ་རྟོག་པ་དང༌། སྒོ་སྣ་ཚོགས་ནས་བསགས་པའི་དགེ་བའི་རྩ་བ་ལ་རྟོག་པ་དང༌། སེམས་ཅན་གྱི་ཁམས་མཐའ་ཡས་པ་ལ་རྟོག་པ་དང༌། མངོན་པར་ཞེན་པ་མེད་པའི་དོན་ནི་སྔ་མ་བཞིན་དང༌། དོན་དང་དོན་མ་ཡིན་པ་དང་ལྡན་པ་ལ་རྟོག་པ་དང༌། མོས་པ་ཐ་དད་པའི་སེམས་ཅན་ལ་བྱང་ཆུབ་ཀྱི་སྙིང་པོ་ཀུན་ཏུ་སྟོན་པ་ལ་རྟོག་པས་སོ། །གང་གི་དོན་དུ་ཁོང་དུ་ཆུད་པར་བྱེད་པ་དེ་ཡང་རྣམ་པ་བཅུས་བསྟན་ཏེ། སྦྱིན་པ་རྣམ་པར་དག་པ་དང༌། ཚུལ་ཁྲིམས་རྣམ་པར་དག་པ་དང༌། བཟོད་པ་རྣམ་པར་དག་པ་དང༌། བརྩོན་འགྲུས་རྣམ་པར་དག་པ་དང༌། བསམ་གཏན་རྣམ་པར་དག་པ་དང༌། ཤེས་རབ་རྣམ་པར་དག་པ་དང༌། ཐབས་རྣམ་པར་དག་པ་དང༌། སྨོན་ལམ་རྣམ་པ་དག་པ་དང༌། སྟོབས་རྣམ་པར་དག་པ་དང༌། ཡེ་ཤེས་རྣམ་པར་དག་པས་སོ། །གང་དུ་གནས་ཏེ་ཁོང་དུ་ཆུད་པར་བྱེད་པ་དེ་ཡང་རྣམ་པ་བཅུས་བསྟན་པར་རིག་པར་བྱ་སྟེ། སྡོམ་པ་རྣམ་པ་


DTG113_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྣམ་པར་དག་པ་དང༌། བདག་ཏུ་འཛིན་པ་རྣམ་པར་སྤངས་པ་དང༌། སྨད་པ་དང་མ་སྨད་པ་ཡོངས་སུ་སྤངས་པ་དང༌། དངོས་པོ་ཡོད་པ་དང་དངོས་པོ་མེད་པར་མངོན་པར་ཞེན་པ་མེད་པ་དང༌། མི་དམིགས་པའི་ཚུལ་གྱིས་ཉན་ཐོས་དང༌། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ས་ལ་སོ་སོར་རྟོག་པ་དང༌། འཛིན་པ་ཐམས་ཅད་དང་བྲལ་བ་དང༌། ཀུན་རྫོབ་དང་དོན་དམ་པ་ལ་མཁས་པས་ཕྱིན་ཅི་མ་ལོག་པའི་ལམ་སྟོན་པ་དང༌། སེམས་ཅན་གདུལ་བའི་ཕྱིར་སྐྱེ་བ་ཐམས་ཅད་ལ་མི་སྐྱོ་བས་སོ། །རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ནི་མི་བསླུ་བས་ཡོངས་སུ་བསྟན་ཏོ། །ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་མངོན་སུམ་དུ་བྱེད་པ་དང༌། དེ་དག་ལ་འདོད་པ་མེད་པའོ། །ཡང་བདག་ཉིད་ལམ་བཟང་པོར་ཞུགས་པ་དང༌། གཞན་དག་ལ་ཡང་ལམ་དེ་སྟོན་པས་སོ། །མོས་པས་སྤྱོད་པའི་ས་ལ་རྣམ་པར་གནས་པ་མངོན་པར་འདུ་བྱེད་པ་དང་བཅས་པའི་ཤེས་པ་དང༌། བསྒོམ་པའི་ལམ་ལ་གནས་པ་མངོན་པར་འདུ་བྱེད་པ་མེད་པའི་ཡེ་ཤེས་ཀྱིས་སོ། །ཡང་ཤེས་རབ་དང་ཐབས་ལ་མཁས་པ་དང༌། མཚན་ཉིད་གཅིག་གི་རྗེས་སུ་འཇུག་པས་སོ། །ཡང་གཉིས་ལ་ཀུན་ཏུ་སྤྱོད་པ་ཡོངས་སུ་སྤོང་བ་དང༌། དགེ་བའི་ཆོས་བསྒོམ་པའི་བརྩོན་འགྲུས་བརྩམས་པས་སོ། །ཡང་ཆོས་ཐམས་ཅད་ལེགས་པར་བསླབ་པ་དང༌། དེ་བཞིན་ཉིད་ཁོང་དུ་ཆུད་པའི་བསྒོམ་པ་ལ་མཁས་པས་སོ། །རྒྱུ་རྣམ་པར་དག་པ་ཁྱད་པར་དུ་འཕགས་པ་རྣམ་པ་འདི་བཞིས་འབྲས་བུ་རྣམ་པར་དག་པ་ཁྱད་པར་དུ་འཕགས་པར་ཁོང་དུ་ཆུད་པར་བྱ་སྟེ། དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་དུས་གསུམ་སྐད་ཅིག་གཅིག་དང་ལྡན་པའོ། །མ་ནོར་བར་བཤད་དེ་སྟོན་པའི་ཐུགས་མཉེས་པས་ལེགས་པར་བཤད་དོ་ཞེས་བྱ་བའི་དོན་དུ་རིག་པར་བྱའོ། །སྟོན་པ་པོ་རྣམ་པར་དག་པ་དང༌། བསྟན་པ་རྣམ་པར་དག་པ་དང༌། བསྟན་པའི་འབྲས་བུ་རྣམ་པར་དག་པས་མངོན་པར་བསྟོད་པའི་དོན་རིག་པར་བྱའོ། །འཕགས་པ་ག་ཡ་མགོའི་རི་ཞེས་བྱ་བའི་མདོའི་རྣམ་པར་བཤད་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

འཕགས་པ་ག་ཡ་མགོའི་རི་མདོ་དང་སྤེལ་མར་བཤད་པ།
ཤཱཀྱའི་བློ།


DTG113_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ག་ཡ་མགོའི་རི་མདོ་དང་སྤེལ་མར་བཤད་པ། བམ་པོ་དང་པོ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བདག་མེད་ཡེ་ཤེས་རྡོ་རྗེ་བཟང༌། །སྒྲིབ་པའི་རི་བོ་བཅོམ་པ་ལ། །ཕྱག་འཚལ་མདོ་དང་བཤད་པ་གཉིས། །སྤེལ་མར་རབ་ཏུ་བཤད་པར་བྱ། །ག་ཡ་མགོའི་རིའི་མདོ་བཤད་པར་འདོད་པས་སློབ་དཔོན་དབྱིག་གཉེན་གྱིས་མདོའི་ལུས་རྣམ་པར་གཞག་པའི་ཕྱིར་ཐོག་མར་མདོར་བསྡུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མདོར་བསྡུས་པའི་དོན་བཟླུམ་པ་གང་ཡིན་པ་དེ་མདོར་བསྡུས་པའོ། །དེ་ཡང་གླེང་གཞི་ལ་སོགས་པ་ཐ་དད་པས་རྣམ་པ་དགུའོ། །དེ་ལ་གླེང་གཞི་ནི་མདོ་འབྱུང་བའི་རྒྱུ་ཡིན་ནོ། །དེ་ཡང་དག་པར་སྡུད་པར་བྱེད་པ་དང༌། སྟོན་པ་པོ་དང༌། གནས་དང༌། ཉན་པ་པོའི་དབྱེ་བས་རྣམ་པ་བཞིར་འགྱུར་ཏེ། གང་གིས། གང་ན། གང་དག་ལ་བཤད་ཅིང༌། གང་གིས་ཕྱིས་ཡང་དག་པར་བསྡུ་བ་བྱས་པའོ། །དེ་ཡང་འདི་སྐད་བདག་གིས་ཞེས་བྱ་བ་ནས་བཟུང་སྟེ། དགེ་སློང་གི་དགེ་འདུན་ཆེན་པོ་ཞེས་བྱ་བའི་བར་འདིས་བརྗོད་དོ། །ཉན་པ་ལ་ཞུགས་པ་དག་ནི་ཉན་པ་པོ་རྣམས་སོ། །དེ་དག་གི་མཐུན་པའི་ཡོན་ཏན་འབྱོར་པ་སྟེ། མཐུན་པའི་ཉན་པ་པོ་ཕུན་སུམ་ཚོགས་པའོ། །དེ་བཞིན་ཉིད་ལ་དམིགས་པའི་སེམས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ཏོ། །རྟོགས་པ་པོ་ནི་སྟོན་པ་སྟེ། དེའི་རྣམ་པར་དག་པ་ནི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཕུན་སུམ་ཚོགས་པའོ། །གང་གིས་རྟོགས་པ་དང༌། གང་རྟོགས་པ་དང༌། ཇི་ལྟར་རྟོགས་པར་བྱ་བ་དེ་ནི་བརྟག་པར་བྱ་བའི་དངོས་པོའོ། །བཞེངས་པ་ནི་ཏིང་ངེ་འཛིན་ལས་བཞེངས་པའོ། །བསྟན་པ་ནི་གདགས་པའི་དོན་བརྗོད་པ་ཀུན་རྫོབ་རབ་ཏུ་བཤད་པའོ། །བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་མཐུ་དང༌། སྤྱོད་པ་རྣམ་པར་དབྱེ་བ་དང་རྣམ་པ་དགུ་ཡིན་ནོ། །ད་ནི་མདོའི་ཚིག་རྣམ་པར་བཤད་པར་བྱའོ། །འདི་སྐད་ཅེས་བྱ་བའི་སྒྲ་ནི་དམ་བཅས་པ་ལ་བྱ་སྟེ། ཁོ་བོ་ཅག་ལ་ཆོས་སྟོན་ཅིག་ཅེས་འཁོར་གྱིས་ཡང་དག་པར་སྡུད་པར་བྱེད་པ་ལ་གསོལ་བ་བཏབ་པ་དང༌། དེ་ནས་དེ་བཞིན་ནོ་ཞེས་དམ་བཅས་པ་སྟེ། ཁྱེད་ཅག་གིས་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཡང་འདོད་པས་བྱས་པ་མ་ཡིན་ཏེ། གང་གི་ཕྱིར་ཞེ་ན། བདག་གིས་ཐོས་ཞེས་བྱ་བ་ལ་སོགས་པས་སོ། །ཡང་ན་འདི་སྐད་


DTG113_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བའི་སྒྲ་ནི་དྲིས་པའི་དོན་དག་གཞན་དུ་མི་འགྱུར་བ་ལ་བྱ་སྟེ། ཁྱོད་ཀྱིས་ཇི་སྐད་ཐོས་པ་དེ་བཞིན་དུ་སྨྲོས་ཤིག་ཅེས་བྱས་པ་དང༌། འདི་སྐད་བདག་གིས་ཐོས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བདག་གིས་འདི་སྐད་ཐོས་ཀྱི་གཞན་དུ་མ་ཡིན་ནོ། །བདག་གིས་ཞེས་བྱ་བ་ནི་མངོན་སུམ་དུ་ཐོས་པར་སྟོན་ཏོ། །ཐོས་པ་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པས་བཟུང་བའོ། །དུས་གཅིག་ནི་དུས་གཅིག་གི་ཚེའོ། །བཅོམ་ལྡན་འདས་ནི་བདུད་བཞི་བཅོམ་པའི་ཕྱིར་རོ། །ཡང་ན། རང་དབང་དང་ནི་རབ་སྦྱངས་དང༌། །གཟུགས་བཟང་བ་དང་གྲགས་པ་དང༌། །དཔལ་དང་བདག་ཉིད་ཆེ་ཚོགས་པ། །དྲུག་པོ་རྣམས་ལ་ལེགས་ཞེས་བྱ། །དོན་དྲུག་གི་མཚན་ཉིད་ཀྱི་ལེགས་པ་དེ་ལ་མངའ་བས་བཅོམ་ལྡན་འདས་ཏེ། འདི་ལྟར་བཅོམ་ལྡན་འདས་རང་དབང་ཚོགས་པ་ནི་ཉོན་མོངས་པའི་འཆིང་བ་བག་ཆགས་དང་བཅས་པ་བཅད་པའི་ཕྱིར་རོ། །རབ་ཏུ་སྦྱངས་པ་ཚོགས་པ་ནི་ཡེ་ཤེས་ཀྱི་མེས་ཤེས་བྱའི་སྒྲིབ་པའི་མུན་པ་བསལ་བའི་ཕྱིར་རོ། །གཟུགས་ཚོགས་པ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་ཕྱིར་རོ། །གྲགས་པ་ཚོགས་པ་ནི་འགྲོ་བ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །དཔལ་ཚོགས་པ་ནི་འགྲོ་བ་ཐམས་ཅད་ཀྱི་ཉེ་བར་འཚོ་བར་གྱུར་པའི་ཕྱིར་རོ། །བདག་ཉིད་ཆེན་པོའི་ཚོགས་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་མཛད་པའི་ཕྱིར་རོ། །བཞུགས་པ་ནི་འདུལ་བ་ཇི་ལྟ་བ་བཞིན་དུ་སྤྱོད་ལམ་བཞི་པོ་དག་གིས་གནས་པ་ཀུན་ཏུ་བསྟན་པའོ། །ཏེ་ཞེས་བྱ་བ་ནི་གྱུར་ཟིན་པ་སྟེ། ག་ཡ་ན་བཞུགས་པར་གྱུར་ཟིན་ཏོ་ཞེས་པའི་ཐ་ཚིག་གོ །འདིས་ནི་ག་ཡ་ཞེས་བྱ་བའི་ཡུལ་སྤྱིར་མཆོད་རྟེན་དུ་གྱུར་པ་བསྟན་ཏོ། །མདོ་འདི་ཡུལ་ཁྱད་པར་དུ་འཕགས་པ་ཉིད་དུ་བསྟན་པར་བརྗོད་པའི་ཕྱིར། ག་ཡ་མགོའི་མཆོད་རྟེན་ན་ཞེས་བྱ་བ་གསུངས་ཏེ། མགོའི་སྒྲ་ནི་རྩེ་མོའི་སྒྲའི་རྣམ་གྲངས་སུ་གཏོགས་པ་སྟེ། རང་བཞིན་གཞན་ནོ། །གཙོ་བོ་ནི་རི་དེ་ལ་ག་ཡའི་མགོ་ཞེས་བྱའོ། །གཙོ་བོ་ནི་དེ་བཞིན་གཤེགས་པའི་གནས་ཀྱི་ཕྱིར་རོ། །དེ་བཞིན་གཤེགས་པ་བཞུགས་པར་བརྗོད་པ་དེ་ཉིད་ཀྱི་མཆོད་རྟེན་དུ་གྱུར་ཏེ། མཆེད་རྟེན་སྨོས་པ་གང་ཡིན་པ་དེ། སངས་རྒྱས་དུ་མ་བཞུགས་བཞུགས་པས་གནས་ཁྱད་ཞུགས་པ་བསྙད་པའི་ཕྱིར་རོ། །དེ་བསྙད་པ་ཡང་


DTG113_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྣམ་གྲངས་འདི་སངས་རྒྱས་དུ་མས་བྱིན་གྱིས་བརླབས་པར་ཐབས་ཀྱིས་བསྙད་པའི་ཕྱིར་རོ། །དེ་བས་ན་སློབ་དཔོན་གྱིས་དེ་ལ་གླེང་གཞི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གླེང་གཞིའི་ཕྱོགས་གཅིག་ལ་ཡང་གླེང་གཞི་ཞེས་བྱ་བར་བལྟ་བར་བྱའོ། །མི་སློབ་པ་དང༌། སློབ་པས་བསྡུས་ཞེས་བྱ་བ་ནི་དགེ་སློང་གི་དགེ་འདུན་ཆེན་པོ་ཞེས་འབྱུང་བའི་ཕྱིར་རོ། །འདིར་བསྙེན་པར་རྫོགས་པའི་དགེ་སློང་སྨོས་པའི་ཕྱིར་གཉིས་སྨོས་སོ། །དགེ་སློང་སྟོང་དུ་ཚང་བ་ཞེས་འབྱུང་བ་ནི་མི་སློབ་པ་རྣམས་ཀུན་ཏུ་བསྟན་པའི་ཕྱིར་རོ། །ཉོན་མོངས་པ་བཅོམ་པས་དགེ་སློང་ཞེས་བྱ་བའི་ཕྱིར་རོ། །བྱ་བ་བྱས་པ་ཞེས་བྱ་བ་ལ་སོགས་པ་ནི་དེ་དག་གི་བྱེ་བྲག་གོ །དེ་ལ་ཚིག་དང་པོའི་བཤད་པ་ནི་ལྷག་མཐོང་གི་བྱ་བ་ཤིན་ཏུ་རྫོགས་པའི་ཕྱིར་བྱ་བ་རྫོགས་པ་ཞེས་བྱ་བ་སྟེ། ལྷག་མཐོང་ནི་ཤེས་རབ་ཀྱི་རྣམ་གྲངས་སུ་གཏོགས་པར་བལྟའོ། །བྱེད་པ་བྱས་པ་ནི་ཏིང་ངེ་འཛིན་གྱི་བྱ་བ་ཡོངས་སུ་རྫོགས་པའི་ཕྱིར་ཏེ། དེ་ནི་བྱ་བ་ཟིན་པ་ཞེས་བྱ་བ་བཤད་དོ། །ལྷག་མཐོང་གི་བྱ་བ་ནི་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་སྤངས་པ་སྟེ། དེ་ནི་ཁུར་བོར་བ་ཞེས་བྱ་བ་ལ་སོགས་པ་ཚིག་གསུམ་གྱིས་སྟོན་ཏོ། །བོར་བ་ཞེས་བྱ་བ་ནི་གང་དག་གིས་ཕུང་པོ་ལྔའི་ཁུར་བོར་བ་སྟེ། མ་འོངས་པའི་དུས་ན་སྐྱེ་བ་མེད་པས་དེ་དག་ལ་དེ་སྐད་ཅེས་བྱའོ། །དེའི་བཤད་པ་ནི་ཁུར་བླངས་པ་བོར་བ་སྟེ་ཁུར་དེ་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་གོ་ཞེས་བྱ་བ་སྟེ། འདིས་ནི་ཚེའི་ཀུན་ནས་ཉོན་མོངས་པ་སྤངས་བར་བསྟན་ཏོ། །བདག་གི་དོན་རྗེས་སུ་ཐོབ་པ་ཞེས་བྱ་བ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་སྤངས་པ་སྟེ། དེའི་བཤད་པ་ནི་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱེད་པ་ཞེས་བྱ་བའོ། །སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ་ཞེས་བྱ་བ་ནི་གང་དག་གིས་ལས་གང་དག་ཡིན་པ་དེ་དག་ཡོངས་སུ་ཟད་པར་ཞེས་བྱ་བར་ཚིག་རྣམ་པར་སྤྱོར་རོ། །དེའི་བཤད་པ་ནི་ཁམས་གསུམ་ནས་འབྱུང་བ་ཞེས་བྱ་བ་སྟེ། འདིས་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་སྤངས་པར་བསྟན་ཏོ། །ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ནི་རྣམ་པ་གང་གིས་ཤེས་རབ་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་ཟད་པའི་རྒྱུར་གྱུར་པ་སྟེ། དེ་དག་གིས་དེ་བསྟན་ཏོ། །ཡང་དག་པའི་ཤེས་པ་ནི་ཡང་དག་པའི་གདམས་ངག་བསྒོམས་པ་སྟེ། དེས་


DTG113_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པ་དང༌། ལས་དང༌། ཚེ་དག་ལས་གང་དག་གིས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེའི་བཤད་པ་ནི་མ་ནོར་བའི་གདམས་ངག་བསྒོམས་ཏེ་དེ་ལ་གནས་ནས་ཉོན་མོངས་པ་ཤིན་ཏུ་སྤངས་པ་ཞེས་བྱ་བའོ། །ཉོན་མོངས་པ་ཞེས་བྱ་བ་ནི་འདིར་ཉོན་མོངས་པ་དང༌། ལས་དང༌། ཚེ་ལ་བྱ་བར་འདོད་དེ། འདིས་ཉོན་མོངས་པར་བྱེད་པ་དང༌། འདིར་ཉོན་མོངས་པར་བྱེད་པ་སྟེ་སྒྲུབ་པ་གཉིས་སོ། །སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ་ཞེས་བྱ་བས་ནི་ཏིང་ངེ་འཛིན་གྱི་བྱ་བ་རབ་ཏུ་སྟོན་ཏེ། སེམས་རྩེ་གཅིག་ཏུ་གྱུར་པས་དབང་སྒྱུར་བ་ནི་སེམས་ལ་དབང་བ་དག་སྟེ། ཏིང་ངེ་འཛིན་རྣམས་སོ། །སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་མཆོག་སྟེ། དེ་ཐོབ་པ་དག་གོ །དེའི་བཤད་པ་ནི་རྫུ་འཕྲུལ་གྱི་རྐང་པ་ཤིན་ཏུ་བསྒོམས་པ་ཞེས་བྱ་བ་སྟེ། རྫུ་འཕྲུལ་གྱི་རྐང་པ་དག་ནི་ཏིང་ངེ་འཛིན་རྣམས་སོ། །དེ་དག་ཤིན་ཏུ་བསྒོམས་པས་དད་པས་བྱིན་པ་ཡོངས་སུ་སྤྱོད་པའི་འོས་སུ་གྱུར་པའི་ཕྱིར་དགྲ་བཅོམ་པ་རྣམས་སོ། །དེ་ནི་དད་པས་བྱིན་པ་ཡོངས་སུ་སྤྱོད་པའི་འོས་སུ་གྱུར་པས་ཞེས་བྱ་བས་བཤད་དོ། །སློབ་པ་རྣམས་ཀྱི་ཚད་ནི་མདོ་ལས་མི་འབྱུང་སྟེ། བཤད་པ་བྱེད་པས་བསླབ་པའི་སྒྲ་དོན་གྱི་སྒོ་ནས་རྣམ་པ་གཉིས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསླབ་པ་མ་རྫོགས་པ་ཞེས་བྱ་བས་ནི་རྒྱུ་ཡོངས་སུ་མ་རྫོགས་པ་བསྟན་ཏོ། །ཇི་ལྟར་འདོད་པའི་དོན་ཡོངས་སུ་མ་རྫོགས་པས་ཞེས་བྱ་བ་ནི་འབྲས་བུ་ཡོངས་སུ་མ་རྫོགས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་ཞེས་བྱ་བ་ནི་དེ་དག་པས་གྲངས་མང་བའོ། །བྱང་ཆུབ་ཏུ་སྨོན་ལམ་བཏབ་པའི་ཕྱིར་ན་བྱང་ཆུབ་སེམས་དཔའ་དག་གོ །སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པའི་ཕྱིར་སེམས་དཔའ་ཆེན་པོ་དག་གོ །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་ཡོངས་སུ་བརྗོད་དོ། །དེ་ལ་དེ་ནས་ཞེས་བྱ་བ་ནི་བར་མ་ཆད་པའོ། །གཅིག་པུ་ནི་སྐུ་དབེན་པའོ། །དབེན་པར་གཤེགས་པ་ནི་ཐུགས་དབེན་པའོ། །ནང་དུ་ཡང་དག་གཞག་པ་ནི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །ཏིང་ངེ་འཛིན་དེ་ནི་དེ་བཞིན་ཉིད་ལ་དམིགས་པ་སྟེ། ཆོས་ཀྱི་དབྱིངས་ཉིད་ལ་བཏགས་ཏེ་ཞེས་བྱ་བས་བསྟན་ཏོ། །སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་རང་གིས་རིག་


DTG113_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཆོས་ཀྱི་དབྱིངས་ལ་རྟོག་པ་སྟེ། དེ་ཉིད་དམིགས་པ་མེད་པའི་ཏིང་ངེ་འཛིན་ཏོ། །ཅིའི་ཕྱིར་ཏིང་ངེ་འཛིན་ཡོངས་སུ་བརྗོད་ཅེ་ན། བཤད་པ་བྱེད་པས་དེ་ལ་ཏིང་ངེ་འཛིན་ནི་ཞེས་བྱ་བ་ལ་སོགས་པ་འདིར་དགོས་པ་བསྟན་ཏོ། །བརྟག་པར་བྱ་བའི་དངོས་པོ་སྟེ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཏེ། དེ་ནི་ཏིང་ངེ་འཛིན་སོ་སོ་རང་གིས་རིག་པ་ཉིད་དེ། ཆོས་ཀྱི་དབྱིངས་ནི་རྟོག་གེའི་ཡུལ་མ་ཡིན་ཞེས་དེ་སྐད་སྨོས་པའི་ཕྱིར་རོ། །དོན་འདི་ཞེས་བྱ་བ་ནི་སྟོང་པ་ཉིད་ཅེས་བྱ་བ་དོན་གྱི་སྐབས་འདིར་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་བྱ་སྟེ། དེ་བཞིན་ཉིད་ནི་ཆོས་ཐམས་ཅད་བདག་མེད་པའི་རྣམ་པས་ཉན་ཐོས་ལ་སོགས་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །འདིས་ནི་ཞེས་བྱ་བས་ནི་སྟོང་པ་ཉིད་ཀུན་ཏུ་བརྗོད་པས་སོ། །དོན་འདི་ཞེས་བྱ་བ་ནི་སྟོང་པ་ཉིད་ཅེས་བྱ་བའོ། །དེ་དག་གི་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་དེ་དག་གིའོ། །སྟོང་པ་ཉིད་མ་མཐོང་བར་ཉོན་མོངས་པ་སྤོང་བ་མེད་དེ། གང་ཟག་ལ་བདག་མེད་པའི་རྣམ་པས་སྟོང་པ་ཉིད་ནི་དེ་དག་གི་ཡུལ་ཡང་ཡིན་ཏེ། ཆོས་ལ་བདག་མེད་པའི་རྣམ་པས་ནི་མ་ཡིན་ནོ། །བདག་གིས་བྱང་ཆུབ་ནི་ཐོབ་ཅེས་བྱ་བ་ནས་བཟུང་སྟེ་རྟོག་པ་པོ་རྣམ་པར་དག་པ་སྟོན་ཏོ། །དེ་བཞིན་ཉིད་ལ་དམིགས་པའི་ཏིང་ངེ་འཛིན་ལ་གནས་པ་ལ་འདི་མི་སྲིད་ཀྱི། དེ་ལས་བཞེངས་པ་ལ་འདི་རིགས་ཏེ་འོག་ཏུ་བསྒྲུབ་པར་བྱའོ། །གལ་ཏེ་བཅོམ་ལྡན་འདས་ནི་རྟག་ཏུ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་ན་ཇི་ལྟར་མཉམ་པར་འཇོག་པ་དང༌། ཇི་ལྟར་བཞེངས་ཤེ་ན། དེའང་འོག་ཏུ་བརྗོད་པར་བྱའོ། །བྱང་ཆུབ་བརྙེས་པར་བསྟན་པ་ཞེས་བྱ་བ་ནི་བདག་གིས་བྱང་ཆུབ་ནི་ཐོབ་ཅེས་མདོ་ལས་འབྱུང་བའི་ཕྱིར་རོ། །ཡེ་ཤེས་ཐུགས་སུ་ཆུད་པས་ཞེས་བྱ་བ་ནི་བདག་གིས་ཡེ་ཤེས་ནི་ཁོང་དུ་ཆུད་ཅེས་འབྱུང་བའི་ཕྱིར་རོ། །སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཉིད་བྱང་ཆུབ་སྟེ། དེའི་ཕྱིར་དེ་ལྟར་གྱུར་པའི་ཡེ་ཤེས་ཁོང་དུ་ཆུད་པ་ཉིད་བྱང་ཆུབ་བརྙེས་པར་རིག་པར་བྱའོ། །དེའི་ཕྱིར་དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་དངོས་པོ་མཚུངས་མཉམ་པས་ཐུབ་པའི་བྱང་ཆུབ་བརྙེས་པ་ཁྱད་པར་དུ་འཕགས་ཏེ། དེ་ནི་ཡེ་ཤེས་ཐུགས་སུ་ཆུད་པས་བྱེ་བྲག་ཏུ་གྱུར་ཏོ་ཞེས་བྱ་བས་བཤད་དོ། །བདག་གི་དོན་དང་གཞན་གྱི་དོན་ཐབས་དང་བཅས་པ་བསྒྲུབ་པའི་ཕྱིར་བྱ་བ་ནི་བྱས་པའོ། །དེའི་བཤད་པ་ནི་དམ་བཅས་པ་ཉམས་སུ་ལེན་ཞེས་བྱ་བ་


DTG113_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའོ། །བྱ་བ་ནི་བྱས་ཞེས་པའི་ཚིག་གིས་ནི་དེའི་བསྟན་པའོ། །མདོའི་ཚིག་ལྷག་མ་རྣམས་ནི་དེའི་བཤད་པའོ། །སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པས་བསྡུས་པ་ནི་བདག་གི་དོན་ཕུན་སུམ་ཚོགས་པ་སྟེ། དེ་ལ་སྤངས་པ་ཕུན་སུམ་ཚོགས་པ་ནི་བདག་གིས་ཁུར་ནི་བོར་ཞེས་བྱ་བ་ལ་སོགས་པ་ཚིག་གསུམ་གྱིས་བསྙད་དེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གནས་དང་བཅས་པ་སྤངས་པ་བསྟན་པའི་ཕྱིར་རོ། །ཁམས་གསུམ་དུ་སྐྱེ་བས་བསྡུས་པའི་རྣམ་པར་སྨིན་པའི་བདག་ཉིད་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པའི་མཚན་ཉིད་ཕུང་པོ་དག་ནི་ཁུར་བླངས་པ་སྟེ། དེ་དག་སྤངས་པའི་ཕྱིར་ཁུར་བོར་བའོ། །འདིས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་གནས་སྐྱེ་བ་སྤངས་པར་བསྟན་ཏོ། །དེའི་བཤད་པ་ནི་ཁུར་བླངས་པ་བོར་ཞེས་བའོ། །ཁུར་གྱི་དོན་ནི་སྔ་མ་བཞིན་ཞེས་བྱ་བ་ནི་ཁུར་དེ་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་གོ་ཞེས་བཤད་པའི་ཕྱིར་རོ། །བདག་གིས་ན་འཁོར་བའི་འབྲོག་དགོན་པ་ལས་ནི་བརྒལ་ཞེས་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པར་བསྟན་ཏོ། །འདིས་འཁོར་བར་བྱེད་པས་འཁོར་བ་སྟེ། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཚོགས་སོ། །དེ་ཉིད་འབྲོག་དགོན་པ་སྟེ། དེའི་བཤད་པ་ནི་ཉོན་མོངས་པའི་སྒྲིབ་པ་ཤིན་ཏུ་སྤངས་པ་ཞེས་བྱའོ། །བདག་གིས་མ་རིག་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་སྟེ། དེ་བསལ་བ་ནི་སྤངས་པའོ། །འདིས་ནི་ཤེས་བྱའི་སྒྲིབ་པ་སྤངས་པ་བསྟན་ཏེ། དེའི་བཤད་པ་ནི་ཤེས་བྱའི་སྒྲིབ་པ་ཤིན་ཏུ་སྤངས་པ་ཞེས་བྱའོ། །བདག་གིས་རིག་པ་ནི་བསྒྲུབས་ཞེས་བྱ་བ་འདིས་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏེ། ཤེས་བྱ་ཐམས་ཅད་ལ་དམིགས་པའི་ཡེ་ཤེས་ནི་རིག་པའོ། །དེའི་བཤད་པ་ནི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་བྱས་པ་ཞེས་བྱའོ། །བདག་གིས་ཟུག་རྡུ་ནི་ཕྱུང་ཞེས་བྱ་བ་འདིའི་བཤད་པ་ནི་ལྟ་བ་ཐམས་ཅད་ཀྱི་ཟུག་རྡུ་བཏོན་པ་ཞེས་བྱའོ། །བདག་གིས་སྲིད་པ་ནི་ཟད་ཅེས་བྱ་བ་འདིའི་བཤད་པ་ནི། སྨོན་ལམ་དང་བྲལ་བ་ཞེས་བྱ་བ་སྟེ། སྲེད་པའི་དོན་དུ་ཚོལ་བའི་སྨོན་ལམ་མོ། །ཉོན་མོངས་པའི་སྒྲིབ་པ་སྤངས་པ་ཉིད་ལྟ་བ་དང་སྲེད་པ་སྤངས་པར་གྲུབ་མོད་ཀྱི་སོ་སོར་སྨོས་པ་ནི་རྒྱུན་མི་འཆད་པར་ཀུན་ཏུ་འབྱུང་བས་ལྟ་བ་དང་སྲེད་པ་གཉིས་གཙོ་བོར་


DTG113_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་ཕྱིར་རོ། །འདིས་ནི་བདག་གི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །བདག་གིས་ཆོས་ཀྱི་གྲུ་ནི་སྤྱར་ཞེས་བྱ་བ་ནི་ཆོས་ཐམས་ཅད་བདག་མེད་པ་ལ་དམིགས་པ་ཟག་པ་མེད་པའི་ཤེས་རབ་ནི་ཆོས་ཀྱི་གྲུའོ། །དེའི་བཤད་པ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཡང་དག་པར་བསྒྲུབས་ཞེས་བྱ་བའོ། །བདག་གིས་ཆོས་ཀྱི་རྔ་ནི་བརྡུངས་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཐབས་དང་བཅས་པ་བསྟན་ཏོ། །དེ་ལ་ཐབས་ནི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའོ། །དེ་ཡང་བདག་གིས་ཆོས་ཀྱི་རྔ་ནི་བརྡུངས་ཞེས་བྱ་བ་འདིས་བསྟན་ཏོ། །དེའི་བཤད་པ་ནི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ཞེས་བྱ་བ་སྟེ། ངེས་པར་ལེགས་པ་དང༌། མངོན་པར་མཐོ་བའི་རྒྱུ་རབ་ཏུ་བཤད་པས་གསུང་རབ་ཀྱི་ཆོས་ནི་རྣམ་པ་གཉིས་སོ། །དེ་ལ་ངེས་པར་ལེགས་པའི་རྒྱུ་ནི་སྟོང་པ་ཉིད་བཤད་པའོ། །དེ་ཡང་བདག་གིས་ཆོས་ཀྱི་དུང་ནི་བུས་ཞེས་བྱ་བ་འདིས་བསྟན་ཏོ། །དེའི་བཤད་པ་ནི་བདག་མེད་པའི་སྒྲ་བསྒྲགས་པ་ཞེས་བྱའོ། །སྟོང་པ་ཉིད་དུ་ལྟ་བ་ནི་དངོས་པོ་སྟོབས་ཀྱིས་བྱུང་བའི་ཚད་མས་གྲོགས་སུ་གྱུར་པའི་ཕྱིར་ཕས་ཀྱི་རྒོལ་བ་ཐམས་ཅད་ཟིལ་གྱིས་གནོན་པ་ཡིན་པས་བདག་གིས་ཆོས་ཀྱི་རྒྱལ་མཚན་ནི་བསྒྲེང་ཞེས་བྱ་བ་གསུངས་ཏེ། མུ་སྟེགས་ཐམས་ཅད་ལས་རྣམ་པར་རྒྱལ་བས་རྒྱལ་མཚན་ཉིད་དེ། བདག་མེད་པའི་སྒྲ་གསང་བསྟོད་པའི་ཕྱིར་རོ། །དེའི་བཤད་པ་ནི་ཕྱིར་རྒོལ་བ་ཤིན་ཏུ་ཚར་བཅད་པ་ཞེས་བྱ་བའོ། །བདག་གི་འཁོར་བའི་ལུགས་ནི་བཟློག་ཅེས་བྱ་བ་ལ་སོགས་པས་ནི་གདུལ་བ་ཐ་དད་པ་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཐ་དད་པར་བསྟན་ཏོ། །གདུལ་བ་ནི་རྣམ་པ་གཉིས་ཏེ། དོན་གྲུབ་པ་དང༌། དེ་ལས་བཟློག་པའོ། །དོན་གྲུབ་པ་ནི་ཀུན་ཏུ་སྦྱོར་བ་ཐམས་ཅད་སྤངས་པ་སྟེ། དེའི་ཆེད་དུ་བདག་གི་འཁོར་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་བར་འདྲེན་པ་དང༌། ཐོབ་པར་བྱེད་པས་འཁོར་བའི་ལུགས་སོ། །ཀུན་ཏུ་སྦྱོར་བ་ནི་འབྲེལ་པ་སྟེ། དེ་བདག་གིས་བཟློག་གོ་ཞེས་བྱ་བའི་ཐ་ཚིག་གོ །དེའི་བཤད་པ་ནི་རྐྱེན་ཀུན་ཏུ་སྦྱོར་བ་མི་འབྱུང་བ་ཞེས་བྱ་བའོ། །ཀུན་ཏུ་སྦྱོར་བ་ཉིད་སྐྱེ་བའི་རྐྱེན་དག་སྟེ། དེ་དག་མི་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ །དོན་མ་གྲུབ་པ་ནི་ཀུན་ཏུ་སྦྱོར་བ་མ་ལུས་པར་མ་སྤངས་པའོ། །དེ་ཡང་རྣམ་


DTG113_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་ཏེ། སོ་སོའི་སྐྱེ་བོ་ལུང་གི་སྟོབས་ཅན་དང༌། ཁོང་དུ་ཆུད་པའི་སྟོབས་ཅན་དེ་ཁོ་ན་མཐོང་བའོ། །དང་པོའི་ཆེད་དུ་བདག་གིས་ཆོས་ཀྱི་ལུགས་ནི་བསྙད་ཅེས་བྱ་བ་གསུངས་ཏེ། ངའི་ཆོས་ཀྱི་ལུགས་ནི་མང་དུ་ཐོས་པ་རྣམས་ཀྱིས་བཤད་དོ་ཞེས་བྱ་བའི་ཐ་ཚིག་གོ ། ཆོས་རྣམས་ཀྱི་ལུགས་ནི་ཚུལ་ལོ། །ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་ཆོས་རྣམས་ནི་དྲུག་དང་ཇི་ལྟར་མཐུན་པར་གཞག་སྟེ། ཚུལ་དྲུག་ནི། དེ་ཁོ་ན་དོན་གྱི་ཚུལ་དང༌། ཐོབ་པའི་ཚུལ་དང༌། བསྟན་པའི་ཚུལ་དང༌། མཐའ་གཉིས་སྤངས་པའི་ཚུལ་དང༌། བསམ་གྱིས་མི་ཁྱབ་པའི་ཚུལ་དང༌། དགོངས་པའི་ཚུལ་ལོ། །དེའི་བཤད་པ་ནི་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ཆོས་ཡང་དག་པར་བཤད་པ་ཞེས་བྱའོ། །ཁོང་དུ་ཆུད་པའི་སྟོབས་ཅན་གྱི་ཆེད་དུ་བདག་གིས་ལམ་ངན་པ་ནི་བཅད་ཅེས་བྱ་བ་ལ་སོགས་པའི་ཚིག་གཉིས་གསུངས་ཏེ། ཕྱིན་ཅི་ལོག་ལ་མངོན་པར་ཞེན་པ་དག་ནི་ལམ་ངན་པ་དག་གོ །འདུལ་བ་རྣམས་ཀྱིས་དེ་དག་ནི་ངས་བཅད་དེ། སེམས་ཅན་ལ་བསྟན་པས་སོ་ཞེས་བྱ་བར་དགོངས་པའོ། །དེ་བས་ན་བདག་གིས་ལམ་ནི་ཀུན་ཏུ་བསྟན་ཞེས་བྱ་བ་གསུངས་སོ། །ཚིག་འདི་གཉིས་ཀྱི་བཤད་པ་ནི་ཕྱིན་ཅི་ལོག་ལ་མངོན་པར་ཞེན་པ་སྤངས་པ་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པའི་རྗེས་སུ་མཐུན་པ་ཞེས་བྱ་བ་སྟེ། གོ་རིམས་བཞིན་ནོ། །དེ་དག་ནི་སྐྱེ་བོ་ངེས་པར་ལེགས་པའི་སྣོད་ཀྱི་ཆེད་དུ་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་པའོ། །མངོན་པར་མཐོ་བའི་སྣོད་ཀྱི་ཆེད་དུ་བདག་གིས་ཞིང་ངན་པ་དག་ནི་རྣམ་པར་བཟློག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞིང་དང་ཞིང་མ་ཡིན་པ་རྣམ་པར་དབྱེ་བ་ཡོངས་སུ་ཤེས་པར་གྱུར་ན་ཞིང་མ་ཡིན་པ་འདོར་ཏེ། ཞིང་ལ་མངོན་པར་མཐོ་བའི་ས་བོན་འདེབས་པས་མངོན་པར་མཐོ་བའི་འབྲས་བུ་ཁྱད་པར་དུ་འཕགས་པ་འཐོབ་པོ། །ཚིག་འདི་གཉིས་ཀྱི་བཤད་པ་ནི་མུ་སྟེགས་ཅན་ཞིང་ངན་པ་རྣམ་པར་བཟློག་པ་དང༌། བསོད་ནམས་ཀྱི་ཞིང་དཀོན་མཆོག་གསུམ་ཀུན་ཏུ་བསྟན་པས་ན་ཞེས་བྱ་བ་སྟེ། གོ་རིམས་བཞིན་ནོ། །ཆོས་དེ་ལ་ཞེས་བྱ་བ་ནི་བྱང་ཆུབ་ལའོ། །ཇི་ལྟར་ཞེས་བྱ་བ་ནི་རྣམ་པ་ཞེས་བྱ་བའོ། །གང་གིས་ཞེས་བྱ་བ་ནི་བྱེད་པའོ། །སུས་ཞེས་བྱ་བ་ནི་བྱེད་པ་པོའོ། །དེའི་བཤད་པ་ནི་དེ་ལ་བརྟག་པར་བྱ་བའི་དངོས་


DTG113_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནི་གང་གིས་གང་ཞིག་ཇི་ལྟར་ཁོང་དུ་ཆུད་པ་ཞེས་བྱ་བའོ། །དེ་ལ་གང་གིས་ཞེས་བྱ་བས་ནི་བྱེད་པ་དང་བྱེད་པ་པོ་སྟོན་ཏོ། །གང་ཞིག་ཅེས་བྱ་བ་ནི་ཁོང་དུ་ཆུད་པར་བྱ་བ་སྟེ། བྱང་ཆུབ་ཅེས་བྱ་བའོ། །ཇི་ལྟར་ཞེས་བྱ་བ་ནི་རྣམ་པ་སྟེ། སུས་བྱང་ཆུབ་ལ་བྱེད་པ་པོ་དང༌། བྱེད་པ་ལ་སོགས་པ་ཀུན་བརྟགས་ནས་བྱང་ཆུབ་ཁོང་དུ་ཆུད་པ་སྟོན་ཏོ། །འདི་ནི་དེའི་ཀུན་བརྟགས་པའི་རང་བཞིན་ཏེ། དེ་དག་ནི་ཀུན་ཏུ་བརྟགས་པ་ཡིན་པས་དུས་གསུམ་དུ་ཡང་རང་བཞིན་མེད་པར་རིག་པར་བྱའོ་ཞེས་བྱ་བས་བསྟན་ཏོ། །ཅིའི་ཕྱིར་ཞེ་ན། ལུས་དང་སེམས་ཀྱིས་ནི་ཁོང་དུ་ཆུད་པར་མི་རིགས་སོ་ཞེས་མདོ་ལས་གསུངས་པས། བདག་ལ་སོགས་པས་ཀྱང་མ་ཡིན་ཏེ། དེ་བས་ན་ལུས་དང་སེམས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ལ་སོགས་པ་མུ་སྟེགས་ཅན་གྱིས་ཀུན་བརྟགས་པ་རྣམས་ཤིན་ཏུ་མི་དམིགས་པའི་ཕྱིར་མ་བཞག་གོ་ཞེས་བྱ་བའི་ཐ་ཚིག་གོ །ལུས་ནི་རྡུལ་ཕྲ་རབ་ཀྱི་བདག་ཉིད་དུ་མེད་དུ་ཟིན་ཀྱང་དེ་ལྟར་གྱུར་བ་རྣམ་པར་ཤེས་པ་སྣང་བའི་དབང་གིས་རྣམ་པར་གཞག་གོ །བེམས་པོ་གཡོ་བ་མེད་པ་ཞེས་བྱ་བ་ནི་དོན་གཅིག་གོ །དེའི་བཤད་པ་ནི་སྤྱོད་པ་མེད་པ་ཞེས་བྱ་བ་སྟེ། ཡུལ་ཁོང་དུ་ཆུད་པའི་མཚན་ཉིད་ཀྱི་སྤྱོད་པ་མེད་པའི་ཕྱིར་རོ། །རྩྭ་དང་ཞེས་བྱ་བ་ལ་སོགས་པའི་བཤད་པ་ནི་ཀུན་ཏུ་བརྟགས་པ་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་སྟེ། དཔེར་ན་རྩྭ་ལ་སོགས་པ་ཕྱི་རོལ་ན་མེད་ཀྱང་རྣམ་པར་ཤེས་པས་ཡོངས་སུ་བརྟགས་པ་ཙམ་གྱིས་རྣམ་པར་གཞག་པ་ལྟར་ལུས་ཀྱང་དེ་བཞིན་ནོ། །སེམས་མེད་པ་ཞེས་བྱ་བ་འདིའི་བཤད་པ་ནི་འདུ་ཤེས་མེད་པ་ཞེས་བྱ་བ་སྟེ། འདི་ཡང་གཡོ་བ་མེད་པ་སྒྲུབ་པའོ། །རྐྱེན་རྣམས་ཚོགས་པ་ལས་བྱུང་བ་ཞེས་བྱ་བ་དེ་ནི་འདིར་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་ཞེས་བྱ་བ་འདིའི་བཤད་པ་སྟེ། དེའི་རྣམ་པར་འཁྲུལ་པའི་དབང་གིས་འབྱུང་བ་ཆེན་པོ་བཞི་པོ་དག་ལས་བྱུང་བའི་ལུས་ཞེས་རྣམ་པར་གཞག་པར་ཟད་ལ། འབྱུང་བ་ཆེན་པོ་ལ་སོགས་པ་འཁྲུལ་པ་ཡང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་བྱང་ཆུབ་ཀྱི་གནས་སྐབས་ན་མེད་ན་ལུས་ལྟ་བྱང་ཆུབ་ཁོང་དུ་ཆུད་པའི་བྱེད་པ་པོར་ག་ལ་འགྱུར་ཞེས་དགོངས་པའོ། །ཕ་མའི་མི་གཙང་བ་ལས་བྱུང་བ་ཞེས་བྱ་བ་འདིའི་བཤད་པ་ནི་མི་གཙང་བ་ཞེས་བྱ་བ་སྟེ། འདིར་ཡང་གོང་དུ་བཤད་མ་ཐག་པ་


DTG113_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དགོངས་པའོ། །མི་རྟག་པ་ཞེས་བྱ་བའི་བཤད་པ་ནི་ཐེར་ཟུག་མ་ཡིན་པ་ཞེས་བྱ་བའོ། །དགོངས་པ་ནི་འདི་ཡིན་ཏེ། གཉིས་ལས་རྣམ་པར་དབེན་པའི་དེ་བཞིན་ཉིད་དོ། །དེ་ནི་འགྱུར་བ་མེད་པ་སྟེ། དེ་ཡང་འགྱུར་བ་མེད་པ་ཉིད་ཀྱི་ཡེ་ཤེས་ཀྱིས་འཛིན་ཏེ། དེ་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་ཡེ་ཤེས་མཚན་ཉིད་ཀྱིས་སྐད་ཅིག་པ་ཡིན་དུ་ཟིན་ཀྱང་དེ་རྟག་ཏུ་འདྲ་བའི་ཕྱིར་འགྱུར་བ་མེད་པ་ཉིད་དུ་རྣམ་པར་གཞག་སྟེ། ལས་དང་ཉོན་མོངས་པས་མངོན་པར་འདུས་བྱས་པའི་ལུས་ནི་དེ་ལྟ་མ་ཡིན་ནོ། །རྟག་ཏུ་བསྐུ་བ་དང༌། བཀྲུ་བ་དང༌། མཉེ་དགོས་པ་དང་ཞེས་བྱ་བ་དེའི་བཤད་པ་ནི་རང་བཞིན་གྱིས་བསྒྲིམས་ཏེ་ཡོངས་སུ་བསྐྱང་དགོས་པ་ཞེས་བྱའོ། །འཇིག་པ་ཞེས་བྱ་བ་ལ་སོགས་པའི་བཤད་པ་ནི་འཇིག་པའི་ངང་ཚུལ་ཅན་གྱིས་ཞེས་བྱ་བ་སྟེ། མི་རྟག་པ་ཉིད་ནི་སྐད་ཅིག་པ་དང་སྦྱར་ཏེ་བསྟན་ཏོ། །འཇིག་པའི་ངང་ཚུལ་ཅན་ནི་རྒྱུ་དང་སྦྱར་ཏེ་བསྟན་ཏོ། །ལོག་པར་སྣང་བས་གཉིས་སུ་མེད་པ་ལ་གཉིས་སུ་སྣང་བའི་ཕྱིར་རྣམ་པ་དེའི་བྱིས་པ་རྣམས་རྨོངས་པར་བྱེད་དེ། སེམས་ནི་སྒྱུ་མ་དང་མཚུངས་པ་ཞེས་བྱ་བ་དེའི་བཤད་པའོ། །བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་ཀྱིས་བསྐྱེད་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། དེ་ནི་དགེ་བ་དང་མི་དགེ་བའི་རྐྱེན་ལས་བྱུང་བ་ཞེས་བྱ་བས་བཤད་དོ། །གཅིག་ལ་དམིགས་པའི་གཞི་ནི་གནས་ཏེ། དེ་མེད་པའི་ཕྱིར་གནས་མེད་པའོ། །དེ་ནི་གནས་པ་ཞེས་བྱ་བས་བཤད་དོ། །དེ་ནི་གཞན་གྱི་དབང་གིས་བདག་ཉིད་ཀྱི་སེམས་ཀྱི་དབང་དུ་བྱས་ནས་ཚིག་གསུམ་གསུངས་སོ། །བྱང་ཆུབ་ཀྱི་གནས་སྐབས་ན་ནི་དེ་ལྟ་བུར་གྱུར་པའི་སེམས་མེད་ན་གང་གིས་དེ་དེའི་ཁོང་དུ་ཆུད་པར་བྱ་བར་འགྱུར་རོ། །བརྟགས་པའི་དབང་དུ་བྱས་ནས་མཚན་ཉིད་མེད་པ་ཞེས་བྱ་བ་གསུངས་སོ། །མཚན་ཉིད་ཡོད་པ་མ་ཡིན་པ་ནི་མཚན་ཉིད་མེད་པ་སྟེ། མེད་པར་དགག་པ་རྩོམ་མོ། །དེའི་བརྟག་པ་ནི་ཀུན་བརྟགས་པའི་མཚན་ཉིད་མི་དམིགས་པ་ཞེས་བྱ་བའོ། །ཡོངས་སུ་གྲུབ་པའི་ཕྱིར་ཡུལ་མ་ཡིན་ཞེ་ན། དངོས་པོ་མེད་པ། བླ་གབ་མེད་པ་ཞེས་བྱ་བ་གསུངས་ཏེ། འདི་ལ་ཀུན་བརྟགས་པའི་དངོས་པོ་མེད་པས་དངོས་པོ་མེད་པའོ། །ཡོངས་སུ་གྲུབ་པ་ཡང་དེ་ཡིན་ཏེ། འདིར་བླ་གབ་


DTG113_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དང་མཚུངས་པའི་ཕྱིར་རོ། །འདི་ནི་འདི་སྐད་དུ་གཟུང་བ་དང༌། འཛིན་པ་གཉིས་ལས་དབེན་པའི་ཡེ་ཤེས་ནི་ནམ་མཁའ་དང་མཚུངས་པ་སྟེ། བྱང་ཆུབ་ཀྱང་ཡེ་ཤེས་དེ་ཉིད་ཡིན་ནོ། །དེ་བས་ན་ཐ་དད་པ་མེད་པའི་ཕྱིར་ཁོང་དུ་ཆུད་པ་དང༌། ཁོང་དུ་ཆུད་པར་བྱ་བའི་དངོས་པོ་མེད་དོ་ཞེས་བསྟན་པར་འགྱུར་རོ། །དེའི་བཤད་པ་ནི་རང་བཞིན་གྱིས་སྟོང་པ་ཞེས་བྱ་བ་དང༌། རིང་དུ་སོང་བས་ཞེས་བྱ་བའོ། །རང་བཞིན་གྱི་ངོ་བོ་ཉིད་ཀྱིས་ཡོངས་སུ་གྲུབ་པ་ལ་སྒྲོ་བཏགས་པའི་ངོ་བོ་སྟོང་པ་ཉིད་དོ། །འདིས་ནི་དངོས་པོ་མེད་པའི་དོན་བསྟན་ཏོ། །རིང་དུ་སོང་བས་ཞེས་བྱ་བས་ནི་སེམས་ནམ་མཁའི་ངོ་བོ་ཉིད་བསྟན་ཏེ། དཔེར་ན་ནམ་མཁའ་ཆོད་པ་མེད་པར་ཐམས་ཅད་དུ་སོང་བ་ལྟར་སེམས་ཀྱང་དེ་བཞིན་ཏེ། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འདིས་ནི་བླ་གབ་མེད་པའི་དོན་བསྟན་ཏོ། །བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ནི་རྣམ་པ་གཉིས་ཏེ། སོ་སོ་རང་གིས་རིག་པ་དང། སྒྲས་བརྗོད་པར་བྱ་བའོ། །དེ་ལ་སྒྲས་བརྗོད་པར་བྱ་བ་ནི་ཐ་སྙད་ཙམ་མ་གཏོགས་པར་ཅི་ཡང་མེད་ན་དེ་ཁོང་དུ་ཆུད་པར་བྱ་བར་ཇི་ལྟར་འགྱུར། སོ་སོ་རང་གིས་རིག་པ་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་བདག་ཉིད་དུ་གྱུར་པ་སྟེ། དེ་ལ་ཡང་ཁོང་དུ་ཆུད་པར་བྱ་བ་དང༌། ཁོང་དུ་ཆུད་པ་ཡོད་པར་ག་ལ་འགྱུར། མིང་ཙམ་ཐ་སྙད་ཙམ་ཞེས་བྱ་བ་ནི་བྱང་ཆུབ་རྣམ་པ་གཉིས་པོ་དེ་སྟོན་ཏེ། མིང་འདི་གཟུགས་མེད་པའི་ཕུང་པོ་རྣམས་སོ་ཞེས་འབྱུང་བའི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་ཉིད་མིང་གི་སྒྲར་བསྟན་ཏོ། །གཉིས་སུ་མེད་པའི་ཡེ་ཤེས་ཙམ་ཉིད་བྱང་ཆུབ་སྟེ། དེ་ལས་གུད་ན་མེད་དོ། །འདིས་ནི་སོ་སོ་རང་གིས་རིག་པ་བསྟན་ཏོ། །ཐ་སྙད་ཙམ་ཞེས་བྱ་བ་ནི་སྒྲས་བརྗོད་པར་བྱ་བའོ། །དེའི་བཤད་པ་ནི་དེ་ལ་ཁོང་དུ་ཆུད་པར་བྱ་བའི་དོན་ནི་མིང་དང་ཐ་སྙད་ཙམ་དུ་ཟད་པས་ཀུན་བརྟགས་པའི་རང་བཞིན་མེད་པར་རིག་པར་བྱའོ་ཞེས་བྱ་བའོ། །མིང་དང་ཐ་སྙད་ཙམ་ཞེས་བྱ་བ་ནི་མིང་ཙམ་ཐ་སྙད་ཙམ་ཞེས་བྱ་བའི་ཐ་ཚིག་གོ །ནམ་མིང་ཙམ་དུ་གྱུར་བ་དེའི་ཚེ་འདི་སྐད་དུ་འདི་ལ་ནི་ཀུན་བརྟགས་པའི་རང་བཞིན་འགྱུར་བ་མེད་དོ་ཞེས་བཤད་པར་བྱའོ། །ཀུན་བརྟགས་པའི་རང་བཞིན་མི་འབྱུང་བ་ནི་གང་གི་ཚེ་ཐ་སྙད་ཙམ་དུ་ཟད་པས་དེའི་ཚེ་འབྱུང་བ་མེད་པ་ཙམ་ནི་འབྱུང་བ་མེད་པའོ། །གཅིག་ནས་གཅིག་


DTG113_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བརྒྱུད་དེ་སྒྲ་སྐད་ཀྱི་གནས་སུ་གྱུར་པ་ལོག་པའི་དངོས་པོ་དེ་ལ་སྒྲ་སྐད་མེད་པས་སྒྲ་སྐད་མེད་པའོ། །དེ་ཡང་ཐ་སྙད་ཙམ་ལ་བརྟེན་ནས་བསྟན་ཏེ། དེའི་བཤད་པ་ནི་དངོས་པོ་མེད་པ་ཞེས་བྱ་བའོ། །དཔྱད་པ་ནི་རྟོག་པ་སྟེ། དེའི་ཡུལ་མ་ཡིན་པས་དཔྱད་དུ་མེད་པ་སྟེ། དེ་ནི་རྟོག་གེའི་ཡུལ་ལས་ཤིན་ཏུ་འདས་པ་ཞེས་བྱ་བས་བཤད་དོ། །ཆོས་རང་བཞིན་གྱིས་སྟོང་པ་ཞེས་བྱ་བ་ནི་ཀུན་བརྟགས་པའི་རང་བཞིན་ལས་དབེན་པའི་ཕྱིར་ཏེ། དེ་ནི་གྲུབ་པ་ཞེས་བྱ་བ་དེའི་བཤད་པ་སྟེ། དེ་ལ་གཟུང་བའམ་འཛིན་པ་གྲུབ་པ་མེད་པའི་ཕྱིར་རོ། །རྒྱུ་བ་མེད་པ་ནི་མཚན་མ་མེད་པའི་ཕྱིར་རོ། །འཇུག་པ་མེད་པ་ནི་བྱིས་པའི་ཡུལ་ལས་ཤིན་ཏུ་འདས་པའི་ཕྱིར་རོ། །འཕགས་པ་རྣམས་ཀྱིས་ཤེས་པ་རྣམ་པ་དང་བཅས་པ་གང་ཡིན་པ་འདི་ཡུལ་ལས་ཀྱང་ཤིན་ཏུ་འདས་པའི་ཕྱིར། རྣམ་པར་རིག་པ་མེད་པའོ། །གདགས་པའི་གནས་གཟུང་བ་དང་འཛིན་པར་སྒྲོ་བཏགས་པ་མེད་པའི་ཕྱིར་གདགས་པར་བྱ་བ་མ་ཡིན་པའོ། །དེའི་ཕྱིར་གནས་མེད་པ་ཞེས་བཤད་དོ། །འོང་བ་ནི་འབྱུང་བའོ། །འགྲོ་བ་ནི་འགག་པ་སྟེ། དེ་དག་ཀུན་བརྟགས་པའི་ངོ་བོས་གང་ལ་ཆད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་བཤད་པ་ནི་མ་སྐྱེས་མ་འགགས་ཞེས་བྱའོ། །གདགས་པ་ལས་ཡང་དག་པར་འདས་པ་ཞེས་བྱ་བ་དེའི་བཤད་པ་ནི་ཐ་སྙད་ཐམས་ཅད་ལས་ཤིན་ཏུ་འདས་པ་ཞེས་བྱའོ། །ཁམས་གསུམ་ལས་ཡང་དག་པར་འདས་པ་ཞེས་བྱ་བ་དེའི་བཤད་པ་ནི་དགེ་བ་དང་མི་དགེ་བ་མངོན་པར་འདུ་བྱེད་པའི་ལས་མི་དམིགས་པ་ཞེས་བྱ་བའོ། །ལས་ཀྱི་སྒྲ་ནི་བྱེད་པ་ལ་བྱ་སྟེ། དགེ་བ་དང་མི་དགེ་བ་མངོན་པར་འདུ་བྱེད་པ་གང་ཡིན་པ་དེས་ལས་གང་བྱེད་པ་དེ་ནི་སྐྱེད་བྱེད་ཅེས་བྱ་བའི་ཐ་ཚིག་སྟེ། དེ་མི་དམིགས་པའི་ཕྱིར་རོ། །མ་མཐོང་བ་ཞེས་བྱ་བ་དེའི་བཤད་པ་ནི་ལྟ་བ་པོ་དང་བྲལ་བ་ཞེས་བྱ་བ་སྟེ། བྱང་ཆུབ་ལས་གུད་ན་ལྟ་བ་པོ་མེད་པའི་ཕྱིར་རོ། །མ་ཐོས་པ་ཞེས་བྱ་བ་དེའི་བཤད་པ་ནི་རྣམ་པར་ཤེས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ་ཞེས་བྱ་བའོ། །བྱེ་བྲག་མ་ཕྱེད་པ་ཞེས་བྱ་བ་དེའི་བཤད་པ་ནི། ཡིད་ཀྱི་རྣམ་པར་ཤེས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ་ཞེས་བྱ་བ་སྟེ། གང་ཡིད་ཀྱི་རྣམ་པར་ཤེས་པས་གཟུང་བ་བྱང་ཆུབ་ཅེས་བྱ་བ་གཟུང་བར་བྱ་བ་གང་ཡང་མེད་དེ། སྤྲོས་པ་ཐམས་


DTG113_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དང་བྲལ་བའི་ཡེ་ཤེས་ཉིད་བྱང་ཆུབ་པོ། །དེ་ལ་གཟུང་བ་དང་འཛིན་པའི་དངོས་པོ་ག་ལ་ཡོད། བག་ཆགས་ཐམས་ཅད་ཀྱི་གནས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་བྱང་ཆུབ་ཀྱི་གནས་སྐབས་ན་ལོག་པའི་ཕྱིར་གཞི་མེད་པའོ། །དེའི་བཤད་པ་ནི་རྟེན་མེད་པ་ཞེས་བྱ་བ་སྟེ། འཁོར་བའི་ས་བོན་རྣམས་ཀྱི་གནས་སུ་གྱུར་པའི་དངོས་པོ་མེད་པའི་ཕྱིར་རོ། །དམིགས་པ་མེད་པ་ཞེས་བྱ་བའི་དེའི་བཤད་པ་ནི་ནམ་མཁའ་ལྟ་བུ་ཞེས་བྱ་བའོ། །དཔེར་ན་ཐོགས་པ་དང་བཅས་པའི་དངོས་པོ་མེད་པ་ཙམ་གྱིས་མཚན་ཉིད་ནམ་མཁའ་ལ་དམིགས་པ་མེད་པ་ལྟར་བྱང་ཆུབ་ལ་ཡང་དེ་བཞིན་ཏེ། དེ་ལ་དམིགས་པར་བྱེད་པ་མེད་པའི་ཕྱིར་རོ། །རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་བག་ཆགས་གཉིས་ལས་སྐྱེས་པའི་རྒྱུ་བ་དང༌། སྤྲོས་པ་དེ་དག་མེད་པའི་ཕྱིར། རྒྱུ་བ་མེད་པ་དང༌། སྤྲོས་པ་མེད་པ་སྟེ། གོ་རིམས་བཞིན་ནོ། །ཚིག་དེ་གཉིས་ཀྱི་བཤད་པ་ནི་འདུས་མ་བྱས་པ་ཞེས་བྱ་བ་སྟེ། རྣམ་པར་སྨིན་པ་དང༌། རྒྱུ་མཐུན་པའི་བག་ཆགས་གཉིས་ཀྱིས་འདུས་མ་བྱས་པའི་ཕྱིར་རོ། །འདིས་རྒོལ་བ་ངན་པ་འཇུག་པར་བྱེད་པས་འཇུག་པ་སྟེ། སྐབས་སུ་གྱུར་པའི་ཉེས་པའོ། །དེ་མེད་པའི་ཕྱིར། འཇུག་པ་མེད་པ་སྟེ། དེའི་ཕྱིར་དེ་ནི་སྐབས་མེད་པ་ཞེས་བྱ་བས་བཤད་དོ། །ཉི་ཚེ་བའི་ཤེས་པ་ཞེས་པ་ནི་ཤེས་བྱའི་སྒྲིབ་པ་མ་སྤངས་པ་སྟེ་དེའི་ལས་ཤིན་ཏུ་འདས་སོ། །དེ་ནི་རྟག་ཏུ་མེད་པ་ཞེས་བྱ་བ་དེའི་བཤད་པའོ། །དཔག་པ་ནི་འདི་ཙམ་མོ་ཞེས་ཡོངས་སུ་བཅད་པ་སྟེ། དེ་མེད་པའི་ཕྱིར་དཔག་ཏུ་མེད་པའོ། །དེའི་བཤད་པ་ནི་ཚད་མེད་པ་ཞེས་བྱ་བའོ། །བསྟན་དུ་མེད་པ་ཞེས་བྱ་བ་དེའི་བཤད་པ་ནི་གཞན་དག་ལ་བསྟན་དུ་མེད་པ་ཞེས་བྱ་བ་སྟེ། དེ་ནི་སྔོན་པོ་ལ་སོགས་པ་དེ་བཞིན་དུ་བསྟན་པར་མི་ནུས་སོ། །སྒྲའི་རྒྱུ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་ལ་སྒྲ་ཞེས་བརྗོད་དེ། དེ་མེད་པའི་ཕྱིར་སྒྲ་མེད་པ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་རང་གིས་རིག་པའི་དེ་བཞིན་ཉིད་དོ། །རང་གིས་རིག་པའི་དངོས་པོ་ལ་ནི་རྣམ་པར་རྟོག་པ་མེད་དེ། དེའི་ཕྱིར་སོ་སོ་རང་གིས་རིག་པ་ཞེས་བཤད་དོ། །ཡི་གེ་མེད་པ་ཞེས་བྱ་བ་ལ། ཡི་གེ་འདི་དབང་པོས་འཛིན་ཅིང་ལེན་པ་དང་དེ་ལས་སྣང་བར་འགྱུར་བའོ། །དེ་མེད་པ་ནི་ཡི་གེ་མེད་པ་སྟེ། དེ་ནི་སྣང་བ་མེད་པ་ཞེས་བྱ་བས་བཤད་དོ། །ཚིག་གི་ལམ་ནི་སྤྱིའི་རྣམ་པར་སྒྲོ་བཏགས་པ་སྟེ། དེ་


DTG113_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྒྲ་མེད་པ་ཞེས་བྱ་བ་དེས་ནི་རྣམ་པར་རྟོག་པའི་ཡུལ་མ་ཡིན་པ་བསྟན་ཏོ། །འདིས་ནི་ངག་གི་ཡུལ་མ་ཡིན་པ་བསྟན་ཏོ། །འདི་ཐམས་ཅད་ཀྱིས་ནི་སྒྲོ་བཏགས་པའི་རྣམ་པའི་དབང་གིས་གཟུང་བ་རྣམ་པར་གཞག་པ་སྟོན་ཏེ། རྣམ་པ་དེ་ཡང་ཆོས་ཀྱི་དབྱིངས་ལ་མེད་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་བྱེད་པ་པོ་དང༌། བྱེད་པ་དང་ལས་སོ་སོར་བརྟགས་པའི་ངོ་བོར་མེད་པ་བསྟན་ཏོ། །དེ་ནི་དེ་ལྟར་ན་སུ་ཞེས་བྱ་བ་ལ་སོགས་པས་སྤྱིར་མེད་པ་བསྟན་ཏོ། །སུ་མངོན་པར་རྫོགས་པར་འཚང་རྒྱ་ཞེས་བྱ་བ་ནི་ལུས་སོ། །གང་གིས་ཞེས་བྱ་བ་ནི་བྱེད་པར་འགྱུར་བ་སྟེ་སེམས་སོ། །གང་ཡིན་ཞེས་བྱ་བ་ནི་བྱང་ཆུབ་ཅེས་བྱ་བའོ། །གང་གསུངས་པ་དེ་ཡང་ཁོང་དུ་ཆུད་ཅེ་ན། རྣམ་པའི་རེག་པས་དེ་ལ་རྟོག་པ་སྟེ། བྱེད་པ་པོ་དང༌། ལས་དང་བྱེད་པ་འདུས་པ་རྟོགས་པས་ཁོང་དུ་ཆུད་པ་རྣམ་པར་གཞག་པ་ཉིད་རྣམ་པའོ། །འདི་དག་ནི་བྱེད་པ་པོ་ལ་སོགས་པས་ཁོང་དུ་ཆུད་པའི་དུས་ན་ཡོངས་སུ་རྟོག་པའི་རྒྱུ་རྣམས་སོ། །བདག་ཉིད་ཁོང་ན་བརྗོད་པའི་དུས་ན་མིང་ཙམ་དག་གོ །བདག་ཉིད་ཁ་ཏོན་བྱེད་པ་ལ་སོགས་པའི་དུས་ན་བཏགས་པ་ཙམ་དག་གོ །གཞན་དག་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བརྡར་འདོགས་པའི་དུས་ན་བརྡ་ཙམ་དག་གོ །གཞན་དག་ལ་ཐ་སྙད་བཏགས་པས་བརྗོད་པ་ན་ཐ་སྙད་ཙམ་དག་སྟེ། འདི་དག་ཀྱང་ད་ནི་ཇི་ལྟར་ཁོང་དུ་ཆུད་པ་དེ་ཡང་མིང་དང༌། བཏགས་པ་དང༌། བརྡ་དང༌། ཐ་སྙད་ཙམ་དུ་ཟད་པས་ཀུན་བརྟགས་པའི་རང་བཞིན་མེད་པར་རིག་པར་བྱའོ་ཞེས་བྱ་བས་བཤད་དེ། ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཚིག་བཞི་པོ་འདི་དག་ཀྱང་བརྟགས་པ་ཞེས་བྱ་བ་ལ་སོགས་པ་མདོའི་ཚིག་རྣམས་ཀྱིས་རབ་ཏུ་ཕྱེའོ། །དེའི་བཤད་པ་ནི་རྣམ་པ་དྲུག་གིས་ཞེས་བྱ་བ་ལ་སོགས་པའོ། །བརྟགས་པ། ཡོངས་སུ་བརྟགས་པ་ཞེས་བྱ་བ་ཡང་དོན་གཅིག་སྟེ། དེའི་བཤད་པ་ནི་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པ་ཞེས་བྱ་བའོ། །སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཉིད་བྱང་ཆུབ་པོ། །དེ་ལས་གུད་ན་གཟུང་བ་ཡོད་པར་ཡོངས་སུ་རྟོག་པ་ནི་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་སྟེ། ཡེ་ཤེས་ཀྱང་ཁོང་དུ་ཆུད་པར་བྱ་བ་ལས་གུད་ན་བྱེད་པའི་ངོ་བོར་མེད་པའི་ཕྱིར་རོ། །མ་བྱུང་


DTG113_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱུང་བ་མེད་པ་ཡང་དོན་གཅིག་སྟེ། དེའི་བཤད་པ་ནི་གསོག་ཅེས་བྱ་བའོ། །ཁོང་དུ་ཆུད་པར་བྱེད་པ་པོ་ཡང་བདག་ལ་སོགས་པ་བྱེད་པ་པོ་མེད་པའི་ཕྱིར། རྫས་མ་ཡིན་པ། རྫས་མེད་པ་སྟེ། དེ་ཡང་དོན་གཅིག་གོ །དེའི་བཤད་པ་ནི་བདག་མི་དམིགས་པ་ཞེས་བྱ་བའོ། །ཡོངས་སུ་དག་པའི་ཡེ་ཤེས་གཉིས་སུ་མེད་པ་ཉིད་ཁོང་དུ་ཆུད་པར་བྱེད་པ་པོ་ཡིན་ནོ། །དེ་ཉིད་ཁོང་དུ་ཆུད་པར་བྱ་བ་ཡིན་ནོ། །དེ་ལ་བྱེད་པ་པོ་ལ་སོགས་པ་ཐ་དད་པར་སྒྲོ་འདོགས་པས་ཤེས་པ་འབྱུང་བ་གང་ཡིན་པ་དེ་ནི་འཁྲུལ་བ་སྟེ། ཤེས་པ་དེས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གནས་སྐབས་བླང་བར་མི་ནུས་པས་ལེན་པ་མེད་པའོ། །དེ་བས་ན་འཇིག་རྟེན་པའི་ཤེས་རབ་ལས་ཤིན་ཏུ་འདས་པ་ཞེས་བྱ་བས་བསྟན་ཏོ། །བསྟན་དུ་མེད་པ་ཞེས་བྱ་བ་དེའི་བཤད་པ་ནི་ཡི་གེའི་ལམ་ལས་ཡང་དག་པར་འདས་པ་ཞེས་བྱ་བའོ། །མངོན་པར་ཆགས་པ་མེད་པ་ཞེས་བྱ་བ་དེའི་བཤད་པ་ནི་ནི་ངར་འཛིན་པ་དང་ང་ཡིར་འཛིན་པ་དང་བྲལ་བ་ཞེས་བྱ་བའོ། །ངར་འཛིན་པ་དང་ང་ཡིར་འཛིན་པ་ཉིད་མངོན་པར་ཆགས་པའི་རྒྱུ་ཡིན་པའི་ཕྱིར་མངོན་པར་ཆགས་པ་ཞེས་བྱ་བར་དགོངས་སོ། །དེ་ལྟར་རེ་ཞིག་བྱེད་པ་པོ་དང༌། ལས་དང༌། བྱ་བར་སྒྲོ་བཏགས་པས་བྱང་ཆུབ་ཁོང་དུ་ཆུད་པ་བཀག་པ་ལ་ཁ་ཅིག་སྐུར་བ་འདེབས་པར་འགྱུར་ཏེ། དེ་བས་ན་དེ་བསལ་བའི་ཕྱིར་འདི་ལ་གང་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱེད་པ་པོ་དང༌། བྱེད་པ་ལ་སོགས་པར་སྒྲོ་བཏགས་པ་དང་བྲལ་བ་གཉིས་སུ་མེད་པའི་ཡེ་ཤེས་རང་གིས་རིག་པ་ཞེས་བྱ་བ་མདོའི་དོན་ཏོ། །འདི་ནི་སུ་མངོན་པར་རྫོགས་པར་འཚང་རྒྱ་ཞེས་བྱ་བ་ལ་སོགས་པའི་བཤད་པའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ཞེས་བྱ་བ་ནི་བྱེད་པ་པོ་ལ་སོགས་པ་ཀུན་བརྟགས་པ་དེ་དག་ལས་དབེན་པ་གཉིས་སུ་མེད་པའི་ཡེ་ཤེས་རང་གིས་རིག་པ་ཞེས་བྱ་བའི་ཐ་ཚིག་གོ །གཟུང་བ་དང་འཛིན་པར་མངོན་པར་ཞེན་པ་དང་བྲལ་བའི་ཡེ་ཤེས་དེ་ཉིད་སྒྲིབ་པ་སྤངས་པས་ཐམས་ཅད་ནས་ཤེས་པའི་ཕྱིར་ཡོངས་སུ་ཤེས་པའོ། །སོ་སོ་རང་གིས་རིག་པའི་ཕྱིར་མངོན་སུམ་དུ་བྱས་པའོ། །ཕྱིན་ཅི་ལོག་དང་བྲལ་བའི་ཕྱིར། འགྱུར་བ་མེད་པའོ། །རང་བཞིན་གྱིས་གཟུང་བ་དང་འཛིན་པ་དང་བྲལ་བའི་ཕྱིར་མི་འགྱུར་བ་སྟེ། དེ་གཉིས་ཀྱིས་རབ་ཏུ་དང་བ་དང༌། རབ་ཏུ་


DTG113_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བར་ཞེས་བྱ་བ་གོ་རིམས་བཞིན་དུ་བསྟན་ཏེ། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་དང༌། འགྱུར་བ་མེད་པར་ཡོངས་སུ་གབ་པར་བསྟན་ཞེས་བྱ་བའི་ཐ་ཚིག་གོ །མཚན་ཉིད་མེད་པའི་དོན་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་སེམས་ཀྱི་སྐབས་སུ་མཚན་ཉིད་ཡོད་པ་མ་ཡིན་པ་ནི་མཚན་ཉིད་མེད་པ་ཞེས་བསྟན་པ་སྟེ། དེར་མཚན་ཉིད་མེད་པའི་སྒྲའི་དོན་བརྗོད་པ་གང་ཡིན་པ་དེ་འདིར་ཡང་ཞེས་བྱ་བའི་ཐ་ཚིག་གོ །མངོན་པར་ཞེན་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་ནི་ཏིང་ངེ་འཛིན་གྱི་བྱ་བའོ། །ཁོང་དུ་ཆུད་པ་བརྗོད་པ་ཀུན་རྫོབ་ཏུ་སྤྱིའི་རྣམ་པས་ཉན་པ་པོའི་རྒྱུད་ལ་སྐྱེད་པ་ནི་བསྟན་པའི་བྱ་བའོ། །འདིར་བཞེངས་པར་བསྟན་དུ་ཟིན་ཀྱང་འདི་ནི་ནང་དུ་ཡང་དག་བཞག་ནས་ཆོས་ཀྱི་དབྱིངས་ཉིད་ལ་རྟོག་སྟེ་ཞེས་བྱ་བའི་འོག་ཏུ་བལྟ་བར་བྱའོ། །འདི་མན་ཆད་དུ་ནི་ཏིང་ངེ་འཛིན་མྱོང་བའི་དོན་འཕགས་པ་འཇམ་དཔལ་ལས་བརྩམས་ནས་བསྟན་པ་སྟེ། འདི་ལྟར་བདག་གིས་བྱང་ཆུབ་དེ་ཇི་ལྟར་ཁོང་དུ་ཆུད་ཅེས་བྱ་བ་ནས་བཟུང་སྟེ། བྱང་ཆུབ་ནི་མཚན་ཉིད་མེད་པ་ཞེས་བྱ་བའི་བར་དུའོ། །འདི་མན་ཆད་ནི་འཕགས་པ་འཇམ་དཔལ་གྱིས་ཞུས་པ་གཏན་ལ་དབབ་པ་ལས་བརྩམས་ནས་བསྟན་པ་སྟེ། དེ་བས་ན་བསྟན་པ་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་དུ་ན་གལ་ཏེ་བྱང་ཆུབ་ནི་འགྱུར་བ་མེད་པ། མི་འགྱུར་བ། མཚན་ཉིད་མེད་པ་ཞེས་བྱ་བ་དེའི་འོག་ཏུ་བཞེངས་པར་འགྱུར་ན། འཕགས་པ་འཇམ་དཔལ་ལས་བརྩམས་ཏེ་ཐོག་མར་བསྟན་པར་ཇི་ལྟར་འགྱུར། མ་བསྟན་པའི་དོན་ལ་རྗེ་བཙུན་འཕགས་པ་འཇམ་དཔལ་གྱིས་བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་ཀྱི་མཚན་ཉིད་དེ་ལྟ་བུ་ལགས་ན་ཞེས་བྱ་བ་ལ་སོགས་པ་ཞུས་པར་ཇི་ལྟར་འགྱུར། གལ་ཏེ་སངས་རྒྱས་རྣམས་ནི་རྟག་ཏུ་མཉམ་པར་གཞག་པའི་ཕྱིར་ཇི་ལྟར་མཉམ་པར་གཞག །ཇི་ལྟར་བཞེངས་ཤེ་ན། མཉམ་པར་གཞག་པ་དང༌། བཞེངས་པ་བསྟན་པ་ནི་འདུལ་བའི་དོན་དུ་བསྟན་པས་ཉེས་པ་མེད་དོ། །ཅིའི་ཕྱིར་འཕགས་པ་འཇམ་དཔལ་ཁོ་ན་ལ་བཀའ་སྩལ་ཞེ་ན། འཇམ་དཔལ་བྱང་ཆུབ་དེ་ཇི་ལྟ་བ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཉིད་ཀྱིས་ཞུས་པའི་ཕྱིར་དེ་ཉིད་ལ་བཀའ་སྩལ་བར་རིགས་པར་ངེས་ཏེ། ཀླན་ཀར་མི་རུང་བ་མ་ཡིན་ནམ། བཀའ་སྩལ་པས་དེས་ཀྱང་ཞུས་པར་ནི་རིག་སྟེ་


DTG113_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་མེད་དོ། །ཅིའི་ཕྱིར་འཕགས་པ་འཇམ་དཔལ་གྱིས་ཞུས་ཤེ་ན་ཞེས་བྱ་བ་ནི་དྲི་བ་གཉིས་པ་བཟུང་སྟེ་གླེང་བའོ། །དེ་ཉིད་ལ་བཀའ་སྩལ་ཞེས་བྱ་བ་ནི་དེའི་འོག་ཏུ་བཀའ་སྩལ་པའི་ཕྱིར་རོ། །བྱང་ཆུབ་དེ་ཇི་ལྟ་བ་ཞེས་བྱ་བ་ལ་སོགས་པ་ནི་མངོན་པར་ཞེན་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཡང་བྱང་ཆུབ་སྟེ། མངོན་པར་ཞེན་པ་ཐམས་ཅད་དང་བྲལ་བས་དེར་འཇུག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །བཅོམ་ལྡན་འདས་ཇི་ལྟར་རབ་ཏུ་འཚལ་བར་འགྱུར་ཞེས་བྱ་བ་ནི། བསྟན་པ་ན་ཞེས་བྱ་བ་ཁོང་ནས་འབྱུང་སྟེ། བསྟན་ཀྱང་མི་ཤེས་ན་ཇི་ལྟར་ཐོས་པ་དང༌། སེམས་པ་ལ་སོགས་པའི་རིམ་གྱིས་བསྒོམ་པའི་ལམ་ལ་འཇུག་ཅེས་བྱ་བར་དགོངས་པའོ། །འཇམ་དཔལ་བྱང་ཆུབ་ནི་ཁམས་གསུམ་པ་ལས་ཡང་དག་པར་འདས་པ་ཞེས་བྱ་བ་འདིས་ནི་རྣམ་པར་རྟོག་པ་ལས་ཤིན་ཏུ་འདས་པར་བསྟན་ཏོ། །དེ་བས་ན་གཉིས་ལས་དབེན་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་བྱང་ཆུབ་སོ་སོ་རང་གིས་རིག་པ་བསྟན་པའི་ཡུལ་དུག་ལ་འགྱུར་ཏེ། དེ་བས་ན་ཐ་སྙད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཐ་སྙད་ལས་ཡང་དག་པར་འདས་པ། ཡི་གེའི་སྒྲ་སྐད་ལས་ཡང་དག་པར་འདས་པ་ཞེས་བྱ་བའི་ཚིག་གཉིས་པོ་དེ་ལ་ཚིག་དང་པོ་ནི་གོང་དུ་བསྟན་དུ་མེད་པ་ཞེས་གང་སྨོས་པ་དེ་དང་དོན་གཅིག་སྟེ། སྔོན་པོ་ལ་སོགས་པ་ལྟར་བསྟན་པའི་ཐ་སྙད་ལས་ཤིན་ཏུ་འདས་པའི་ཕྱིར་རོ། །ཡི་གེ་བརྗོད་པའི་སྒྲས་གསལ་བར་བྱད་པ་ནི་ཡི་གེའི་སྒྲ་སྐད་དེ། དེ་ལས་ཤིན་ཏུ་འདས་པའོ། །དེ་ཡང་ཚིག་གི་ལམ་ཞེས་གོང་དུ་བཤད་པའི་ཚིག་དང་དོན་མཐུན་ནོ། །སྒྲ་ལས་ཡང་དག་པར་འདས་པ་ཞེས་བྱ་བ་ནི་སྒྲ་མེད་པ་ཞེས་གང་བསྟན་པ་དེ་དང་དོན་མཐུན་ནོ། །དེ་བས་ན་འོག་ནས་ཁམས་གསུམ་པ་ལས་ཡང་དག་པར་འདས་པ་ལ་སོགས་པ་བཞིའི་དོན་ནི་སྔ་མ་བཞིན་ནོ་ཞེས་འཆད་དོ། །ཐ་སྙད་རབ་ཏུ་བརྟགས་ཏེ་རྣམ་པར་གཞག་པ་ཉིད་འཇུག་པ་སྟེ། དེ་མེད་པའི་ཕྱིར་འཇུག་པ་མེད་པའོ། །ཅིའི་ཕྱིར་བྱང་ཆུབ་ཁོང་དུ་ཆུད་པའི་དུས་ཉིད་ནི་བྱང་ཆུབ་འཇུག་པ་མེད་སྙམ་པ་ལ་དེའི་ཕྱིར། གདོད་མ་ཉིད་ནས་འཇུག་པ་མེད་པ་ཞེས་བྱ་བ་གསུངས་ཏེ། སྟོང་པ་ཉིད་ནི་དུས་ཐམས་ཅད་དུ་ཐ་སྙད་ལས་ཤིན་ཏུ་འདས་སོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པས་ནི་ཐ་སྙད་


DTG113_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རབ་ཏུ་བཏགས་ནས་གང་སྟོང་པ་ཉིད་རྣམ་པར་གཞག་པ་དེ་ལས་ཤིན་ཏུ་འདས་སོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་འདི་སྐད་དུ་ཇི་ལྟར་སྟོང་པ་ཉིད་བཤད་པ་དེ་ལྟར་དེ་ནི་མ་ཡིན་ཏེ། རང་གི་ངོ་བོ་ལས་སྤྱིའི་རྣམ་པར་སྒྲོ་བཏགས་ནས་བཤད་པ་འབྱུང་བའི་ཕྱིར་རོ་ཞེས་བསྟན་པར་འགྱུར་རོ། །བསྟན་པ་འབྲས་བུ་མེད་པ་ཡང་མ་ཡིན་ཏེ། ཀུན་རྫོབ་ཏུ་བརྗོད་པས་དེ་ཉིད་ལ་འཇུག་པའི་ཕྱིར་རོ། །དེ་བས་ན་ཐོས་པ་དང་སེམས་པ་ལ་སོགས་པའི་རིམ་གྱིས་བསྒོམ་པ་ཡང་འབྲས་བུ་མེད་པ་མ་ཡིན་ན། གཞན་དུ་གལ་ཏེ་བཤད་པས་དེ་ཁོ་ན་མངོན་སུམ་དུ་འགྱུར་བར་བརྗོད་ན་ནི་ཐོས་པའི་དུས་ཉིད་ན་དེ་ཁོ་ན་ཁོང་དུ་ཆུད་པས་དེ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་འཇུག་པ་དོན་མེད་པར་འགྱུར་ཏེ། དེ་ལྟར་ཡང་མ་ཡིན་ནོ། །དེ་བས་ན་བྱང་ཆུབ་ཀྱི་ཕྱིར་འཇུག་པའོ་ཞེས་གསུངས་སོ། །དེ་ནི་ཞུས་པ་དེ་ཡང་འཇུག་པ་རྣམ་པར་དག་པར་རིག་པར་བྱའོ་ཞེས་བྱ་བས་བསྟན་ཏོ། །འཇུག་པ་རྣམ་པར་དག་པ་ཞེས་བྱ་བ་ནི་མངོན་པར་ཞེན་པ་ཐམས་ཅད་དང་བྲལ་བས་བྱང་ཆུབ་ལ་སྦྱོར་བ་ནི་འཇུག་པ་རྣམ་པར་དག་པའོ། །སྤྲོས་པར་བྱེད་པས་སྤྲོས་པ་སྟེ། བྱང་ཆུབ་ནི་ཁོང་དུ་ཆུད་པར་བྱ་བ་ཉིད་ཀྱི་ངོ་བོར་སྒྲོ་འདོགས་པ་སྟེ། དེ་བོར་བའི་ཕྱིར་རོ། །དེ་ནི་འཇུག་པ་མེད་པའི་འཇུག་པ་ཞེས་བྱ་བ་ཚིག་འདིའི་བཤད་པའོ། །རབ་ཏུ་བརྟགས་ནས་རྣམ་པར་གཞག་པ་མེད་པ་ནི་འཇུག་པ་མེད་པ་སྟེ། དེས་འཇུག་པ་ནི་བྱང་ཆུབ་ལ་འཇུག་པའོ། །སྒོམ་པར་བྱེད། བྱང་ཆུབ་འཛིན་པར་བྱེད་པས་དངོས་པོ་སྟེ་འཛིན་པའོ། །དེ་མེད་པའི་ཕྱིར། དངོས་པོ་མེད་པ་ལ་འཇུག་པའོ། །ཚིག་སྔ་མས་ནི་གཟུང་བ་དངོས་པོ་མེད་པར་བསྟན་གྱི། འཛིན་པ་དངོས་པོ་མེད་པར་ནི་མ་ཡིན་ཏེ། དེ་ལྟར་བྱེ་བྲག་ཡོད་དེ། དེའི་བཤད་པ་ནི་ཆོས་སུ་འཛིན་པ་བོར་བ་ཞེས་བྱ་བའོ། །ཆོས་སུ་འཛིན་པས་ཆོས་སུ་འཛིན་པའི་བདག་ཉིད་དོ། །བླ་གབ་མེད་པའི་དོན་ནི་སྔ་མ་བཞིན་ཞེས་བྱ་བ་ལ། སེམས་ཀྱི་སྐབས་སུ་དངོས་པོ་མེད་པ། བླ་གབ་མེད་པ་ཞེས་དེར་གང་གསུངས་པའི་བླ་གབ་མེད་པའི་དོན་གང་ཡིན་པ་དེ་འདིར་ཡང་ཞེས་བྱའོ། །དེར་རིང་དུ་སོང་བ་ཞེས་པ་ནི་བྱང་ཆུབ་དེ་བཞིན་ཉིད་ཀྱི་ངོ་བོ་ཐམས་ཅད་དུ་སོང་བའི་ཕྱིར་རིང་དུ་སོང་བ་ཉིད་དོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི་ངོ་བོ་ཉིད་ཀྱིས་ཞི་བ་སྟེ། རང་བཞིན་གྱིས་


DTG113_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་བའི་ཕྱིར་རོ། །དེའི་བཤད་པ་ནི་ཞི་བ་ཞེས་བྱ་བའོ། །ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་ནི་རྟག་པ་ཉིད་དུ་འམ་ཆད་པ་ཉིད་དུ་སྟེ། དེ་མེད་པའི་ཕྱིར་མངོན་པར་ཞེན་པ་མེད་པའོ། །དེ་ནི་རྟག་པ་དང་མི་རྟག་པར་འཛིན་པ་པོར་བ་ཞེས་བྱ་བས་བཤད་དོ། །ཡང་དག་པའི་མཐའ་དམིགས་པར་གྱུར་བ་དེ་ནི་ཡང་དག་པའི་མཐའ་སྟེ། དེ་བཞིན་ཉིད་ལ་དམིགས་པའི་ལམ་མོ། །དེའི་དབྱེར་མེད་པ་ནི་དོར་བ་མེད་པའོ། །དེ་བས་ན་ལམ་ལ་སྐུར་པ་འདེབས་པ་བོར་བ་ཞེས་བཤད་དོ། །ཡང་དག་པའི་མཐའ་དམིགས་པར་གྱུར་པ་དེ་བོར་བ་ནི་གཞན་གྱི་དབང་ལ་སྐུར་པ་འདེབས་པའོ།། གཞག་པ་ནི་བྱིས་པས་ཡོངས་སུ་བརྟགས་ཏེ་ཡོད་པར་སྒྲོ་བཏགས་པའོ། །དེ་མེད་པའི་ཕྱིར། དོར་བ་མེད་པ་དང༌། གཞག་པ་མེད་པའོ། །ཐ་དད་པ་མ་ཡིན་པ་ནི་གང་ཟག་ལ་བདག་མེད་པའོ། །ཐ་དད་པ་མེད་པ་ནི་ཆོས་ལ་བདག་མེད་པའོ། །འཇུག་པ་ཞེས་བྱ་བའི་སྒྲ་ནི་དོར་བ་མེད་པ་དང༌། གཞག་པ་མེད་པ་ལ་འཇུག་པ་ཐ་དད་པ་མ་ཡིན་པ་དང༌། ཐ་དད་པ་མེད་པ་ལ་འཇུག་པ་ཞེས་རེ་རེ་དང་སྦྱར་རོ། །དང་པོའི་བཤད་པ་ནི་སྐུར་པ་དང་སྒྲོ་བཏགས་པ་རྣམ་པར་སྤངས་པ་ཞེས་བྱ་བའོ། །གཉིས་པའི་བཤད་པ་ནི་ཆོས་ཐམས་ཅད་ལ་ཚུལ་གཅིག་ཏུ་འཇུག་པ་ཞེས་བྱ་བའོ། །ཚུལ་གཅིག་པ་ནི་བདག་མེད་པའོ། །སོ་སོ་ཡང་དག་པར་རིག་པའི་མིག་ཡོར་ལ། མིག་ཡོར་ནི་འཁྲུལ་པའི་ཤེས་པའི་རྣམ་པ་མགལ་མེ་བསྐོར་བ་ལ་སོགས་པ་སྟེ། དངོས་པོ་རྣམས་སོ་སོ་ཡང་དག་པར་རིག་པའི་མིག་ཡོར་ལ་སོགས་པ་འདི་དག་དང་མཚུངས་པར་དེ་ལྟར་འཇུག་པའོ་ཞེས་མདོའི་ཚིག་གི་དོན་ཏོ། །དེའི་བཤད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཞེས་བྱའོ། །དེ་ལྟ་བུའི་རྣམ་པར་ཞུགས་པའི་སྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཁམས་གསུམ་པ་ལས་ཡང་དག་པར་འདས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་བཞིའི་དོན་རྣམ་པར་དབྱེ་བ་ནི་ཞེས་བྱ་བ་ནི་འཇམ་དཔལ་བྱང་ཆུབ་ནི་ཁམས་གསུམ་པ་ལས་ཡང་དག་པར་འདས་པ། ཐ་སྙད་ལས་ཡང་དག་པར་འདས་པ། ཡི་གེའི་སྒྲ་ལས་ཡང་དག་པར་འདས་པ། སྒྲ་ལས་ཡང་དག་པར་འདས་པ་ཞེས་བྱ་བ་དེ་དག་གི་དོན་ཏོ། །སྔ་མ་བཞིན་ཞེས་བྱ་བ་ནི་འདི་སྔར་སྦྱར་ཟིན་པས་ཡང་མ་བརྗོད་དོ། །


DTG113_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་གླེང་གཞི་ལ་སོགས་པ་ཚིག་གི་དོན་དགུའི་ནང་ནས་གླེང་གཞི་ནས་བཟུང་སྟེ་བསྟན་པ་ཞེས་བྱ་བའི་བར་དུ་ཚིག་བདུན་གྱི་དོན་ནི་བཤད་ཟིན་ཏོ།། །།ད་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་མཐུ་སྟེ། ཚིག་གི་དོན་རྒྱས་པར་བཤད་པར་འདོད་ནས་དེ་ལ་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་མཐུ་ནི་རྣམ་པ་གཉིས་ཀྱིས་རིག་པར་བྱ་སྟེ། ཇི་ལྟར་འདོད་པའི་དོན་ཡོངས་སུ་རྫོགས་པ་དང༌། སྤོབས་པ་ཐོགས་པ་མེད་པའོ། །ཇི་ལྟར་འདོད་པའི་དོན་ཡོངས་སུ་རྫོགས་པ་དེ་ཡང་གོང་ནས་གོང་དུ་རྣམ་པ་བཅུ་བཞིས་མངོན་པར་སྒྲུབ་པར་རིག་པར་བྱ་སྟེ། བཅུ་བཞི་པོ་གང་ཞེ་ན། གདམས་ངག་མི་བརྗེད་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་དེ་ནས་ལྷའི་བུ་ཟླ་བ་དྲི་མ་མེད་པའི་གཟི་བརྗིད་འོད་ཟེར་གྱི་འོད་ཅེས་བྱ་བ་ལ་སོགས་པ་མདོའི་དུམ་བུའི་བཤད་པའོ། །རྩོམ་པ་ནི་ནང་གི་རྒྱུ་སྟེ། རྩ་བར་གྱུར་བའོ། །གནས་ནི་ཕྱིའི་སྟེ་དམིགས་པར་གྱུར་བའོ། །དེ་བས་ན་རྩོམ་པ་ནི་སྙིང་རྗེ་ཆེན་པོའོ། །གནས་ནི་སེམས་ཅན་ནོ་ཞེས་གསུངས་སོ། །གོང་ནས་གོང་དུ་མངོན་པར་སྒྲུབ་ཅེས་བྱ་བ་ནི་སྙིང་རྗེ་ལ་སོགས་པ་སྔ་མ་སྔ་མས་གཡོ་མེད་པ་ལ་སོགས་པ་ཕྱི་མ་ཕྱི་མ་སྒྲུབ་པའོ། །ཅིས་བསྡུས་ཞེས་བྱ་བ་ནི་འབྲས་བུ་གང་གིས་བསྡུས་པའི་སྙིང་རྗེ་ཆེན་པོའི་འབྲས་བུ་གང་ཞེས་དྲི་བའི་དོན་ཏོ། །འོག་མ་དག་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །གཡོ་མེད་པས་བསྡུས་ཞེས་བྱ་བ་ནི་སྙིང་རྗེ་དང་ལྡན་ན་གཡོ་མེད་པར་འགྱུར་རོ། །དེའི་བཤད་པ་ནི་གདམས་ངག་མི་བརྗེད་པ་ཞེས་བྱ་བའོ། །གདམས་ངག་ནི་ཡང་དག་པའི་མན་ངག་གོ །གཡོ་མེད་པར་སེམས་ཅན་གྱི་དོན་དུ་ཡང་དག་པའི་གདམས་ངག་འཛིན་ན་དེའི་ཕྱིར་མི་བརྗེད་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་ཞེས་བྱ་བ་ནི་གཡོ་མེད་ན་སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་ལས་བྱུང་བའི་ཕྱིར་ཏེ། སེམས་སྙོམས་པ་ཡང་ཐམས་ཅད་འདུ་བྱེད་དུ་མཉམ་པས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་བས་འཛིན་ཏོ། །དེའི་བཤད་པ་ནི་ལེགས་པར་བཟུང་བའི་གདམས་ངག་འདུས་བྱས་ལ་ཉེ་བར་རྟོག་པ་ཞེས་བྱ་བའོ། །གཡོ་མེད་པའི་སྟོབས་ཀྱིས་གདམས་ངག་ལེགས་པར་གཟུང་བ་འདུས་བྱས་ལ་ཉེ་བར་རྟོག་སྟེ། སེམས་ཅན་རྣམས་ལ་ཆོས་ལ་བདག་


DTG113_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དང༌། གང་ཟག་ལ་བདག་མེད་པར་མཉམ་པར་རྟོག་ཅིང༌། འདུས་བྱས་ཐམས་ཅད་ལ་ཆོས་ལ་བདག་མེད་པ་དང༌། གང་ཟག་ལ་བདག་མེད་པར་མཉམ་པར་གཞག་པ་ཉིད་དུ་ཞུགས་ནས། ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པའི་ཡུལ་ཅི་རིགས་པར་མི་མཐོང་བ་སྟེ། དེ་བས་ན་ཐ་དད་པ་མ་ཡིན་པ་དང༌། ཐ་དད་པ་མེད་པའི་སྤྱོད་པ་དང་གོ་རིམས་བཞིན་དུ་བལྟ་བར་བྱའོ། །དེ་ལྟར་དངོས་པོ་འདི་དག་ཆོས་དང་གང་ཟག་གཉིས་ཀྱིས་སྟོང་ཡང་དེ་ཁོ་ན་མ་མཐོང་བ་དག་ཆོས་དང་གང་ཟག་གི་རྣམ་པས་བསླུས་སོ་ཞེས་འདུས་བྱས་རྣམས་ལ་ཉེས་པར་ལྟ་བ་ཡིན་ཏེ། དེ་ནི་དེ་ལ་ཡང་ཉེས་པར་ལྟ་བ་ཞེས་བྱ་བས་བཤད་དོ། །དེ་ལ་ཞེས་བྱ་བ་ནི་འདུས་བྱས་ལའོ། །ཐ་དད་པ་མེད་པའི་སྤྱོད་པ་ལ་ཞུགས་པ་ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་དེ་གཉིས་སྤངས་པའི་བསམ་པ་དང༌། ལྷག་པའི་བསམ་པ་དང་གོ་རིམས་བཞིན་ནོ། །དེ་བས་ན་ཉེས་པ་དེ་དག་དང་མི་བསྟེན་པ་ཞེས་བཤད་དོ། །བསམ་པ་དང་ལྷག་པའི་བསམ་པ་ཅིའི་ཕྱིར་བྱུང་ཞེས་བྱ་བ་ནི་བསམ་པ་དང༌། ལྷག་པའི་བསམ་པ་གཉིས་ཅི་ཞིག་གི་ཕྱིར་བྱུང་ཞེས་བྱ་བའི་ཐ་ཚིག་གོ །ཚིག་གོང་མ་རྣམས་ལ་ཡང་དེ་བཞིན་དུ་ཕྱིར་ཞེས་བྱ་བ་བལྟའོ། །བྱང་ཆུབ་ཀྱི་སེམས་ཀྱི་ཕྱིར་བྱུང་ངོ་ཞེས་བྱ་བ་ནི་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་འཁྲུལ་པ་རྣམས་ཀྱིས་སེམས་ཅན་འདི་དག་ཤིན་ཏུ་སྡུག་བསྔལ་བའི་གནས་སུ་ཁྲིད་དེ། དེ་བས་ན་བདག་གིས་བདག་བཞིན་དུ་གཞན་དག་ཀྱང་ཉེས་པ་ཐམས་ཅད་སྤངས་ཏེ་བྱང་ཆུབ་ཐོབ་པར་བྱའོ་ཞེས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེའི་བཤད་པ་ནི་དགེ་བའི་ལས་ཡང་དག་པར་འཛིན་པ་ཞེས་བྱ་བའོ། །འདིས་དགེ་བའི་ལས་ཡང་དག་པར་འཛིན་པས་དགེ་བའི་ལས་ཡང་དག་པར་འཛིན་པ་སྟེ་བྱང་ཆུབ་ཀྱི་སེམས་སོ། །བྱང་ཆུབ་ཀྱི་སེམས་ཀྱི་དོན་དུ་བྱུང་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཕྱིར་བྱུང་བའོ་ཞེས་བསྡུ་བར་བལྟའོ། །འོག་མ་རྣམས་ལ་ཡང་དེ་བཞིན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཕྱིར་བྱུང་ངོ་ཞེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་འཇུག་གོ །དེ་བས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་བྱང་ཆུབ་ཀྱི་སེམས་ཀྱི་འབྲས་བུའོ། །ལུས་དང་ངག་དང་ཡིད་ཀྱི་ལས་རྣམ་པར་དག་པའི་བདག་


DTG113_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་བས་ན་ལུས་དང་ངག་དང་ཡིད་ཀྱི་ལས་རྣམ་པར་དག་པ་ཞེས་བཤད་དོ། །ཐབས་དང་ཤེས་རབ་གཉིས་ཀྱི་ཕྱིར་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་འཇུག་པ་ན་ཐབས་དང་ཤེས་རབ་ལ་འཇུག་སྟེ། དེ་ལ་ཐབས་ཀྱིས་ནི་འཁོར་བ་མི་གཏོང་ལ། ཤེས་རབ་ཀྱིས་ནི་དེའི་ཉེས་པ་རྣམས་ཀྱིས་མི་གོས་ཏེ། ཤེས་རབ་དང་ཐབས་གཉིས་ཀུན་ནས་ཉོན་མོངས་པ་མེད་པར་འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་རྣམ་པར་དག་གོ །དེ་བས་ན་ཚུལ་ཁྲིམས་ཡོངས་སུ་དག་ཅེས་བཤད་དེ། །བག་ཡོད་པའི་ཕྱིར་བྱུང་ངོ་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་དང་ལྡན་པ་ནི་ཐམས་ཅད་དུ་བག་ཡོད་པར་གནས་པའི་ཕྱིར་རོ། །བག་ཡོད་པར་གནས་པ་ཡང་སྤྱོད་ལམ་ཐམས་ཅད་དུ་སེམས་ཅན་རྣམས་ཀྱི་དང་བ་བསྐྱེད་པས་སེམས་ཅན་གྱི་དོན་དང་མཐུན་པ་ཡིན་ཏེ། དེ་བས་ན་སེམས་ཅན་གྱི་དོན་དང་མཐུན་པ་ཞེས་བཤད་དོ། །ལེགས་པར་སྤྱོད་པ་རྣམ་པ་གསུམ་གྱི་ཕྱིར་བྱུང་ངོ་ཞེས་བྱ་བ་ནི་བག་ཡོད་པ་ལ་གནས་པ་དག་ལུས་དང༌། ངག་དང༌། ཡིད་ཀྱི་ལེགས་པར་སྤྱོད་པ་དག་ལ་འཇུག་པའི་ཚུལ་ཁྲིམས་ཀྱི་བདག་ཉིད་སྒྲུབ་བོ། །དེ་བས་ན་ལེགས་པར་སྤྱོད་པ་རྣམ་པ་གསུམ་ནི་བག་ཡོད་པའི་འབྲས་བུའོ། །ལེགས་པར་སྤྱོད་པ་རྣམ་པ་གསུམ་དང་ལྡན་ན་ཚོགས་ཡོངས་སུ་རྫོགས་པར་འགྱུར་ཏེ། དེ་བས་ན་ཚོགས་ཡོངས་སུ་རྫོགས་པ་ཞེས་བཤད་དོ། །དགེ་བ་བཅུའི་ལས་ཀྱི་ལམ་གྱི་ཕྱིར་བྱུང་ངོ་ཞེས་བྱ་བ་ནི་ལུས་དང༌། ངག་དང༌། ཡིད་ཀྱི་ལེགས་པར་སྤྱོད་པ་དག་ལ་འཇུག་པའི་ཚུལ་ཁྲིམས་ཀྱི་བདག་ཉིད་ལ་བརྩོན་པ་ནི་དེ་དང་མི་མཐུན་པ་སྲོག་གཅོད་པ་ལ་སོགས་པ་དག་ལ་མི་འཇུག་གོ །དེའི་ཕྱིར་དེ་སྲོག་གཅོད་པ་སྤོང་བ་ལ་སོགས་པ་ལྡོག་པའི་ཚུལ་ཁྲིམས་ཀྱི་བདག་ཉིད་སྒྲུབ་བོ། །ལྡོག་པའི་ཚུལ་ཁྲིམས་ཀྱི་བདག་ཉིད་དགེ་བ་བཅུའི་ལས་ཀྱི་ལམ་ནི་འཇུག་པའི་ཚུལ་ཁྲིམས་ཀྱི་བདག་ཉིད་ལེགས་པར་སྤྱོད་པ་རྣམ་པ་གསུམ་གྱི་འབྲས་བུ་ཡིན་ནོ། །དེ་ལྟར་འཇུག་པ་དང་ལྡོག་པའི་ཚུལ་ཁྲིམས་ཐ་དད་དུ་ཕྱེ་སྟེ། ལེགས་པར་སྤྱོད་པ་རྣམ་པ་གསུམ་དང༌། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་རྒྱུ་དང་འབྲས་བུ་དངོས་པོར་བསྟན་པ་ཁོང་དུ་ཆུད་པར་བྱའོ། །གཞན་དུ་ན་ལེགས་


DTG113_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྤྱོད་པ་རྣམ་པ་གསུམ་དང༌། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཐ་དད་པ་ཅི་ཞིག་ཡོད་པར་འགྱུར། སྲོག་གཅོད་པ་སྤོང་བ་ལ་སོགས་པ་ལ་བསམ་པ་བརྟན་པ་དག་སེམས་ཅན་ལོག་པར་ཞུགས་པ་རྣམས་ཀྱིས་མི་སྐྱོ་བས་དེ་ནི་ཡོངས་སུ་མི་སྐྱོ་བ་ཞེས་བྱ་བས་བཤད་དོ། །འཇུག་པ་དང་ལྡོག་པའི་ཚུལ་ཁྲིམས་བསྟན་པ་འདིས་སྡོམ་པའི་ཚུལ་ཁྲིམས་བསྟན་ཏོ། །སྡོམ་པའི་ཕྱིར་བྱུང་ངོ་ཞེས་བྱ་བ་ནི་འབྲས་བུ་ཡང་དག་པ། རབ། གཙོ་བོ། །སངས་རྒྱས་ཉིད་འདི་ལས་བྱུང་བས་སྡོམ་པའོ། །ཐོས་པ་དང༌། སེམས་པ་ལ་སོགས་པའི་རིམ་གྱིས་བདག་མེད་པ་གཉི་ག་ལ་བརྟེན་པ་ནི་བྱང་ཆུབ་ཀྱི་ཕྱོགས་ལ་རབ་ཏུ་སྦྱོར་ཏེ། དེའི་དོན་དུ་བྱུང་ངོ༌། །དགེ་བ་བཅུའི་ལས་ཀྱི་ལམ་གྱི་སྡོམ་པ་ལ་གནས་པ་ནི་ཐོས་པ་དང༌། སེམས་པ་ལ་སོགས་པའི་རིམ་གྱིས་བྱང་ཆུབ་ཀྱི་ཕྱོགས་རྣམས་ལ་འཇུག་པའི་ཕྱིར་འདིས་ནི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་བསྟན་ཏོ། །གོང་དུ་བཤད་མ་ཐག་པ་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པའི་མཚན་ཉིད་ཀྱི་ལམ་རྣམ་པར་དག་པས་ནི་འབྲས་བུ་རྣམ་པར་དག་པ་སངས་རྒྱས་ཉིད་འགྲུབ་བོ། །དེ་བས་ན་ལས་ཀྱི་འབྲས་བུ་རྣམ་པར་དག་པ་ཞེས་བཤད་དོ། །ཚུལ་བཞིན་ཡིད་ལ་བྱ་བའི་ཕྱིར་བྱུང་ངོ་ཞེས་བྱ་བ་ནི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་ལྡན་ན་རྟག་ཏུ་བདག་མེད་པ་གཉི་ག་ལ་བརྟེན་པའི་ཡིད་ལ་བྱ་བ་ལ་འཇུག་སྟེ། དེ་ཉིད་འདིར་ཚུལ་བཞིན་ཡིད་ལ་བྱེད་པའོ། །ཚུལ་བཞིན་ཡིད་ལ་བྱེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བདག་ཉིད་དེས་བྱང་ཆུབ་ཀྱི་ཕྱོགས་ལ་སྦྱོར་བ་དེ་རྣམ་པར་དག་གོ །དེ་བས་ན་སྦྱོར་བ་རྣམ་པར་དག་པ་ཞེས་བཤད་དོ། །སོ་སོར་རྟོག་པའི་ཕྱིར་བྱུང་ངོ་ཞེས་བྱ་བ་ནི་སེམས་ཅན་སོ་སོ་ལ་སྐལ་བ་ཇི་ལྟར་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒྲུབ་པ་སོ་སོར་རྟོག་པའོ། །ཚུལ་བཞིན་ཡིད་ལ་བྱེད་པས་ནི་སྲིད་པ་སྒྱུ་མ་ལྟ་བུར་མཐོང་ངོ༌། །དེ་བས་ན་འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་ལ་ཤིན་ཏུ་འཇུག་གོ །དེ་ལྟ་བས་ན་སེམས་ཅན་གྱི་དོན་རྣམ་པར་དག་པ་ཞེས་བཤད་དོ། །དྲན་པའི་ཕྱིར་བྱུང་ངོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་ལ་བརྩོན་པར་བྱ་བ་དང༌། མི་བྱ་བ་དག་ལ་རྟག་ཏུ་དྲན་པ་འཇུག་པའི་ཕྱིར་རོ། །དྲན་པ་དང་ལྡན་ན་མུ་སྟེགས་ཅན་དང་བདུད་ལ་སོགས་པས་མི་འཕྲོགས་པའོ། །དེ་བས་ན་གཞན་


DTG113_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མི་བཀྲི་བ་རྣམ་པར་དག་པ་ཞེས་བཤད་དོ། །གཞན་ནི་གཞན་དུ་སྟེ། སྙིང་རྗེ་ཆེན་པོ་ཅིས་བསྡུས་ཞེས་བྱ་བ་ནི་འདིར་རྒྱུ་གང་གིས་ཞེས་རྒྱུ་འདྲི་བ་ཉིད་དེ། འདི་ནི་གཡོ་མེད་པས་བསྡུས་ཏེ། གཡོ་མེད་པས་བསྐྱེད་ཅེས་བྱ་བའི་ཐ་ཚིག་གོ །གཡོ་མེད་པ་ནི་སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་ཀྱིས་བསྡུས་ཏེ། སེམས་ཅན་ཐམས་ཅད་ལ་སྙོམས་པ་མ་ཡིན་པའི་སེམས་གང་ཡིན་པ་དེ་གཡོ་ཡིན་པར་ངེས་སོ། །སྙོམས་པའི་སེམས་ཀྱི་རྒྱུ་ནི་ཐ་དད་པ་མ་ཡིན་པ་དང༌། ཐ་དད་པ་མེད་པའི་སྤྱོད་པ་ཞེས་བྱ་བའོ། །དེ་བཞིན་དུ་གཞན་དུ་ཡང་ཅིའི་ཕྱིར་བྱུང་ནས་འདྲི་བ་དེར་ཡང་རྒྱུ་གང་ལས་བྱུང་ཞེས་ཟེར་རོ། །དེ་དག་ནི་བཤད་པའི་ཚིག་དང་མི་མཐུན་ཏེ། འདི་ལྟར་གདམས་ངག་མི་བརྗེད་པ་ཞེས་བྱ་བའི་ཚིག་དེས་གཡོ་མེད་པ་བསྟན་ནས། ཕྱིས་གདམས་ངག་ལེགས་པར་བཟུང་བ་འདུས་བྱས་ལ་ཉེ་བར་རྟོག་པ་ཞེས་བྱ་བ་འདིས་ནི་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཞེས་བྱ་བའི་ཚིག་འདི་བཤད་དོ། །འདིར་གདམས་ངག་ལེགས་པར་བཟུང་བ་ཉིད་འདུས་བྱས་ལ་རྟོག་པའི་རྒྱུར་བཤད་ན་སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་ནི་གཡོ་མེད་པའི་རྒྱུ་ཉིད་དུ་བསྟན་པར་འགྱུར་ཏེ། དེ་ལྟ་ན་ནི་སྙིང་རྗེ་ཆེན་པོ་བྱང་ཆུབ་ཀྱི་རྩ་བའི་རྒྱུ་མ་ཡིན་པར་འགྱུར་རོ། །རྒྱུར་བསྡུ་བ་དང༌། འབྲས་བུར་བསྡུ་བ་ཞེས་བྱ་བ་ལ་སྔ་མ་སྔ་མ་ནི་སེམས་བསྐྱེད་པའི་རྒྱུ་ཡིན་ནོ། །ཕྱི་མ་ཕྱི་མ་ནི་འབྲས་བུ་སྟེ། དེ་བས་ན་རྒྱུ་དང་འབྲས་བུར་བསྡུ་བ་ཞེས་བྱའོ། །ས་བཅུས་བསྡུས་པའི་སེམས་བསྐྱེད་པ་རྣམ་པ་བཞི་ཞེས་བྱ་བ་དེ་ལ། སེམས་བསྐྱེད་པ་དང་པོ་ནི་ས་རབ་ཏུ་དགའ་བས་བསྡུས་སོ། །སྤྱོད་པ་དང་འབྲེལ་པ་ནི་དྲི་མ་མེད་པ་ལ་སོགས་པ་དྲུག་པོ་རྣམས་སུའོ། །ཕྱིར་མི་ལྡོག་པ་ནི་མི་གཡོ་བ་ལ་སོགས་པར་རོ། །སྐྱེ་བ་གཅིག་གིས་ཐོགས་པ་ནི་ས་བཅུ་པ་ཉིད་ལའོ། །བཞི་པ་རྣམ་པ་བཅུ་གཉིས་ཀྱིས་ཞེས་བྱ་བ་ནི་དེ་ལ་སེམས་བསྐྱེད་པ་དང་པོ་ནི་སྤྱོད་པ་དང་འབྲེལ་པའི་རྒྱུར་བལྟའོ་ཞེས་བྱ་བ་ལ་སོགས་པའོ། །སྐྱེ་བ་གཅིག་གིས་ཐོགས་པ་ནི་འབྲས་བུ་དང་འབྲེལ་པའི་རྒྱུར་བལྟའོ་ཞེས་བྱ་བ་ལ། རྒྱུ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་དོ། །འབྲས་བུ་ནི་སངས་རྒྱས་ཉིད་དོ། །འབྲེལ་པ་ནི་དེ་ལས་བྱུང་བར་བལྟ་


DTG113_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། སངས་རྒྱས་ཉིད་ཀྱི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ །བཞི་པ་འདིའི་བཤད་པ་ནི་གོང་ནས་གོང་དུ་རྒྱུ་ཆུད་མི་ཟ་བ་ཞེས་བྱ་བ་སྟེ། སེམས་སྐྱེས་པ་ཕྱི་མ་ཕྱི་མའི་རྒྱུ་ནི་སྔ་མ་སྔ་མ་སྟེ། དེའི་རྒྱུར་དེ་རྟག་ཏུ་གནས་པས་རྒྱུ་ཆུད་མི་ཟ་བའོ། །དེ་ནི་འདི་སྐད་དུ་སེམས་དང་པོ་བསྐྱེད་པ་དང་འབྲེལ་པ་ཉིད་ཀྱི་རྒྱུའོ། །གཞན་གཉིས་ལས་སྤྱོད་པ་དང་འབྲེལ་པ་ཕྱིར་ལོག་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པའི་རྒྱུའི་ནུས་པ་སྟེ། དེ་བཞིན་དུ་གྱུར་པའི་ཕྱིར་རོ་ཞེས་བསྟན་པར་འགྱུར་རོ། །དེ་ལྟར་འབྲས་བུ་དང་མཐུན་པའི་བཞི་པ་དང་པོས་རྒྱུའི་གནས་བསྟན་ཏོ། །ལྷའི་བུ་གཞན་ཡང་དཔེར་ན་ས་བོན་བཏབ་པ་ཞེས་བྱ་བ་ལ་སོགས་པ་རྒྱུར་འོས་པ་བཞི་པ་གཉིས་པས་ནི། འབྲས་བུ་ཡང་གནས་སོ་ཞེས་དེ་སྟོན་ཏོ། །བཏབ་པ་ནི་བསྐྲུན་པ་སྟེ། སེམས་བསྐྱེད་པ་དང་པོའི་དགེ་བའི་ཆོས་ཐམས་ཅད་ཀྱི་དགེ་བའི་ས་བོན་བསྐྱེད་པའི་ཕྱིར་རོ། །ས་བོན་གྱི་ཚུལ་དུ་གནས་པ་སེམས་བསྐྱེད་པ་དང་པོ་གང་ཡིན་པ་དེ་ལས་དེ་དང་མཐུན་པའི་མྱུ་གུ་མངོན་པར་འགྲུབ་བོ། །ཆོས་དེ་ནི་སེམས་བསྐྱེད་པ་གཉིས་པོ་སྟེ། དེ་ལས་བསྡུས་པ་མངོན་པར་འདུ་བྱེད་པ་དང་བཅས་པར་འཇུག་པའི་ཤེས་རབ་ཀྱི་རྒྱུ་བ་ལས་དགེ་བའི་ཆོས་ཐམས་ཅད་ཀྱི་མྱུ་གུ་རྣམས་འབྱུང་བའི་ཕྱིར་རོ། །སེམས་བསྐྱེད་པ་གཉིས་པ་མྱུ་གུའི་ཚུལ་དུ་གནས་པ་གང་ཡིན་པ་དེ་ལས་དེ་དང་མཐུན་པ་སེམས་བསྐྱེད་པ་གསུམ་པ་སྡོང་བུ་ལ་སོགས་པ་ལྟ་བུའི་ཆོས་ཉིད་འབྱུང་སྟེ། དེ་ལ་མི་གཡོ་བ་ལ་སོགས་པ་གསུམ་གྱིས་བསྡུས་པ་མངོན་པར་འདུ་བྱེད་པ་མེད་པར་འཇུག་པའི་ཤེས་རབ་ཀྱི་རྒྱུ་བས་བསྒྲིམ་མི་དགོས་པར་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རོ། །དེ་བས་ན་སེམས་བསྐྱེད་པ་བཞི་པ་ནི་སེམས་བསྐྱེད་པ་གསུམ་པའི་འབྲས་བུར་གྱུར་ཏེ། འབྲས་བུ་ཡོངས་སུ་སྨིན་པའི་ཆོས་ཡིན་ནོ། །དེ་ལས་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་སངས་རྒྱས་སུ་གྲུབ་པའི་མཚན་ཉིད་ཀྱི་འབྲས་བུ་འགྲུབ་པར་འགྱུར་རོ། །བཞི་པ་གཉིས་པ་འདིའི་བཤད་པ་ནི་རྒྱུའི་རིམ་གྱིས་ཞེས་བྱ་བ་ལ་སོགས་པ་སྟེ། རིམ་པ་གང་གིས་རྒྱུར་གནས་པ་དེ་ཉིད་ཀྱིས་འབྲས་བུ་མ་ཚང་བ་མེད་པར་འགྲུབ་པ་ཡོངས་སུ་དག་གོ །དཔེར་ན་ཤིང་རྟ་མཁན་ཞེས་བྱ་བ་ལ་སོགས་པ་ནི་བཞི་པ་གསུམ་པའོ། །ཤིང་བསྡུ་


DTG113_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཞེས་བྱ་བ་ནི་ཤིང་ཇི་ལྟར་གྱུར་པ་ཇི་སྙེད་ཀྱིས་ཤིང་རྟ་འགྲུབ་པ་དེ་ལྟ་བུར་གྱུར་པ་དེ་སྙེད་ཤེས་ཏེ་བསྡུ་བ་ཤེས་པའོ། །དེ་བཞིན་དུ་སེམས་བསྐྱེད་པ་དང་པོ་ཞེས་བྱ་བ་ནི་ས་དང་པོ་ལ་སྨོན་ལམ་ཆེན་པོ་བཅུ་པོ་དག་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྡུ་བ་ཤེས་པའོ། །དེ་བས་ན་ཡང་སྨོན་ལམ་ལ་བརྟེན་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་འཛིན་པ་ཞེས་བྱ་བས་བཤད་དོ། །དེ་བཞིན་དུ་སྤྱོད་པ་དང་འབྲེལ་པ་ཞེས་བྱ་བ་ནི་དྲི་མ་མེད་པ་ལ་སོགས་པས་དྲུག་པོ་དྲུག་ནི་སངས་རྒྱས་ཉིད་ཀྱི་ཡན་ལག་ཏུ་གྱུར་པའི་ཆོས་བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང། ཤེས་རབ་དང༌། ཐབས་རྣམས་རིམ་བཞིན་དུ་སྦྱོང་བའི་ཕྱིར་རོ། །དེའི་བཤད་པ་ནི་ཚུལ་ཁྲིམས་དང་སྡོམ་པ་རྣམ་པར་དག་པ་ཞེས་བྱ་སྟེ། ཚུལ་ཁྲིམས་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདིས་མི་མཐུན་པའི་ཕྱོགས་ཀྱི་སེམས་བཟློག་པས་སྡོམ་པའོ། །དཔེར་ན་ཤིང་རྟའི་ཡན་ལག་ཅེས་བྱ་བ་ལ་སོགས་པ་འདིའི་བཤད་པ་ནི་བསྒོམ་པའི་ལམ་ན་ཤེས་རབ་དང་ཐབས་ཀྱི་ཆོས་ཐམས་ཅད་ལ་སྦྱོར་བ་ཞེས་བྱ་བའོ། །མངོན་པར་འདུ་བྱ་བ་མེད་པར་འཇུག་པ་ནི་བསྒོམ་པའི་ལམ་ན་ཤེས་རབ་དང་ཐབས་དེ་གཉིས་ཀྱིས་སངས་རྒྱས་ཉིད་ཀྱི་རྒྱུའི་ཆོས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་ཐམས་ཅད་ཡན་ལག་དང༌། ཡན་ལག་ཅན་གྱི་དངོས་པོར་ཕན་ཚུན་སྦྱོར་བའི་ཕྱིར་ཏེ། འདི་ལྟར་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་པའི་ཡེ་ཤེས་མྱ་ངན་ལས་འདས་པ་འབྲས་བུ་ཡང་འཁོར་བ་དང་མི་མཐུན་པ་སྟེ། ཡེ་ཤེས་ཀྱི་གྲོགས་བསོད་ནམས་ཀྱི་ཚོགས་འབྱུང་བ་མངོན་པར་འགྲུབ་པར་འབད་ཀྱང་མྱ་ངན་ལས་འདས་པ་དང༌། མི་མཐུན་པ་མེད་དེ། དེ་ལྟར་འདི་གཉིས་ཡན་ལག་དང་ཡན་ལག་ཅན་གྱི་དངོས་པོ་ཡིན་པའི་ཕྱིར་འབྲས་བུ་མི་གནས་པའི་མྱ་ངན་ལས་འདས་པ་འགྲུབ་བོ། །དཔེར་ན་ཁལ་དགལ་བ་ཞེས་བྱ་བ་ནི་ཤིང་རྟ་ཡོངས་སུ་གྲུབ་ནས་རྫས་ལ་སོགས་པ་ཁལ་དགལ་བ་ཤེས་པའོ། །དེ་བཞིན་དུ་སྐྱེ་བ་གཅིག་གིས་ཐོགས་པའི་སེམས་བསྐྱེད་པ་ཞེས་བྱ་བ་ནི་ཚོགས་ཡོངས་སུ་རྫོགས་པ་དེས་བདག་དང་གཞན་གྱི་དོན་གྱི་ཁུར་ཤིན་ཏུ་སྒྲུབ་པའི་ཕྱིར་རོ། །དེའི་བཤད་པ་ནི་ཁུར་བླངས་པ་མི་འདོར་བ་ཞེས་བྱ་བའོ། །


DTG113_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཁུར་བླངས་པ་ནི་བདག་དང་གཞན་གྱི་དོན་ཡང་དག་པར་སྒྲུབ་པའོ། །དཔེར་ན་ཟླ་བ་ཚེས་པ་ཞེས་བྱ་བ་ལ་སོགས་པ་ནི་བཞི་པའོ། །དེའི་བཤད་པ་ནི་གོང་ནས་གོང་དུ་མཐུ་རྣམ་པར་དག་པར་ཞེས་བྱ་བའོ། །ཟླ་བའི་དཀྱིལ་འཁོར་ནི་གོང་ནས་གོང་དུ་སྣང་བའི་བྱེ་བྲག་གི་མཐུ་རྣམ་པར་དག་གོ ། སེམས་ཀྱི་ནི་ནུས་པའི་བྱེ་བྲག་གོ །ཚེས་བཅུ་བཞིའི་ནུབ་མོ་ཟླ་བའི་དཀྱིལ་འཁོར་ཤར་བའི་དཔེས་ནི་སྐྱེ་བ་གཅིག་གིས་ཐོགས་པའི་སེམས་བསྐྱེད་པ་ཅུང་ཟད་ཅིག་གིས་ཡོངས་སུ་མ་རྫོགས་པར་བསྟན་ཏོ། །ཚེས་བཅོ་ལྔའི་ནུབ་མོའི་དཔེས་ནི་དེ་བཞིན་གཤེགས་པའི་མཁྱེན་པ་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པར་བསྟན་ཏོ། །ཉན་ཐོས་རྣམས་ཀྱིས་ནི་གང་ཟག་ལ་བདག་མེད་པ་ཙམ་གྱིས་མཐོང་བའི་ལམ་ལ་བདེན་པ་ཁོང་དུ་ཆུད་པའོ། །དེ་ལས་ཤིན་ཏུ་འདས་པ་ནི་ས་དང་པོ་ལ་མཐོང་བའི་ལམ་ན་ཆོས་ཐམས་ཅད་བདག་མེད་པའི་མཚན་ཉིད་ཆོས་ཀྱི་དབྱིངས་ཐམས་ཅད་དུ་སོང་བའི་རྣམ་པར་ཁོང་དུ་ཆུད་པའི་ཕྱིར་རོ། །དེའི་བཤད་པ་ནི་ཡང་དབང་པོ་རྣོ་བའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ལྷག་པར་དམིགས་པ་ཞེས་བྱ་བ་སྟེ། སངས་རྒྱས་ཉིད་ཀྱི་ཕྱོགས་སུ་གྱུར་པའི་རྒྱུར་གྱུར་པའི་ཆོས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཏེ་དེ་བཞིན་ཉིད་དོ། །དེ་ནི་ས་དང་པོ་ལ་མཐོང་བའི་ལམ་ན་ཉན་ཐོས་ཐམས་ཅད་པས་ལྷག་པར་ཆོས་ཐམས་ཅད་ལ་བདག་མེད་པའི་རྣམ་པར་དམིགས་པས་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ལྷག་པར་དམིགས་པའོ། །རང་སངས་རྒྱས་རྣམས་ཀྱིས་ནི་གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་བདེན་པ་ཉིད་དུ་ཁོང་དུ་ཆུད་པའོ། །དེ་བས་ན་དེ་དག་གིས་འཁོར་བ་སྒྱུ་མ་ལྟ་བུར་ཁོང་དུ་མ་ཆུད་དེ། དེས་སྐྲག་ནས་བདག་གཅིག་པུ་ཐར་བར་བྱ་བའི་ཕྱིར་འབད་དོ། །སེམས་བསྐྱེད་པ་གཉིས་པ་ནི་དེ་ལས་ཤིན་ཏུ་འདས་ཏེ། དེ་ལས་གཟུང་བ་དང་འཛིན་པར་མངོན་པར་ཞེན་པ་དང་བྲལ་བས་ཡང་དག་པ་མ་ཡིན་པ་ཡོངས་སུ་བརྟག་པའི་བདག་ཉིད་སྒྱུ་མ་ལྟ་བུའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཁོང་དུ་ཆུད་པའི་ཕྱིར་རོ། །ས་དང་པོ་ལ་ཐམས་ཅད་དུ་འགྲོ་བའི་རྣམ་པར་དེ་བཞིན་ཉིད་ཁོང་དུ་ཆུད་པས་ཉན་ཐོས་ཀྱི་ས་བཞིན་དུ་རང་སངས་རྒྱས་ཀྱི་ས་ལས་ཀྱང་ཤིན་ཏུ་འདས་སུ་ཟིན་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་གོང་མ་ལ་ཁོང་དུ་ཆུད་པའི་ཕྱིར་དེ་སྐད་ཅེས་གསུངས་


DTG113_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེའི་བཤད་པ་ནི་ཤེས་རབ་ཀྱི་ཁྱད་པར་གྱིས་སྤྱོད་པ་མཐའ་ཡས་པ་ཡང་དག་པར་བསྒྲུབ་པ་ཞེས་བྱ་བ་སྟེ། ཤེས་རབ་ཀྱི་ཁྱད་པར་གྱིས་འཁོར་བ་སྒྱུ་མ་ལྟ་བུར་ཁོང་དུ་ཆུད་པས་དེའི་ཕྱིར་འཇིགས་པ་མེད་དེ། སེམས་ཅན་གྱི་དོན་དུ་སྤྱོད་པ་མཐའ་ཡས་པ་ཡང་དག་པར་སྒྲུབ་བོ། །སེམས་བསྐྱེད་པ་གསུམ་པ་ཞེས་བྱ་བ་ལ་སོགས་པ་ནི་མངོན་པར་འདུ་བྱེད་ཅིང་འཇུག་པའི་སའོ། །ས་བདུན་པའི་བར་དུ་མ་ངེས་པ་སྟེ། དེ་ལ་རྩོལ་བ་དང་བཅས་པའི་ཕྱིར་རོ། །རྣམ་པར་མི་རྟོག་པར་རྒྱུ་བ་ནི་ངེས་པའི་ཕྱིར་རོ། །དེ་བས་ན་རྩོལ་བའི་རྣམ་པར་རྟོག་པས་སྐྱོད་པར་མི་ནུས་པའི་ཕྱིར་ས་དེ་མི་གཡོ་བ་ཞེས་བྱའོ། །རྩོལ་བར་ལྡོག་པ་མེད་པའི་ཕྱིར་ཕྱིར་མི་ལྡོག་པའི་ས་ཞེས་བྱ་བའོ། །དེ་བས་ན་རྩོལ་བའི་ཡོངས་སུ་གཡོ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཞེས་བཤད་དོ། །ངེས་པའི་ཕུང་པོ་ནི་དབང་བསྐུར་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་བས་ན་རྒྱལ་ཚབ་ཏུ་རབ་ཏུ་གནས་པ་དེ་ཞེས་བཤད་དོ།། །།འཕགས་པ་ག་ཡ་མགོའི་རི་མདོ་དང་སྤེལ་མར་བཤད་པ། བམ་པོ་གཉིས་པ་སྟེ་ཐ་མའོ། །ཡི་གེའི་ཕྱི་མོ་འཛིན་པ་ནི་འབྲུ་ཐམས་ཅད་དེར་འདུས་པའི་ཕྱིར་རོ། །ཚུལ་ཞེས་བྱ་བ་ནི་འདྲ་བ་སྟེ། འདི་ལྟར་སེམས་བསྐྱེད་པ་དང་པོ་ནི་སངས་རྒྱས་ཉིད་ཀྱི་རྒྱུའི་ཆོས་རྣམས་སྨོན་ལམ་ཆེན་པོ་བཅུ་པོ་དག་གིས་ཀུན་ཏུ་བྱ་བ་ཙམ་དུ་ཡི་གེའི་ཕྱི་མོ་ལྟ་བུར་འཛིན་པར་བྱེད་པའོ། །དེ་བས་ན་གཞི་ལ་ལྷག་པར་དམིགས་པ་ཞེས་བཤད་དོ། ཀུན་ཏུ་བྱ་བ་ཙམ་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གཞིར་གྱུར་པ་སྨོན་ལམ་ཆེན་པོ་རྣམས་ལྷག་པར་དམིགས་པའི་ཕྱིར་རོ། །རྣམ་པར་དབྱེ་བ་རབ་ཏུ་རྣམ་པར་འབྱེད་པ་ཤེས་པ་ཞེས་བྱ་བ་ནི་འདིའི་རྣམ་པར་དབྱེ་བའོ། །འདི་ནི་ལེགས་པར་རྣམ་པར་འབྱེད་པའོ། །དེ་ལྟ་བུར་ནི་སྤྱོད་པ་དང་འབྲེལ་པའི་སེམས་བསྐྱེད་པ་ཞེས་བྱ་བ་ནི་དེ་ལ་མངོན་པར་འདུ་བྱེད་པ་དང་བཅས་པར་འཇུག་པའི་ཤེས་རབ་ཀྱི་རྒྱུ་བ་དྲི་མ་མེད་པ་ལ་སོགས་པས་དྲུག་གིས་བསྡུས་པ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད་ཀྱི་ཆོས་རྣམས་རྣམ་པར་དབྱེ་བ་རབ་ཏུ་ཤེས་པའི་ཕྱིར་རོ། །དེའི་བཤད་པ་ནི་བློས་རབ་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བ་སྟེ། བསྒོམ་པའི་ལམ་གྱིས་བསྡུས་པ་ས་དྲུག་པོ་དག་གི་བློས་ཆོས་རབ་ཏུ་རྣམ་པར་འབྱེད་


DTG113_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བའི་ཐ་ཚིག་གོ །གྲངས་དང་རྩིས་གཞན་དུ་དོན་གཅིག་ཏུ་ཟིན་ཀྱང་འདིར་སོ་སོར་སྨོས་པའི་ཕྱིར་རྩིས་དང་ཐ་དད་དེ། གྲངས་ནི་གཅིག་ལ་སོགས་པའོ། །གཞལ་བ་ལ་སོགས་པས་ཡོངས་སུ་བཅད་པ་ནི་རྩིས་སུ་བལྟའོ། །ཤོད་དགོད་པ་ནི་འཇོག་པ་སྟེ། དེ་ཤེས་པས་འདུ་བ་དང་འགོད་པ་ཐམས་ཅད་ལ་རྟག་ཏུ་མ་རྨོངས་ན་ནོར་འཕེལ་བར་འགྱུར་རོ། །དེ་ལྟ་བུར་ནི་ཕྱིར་མི་ལྡོག་པའི་སེམས་བསྐྱེད་པ་ཞེས་བྱ་བ་ནི་ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་བདག་དང་གཞན་མཚུངས་པར་ཁོང་དུ་ཆུད་པའི་ཕྱིར་གཞན་གྱི་སྦྱིན་པ་བདག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རོ། །དེ་ནི་ཐབས་མཁས་པས་ཆོས་ཐམས་ཅད་ལ་འཇལ་བ་ཞེས་བྱ་བས་བཤད་དོ། ཇི་སྐད་དུ་བཤད་པའི་བདག་དང་གཞན་མཚུངས་པའི་མཚན་ཉིད་ཐབས་མཁས་པས་གཞན་གྱི་སྦྱིན་པ་ལ་སོགས་པ་ཡང་བདག་གིར་འཛིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་བུར་ནི་སྐྱེ་བ་གཅིག་གིས་ཐོགས་པ་ཞེས་བྱ་བ་ནི་ས་བཅུ་པ་ལ་བསྒོམ་པ་ཁྱད་ཞུགས་པས་མཐར་ཕྱིན་པའི་ཆོས་རྣམས་ཁོང་དུ་ཆུད་པའི་ཕྱིར་ཏེ། དེ་ནི་ཡེ་ཤེས་ཁོང་དུ་ཆུད་པ་ཞེས་བྱ་བས་བཤད་དོ། །རྒྱུར་འབྲེལ་པ་ཞེས་བྱ་བ་ལ། རྒྱུ་ནི་ལེན་པའི་རྒྱུ་སྟེ། རྒྱུ་ཉིད་ནི་འབྲེལ་པ་སྟེ། བདག་ཉིད་ཟག་པ་མེད་པའི་ཕྱིར་ཟག་པ་མེད་པའི་ཆོས་རྣམས་ཀྱི་ལེན་པའི་དངོས་པོར་གནས་ཞེས་བྱ་བའི་ཐ་ཚིག་གོ །འདིའི་བཤད་པ་ནི་རང་བཞིན་གྱིས་རུས་ཕུན་སུམ་ཚོགས་པ་ཞེས་བྱ་བ་སྟེ། རང་བཞིན་ཞེས་བྱ་བ་ནི་རིགས་འདྲ་བའོ། །རུས་ཞེས་བྱ་བ་ནི་རྒྱུ་སྟེ། རིགས་འདྲ་བའི་རྒྱུ་ཕུན་སུམ་ཚོགས་པ་ཞེས་བྱ་བའི་ཐ་ཚིག་གོ །ཡེ་ཤེས་དང་འབྲེལ་པ་ཞེས་བྱ་བ་ནི་ཤེས་པ་ཉིད་དང་འབྲེལ་པ་སྟེ། ངེས་པར་འབྱེད་པ་ཉིད་དུ་གནས་པ་སྟེ། དེ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཐོས་པ་འཛིན་པ་ཞེས་བྱ་བས་བཤད་དོ། །གཏོང་བས་སྤོང་བ་སྟེ། སྤྲོས་པ་དང་བྲལ་བ་སྟེ། དེའི་ངོ་བོ་དང་འབྲེལ་པར་རྣམ་པར་གནས་པའོ། །དེ་ནི་སྤྲོས་པ་ལས་དབེན་པ་ཞེས་བྱ་བས་བཤད་དོ། །འབྲས་བུ་དང་འབྲེལ་པ་ཞེས་བྱ་བ་ནི་འབྲས་བུའི་དངོས་པོར་གནས་པའོ། །འབྲས་བུ་ནི་འདིར་ལྷུན་གྱིས་གྲུབ་པར་སེམས་ཅན་གྱི་དོན་བྱེད་པ་སྟེ་དེ་ནི་ལྷུན་གྱིས་གྲུབ་


DTG113_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

པར་སེམས་ཅན་གྱི་དོན་བྱེད་པ་ཞེས་བྱ་བས་བཤད་དོ། །རྒྱུར་འབྲེལ་པའི་ཚིག་གིས་ནི་རྒྱུ་ཉིད་དུ་གནས་སོ་ཞེས་བྱ་བས་དོན་འདི་བསྟན་ཏོ། །རྒྱུས་བསྡུས་པ་ཞེས་བྱ་བ་འདིས་ནི་རྒྱུས་བསྡུས་ཤིང་རྒྱུས་བསྐྱེད་ཅེས་བྱ་བའི་དོན་འདི་སྟོན་ཏེ། བྱེ་བྲག་ནི་དེ་ཡོད་དོ། །དེ་བས་ན་མོས་པས་སྤྱོད་པ་ན་མངོན་པར་འདུ་བྱེད་པ་ཡོངས་སུ་སྨིན་པས་ས་དང་པོ་ལ་ལྷག་པར་དམིགས་པ་ཞེས་བྱ་བས་བཤད་དོ། །མོས་པས་སྤྱོད་པའི་ས་ན་མངོན་པར་འདུ་བྱེད་པ་དེ་ཡོངས་སུ་སྨིན་པ་ནི་ས་རབ་ཏུ་དགའ་བ་ལ་འཇུག་པར་གེགས་མེད་པར་ནུས་པ་ཉིད་དེ། དེས་ས་དང་པོ་ལ་ལྷག་པར་དམིགས་པའི་ཕྱིར་རོ། །ཡེ་ཤེས་ཀྱིས་བསྡུས་པ་ཞེས་བྱ་བ་ནི་ས་རབ་ཏུ་དགའ་བས་བསྡུས་པ་གང་མཐར་ཕྱིན་པའི་ཡེ་ཤེས་དེས་བསྡུས་པ་སྟེ་བསྐྱེད་པའོ། །ཁམས་རྣམས་ཀྱི་དོན་ནི་དུ་མ་ཡོད་པའི་ཕྱིར་རོ། །དེ་ནི་ཡེ་ཤེས་ཡོངས་སུ་སྨིན་པས་སྦྱོར་བ་ལས་བྱུང་བའི་སྤྱོད་པ་ལས་ལྷག་པར་དམིགས་པ་ཞེས་བྱ་བས་བཤད་དོ། །ས་རབ་ཏུ་དགའ་བས་བསྡུས་པའི་ཡེ་ཤེས་ཡོངས་སུ་སྨིན་པ་ནི་ས་གཉིས་པ་བསྐྱེད་པར་གེགས་མེད་པར་ནུས་པ་ཉིད་དེ། རྒྱུ་དེས་སྦྱོར་བ་ལས་བྱུང་བའི་སྤྱོད་པ་དྲི་མ་མེད་པ་ལ་སོགས་པས་བསྡུས་པ་ལ་ལྷག་པར་དམིགས་པའི་ཕྱིར་རོ། །སྤོང་བས་བསྡུས་པ་ཞེས་བྱ་བ་ནི་འདིས་སྤོང་བས་ན་སྤོང་བ་སྟེ། ས་བདུན་པས་བསྡུས་པའི་ལམ་སྟེ། གང་དེ་མ་ཐག་ཏུ་ས་མི་གཡོ་བ་ལ་སོགས་པ་ལ་འཇུག་པའོ། །དེས་བསྡུས་པ་ནི་བསྐྱེད་པའོ། །དེ་ནི་བསྒོམ་པ་ཡོངས་སུ་སྨིན་པས་སངས་རྒྱས་ཀྱི་ཆོས་མ་ཐོབ་པ་རྣམས་ལ་ལྷག་པར་དམིགས་པ་ཞེས་བྱ་བས་བཤད་དོ། །མངོན་པར་འདུ་བྱེད་པ་དང་བཅས་པར་འཇུག་པའི་བསྒོམ་པ་ཡོངས་སུ་སྨིན་པར་མཐར་ཕྱིན་པ་སྟེ། དེས་མི་སྐྱེ་བའི་ཆོས་ལ་བཟོད་པ་ལ་སོགས་པ་མ་ཐོབ་པའི་ཆོས་རྣམས་ལ་ལྷག་པར་དམིགས་པའི་ཕྱིར་རོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ལ་སོགས་པ་དེ་ཉིད་བྱང་ཆུབ་སེམས་དཔའི་ཕྱིར་མི་འོང་བའི་འབྲས་བུ་སྟེ། ཡང་མངོན་པར་འདུ་བྱེད་པར་འོང་བ་མེད་པའི་ཕྱིར་རོ། །འབྲས་བུ་དེ་ལྟར་གྱུར་པ་ཉིད་ཀྱིས་བསྡུས་པ་ནི་སེམས་བསྐྱེད་པ་བཞི་པའོ། །དེ་ནི་འབྲས་བུ་ཡོངས་སུ་སྨིན་པས་ཇི་ལྟར་འདོད་པ་བཞིན་དུ་མངོན་པར་རྫོགས་པར་རྟོགས་པ་ཞེས་བྱ་བས་བཤད་དོ། །ས་མི་གཡོ་བ་ལ་སོགས་


DTG113_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྡུས་པ་བཤད་མ་ཐག་པའི་མཚན་ཉིད་ཀྱིས་འབྲས་བུ་ཡོངས་སུ་སྨིན་པ་སྟེ། རྒྱུ་དེས་ས་བཅུ་ལ་དེའི་སྒྲིབ་པ་སྤངས་ནས་ཆོས་ཀྱི་དབྱིངས་ཇི་ལྟར་འདོད་པ་བཞིན་དུ་མངོན་པར་རྫོགས་པར་རྟོགས་པའི་ཕྱིར་རོ། །རྒྱུ་ལས་ཡང་དག་པར་བྱུང་བ་ཞེས་བྱ་བ་ནི་རྒྱུ་ལས་ཡང་དག་པར་བྱུང་བ་གང་ཡིན་པ་དེ་རྒྱུ་ལས་ཡང་དག་པར་བྱུང་བ་སྟེ། ཕྱིན་ཅི་མ་ལོག་པའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་མ་ནོར་བར་དགེ་བ་བསྒོམ་པའི་གནས་ཞེས་བྱ་བས་བཤད་དོ། །མོས་པས་སྤྱོད་པའི་སས་བསྡུས་པས་མ་ནོར་བའི་དགེ་བའི་ཆོས་བསྒོམ་པའི་གནས་སེམས་བསྐྱེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །བཞི་པོ་གོང་མ་ཉིད་ཀྱི་རྒྱུས་བསྡུས་པའི་ཚིག་གིས་ནི་གེགས་མེད་པར་ནུས་པ་རྒྱུ་གང་གིས་བསྐྱེད་པ་དེ་བསྟན་ཏོ། །དེས་ནི་དེའི་རྒྱུ་ཕྱིན་ཅི་མ་ལོག་པ་བསྟན་ཏེ། འདི་ནི་བྱེ་བྲག་གོ །ཡེ་ཤེས་ལས་ཡང་དག་པར་བྱུང་བ་ཞེས་བྱ་བ་ནི་ས་རབ་ཏུ་དགའ་བས་བསྡུས་པའི་ཡེ་ཤེས་ལས་ཡང་དག་པར་བྱུང་བ་ཕྱིན་ཅི་མ་ལོག་པ་རྒྱུར་གྱུར་པ་ལས་བྱུང་བ་སེམས་བསྐྱེད་པ་གཉིས་པ་གང་ཡིན་པ་དེ་ཡེ་ཤེས་ལས་བྱུང་བའོ། །དེ་ནི་མ་ནོར་བའི་ཆོས་ལ་ངེས་པར་རྟོག་པའི་སྐྱེ་གནས་ཞེས་བྱ་བས་བཤད་དོ། །མ་ནོར་བའི་ས་རབ་ཏུ་དགའ་བས་བསྡུས་པའོ། །ཆོས་ལ་ངེས་པར་རྟོག་པའི་སྐྱེ་གནས་ནི་རྒྱུ་སྟེ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྤོང་བ་ལས་ཡང་དག་པར་བྱུང་བ་ཞེས་པ་འདིས་སྤོང་བས་ན་སྤོང་བ་སྟེ། ས་བདུན་པས་བསྡུས་པའི་ཡེ་ཤེས་དེ་ལས་ཡང་དག་པར་བྱུང་བ་ཕྱིན་ཅི་མ་ལོག་པ་སེམས་བསྐྱེད་པ་གསུམ་པ་གང་ཡིན་པ་དེ་སྤོང་བ་ལས་ཡང་དག་པར་བྱུང་བའོ།། དེ་ནི་མ་ནོར་བར་བསྒོམ་པའི་གནས་ཞེས་བྱ་བས་བཤད་དོ། མ་ནོར་བར་བསྒོམ་པས་ས་བདུན་པས་བསྡུས་པའི་གནས་ལས་བྱུང་བ་སེམས་བསྐྱེད་པ་གསུམ་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འབྲས་བུ་རང་གི་སེམས་ལ་དབང་སྒྱུར་བ་ལས་ཡང་དག་པར་བྱུང་བ་གང་ཡིན་པ་དེ་འབྲས་བུ་ལས་ཡང་དག་པར་བྱུང་བ་དེ་ནི་རང་གི་སེམས་ལ་དབང་སྒྱུར་བ་ཞེས་བྱ་བས་བཤད་དོ། །སེམས་བསྐྱེད་པ་དང་པོ་ནི་རྒྱུ་རབ་ཏུ་དབྱེ་བའི་ཡན་ལག་གོ་ཞེས་བྱ་བ་ནི་ས་གཉིས་པ་ལ་སོགས་པའི་རྒྱུར་གྱུར་པས་ས་རབ་ཏུ་དགའ་བས་བསྡུས་པའི་ཆོས་རྣམས་ཀྱིས་རབ་ཏུ་དབྱེ་བ་ཡང་ཡིན་པ་དེ་དག་གི་ཡན་ལག་སྟེ། སེམས་


DTG113_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་དང་པོ་དེ་ཉིད་ལ་བརྟེན་ནས་བྱང་ཆུབ་ཀྱི་རྒྱུར་རྣམ་པར་གནས་པའི་ཆོས་རྣམས་རྣམ་པ་མང་པོར་འཕེལ་བའི་ཕྱིར་རོ། །དེ་ནི་ཡང་དགེ་བའི་རྩ་བ་མཐའ་ཡས་པ་འཛིན་པ་ཞེས་བྱ་བས་བཤད་དོ། །ཡེ་ཤེས་རབ་ཏུ་དབྱེ་བའི་ཡན་ལག་ཅེས་བྱ་བ་ནི་དྲི་མ་མེད་པ་ལ་སོགས་པ་ས་དྲུག་པོ་རྣམས་ན་སེམས་བསྐྱེད་པ་གཉིས་པ་ལ་གནས་པའི་ཡེ་ཤེས་ཆོས་སྣ་ཚོགས་ལ་རྟོགས་པས་དུ་མར་ཐ་དད་པའི་ཕྱིར་རོ། །དེ་ནི་ཆོས་མཐའ་ཡས་པ་ལ་ངེས་པར་རྟོག་པ་ཞེས་བྱ་བས་བཤད་དོ། །མངོན་པར་འདུ་བྱེད་པ་ཐམས་ཅད་སྤོང་བ་ཐོབ་པའི་ཕྱིར་ལྷུན་གྱིས་གྲུབ་པར་འཇུག་པས་ཏིང་ངེ་འཛིན་རྣམས་ཉིད་སྤོང་བའོ། །དེ་དག་གི་རབ་ཏུ་དབྱེ་བ་སྣ་ཚོགས་ཀྱི་ཡན་ལག་སྟེ། ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པའི་སྟོབས་ཀྱིས་ཏིང་ངེ་འཛིན་མཐའ་ཡས་པ་ཐོབ་པའི་ཕྱིར་དེ་ནི་ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པའི་རྗེས་སུ་འཇུག་པ་ཞེས་བྱ་བས་བཤད་དོ། །ཏིང་ངེ་འཛིན་རྣམས་ཉིད་སྒོ་སྟེ། དེ་དང་འབྲེལ་པའི་དོན་རྣམས་ཀྱི་སྒོར་གྱུར་པའི་ཕྱིར་རོ། །འབྲས་བུ་ནི་ཏིང་ངེ་འཛིན་གྱིས་རྣམ་པར་རོལ་པ་མཐའ་ཡས་པ་མྱོང་བའོ། །དེས་རབ་ཏུ་དབྱེ་བའི་ཡན་ལག་ནི་སེམས་བསྐྱེད་པ་བཞི་པ་སྟེ། ས་བཅུ་པ་ལ་ཏིང་ངེ་འཛིན་གྱི་སྒྱུ་མ་མཐའ་ཡས་པ་རྣམ་པར་གྲོལ་བའི་ཕྱིར་རོ། །དེ་ནི་རྣམ་པར་རོལ་པ་མཐའ་ཡས་པ་མྱོང་བ་ཞེས་བྱ་བས་བཤད་དོ། །སྨན་བསྡུ་བའི་ཚུལ་ཞེས་བྱ་བ་ནི་དེ་དང་འདྲ་ཞེས་བྱ་བའི་ཐ་ཚིག་གོ །དེའི་བཤད་པ་ནི་ཡང་ཉོན་མོངས་པའི་ནད་ཀྱི་གཉེན་པོའི་གནས་ཞེས་བྱ་བ་སྟེ། ཉོན་མོངས་པའི་ནད་ཀྱི་གཉེན་པོ་ནི་ཟག་པ་མེད་པའི་ཡེ་ཤེས་ཀྱི་སྨན་ནོ། །དེའི་གནས་ནི་སེམས་བསྐྱེད་པ་དང་པོ་སྟེ། ས་རབ་ཏུ་དགའ་བ་ལ་ཐོག་མར་ཟག་པ་མེད་པའི་ཡེ་ཤེས་ཐོབ་པའི་ཕྱིར་རོ། །སྨན་རབ་ཏུ་དབྱེ་བ་ཞེས་བྱ་བ་ལ་སོགས་པའི་བཤད་པ་ནི་ཉོན་མོངས་པའི་ནད་དང་མཐུན་པའི་སྨན་རབ་ཏུ་ཤེས་པ་ཞེས་བྱ་བའོ། །ཤེས་ནས་ཀྱང་མཐུན་པའི་སྨན་ནི་ཐབས་ཏེ་སྙིང་རྗེའོ། །དེས་འཁོར་བ་མི་གཏོང་སྟེ། དེ་ནི་སྨན་སྦྱོར་བ་ལ་མཁས་པ་ཞེས་བྱ་བ་ལ་སོགས་པའི་མདོའི་ཚིག་བཤད་པའོ། །ནད་གསོ་བ་ཞེས་བྱ་བ་ལ་སོགས་པ་ནི་སྨན་རབ་ཏུ་ས་བཅུ་པས་བསྡུས་པ་བར་ཆད་མེད་པའི་ལམ་རབ་ཀྱི་མཆོག་གིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤང་བའི་


DTG113_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་སེམས་བསྐྱེད་པ་བཞི་པ་ནི་ནད་པ་གསོ་བ་ཞེས་བྱ་བས་བཤད་དོ། །དེའི་བཤད་པ་ནི་ཉོན་མོངས་པའི་ནད་ལས་གསོ་བ་ཞེས་བྱ་བའོ། །ཆོས་ཀྱི་རྒྱལ་པོ་ཞེས་བྱ་བའི་དཔེ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའོ། །དངོས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་སོ། །དེ་དག་གི་རིགས་ནི་སྐྱེ་བའི་གནས་ཏེ་བྱང་ཆུབ་སེམས་དཔའ་དེ་ཁོ་ན་མཐོང་བ་དག་གོ །དེ་མཚན་ཉིད་གཅིག་པ་ནི་རྒྱུད་དེ་དེར་འབྱུང་བའི་ཚུལ་དུ་ས་དང་པོ་ལ་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པའི་ཕྱིར་རོ། །དེར་སྐྱེས་ནས་ཉན་ཐོས་དང་རང་སངས་རྒྱས་རྣམས་ཟིལ་གྱིས་ནོན་ཏེ། དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་ནོན་པ་ཞེས་བྱ་བས་བཤད་དོ། །དཔེ་ནི་རིག་པ་རྣམས་དང་སྒྱུ་རྩལ་རྣམས་ལ་མཁས་པའི་བསླབ་པ་ཡང་དག་པ་འཛིན་པའོ། །དངོས་པོ་ནི་དམིགས་པ་མེད་པ་དང་ལྡན་པའི་སྡོམ་པའི་ཚུལ་ཁྲིམས་བླ་ན་མེད་པ་ལ་སོགས་པ་སྟེ། འདིའི་བཤད་པ་ནི་དེ་ཡང་བསླབ་པའི་གནས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཞེས་བྱའོ། །དེ་ཡང་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་ཟིལ་གྱིས་ནོན་པ་སྟེ། ཉན་ཐོས་ལ་སོགས་པའི་བསླབ་པའི་རྣམ་པ་དག་ལས་ཁྱད་པར་དུ་འཕགས་པ་ཞེས་བྱ་བའི་ཐ་ཚིག་གོ །བསླབ་པ་ཚར་ཕྱིན་པ་ནི་ཁམས་གསུམ་པ་ལ་བསླབ་པ་རྫོགས་པ་སྟེ། ས་བརྒྱད་པ་ལ་མངོན་པར་འདུ་བྱེད་པ་དང་བཅས་པས་འཇུག་པའི་བསླབ་པ་རྫོགས་པའི་ཕྱིར་རོ། །དེའི་བཤད་པ་ནི་སྒོམ་པ་ཁྱད་པར་དུ་འཕགས་པ་ཞེས་བྱ་བའོ། །སྒོམ་པ་ཁྱད་པར་དུ་འཕགས་པ་ནི་མངོན་པར་འདུ་བྱ་བ་མེད་པར་དགེ་བ་ཐམས་ཅད་ལ་འཇུག་པའི་ཕྱིར་རོ། །སེམས་ཅན་གྱི་དོན་དུ་ལྷུན་གྱིས་གྲུབ་པར་བསླབ་པ་རྣམས་ལ་འཇུག་པ་ལ་དབང་སྒྱུར་ཏེ། དེ་ནི་བསྒོམས་པའི་འབྲས་བུ་ཁྱད་པར་དུ་འཕགས་པ་ཞེས་བྱ་བའོ། །བསྒོམས་པའི་འབྲས་བུ་ནི་སེམས་ཅན་གྱི་དོན་ནོ། །དེའི་ཁྱད་པར་དུ་འཕགས་པ་ནི་ལྷུན་གྱིས་གྲུབ་པར་ཐམས་ཅད་དུ་ཅིག་ཅར་ཡང་དག་པར་སྒྲུབ་པའོ། །ཆོས་ཀྱི་མངའ་བདག་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །འཕགས་པ་འཇམ་དཔལ་ལ་ཡོངས་སུ་དྲིས་པ་གང་ཡིན་པ་ཞེས་བྱ་བ་ནི་དང་པོར་ཟླ་བ་དྲི་མ་མེད་པའི་གཟི་བརྗིད་འོད་ཟེར་གྱི་འོད་ཀྱིས་དྲིས་པ་གང་ཡིན་པ་དང༌། བར་དུ་འོད་རྣམ་པར་ངེས་པའི་འོད་ཟེར་


DTG113_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འོད་དང༌། འོག་ཏུ་ཡེ་ཤེས་སྒྲུབ་པ་དཔའ་བོས་དྲིས་པ་གང་ཡིན་པ་དེ་ཐམས་ཅད་བསྡུས་ཏེ་བརྒལ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ལ་དང་བ་བསྐྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་ཀྱི་མངའ་བདག་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ཟབ་མོ་དྲིས་པ་རྣམས་ལ་ལན་འདེབས་པའོ་ཞེས་དེ་དག་ལ་ལན་འདེབས་པའོ། །དེ་ལྟར་རེ་ཞིག་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་མཐུ་དེ་བརྒྱད་པའི་དོན་བཤད་དོ། །ད་ནི་སྤྱོད་པ་རྣམ་པར་དབྱེ་བ་བཤད་པར་བྱའོ། །དེ་ཡང་རྣམ་པ་གཉིས་སུ་བཤད་དོ། རྒྱུས་བསྡུས་པ་དང༌། འབྲས་བུས་བསྡུས་པའོ་ཞེས་བྱ་བ་དེ་ལ་དང་པོའི་དབང་དུ་བྱས་ནས་རྒྱུས་བསྡུས་པའོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཚོགས་དང་ཞེས་བྱ་བ་ལ་སོགས་པས་ནི་ཚོགས་ཀྱི་ལམ་བསྟན་པ་དང་རྣམ་པར་རིག་པའི་ལམ་བསྟན་པའོ། །ཡང་དག་པའི་མཐའ་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པའི་མཐའ་བསྟན་པ་དང། ཡང་དག་པའི་མཐའ་དེ་ཁོང་དུ་ཆུད་པར་བྱ་བའི་ཐབས་བསྟན་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཡང་མདོ་ལས། ཐབས་དང་ཤེས་རབ་བོ་ཞེས་བྱ་བ་ལ། དེ་ལ་ཐབས་ནི་ཚོགས་ཀྱི་ལམ་མོ། །ཤེས་རབ་ནི་རྣམ་པར་དག་པའི་ལམ་མོ། །འདི་གཉིས་ནི་མདོའི་ཚིག་ཐབས་ནི་བསྡུ་བ་ཤེས་པའོ་ཞེས་བྱ་བ་ལ་སོགས་པ་བཅུ་དྲུག་གིས་བཤད་དོ། །དེ་ལ་བརྒྱད་པ་ཕྱེད་ཕྱེད་བཀོད་པས་ནི་ཐབས་བསྟན་ཏོ། དེ་བས་ན་ཚོགས་ཀྱི་ལམ་བསྟན་པ་ནི་རྣམ་པ་བརྒྱད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཤེས་རབ་ཀྱང་བརྒྱད་པོ་དེ་ཉིད་ཀྱི་ཚོགས་ཕྱེད་ཕྱེད་བཀོད་པས་བསྟན་ཏོ། །དེ་བས་ན་འོག་ནས་རྣམ་པར་དག་པའི་ལམ་བསྟན་པ་ཡང་རྣམ་པ་བརྒྱད་ཀྱིས་ཞེས་འབྱུང་ངོ༌། །སེམས་ཅན་རྣམ་པ་ཐ་དད་པ་ནི་ཁ་ཅིག་ནི་བརྐམ་ཆགས་ཅན་ཏེ། །དེ་དག་སྦྱིན་པས་ཡོངས་སུ་སྨིན་པར་བྱའོ། །ཞེ་སྡང་ཅན་དག་ནི་སྙན་པར་སྨྲ་བས་སོ། །ང་རྒྱལ་ཅན་དག་ནི་དོན་དཔྱོད་པ་ཞེས་བྱ་བ་ལ་སོགས་པས་སོ།། དེ་ལ་ཐབས་ནི་བསྡུ་བ་ཤེས་པའོ་ཞེས་མདོའི་ཚིག་འདིའི་བཤད་པ་སྟེ། བརྐམ་ཆགས་ཅན་ལ་སོགས་པ་དག་སྦྱིན་པ་ལ་སོགས་པའི་བསྡུ་བས་ཡོངས་སུ་སྨིན་པར་བྱ་བ་ཤེས་ནས་དེ་བཞིན་དུ་སྤྱོད་པའི་ཕྱིར་རོ། །སེམས་ཅན་ལ་ལྟ་བ་ཞེས་བྱ་བ་ནི་དེ་དག་གིས་ཉེས་པར་སྤྱད་ཀྱང་དེ་དག་མི་གཏོང་བའི་ཕྱིར་


DTG113_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེ་ནི་དེ་དག་གི་ཉེས་པར་སྤྱོད་པ་སྣ་ཚོགས་ཀྱིས་ཇི་མི་སྙམ་པ་ཞེས་བྱ་བས་བཤད་དོ། །དེ་དག་ཅེས་བྱ་བ་ནི་སེམས་ཅན་རྣམས་སོ། །ཆོས་ནི་ལྷ་དང་མིའི་འགྲོ་བས་བསྡུས་པ་དག་གོ །སྦྱོར་བ་ནི་དགེ་བའི་མངོན་པར་འདུ་བྱས་པ་གང་གིས་ཆོས་དེ་ལ་སྦྱོར་བའོ། །དེས་ཤེས་པ་ནི་དེས་འཁོར་བ་ཡོངས་སུ་མི་གཏོང་བའོ། །དེ་ནི་དཀར་པོའི་ཆོས་ཐམས་ཅད་ཡང་དག་པར་སྡུད་པར་བྱེད་པ་ཞེས་བྱ་བས་བཤད་དོ། །མངོན་པར་མཐོ་བའི་མཚན་ཉིད་དཀར་པོའི་ཆོས་ཐམས་ཅད་ཡང་དག་པར་སྡུད་པར་བྱེད་པ་ནི་མི་ཟད་པར་ཡང་དག་པར་སྒྲུབ་པར་བྱེད་པའོ། །རྒྱུ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སོ། །དེ་དག་ལ་རྣམ་པ་དང་བཅས་པའི་ཤེས་པས་དམིགས་པ་ནི་རྒྱུ་ལ་དམིགས་པའོ། །དེ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ལྷག་པར་དམིགས་པ་ཞེས་བྱ་བས་བཤད་དོ། །ཆོས་ནི་གཞན་གྱི་དབང་གི་མཚན་ཉིད་རྣམས་ཏེ། ཇི་ལྟར་སྣང་བ་བཞིན་དུ་སེམས་ཅན་ཐ་དད་པར་རྣམ་པར་གཞག་པ་ནི་ཆོས་ཐ་དད་པ་ཤེས་པ་སྟེ། གང་གིས་སེམས་ཅན་ལ་དམིགས་པའི་སྙིང་རྗེ་རབ་ཏུ་འབྱུང་བའོ། །དེའི་བཤད་པ་ནི་མཚན་ཉིད་མི་འདྲ་བ་ཞེས་བྱ་བ་སྟེ། གཞན་གྱི་དབང་གི་དངོས་པོའི་སེམས་ཅན་སོ་སོའི་མཚན་ཉིད་མི་འདྲ་བ་རྣམ་པར་གཞག་པའི་ཕྱིར་རོ། །སྨོན་ལམ་གྱི་ཁྱད་པར་གྱིས་བསྡུས་པ་བསོད་ནམས་ཀྱི་ཁྱད་པར་གང་གིས་སངས་རྒྱས་ཀྱི་ཞིང་བརྒྱན་པར་བྱེད་པ་དེས་སངས་རྒྱས་ཀྱི་ཞིང་གི་རྒྱན་ཏེ་དེ་ཤེས་པའོ། །དེ་བས་ན་སྨོན་ལམ་རྣམ་པ་སྣ་ཚོགས་ཞེས་བྱ་བས་བཤད་དོ། །སེམས་ཅན་གྱི་དབང་པོ་ནི་དད་པ་ལ་སོགས་པའི་དབང་པོས་སོ། །སྤྱོད་པ་ནི་འདོད་ཆགས་ལ་སོགས་པ་ཐ་དད་པས་སྤྱོད་པ་ཐ་དད་པ་དག་གོ །དེ་དག་ལ་འཇུག་པ་ཤེས་པ་ནི་གང་གིས་དེ་དག་ལ་འཇུག་པའོ། །དེའི་བཤད་པ་ནི་གདུལ་བའི་སེམས་ཅན་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ཞེས་བྱའོ། །བྱང་ཆུབ་བརྒྱན་པར་བྱེད་པའི་ཆོས་གང་དག་ཡིན་པ་དེ་དག་བྱང་ཆུབ་ཀྱི་རྒྱན་ཏེ། དེ་དག་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་རྣམས་སོ། །དེ་དག་ཡང་དག་པར་ཐོབ་པར་བྱེད་པ་ཤེས་པ་ནི་ཐབས་གང་གིས་རྒྱུན་དུ་སྟེ་ཚེགས་མེད་པར་སྒྲུབ་པའོ། །དེ་ཡང་ཐབས་མཁས་པའི་མདོའི་ཚུལ་བཞིན་དུ་རིག་པར་བྱའོ། །དེའི་བཤད་པ་ནི་ཚོགས་རྣམ་


DTG113_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྣ་ཚོགས་ཉེ་བར་སྒྲུབ་པས་ཞེས་བྱ་བའོ། །རྣམ་པར་དག་པར་བྱ་བའི་ཕྱིར་ལམ་དུ་གྱུར་པ་ནི་རྣམ་པར་དག་པའི་ལམ་སྟེ་ཤེས་རབ་བོ། །དགེ་བ་དང་མི་དགེ་བའི་ཆོས་ལ་སྤྱོད་པ་ནི་སྤང་བར་བྱ་བ་དང་བླང་བར་བྱ་བ་ཇི་ལྟ་བ་བཞིན་དུ་སྤྱོད་པའོ། །དེ་ཡང་ཤེས་རབ་ནི་ཡོངས་སུ་གཅོད་པ་ཤེས་པའོ་ཞེས་བྱ་བ་འདིའི་བཤད་པའོ། །ཡོངས་སུ་གཅོད་པ་ནི་དགེ་བ་དང་མི་དགེ་བའི་ཆོས་རྣམ་པར་འབྱེད་པའོ། །ཤེས་རབ་ནི་ཆོས་ཐམས་ཅད་ལ་མི་ལྟ་བའོ་ཞེས་བྱ་བ་ནི་གཞན་གྱི་དབང་གི་བདག་ཉིད་དངོས་པོ་བརྒྱད་ཀྱི་ཆོས་ཐམས་ཅད་ལ་མི་ལྟ་བ་སྟེ། སེམས་ཅན་ཞེས་བྱ་བ་དེ་ལྟ་བུར་ལྟ་བ་མེད་པའི་ཕྱིར་རོ། །དེ་དག་ནི་ཆོས་ཞེས་བྱ་བ་ཙམ་ཉིད་དུ་བཟུང་ངོ༌། །སེམས་ཅན་དུ་ལྟ་བ་གང་ཡིན་པ་དེ་ནི་འཇིག་ཚོགས་ལ་ལྟ་བའི་རྩ་བའོ། །འཇིག་ཚོགས་ལ་ལྟ་བ་ནི་ཉེས་པ་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་འཁོར་བའི་རྐྱེན་ཏོ། །དེའི་བཤད་པ་ནི་ཆོས་ཐམས་ཅད་ལ་རྐྱེན་གྱིས་མི་ལྟ་བར་སྔོན་དུ་གཏོང་བ་ཞེས་བྱའོ། །ཀུན་ནས་ཉོན་མོངས་པའི་རྐྱེན་སེམས་ཅན་དུ་ལྟ་བས་སེམས་ཅན་ཐམས་ཅད་ལ་ལྟ་བ་མེད་པ་དེ་དག་རྐྱེན་གྱིས་མི་ལྟ་བ་དག་གོ །ཆོས་དེ་ཐམས་ཅད་དེ་ལྟར་བཟུང་བའི་ཆོས་ཐམས་ཅད་ལ་རྐྱེན་གྱིས་མི་ལྟ་བའོ། །དེ་དག་གི་སྔོན་དུ་གཏོང་བ་ནི་ཆོས་ཙམ་དུ་བཟུང་ནས་སེམས་ཅན་ཐམས་ཅད་སྔོན་དུ་བཏང་སྟེ། ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པའོ་ཞེས་བསྡུས་པའི་དོན་ཏོ། །ཤེས་རབ་ནི་བྲལ་བས་ཤེས་པའོ། །འདིའི་བཤད་པ་ནི་ཆགས་པ་ཐམས་ཅད་ལས་གྲོལ་བ་ཞེས་བྱ་བའོ། །ཤེས་རབ་ནི་རྒྱུ་ཟད་པར་འགྲོ་བའོ་ཞེས་བྱ་བ་ནི་ཉིང་མཚམས་སྦྱོར་བའི་རྒྱུ་ཟད་པར་འགྲོ་བའི་ཕྱིར་ཏེ། དེ་ནི་ཉིང་མཚམས་སྦྱོར་བ་གཅོད་པ་ཞེས་བྱ་བས་བཤད་དོ། །ཆོས་ཀྱི་དབྱིངས་ནི་དེ་བཞིན་ཉིད་དོ། །དེ་གཅིག་པ་ཉིད་དུ་ཐམས་ཅད་དུ་ཤེས་པ་ནི་དབྱེར་མེད་པ་ཤེས་པའོ། །དེའི་བཤད་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ཞེས་བྱ་བའོ། །རྣམ་པར་རིག་པ་རྣམ་པར་དག་པའི་མཚན་ཉིད་ནི་སངས་རྒྱས་ཀྱི་ཞིང་རྣམས་ཏེ། སངས་རྒྱས་ཀྱི་ཞིང་ལྟ་བུར་སྣང་བའི་རྣམ་པར་རིག་པའི་རྒྱུ་ལས་བྱུང་བའི་ཕྱིར་རོ། །དེ་དག་གི་མཉམ་པ་ཉིད་ནི་གཉིས་ལས་དབེན་པའོ། །དེ་དབྱེར་མེད་པར་ཤེས་པ་ནི་གཅིག་ཏུ་ཤེས་པའོ། །ཆོས་ཀྱི་དབྱིངས་དབྱེར་མེད་པ་ཤེས་


DTG113_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རབ་ཏུ་དབྱེ་བའང་འདི་ཉིད་དེ། སངས་རྒྱས་ཀྱི་ཞིང་གི་ཚུལ་གྱིས་ལོགས་ཤིག་ཏུ་བཤད་པར་ཟད་དོ། །དེའི་བཤད་པ་ནི་ཚུལ་གཅིག་ཏུ་ཡང་དག་པར་གཞོལ་བ་ཞེས་བྱ་སྟེ། ཚུལ་གཅིག་ནི་སྟོང་པ་ཉིད་དོ། །དེ་ཡང་དག་པར་གཞོལ་བ་ནི་རྣམ་པར་གཞོལ་བའོ། །སེམས་ཅན་དམིགས་སུ་མེད་པ་ནི་ཀུན་བརྟགས་པའི་ངོ་བོར་རོ། །དེའི་བཤད་པ་ནི་བྱིས་པས་ཀུན་བརྟགས་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྟོག་པ་ཞེས་བྱ་བའོ། །བྱིས་པ་རྣམས་ཀྱིས་ཀུན་བརྟགས་པ་ནི་བྱིས་པས་ཀུན་ཏུ་བརྟགས་པ་སྟེ། སེམས་ཅན་ནོ་ཞེས་དེ་ལྟར་སྒྲོ་བཏགས་པའོ། །དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟགས་ན་ངོ་བོར་དེ་མི་དམིགས་སོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་གང་ལས་བྱུང་བ་དེ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ། སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་སོ། །དེ་མངོན་པར་རྫོགས་པར་བྱང་ཆུབ་པ་ཤེས་པའོ། །དེའི་བཤད་པ་ནི་ཞི་བའི་དབྱིངས་མངོན་སུམ་དུ་བྱེད་པས་ཞེས་བྱ་བ་སྟེ། ཆོས་ཀྱི་དབྱིངས་ཉིད་ཞི་བའི་དབྱིངས་སོ། །ལྷའི་བུ་གཞན་ཡང་ཞེས་བྱ་བ་ལ་སོགས་པའི་ནང་ནས་ཚོགས་ཀྱི་ལམ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་གོ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཐུག་པ་དག་སྟེ། འདི་དག་གིས་དགེ་བ་སྣ་ཚོགས་སོགས་པའི་ཕྱིར་རོ། །དེའི་བཤད་པ་ནི་དགེ་བའི་རྩ་བ་སྣ་ཚོགས་སྒྲུབ་པ་ཞེས་བྱ་བའོ། །འདིས་ནི་རྣམ་པ་གཅིག་བསྟན་ཏོ། །ཡོངས་སུ་གཅོད་པའི་ལམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་དེའི་ཆོས་རྣམས་ཇི་ལྟ་བ་བཞིན་དུ་ཡོངས་སུ་གཅོད་པའི་ཕྱིར་ཏེ། དེའི་བཤད་པ་ནི་ཡོངས་སུ་གཅོད་པ་སྟེ་དེའི་དོན་ནི་སྔ་མ་བཞིན་ནོ་ཞེས་བྱ་བའོ། །ཤེས་རབ་ནི་ཡོངས་སུ་གཅོད་པ་ཞེས་བྱ་བ་དེར་ཡོངས་སུ་གཅོད་པའི་དོན་གང་ཡིན་པ་འདིར་ཡང་དེ་ཡིན་ཏེ། འདིས་ནི་རྣམ་པ་གཉིས་པ་བསྟན་ཏོ། །ཡང་གཉིས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ཉིད་རྣམ་པར་སྟོན་ཏོ། །ཆགས་པ་དང་བཅས་པའི་ལམ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་གོ་ཞེས་བྱ་བ་ལ། དེ་དག་ནི་ལོངས་སྤྱོད་ཆེན་པོ་ལ་སོགས་པའི་འབྲས་བུ་ཡིན་པས་འཁོར་བའི་རྒྱུར་གྱུར་པའི་ཕྱིར་རོ། །དེ་བས་ན་ཁམས་གསུམ་ན་སྤྱོད་པ་ཞེས་བཤད་དོ། །བྱང་ཆུབ་སེམས་དཔའ་


DTG113_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་སྦྱིན་པ་ལ་སོགས་པ་ཡོངས་སུ་བསྔོ་བའི་ཁྱད་པར་གྱིས་ཟིན་པ་དག་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་ཡིན་དུ་ཟིན་ཀྱང་ལོངས་སྤྱོད་ཆེན་པོའི་འབྲས་བུ་སོགས་པས་དེ་སྐད་ཅེས་བརྗོད་དོ། །ཆགས་པ་མེད་པའི་ལམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཁམས་གསུམ་ནས་འབྱུང་བའི་ཕྱིར་རོ། །འདིས་ནི་ཟག་པ་དང་བཅས་པའི་ལམ་ནི་ཞེས་བྱ་བ་ལ་སོགས་པ་བཤད་དོ། །མཚན་མའི་གནས་ནི་གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པའི་གནས་ཏེ་དེས་ཤེས་བྱའི་སྒྲིབ་པ་མ་སྤངས་པའི་ཕྱིར། ཚད་ཡོད་པར་བྱས་པའི་ལམ་སྟེ། དཔེར་ན་ཉན་ཐོས་ལ་སོགས་པ་ལྟ་བུའོ། །དེ་ནི་རྣམ་པར་ཤེས་པ་ཡུལ་ཡིན་པས་མཐའ་དམིགས་པ་ཞེས་བྱ་བས་བཤད་དོ། །གཉིས་པ་ལ་གནས་པའི་ཤེས་པ་ནི་རྣམ་པར་ཤེས་པ་སྟེ། དེའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །རང་གིས་རིག་པའི་ཚུལ་གྱིས་ཡུལ་དུ་གྱུར་པའི་ཕྱིར་ཏེ། གཉིས་པ་མངོན་པར་ཞེན་པའི་ཤེས་པའི་བདག་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་བས་ན་ཤེས་བྱ་ཐམས་ཅད་ལ་འཇུག་པ་མེད་པས་མཐའ་དམིགས་པའི་ཕྱིར་དེ་ནི་ཚད་ཡོད་པར་བྱས་པ་ཞེས་བྱ་བར་དགོངས་པའོ། །བཟློག་པ་ནི་མཚན་མ་མེད་པའི་གནས་ཏེ། དེ་ནི་རྣམ་པར་ཤེས་པའི་ཡུལ་ལས་ཡང་དག་པར་འདས་པས་མཐའ་མི་དམིགས་པ་ཞེས་བྱ་བས་བཤད་དོ། །གཉིས་པ་མངོན་པར་ཞེན་པའི་ཤེས་པའི་ངོ་བོ་ལས་འདས་པའི་ཕྱིར་ཤེས་བྱ་མཐའ་དག་ལ་ཁྱབ་པས་མཐའ་མི་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་ཤེས་པའི་ལམ་ནི་ས་དང་པོ་ནས་བཟུང་སྟེ་ཞེས་བྱ་བ་ལ་སོགས་པ་ནི་མངོན་པར་འདུ་བྱེད་པ་དང་བཅས་པར་འཇུག་པའི་ཤེས་པའི་བདག་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱ་སྟེ། དེ་ནི་འདུས་བྱས་ཀྱི་དབྱིངས་ཡོངས་སུ་ཤེས་པ་ཞེས་བྱ་བས་བཤད་དོ། །འདུས་བྱས་ནི་མངོན་པར་འདུ་བྱེད་པ་དང་བཅས་པའི་ཤེས་པ་སྟེ། དེ་ཉིད་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་དབྱིངས་སོ། །དེ་ཡོངས་སུ་ཤེས་པ་ནི་མངོན་སུམ་དུ་བྱེད་པའོ། །སྤོང་བའི་ལམ་ནི་ས་བརྒྱད་པ་ནས་བཟུང་སྟེ་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པ་སྤངས་པའི་མཚན་ཉིད་ཀྱི་ཕྱིར་འདུས་མ་བྱས་ཀྱི་དབྱིངས་ཡོངས་སུ་ཤེས་པས་དེ་ཉིད་དུ་བཤད་དེ། འདུས་མ་བྱས་ནི་མངོན་པར་འདུ་བྱེད་པ་དང་བྲལ་བ་ལྷུན་


DTG113_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གྲུབ་པར་འཇུག་པའི་ཡེ་ཤེས་ཏེ། དེ་ཉིད་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྒྱུར་གྱུར་པའི་ཕྱིར་དབྱིངས་སོ། །དེ་ཡོངས་སུ་ཤེས་པ་ནི་སོ་སོ་རང་རིག་པའོ། །ཇི་ལྟར་ན་དོན་གྱིས་རབ་ཏུ་ཕྱེ་བ་ཡིན་ཞེས་བྱ་བ་ནི་ཡང་དག་པའི་མཐའ་བསྟན་པའི་ཕྱིར་དྲིས་པའོ། །ཇི་ལྟར་ན་ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ཞེས་བྱ་བ་ནི་ཡང་དག་པའི་མཐའ་དེ་ཁོང་དུ་ཆུད་པར་བྱ་བའི་ཐབས་བསྟན་པའི་ཕྱིར་རོ། །དོན་ནི་འདིར་དེ་བཞིན་ཉིད་ལ་དགོངས་པའོ། །དོན་གྱིས་རབ་ཏུ་ཕྱེ་བ་ཇི་ལྟ་བུ་ཞེ་ན། སྟོང་པ་ཉིད་ལས་ངེས་པར་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ །ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་བ་ཇི་ལྟ་བུ་ཞེ་ན། ཡེ་ཤེས་ཀྱི་སྟོབས་ཀྱིས་སྒྲིབ་པ་སྤངས་བར་གྱུར་ཞེས་བྱ་བའི་ཐ་ཚིག་གོ །འཕགས་པ་འཇམ་དཔལ་གྱིས་དོན་དང་ཡེ་ཤེས་ཀྱི་དབྱེ་བ་གསུངས་པ་དང༌། ལྡན་པ་མེད་པ་དང༌། ལྡན་པ་ནི་གོ་རིམས་བཞིན་དུ་འོག་ཏུ་རབ་ཏུ་དབྱེ་བ་ཉིད་ཐབས་སླ་བས་བཤད་པར་བྱའོ། །དེ་བཞིན་ཉིད་ནི་རྣམ་པ་གཉིས་ཏེ། གཟུང་བ་དང་འཛིན་པ་མེད་པ་ཙམ་གྱི་མཚན་ཉིད་དང༌། གཉིས་ལས་དབེན་པའི་ཡེ་ཤེས་ཀྱི་བདག་ཉིད་དོ། །དེ་ལ་དང་པོས་བསྡུས་པ་འདི་ནི་དོན་དང་ཡེ་ཤེས་ཀྱི་རྣམ་པར་དབྱེ་བར་བལྟ་བའོ། །འདི་ལ་གཉིས་པ་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་བདག་ཉིད་ཁོ་ནའོ། །དེ་ལ་དོན་ལྡན་པ་མེད་པ་ཉིད་དུ་བསྟན་པའི་ཕྱིར། རིགས་ཀྱི་བུ་དོན་ནི་འདུས་མ་བྱས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་དང་རྐྱེན་གྱིས་འདུ་བྱ་བ་མེད་པའི་ཕྱིར་འདུས་མ་བྱས་པའོ། །དེ་བས་ན་གང་དང་ཡང་ལྡན་པའམ་མི་ལྡན་པ་མ་ཡིན་ཏེ། དེ་དངོས་པོ་མེད་པའི་ཕྱིར་རོ། །དེ་བས་ན་མི་རྟག་པ་ཉིད་དང་ཕྲད་པ་མེད་པའི་ཕྱིར་དོན་ནི་ལྡན་པ་མེད་པར་གསུངས་སོ། །དེའི་བཤད་པ་ནི་མི་རྟག་པ་ཉིད་ཀྱི་ཉེས་པ་ཡོངས་སུ་སྤངས་པ་ཞེས་བྱ་བའོ། །འགྱུར་བ་མེད་པའི་མཚན་ཉིད་ཅེས་བྱ་བ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་དུས་ན་བློ་ལ་གཉིས་ཤིན་ཏུ་མེད་པའི་ཕྱིར་ཏེ། དེ་མེད་པ་ནི་འགྱུར་བ་མེད་པའི་མཚན་ཉིད་ཡིན་ནོ། །གལ་ཏེ་འཁོར་བའི་དུས་ན་གཉིས་དང་ལྡན་ན། མྱ་ངན་ལས་འདས་པའི་དུས་ན་མི་ལྡན་ན་ནི་དེའི་ཚེ་འགྱུར་བ་ཡིན་ན་དེ་ཡང་མེད་དེ། འདི་ལྟར་སྟོང་པ་ཉིད་ཅེས་བརྗོད་པའི་དོན་དེ་ནི་འཁོར་བའི་དུས་ན་ཡང་གཟུང་བ་དང་འཛིན་པ་གང་དང་ཡང་ལྡན་པ་མ་ཡིན། མྱ་ངན་ལས་འདས་པ་


DTG113_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡང་མི་ལྡན་པ་མ་ཡིན་ནོ། །དེ་ནི་རྟག་ཏུ་གཉིས་དང་བྲལ་བའི་རང་བཞིན་ཡིན་པའི་ཕྱིར་ཏེ། དེ་ནི་རང་གི་མཚན་ཉིད་ཀྱིས་གནས་པ་ཞེས་བྱ་བས་བཤད་དོ། གཉིས་དང་བྲལ་བ་ཙམ་དུ་རྟག་པར་གནས་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ །འདི་ནི་དེའི་རང་གི་མཚན་ཉིད་ཡིན་གྱི། དེའི་རང་གི་མཚན་ཉིད་དངོས་པོ་ལྟར་དོན་བྱ་བ་བྱེད་པའི་ངོ་བོ་ནི་མ་ཡིན་ནོ། །སྔར་ནི་འབྱུང་བ་དང་འཇིག་པ་ལྡན་པ་མེད་པས་ལྡན་པ་མེད་པ་ཉིད་དུ་བསྟན་ཏོ། །ད་ནི་གཉིས་དང་ལྡན་པ་མེད་པའི་ཕྱིར་རོ། །འདི་ཐམས་ཅད་ཀྱིས་ནི་སྟོང་པ་ཉིད་མི་འགྱུར་བར་ཡོངས་སུ་གྲུབ་པ་བསྟན་ཏོ། །དོན་ནི་གདོད་མ་ནས་ཡོངས་སུ་གྲུབ་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་ཡོངས་སུ་རྟོག་པས་གྲུབ་པ་སྟེ། ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་ཞེས་བྱ་བའི་ཐ་ཚིག་གོ །དེ་མེད་པའི་ཕྱིར་ཡོངས་སུ་གྲུབ་པ་མེད་པའོ། །གདོད་མ་ནས་ཡོངས་སུ་མ་གྲུབ་པ་ནི་གདོད་མ་ནས་ཡོངས་སུ་གྲུབ་པ་མེད་པ་སྟེ། རྟག་ཏུ་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་ཅེས་བྱ་བའི་ཐ་ཚིག་གོ །ཆོས་ཀྱི་དབྱིངས་ནི་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་ནམ་མཁའ་ལྟ་བུ་སྟེ། དེའི་ཕྱིར་གང་དང་ཡང་ལྡན་པའམ་མི་ལྡན་པ་མ་ཡིན་ཞེས་བྱ་བ་གསུངས་ཏེ། སྔར་ཉོན་མོངས་པའི་རྣམ་པར་རྟོག་པ་དང་ལྡན་པའམ་ཕྱིས་མི་ལྡན་པ་མ་ཡིན་པའོ། །འདིས་ནི་ཉོན་མོངས་པ་དང་མི་ལྡན་པའི་ཕྱིར་ལྡན་པ་མ་ཡིན་པར་བསྟན་ཏེ། འདིས་ནི་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་སྟོང་པ་ཉིད་ནི་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པར་ཡང་བསྟན་ཏོ། །དེའི་བཤད་པ་ནི་རྟག་ཏུ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གནས་པ་ཞེས་བྱ་བའོ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ནི་རང་བཞིན་གྱིས་སྔོན་ནས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་ཉིད་དོ། །སྐུར་པ་ནི་དོར་བའོ། །སྒྲོ་བཏགས་པ་ནི་གཞག་པའོ། །དེ་དག་མེད་པ་དང་གཞག་པ་མེད་པའི་མཚན་ཉིད་དེ་སྐུར་པ་དང༌། སྒྲོ་བཏགས་པའི་མཐའ་སྤངས་པ་ཞེས་བྱ་བའི་ཐ་ཚིག་གོ །གང་གི་ཕྱིར་ཀུན་བརྟགས་པ་དངོས་པོ་མེད་པ་ཉིད་སྟོང་པ་ཉིད་ཡིན་གྱི། གཞན་གྱི་དབང་ནི་མ་ཡིན་པ་དེའི་ཕྱིར་གཞན་གྱི་དབང་ལ་སྐུར་པ་མི་འདེབས་པས་སྐུར་པའི་མཐའ་ནི་མ་ཡིན་ནོ། །ཀུན་བརྟགས་པ་མེད་པའི་ཕྱིར་སྒྲོ་བཏགས་པའི་མཐའ་མ་ཡིན་ནོ། །དེའི་བཤད་པ་


DTG113_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དོར་བ་མེད་ཅིང་གཞག་པ་མེད་པའི་དོན་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་སྟེ། དོར་བ་མེད་པ་དང༌། གཞག་པ་མེད་པ་དང༌། ཐ་དད་པ་མ་ཡིན་པ་དང༌། ཐ་དད་པ་མེད་པ་ལ་འཇུག་པ་ནི་བྱང་ཆུབ་ལ་འཇུག་པའོ་ཞེས་གང་གསུངས་པ་དེར་དོར་བ་དང་གཞག་པ་མེད་པའི་སྒྲའི་དོན་གང་ཡིན་པ་དེ་འདིར་ཡང་སྦྱར་རོ། །འདི་ཐམས་ཅད་ཀྱིས་ནི་ཇི་སྐད་བསྟན་པའི་མཚན་ཉིད་སྟོང་པ་ཉིད་ཅེས་བྱ་བའི་དོན་རང་བཞིན་ཐམས་ཅད་དང་བྲལ་བར་བསྟན་ཏོ། །དེ་བས་ན་བྱང་ཆུབ་སེམས་པས་སྟོང་པ་ཉིད་ཀྱི་དོན་དེ་དེ་ལྟར་བསྒོམ་མོ། །དེས་ན་བྱང་ཆུབ་སེམས་དཔས་དོན་གྱིས་རབ་ཏུ་ཕྱེ་བ་ཞེས་བྱ་སྟེ། འདི་ནི་དོན་གྱིས་བསྟན་པ་ཡིན་ནོ། །ཡེ་ཤེས་ནི་ལྡན་པའོ་ཞེས་གང་གསུངས་པ་སྟེ་བསྟན་པའི་ཕྱིར། ཡེ་ཤེས་ཞེས་བྱ་བ་ནི་ལམ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིས་ནི་ཡང་དག་པའི་མཐའ་ཁོང་དུ་ཆུད་པར་བྱ་བའི་ཐབས་རྒྱ་ཆེར་བསྟན་ཏོ། །དེའི་བཤད་པ་ནི་དེ་ཁོང་དུ་ཆུད་པར་བྱ་བའི་ཐབས་ཞེས་བྱ་བ་ལ་སོགས་པའོ། །དེ་མ་ཐག་ཏུ་གསུངས་པའི་ཚིག་གསུམ་ཞེས་བྱ་བ་ནི་དེ་དག་གིས་དོན་སྟོན་པས་ཚིག་ཅེས་བྱ་སྟེ། ཡེ་ཤེས་ཞེས་བྱ་བ་ནི་ལམ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ཚིག་གཅིག་གོ །ཡེ་ཤེས་ནི་སྤོང་བ་དང་ཡང་དག་པར་ལྡན་པ་ཡིན་གྱི་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པའོ། །ཡེ་ཤེས་ཞེས་པ་ནི་ཕུང་པོ་ལ་མཁས་པ་ཞེས་བྱ་བ་ལ་སོགས་པ་ནི་གསུམ་པའོ། །བཅུ་པ་ཕྲག་དྲུག་ཅེས་བྱ་བ་ནི་རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡེ་ཤེས་རྣམ་པ་བཅུ་སྟེ་ཞེས་བྱ་བ་ལ་སོགས་པ་བཅུ་པ་ཕྲག་དྲུག་གོ །ཅིའི་ཕྱིར་འདི་སྙེད་ཅིག་གིས་ཡེ་ཤེས་བསྟན་སྙམ་པ་ལ་གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །གང་གིས་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་ཏེ་ཞེས་བྱ་བ་ལ་སོགས་པ་བཞི་པོ་དེ་ཁོང་དུ་ཆུད་པར་བྱ་བའི་ཐབས་སུ་གྱུར་པ་དེ་དག་ནི་དེ་སྙེད་ཀྱིས་བསྡུས་སོ། །ཡེ་ཤེས་དེ་ནི་གཅིག་པུ་ཡིན་ན་དེ་ཇི་སྙེད་ཅིག་གིས་བསྡུས་སྙམ་པ་ལ། དེ་ལ་ཡེ་ཤེས་འཁོར་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡེ་ཤེས་ནི་ཟག་པ་མེད་པའོ། །འཁོར་ནི་རྩོམ་པ་དང་སྦྱོར་པ་འོག་ནས་འབྱུང་བའོ། །རྣམ་པ་གསུམ་ཅུ་རྩ་གསུམ་ཞེས་བྱ་བ་ནི་དེ་ལ་དེ་མ་ཐག་ཏུ་གསུངས་པའི་ཚིག་གསུམ་དང༌། བཅུ་པ་དང་པོས་ནི་ཡེ་ཤེས་བསྟན་ཏོ། །དེའི་འཁོར་དུ་གྱུར་པ་རྩོམ་པ་དང་སྦྱོར་བ་ནི་


DTG113_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

གོ་རིམས་བཞིན་དུ་བཅུ་པ་གཉིས་པ་དང་གསུམ་པ་སྟེ། རྣམ་པ་སུམ་ཅུ་རྩ་གསུམ་གྱིས་ཡེ་ཤེས་འཁོར་དང་བཅས་པ་བསྟན་པ་ཡིན་ནོ། །བཅུ་པ་བཞི་པས་ནི་ཇི་ལྟར་ཁོང་དུ་ཆུད་པར་བྱེད་པའོ། །ལྔ་པས་ནི་གང་གི་དོན་ཁོང་དུ་ཆུད་པར་བྱེད་པའོ། །དྲུག་པས་ནི་གང་དུ་གནས་ཏེ་ཁོང་དུ་ཆུད་པར་བྱེད་པའོ། །དེ་ཡང་གོ་རིམས་བཞིན་དུ་ཡོངས་སུ་བསྟན་ཏེ་དེ་ནི་འོག་ནས་སྦྱོར་རོ། །ཡེ་ཤེས་ཞེས་བྱ་བ་ནི་ལམ་ཞེས་བྱ་བས་རབ་ཏུ་དགའ་བས་བསྡུས་པ་མཐོང་བའི་ལམ་སྟེ། དེ་ནི་སེམས་དང་ཡང་དག་པར་ལྡན་པ་ཞེས་བྱ་བ་ལ། སེམས་ནི་ཀུན་གཞི་རྣམ་པར་ཤེས་པའོ། །མོས་པས་སྤྱོད་པ་ན་མངོན་པར་འདུ་བྱེད་པས་ཡོངས་སུ་བསྒོས་པ་དེ་དང་ལྡན་པ་སྟེ་བསྐྱེད་པའོ། །དེ་ནི་སེམས་རྣམ་པར་དག་པས་ལམ་རྣམ་པར་དག་པ་ཞེས་བྱ་བས་བཤད་དོ། །སེམས་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། དེ་ལ་མོས་པས་སྤྱོད་པའི་ས་ན་བསོད་ནམས་དང་ཡེ་ཤེས་མངོན་བར་འདུ་བྱེད་པའི་བག་ཆགས་བསྒོས་པ་ཉིད་མཐོང་བའི་ལམ་ནི་རྣམ་པར་དག་པའི་རྒྱུ་ཡིན་པའི་ཕྱིར་གདགས་པས་རྒྱུ་རྒྱུར་པ་རྣམ་པར་དག་པས་ལམ་རྣམ་པར་དག་པ་སྟེ། མཐོང་བའི་ལམ་གྱི་རང་བཞིན་རྣམ་པར་དག་པ་འབྱུང་ཞེས་པའི་ཐ་ཚིག་གོ །མདོ་སྡེའི་ཚིག་འདི་ཉིད་ཀྱི་དོན་གཉིས་བསྡུ་ན་སེམས་དང་ཡང་དག་པར་ལྡན་པ་ནི་གང་གིས་བསྐྱེད་པ་སྟེ། དེ་ལ་དེ་སྐད་ཅེས་བྱ་སྟེ། འདི་ལྟར་མཐོང་བའི་ལམ་སྐྱེས་པས་ཀུན་གཞི་ལ་སྤང་བར་བྱ་བའི་ས་བོན་གནས་པ་དེ་སྤངས་ནས་ཀུན་གཞི་རྣམ་པར་ཤེས་པ་ཁྱད་པར་དུ་འཕགས་པ་འབྱུང་སྟེ། དེ་ནི་ལམ་རྣམ་པར་དག་པས་སེམས་རྣམ་པར་དག་པ་ཞེས་བྱ་བས་བཤད་དོ། །མོས་པས་སྤྱོད་པའི་སས་བསྡུས་པའི་མངོན་པར་འདུ་བྱེད་པ་ནི་རྣམ་པ་དང་བཅས་པས་འཁྲུལ་པ་ཡིན་ནོ། །དེ་ཇི་ལྟར་མ་འཁྲུལ་པ་མཐོང་བའི་ལམ་གྱི་རྒྱུ་ཡིན་སྙམ་པ་ལ། དེའི་ཕྱིར་ཡང་དག་པའི་མཐའ་ནི་ལམ་དང་ཡེ་ཤེས་ཀྱི་དམིགས་པ་ཉིད་གཅིག་པུ་སྟེ་གནས་ཡིན་ཞིང་གཅིག་ལ་གཅིག་བརྟེན་པ་ཞེས་བྱ་བ་སྨོས་ཏེ། ལམ་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་སས་བསྡུས་པའི་ལམ་ལ་བྱའོ། །ཡེ་ཤེས་ཞེས་བྱ་བ་ནི་མཐོང་བའི་ལམ་མོ། །ཡང་དག་པའི་མཐའ་ནི་དེ་བཞིན་ཉིད་དེ། ལམ་དང་ཡེ་ཤེས་གཉིས་ཀའི་དམིགས་པ་ཡང་དེ་གཅིག་པུའོ། །


DTG113_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ནི་མོས་པའི་སྟོབས་ཀྱིས་སོ། །ཅིག་ཤོས་ནི་མངོན་སུམ་དུ་བྱེད་པ་སྟེ་ཁྱད་པར་ནི་དེའོ། །གང་གི་ཕྱིར་དེ་ལྟར་གྱུར་པ་དེའི་ཕྱིར་གནས་ཏེ། ཡེ་ཤེས་ཀྱི་རྒྱུ་ནི་མོས་པས་སྤྱོད་པའི་སས་བསྡུས་པའི་ལམ་མོ་ཞེས་ཁོང་ནས་བྱུང་ངོ༌། །དེ་ནི་འདི་སྐད་དུ་ལམ་ཟག་པ་དང་བཅས། རྣམ་པ་དང་བཅས་ཏེ་འཁྲུལ་པ་ཡིན་དུ་ཟིན་ཀྱང་སྟོང་པ་ཉིད་ལ་མོས་པས་ཚད་མ་གྲོགས་སུ་གྱུར་པའི་ཕྱིར་འཁྲུལ་པ་མེད་པའི་ཡེ་ཤེས་ཀྱི་རྒྱུར་གྱུར་ཏེ། འདི་ལྟར་སྟོང་པ་ཉིད་ཅེས་བྱ་བའི་དོན་གང་ལ་མོས་པ་དེ་ནི་ལམ་སྟེ། དེ་ནི་གཞན་གྱི་དབང་གི་བདག་ཉིད་ཡིན་པས་དོན་དམ་པར་ཡོད་དོ་ཞེས་བསྟན་པར་འགྱུར་རོ། །གང་གི་ཕྱིར་དེ་ལྟར་ཡེ་ཤེས་གནས་དང༌། ལྷན་ཅིག་ཕན་ཚུན་རྒྱུ་དང༌། འབྲས་བུའི་དངོས་པོར་གྱུར་པ་དེས་ནི་ཡེ་ཤེས་ནི་ལྡན་པ་ཞེས་བྱ་བ་སྟེ། མི་ལྡན་པ་མ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་དང་བྲལ་བ་མ་ཡིན་ནོ། །ཡེ་ཤེས་ནི་སྤོང་བ་དང་ཡང་དག་པར་ལྡན་པ་ཞེས་བྱ་བ་ལ་སོགས་པ་མདོའི་ཚིག་ལ། ཡེ་ཤེས་ནི་འདིར་ཟག་པ་མེད་པའི་བསྒོམ་པའི་ལམ་གྱིས་བསྡུས་པ་ལ་དགོངས་སོ། །འདོར་བས་ན་སྤོང་བ་སྟེ་ཀུན་གཞི་ཞེས་བྱ་བས་ན་ཉེས་པ་དང་བྲལ་བའི་མཚན་ཉིད་དུ་གྱུར་པའོ། །འདིར་ཡང་འབྲུ་མང་པོ་དང༌། དེའི་སྐྱེས་བུའི་ཚུལ་གྱིས་དོན་གཉིས་ཏེ། སྤོང་བ་དང་ཡང་དག་པར་ལྡན་པ་ནི་ཡེ་ཤེས་གང་གིས་བསྐྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་ཡང་དག་པའི་མཐའི་ཡེ་ཤེས་ལ་གནས་ཏེ་གནས་འགྱུར་བ་ཞེས་བྱ་བས་བཤད་དོ། ས་བཅུས་བསྡུས་པ་ཡང་དག་པའི་མཐའི་ཡེ་ཤེས་དེ་ཉིད་ནི་གཞི་སྟེ། དེས་ཀུན་གཞི་ཞེས་བྱ་བ་གནས་གྱུར་ནས་ཉེས་པ་དང་བྲལ་བའི་ཕྱིར་རོ། །ནམ་དེའི་སྐྱེས་བུའི་ཚུལ་དུ་གྱུར་པ་དེའི་ཚེ་ནི་སྤོང་བ་དང་ཡང་དག་པར་ལྡན་པ་སྟེ། གནས་གྱུར་པས་བསྐྱེད་པའོ། །དོན་ནི་དེའོ། །དེ་ནི་གནས་གྱུར་པས་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པར་འགྱུར་བ་ཞེས་བྱ་བས་བཤད་དོ། །ས་བཅུ་པར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་དུས་ན་ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་དག་པ་གང་ཡིན་པ་དེས་སངས་རྒྱས་ཀྱི་སས་བསྡུས་པའི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པ་འབྱུང་ངོ༌། །དེ་ཉིད་ཀྱི་མཇུག་སྡུད་ནི་ཕན་ཚུན་བྱ་བས་བྱས་པར་གནས་པ་ཞེས་བྱའོ། །འདིར་ཡང་དག་པར་ལྡན་པ་དང༌། མི་ལྡན་པའི་སྒྲའི་དོན་ནི་སྔ་མ་བཞིན་ནོ། །ཡེ་ཤེས་


DTG113_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་ཕུང་པོ་ལ་མཁས་པ་ཞེས་བྱ་བ་ལ་སོགས་པ་འདིས་ནི་ཡེ་ཤེས་ཀྱི་རང་གི་ངོ་བོ་བསྟན་ཏེ། དེའི་བཤད་པ་ནི་ཤེས་བྱའི་དངོས་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ཞེས་བྱ་བའོ། །འདིར་ནི་ཤེས་བྱ་བ་ཡང་དག་པར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རབ་ཏུ་བརྩོན་པ་ནི་ཡང་དག་པར་ལྡན་པ་ཞེས་བྱ་བའི་དོན་ཏོ། བཟློག་པ་ནི་མི་ལྡན་པའི་དོན་ཏོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི་ཡེ་ཤེས་རབ་ཏུ་དབྱེ་བ་བརྗོད་དོ། །རྒྱུ་ཤེས་པ་ནི་སེམས་ཅན་རྣམས་ཀྱི་ཐར་པའི་ས་བོན་ཤེས་པའོ། །དེ་ནི་ཐོག་མ་མེད་པའི་འཁོར་བ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་ཐར་པའི་ས་བོན་དང་མཐུན་པ་ཡོངས་སུ་ཤེས་པ་ཞེས་བྱ་བ་བཤད་དོ། །ལས་སྣ་ཚོགས་ཀྱི་རྣམ་པར་སྨིན་པ་དེ་དང་མཐུན་པར་ཡོངས་སུ་ཤེས་པ་འདི་ནི་འབྲས་བུ་ཤེས་པ་ཞེས་བྱ་བའི་ཚིག་འདིའི་བཤད་པའོ། །དོན་ཤེས་པ་ཞེས་བྱ་བ་ལ། དོན་ནི་ཕན་པ་སྟེ་དེ་ནི་ཤེས་པའོ། །དེ་ནི་བདག་ལ་ཕན་པ་དང༌། གཞན་ལ་ཕན་པ་དང་མཐུན་པ་ཡོངས་སུ་ཤེས་པ་ཞེས་བྱ་བས་བཤད་དོ། །ཐབས་ཤེས་པ་ནི་གང་གིས་དགེ་བ་ཆུང་དུ་ཡང་ཤིན་ཏུ་རྒྱས་པར་བྱེད་པ་སྟེ། འཁོར་བ་ཇི་སྲིད་པར་མི་ཟད་པར་བྱེད་པའོ། །ཤེས་རབ་ཤེས་པ་ནི་གང་གིས་དགེ་བ་ཆུང་དུ་ཡང་དེ་ལྟར་སྟོབས་དང་ལྡན་པར་བྱེད་པ་སྟེ། གང་གིས་འཁོར་བའི་སྐྱོན་ཤིན་ཏུ་ཆེན་པོས་ཀྱང་ཟིལ་གྱིས་མི་ནོན་པར་བྱེད་པའོ། །དེ་བས་ན་ཚིག་དེ་གཉིས་ཀྱིས་བཤད་པ་ནི་དགེ་བའི་རྩ་བ་ཆུང་དུ་ཡང་ཚད་མེད་པར་བྱེད་པ་ཞེས་བྱ་བ་སྟེ། ཤིན་ཏུ་རྒྱས་པ་དང་མི་མཐུན་པའི་ཕྱོགས་རྣམས་ཀྱི་ཟིལ་གྱིས་མི་ནོན་པའོ། །དེ་ལ་ཐབས་ཀྱི་སྟོབས་ཀྱིས་ནི་ཤིན་ཏུ་རྒྱས་པའོ། །ཤེས་རབ་ཀྱི་སྟོབས་ཀྱིས་ནི་ཟིལ་གྱིས་མི་ནོན་པའོ། །འདི་ནི་ཆོས་འདི་ལ་སྐལ་བ་ཡོད་པས་བསྡུ་བར་འོས་སོ། །འདི་ནི་སྐལ་བ་མེད་པས་མ་ཡིན་པའོ་ཞེས་ཤེས་པ་གང་ཡིན་པ་དེ་ནི་བསྡུ་བ་ཤེས་པའོ། །དེ་ནི་དགེ་བ་དང་མི་དགེ་བ་ལ་རྣམ་པར་དཔྱོད་པ་ཞེས་བྱ་བས་བཤད་དོ། །ཕ་རོལ་ཏུ་ཕྱིན་པ་ཤེས་པ་ནི་སྦྱིན་པ་ལ་སོགས་པའི་རྣམ་པར་དབྱེ་བ་ཡོངས་སུ་ཤེས་པ་སྟེ། དེ་ནི་རྣམ་པ་སྣ་ཚོགས་ཀྱི་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ཞེས་བྱ་བས་བཤད་དོ། །འབྱུང་བ་ཞེས་བྱ་བ་ནི་དེ་ལས་སངས་རྒྱས་ཉིད་འབྱུང་བ་སྟེ། ཚོགས་ཞེས་བྱ་བའི་ཐ་ཚིག་གོ །སྦྱིན་


DTG113_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པ་ཡོངས་སུ་ཤེས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཟང་ཟིང་དང༌། མི་འཇིགས་པ་དང་ཆོས་སྦྱིན་པ་ལ་སོགས་པ་ཐ་དད་པས་རྣམ་པ་སྣ་ཚོགས་ཤེས་པའོ། །སྙིང་རྗེ་ཆེན་པོ་ཤེས་པ་ནི་གང་གིས་སེམས་ཅན་བསོད་ནམས་ལ་འཇུག་པ་དང༌། བསོད་ནམས་མ་ཡིན་པ་ལས་འབྱིན་པ་སྟེ། དེ་ནི་དགེ་བ་དང་མི་དགེ་བའི་ཆོས་ལ་འཛུད་པ་དང་འབྱིན་པ་ཞེས་བྱ་བས་བཤད་དོ། །གང་གི་ཚེ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟེ། དེ་ཤས་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཤེས་པའོ། །དེ་ནི་དུས་དང་དུས་མ་ཡིན་པ་ལ་ཡོངས་སུ་རྟོག་པ་ཞེས་བྱ་བས་བཤད་དོ། །ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པར་ཤེས་པ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པའི་ཆོས་རྣམས་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པར་མངོན་པར་ཞེན་པ་མེད་པར་ཤེས་པ་སྟེ། དེ་ནི་མཐའ་གཉིས་སྤངས་ནས་ནང་ལ་བརྟེན་པ་ཞེས་བྱ་བས་བཤད་དོ། །ནང་ཞེས་བྱ་བའི་སྒྲས་ནི་རྣམ་པར་རིག་པ་ཙམ་དུ་སྟོན་ཏོ། །མཐའ་གཉིས་ཡོངས་སུ་སྤངས་ནས་རྣམ་པར་རིག་པ་ཙམ་དུ་བསྒོམ་ཞེས་བྱ་བའི་ཐ་ཚིག་གོ །རྩོམ་པ་ཞེས་བྱ་བའི་སྒྲ་ནི་གོ་ཆའི་བརྩོན་འགྲུས་ཉིད་ལ་བྱའོ། །སྦྱོར་བའི་བརྩོན་འགྲུས་ནི་འོག་ནས་སྦྱོར་བ་ཞེས་འབྱུང་ངོ༌། །བདག་དང་གཞན་རྣམས་ཀྱི་ལུས་ཀྱི་ལས་ཡོངས་སུ་སྦྱོང་བའི་ཕྱིར་རྩོམ་པ་ནི་ལུས་ཀྱི་རྩོམ་པ་སྟེ། སེམས་ཅན་ཐམས་ཅད་ཅེས་བྱ་བ་གསུངས་སོ། །ཐམས་ཅད་ཅེས་པའི་ཚིག་གིས་ནི་བདག་ཀྱང་བསྡུས་སོ། །ངག་གི་རྩོམ་པ་དང༌། སེམས་ཀྱི་རྩོམ་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །གསུམ་པོ་འདི་དག་གིས་བཤད་པ་ནི་ལུས་དང༌། ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་དང་བྲལ་བའི་ཕྱིར་བརྩོན་འགྲུས་བརྩམ་པ་ཞེས་བྱའོ། །གཞན་དག་ཀྱང་ཞེས་བྱ་བ་ལ། ལོགས་ཤིག་ཏུ་སྨོས་པས་ལུས་ལ་སོགས་པའི་ཉེས་པར་སྤྱོད་པ་དང་བྲལ་བའི་ཕྱིར་ཞེས་བྱ་བ་ནི་དོན་གྱིས་བདག་ལ་བྱ་བར་མངོན་ནོ། །བརྩོན་འགྲུས་བརྩམས་པ་ཞེས་བྱ་བ་ནི་གོ་ཆ་བགོས་པའོ། །བསླབ་པ་དེ་ཉིད་ལ་ཞེས་བྱ་བ་ནི་ལུས་ལ་སོགས་པའི་ཉེས་པར་སྤྱོད་པ་དང་བྲལ་བའི་མཚན་ཉིད་ལའོ། །ནང་དུ་སོ་སོར་བརྟགས་པའི་ཕྱིར་རྩོམ་པ་ནི་ནང་གི་རྩོམ་པ་སྟེ། དངོས་པོ་རྣམས་སྟོང་པ་ཉིད་དུ་རོ་གཅིག་པར་ནང་ལས་སོ་སོར་རྟོག་པར་བརྩོན་འགྲུས་རྩོམ་པའོ། །བསྒོམ་པ་ལ་བརྟེན་ནས་སེམས་ཅན་


DTG113_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤངས་པ་ནི་མངོན་པར་ཞེན་པ་མེད་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་པའོ། །དེའི་བཤད་པ་ནི་བསྒོམ་པ་ལ་བརྟེན་ནས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་བོར་བ་ཞེས་བྱ་བའོ། །སེམས་ཅན་རྣམས་ལ་མཐུན་པར་ཆོས་བསྟན་པའི་ཕྱིར་རྩོམ་པ་ནི་ཕྱིའི་རྩོམ་པ་སྟེ། སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གང་གསུངས་པའོ། །འདུལ་པ་དང་འཚམས་པར་ཆོས་སྟོན་པ་ནི་མཚུངས་པར་སྦྱོར་བའོ། །དེའི་བཤད་པ་ནི་འཁོར་བ་མ་རུངས་པ་མ་ཡིན་པ་གདམས་པ་ཞེས་བྱ་བའོ།། ཕྱིན་ཅི་མ་ལོག་པའི་ཐོས་པ་ཡོངས་སུ་འཚལ་བའི་ཕྱིར་རྩོམ་པ་ནི་ཡེ་ཤེས་ཀྱི་རྩོམ་པ་སྟེ། ཕྱིན་ཅི་མ་ལོག་པར་ཐེག་པ་ཆེན་པོ་ཐོས་པ་དང་སེམས་པ་ལ་སོགས་པའི་རིམ་གྱིས་སངས་རྒྱས་ཀྱི་ཡེ་ཤེས་རྣམ་པར་དག་སྟེ། སངས་རྒྱས་ཀྱི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །དེའི་བཤད་པ་ནི་མ་ནོར་བར་ཐོས་པ་ཡོངས་སུ་བཙལ་བ་ཞེས་བྱ་བའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བའི་ཕྱིར་རྩོམ་པ་ནི་ཞིང་གི་རྩོམ་པ་སྟེ། སངས་རྒྱས་ཀྱི་ཞིང་རྣམས་ཀྱི་ཡོན་ཏན་བཀོད་པ་སྣ་ཚོགས་སུ་གནས་པ་དེ་དག་ཀུན་ཏུ་བསྟན་པའི་ཕྱིར་དེའི་རྣམ་པའི་རྣམ་པར་རིག་པར་འགྱུར་རོ་ཞེས་སྟོན་པར་འགྱུར། བསྐྱེད་པར་འགྱུར་རོ། །དེ་ནི་འདི་སྐད་དུ་ཕ་རོལ་ན་སངས་རྒྱས་ཀྱི་ཞིང་ཞེས་བྱ་བ་ཅི་ཡང་མེད་ཀྱི། རྣམ་པར་ཤེས་པ་ཡིད་བཞིན་གྱི་ནོར་བུ་ལྟར་ཉེ་བར་བྱས་པ་ཐམས་ཅད་ལ་དབང་སྒྱུར་བར་གྱུར་པ་འབའ་ཞིག་རྒྱུད་རྣམ་པར་དག་པ་དང་མ་དག་པ་ལ་ལྟོས་ནས་སྣ་ཚོགས་སུ་སྣང་བའི་རྣམ་པར་རིག་པའི་རྒྱུར་འགྱུར་རོ་ཞེས་སྟོན་པར་འགྱུར་རོ། །དེ་བས་ན་དེ་ནི་ཆོས་ཐམས་ཅད་ལ་དབང་སྒྱུར་བ་ཞེས་བྱ་བས་བཤད་དོ། །སེམས་ཅན་རྣམས་ཀྱི་བསམ་པ་དང་བག་ལ་ཉལ་ཤེས་པར་བྱ་བའི་ཕྱིར་རྩོམ་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་རྩོམ་པ་ཞེས་གསུངས་ཏེ། བསམ་པ་དང་བག་ལ་ཉལ་ཤེས་ནས་ཉོན་མོངས་པའི་ནད་ཀྱི་གཉེན་པོ་འཚམ་པར་ཆོས་སྟོན་པ་ནི་སྨན་ཤེས་ཤིང་ཆོས་སྟོན་པ་སྟེ། ཉོན་མོངས་པའི་ནད་ཀྱི་སྨན་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཞེས་གསུངས་པའོ། །དོན་གྱིས་ན་བསྟན་པར་བསྡུས་པར་བལྟ་སྟེ། ཡོངས་སུ་ཤེས་པ་ནི་དེའི་ཕྱེད་ཀྱི་ཕྱིར་རོ། །དེ་བས་ན་བཤད་པ་


DTG113_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བསམ་པ་དང་བག་ལ་ཉལ་ཤེས་ནས་ཇི་ལྟར་མཐུན་པར་ཆོས་སྟོན་པ་ཞེས་བྱ་བ་སྨོས་སོ། །བསམ་པ་ནི་སེམས་པའོ། །བག་ལ་ཉལ་བ་ནི་ས་བོན་ནོ། །དེ་ཁོ་ན་ཁོང་དུ་ཆུད་པར་བྱ་བའི་རྩོམ་པ་ནི་དེ་ཁོ་ནའི་རྩོམ་པ་སྟེ། དེ་ནི་དེ་ཁོ་ན་ཁོང་དུ་ཆུད་པར་བྱ་བས་བཤད་དོ། །དེ་ཁོ་ན་ཁོང་དུ་ཆུད་ན་སངས་རྒྱས་ཉིད་དུ་ངེས་པའི་ཕུང་པོ་ལ་ཞུགས་པ་ཡིན་པའི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་གསུངས་སོ། །མངོན་པར་ཞེན་པ་རྣམས་ཀྱིས་གཞན་དུ་མི་འགྱུར་བ་གང་ཡིན་པ་དེ་ནི་འདུས་མ་བྱས་ཀྱི་ཡེ་ཤེས་ཏེ། དེ་ཡོངས་སུ་རྫོགས་པར་བྱ་བའི་རྩོམ་པ་ནི་འདུས་མ་བྱས་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱ་བའི་རྩོམ་པ་སྟེ། དེའི་བཤད་པ་ནི་སེམས་ལ་ཡང་དག་པ་དང་ཡང་དག་པ་མ་ཡིན་པར་འཛིན་པ་རྣམ་པར་སྤོང་བ་ཞེས་བྱ་བའོ། །དེ་ཁོ་ན་མ་མཐོང་བ་རྣམས་ནི་ཇི་ལྟར་སྣང་བ་དེ་ཁོ་ན་བཞིན་དུ་སེམས་དེ་ཁོ་ནའོ་ཞེས་ཡང་དག་པར་འཛིན་ཏེ། གཉིས་ལས་དབེན་པའི་ངོ་བོར་ནི་མེད་དོ་ཞེས་ཡང་དག་པ་མ་ཡིན་པར་འཛིན་ཏོ། །དེ་ལྟར་ཡང་དག་པ་དང་ཡང་དག་པ་མ་ཡིན་པར་འཛིན་པ་ཡོངས་སུ་སྤངས་ཏེ། དབུ་མའི་ལམ་ལ་གནས་ན་སྲིད་པ་ཐམས་ཅད་ལ་སེམས་མངོན་པར་ཞེན་པ་དང་བྲལ་བ་ཡིན་པའི་ཕྱིར། ཁམས་གསུམ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ལའམ་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བ་ནི་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བའོ། །དེ་བཞིན་དུ་འོག་མ་རྣམས་ལའང་སྦྱར་རོ། །དེའི་བཤད་པ་ནི་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པ་ཞེས་བྱ་བའོ། །བསྡུ་བའི་དངོས་པོའི་སྦྱོར་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཡན་ལག་སྟེ། དེ་བས་ན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཞེས་བྱ་བས་བཤད་དོ། །ཤེས་རབ་ཀྱི་སྦྱོར་བ་ཞེས་བྱ་བ་དེའི་བཤད་པ་ནི་ཆོས་རྣམས་ཀྱིས་འབྱུང་བ་དང་འཇིག་པ་ལ་ཡོངས་སུ་རྟོག་པ་ཞེས་བྱ་བའོ། །ཐབས་ཀྱི་སྦྱོར་བ་ནི་ཆོས་ཐམས་ཅད་ལ་མཁས་པར་འགྱུར་བས་དེ་ཆོས་ཐམས་ཅད་ལ་མཁས་པ་ཞེས་བྱ་བས་བཤད་དོ། །སྙིང་རྗེ་ཆེན་པོའི་སྦྱོར་བ་ཞེས་བྱ་བ་དེའི་བཤད་པ་ནི་མྱ་ངན་ལས་འདས་པ་ལ་འདོད་པ་མེད་པ་ཞེས་བྱ་བའོ། །སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་ལ་བརྩོན་པས་ཉན་ཐོས་ལྟར་མྱ་ངན་ལས་འདས་པ་འདོད་པ་མ་ཡིན་ནོ། །བསོད་ནམས་ཉིད་ཚོགས་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །བསོད་


DTG113_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ཡོངས་སུ་ཚོལ་བའི་སྦྱོར་བ་ནི་བསོད་ནམས་བསགས་པ་ལ་བརྟེན་པས་མཐུ་ཆེ་བའི་ཕྱིར་འཁོར་ལོས་སྒྱུར་བ་དང་གཞན་དག་གིས་ཟིལ་གྱིས་མི་ནོན་ཏེ། ཐམས་ཅད་དུ་འཇིགས་པ་མེད་པས་འཇིགས་པ་མེད་པ་ཡིན་ཏེ། དེ་ནི་མི་འཇིགས་པ་བཞི་ཐོབ་པ་ཞེས་བྱ་བས་བཤད་དོ། །འཇིགས་པ་མེད་པས་མི་འཇིགས་པའོ། །ཡུལ་ཐ་དད་པས་རྣམ་པ་བཞི་སྟེ། ཆོས་ཐམས་ཅད་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། ཟག་པ་ཟད་པ་དང༌། བར་དུ་གཅོད་པ་བསྟན་པ་དང༌། ལམ་བཤད་པའོ། །དེ་ཡང་མདོ་སྡེ་ལས་ཇི་ལྟར་འབྱུང་བ་བཞིན་དུ་རྣམ་པ་བཞིར་ཁོང་དུ་ཆུད་པར་བྱའོ།། མངོན་པར་འདུ་བྱེད་པ་དང་བཅས་པས་འཇུག་པའི་ཤེས་རབ་སྒྲུབ་པའི་ཕྱིར་རྩོམ་པ་ནི་ཤེས་རབ་ཀྱི་སྦྱོར་བར་གསུངས་སོ། །མངོན་པར་འདུ་བྱེད་པ་མེད་པར་འཇུག་པ་ནི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཚོལ་བའི་སྦྱོར་བ་སྟེ་འདི་ནི་བྱེ་བྲག་གོ །དེ་བས་ན་ཆོས་ཐམས་ཅད་ལ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཐོབ་པ་ཞེས་བྱ་བས་བཤད་དོ། །བདེན་པ་དང་དཀོན་མཆོག་ལ་སོགས་པ་ལ་སོམ་ཉི་མེད་པར་བྱ་བའི་ཕྱིར་སྦྱོར་བ་ནི་བསམ་པ་རྣམ་པར་སྦྱོར་བའི་སྦྱོར་བ་སྟེ། དེ་ནི་ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པ་ཞེས་བྱ་བས་བཤད་དོ། །བདེན་པ་ནི་ཆོས་ཐམས་ཅད་ལ་བདག་མེད་པ་སྟེ། དེ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྦྱོར་བ་ནི་བདེན་པ་རྣམ་པར་དཔྱད་པའི་སྦྱོར་བ་སྟེ། དེ་ལྟར་སྦྱོར་ན་སྟོང་པ་ཉིད་ཁོང་དུ་ཆུད་པས་སྡུག་པ་དང་མི་སྡུག་པ་རྣམས་ལ་རིམ་བཞིན་དུ་རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བ་དང་བྲལ་བས་མངོན་པར་ཞེན་པ་མེད་པར་འགྱུར་ཏེ། སྦྱོར་བའི་དོན་བཅུ་པ་གཟུང་བར་འགྱུར་བས་སྡུག་པ་དང་མི་སྡུག་པ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་ཞེས་བྱ་བ་གསུངས་ཏེ། དེ་བས་ན་ཚིག་གཉིས་བསྡུས་ན་དོན་དམ་པའི་ཚུལ་ལ་འཇུག་པས་མངོན་པར་ཞེན་པ་མེད་པ་ཞེས་བྱ་བས་བཤད་དོ། །དོན་དམ་པ་ནི་སྟོང་པ་ཉིད་དོ། དེ་ཉིད་སངས་རྒྱས་ཀྱི་ཆོས་འདྲེན་པར་བྱེད་ཐོབ་པར་བྱེད་པས་ཚུལ་ལོ། །དེ་ལ་འཇུག་པ་ནི་ཁོང་དུ་ཆུད་པ་སྟེ། འདིས་བདེན་པ་རྣམ་པར་དཔྱད་པའི་སྦྱོར་བ་ཞེས་བྱ་བའི་ཚིག་དེ་བཤད་དོ། །མངོན་པར་ཞེན་པར་མེད་པའི་དོན་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་གོང་དུ་བསྒོམ་པ་ལ་བརྟེན་ནས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་བོར་ཞེས་བཤད་པ་གང་ཡིན་པ་དེ་དང་འདིའི་དོན་མཚུངས་སོ་ཞེས་བྱ་བའི་ཐ་ཚིག་གོ །འདིས་


DTG113_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྡུག་པ་དང་མི་སྡུག་པ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་སྦྱོར་བ་ཞེས་བྱ་བའི་ཚིག་བཤད་དོ། །དེ་ལྟར་རེ་ཞིག་རྣམ་པ་སུམ་ཅུ་རྩ་གསུམ་གྱིས་ཡེ་ཤེས་འཁོར་དང་བཅས་པ་བཤད་དོ། །ཡེ་ཤེས་དེ་ལྟ་བུ་ལ་གོམས་པའི་བྱང་ཆུབ་སེམས་དཔའ་ནི་ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། དེ་ནི་དོན་གྱིས་བཤད་པ་ཡིན་ནོ། །ད་ནི་ཇི་ལྟར་ཁོང་དུ་ཆུད་པར་བྱེད་པའི་དོན་དེ་བསྟན་པའི་ཕྱིར། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མི་ཟད་པ་ལ་རྟོག་པ་བཅུ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་ཅན་གྱི་ལུས་མ་ལུས་པ་ལ་ཇི་ལྟ་བ་བཞིན་དུ་རྟོག་པ་ནི་ལུས་མི་ཟད་པ་ལ་རྟོག་པ་སྟེ། དེ་ནི་འཕགས་པ་དང་འཕགས་པ་མ་ཡིན་པའི་འདུས་བྱས་དང་འདུས་མ་བྱས་ཀྱི་ལུས་ལ་རྟོག་པ་ཞེས་བྱ་བས་བཤད་དོ། །བདེན་པ་མཐོང་བ་དང་མ་མཐོང་བ་རྣམས་དང་འཕགས་པ་མ་ཡིན་པའི་ལུས་གོ་རིམས་བཞིན་ནོ། །ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་ལུས་ནི་འདུས་བྱས་ཏེ། ལས་རྣམས་ཀྱིས་མངོན་པར་འདུས་བྱས་པའི་ཕྱིར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གནས་གྱུར་པའི་མཚན་ཉིད་ནི་འདུས་མ་བྱས་པའོ། །འདིས་ནི་ལུས་དྲན་པ་ཉེ་བར་གཞག་པ་བསྟན་ཏོ། །མི་ཟད་པ་ཞེས་བྱ་བའི་སྒྲ་ནི་ཐམས་ཅད་དུ་ཡང་མ་ལུས་པར་བྱ་བ་ལ་ལྟའོ། །སེམས་ནི་དངོས་པོ་སྟེ། དེ་ཙམ་དུ་ཟད་པའི་ཕྱིར་དངོས་པོའོ། །དེ་ལ་རྟོག་པ་ནི་དངོས་པོ་མི་ཟད་པ་ལ་རྟོག་པ་སྟེ། དེའི་བཤད་པ་ནི་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་དོན་ལ་རྟོག་པ་ཞེས་བྱའོ། །གཉིས་ལ་མངོན་པར་ཞེན་པ་ལས་དབེན་པ་ནི་ཡང་དག་པའོ། །སེམས་ཕྱིན་ཅི་ལོག་པ་ནི་ཡང་དག་པ་མ་ཡིན་པའོ། །འདིས་ནི་སེམས་དྲན་པ་ཉེ་བར་གཞག་པ་བསྟན་ཏོ། །ཆོས་དྲན་པ་ཉེ་བར་གཞག་པ་ནི་ཆོས་མི་ཟད་པ་ལ་རྟོག་པ་སྟེ། དེའི་བཤད་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཆུང་དུ་དང༌། འབྲིང་དང༌། ཆེན་པོ་ལ་རྟོག་པ་ཞེས་བྱ་བའོ། །ཚོར་བའི་སྒོ་ནས་སྲེད་པ་འབྱུང་བའི་ཕྱིར་ཚོར་བ་དྲན་པ་ཉེ་བར་གཞག་པ་ནི་སྲེད་པ་མི་ཟད་པ་ལ་རྟོག་པའི་སྒྲར་བཤད་དེ། དེའི་བཤད་པ་ནི་དགེ་བ་དང་མི་དགེ་བའི་སྲེད་པ་ལ་རྟོག་པ་ཞེས་བྱ་བའོ། །འཁོར་བའི་བདེ་བ་ལ་འདོད་པ་ནི་མི་དགེ་བའི་སྲེད་པའོ། །མྱ་ངན་ལས་འདས་པའི་བདེ་བ་འདོད་པ་ནི་དགེ་བའོ། །ལྟ་


DTG113_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བ་མི་ཟད་པ་ལ་རྟོག་པ་ལ་སོགས་པ་ལྷག་མ་རྣམས་ནི་ཆོས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་རབ་ཏུ་དབྱེ་བར་བལྟའོ། །ཡང་དག་པ་མ་ཡིན་པའི་རྣམ་པར་སྒྲོ་བཏགས་པའི་ལྟ་བ་ནི་ཕྱིན་ཅི་ལོག་གོ །བཟློག་པ་ནི་ཕྱིན་ཅི་མ་ལོག་པའོ། །དེ་ནི་ལྟ་བ་མི་ཟད་པ་ལ་རྟོག་པ་ཞེས་བྱ་བ་འདིའི་བཤད་པའོ། །ཚོགས་མི་ཟད་པ་ལ་རྟོག་པ་ཞེས་བྱ་བ་འདིའི་བཤད་པ་ནི་སྒོ་སྣ་ཚོགས་ནས་བསགས་པའི་དགེ་བའི་རྩ་བ་ལ་རྟོག་པ་ཞེས་བྱ་བའོ། །སེམས་ཅན་རྣམས་ཀྱི་ཁམས་ཀྱི་ཉེ་བར་ལེན་པར་གྱུར་པ་ནི་ཉོན་མོངས་པ་དང་ལས་ཏེ། དེ་ནི་སེམས་ཅན་རྣམས་ཀྱི་ཁམས་མཐའ་ཡས་པའི་ཕྱིར་མཐའ་ཡས་པའོ། །འདིའི་བཤད་པ་ནི་སེམས་ཅན་གྱི་ཁམས་མཐའ་ཡས་པ་ལ་རྟོག་པ་ཞེས་བྱ་བའོ། །མངོན་པར་ཞེན་པ་མེད་པའི་དོན་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་སྡུག་པ་དང་མི་སྡུག་པ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་སྦྱོར་བ་ཞེས་གསུངས་པ་སྟེ། དེའི་བཤད་པ་ནི་དོན་དང་དོན་མ་ཡིན་པ་དང་ལྡན་པ་ལ་རྟོག་པ་ཞེས་བྱ་བའོ། །བྱང་ཆུབ་ཀྱི་སྙིང་པོ་ནི་བྱང་ཆུབ་ཀྱི་ཤིང་སྟེ། དེ་ཀུན་ཏུ་སྟོན་པ་ནི་ཤེས་པའོ། །སངས་རྒྱས་རྣམས་ཀྱི་དེ་མི་ཟད་པ་ནི་མོས་པ་ཐ་དད་པའི་དབང་གིས་སྣ་ཚོགས་སུ་སྟོན་པའི་ཕྱིར་དེ་ལྟར་རྟོག་པ་ནི་བྱང་ཆུབ་ཀྱི་སྙིང་པོ་ཤེས་པ་མི་ཟད་པ་ལ་རྟོག་པ་སྟེ། དེ་ནི་མོས་པ་ཐ་དད་པའི་སེམས་ཅན་ལ་བྱང་ཆུབ་ཀྱི་སྙིང་པོ་ཀུན་ཏུ་སྟོན་པ་ལ་རྟོག་པ་ཞེས་བྱ་བས་བཤད་དོ། །ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་གི་རྣམ་པར་དག་པ་རྣམས་ནི་རང་གི་མི་མཐུན་པའི་ཕྱོགས་ཅི་ནས་འདུལ་བའི་ཕྱིར་དངོས་པོ་བཅུ་སྟེ། དེ་དག་ནི་སེར་སྣའི་སེམས་འདུལ་བ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེའི་བཤད་པ་ནི་གང་གི་དོན་དུ་ཁོང་དུ་ཆུད་པར་བྱེད་པ་དེ་ཡང་ཞེས་བྱ་བ་ལ་སོགས་པའོ། །སྦྱིན་པ་ལ་སོགས་པ་རྣམ་པར་དག་པར་བྱ་བའི་ཕྱིར་ཁོང་དུ་ཆུད་པར་བྱེད་དོ། །བྱམས་པ་བསྒོམས་པས་ཁོང་ཁྲོ་བའི་སེམས་འདུལ་བ་ཞེས་བྱ་བ་འདིས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་བསྟན་ཏོ། །འཁོར་བ་མི་གཏོང་ཡང་ཐབས་གང་གིས་ལམ་གྱི་ཚོགས་པ་དེ་ལམ་གྱི་ཚོགས་དེ་བསྐྱེད་པའི་ཐབས་དེ་འཁོར་བ་ན་གནས་ཀྱང་ཉོན་མོངས་པ་རྣམས་འདུལ་ལོ། །འདིས་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་བསྟན་ཏོ། །བདེན་པ་རྣམས་ནི་སྡུག་བསྔལ་ལ་


DTG113_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་སྟེ། དེ་དང་དེ་དག་ཤེས་པ་གང་གིས་ཡང་དག་པར་སོགས་པ་ཡོངས་སུ་གཅོད་པ་དེ་བདེན་པའི་ཚོགས་ཏེ། དེ་སོགས་པ་དེ་ཉིད་གཉེན་པོ་སྟེ་འདུལ་བའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །དེ་ཡང་ཇི་ལྟ་བུས་འགྱུར་ཞེ་ན། ཕྱིན་ཅི་མ་ལོག་པའི་ལམ་བསྐྱེད་པས་ཞེས་བྱ་བ་གསུངས་སོ། །སྨོན་ལམ་གྱི་ཁྱད་པར་གང་གིས་ཕྱིན་ཅི་མ་ལོག་པའི་ལམ་འབྱུང་བ་དང་མཐུན་པའི་སྐྱེ་བ་ཡོངས་སུ་འཛིན་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །འདིས་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པར་བསྟན་ཏོ། །ལྷག་མ་དག་ནི་གོ་སླ་བས་མ་སྦྱར་རོ། །རིགས་ཀྱི་བུ་གཞན་ཡང་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དུལ་བའི་ས་སྟེ་ཞེས་བྱ་བ་ལ་སོགས་པ་འདིའི་བཤད་པ་ནི་གང་དུ་གནས་ཏེ་ཁོང་དུ་ཆུད་པར་བྱེད་ཅེས་བྱ་བ་ལ་སོགས་པའོ། །སྡོམ་པ་རྣམ་པ་གསུམ་ནི་ལུས་དང༌། ངག་དང༌། ཡིད་ཀྱི་སྡོམ་པའི་ཕྱིར་ཏེ། དེ་རྣམ་པར་དག་པས་སོ། །དེ་ནི་ལུས་དུལ་བ་ཉིད་ལ་སོགས་པའི་ཚིག་གསུམ་གྱིས་བཤད་དོ། །ནང་དུལ་བ་ཉིད་ཅེས་བྱ་བ་ལ་སོགས་པའི་མདོའི་ཚིག་གི་བཤད་པ་ནི་བདག་ཏུ་འཛིན་པ་རྣམ་པར་སྤངས་པ་ཞེས་བྱ་བའོ། །སྨད་པ་དང་བསྔགས་པ་ལ་སོགས་པ་འཇིག་རྟེན་གྱི་ཆོས་བརྒྱད་པོ་དག་ལ་མངོན་པར་ཞེན་པ་མེད་པ་ནི་ཕྱི་རོལ་གྱི་ཡུལ་དུལ་བ་ཉིད་དང་དེ་བས་ན་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་ཚུལ་གྱིས་ཞེས་བྱ་བ་གསུངས་སོ། །དེའི་བཤད་པ་ནི་སྨད་པ་དང་མ་སྨད་པ་ཡོངས་སུ་སྤངས་པ་ཞེས་བྱ་བའོ། །སྨད་པ་དང་མ་སྨད་པ་སྨོས་པ་ནི་མཚོན་པའོ། །ཡེ་ཤེས་ཀྱི་ཚོགས་ལ་མངོན་པར་ཞེན་པ་མེད་པ་གང་ཡིན་པ་དེ་ཉིད་དུལ་བ་ཉིད་དོ། །ཇི་ལྟ་བུར་འགྱུར་ཞེ་ན། ལམ་ལ་མངོན་པར་ཞེན་པ་མེད་པའི་ཚུལ་གྱིས་ཞེས་བྱ་བ་གསུངས་ཏེ། དེའི་བཤད་པ་ནི་དངོས་པོ་ཡོད་པ་དང་དངོས་པོ་མེད་པར་མངོན་པར་ཞེན་པ་མེད་པ་ཞེས་བྱའོ། །ཀུན་བརྟགས་པའི་ངོ་བོས་མེད་པའི་ཕྱིར་དངོས་པོ་ཡོད་པར་མངོན་པར་ཞེན་པ་མེད་དོ། །ཡོངས་སུ་གྲུབ་པའི་ངོ་བོས་ཡོད་པའི་ཕྱིར་མངོན་པར་ཞེན་པ་མེད་དོ། །འཕགས་པ་ནི་ཉན་ཐོས་ལ་སོགས་པ་སྟེ། དེ་དག་གིས་རྣམས་ནི་ཟག་པ་མེད་པའི་ཡེ་ཤེས་ཀྱི་གནས་སྐབས་སོ། །དེ་དག་ལ་རྟོག་པ་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལ་རྟོག་པ་སྟེ། དེ་ནི་མི་དམིགས་


DTG113_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་གྱིས་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ས་ལ་སོ་སོར་རྟོག་པ་ཞེས་བྱ་བས་བཤད་དོ། །དེ་ལྟར་སོ་སོར་རྟོག་ན་བདག་ལ་སྟོད་པར་མི་བྱེད་དེ། དེ་བས་ན་དེ་བདག་ལ་བསྟོད་པ་དུལ་བ་ཉིད་དུ་འགྱུར་རོ། །ཕྱི་མའི་མཐའ་ནི་མ་འོངས་པའི་སྐྱེ་བའི་རྒྱུན་ཏོ། །དེའི་རྣམ་པར་དག་པ་ནི་མྱ་ངན་ལས་འདས་པ་སྟེ། གནས་གྱུར་པའི་མཚན་ཉིད་དོ། །དེ་ཡོངས་སུ་སྦྱོང་བ་ནི་རྣམ་པར་རྟོག་པ་ཐམས་ཅད་སྤོང་བ་སྟེ། རྣམ་པར་རྟོག་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བར་གནས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་དེར་འབྱུང་ཞིང་དེའི་བདག་ཉིད་དུ་གནས་པའོ། །དེའི་བཤད་པ་ནི་འཛིན་པ་ཐམས་ཅད་དང་བྲལ་བ་ཞེས་བྱ་བའོ། །ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་བརྟེན་ཏེ་བཤད་པ་ནི་ཐ་སྙད་དོ། །དེ་ལ་ཤིན་ཏུ་ཡོངས་སུ་དུལ་བ་ཉིད་དེ་ཇི་ལྟ་བུར་འགྱུར་ཞེ་ན། སེམས་ཅན་ཐམས་ཅད་ལ་མི་བསླུ་བའི་ཚུལ་གྱིས་ཞེས་བྱ་བ་གསུངས་པ་སྟེ། སྐལ་བ་ཇི་ལྟ་བ་བཞིན་དུ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་སྟོན་པ་ནི་མི་བསླུ་བ་སྟེ། དེ་ནི་ཀུན་རྫོབ་དང་དོན་དམ་པ་ལ་མཁས་པས་ཕྱིན་ཅི་མ་ལོག་པའི་ལམ་སྟོན་པ་ཞེས་བྱ་བས་བཤད་དོ། །ལུས་དང་སེམས་ལ་མི་ལྟ་བ་དུལ་བ་ཉིད་ཅེས་བྱ་བའི་མདོའི་ཚིག་གི་བཤད་པ་ནི་སེམས་ཅན་འདུལ་བའི་ཕྱིར་སྐྱེ་བ་ཐམས་ཅད་ལ་མི་སྐྱོ་བས་སོ་ཞེས་བྱ་བའོ། །ཚིག་གི་དངོས་པོ་ཁོ་ན་ནི་ཚིག་ཙམ་ཉིད་དེ། མདོའི་ཆ་འདིའི་བཤད་པ་ནི་རྗེས་སུ་མཐུན་པའི་ཆོས་གྲུབ་བ་ནི་མི་བསླུ་བས་ཡོངས་སུ་བསྟན་ཏོ་ཞེས་བྱ་བའོ། །ལམ་སྒྲུབ་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་མངོན་སུམ་དུ་བྱེད་པ་སྟེ། དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་མངོན་སུམ་དུ་བྱེད་པ་ཞེས་བྱ་བས་བཤད་དོ། །སྤོང་བ་སྒྲུབ་པ་ནི་ཉན་ཐོས་ལ་སོགས་པའི་ལམ་མངོན་སུམ་དུ་བྱས་པ་ལ་ཡང་འདོད་པ་མེད་པའོ། །དེ་ནི་དེ་དག་ལ་འདོད་པ་མེད་པ་ཞེས་བྱ་བས་བཤད་དོ། །ཡང་བདག་ཉིད་ལམ་བཟང་པོར་ཞུགས་པ་དང་གཞན་དག་ལ་ཡང་ལམ་དེ་སྟོན་པ་ཞེས་བྱ་བ་ནི་བདག་འདུལ་བའི་སྒྲུབ་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྒྲུབ་པ་ཞེས་བྱ་བའི་བཤད་པ་སྟེ་གོ་རིམས་བཞིན་ནོ། །རྩོལ་བ་དང་བཅས་པའི་ཤེས་


DTG113_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྒྲུབ་པ་ཞེས་བྱ་བ་འདིའི་བཤད་པ་ནི་མོས་པས་སྤྱོད་པའི་ས་ལ་རྣམ་པར་གནས་པར་མངོན་པར་འདུ་བྱེད་པ་དང་བཅས་པའི་ཤེས་པ་ཞེས་བྱ་བ་སྟེ། མོས་པས་སྤྱོད་པའི་ས་ནི་སོ་སོའི་སྐྱེ་བོའི་སའོ། །སྤྱོད་པའི་ས་ནི་ས་བདུན་པོ་དག་གོ །ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས་གྲུབ་པ་ཞེས་བྱ་བ་འདིའི་བཤད་པ་ནི་བསྒོམ་པའི་ལམ་ལ་གནས་པ་མངོན་པར་འདུ་བྱེད་པ་མེད་པའི་ཡེ་ཤེས་ཀྱིས་སོ་ཞེས་བྱ་བ་སྟེ། ས་བརྒྱད་པ་ལ་སོགས་པས་བསྡུས་པ་ནི་འདིར་བསྒོམ་པའི་ལམ་དུ་བལྟའོ། །ས་རྣམ་པར་གཞག་པ་ལ་མཁས་པར་སྒྲུབ་པ་ཞེས་བྱ་བ་འདིའི་བཤད་པ་ནི། ཤེས་རབ་དང་ཐབས་ལ་མཁས་པ་ཞེས་བྱ་བའོ། །ས་དབྱེར་མེད་པ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་སྟེ། དེའི་བཤད་པ་ནི་མཚན་ཉིད་གཅིག་གི་རྗེས་སུ་འཇུག་པ་ཞེས་བྱ་བའོ། །སའི་ཉེས་པ་ནི་གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པ་སྟེ་ཡོངས་སུ་སྤོང་བའོ། །དེ་ནི་གཉིས་ལ་ཀུན་ཏུ་སྤྱོད་པ་ཡོངས་སུ་སྤོང་བ་ཞེས་བྱ་བས་བཤད་དོ། །ས་ནས་སར་འཕར་བ་ནི་ས་སྔ་མ་ལས་ས་ཕྱི་མར་འགྲོ་བ་སྟེ། དེ་ལ་མཁས་པ་སྒྲུབ་པའོ། །དེ་ཡང་བསྒོམ་པའི་ལམ་གྱིས་འགྱུར་ཏེ་དེ་ནི་དགེ་བའི་ཆོས་བསྒོམ་པའི་བརྩོན་འགྲུས་བརྩམས་པས་ཞེས་བྱ་བས་བཤད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་བསྟན་པའི་སྒྲུབ་པ་ཞེས་བྱ་བ་འདིའི་བཤད་པ་ནི་ཡང་ཆོས་ཐམས་ཅད་ལེགས་པར་བསྒྲུབས་པ་ཞེས་བྱ་བའོ། །དེ་བཞིན་ཉིད་དྲི་མ་མེད་པ་ནི་སངས་རྒྱས་ཏེ། དེའི་བྱང་ཆུབ་ཁོང་དུ་ཆུད་པ་དེ་ལས་ཕྱིར་མི་ལྡོག་པའི་ལམ་གང་ཡིན་པ་དེ་ལ་མངོན་པར་སྒྲུབ་པའོ། །དེའི་བཤད་པ་ནི་དེ་བཞིན་ཉིད་ཁོང་དུ་ཆུད་པའི་བསྒོམ་པ་ལ་མཁས་པས་སོ་ཞེས་བྱ་བའོ། །དེ་ལྟར་རྣམ་པར་དག་པ་ཁྱད་པར་དུ་འཕགས་པ་བཞིས་རྒྱུས་བསྡུས་པའི་སྤྱོད་པ་རྣམ་པར་དབྱེ་བ་ཁྱད་པར་དུ་འཕགས་པ་བསྟན་ཏེ། ཚོགས་དང་རྣམ་པར་དག་པའི་ལམ་བསྟན་པ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྟན་པ་དང༌། ཡང་དག་པའི་མཐའ་དེ་ཁོང་དུ་ཆུད་པར་བྱ་བའི་ཐབས་བསྟན་པ་དང༌། རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་བསྟན་པ་ཞེས་བྱ་བས་རྒྱ་ཆེར་བསྟན་པའོ། །རྒྱུ་རྣམ་པར་དག་པ་བཞི་པོ་འདི་དག་ཉིད་མངོན་སུམ་དུ་མཛད་ནས་བཅོམ་ལྡན་འདས་ཀྱིས་དེ་ལྟར་སྒྲུབ་


DTG113_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ལ་ཞེས་བྱ་བས་གསུངས་ཏེ། ཇི་སྐད་དུ་གསུངས་པའི་རྒྱུ་རྣམ་པར་དག་པ་རྣམ་པར་སྒྲུབ་པའོ། །དེའི་བཤད་པ་ནི་རྒྱུ་རྣམ་པར་དག་པ་ཁྱད་པར་དུ་འཕགས་པ་རྣམ་པ་འདི་བཞིས་ཞེས་བྱ་བའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ་འབྲས་བུས་བསྡུས་པའི་སྤྱོད་པ་རྣམ་པར་དབྱེ་བ་བསྟན་ཏོ། །དེའི་བཤད་པ་ནི་འབྲས་བུ་རྣམ་པར་དག་པ་ཁྱད་པར་དུ་འཕགས་པར་ཁོང་དུ་ཆུད་པར་བྱ་སྟེ། དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་དུས་གསུམ་སྐད་ཅིག་གཅིག་དང་ལྡན་པ་ཞེས་བྱ་བའོ། །འཕགས་པ་འཇམ་དཔལ་གཙོ་བོས་ཕྱིན་ཅི་མ་ལོག་པར་བསྟན་པར་མཛད་པས་ན་བཅོམ་ལྡན་འདས་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། དེ་ནི་མ་ནོར་བར་བཤད་དེ་སྟོན་པའི་ཐུགས་མཉེས་པས་ལེགས་པར་བཤད་དོ་ཞེས་བྱ་བའི་དོན་དུ་རིག་པར་བྱའོ་ཞེས་བྱ་བས་བཤད་དོ། །ཡི་རངས་ཞེས་བྱ་བ་ནི་འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་བྱ་བ་ལ་སོགས་པའི་ཚིག་དང་སྦྱར་གྱི་གོང་མ་དང་ནི་མ་ཡིན་ནོ། །སྟོན་པ་པོ་ནི་སྟོན་པ་སྟེ་དེའི་རྣམ་པར་དག་པ་ནི་བཤད་ཟིན་ཏོ། །བསྟན་པ་རྣམ་པར་དག་པ་ནི་མདོ་ཐོག་ཐག་གོ །བསྟན་པའི་འབྲས་བུ་རྣམ་པར་དག་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། རྣམ་པར་དག་པ་རྣམ་པ་འདི་གསུམ་གྱིས་འཕགས་པ་འཇམ་དཔལ་ལ་སོགས་པ་ཡི་རངས་སོ། །མངོན་པར་བསྟོད་དོ་ཞེས་བྱ་བ་ནི་དེ་ལྟར་མངོན་པར་བསྟོད་པའི་དོན་དུ་བལྟ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །ལྟ་ངན་ཀུན་གྱི་དྲ་བ་རབ་དྲལ་མདོ་སྡེ་འགྲེལ་དང་བཅས་པ་ཟུར་ཕྱིན་འདི། །བཤད་པས་བདག་གིས་བསོད་ནམས་རྣམ་པ་ཤིན་ཏུ་བསྟན་ལ་ཚང་བ་གང་ཐོབ་དེས། །སེམས་ཅན་འདྲོན་པ་མང་པོ་འདི་དག་ས་གསུམ་རྒྱ་མཚོའི་ཕ་རོལ་མྱུར་བསྒྲལ་ཏེ། །ཚངས་ལ་སོགས་པས་མ་བགྲོད་སངས་རྒྱས་གནས་མཆོག་དྲི་མེད་གང་དེ་མྱུར་ཐོབ་ཤོག །།འཕགས་པ་ག་ཡ་མགོའི་རིའི་མདོ་དང་སྤེལ་མར་བཤད་པ། འཕགས་པ་འཇམ་དཔལ་གཙོ་བོའི་ཞབས་ལ་བརྟེན་པ། མང་དུ་ཐོས་པ་གནས་བརྟན་ཤཱཀྱའི་བློས་མཛད་པ་རྫོགས་སོ།། །།

འཕགས་པ་ས་བཅུ་པའི་རྣམ་པར་བཤད་པ།
དབྱིག་གཉེན།


DTG113_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྻ་ད་ཤ་བྷཱུ་མི་བྱཱ་ཁྱཱ་ན། བོད་སྐད་དུ། འཕགས་པ་ས་བཅུ་པའི་རྣམ་པར་བཤད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་རྣམ་གྲངས་འདི་ནི་སུས་བཤད་དང༌། །གང་དག་རྣམས་ཀྱིས་འཆད་དུ་བཅུག་རྣམས་དང༌། གང་གིས་འདི་དོན་བསྟན་དང་དེ་ལས་ནི། །གང་གིས་བླངས་ནས་བདག་ལ་རྣམ་ཕྱེ་བ། །དེ་དག་རྣམས་དང་ཆོས་མཆོག་འདི་ལ་ཡང༌། །སྤྱི་བོ་ས་ལ་གཏུགས་ཏེ་ཕྱག་འཚལ་ནས། །བདག་དང་གཞན་དོན་སྒྲུབ་ཕྱིར་དེ་ཡི་དོན། །གནས་པར་བྱ་ཕྱིར་བཤད་སྦྱར་བྱ་བར་འབད། །ས་བཅུའི་ཆོས་ཀྱི་རྣམ་གྲངས་ལས་ས་དང་པོའི་བསྡུས་པ་ནི་གླེང་གཞི་དང༌། སྙོམས་པར་འཇུག་པ་དང༌། བྱིན་གྱི་རླབས་དང༌། ལྡང་བ་དང༌། བསྟན་པ་དང༌། བསྐུལ་བ་དང༌། བཤད་པ་དང༌། ཁྱད་པར་རོ། །དེ་ལ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་ཏེ། ཞག་བདུན་པ་གཉིས་པའི་ཚེ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ནང་ན་ལྷའི་རྒྱལ་པོ་དབང་སྒྱུར་གྱི་གཞལ་མེད་ཁང་ནོར་བུ་རིན་པོ་ཆེའི་སྙིང་པོ་ཅན་གྱི་ཁང་བཟངས་ན། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདུས་པ་དང་ཐབས་ཅིག་ཏུ་བཞུགས་ཏེ་ཞེས་བྱ་བ་ནི་གླེང་གཞི་སྟེ། ཡུལ་དང་དུས་ལ་སོགས་པ་བྱེ་བྲག་བརྗོད་པར་བྱ་བའི་ཕྱིར་རོ། །ཆོས་ཀྱི་རྣམ་གྲངས་འདི་མཆོག་ཡིན་པས་ཡུལ་མཆོག་ཡིན་པ་ཉིད་དུ་དང་པོར་བཤད་དོ། །ཡུལ་དེ་ནི་གནས་དང༌། ཁང་པ་དང༌། གནས་ཀྱི་ཁྱད་པར་མཆོག་ཡིན་པས་མཆོག་གོ །ཅིའི་ཕྱིར་གཟུགས་ཀྱི་ཁམས་སུ་མ་ཡིན་ཞེ་ན། དེའི་འབྲས་བུ་འདིར་མངོན་པར་གྲུབ་པའི་ཕྱིར་རོ། །ཅིའི་ཕྱིར་ཞག་བདུན་པ་དང་པོ་ལ་མ་ཡིན་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བས་གནས་པས་གནས་པའི་ཕྱིར་རོ། །གཞན་གྱི་དོན་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ཅིའི་ཕྱིར་ཞག་བདུན་འདས་པར་མཛད་ཅེ་ན། བདག་ཉིད་ཆོས་ཀྱི་ཀུན་དགས་དགྱེས་པའི་ཆེ་བ་ཉིད་བསྟན་པའི་ཕྱིར་རོ། །དེ་ཡང་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལ་སེམས་ཅན་རྣམས་དགའ་བ་དང༌། གུས་པ་བསྐྱེད་པར་བྱ་


DTG113_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་ཏེ། དགྱེས་པ་དེ་ལྟ་བུ་དེ་ཡང་བཏང་ནས་ཐུགས་བརྩེ་བས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ་སྙམ་པའི་ཕྱིར་རོ། །ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བའི་གནས་པ་ཉིད་ཀྱིས་གནས་ཤེ་ན། དེ་ཐུགས་སུ་ཆུད་པ་ནི་ཐུན་མོང་མ་ཡིན་པར་བསྟན་པའི་ཕྱིར་རོ། །ཅིའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་བྱང་ཆུབ་སེམས་དཔས་བཤད་ཅེ་ན། བྱང་ཆུབ་སེམས་དཔའ་རྣམས་སྤྲོ་བ་བསྐྱེད་པའི་ཕྱིར་རོ། །ཅིའི་ཕྱིར་རྡོ་རྗེ་སྙིང་པོ་ཁོ་ནས་བཤད་ཅེ་ན། གང་གི་ཕྱིར་དགེ་བའི་རྩ་བ་རྡོ་རྗེ་ལྟར་སྲ་བ་དང་ལྡན་པའི་ཆོས་ཀྱི་རྣམ་གྲངས་འདི་ཉོན་མོངས་པ་ཐམས་ཅད་ཀྱིས་མི་ཆོམས་པ་དང༌། འཇོམས་པར་བྱེད་པ་ཉིད་ཀྱི་ཕྱིར་ཏེ། འདི་ནི་མཚན་དེ་སྐད་ཅེས་བྱ་བ་མ་ཡིན་པས་མི་འཆད་དོ། །ཅིའི་ཕྱིར་རྡོ་རྗེ་སྙིང་པོ་ཞེས་མཚན་དེ་སྐད་གསོལ་ཞེ་ན། སྙིང་པོའི་སྒྲ་འདི་ནི་སྲ་བ་ལ་ཡང་རིག་པར་བྱ་སྟེ། དཔེར་ན་ཤིང་གི་སྙིང་པོ་ཞེས་བྱ་བ་ལྟ་བུའོ། །སྐྱེ་བའི་གནས་ལ་ཡང་བྱ་སྟེ། དཔེར་ན་མའི་མངལ་ཞེས་བྱ་བ་ལྟ་བུའོ། །དེའི་ཕྱིར་སྙིང་པོ་རྡོ་རྗེ་དང་འདྲ་བས་རྡོ་རྗེའི་སྙིང་པོ་སྟེ། དེའི་དགེ་བའི་རྩ་བ་རྣམས་གཞན་གྱི་དགེ་བའི་རྩ་བ་ཐམས་ཅད་པས་སྟོབས་དང་ལྡན་པའི་ཕྱིར་རོ། །དེའི་སྐྱེ་བའི་གནས་རྡོ་རྗེ་ལྟ་བུ་ནི་སྐྱེ་བའི་རྒྱུ་སྟེ། ལྷ་དང་མིར་འགྲོ་བར་འགྱུར་བ་ལ་བྱ་སྟེ། དེ་ལས་གཞན་པའི་སྐྱེ་བའི་རྒྱུས་མི་ཤིགས་པའི་ཕྱིར་རྡོ་རྗེའི་སྙིང་པོའོ། །དེ་ནས་ཡང་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་སངས་རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ཐེག་པ་ཆེན་པོ་རབ་ཏུ་སྣང་བ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་སྟོན་ཏེ། ཆོས་ཀྱི་རྣམ་གྲངས་འདི་རྟོག་གེའི་སྤྱོད་ཡུལ་མ་ཡིན་པ་ཉིད་དུ་བསྟན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་སྙོམས་པར་ཞུགས་མ་ཐག་ཏུ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐེག་པ་ཆེན་པོ་རབ་ཏུ་སྣང་བ་འདི་ལའོ། །དེ་ནས་དེའི་ཚེ་ཕྱོགས་བཅུ་དག་གི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་ཕ་རོལ་ནས་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བྱེ་བྲག་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་འདི་ལྟ་སྟེ་མཚན་རྡོ་རྗེའི་སྙིང་པོ་ཞེས་བྱ་བར་མཐུན་པ་ཤ་སྟག་གིས་ཞལ་བསྟན་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་


DTG113_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་རྒྱལ་བའི་བུ་ཁྱོད་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐེག་པ་ཆེན་པོ་རབ་ཏུ་སྣང་བ་འདི་ལ་སྙོམས་པར་ཞུགས་པ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཡང་ཁྱོད་ལ་ཕྱོགས་བཅུ་དག་གི་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུའི་རྡུལ་སྙེད་ཀུན་ཀྱང་མཚན་རྡོ་རྗེའི་སྙིང་པོ་ཞེས་བྱ་བར་མཐུན་པ་ཤ་སྟག་གིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འདི་ཉིད་ཀྱི་སྔོན་གྱི་སྨོན་ལམ་དང༌། བྱིན་གྱི་རླབས་ཞེས་བྱ་བ་ནི། སངས་རྒྱས་མང་པོས་བྱིན་གྱིས་བརླབས་པར་ཡོངས་སུ་སྟོན་ཏེ། ཆོས་དང་ཆོས་སྨྲ་བ་ལ་གུས་པ་རབ་ཏུ་ཆེར་བསྐྱེད་པའི་ཕྱིར་རོ། །ཅིའི་ཕྱིར་རྡོ་རྗེའི་སྙིང་པོ་ཞེས་བྱ་བ་ཤ་སྟག་ཁོ་ནས་བྱིན་གྱིས་བརླབས་ཤེ་ན། སངས་རྒྱས་ཀྱི་སྨོན་ལམ་གྱི་ཕྱིར་རོ། །ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྨོན་ལམ་དེ་སྐད་བཏབ་ཅེ་ན། སངས་རྒྱས་མང་པོ་ཉིད་དུ་བསྟན་པའི་ཕྱིར་རོ། །ཏིང་ངེ་འཛིན་འདིའི་ཆོས་ཉིད་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔར་གྱུར་པ་རྡོ་རྗེའི་སྙིང་པོ་ཞེས་བྱ་བ་གང་དག་གིས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ། དེ་བཞིན་གཤེགས་པར་གྱུར་པ་མཚན་དེ་སྐད་ཅེས་བྱ་བ་དེ་དག་ཉིད་ཀྱིས་བྱིན་གྱིས་རློབ་ཀྱི། གཞན་དག་གིས་ནི་མ་ཡིན་ཏེ། དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་ལ་རང་གི་མཚན་ཡོངས་སུ་བརྗོད་པས་དེ་དག་དང་མཚན་མཐུན་པའི་ཕྱིར་དགའ་བའི་ཁྱད་པར་དུ་འགྱུར་རོ། །ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་ཚད་མེད་པ་དག་གི་ཕ་རོལ་ནས་ཞེས་མི་བྱ་ཞེ་ན། ཐབས་ལ་མཁས་པས་དེ་མང་བ་ཉིད་དུ་བསྟན་པའི་ཕྱིར་རོ། །ཅིའི་ཕྱིར་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུར་ངེས་ཤེ་ན། ས་བཅུའི་སྐབས་ཡིན་པའི་ཕྱིར་ཏེ། དེ་བས་ན་འདིར་བཅུ་པ་མང་དུ་སྟོན་ཏོ། །བཅོམ་ལྡན་འདས་ཀྱིས་སྔོན་དེ་དག་གི་དེ་བྱིན་གྱིས་བརླབ་པར་སྨོན་ལམ་བཏབ་ཅིང༌། རང་གིས་ཀྱང་བྱིན་བརླབས་པ་དང༌། གཞན་དག་གིས་ཀྱང་ཕྱིས་མཛད་དེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱི་སྔོན་གྱི་སྨོན་ལམ་དང༌། བྱིན་གྱི་བརླབ་ཀྱིས་ཞེས་བྱའོ། །ཅིའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་བཤད་པར་བྱིན་གྱིས་བརླབ་པ་དང༌། ཇི་ལྟར་བྱིན་གྱིས་བརླབ་པ་བརྗོད་པར་བྱ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་སྣང་བ་བརྗོད་པས་ཡེ་ཤེས་ཀྱི་ས་ལ་འཇུག་པར་བྱ་བའི་ཕྱིར་དང༌། དགེ་བའི་རྩ་བ་


DTG113_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཡང་དག་པར་བསྡུ་བར་བྱ་བའི་ཕྱིར་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་དབྱེ་བ་ལ་མཁས་པར་བྱ་བའི་ཕྱིར་དང༌། ཆོས་ལ་ཡེ་ཤེས་ཤིན་ཏུ་རྒྱས་པར་བྱ་བའི་ཕྱིར་དང༌། ལེགས་པར་གནས་པའི་ཆོས་བསྟན་པར་བྱ་བའི་ཕྱིར་དང༌། ཡེ་ཤེས་ཐ་མི་དད་པ་རྣམ་པར་བྱང་བར་བྱ་བའི་ཕྱིར་དང༌། འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མི་གོས་པར་བྱ་བའི་ཕྱིར་དང༌། འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ཡོངས་སུ་དག་པར་བྱ་བའི་ཕྱིར་དང༌། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་གྱི་བར་དུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དང༌། གང་འདི་བྱང་ཆུབ་སེམས་དཔའི་ས་བཅུ་པོ་དག་ལ་བརྩམ་ཞིང་ཐོབ་པར་བྱ་བའི་ཕྱིར་དང༌། བྱང་ཆུབ་སེམས་དཔའི་ས་ཇི་ལྟ་བ་བཞིན་དུ་རྣམ་པར་དགོད་པ་ལ་མཁས་པས་བསྟན་པར་བྱ་བའི་ཕྱིར་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ལྷག་པར་དམིགས་པར་བྱ་བའི་ཕྱིར་དང༌། ཟག་པ་མེད་པའི་ཆོས་བྱེ་བྲག་གིས་བསྒོམ་པར་བྱ་བའི་ཕྱིར་དང༌། ཤིན་ཏུ་རྣམ་པར་ཕྱེ་བ་རྣམ་པར་འབྱེད་པ་ཤེས་རབ་ཆེན་པོ་སྣང་བ་ལ་མཁས་པར་བྱ་བའི་ཕྱིར་དང༌། ཤིན་ཏུ་བརྟགས་པའི་ཡེ་ཤེས་ཀྱི་སྒོ་ལ་འཇུག་པར་བྱ་བའི་ཕྱིར་དང༌། གནས་གཞན་ཅི་རིགས་སུ་རབ་ཏུ་བརྗོད་པ་ལ་བག་འཆུམས་པ་མེད་པའི་སྤོབས་པས་སྣང་བར་བྱ་བའི་ཕྱིར་དང༌། སོ་སོ་ཡང་དག་པར་རིག་པ་ཆེན་པོའི་ས་ཤིན་ཏུ་རྟོགས་པར་བྱ་བའི་ཕྱིར་དང༌། བྱང་ཆུབ་ཀྱི་སེམས་ཀྱིས་བརྗོད་པ་མེད་པར་བྱ་བའི་ཕྱིར་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དང༌། ཐམས་ཅད་དུ་ཞུགས་པའི་རྣམ་པར་གཏན་ལ་འབེབས་པ་ཐོབ་པར་བྱ་བའི་ཕྱིར་བྱིན་གྱིས་བརླབ་པ་མཛད་དོ་ཞེས་བྱ་བ་བཅུ་པ་དེ་གཉིས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་གི་དོན་དང་གཞན་གྱི་དོན་ལ་བརྩམས་ཏེ་བྱིན་གྱིས་བརླབས་སོ། །ཇི་ལྟར་རང་གི་དོན་ལ་བརྩམས་པ་དེ་ལྟ་བུ་ནི་བཅུ་པ་དང་པོའོ། །ཇི་ལྟར་གཞན་གྱི་དོན་ལ་བརྩམས་པ་དེ་ལྟ་བུ་ནི་བཅུ་པ་གཉིས་པ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་གང་སུ་དག་མོས་པས་སྤྱོད་པ་ལ་སོགས་པའི་ས་ལ་གནས་པ་རྣམས་སོ། །སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་རྣམས་ནི་འཇིག་རྟེན་ལས་འདས་པའི་བྱང་ཆུབ་ཀྱི་ཕྱོགས་པ་གང་


DTG113_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དག་གོ །སྣང་བ་ནི་དེ་ལ་རྟོག་པ་སྟེ། ཤེས་པ་དང་མཐོང་བ་དང༌། ཐོབ་པ་དང༌། མངོན་སུམ་དུ་བྱེད་པའོ། །དེ་བརྗོད་པ་ནི་བསྟན་པ་དང་རབ་ཏུ་བཤད་པའོ། །དེ་ནི་ཡེ་ཤེས་ཀྱི་ས་བཅུ་པ་ཇི་སྐད་འབྱུང་བ་རྣམས་ཏེ། དེ་དག་གིས་དེ་བརྗོད་པའི་ཕྱིར་རོ། །དེ་དག་ལ་འཇུག་པ་ནི་དད་པ་དང༌། མོས་པ་དང༌། རབ་ཏུ་དང་བ་དང༌། འཐོབ་པ་གང་ཡིན་པའོ། །དེ་ནི་འཇུག་པའི་རྩ་བ་སྟེ། མདོའི་ཚིག་བྱང་ཆུབ་སེམས་དཔའ་ཐམས་ཅད་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་སྣང་བ་བརྗོད་པས་ཡེ་ཤེས་ཀྱིས་ལ་འཇུག་པར་བྱ་བའི་ཕྱིར་ཞེས་བྱ་བ་འདིས་སྟོན་ཏོ། །རྩ་བའི་འཇུག་པ་དེ་ལ་བརྟེན་ནས་འཇུག་པ་གཞན་རྣམ་པ་དགུ་སྟེ། ཐོས་པ་འཛིན་པའི་སོག་ནས་ཐོས་པར་གཏོགས་པའི་དགེ་བའི་རྩ་བ་ཐམས་ཅད་བསྡུས་པའི་ཕྱིར་སྡུད་པའི་འཇུག་པ་ནི་གང་གི་ཕྱིར། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྡུ་བར་བྱ་བའི་ཕྱིར་ཞེས་གསུངས་པའོ། །བསམས་པ་ལས་བྱུང་བའི་ཤེས་པས་བྱང་ཆུབ་ཀྱི་ཕྱོགས་པ་ཐམས་ཅད་ལ་མཁས་པར་བྱེད་པས་དོན་རྟོགས་པར་བྱེད་པའི་འཇུག་པ་ནི་གང་གི་ཕྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་དབྱེ་བ་ལ་མཁས་པར་བྱ་བའི་ཕྱིར་ཞེས་གསུངས་སོ། །དོན་དེ་དང་དེའི་རྣམ་གྲངས་དུ་མ་ཤེས་པར་བྱེད་པས་ཆོས་རྟོགས་པར་བྱེད་པའི་འཇུག་པ་ནི་འདི་ལྟར་ཆོས་ལ་ཡེ་ཤེས་ཤིན་ཏུ་རྒྱས་པར་བྱ་བའི་ཕྱིར་ཞེས་གསུངས་པའོ། །ཇི་ལྟར་རྟོགས་པའི་དོན་དང༌། ཚིག་འབྲུ་ཕུན་སུམ་ཚོགས་པའི་ཆོས་སྟོན་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་འཇུག་པ་ནི་གང་གི་ཕྱིར་ལེགས་པར་གནས་པའི་ཆོས་བསྟན་པར་བྱ་བའི་ཕྱིར་ཞེས་གསུངས་པའོ། །མཐོང་བའི་ལམ་གྱི་གནས་སྐབས་ན་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པ་ཡོངས་སུ་སྦྱངས་པས་འཐོབ་པར་བྱེད་པའི་འཇུག་པ་ནི་གང་གི་ཕྱིར། ཡེ་ཤེས་ཐ་མི་དད་པ་རྣམ་པར་བྱང་བར་བྱ་བའི་ཕྱིར་ཞེས་གསུངས་པའོ། །གཞན་གྱི་དོན་གྱིས་ཡོངས་སུ་བསྡུས་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོབ་པ་ནི་སངས་རྒྱས་ཉིད་དུ་འགྱུར་བར་བསྟན་པའི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྔར་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་དེ་དག་གི་གཞན་གྱི་དོན་ལ་སྦྱོར་བ་ཡང་རང་གི་དོན་ཁོ་ན་ཡིན་ནོ། །བསྒོམ་པའི་ལམ་གྱི་གནས་སྐབས་ན་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཡོངས་སུ་སྤོང་བས་བག་ཡོད་པའི་འཇུག་པ་ནི་གང་གི་ཕྱིར། འཇིག་རྟེན་གྱི་ཆོས་ཐམས་


DTG113_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱིས་མི་གོས་པར་བྱ་བའི་ཕྱིར་ཞེས་གསུངས་པའོ། །འཇིག་རྟེན་ལས་འདས་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་མ་ཆགས་པ་ལ་སོགས་པའི་དགེ་བའི་རྩ་བ་ཡོངས་སུ་སྦྱོང་བས་ས་ནས་སར་འཕར་བར་བྱེད་པའི་འཇུག་པ་ནི་གང་གི་ཕྱིར། འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཞེས་གསུངས་པའོ། །ཡང་དེ་དག་ཉིད་ཀྱི་རྒྱུ་གང་ཡིན་པ་དགེ་བའི་རྩ་བ་ཡིན་པར་རིག་པར་བྱའོ། །ས་བཅུ་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ལ་སོགས་པ་ཤེས་པར་བྱེད་པས། བྱང་ཆུབ་སེམས་དཔའི་མཐར་ཕྱིན་པར་བྱེད་པའི་འཇུག་པ་ནི་གང་གི་ཕྱིར་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཞེས་གསུངས་པའོ། །ཤེས་བྱ་ཐམས་ཅད་ལ་སྒྲིབ་པ་མེད་པ་ཤེས་པའི་ཕྱིར་སངས་རྒྱས་ཀྱི་མཐར་ཐུག་པར་བྱེད་པའི་འཇུག་པ་ནི་གང་གི་ཕྱིར། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཞེས་གསུངས་པའོ། །འཇུག་པ་འདི་རྣམས་ཀྱི་བྱེ་བྲག་བསྟན་པའི་ཕྱིར། མིང་གཞན་སྨོས་ཀྱི་རྩ་བའི་འཇུག་པ་ནི་མ་ཡིན་ནོ། །བཅུ་པ་ལ་སོགས་པ་བསྟན་པ་ཐམས་ཅད་ལ་ཡན་ལག་དང་ཉེ་བའི་ཡན་ལག་གི་སྒོ་ནས་རྣམ་པ་དྲུག་དྲུག་གིས་བཤད་པར་རིག་པར་བྱ་སྟེ། དངོས་པོ་ཉེ་བར་དགོད་པ་ནི་མ་གཏོགས་ཏེ། དེར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་དངོས་པོ་ཉེ་བར་དགོད་པ་མ་གཏོགས་སོ་ཞེས་བྱ་བའི་ཐ་ཚིག་གོ །རྣམ་པ་དྲུག་པོ་དག་གང་ཞེ་ན། ཡན་ལག་དང༌། ཉེ་བའི་ཡན་ལག་དང༌། མཚན་ཉིད་འདྲ་བ་དང༌། མཚན་ཉིད་མི་འདྲ་བ་དང༌། འདུ་བ་དང༌། རྒྱས་པའོ། །དེ་ལ་ཡན་ལག་ནི་འཇུག་པའོ། །ཉེ་བའི་ཡན་ལག་ནི་གཞན་རྣམས་ཏེ། དེ་ལ་བརྟེན་པའི་ཕྱིར་དང༌། དེ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །དེ་གཉིས་ཀྱི་འཇུག་པ་ཉིད་ཀྱི་ཕྱིར་མཚན་ཉིད་དང་འདྲ་བ་ཉིད་དོ། །རྣམ་པ་གཞན་ཉིད་ཀྱི་ཕྱིར་མཚན་ཉིད་མི་འདྲ་བ་ཉིད་དོ། །འདུ་བ་ནི་མདོར་བསྡུས་པ་སྟེ། ཡན་ལག་བསྟན་པའི་ཕྱིར་རོ། །རྒྱས་པ་ནི་དེ་རབ་ཏུ་དབྱེ་བ་སྟེ། ཉེ་བའི་ཡན་ལག་བསྟན་པའི་ཕྱིར་ཏེ། འཇིག་རྟེན་གྱི་ཁམས་འཇིག་པ་དང་ཆགས་པ་བཞིན་ནོ། །བཅུ་པ་གཞན་ལ་ཡང་དེ་བཞིན་ཉིད་དུ་ཅི་རིགས་པར་སྦྱར་བར་བྱའོ། །དེ་གང་དག་བཞི་པར་སྟོན་པར་འདོན་པ་དང༌། གང་དག་གསུམ་པར་སྟོན་པར་འདོན་པ་གཉིས་ཀ་ཡང་འདིར་དེ་


DTG113_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་ཕྱིར་ཁོ་ན་ཡིན་པར་རིག་པར་བྱའོ། །བཅུ་པ་གཉིས་པ་དང་གསུམ་པ་ལ་ཡང་དེ་ཉིད་ཀྱི་ཕྱིར་ཡོད་དོ། །བཅུ་པ་གཉིས་པ་ལ་གང་འདི་བྱང་ཆུབ་སེམས་དཔའི་ས་བཅུ་པོ་དག་ལ་རྩོམ་ཞིང་ཐོ་བ་པར་བྱ་བའི་ཕྱིར་ཞེས་བྱ་བས་ནི་རྩོམ་ཞིང་ཐོབ་པའི་རྩ་བ་བསྟན་ཏོ། །དེ་ལ་རྩོམ་པ་ནི་དད་པ་དང༌། འདུན་པ་དང༌། ཉེ་བར་འགྲོ་བ་ལ་སོགས་པ་སྟེ། ཡོངས་སུ་ཚོལ་བའོ། །འཐོབ་པ་ནི་ས་བཅུ་པོ་དེ་དག་འཛིན་པའོ། །ཡང་ན་ལུང་དང་རྟོགས་པ་སྟེ། གོ་རིམས་བཞིན་ནོ། །འདིར་ནི་རྣམ་གྲངས་གོང་མ་ཉིད་ཡིན་པར་རིག་པར་བྱའོ། །རྩོམ་ཞིང་འཐོབ་པའི་རྩ་བ་འདི་ལ་བརྟེན་ནས་རྩོམ་ཞིང་འཐོབ་པ་གཞན་བཅུ་སྟེ། བསམས་པ་ལས་བྱུང་བའི་ཤེས་པས་ཇི་ལྟར་ཐོས་པའི་དོན་ལེགས་པར་འཛིན་པ་དང༌། འཛིན་དུ་འཇུག་པས་ཡང་དག་པར་འཛིན་པ་རྩོམ་ཞིང་འཐོབ་པ་ནི་གང་གི་ཕྱིར། བྱང་ཆུབ་སེམས་དཔའི་ས་ཇི་ལྟ་བ་བཞིན་དུ་རྣམ་པར་དགོད་པ་ལ་མཁས་པས་བསྟན་པར་བྱ་བའི་ཕྱིར་ཞེས་གསུངས་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་རྟོགས་པར་བྱ་བའི་ཕྱིར། འདུན་པ་རྩོམ་ཞིང་འཐོབ་པ་ནི་གང་གི་ཕྱིར། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལྷག་པར་དམིགས་པར་བྱ་བའི་ཕྱིར་ཞེས་གསུངས་པའོ། །དེ་ཉིད་ཀྱི་ཆེད་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་ན་ཟག་པ་མེད་པའི་བྱང་ཆུབ་ཀྱི་ཕྱོགས་པ་བྱེ་བྲག་གིས་བསྒོམ་པའི་རྣམ་པ་ཁོང་དུ་ཆུད་པར་བྱེད་པས་སྦྱོར་བ་རྩོམ་ཞིང་འཐོབ་པ་ནི་གང་གི་ཕྱིར། ཟག་པ་མེད་པའི་ཆོས་བྱེ་བྲག་གི་བསྒོམ་པར་བྱ་བའི་ཕྱིར་ཞེས་གསུངས་པའོ། །མཐོང་བའི་ལམ་གྱི་གནས་སྐབས་ན་ཆོས་བདག་མེད་པ་ཤེས་པ་ལ་མཁས་པར་བྱེད་པས་རྟོགས་པར་བྱེད་པ་རྩོམ་ཞིང་ཐོབ་པ་ནི་གང་གི་ཕྱིར་ཤིན་ཏུ་རྣམ་པར་ཕྱེ་བ་རྣམ་པར་འབྱེད་པ་ཤེས་རབ་ཆེན་པོ་སྣང་བ་ལ་མཁས་པར་བྱ་བའི་ཕྱིར་ཞེས་གསུངས་པའོ། །དེ་ལ་ཤིན་ཏུ་རྣམ་པར་ཕྱེ་བ་ཞེས་བྱ་བ་ནི་དེའི་ཕ་རོལ་ན་ཡང་རྣམ་པར་དབྱེ་བར་བྱ་བ་མེད་པ་སྟེ། དེ་ནི་ཆོས་བདག་མེད་པའོ། །དེ་རྣམ་པར་འབྱེད་པ་ནི་ཤེས་པའོ། །དེ་ནི་ཤེས་རབ་ཆེན་པོ་ཡང་ཡིན་ཏེ། ཐེག་པ་དམན་པ་ལས་འདས་པའི་ཕྱིར་རོ། །དེ་ནི་སྣང་བ་ཡང་ཡིན་ཏེ། དེ་མི་ཤེས་པའི་མུན་པའི་གཉེན་པོ་ཡིན་པའི་ཕྱིར་ཏེ། དེའི་ཚེ་ན་དེ་ལ་མཁས་པ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པ་ཤེས་པས་ཆོས་ཀྱི་རྣམ་གྲངས་ཀྱི་དོན་རྟོགས་པར་


DTG113_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པས་བསྒོམ་པའི་ལམ་རྩོམ་ཞིང་འཐོབ་པ་ནི་གང་གི་ཕྱིར། ཤིན་ཏུ་བརྟགས་པའི་ཡེ་ཤེས་ཀྱི་སྒོ་ལ་འཇུག་པར་བྱ་བའི་ཕྱིར་ཞེས་གསུངས་པའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་བྱང་ཆུབ་མི་འཐོབ་པའི་ཉེས་པ་ལྔ་ཡོད་དེ། ཕས་ཀྱི་རྒོལ་བ་ཚར་གཅོད་པར་མི་ནུས་པ་ནི་གང་གིས་ན་ཕས་ཀྱི་རྒོལ་བ་རྣམས་ཀྱིས་དེ་ཡང་རང་གི་ཕྱོགས་ལས་བསྒྱུར་དུ་རུང་བ་དང༌། ཕ་རོལ་ཡང་གཞན་དུ་བཀྲིར་རུང་བའོ། །དྲིས་པའི་ལན་འདེབས་མི་ནུས་པ་ནི་གང་གིས་དྲིས་ན་དེ་རྨོངས་པ་དང༌། ཕ་རོལ་ཡང་འཇུག་པར་མི་བྱེད་པའོ། །ཐེག་པ་དམན་པ་འདོད་པ་ནི་གང་གིས་ན་བདག་ཉིད་ཀྱང་བྱང་ཆུབ་ཆེན་པོ་མི་འཐོབ་ལ། གཞན་གྱི་དོན་ཡང་ཡལ་བར་འདོར་བའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ལེ་ལོ་བྱེད་པ་ནི་གང་གིས་ན་གཞན་གྱི་དོན་གཏོང་ཞིང་བདག་གི་དགེ་བའི་རྩ་བ་གཞན་གྱི་དོན་བྱེད་པའི་རྒྱུ་ལས་བྱུང་བ་ཡང་མི་ཐོབ་པའོ། །ཐབས་མི་ཤེས་པ་ནི་གང་གིས་ན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང༌། བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་མི་ནུས་པའོ། །དེ་དག་གི་གཉེན་པོར་རྩོམ་ཞིང་འཐོབ་པ་ལྔ་ཡོད་པར་རིག་པར་བྱ་སྟེ། རང་གི་ཕྱོགས་ཀྱི་ཁྱད་པར་ཅི་རིགས་པར་ཡོངས་སུ་བསྟན་པ་ལ་བག་ཚབ་མེད་པར་ལན་འདེབས་པའི་སྤོབས་པ་མུན་པ་མེད་པས་ཕས་ཀྱི་རྒོལ་བ་ཚར་གཅོད་ནུས་པ་རྩོམ་ཞིང་འཐོབ་པ་ནི་གང་གི་ཕྱིར་གནས་གཞན་རིགས་སུ་རབ་ཏུ་བརྗོད་པ་ལ་བག་འཆུམས་པ་མེད་པའི་སྤོབས་པས་སྣང་བར་བྱ་བའི་ཕྱིར་ཞེས་གསུངས་པའོ། །སོ་སོ་ཡང་དག་པར་རིག་པའི་ས་ཤེས་པས་མངོན་སུམ་དུ་བྱེད་པ་དྲིས་པས་ལན་འདེབས་ནུས་པ་རྩོམ་ཞིང་འཐོབ་པ་ནི་གང་གི་ཕྱིར་སོ་སོ་ཡང་དག་པར་རིག་པ་ཆེན་པོའི་ས་ཤིན་ཏུ་རྟོགས་པར་བྱ་བའི་ཕྱིར་ཞེས་གསུངས་པའོ། །བྱང་ཆུབ་ཏུ་སྨོན་ལམ་བཏབ་པའི་ཕྱིར་བྱང་ཆུབ་དྲན་པ་ཆུད་མི་གསོན་པས་ཐེག་པ་དམན་པར་འགྲོ་བའི་གཉེན་པོ་རྩོམ་ཞིང་འཐོབ་པ་ནི་གང་གི་ཕྱིར། བྱང་ཆུབ་ཀྱི་སེམས་ཀྱི་དྲན་པ་བརྗེད་པ་མེད་པར་བྱ་བའི་ཕྱིར་ཞེས་གསུངས་པའོ། །སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་ལ་ཡོངས་སུ་མི་སྐྱོ་བས་སེམས་ཅན་གྱི་དོན་བྱ་བ་ལ་ལེ་ལོ་བྱེད་པའི་གཉེན་པོ་རྩོམ་ཞིང་འཐོབ་པ་ནི་གང་གི་ཕྱིར། སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཞེས་གསུངས་པའོ། །རིག་པའི་གནས་ལྔ་དག་ཏུ་ཞུགས་


DTG113_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་པར་གཏན་ལ་འབེབས་པ་རྟོགས་པར་བྱེད་པས་ཐབས་མི་ཤེས་པའི་གཉེན་པོར་རྩོམ་ཞིང་འཐོབ་པ་ནི་གང་གི་ཕྱིར་ཐམས་ཅད་དུ་ཞུགས་པའི་རྣམ་པར་གཏན་ལ་འབེབས་པ་ཐོབ་པར་བྱ་བའི་ཕྱིར་ཞེས་གསུངས་པའོ། །འདི་ནི་གང་གི་ཕྱིར་བྱིན་གྱིས་བརླབ་པ་བསྟན་པའོ། །ཇི་ལྟར་བྱིན་གྱིས་བརླབ་ཅེ་ན། གསུང་དང༌། ཐུགས་དང༌། སྐུས་སོ། །གསུང་གི་བྱིན་གྱིས་བརླབས་པ་ཇི་ལྟ་བུ་ཞེ་ན། ཡང་རིགས་ཀྱི་བུ་ཁྱོད་ཆོས་རྣམས་ཀྱི་སྒོ་རབ་ཏུ་དབྱེ་བ་ལ་མཁས་པར་འགྱུར་བའི་ཆོས་ཀྱི་རྣམ་གྲངས་འདི་ལས་སངས་རྒྱས་ཀྱི་མཐུས་དེ་བཞིན་གཤེགས་པ་ཡེ་ཤེས་སྣང་བའི་བྱིན་གྱི་རླབས་ཀྱི་དང༌། རང་གི་དགེ་བའི་རྩ་བ་ཡོངས་སུ་དག་པའི་ཕྱིར་དང༌། ཆོས་ཀྱི་དབྱིངས་སྦྱངས་པའི་ཕྱིར་དང༌། སེམས་ཅན་གྱི་ཁམས་ལ་ཕན་འདོགས་པའི་ཕྱིར་དང༌། ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་སྐུའི་ཕྱིར་དང༌། སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བ་ཡང་དག་པར་ནོད་པའི་ཕྱིར་དང༌། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པའི་ལུས་འབྱུང་བའི་ཕྱིར་དང༌། འཇིག་རྟེན་གྱི་འགྲོ་བ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་དང༌། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་འགྲོ་བ་ཡོངས་སུ་དག་པའི་ཕྱིར་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པའི་ཕྱིར་སྤོབས་པར་གྱིས་ཤིག་ཅེས་བྱ་བ་བཅུ་པ་འདིས་སོ། །དེ་ལ་སྤོབས་པ་ནི་ཇི་ལྟར་འདྲིས་པའི་ཆོས་ཀྱི་དོན་མ་བརྗེད་པའོ། །ཆོས་རྣམས་ཀྱི་སྒོ་དག་ནི་ཆོས་ཀྱི་རྣམ་གྲངས་རྣམས་སོ། །དེ་དག་གི་རྣམ་པ་ཐ་དད་པ་ནི་རབ་ཏུ་དབྱེ་བའོ། །དེ་ལ་ཆོས་ཀྱི་རྣམ་གྲངས་འདིས་མཁས་པར་འགྱུར་བས་དེ་ལ་མཁས་པའོ། །སྤོབས་པའི་རྩ་བ་དེ་ལ་བརྟེན་ནས། སྤོབས་པ་གཞན་རྣམ་པ་གཉིས་ཏེ། གཞན་གྱི་མཐུས་སྤོབས་པ་དང༌། རང་གི་མཐུས་སྤོབས་པའོ། །དེ་ལ་གཞན་གྱི་མཐུས་སྤོབས་པ་ནི་སངས་རྒྱས་ཀྱི་མཐུས་ཏེ། ཇི་ལྟར་སངས་རྒྱས་ཀྱི་མཐུས་ཤེ་ན། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་མུན་པ་མེད་པར་བྱིན་གྱིས་བརླབས་པ་སྟེ། གང་གི་ཕྱིར་དེ་བཞིན་གཤེགས་པའི་ཡེ་ཤེས་སྣང་བའི་བྱིན་གྱི་རླབས་ཀྱིས་ཞེས་གསུངས་སོ། །དེ་ལ་རང་གི་མཐུས་སྤོབས་པ་ནི་རྣམ་པ་བཞི་སྟེ། འདུས་བྱས་ཀྱི་དགེ་བའི་རྩ་བའི་ཆོས་ཡོངས་སུ་དག་པས་སྤོབས་པ་ནི་གང་གི་ཕྱིར་རང་གི་དགེ་བའི་རྩ་བ་ཡོངས་སུ་དག་པའི་ཕྱིར་


DTG113_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པའོ། །འདུས་མ་བྱས་ཀྱི་ཆོས་ཡོངས་སུ་དག་པས་སྤོབས་པ་ནི་གང་གི་ཕྱིར་ཆོས་ཀྱི་དབྱིངས་ཡོངས་སུ་སྦྱངས་པའི་ཕྱིར་ཞེས་གསུངས་པའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཡོངས་སུ་དག་པས་སྤོབས་པ་ནི་གང་གི་ཕྱིར་སེམས་ཅན་གྱི་ཁམས་ཕན་འདོགས་པའི་ཕྱིར་ཞེས་གསུངས་པའོ། །གནས་ཡོངས་སུ་དག་པས་སྤོབས་པ་ནི་གནས་ཡོངས་སུ་དག་པ་དེ་ཡང་མཐར་ཕྱིན་པ་རྣམ་པ་གསུམ་གྱིས་རབ་ཏུ་ཕྱེ་བ་སྟེ། བྱང་ཆུབ་སེམས་དཔའི་མཐར་ཕྱིན་པ་ཕན་ཡོན་གཉིས་དང་ལྡན་པ་དང༌། ཉན་ཐོས་དང་རང་སངས་རྒྱས་དང༌། ཐུན་མོང་པའི་མཐར་ཕྱིན་པ་དང༌། དེ་བཞིན་གཤེགས་པའི་མཐར་ཕྱིན་པའོ། །དེ་ལ་མཐར་ཕྱིན་པ་དང་པོ་ནི་ཆོས་ཀྱི་སྐུ་སེམས་དང་ཡིད་དང༌། རྣམ་པར་ཤེས་པ་སྤངས་པ་ཡེ་ཤེས་འབའ་ཞིག་གིས་གནས་ཏེ་གང་གི་ཕྱིར་ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་སྐུའི་ཕྱིར་ཞེས་བྱ་བ་གསུངས་པའོ། །དེའི་ཕན་ཡོན་རྣམ་པ་གཉིས་ནི་ཚེ་འདི་ལ་སངས་རྒྱས་ཀྱིས་དབང་བསྐུར་བ་ཡང་དག་པར་ནོད་པ་དང༌། ཚེ་ཕྱི་མ་ལ་དབང་ཕྱུག་ཆེན་པོའི་གནས་སུ་སྐྱེ་བ་སྟེ། གང་གི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བ་ཡང་དག་པར་ནོད་པའི་ཆོས་ཀྱི་འགྲོ་བ་ཡོངས་སུ་དག་པའི་ཕྱིར་དང༌། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པའི་ལུས་འབྱུང་བའི་ཕྱིར་ཞེས་གསུངས་པའོ། །མཐར་ཕྱིན་པ་གཉིས་པ་ནི་འགྲོ་བ་ལྔ་ལས་ཡང་དག་པར་འདས་པ་དང༌། མྱ་ངན་ལས་འདས་པའི་ལས་ལམ་ཡོངས་སུ་དག་པ་སྟེ། གང་གི་ཕྱིར་འཇིག་རྟེན་གྱི་འགྲོ་བ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་དང༌། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་འགྲོ་བ་ཡོངས་སུ་དག་པའི་ཕྱིར་ཞེས་གསུངས་སོ། །མཐར་ཕྱིན་པ་གསུམ་པ་ནི་ཤེས་བྱ་ཐམས་ཅད་ལ་སྒྲིབ་པ་མེད་པའི་ཡེ་ཤེས་ཡོངས་སུ་རྫོགས་པ་སྟེ་གང་གི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པའི་ཕྱིར་ཞེས་གསུངས་པའོ། །གོང་ནས་གོང་དུ་རང་གི་མཐུས་སྤོབས་པ་ཁྱད་པར་དུ་འགྱུར་བར་རིག་པར་བྱ་སྟེ། གསུང་གིས་བྱིན་གྱིས་བརླབས་པ་ནི་དེ་ལྟ་བུ་ཡིན་ནོ། །ཐུགས་ཀྱིས་བྱིན་གྱིས་བརླབས་པ་ཇི་ལྟ་བུ་ཞེན། དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་ཟིལ་གྱིས་མི་ནོན་པའི་ལུས་ཉིད་ཉེ་བར་སྒྲུབ་པར་མཛད་དེ། ཐོབ་


DTG113_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པའི་སྤོབས་པས་སྟོན་པ་དང༌། ཤིན་ཏུ་རྣམ་པར་སྦྱངས་པའི་ཡེ་ཤེས་ཀྱིས་ཤིན་ཏུ་རྣམ་པར་ཕྱེ་བ་ལ་འཇུག་པ་དང༌། བརྗེད་པ་མེད་པའི་བྱིན་རླབས་དང༌། ཤིན་ཏུ་རྣམ་པར་ངེས་པའི་བློ་གྲོས་ལ་མཁས་པ་དང༌། ཐམས་ཅད་ཀྱི་རྗེས་སུ་སོང་བའི་བློ་མི་འདོར་བ་ཉིད་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྟོབས་བརྫི་བ་མེད་པ་ཉིད་དང༌། དེ་བཞིན་གཤེགས་པའི་སྟོབས་དང༌། མི་འཇིགས་པ་ཞུམ་པ་མེད་པ་ཉིད་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་སོ་སོ་ཡང་དག་པར་རིག་པར་རྣམ་པར་དབྱེ་བས་ཆོས་ཀྱི་ཚུལ་ལ་རྟོག་པ་དང༌། དེ་བཞིན་གཤེགས་པའི་སྐུ་དང༌། གསུང་དང༌། ཐུགས་ཀྱི་རྒྱན་ཤིན་ཏུ་རྣམ་པར་ཕྱེ་བ་ཐམས་ཅད་མངོན་པར་སྒྲུབ་པར་མཛད་དོ་ཞེས་བྱ་བ་བཅུ་པ་འདིས་སོ། །ཟིལ་གྱིས་མི་ནོན་པའི་ལུས་དེ་ཡང་རྣམ་པ་གཉིས་ཏེ། བླ་ན་མེད་པའི་དཔལ་གྱིས་གཟི་བརྗིད་དང་ལྡན་ཞིང་རང་གི་འཁོར་ལ་རྒྱལ་པོ་ལྟ་བུ་དང༌། སྤོབས་པ་ཟིལ་གྱིས་མི་ནོན་པའི་ལུས་ཏེ། སྔ་མ་ནི་གཟུགས་ཀྱི་སྐུའི་བྱེ་བྲག་གིས་སོ། །ཕྱི་མ་ནི་མིང་གི་ཚོགས་ཀྱི་བྱེ་བྲག་གིས་སོ། །དེ་ཡང་རྣམ་པ་དགུ་སྟེ། རྒྱུན་ཆགས་སུ་ཐོགས་པ་མེད་པ་སྟོན་པས་ཐོགས་པ་མེད་པའི་སྤོབས་པ་ནི་གང་གི་ཕྱིར། ཐོགས་པ་མེད་པའི་སྤོབས་པས་སྟོན་པ་ཞེས་གསུངས་པའོ། །རིག་པ་རྣམ་པ་བཞི་ཤེས་པ་ཤིན་ཏུ་རྣམ་པར་བྱང་བར་བྱས་པས་རིག་པ་གང་གིས་གང་རིགས་སམ་མི་རིགས་པ་དེ་ཁོང་དུ་ཆུད་པའི་ཕྱིར་རིགས་པའི་སྤོབས་པ་ནི། ལྟོས་པ་དང་ནི་ཆོས་ཉིད་དང༌། །རྒྱུ་དང་འབྲས་བུ་ཉིད་དང་ཡང༌། །འཐད་པས་སྒྲུབ་པ་གང་ཡིན་པ། །རིགས་པ་རྣམ་པ་བཞིར་དགོངས་སོ།། ཞེས་བྱ་བར་རིགས་པ་རྣམ་པ་བཞི་སྟེ། གང་གི་ཕྱིར། ཤིན་ཏུ་རྣམ་པར་སྦྱངས་པའི་ཡེ་ཤེས་ཀྱི་རྣམ་པར་ཕྱེ་བ་ལ་འཇུག་པ་ཞེས་གསུངས་པའོ། །གོ་རིམས་ལ་མི་ལྟོས་པར་གཏམ་གྱིས་བར་དུ་གཅོད་ཀྱང་ཇི་ལྟར་འདོད་པ་བཞིན་དུ་དེ་དང་དེ་ནས་ཚིག་འབྲུ་དང༌། དོན་རྗེས་སུ་དྲན་པས་གྲོལ་བའི་སྤོབས་པ་ནི་གང་གི་ཕྱིར། བརྗེད་པ་མེད་པའི་བྱིན་གྱི་རླབས་ཞེས་གསུངས་པ་སྟེ། བརྗེད་པ་མེད་པའི་བྱིན་གྱི་རླབས་དེ་ནི་གང་གིས་དེ་ལ་བྱིན་གྱིས་རློབས་པའོ། །གདུལ་བྱ་ཇི་ལྟ་བ་བཞིན་དུ་རྣམ་གྲངས་དང་དཔེ་སྣ་ཚོགས་ཀྱི་ཐེ་ཚོམ་གཅོད་པས་གོ་བར་བྱེད་པའི་སྤོབས་པ་ནི་གང་གི་ཕྱིར། ཤིན་ཏུ་རྣམ་པར་ངེས་པའི་བློ་


DTG113_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གྲོས་ལ་མཁས་པ་ཞེས་གསུངས་པའོ། །སྤྱིའི་མཚན་ཉིད་རྣམ་པ་གསུམ་གྱིས་རྣམ་པར་ཤེས་པ་རྒྱུན་མི་འཆད་པར་མངོན་དུ་བྱེད་པས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སྤོབས་པ་ནི་གང་གི་ཕྱིར། ཐམས་ཅད་ཀྱི་རྗེས་སུ་སོང་བའི་བློ་མི་འདོར་བ་ཞེས་གསུངས་པའོ། །སངས་རྒྱས་དང་ལྡན་པའི་སྟོབས་བཅུ་པོ་ཐོགས་པ་མེད་པས་གདུལ་བྱའི་ཀུན་ནས་ཉོན་མོངས་པ་ཡང་དག་པར་འཇོམས་པས་ངེས་པར་འབྱིན་པའི་གདམས་ངག་གི་སྤོབས་པ་ནི་གང་གི་ཕྱིར། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྟོབས་བརྫི་བ་མེད་པ་ཉིད་ཅེས་གསུངས་པའོ། །སངས་རྒྱས་ལ་ངེས་པའི་མི་འཇིགས་པ་ཞུམ་པ་མེད་པས་ཕས་ཀྱིས་རྒོལ་བས་མི་འཇིགས་པའི་སྤོབས་པ་ནི་གང་གི་ཕྱིར། དེ་བཞིན་གཤེགས་པའི་སྟོབས་དང༌། མི་འཇིགས་པ་ཞུམ་པ་མེད་པ་ཉིད་ཅེས་གསུངས་པའོ། །སངས་རྒྱས་ཀྱི་ཡེ་ཤེས་སུ་གཏོགས་པའི་སོ་སོ་ཡང་དག་པར་རིག་པའི་རབ་ཏུ་དབྱེ་བས། མདོའི་སྡེ་ལ་སོགས་པའི་ཆོས་རྣམས་ཀྱི་ཚུལ་དྲུག་ལ་རྟོག་པས་མི་ཟད་པའི་སྤོབས་པ་ནི་གང་གི་ཕྱིར། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སོ་སོ་ཡང་དག་པར་རིག་པའི་རྣམ་པར་དབྱེ་བས་ཆོས་ཀྱི་ཚུལ་ལ་རྟོག་པ་ཞེས་གསུངས་པའོ། །སྐུ་ལ་སོགས་པའི་ཆོ་འཕྲུལ་སངས་རྒྱས་དང་འབྲེལ་པ་གདུལ་བྱ་ཐ་དད་པས་ཐ་དད་པ་ཐམས་ཅད་མངོན་དུ་མཛད་པ་ལ་མངའ་པས་ཆོ་འཕྲུལ་དང་བཅས་པའི་སྤོབས་པས་ཟིལ་གྱིས་མི་ནོན་པའི་ལུས་ཉིད་ནི། གང་གི་ཕྱིར་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་རྒྱན་ཤིན་ཏུ་རྣམ་པར་ཕྱེ་བ་ཐམས་ཅད་མངོན་པར་སྒྲུབ་པ་ཉིད་ཉེ་བར་སྒྲུབ་པར་མཛད་དོ་ཞེས་གསུངས་པའོ། །ཅིའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐུ་མངའ་ཞིང་ཐུགས་བརྩེ་བ་དང་ལྡན་ཡང་དེ་ཉིད་ལ་ཟིལ་གྱིས་མི་ནོན་པའི་ལུས་རྣམ་པ་བཅུ་པོ་དེ་དག་ཉེ་བར་སྒྲུབ་པ་མཛད་ཀྱི། གཞན་དག་ལ་མ་ཡིན་ཞེ་ན། འདི་ལྟར་དེ་ནི་ཏིང་ངེ་འཛིན་འདི་ཉིད་ཀྱི་ཆོས་ཉིད་ཐོབ་པ་ཞེས་བྱ་བ་གསུངས་པ་སྟེ། ཏིང་ངེ་འཛིན་གྱི་མཐུ་ཐོབ་པ་དེ་ནི་གཞན་དག་ལ་མེད་དོ། །ཆོས་ཉིད་ཐོབ་པ་དེ་ཡང་གཉིས་ཀྱིས་རབ་ཏུ་ཕྱེ་བ་སྟེ། སྔོན་གྱི་མངོན་པར་འདུ་བྱེད་པས་འཕངས་པ་ནི། གང་གི་ཕྱིར་སྔོན་གྱི་སྨོན་ལམ་གྱི་མངོན་པར་བསྒྲུབ་པའི་ཕྱིར་ཞེས་གསུངས་པའོ། །ཏིང་ངེ་འཛིན་གྱི་རྟེན་གྱི་ཡོན་ཏན་ཡོངས་སུ་འཛིན་པ་ནི་ཏིང་ངེ་འཛིན་གྱི་རྟེན་གྱི་


DTG113_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ཡོངས་སུ་འཛིན་པ་དེ་ཡང་རང་གི་དོན་དང༌། གཞན་གྱི་དོན་ལ་བརྩམས་ནས་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་མཐར་ཕྱིན་པའི་ལྷག་པའི་བསམ་པས་གཞིར་རྣམ་པར་དག་པ་ནི་གང་གི་ཕྱིར། ལྷག་པའི་བསམ་པ་ཤིན་ཏུ་ཡོངས་སུ་སྦྱངས་པའི་ཕྱིར་ཞེས་གསུངས་པའོ།། དེ་ལ་ལྷག་པའི་བསམ་པ་ནི་དད་པ་དང་འདུན་པ་སྟེ། དགེ་བའི་ཆོས་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་མཐར་ཕྱིན་པའི་བསྒོམ་པའི་དེ་བཞིན་ཉིད་ལ་དམིགས་པའི་ཡེ་ཤེས་ཀྱིས་ཤེས་རབ་རྣམ་པར་དག་པ་ནི་གང་གི་ཕྱིར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལེགས་པར་སྦྱངས་པའི་ཕྱིར་ཞེས་གསུངས་པ་སྟེ། ཡེ་ཤེས་དེ་ནི་མཉམ་པར་གཞག་པས་ནང་དུ་ཀུན་ནས་བཟླུམས་པའི་ཕྱིར་དང༌། དེ་བཞིན་ཉིད་ལ་དམིགས་པས་འོད་ཟེར་གཅིག་ཏུ་སྡུག་པའི་ཕྱིར་དཀྱིལ་འཁོར་ཞེས་བྱ་སྟེ། ཉི་མའི་དཀྱིལ་འཁོར་བཞིན་ནོ། །ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད་པ་དག་ན་ཚོགས་ཤིན་ཏུ་རྫོགས་པར་བྱས་པས་རྒྱུད་ཡོངས་སུ་སྨིན་པར་རྣམ་པར་དག་པ་ནི་གང་གི་ཕྱིར་ཚོགས་ཤིན་ཏུ་བསགས་པ་ཞེས་གསུངས་པའོ། །ཉོན་མོངས་པ་ཀུན་ཏུ་འབྱུང་བ་ལས་ཤིན་ཏུ་རྒྱལ་བས་སེམས་ལས་སུ་རུང་བ་རྣམ་པར་དག་པ་ནི། གང་གི་ཕྱིར་ཡོངས་སུ་སྦྱང་བ་ལེགས་པ་བྱས་པའི་ཕྱིར་ཞེས་གསུངས་པའོ། །དེ་བཞིན་གཤེགས་པའི་གསང་བའི་ཆོས་ཐམས་ཅད་བསྟན་པ་འཛིན་ནུས་པས་ཐོས་པའི་ཡོངས་སུ་འཛིན་པ་རྣམ་པར་དག་པ་ནི་གང་གི་ཕྱིར། དྲན་པ་ཚད་མེད་པའི་སྣོད་ཡིན་པའི་ཕྱིར་ཞེས་གསུངས་པའོ། །མངོན་པར་ཤེས་པ་སྦྱང་བ་ལ་དབང་ཐོབ་པས་མངོན་པར་ཤེས་པ་རྣམ་པར་དག་པ་ནི། གང་གི་ཕྱིར་མོས་པ་འོད་གསལ་བ་རྣམ་པར་སྦྱངས་པའི་ཕྱིར་ཞེས་གསུངས་པ་སྟེ། མངོན་པར་ཤེས་པ་རྣམས་ནི་མོས་པས་རབ་ཏུ་ཕེ་བ་ཡིན་པའི་ཕྱིར་དེ་སྨོས་པར་འགྱུར་རོ། །གཟུངས་ཀྱི་སྒོ་འགལ་བ་མེད་པ་ཤིན་ཏུ་རྟོགས་པས་སྤོབས་པ་རྣམ་པར་དག་པ་ནི་གང་གི་ཕྱིར། གཟུངས་ཀྱི་སྒོ་ཐ་དད་པ་མེད་པ་ལེགས་པར་རྟོགས་པའི་ཕྱིར་ཞེས་གསུངས་པ་སྟེ། དེ་ལ་ཡི་གེའི་ཕྱི་མོ་རྣམས་ཇི་སྙེད་པར་གཟུངས་ཀྱི་སྒོ་རྣམས་ཀྱང་དེ་སྙེད་དོ། །ཡི་གེའི་སྒོ་དེ་དང་དེས་སྔོན་དུ་འགྲོ་བའི་མིང་དང་ཚིག་དང་ཡི་གེའི་ཚོགས་རྣམས་འཛིན་པའི་ཕྱིར་རོ། །དེ་དག་ཐ་དད་པ་མེད་པ་ནི་སྔ་ཕྱི་མི་འགལ་བའོ། །དོན་དམ་པ་ཤེས་


DTG113_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་གདམས་ངག་བསླུ་བ་མེད་པས་མངོན་པའི་ང་རྒྱལ་མེད་པ་ཡང་རྣམ་པར་དག་པ་ནི་གང་གི་ཕྱིར། ཆོས་ཀྱི་དབྱིངས་ཤེས་པའི་ཕྱག་རྒྱས་ལེགས་པར་བཏབ་པའི་ཕྱིར་རོ་ཞེས་གསུངས་པའོ། །དེ་ལ་རང་གི་དོན་ལ་བརྩམས་པ་ནི་ཏིང་ངེ་འཛིན་གྱི་རྟེན་གྱི་ཡོན་ཏན་ཡོངས་སུ་འཛིན་པ་རྣམ་པ་བཞི་པོ་གང་ཡིན་པ་ལྷག་པའི་བསམ་པ་ཤིན་ཏུ་ཡོངས་སུ་སྦྱངས་པའི་ཕྱིར་དང༌། ཡེ་ཤེས་ཀྱི་དཀྱིལ་འཁོར་ལེགས་པར་སྦྱངས་པའི་ཕྱིར་དང༌། ཚོགས་ཤིན་ཏུ་བསགས་པའི་ཕྱིར་དང༌། ཡོངས་སུ་སྦྱངས་པའི་ལེགས་པར་བྱས་པའི་ཕྱིར་ཞེས་བྱ་བ་མདོ་ཚིག་བཞི་པོ་དེ་དག་གིས་བརྩོན་འགྲུས་རྩོམ་པའི་རྒྱུ་དང༌། ཆུད་མི་ཟ་བའི་རྒྱུ་དང༌། ཕུན་སུམ་ཚོགས་པ་རྒྱ་ཆེན་པོ་ཐོབ་པའི་རྒྱུ་དང༌། དེའི་ཀུན་ནས་ཉོན་མོངས་པ་མེད་པའི་རྒྱུ་བསྟན་ཏེ། གོ་རིམས་བཞིན་ནོ། །གཞན་གྱི་དོན་ལས་བརྩམས་པ་རྣམ་པ་བཞི་པོ་གང་ཡིན་པ་དེ་ལ་དྲན་པ་ཚད་མེད་པའི་སྣོད་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཐེ་ཚོམ་གཅོད་པའི་རྒྱུ་ཡིན་ནོ། །མོས་པ་འོད་གསལ་བ་རྣམ་པར་སྦྱངས་པའི་ཕྱིར་ཞེས་བྱ་བ་ནི་འདུན་པར་བྱེད་པའི་རྒྱུ་ཡིན་ཏེ། མཐུའི་ཁྱད་པར་ཡང་དག་པར་བསྟན་པས་བསམ་གྱིས་མི་ཁྱབ་པའི་གནས་ལ་མོས་པས་འཇུག་པར་འགྱུར་བའི་ཕྱིར་རོ། །གཟུངས་ཀྱི་སྒོ་ཐ་དད་པ་མེད་པ་ལེགས་པར་རྟོགས་པའི་ཕྱིར་ཞེས་བྱ་བ་ནི་ཚུལ་ལ་འཇུག་པའི་རྒྱུ་ཡིན་ཏེ་ཆོས་ཀྱི་ཚུལ་ནུབ་པ་ན། སྟོན་པ་གཞན་གྱི་གསུང་རབ་ལ་འཇུག་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཤེས་པའི་ཕྱག་རྒྱས་ལེགས་པར་བཏབ་པའི་ཕྱིར་ཞེས་བྱ་བ་ནི་ངེས་པར་འབྱིན་པའི་གདམས་ངག་གི་རྒྱུ་ཡིན་ཏེ། གདུལ་བྱ་རྣམས་ཀྱི་རང་གི་དོན་ཐོབ་པ་ཆུད་མི་ཟ་བའི་ཕྱིར་རོ། །ཐུགས་ཀྱི་བྱིན་གྱིས་བརླབས་པ་དེ་ནི་དེ་ལྟ་བུ་ཡིན་ནོ། །སྐུས་བྱིན་གྱིས་བརླབས་པ་ཇི་ལྟ་བུ་ཞེ་ན། ཕྱག་གིས་རེག་པར་མཛད་པ་སྟེ་གང་གི་ཕྱིར། དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་དེ་དག་ན་བཞུགས་བཞིན་དུ་རྫུ་འཕྲུལ་གྱི་མཐུས་ཕྱག་གཡས་པ་རྣམ་པར་བརྐྱང་སྟེ། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོའི་མགོ་ལ་ཉུག་པར་མཛད་དོ་ཞེས་གསུངས་པའོ། །དེ་དག་ན་བཞུགས་བཞིན་དུ་ཞེས་བྱ་བ་ནི་མཐུའི་ཁྱད་པར་བསྟན་པའི་ཕྱིར་ཏེ། འདི་ན་བཞུགས་པ་ནི་ངོ་མཚར་མི་ཆེའོ། །རྫུ་འཕྲུལ་གྱི་མཐུས་ཞེས་བྱ་བ་ནི། མཐུ་གཞན་གྱིས་མ་ཡིན་པ་དང༌། ལྷན་ཅིག་བྱུང་བ་རྣམ་པར་སྨིན་པའི་རྫུ་


DTG113_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་གྱིས་ཀྱང་མ་ཡིན་པའོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་རེག་མ་ཐག་ཏུ་དེ་ནས་དེའི་མོད་ལ་ཏིང་ངེ་འཛིན་དེ་ལས་ལངས་ནས་བྱང་ཆུབ་སེམས་དཔའ་དེ་དག་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་སྨོན་ལམ་འདི་ནི་ཤིན་ཏུ་རྣམ་པར་ངེས་པ་སྟེ། ཐ་མི་དད་པ། བལྟར་མི་མཐོང་བ། ཆོས་ཀྱི་དབྱིངས་ཤིན་ཏུ་རྒྱས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་དཔུང་གཉེན་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་དག་དེས་ནི་བྱང་ཆུབ་སེམས་དཔའ་རྣམས་འདས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ས་ལ་ཡང་འཇུག །མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཀྱི་ས་ལ་ཡང་འཇུག །ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཀྱི་ས་ལའང་འཇུག་གོ །ཀྱེ་རྒྱལ་བའི་སྲས་དག་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ས་རྣམས་ཏེ། གང་ལས་བསམས་ནས་བདག་གིས་དེ་སྐད་དུ་སྨྲས་པ་དེ་དག་ནི་འདས་པ་དང༌། མ་བྱོན་པ་དང༌། དེ་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་སོ། །གསུང་ངོ༌། །གསུང་བར་འགྱུར་རོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ཞེས་བྱ་བ་དང༌། དྲི་མ་མེད་པ་ཞེས་བྱ་བ་དང༌། འོད་བྱེད་པ་ཞེས་བྱ་བ་དང༌། འོད་འཕྲོ་ཅན་ཞེས་བྱ་བ་དང༌། ཤིན་ཏུ་སྦྱང་དཀའ་ཞེས་བྱ་བ་དང༌། མངོན་དུ་གྱུར་ཞེས་བྱ་བ་དང༌། རིང་དུ་སོང་ཞེས་བྱ་བ་དང༌། མི་གཡོ་བ་ཞེས་བྱ་བ་དང༌། ལེགས་པའི་བློ་གྲོས་ཅན་ཞེས་བྱ་བ་དང༌། བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་ཞེས་བྱ་བ་སྟེ། ཀྱེ་རྒྱལ་བའི་སྲས་དག་གང་དག་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་པ་དང༌། གསུང་བ་དང་གསུང་བར་འགྱུར་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ས་བཅུ་པོ་འདི་དག་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་བདག་གིས་ནི་གང་ན་དེ་བཞིན་གཤེགས་པ་རྣམས་བྱང་ཆུབ་སེམས་དཔའི་ས་བཅུ་པོ་འདི་དག་མི་གསུང་བའི་སངས་རྒྱས་ཀྱི་ཞིང་རབ་འབྱམ་དེ་མ་མཐོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་གང་འདིས་རབ་ཏུ་དབྱེ་བ་རྣམ་པར་དགོང་


DTG113_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྟན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ལམ་ཡོངས་སུ་སྦྱོང་བ་ཆོས་ཀྱི་སྒོ་སྣང་བ་འདི་ཡང་དག་ཕུལ་ཡིན་པའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས་དག་གང་འདིས་རྣམ་པར་དགོད་པ་ཤེས་པའི་གནས་འདི་ནི་བསམ་གྱིས་མི་ཁྱབ་པའོ་ཞེས་བྱ་བ་ལ། ཏིང་ངེ་འཛིན་དེ་ལས་ལངས་ནས་ཞེས་བྱ་བ་ནི་མཐུའི་ཁྱད་པར་ཐོབ་པས་ཏིང་ངེ་འཛིན་གྱི་བྱ་བ་ཡོངས་སུ་རྫོགས་པའི་ཕྱིར་དང༌། བཤད་པའི་བྱ་བ་ཡང་ཉེ་བར་གནས་པའི་ཕྱིར་ཏེ། མཉམ་པར་གཞག་བཞིན་དུ་འཆད་མི་ནུས་སོ། །ཅིའི་ཕྱིར་གསོལ་བ་མ་བཏབ་པར་འཆད་པ་རྩོམ་ཞེ་ན། དེ་ལྟར་མ་བྱས་ན་འཆད་འདོད་པ་ཉིད་ཡིན་པ་དང༌། ཅི་ཞིག་འཆད་འདོད་པར་མི་ཤེས་པའི་ཕྱིར་རོ། །ས་བཤད་པ་དེ་ལ་སེམས་བསྐྱེད་པ་སྨོས་པ། གང་ཡིན་པ་དེ་ཉིད་བསྟན་པ་འདིར་སྨོན་ལམ་ཡིན་པར་རིག་པར་བྱའོ། །འདི་ནི་ཞེས་བྱ་བ་ནི་ས་དང་པོར་ཆུད་པ་ཡིན་གྱི་མོས་པས་སྤྱོད་པས་བསྡུས་པ་ནི་མ་ཡིན་ནོ། །ཤིན་ཏུ་རྣམ་པར་ངེས་པ་ནི་དོན་དམ་པ་ཤེས་པ་ལ་གནས་པའི་ཕྱིར་རོ། །ཤིན་ཏུ་ངེས་པ་ཉིད་ཤིན་ཏུ་རྣམ་པར་ངེས་པའོ། །ཤིན་ཏུ་རྣམ་པར་ངེས་པ་ཉིད་ཀྱང་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། དེ་བཞིན་ཉིད་ལ་དམིགས་པ་རོ་གཅིག་པའི་རྣམ་པ་ཡིན་པས་དམིགས་པའི་རྣམ་པ་ཤིན་ཏུ་རྣམ་པར་ངེས་པ་ཉིད་ནི་གང་གི་ཕྱིར་ཐ་དད་པ་མེད་པ་ཞེས་གསུངས་པའོ། །འཇིག་རྟེན་ལས་འདས་པ་ཉིད་ཡིན་པའི་ཕྱིར་འཇིག་རྟེན་ཐམས་ཅད་ཀྱི་ཡུལ་མ་ཡིན་པས་ངོ་བོ་ཉིད་ཀྱིས་ཤིན་ཏུ་རྣམ་པར་ངེས་པ་ཉིད་ནི། གང་གི་ཕྱིར་བལྟར་མི་མཐོང་བ་ཞེས་གསུངས་པའོ། །ཆོས་ཆེན་པོའི་དབྱིངས་ཉིད་ཡིན་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར། གཙོ་བོར་ཤིན་ཏུ་རྣམ་པར་ངེས་པ་ཉིད་ནི་གང་གི་ཕྱིར་ཆོས་ཀྱི་དབྱིངས་ཤིན་ཏུ་རྒྱས་པ་ཞེས་གསུངས་པ་སྟེ། ཆེན་པོ་དང༌། གཙོ་བོ་དང༌། མཆོག་དང༌། ཤིན་ཏུ་རྒྱས་པ་ཞེས་བྱ་བ་ནི་རྣམ་གྲངས་དག་གོ །ཆོས་ནི་མཚན་ཉིད་འཛིན་པས་ཆོས་ཐམས་ཅད་ཆོས་ཞེས་བྱ་བའི་ཕྱིར་རོ། །ཡང་ཆོས་ཀྱི་དབྱིངས་ལ་ཆེ་བ་སྟེ། སོ་སོའི་སྐྱེ་བོ་ལ་སོགས་པ་དེ་བཞིན་ཉིད་ལ་དམིགས་པའི་ཤེས་པ་གཞན་རྣམ་པས་མཆོག་ཏུ་གྱུར་པའི་ཕྱིར་ཏེ། རྣམ་པར་དག་པའི་ཆོས་ལ་ཆོས་ཞེས་བྱ་བའི་ཕྱིར་རོ། །ཡང་དེའི་དབྱིངས་ནི་ཆོས་ཆེན་པོ་སྟེ། ཡོངས་སུ་སྣང་བར་བྱ་བའི་


DTG113_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

སའོ། །འདི་ལྟ་སྟེ། ཐེག་པ་ཆེན་པོ་སྟེ། བཤད་པའི་ཆོས་ལ་ཆོས་ཞེས་བྱ་བའི་ཕྱིར་རོ། །ཡང་དེའི་དབྱིངས་ནི་ཆོས་ཆེན་པོ་དཀར་པོའི་དབྱིངས་ཏེ། དགེ་པའི་ཕྱིར་ཆོས་ཞེས་བྱ་བའི་ཕྱིར་རོ། །རྒྱུ་ཉིད་དུ་ཤིན་ཏུ་རྣམ་པར་ངེས་པ་ཉིད་ནི་རྣམ་པ་གཉིས་སོ། །རྒྱུ་ཉིད་ནི་ནམ་མཁའ་ལྟ་བུ་སྟེ། དེ་ལ་བརྟེན་ནས་བྱུང་བའི་གཟུགས་རྣམས་ཀྱིས་ཟད་པ་མེད་པའི་ཕྱིར་འབྲས་བུ་མི་རྟག་པ་སྡུག་པ་འགྲུབ་པའི་རྒྱུ་ཉིད་དུ་ཤིན་ཏུ་རྣམ་པར་ངེས་པ་ཉིད་ནི་གང་གི་ཕྱིར་ནམ་མཁའི་མཐས་གཏུགས་པ་ཞེས་གསུངས་པའོ། །མྱ་ངན་ལས་འདས་པ་ལ་གཞོལ་བའི་ཕྱིར་འབྲས་བུ་རྟག་པའི་རྒྱུ་ཉིད་དུ་ཤིན་ཏུ་རྣམ་པར་ངེས་པ་ཉིད་ནི་གང་གི་ཕྱིར་ཕྱི་མའི་མཐའི་མུར་ཐུག་པ་ཞེས་གསུངས་པའོ། །གཞན་གྱི་དོན་ལ་ཞུགས་པས་ཆེ་བ་ཉིད་དུ་ཤིན་ཏུ་རྣམ་པར་ངེས་པ་ཉིད་ནི་གང་གི་ཕྱིར་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་དཔུང་གཉེན་ཡིན་ཏེ་ཞེས་གསུངས་པའོ། །ཤིན་ཏུ་རྣམ་པར་ངེས་པ་བརྗོད་མ་ཐག་པ་དང༌། འདི་གཉིས་ཀྱིས་ནི་སྨོན་ལམ་དེ་འཁོར་བ་དང་མྱ་ངན་ལས་འདས་པ་ལ་གཅིག་ཏུ་ངེས་པར་གནས་པ་མ་ཡིན་པ་ཉིད་དུ་བསྟན་ཏོ། །སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ས་ལ་འཇུག་པ་ཞུམ་པ་མེད་པས་ཞུམ་པ་མེད་པ་ཉིད་དུ་ཤིན་ཏུ་རྣམ་པར་ངེས་པ་ཉིད་དེ། དེ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པོ་དེ་དག་ཁོ་ན་ཡིན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ཡང་དག་པར་འགྲུབ་པའི་རྟེན་ཡིན་པའི་ཕྱིར་རོ། །འདིར་ཡང་ཤིན་ཏུ་རྣམ་པར་ངེས་པ་ནི་ཡན་ལག་གོ །ལྷག་མ་ནི་ཉེ་བའི་ཡན་ལག་གོ །དེ་གཉིས་ཤིན་ཏུ་རྣམ་པར་ངེས་པ་ཉིད་ཀྱི་ཕྱིར་མཚན་ཉིད་འདྲ་བའོ། །རྣམ་པ་གཞན་ཉིད་ཀྱི་ཕྱིར་མཚན་ཉིད་མི་འདྲ་བའོ། །འདུ་བ་ནི་བསྡུས་པ་སྟེ། ཡན་ལག་གི་དངོས་པོ་བསྟན་པའི་ཕྱིར་རོ། །རྒྱས་པ་ནི་རྣམ་པ་དབྱེ་བ་སྟེ། ཉེ་བའི་ཡན་ལག་གི་རྣམ་པ་བསྟན་པའི་ཕྱིར་ཏེ། འཇིག་རྟེན་གྱིས་ཁམས་འཇིག་པ་དང་འཆགས་པ་བཞིན་ནོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་བཅུ་པོ་དེ་དག་རྣམ་པར་གཞག་ཅེ་ན། དེ་མི་མཐུན་པའི་ཕྱོགས་ས་བཅུ་པོ་དག་གི་གཉེན་པོ་བཅུ་སྟེ། དེ་མི་མཐུན་པའི་ཕྱོགས་རྣམས་གང་ཞེ་ན། སོ་སོའི་སྐྱེ་བོ་ཉིད་དང༌། ལུས་ལ་སོགས་པས་སེམས་ཅན་རྣམས་ལ་ལོག་པར་སྒྲུབ་པ་དང༌། ཐོས་པ་དང༌། བསམ་པ་དང༌། བསྒོམ་པའི་ཆོས་རྣམས་བརྗེད་པས་མུན་པའི་ཚུལ་ཅན་ཉིད་


DTG113_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དང། འཇིག་ཚོགས་ལ་ལྟ་བ་ལ་སོགས་པས་བསྡུས་པ་ལྷན་ཅིག་སྐྱེས་པའི་ཉོན་མོངས་པ་ཕྲ་མོ་ཀུན་དུ་འབྱུང་བ་དེ་ཡང་ཕྲ་བའི་རྣམ་པ་ཡིན་པའི་ཕྱིར་དང༌། རང་གི་ཡིད་ལ་བྱེད་པ་ལ་དམིགས་པ་ཡིན་པའི་ཕྱིར་དང༌། ཀུན་དུ་འབྱུང་བ་རིང་དུ་སོང་བ་ཡིན་པའི་ཕྱིར་ཕྲ་བར་རིག་པར་བྱ་བ་དང༌། ཐེག་པ་དམན་པས་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། མཚན་མ་རགས་པ་ཀུན་དུ་འབྱུང་བ་དང༌། མཚན་མ་ཕྲ་བ་ཀུན་དུ་འབྱུང་བ་དང༌། མཚན་མ་མེད་པ་ཉིད་དུ་མངོན་པར་འདུ་བྱེད་པ་དང༌། སེམས་ཅན་གྱི་དོན་བྱ་བ་ལ་མངོན་པར་འདུ་བྱེད་པ་མེད་པ་དང༌། ཆོས་རྣམས་ལ་དབང་མ་ཐོབ་པའོ། །ཅིའི་ཕྱིར་ས་བཅུ་པོ་རྣམས་རབ་ཏུ་དགའ་བ་ཞེས་བྱ་བ་ལ་སོགས་པར་རྣམ་པར་གཞག་ཅེ་ན། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་གནས་འཕགས་པ་ཉིད་བླ་ན་མེད་པ་ཐོག་མར་ཐོབ་པས་མཆོག་ཏུ་དགའ་བ་རྒྱ་ཆེ་བའི་ཕྱིར་རབ་ཏུ་དགའ་བའོ། །འཆལ་བའི་ཚུལ་ཁྲིམས་ཀུན་ནས་སློང་བ་ཉོན་མོངས་པའི་དྲི་མ་ཐམས་ཅད་སེལ་བའི་ཚུལ་ཁྲིམས་རྣམ་པར་དག་པའི་ཕྱིར་དྲི་མ་མེད་པའོ། །ཇི་ལྟར་ཐོས་པ་ལ་སོགས་པའི་ཆོས་སྣང་བར་འགྱུར་བའི་ཕྱིར་འོད་བྱེད་པ་སྟེ། དེ་མ་བརྗེད་པའི་ཕྱིར་རོ། །ཉོན་མོངས་པའི་ཤིང་བསྲེགས་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་འོད་འཕྲོ་བ་ཅན་ནོ། །འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་མཁས་པས་མནན་པར་ཤིན་ཏུ་དཀའ་བའི་ཕྱིར་ཤིན་ཏུ་སྦྱང་དཀའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མངོན་དུ་བྱེད་དེ། བར་ཆད་དང་བཅས་པར་མང་དུ་མངོན་དུ་བྱེད་པའི་ཕྱིར་མངོན་དུ་གྱུར་ཏོ། །མཚན་མ་མེད་པ་ལ་གནས་པར་སྦྱོར་བའི་མཐར་ཕྱིན་པར་འགྲོ་བའི་ཕྱིར་དང། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་དམན་པ་ལས་ཤིན་ཏུ་འདའ་བའི་ཕྱིར་རིང་དུ་སོང་བའོ། །རྣམ་པར་སྨིན་པ་ཁོ་ན་སྟེ། རང་གི་ངང་གིས་མཚན་མ་མི་འབྱུང་བས་མི་གཡོ་བའོ། །སོ་སོ་ཡང་དག་པར་རིག་པའི་སྟོབས་ཀྱིས་ཆོས་སྟོན་ཏེ། གཞན་གྱི་དོན་བྱེད་པ་དང་ལྡན་པའི་ཕྱིར་ལེགས་པའི་བློ་གྲོས་ཅན་ནོ། །ཆོས་ལ་དབང་ཆེན་པོའི་གནས་སུ་གྱུར་པའི་ཕྱིར་ཆོས་ཀྱི་སྤྲིན་ཏེ། རྒྱལ་བུ་རྒྱལ་ཚབ་ཏུ་དབང་བསྐུར་པ་དང་རང་གི་རྒྱལ་སྲིད་ལ་དབང་ཐོབ་པ་ལྟར་ཆོས་ཀྱི་རྗེ་ཉིད་དུ་དབང་བསྐུར་བའི་ཕྱིར་རོ། །དེ་ལ་གནས་པ་ལ་ཡང་ཤེས་བྱའི་སྒྲིབ་པའི་བག་ཡོད་པས་རང་དབང་མེད་པ་ནི་མི་མཐུན་པའི་ཕྱོགས་ཏེ། དེའི་


DTG113_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོར་དེ་བཞིན་གཤེགས་པའི་ས་རྣམ་པར་གཞག་གོ །དེ་ལས་འདི་དག་ནི་སྒྲིབ་པ་དང་བཅས་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་བཅུའི་གནས་སྐབས་ནི་མངལ་ན་གནས་པའི་གནས་སྐབས་དང་འདྲ་བའི་རིག་པར་བྱའོ། །ཤེས་བྱའི་སྤྱོད་ཡུལ་ཐམས་ཅད་ཉམས་སུ་མྱོང་བས་སངས་རྒྱས་ཀྱི་གནས་སྐབས་ནི་འབྲས་བུ་ཡོངས་སུ་གྲུབ་པས་བཙས་པའི་གནས་སྐབས་དང་འདྲ་སྟེ། བཙས་པ་ནི་དབང་པོའི་སྤྱོད་ཡུལ་ཐམས་ཅད་ཉམས་སུ་མྱོང་བ་བཞིན་ནོ། །དེ་ལ་མངལ་ན་གནས་པའི་གནས་སྐབས་བཅུ་ནི། ནུར་ནུར་པོའི་ལུས་ཀྱི་གནས་སྐབས་དང༌། མེར་མེར་པོའི་ལུས་ཀྱི་གནས་སྐབས་དང༌། ཉོལ་ཉོལ་པོའི་ལུས་ཀྱི་གནས་སྐབས་དང༌། ཤ་མ་ཁྲང་བའི་ལུས་ཀྱི་གནས་སྐབས་དང༌། ལུས་དང་མཐུན་པའི་ལུས་ཀྱི་གནས་སྐབས་དང༌། རང་བཞིན་དང་མཐུན་པའི་ལུས་ཀྱི་གནས་སྐབས་དང༌། ལས་དང་བཅས་པའི་ལུས་ཀྱི་གནས་སྐབས་དང༌། ཡོངས་སུ་རྫོགས་པའི་ལུས་ཀྱི་གནས་སྐབས་ནི་རྣམ་པ་གསུམ་སྟེ། དབང་པོ་ཡོངས་སུ་རྫོགས་པ་དང༌། མཚན་ཡོངས་སུ་རྫོགས་པ་དང༌། ཆུ་ཞེང་ཡོངས་སུ་རྫོགས་པ་སྟེ། ས་རྣམས་ནི་དེ་དག་དང་འདྲ་བར་རིག་པར་བྱའོ། །ཀྱེ་རྒྱལ་བའི་སྲས་དག་བདག་གིས་ནི་གང་ན་དེ་བཞིན་གཤེགས་པ་རྣམས་བྱང་ཆུབ་སེམས་དཔའི་ས་བཅུ་པོ་འདི་དག་མི་གསུང་བའི་སངས་རྒྱས་ཀྱི་ཞིང་རབ་འབྱམ་དེ་མ་མཐོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་གང་འདིས་རབ་ཏུ་དབྱེ་བ་རྣམ་པར་དགོད་པ་བསྟན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ལམ་ཡོངས་སུ་སྦྱོང་བ་ཆོས་ཀྱི་སྒོ་སྣང་བ་འདི་ཡང་དག་ཕུལ་ཡིན་པའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས་དག་གང་འདིས་རྣམ་པར་དགོད་པ་ཤེས་པའི་གནས་སྐབས་འདི་ནི་བསམ་གྱིས་མི་ཁྱབ་པའོ། །སངས་རྒྱས་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཞིང་རབ་འབྱམ་ཐམས་ཅད་ན་འདི་རྣམས་གསུང་བ་ཉིད་དང༌། ཆོས་ཀྱི་རྣམ་གྲངས་འདི་ཡང་དག་ཕུལ་ཉིད་དུ་བརྗོད་པ་སྟེ། འཁོར་དེ་མགུ་བར་བྱ་བའི་ཕྱིར་རོ། །དེ་ལ་སངས་རྒྱས་ཀྱི་ཞིང་ནི་དེར་འབྱུང་བའི་ཕྱིར་ཏེ། འབྲས་སཱ་ལུའི་ཞིང་བཞིན་ནོ། །རབ་འབྱམ་ཡང་དེ་ཡིན་ཏེ། སངས་རྒྱས་ཀྱི་མཛད་པའི་དོན་དུ་དེ་ནས་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་རབ་ཏུ་ཤེས་པའི་ཕྱིར་རོ། །གསུང་བ་ཞེས་བྱ་བ་ནི་གསུང་བ་རྣམ་པ་གཉིས་ཏེ།


DTG113_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་གི་དོན་དུ་བསྟན་པ་དང༌། ཁོང་དུ་ཆུད་པར་བྱ་བའི་ཕྱིར་དང༌། གདམས་ངག་རྗེས་སུ་བསྟན་པའོ། །སེམས་དཔའ་ཆེན་པོ་ནི་ཆེན་པོ་གསུམ་དུ་རིག་པར་བྱ་སྟེ། གོ་ཆ་ཆེན་པོ་དང༌། འཇུག་པ་ཆེན་པོ་དང༌། འཕགས་པ་ཆེན་པོའོ། །དེ་ལ་གོ་ཆ་ནི་སྨོན་ལམ་འདེབས་པའོ། །འཇུག་པ་ནི་བྱང་ཆུབ་ཆེན་པོ་དེར་ཞུགས་པའོ། །འཕགས་པ་ནི་ལམ་དེར་འཕགས་པའི་བྱང་ཆུབ་སེམས་དཔའི་ལམ་ཡོངས་སུ་སྦྱོང་བ་ཞེས་བྱ་བ་འདིས་ནི་ཇི་ལྟར་ཡང་དག་ཕུལ་དུ་གྱུར་པ་དེ་སྟོན་ཏོ། །འདི་ནི་ཆོས་ཀྱི་སྒོ་ཡང་ཡིན་ལ་ཆོས་ཀྱི་སྒོ་གཞན་རྣམས་སྣང་བར་གྱུར་པ་ཡང་ཡིན་ཏེ། ཐེག་པ་ཆེན་པོའི་དོན་ཐམས་ཅད་སྣང་བའི་ཕྱིར་ཆོས་ཀྱི་སྒོ་སྣང་བའོ། །ཆོས་ཀྱི་སྒོ་ནི་ཆོས་ཀྱི་རྣམ་གྲངས་ཡིན་པར་རིག་པར་བྱའོ། །ཡང་དག་ཕུལ་ནི་ཆོས་ཐམས་ཅད་པས་ཕུལ་དུ་ཕྱིན་ཏེ་མཆོག་ཏུ་གྱུར་པའི་ཕྱིར་རོ། །གང་འདིས་རབ་ཏུ་དབྱེ་བ་རྣམ་པར་དགོད་པ་ཞེས་བྱ་བ་ནི་ཆོས་ཀྱི་རྣམ་གྲངས་འཇིག་རྟེན་པའི་ཤེས་པས་ཤེས་པར་བྱ་བ་ཡིན་པར་སྟོན་ཏོ། །གང་འདིས་རྣམ་པར་དགོད་པ་ཤེས་པའི་གནས་འདི་ནི་བསམ་གྱིས་མི་ཁྱབ་པའོ་ཞེས་བྱ་བ་ནི་འདིར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཡིན་པར་སྟོན་ཏོ། །འདིས་ཅི་ཡོངས་སུ་བསྟན་པ་ཡིན་ཞེ་ན། ས་རབ་ཏུ་དབྱེ་བ་རྣམ་པར་དགོད་པ་ཙམ་གྱིས་ནི་འདི་བྱང་ཆུབ་སེམས་དཔའི་ས་ཡོངས་སུ་སྦྱོང་བ་མ་ཡིན་པར་རིག་པར་བྱ་བར་སྟོན་ཏོ།། །།དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་བྱང་ཆུབ་སེམས་དཔའི་ས་བཅུ་པོ་དེ་དག་གི་མིང་ཙམ་ཞིག་བརྗོད་དེ་ཅང་མི་སྨྲ་བར་འདུག་ནས་ཡང་རབ་ཏུ་ཕྱེ་སྟེ་མ་བཤད་པ་དང༌། དེ་ནས་བྱང་ཆུབ་སེམས་དཔའི་འཁོར་ཐམས་ཅད་དང་ལྡན་པ་དེ་བྱང་ཆུབ་སེམས་དཔའི་ས་བཅུ་པོ་དེ་དག་གི་མིང་ཙམ་ཞིག་ཐོས་ལ། སའི་རྣམ་པར་དབྱེ་བ་མ་བརྗོད་པས་སྐོམ་པར་གྱུར་ནས་དེ་དག་འདི་སྙམ་དུ་སེམས་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་བྱང་ཆུབ་སེམས་དཔའི་ས་བཅུ་པོ་དེ་དག་གི་མིང་ཙམ་ཞིག་བརྗོད་དེ་ཅང་མི་སྨྲ་བར་འདུག་ནས་དུས་ཡོལ་བར་བྱེད་ཅིང་ཡང་རབ་ཏུ་ཕྱེ་སྟེ་མི་སྟོན་པས་དེ་ལ་རྒྱུ་ནི་གང་རྐྱེན་ནི་ཅི་ཞིག་ཡོད་སྙམ་པ་དང༌། དེའི་ཚེ་བྱང་ཆུབ་སེམས་དཔའི་འཁོར་འདུས་པ་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་གྲོལ་བའི་ཟླ་བ་ཞེས་བྱ་བ་འདུས་ཤིང་འདུག་སྟེ། དེ་ནས་བྱང་ཆུབ་སེམས་དཔའ་


DTG113_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གྲོལ་བའི་ཟླ་བས་བྱང་ཆུབ་སེམས་དཔའི་འཁོར་དེའི་སེམས་ཀྱི་བསམ་པའི་རྟོག་པ་ཡོངས་སུ་ཤེས་ནས་ཚིགས་སུ་བཅད་པའི་དབྱངས་ཀྱིས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་དྲིས་པ། ཀུན་དུ་རྟོག་པ་དག་གྱུར་བ། །དྲན་དང་ཡེ་ཤེས་ཡོན་ཏན་ལྡན། །ས་མཆོག་བརྗོད་ནས་ཅི་ཡི་ཕྱིར། །ཁྱབ་བདག་རབ་ཏུ་བཤད་མི་བགྱི། །འདི་ཀུན་རྣམ་པར་ངེས་པ་སྟེ། །བྱང་ཆུབ་སེམས་དཔའ་གྲགས་ཆེན་ལྡན། །ཅི་ཕྱིར་ཁྱོད་ཀྱིས་ས་བརྗོད་ནས། །རྣམ་པར་དབྱེ་བ་བཤད་མི་བགྱི། །རྒྱལ་བའི་སྲས་པོ་དེ་དག་ཀུན། །ཉན་པར་འདོད་པས་འཇིགས་པ་མེད། །ས་རྣམས་དག་གི་དོན་གྱི་ཚུལ། །ཡང་དག་ཕྱེ་སྟེ་བཤད་པ་མཛོད། །འཁོར་འདི་ཤིན་ཏུ་རྣམ་དངས་ཏེ། །ལེ་ལོ་མེད་ཅིང་མཛེས་དང་ལྡན། །དག་པ་སྙིང་པོར་རབ་གནས་པ། །ཡོན་ཏན་ཡེ་ཤེས་ཤིན་ཏུ་ལྡན། །ཐམས་ཅད་གུས་དང་བཅས་གནས་ཤིང༌། །ཕན་ཚུན་གཅིག་ལ་གཅིག་ལྟ་སྟེ། །སྦྲང་མའི་སྦྲང་རྩི་བདུད་རྩི་འདྲ། །སྤང་བར་བྱ་མིན་འདོད་པ་བཞིན། །ཅིའི་ཕྱིར་ཅང་མི་སྨྲ་བར་འགྱུར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་བཙུན་པར་འཛིན་པ་སྟེ། སྐོམ་པར་གྱུར་པ་རྣམས་ཀྱིས་བསྐུལ་བས་ཆོས་བཙུན་པར་བྱ་བའི་ཕྱིར་རོ། །ཅིའི་ཕྱིར་རྣམ་པར་གྲོལ་བའི་ཟླ་བས་ཐོག་མ་ཉིད་དུ་བསྐུལ་བ་བརྩམས་ཤེ་ན། དེ་ནི་འཁོར་དེའི་གཙོ་བོ་ཡིན་པ་དང༌། གཞན་དུ་ཅལ་ཅོལ་དུ་འགྱུར་བ་དང༌། འཁོར་དེ་ཡང་འདུས་པར་འགྱུར་བའི་ཕྱིར་རོ། །ཅིའི་ཕྱིར་ཚིགས་སུ་བཅད་པའི་དབྱངས་ཁོ་ན་ཞེ་ན། ཡི་གེ་ཉུང་དུ་དག་གིས་དོན་མང་དུ་བསྡུ་བའི་ཕྱིར་དང༌། བསྟོད་པ་དག་ནི་ཕལ་ཆེར་ཚིགས་སུ་བཅད་དེ་བྱེད་པའི་ཕྱིར་རོ། །ཚིགས་སུ་བཅད་པ་ལྔས་ཅི་ཞིག་ཡོངས་སུ་བསྟན་ཞེ་ན། འཆད་པ་པོ་དང་ཉན་པ་པོ་རྣམས་ལ་སྐྱོན་གང་ཡོད་ན། བཤད་པའི་འོས་མ་ཡིན་པའི་སྐྱོན་མེད་པ་ཉིད་སྟོན་ཏོ། །དེ་ལ་འཆད་པ་པོ་ལ་སྐྱོན་མེད་པ་ནི། ཀུན་དུ་རྟོག་པ་དག་གྱུར་པ། །ཞེས་བྱ་བས་སྟོན་ཏོ། །ཉན་པ་པོ་ཆོས་མཐུན་པ་པོ་རྣམས་ནི་རྣམ་པར་ངེས་པ་ཉིད་ཀྱི་ཕྱིར་དང༌། ཉན་འདོད་པའི་ཕྱིར་རོ། །གཞན་དག་ནི་སེམས་རབ་ཏུ་དང་བའི་ཕྱིར་ཏེ། འདིའི་ནང་ན་གང་སུ་ཡང་རུང་འོས་སུ་མ་གྱུར་ལ། མ་གྲགས་པ་དེ་གཅིག་ཀྱང་མེད་དོ་ཞེས་བསྟན་པའི་ཕྱིར། ཐམས་ཅད་གུས་དང་བཅས་གནས་ཤིང༌། །ཕན་ཚུན་གཅིག་ལ་གཅིག་ལྟ་སྟེ། །ཞེས་


DTG113_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བས་གསུངས་སོ། །དེ་ལ་ཞལ་ནས་གསུངས་བའི་ཚིགས་སུ་བཅད་པའི་གཞུང་ནི་ཕལ་ཆེར་དུབ་པས་གཞུང་གང་གིས་དེ་ཤེས་པ་རྣམས་ཀྱིས་དོན་དེ་དམིགས་པ་ཉིད་གཞུང་ཡིན་ནོ། །ཀུན་དུ་རྟོག་པ་དག་གྱུར་པ། །དྲན་དང་ཡེ་ཤེས་ཡོན་ཏན་ལྡན། །ས་མཆོག་བརྗོད་ནས་ཅི་ཡི་ཕྱིར། །ཁྱབ་བདག་རབ་ཏུ་བཤད་མི་བགྱི། །ཞེས་བྱ་བ་ལ། ཅིའི་ཕྱིར་ཀུན་དུ་རྟོག་པ་དག་པར་འགྱུར་བ་ཉིད་ཀྱིས་སྟོན་ཞེ་ན། ཀུན་དུ་རྟོག་པ་རྣམས་བཤད་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཀུན་དུ་རྟོག་པ་རྣམས་ནི་རྣམ་པར་རྟོག་པ་རྣམས་ཏེ། དེ་དག་ནི་གང་དུ་བྱེད་པའོ། །དེའི་ཕྱིར་བཤད་པའི་རྒྱུ་ནི་དག་པར་གྱུར་ན་ཅིའི་ཕྱིར་མི་འཆད་ཅེས་གསོལ་བ་འདེབས་སོ། །ཀུན་དུ་རྟོག་པ་དག་པ་དེ་ཡང་གཉེན་པོ་ཡོངས་སུ་འཛིན་པ་དང༌། ཉེས་པ་དང་བྲལ་བ་གཉིས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། དེ་ལ་དྲན་དང་ཡེ་ཤེས་ལྡན་པ་ཉིད་ཀྱིས་ནི་ཀུན་དུ་རྟོག་པ་ཉོན་མོངས་པ་ཅན་རྣམས་དང༌། གཞི་དེ་ལས་བྱུང་བའི་འདུ་ཤེས་རྣམས་ཀྱི་གཉེན་པོ་ཡོངས་སུ་འཛིན་པ་སྟོན་ཏོ། །དྲན་པ་ཉེ་པར་གཞག་པ་རྣམས་ནི་ཀུན་དུ་རྟོག་པ་ཉོན་མོངས་པ་ཅན་གྱི་གཉེན་པོ་སྟེ། དེ་དག་ནི་དྲན་པ་སྨོས་པས་སྟོན་ཏོ། །དེ་བཞིན་ཉིད་ལ་དམིགས་པའི་ཡེ་ཤེས་ནི་མཚན་མ་མེད་པའི་ཕྱིར་གཞི་དེ་ལས་འབྱུང་བའི་འདུ་ཤེས་ཀྱི་གཉེན་པོ་སྟེ། དེ་ནི་ཡེ་ཤེས་སྨོས་པས་སྟོན་ཏོ། །ལྷག་མ་རྣམས་ཀྱིས་ནི་ཉེས་པ་དང་བྲལ་བ་སྟོན་ཏོ། །དེ་ལ་གང་གིས་འཆད་པར་མི་འགྱུར་བའི་ཉེས་པ་ནི་རྣམ་པ་གསུམ་སྟེ། ཕྲག་དོག་དང༌། སེར་སྣ་དང༌། ཆོས་འཆད་པ་ན་ལེ་ལོ་ཉིད་དང༌། སྦོམས་པ་མེད་པའོ། །དེ་ལ་ཕྲག་དོག་ནི། གཞན་དག་གིས་ཤེས་པ་མི་བཟོད་པའོ། །སེར་སྣ་ནི་སེམས་ཀྱིས་ཀུན་དུ་འཛིན་པའོ། །དེ་ལ་ཡོན་ཏན་ལྡན་པ་ཉིད་ཀྱིས་ཁྲོ་བ་མེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་ཉེས་པ་དང་པོ་མེད་པར་སྟོན་ཏོ། །ས་བརྗོད་ནས་ཞེས་བྱ་བས་ནི་ཉེས་པ་གཉིས་པ་མེད་པར་སྟོན་ཏོ། །ཁྱབ་བདག་ཅེས་བྱ་བས་ནི་ཉེས་པ་གསུམ་པ་མེད་པར་སྟོན་ཏོ། །དེ་ལྟར་ཀུན་དུ་རྟོག་པ་དག་པ་རྣམ་པ་གཉིས་ཀྱིས་འཆད་པ་པོ་བསྟོད་ནས་ཉན་པ་པོ་རྣམས་ལ་བསྟོད་པ་རྩོམ་སྟེ། འདི་ཀུན་རྣམ་པར་ངེས་པ་སྟེ། །བྱང་ཆུབ་སེམས་དཔའ་གྲགས་ཆེན་ལྡན། །ཅི་ཕྱིར་ཁྱོད་ཀྱིས་ས་བརྗོད་ནས། །རྣམ་པར་དབྱེ་བ་བཤད་མི་བགྱི། །


DTG113_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའོ། །རྣམ་པར་ངེས་པ་ཞེས་བྱ་བ་ནི་མཁས་པ་སྟེ། བློ་བྱང་བ་དག་གོ །རྣམ་པར་ངེས་པ་ཉིད་དེ་ཡང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། བྱང་ཆུབ་ཆེན་པོར་སྨོན་ལམ་འདེབས་པས་རྒྱ་ཆེན་པོ་ལ་རྣམ་པར་ངེས་པ་ཉིད་དང༌། གཞན་དག་གི་དེ་བཞིན་དུ་ཡིད་ཆེས་པས་རྣམ་པར་གྲགས་པར་རྣམ་པར་ངེས་པ་ཉིད་དང༌། འཆད་པ་པོ་དེ་ཉིད་ཀྱིས་དེ་ཁོང་དུ་ཆུད་པས་ཡོངས་སུ་ཟིན་པར་རྣམ་པར་ངེས་པ་ཉིད་དོ། །དེ་དག་ནི་བྱང་ཆུབ་སེམས་དཔའ་ཉིད་དང༌། གྲགས་པ་ཆེན་པོ་དང་ལྡན་པ་ཉིད་དང༌། ས་བརྗོད་པ་ཉིད་ཀྱིས་གོ་རིམས་བཞིན་དུ་བསྟན་ཏོ། །རྣམ་པར་ངེས་སུ་ཟིན་ཀྱང་དོན་དུ་གཉེར་བ་མ་ཡིན་ན་འཆད་པའི་སྣོད་དུ་མི་འགྱུར་ཏེ། དེའི་ཕྱིར། རྒྱལ་བའི་སྲས་པོ་འདི་དག་ཀུན། །ཉན་པར་འདོད་པ་ཞེས་བྱ་བས་གསུངས་སོ། །ལུང་ལ་རྣམ་པར་ངེས་པ་ཉིད་ཡིན་གྱི་རྟོགས་པ་ལ་རྣམ་པར་ངེས་པ་ཉིད་མ་ཡིན་པ་དང༌། དོན་ལྐོག་ཏུ་གྱུར་པ་ཉིད་ཡིན་ཏེ། དོན་ལྐོག་ཏུ་གྱུར་པ་ཉིད་མ་ཡིན་པར་མ་གྱུར་ན་བཤད་པའི་སྣོད་ཡོངས་སུ་རྫོགས་པར་མི་འགྱུར་ཏེ། དེའི་ཕྱིར་དེ་གཉིས་ཀ་བསྟན་པའི་ཕྱིར། འཇིགས་པ་མེད་ཅེས་བྱ་བ་གསུངས་ཏེ། ཆོས་མཐོང་བ་དང༌། དོན་ལྐོག་ཏུ་མ་གྱུར་པ་ནི་འཇིགས་པ་མེད་པར་འགྱུར་རོ། །དེ་བས་ན་སྣོད་ཡོངས་སུ་རྫོགས་པ་དེ་དག་རིག་ནས། ས་རྣམས་དག་གི་དོན་གྱི་ཚུལ། །ཡང་དག་ཕྱེ་སྟེ་བཤད་པ་མཛོད། །ཅེས་བྱ་བས་བསྐུལ་མ་འདེབས་སོ། །དེ་ལྟར་འཁོར་ཆོས་མཐུན་པ་རྣམ་པར་ངེས་པ་དང༌། དོན་དུ་གཉེར་བའི་ཡོན་ཏན་གཉིས་ཀྱིས་བསྟོད་ནས་དེ་ལས་གཞན་པ་དག་ལ་བསྟོད་དོ། །འཁོར་འདི་ཤིན་ཏུ་རྣམ་དངས་ཏེ། །ལེ་ལོ་མེད་ཅིང་མཛེས་དང་ལྡན། །དག་པའི་སྙིང་པོར་རབ་གནས་པ། །ཡོན་ཏན་ཡེ་ཤེས་ཤིན་ཏུ་ལྡན། །ཞེས་བྱ་བའོ། །དེ་ལ་ཤིན་ཏུ་རྣམ་དངས་ཞེས་བྱ་བ་ནི་དག་པ་སྟེ། རྙོག་པ་ཅན་མ་ཡིན་པ་དག་གོ །དེ་ལ་གང་མེད་ན་ཤིན་ཏུ་རྣམ་པར་དག་པར་འགྱུར་བའི་རྙོག་པ་རྣམ་པ་དྲུག་སྟེ། དོན་དུ་མི་གཉེར་བརྙོག་པ་དང༌། སྤྱོད་ལམ་རྙོག་པ་དང་སྒྲིབ་པ་རྙོག་པ་དང༌། ཀླན་ཀ་ཚོལ་བ་དང༌། དེ་སྐད་རྒོལ་བ་ལས་ཐར་བར་བྱ་བའི་བསམ་པ་དང་ལྡན་པས་བསམ་པ་རྙོག་པ་དང༌། གང་གིས་བཤད་པ་དེ་ལ་མངོན་པར་མི་དགའ་བ་སྟེ། དགེ་བའི་རྩ་བསམ་བརྟན་བསམ་བརྟན་པ་རྙོག་པ་དང༌། བླུན་པ་ལ་སོགས་པས་གཏི་ལུག་རྙོག་པ་སྟེ།


DTG113_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གི་གཉེན་པོར་རྙོག་པ་མེད་པ་རྣམ་པ་དྲུག་ཡོད་པར་རིག་པར་བྱའོ། །དེ་ལ་སྙིང་པོར་རབ་གནས་པ། །ཞེས་བྱ་བ་ནི་བསྟན་པ་འདི་ནི་སྒྲུབ་པ་སྙིང་པོར་བྱེད་པའོ། །ལེ་ལོ་མེད་པ་དང༌། མཛེས་པ་དང་ལྡན་པ་དང༌། དག་པ་དང༌། སྙིང་པོ་ལ་རབ་ཏུ་གནས་པ་དང༌། ཡོན་ཏན་དང་ལྡན་པ་དང༌། ཡེ་ཤེས་དང་ལྡན་པ་ཞེས་བྱ་བ་ཚིག་དྲུག་པོ་དེ་དག་གིས་ནི་དེ་དག་གོ་རིམས་བཞིན་དུ་ཡོངས་སུ་བསྟན་ཏོ། །དེ་ལྟར་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་རང་གི་རིགས་ཡོངས་སུ་དག་པ་བསྟན། གཅིག་གིས་ནི་རིགས་གཞན་ཡོངས་སུ་དག་པ་བསྟན་ནས་དེ་གཉིས་ཉིད་ཀྱི་ཕན་ཚུན་ལྟ་བ་ཡོངས་སུ་དག་པ་སྟེ། ཐམས་ཅད་གུས་དང་བཅས་གནས་ཤིང༌། །ཕན་ཚུན་གཅིག་ལ་གཅིག་ལྟ་སྟེ། །ཞེས་བྱ་བའོ། །དེ་ལ་གུས་བཅས་ཞེས་བྱ་བ་འདིས་ནི་ཕན་ཚུན་ལྟ་བ་དེ་ཉིད་ཉོན་མོངས་པ་ཅན་མ་ཡིན་པར་སྟོན་ཏེ། ཆོས་ལ་གུས་པས་བྱས་ཀྱི་དེ་ཕྲག་དོག་གིས་བྱས་པ་ནི་མ་ཡིན་ནོ། །སྦྲང་མའི་སྦྲང་རྩི་བདུད་རྩི་འདྲ། །སྤང་བར་བྱ་མིན་འདོད་པ་བཞིན། །ཞེས་བྱ་བ་འདིས་ནི་གུས་པ་དེ་ཉིད་ཀྱི་མཆོག་སྟོན་ཏེ། འདི་ལྟར་ངོ་མི་ཆོད་པས་ལྟ་བ་མ་ཡིན་པའོ། །ཚིགས་སུ་བཅད་པ་འདི་ལ་ཕན་ཚུན་ལྟ་བ་ནི་ཡན་ལག་གོ །ཕན་ཚུན་ལྟ་བ་ཉོན་མོངས་པ་ཅན་མ་ཡིན་པ་ནི་ཉེ་བའི་ཡན་ལག་གོ །གཞན་དག་ལ་ཡང་དེ་བཞིན་དུ་དང་པོ་ནི་ཡན་ལག་ཡིན་ལ། ལྷག་མ་ནི་ཉེ་བའི་ཡན་ལག་ཡིན་པར་རིག་པར་བྱའོ། །མཚན་ཉིད་འདྲ་བ་དང༌། མཚན་ཉིད་མི་འདྲ་བ་དང༌། འདུ་བ་དང་རྒྱས་པ་ཡང་སྔ་མ་བཞིན་ནོ། །ཤེས་རབ་ཆེན་པོ་འཇིགས་མེད་པ། །རྡོ་རྗེའི་སྙིང་པོས་དེ་ཐོས་ནས། །འཁོར་རྣམས་དགའ་བར་བྱ་བའི་ཕྱིར། །བདེ་བར་གཤེགས་པའི་སྲས་ལ་སྨྲས། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་ལ་འཁོར་དགའ་བའི་ཕྱིར་སྨྲས་པ་ནི་ཡན་ལག་སྟེ། གོ་བར་བྱེད་པའི་མཚན་ཉིད་དོ། །གོ་བར་བྱེད་པ་དེ་ཡང་རྣམ་པ་གཉིས་ཏེ། རིག་པས་གོ་བར་བྱེད་པ་དང༌། ཞུམ་པ་མེད་པས་གོ་བར་བྱེད་པའོ། །དེ་ནི་ཤེས་རབ་ཆེན་པོ་དང༌། འཇིགས་པ་མེད་པ་ཉིད་གཉིས་ཀྱིས་བསྟན་ཏེ། གཅིག་པོ་མེད་ན་གཞན་ལ་གོ་བར་བྱེད་མི་ནུས། གཉིས་པ་མེད་ན་གོ་བར་བྱེད་པ་ཉིད་གསལ་བར་བྱས་པར་མི་འགྱུར་ཏེ། རང་དང་གཞན་གྱི་སེམས་ཀྱི་རྒྱུད་ཀྱི་ཉེས་པ་ཡོངས་སུ་སྤངས་པའི་ཕྱིར་གཉི་ག་བསྟན་ཏོ། །གོ་བར་བྱེད་པ་དེ་ཡང་


DTG113_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེ་ན། ཆོས་འདི་བཤད་པ་དང༌། མཉན་པར་དཀའ་བའོ། །དེ་ལ་བཤད་པར་དཀའ་བ་ཉིད་ཅེས་བསྟན་པའི་ཕྱིར། འདི་ནི་དཀའ་བ་དམ་པ་རྨད་བྱུང་བ། །བྱང་ཆུབ་སེམས་དཔའི་སྤྱོད་པ་རབ་བསྟན་པ། །ས་རྒྱུ་རྣམ་པར་དབྱེ་བ་མཆོག་ཡིན་ཏེ། །དེ་ལས་སངས་རྒྱས་དངོས་པོ་ཡང་དག་འཐོབ། །ཅེས་བྱ་བ་གསུངས་སོ། །དེ་ལ་དཀའ་བ་ནི་བསྒྲུབ་དཀའ་བའོ། །དཀའ་བ་ཉིད་རྣམ་པ་གཉིས་ཏེ། ཤིན་ཏུ་དཀའ་བ་ཉིད་དང༌། མ་འདྲིས་པས་དཀའ་བ་ཉིད་དོ། །དེ་ནི་དམ་པ་ཉིད་དང༌། རྨད་དུ་བྱུང་བ་ཉིད་ཀྱིས་བསྟན་ཏོ། །ཅིའི་ཕྱིར་དེ་དེ་ལྟར་དཀའ་ཞེ་ན། བྱང་ཆུབ་སེམས་དཔའི་སྤྱོད་པ་རབ་བསྟན་པ། །ས་རྒྱུ་རྣམ་པར་དབྱེ་བ་མཆོག་ཡིན་ཏེ། །ཞེས་བྱ་བ་གསུངས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ནི་རྟོགས་པའི་ཡེ་ཤེས་སོ། །དེ་རབ་ཏུ་སྟོན་པར་བྱེད་པར་རབ་ཏུ་བསྟན་པའོ། །ས་རྒྱུ་རྣམ་པར་དབྱེ་བ་མཆོག་ཡིན་ཏེ། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའི་རྒྱུ་ས་རྣམས་བསྟན་པ་ཡང་དག་ཕུལ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་རབ་ཏུ་བསྟན་པ་ཅི་འདྲ་བ་ཞིག་ཅེ་ན། དེ་ལས་སངས་རྒྱས་དངོས་པོ་ཡང་དག་འཐོབ། །ཅེས་གསུངས་པའོ། །སངས་རྒྱས་ཀྱི་དངོས་པོ་ནི་སངས་རྒྱས་ཉིད་དེ། སངས་རྒྱས་ཀྱི་ཡེ་ཤེས་སོ། །བཤད་དཀའ་བ་ཉིད་བསྟན་ནས། ཇི་ལྟར་དེ་དཀའ་བ་ཉིད་དེའི་རྒྱུ་སྟོན་ཏོ། །དེའི་རྒྱུ་གང་ཞེ་ན། བྱང་ཆུབ་སེམས་དཔའི་སྤྱོད་པའི་དོན་དེ་ཇི་ལྟར་གནས་པ་དེ་བཞིན་དུ་བཤད་པར་མི་ནུས་པའོ། །དོན་དེ་གནས་པ་ཡང་ཇི་ལྟ་བུ་ཞེ་ན། ཆ་ཕྲ་མཐོང་དཀའ་རྣམ་པར་རྟོག་པ་སྤངས། །སེམས་ཀྱི་ས་དང་བྲལ་བས་བསྒྲུབ་པར་དཀའ། །མཁས་པ་རྣམས་ཀྱིས་ཟག་མེད་སྤྱོད་ཡུལ་ཏེ། །འགྲོ་བས་ཐོས་ནས་དེར་ནི་རྨོངས་པར་འགྱུར། །ཞེས་བྱ་བ་གསུངས་པའོ། །དེ་ལ་བསྒྲུབ་པར་དཀའ་བ་ཉིད་ནི་ཡན་ལག་གོ །ལྷག་མ་ནི་ཉེ་བའི་ཡན་ལག་གོ །དེ་ལ་བསྒྲུབ་པར་དཀའ་བ་ནི་ཐོབ་པར་དཀའ་བ་སྟེ། རྟོགས་པར་དཀའ་བའོ། །བསྒྲུབ་པར་དཀའ་བ་ཉིད་དེ་ཡང་རྣམ་པ་བཞི་སྟེ། ཆ་ཕྲ་བས་བསྒྲུབ་པར་དཀའ་བ་ཉིད་ནས། སེམས་ཀྱི་ས་དང་བྲལ་བས་བསྒྲུབ་པར་དཀའ་བ་ཉིད་ཀྱི་བར་དུའོ། །དེ་ལ་ཆ་ཕྲ་བ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཤེས་པར་བྱ་བ་མ་ཡིན་ཏེ། རགས་པ་ནི་བསམ་མི་དགོས་པས་ཤེས་པར་བྱ་བ་མ་ཡིན་ནོ། །མཐོང་


DTG113_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བ་ནི་བསམས་པ་ལས་བྱུང་བས་ཀྱང་ཤས་པར་བྱ་བ་མ་ཡིན་པའོ། །རྣམ་པར་རྟོག་པ་སྤངས་པ་ནི་འཇིག་རྟེན་པའི་བསྒོམས་པ་ལས་བྱུང་བས་ཀྱང་ཤེས་པར་བྱ་བ་མ་ཡིན་པ་སྟེ། རྣམ་པར་རྟོག་པ་ནི་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ཡིན་པའི་ཕྱིར་རོ། །འདིས་ནི་རེ་ཞིག་འཇིག་རྟེན་པའི་སྦྱོར་བ་ལས་བྱུང་བའི་ཤེས་པའི་སྤྱོད་ཡུལ་མ་ཡིན་པ་ཉིད་སྟོན་ཏོ། །སེམས་ཀྱིས་དང་བྲལ་ཞེས་བྱ་བ་འདིས་ནི་སྐྱེས་ནས་ཐོབ་པ་རྣམ་པར་སྨིན་པ་ལས་བྱུང་བའི་སེམས་ཀྱི་བྱེ་བྲག་གི་སྤྱོད་ཡུལ་ཉིད་ཀྱང་མ་ཡིན་པར་སྟོན་ཏེ། སེམས་ཀྱི་སྤྱོད་ཡུལ་ནི་འདིར་སེམས་ཀྱིས་ཡིན་པར་བྱའོ། །འོ་ན་དེ་སུའི་སྤྱོད་ཡུལ་ཞེ་ན། མཁས་པ་རྣམས་ཀྱི་ཟག་མེད་སྤྱོད་ཡུལ་ཏེ། །ཞེས་བྱ་བ་གསུངས་པ་སྟེ། བདེན་པ་མཐོང་བ་རྣམས་ཀྱི་ཞེས་བྱ་བའི་ཐ་ཚིག་གོ །ཅིའི་ཕྱིར་གཞན་རྣམས་ཀྱི་མ་ཡིན་ཞེ་ན། འདི་ལྟར་ཟག་མེད་ཅེས་བྱ་བ་སྟེ། འཇིག་རྟེན་ལས་འདས་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་བས་ན་འཇིག་རྟེན་པའི་ཤེས་པས་ཤེས་པར་བྱ་བ་མ་ཡིན་ནོ། །དེ་ལྟར་དོན་ཟབ་པ་དེ་ཇི་ལྟར་ནུས་པ་དེ་བཞིན་དུ་བཤད་ཀྱང་དཀའ་སྟེ། འགྲོ་བས་ཐོས་ན་དེར་ནི་རྨོངས་པར་འགྱུར། །ཞེས་བྱ་བའོ། །རྨོངས་པར་ཇི་ལྟ་བུ་ཞེ་ན། དོན་ལ་སྒྲ་ཇི་བཞིན་དུ་འཛིན་པའོ། ཐོས་ན་ཞེས་བྱ་བ་ནི་ཐོས་ནས་དེ་བཤད་པར་དཀའ་བ་ནི་དེ་ལྟ་བུ་ཡིན་ནོ། །ད་ནི་ཇི་ལྟར་མཉན་པར་དཀའ་བ་ནི། །རྡོ་རྗེ་ལྟ་བུར་བསམ་པ་གཞག་བྱས་ནས། །སངས་རྒྱས་ཡེ་ཤེས་མཆོག་ལ་ལྷག་མོས་ཤིང༌། །སེམས་ཀྱི་ས་ལ་བདག་མེད་རིག་ནས་ནི། །ཡེ་ཤེས་ཤིན་ཏུ་ཆ་ཕྲ་འདི་མཉན་ནུས། །ཞེས་གསུངས་པའོ། །དེ་ལ་རྡོ་རྗེ་ལྟ་བུ་ཞེས་བྱ་བ་ནི་རྡོ་རྗེ་ལྟར་སྲ་བར་བྱས་ནས་སོ། །སྲ་བ་ཉིད་ནི་རྣམ་པ་གཉིས་ཏེ། མོས་པ་སྲ་བ་ཉིད་དང༌། རྟོགས་པ་སྲ་བ་ཉིད་དེ། ཚིག་གསུམ་གྱིས་བསྟན་ཏོ། །དེ་ལ་སྲ་བ་ཉིད་ནི་ཡན་ལག་གོ །ལྷག་མ་ནི་ཉེ་བའི་ཡན་ལག་གོ །སངས་རྒྱས་ཀྱི་ཡེ་ཤེས་མཆོག་ལ་མོས་པ་ཇི་ལྟ་བུ་ཞེ་ན། སངས་རྒྱས་ཀྱི་བྱང་ཆུབ་ནི་མཐའ་ཡས་ཏེ། མོས་པ་དད་པས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པ་རྣམས་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བསྟན་པ་འཇུག་པས་སངས་རྒྱས་ཉིད་ཀྱིས་མཁྱེན་གྱི་བདག་གིས་ནི་མི་ཤེས་སོ་ཞེས་བྱ་བའོ། །སེམས་ཀྱིས་ནི་གང་ཡིན། དེ་ལ་


DTG113_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་པར་རིག་པ་ཇི་ལྟ་བུ་ཞེ་ན། ཁམས་གསུམ་གང་དུ་སེམས་རྣམ་པར་སྨིན་པ་དང༌། ཆོས་ཐམས་ཅད་ལ་དམིགས་པས་གང་དུ་སེམས་དེ་རྒྱུ་བ་དེ་ནི་སེམས་ཀྱི་ས་ཡིན་ནོ། །རྣམ་པ་དེ་གཉིས་ཀ་ལ་ཡང་གང་ཟག་དང་ཆོས་ལ་བདག་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རིག་པའོ། །ཤིན་ཏུ་ཆ་ཕྲ་བ་ཞེས་བྱ་བ་ནི་ཤིན་ཏུ་རྟོགས་པར་དཀའ་བ་སྟེ། ཇི་ལྟར་ཆ་ཕྲ་བ་དེ་ནི་སྔར་བསྟན་པ་ཡིན་ནོ། །ད་ནི་དཔེ་སྨོས་པས་སྟོན་ཏེ། ཇི་ལྟར་བར་སྣང་ཚོན་རིས་བྲི་པ་དང༌། །ཇི་ལྟར་ནམ་མཁའི་དབྱིངས་ལ་རླུང་གནས་པ། །དེ་ལྟར་འདིར་ཡང་བཅོམ་ལྡན་འདས་རྣམས་ཀྱི། །ཡེ་ཤེས་ཟག་མེད་རྣམ་ཕྱེ་མཐོང་བར་དཀའ། །ཞེས་བྱ་བའོ། །དེ་ནི་འདི་སྐད་སྟོན་ཏེ། དཔེར་ན་ནམ་མཁའ་ལ་ཚོན་གྱིས་རི་མོ་བྲིས་པ་ནི་རྩིག་ངོས་ལ་ཇི་ལྟ་བ་བཞིན་དུ་དེ་ལ་མི་གནས་པའི་ཕྱིར་བལྟར་མི་སྣང་བ་དང༌། དཔེར་ན་ནམ་མཁའ་ལ་ནི་ལོ་མ་ལྟར་དེ་ལ་མི་གནས་པའི་ཕྱིར་གཡོ་བའི་ལས་ཀྱིས་བལྟར་མི་སྣང་སྟེ། ནམ་མཁའ་ལ་དེ་གཉིས་མི་འབྱུང་བ་ཡང་མ་ཡིན་ནོ། །དེ་བཞིན་དུ་ནམ་མཁའ་ལྟ་བུའི་དངོས་པོ་བརྗོད་དུ་མེད་པ་ལ་རི་མོ་བྲི་བ་དང༌། རླུང་ལྟ་བུའི་བཤད་པ་དེ་དེའི་རང་བཞིན་མ་ཡིན་པས་མི་སྣང་སྟེ། གློ་བུར་དུ་བྱུང་བ་ཡིན་པས་དེ་ལ་མི་གནས་པའི་ཕྱིར་རོ། །འོན་ཀྱང་དེར་དེ་མི་འབྱུང་བ་ཡང་མ་ཡིན་ནོ། །དེ་ལྟར་སངས་རྒྱས་ཀྱི་ཡེ་ཤེས་དེ་བཤད་པའི་རྣམ་པར་དབྱེ་བས་ཆར་ཕྱེ་སྟེ། རྣམ་པར་ཕྱེ་ཡང་མཐོང་བར་དཀའ་བ་ཡིན་ནོ། །དེ་ལ་རི་མོ་བྲིས་པས་ནི་མིང་དང་ཚིག་དང༌། ཡི་གེའི་ཚོགས་རྣམས་སྟོན་ཏེ། བཤད་པའི་སྐབས་ཡིན་པའི་ཕྱིར་རོ། །སྒྲའི་གཞི་རླུང་གིས་ནི་ཚིག་སྟོན་ཏེ། དེ་གཉིས་ནི་བཤད་པར་བྱ་བ་དང༌། མཉན་པར་བྱ་བ་ཡིན་ནོ། །གལ་ཏེ་ཇི་ལྟར་ཡང་མཉན་པར་ནུས་ན་དེ་ལྟར་མཐོང་བར་དཀའ་ཡང་ཅིའི་ཕྱིར་མི་བཤད་ཅེ་ན། དེ་ལ་བདག་གི་བློ་ནི་འདི་སྙམ་དུ། །འགྲོ་བ་གང་གིས་འདི་རྟོགས་འགྱུར་བ་དང༌། །མཆོག་འདིར་སུ་ཞིག་དང་བ་དཀོན་སྙམ་ནས། །དེ་ཡི་ཕྱིར་ན་འདི་བཤད་སྤྲོ་བ་མེད། །ཅེས་བྱ་བ་གསུངས་པའོ། །དེ་ལ་རྟོགས་པར་འགྱུར་བ་ནི་ཁོང་དུ་ཆུད་པར་འགྱུར་བའོ། །དང་བ་ནི་མོས་པ་དང་ལྡན་པའོ། །འདིས་ཅི་ཞིག་བསྟན་ཞེ་ན། རྟོགས་པ་དང་མོས་པ་གོང་དུ་སྨོས་པ་དེ་གཉིས་དང་ལྡན་པ་དག་གིས་འདི་མཉན་པར་ནུས་ན་དེ་དག་ནི་འཇིག་རྟེན་ན་དཀོན་ཏེ། དེའི་ཕྱིར་མི་བཤད་དོ་སྙམ་


DTG113_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

པའོ།། །།བམ་པོ་གཉིས་པ། དེ་སྐད་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་ཀྱི་མ་འཁོར་འདི་ནི་ཤིན་ཏུ་ཡོངས་སུ་དག་པ་སྟེ། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ཤིན་ཏུ་ཡོངས་སུ་སྦྱངས་པ། ཀུན་དུ་རྟོག་པ་ཤིན་ཏུ་ཡོངས་སུ་སྦྱངས་པ། སྤྱད་པར་བྱ་བ་ཤིན་ཏུ་ཡོངས་སུ་སྤྱད་པ། སངས་རྒྱས་བྱེ་བ་ཕྲག་མང་པོ་ལ་བསྙེན་བཀུར་བྱས་པ། ཚོགས་ཤིན་ཏུ་བསགས་པ། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ། ཡིད་གཉིས་དང༌། ནེམ་ནུར་དང་བྲལ་བ། ཉོན་མོངས་པ་མེད་པ། ལྷག་པའི་བསམ་པ་དང་མོས་པ་ལ་རབ་ཏུ་གནས་པ། སངས་རྒྱས་ཀྱི་ཆོས་འདི་དག་ལ་གཞན་གྱི་དྲིང་མི་འཇོག་པ་ཤ་སྟག་ཚོགས་པ་སྟེ། དེ་བས་ན་ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་འདི་དག་ནི་གནས་འདི་ལ་མངོན་སུམ་དུ་གནས་པ་ཤ་སྟག་ཡིན་གྱི་ལེགས་པར་བཤད་པར་མཛོད་ཅིག་ཅེས་བྱ་བ་ལ། ཅིའི་ཕྱིར་འཕགས་པ་རྣམ་པར་གྲོལ་བའི་ཟླ་བས་འཁོར་དེ་དག་བསྟོད་ཅེ་ན། གལ་ཏེ་འདི་ལྟ་བུ་དེ་དག་འཇིག་རྟེན་ན་དཀོན་ཡང༌། འཁོར་འདི་ན་མོད་དོ་ཞེས་བསྟན་པའི་ཕྱིར་རོ། །དེ་ལ་ལྷག་པའི་བསམ་པ་ཤིན་ཏུ་ཡོངས་སུ་སྦྱངས་པ་ཞེས་བྱ་བ་ནི་ཡན་ལག་གོ །ལྷག་པའི་བསམ་པ་ཤིན་ཏུ་ཡོངས་སུ་སྦྱངས་པ་དེ་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། ལུང་ཡོངས་སུ་དག་པ་དང༌། རྟོགས་པ་ཡོངས་སུ་དག་པའོ། །དེ་ལ་ལུང་ཡོངས་སུ་དག་པ་ཡང་རྣམ་པ་ལྔ་སྟེ། ཇི་ལྟར་འདོད་པའི་ལུང་ཐོབ་པར་བྱ་བའི་ཐབས་ལ་ཀུན་དུ་རྟོག་པའི་ཕྱིར་འདུན་པ་ཡོངས་སུ་དག་པ་ནི་གང་གི་ཕྱིར། ཀུན་དུ་རྟོག་པ་ཤིན་ཏུ་ཡོངས་སུ་སྦྱངས་པ་ཞེས་གསུངས་པའོ། །དེ་ཐོབ་པར་བྱ་བ་དང་མཐུན་པའི་ལུས་དང་ངག་གི་སྤྱད་པ་སྤྱོད་པས་ཀུན་དུ་ཚོལ་བ་ཡོངས་སུ་དག་པ་ནི་གང་གི་ཕྱིར་སྤྱད་པར་བྱ་བ་ཤིན་ཏུ་སྤྱད་པ་ཞེས་གསུངས་པའོ། །ཐོས་པ་ཕྱིན་ཅི་མ་ལོག་པ་མང་པོ་ཡུན་རིང་པོར་འཛིན་པས་འཛིན་པ་ཡོངས་སུ་དག་པ་ནི་གང་གི་ཕྱིར། སངས་རྒྱས་བྱེ་བ་ཕྲག་མང་པོ་ལ་བསྙེན་བཀུར་བྱས་པ་ཞེས་གསུངས་པའོ། །སྨོན་ལམ་གྱི་ཁྱད་པར་གྱིས་ཕྱི་མ་ཕྱི་མར་ཚེ་རབས་ཁྱད་པར་དུ་འཕགས་པས་དྲན་པའི་ཁྱད་པར་ཐོབ་པའི་ཕྱིར་སྐྱེ་བས་ཐོབ་པ་ཡོངས་སུ་


DTG113_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་ནི་གང་གི་ཕྱིར། ཚོགས་ཤིན་ཏུ་བསགས་པ་ཞེས་གསུངས་པའོ། །ཁོང་དུ་ཆུད་པར་བྱ་བ་ལ་བརྩོན་པ་དགེ་བ་གང་ཡིན་ཞེས་ཚོལ་བ་ན་འདོད་པ་ཆུང་བ་ལ་སོགས་པའི་ཡོན་ཏན་མང་པོ་དང་ལྡན་པས་སྦྱོར་བ་ཡོངས་སུ་དག་པ་ནི་གང་གི་ཕྱིར། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཞེས་གསུངས་པའོ། །རྟོགས་པ་ཡོངས་སུ་དག་པ་ནི་རྣམ་པ་བཞི་སྟེ། མངོན་སུམ་གྱི་ཤེས་པས་ཤིན་ཏུ་རྣམ་པར་ངེས་པའི་ཕྱིར་རབ་ཏུ་རྟོགས་པ་ཡོངས་སུ་དག་པ་ནི་གང་གི་ཕྱིར། ཡིད་གཉིས་དང་ནེམ་ནུར་དང་བྲལ་བ་ཞེས་གསུངས་པའོ། །བསྒོམ་པའི་ལམ་ན་ཉེ་བའི་ཉོན་མོངས་པ་ཐམས་ཅད་མི་འབྱུང་བས། ཉོན་མོངས་པ་རབ་ཏུ་མི་རྒྱུ་བ་ཡོངས་སུ་དག་པ་ནི་གང་གི་ཕྱིར། ཉོན་མོངས་པ་མེད་པ་ཞེས་གསུངས་པའོ། །ཐེག་པ་དམན་པ་ནི་མི་འདོད་ཀྱི་གོང་མའི་ཁྱད་པར་ཐོབ་པར་འདོད་པས་ཆོག་པར་མི་འཛིན་པ་ཡོངས་སུ་དག་པ་ནི་གང་གི་ཕྱིར། ལྷག་བའི་བསམ་པ་དང་མོས་པ་ལ་རབ་ཏུ་གནས་པ་ཞེས་གསུངས་པའོ། །དེ་ལ་ལྷག་པའི་བསམ་པ་ནི་དད་པ་དང་འདུན་པའོ། །མོས་པ་ནི་དེ་དག་གི་དམིགས་པ་ལ་ཡོན་ཏན་དུ་འཛིན་བའོ། །མཐར་ཕྱིན་པར་འགྲོ་བ་ལ་བདག་ཉིད་ཀྱིས་ཡང་དག་པར་ཞུགས་པས། གདམས་ངག་རྗེས་སུ་བསྟན་པ་ལ་གཞན་ལ་རག་མ་ལས་པ་ཡོངས་སུ་དག་པ་ནི་གང་གི་ཕྱིར། སངས་རྒྱས་ཀྱི་ཆོས་འདི་དག་ལ་གཞན་གྱི་དྲིང་མི་འཇོག་པ་ཞེས་གསུངས་པའོ། །རྡོ་རྗེའི་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་འཁོར་འདི་ནི་བྱང་ཆུབ་སེམས་དཔའ་ཤིན་ཏུ་ཡོངས་སུ་དག་པ་སྟེ། ལྷག་པའི་བསམ་པ་ཤིན་ཏུ་ཡོངས་སུ་སྦྱངས་པ། ཀུན་དུ་རྟོག་པ་ཤིན་ཏུ་ཡོངས་སུ་སྦྱངས་པ། སྤྱད་པར་བྱ་བ་ཤིན་ཏུ་སྤྱད་པ། སངས་རྒྱས་བྱེ་བ་ཕྲག་མང་པོ་ལ་བསྙེན་བཀུར་བྱས་པ། ཚོགས་ཤིན་ཏུ་བསགས་པ། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ། ཡིད་གཉིས་དང་ནེམ་ནུར་དང་བྲལ་བ། ཉོན་མོངས་པ་མེད་པ། ལྷག་པའི་བསམ་པ་དང༌། མོས་པ་ལ་རབ་ཏུ་གནས་པ། སངས་རྒྱས་ཀྱི་ཆོས་འདི་དག་ལ་གཞན་གྱི་དྲིང་མི་འཇོག་པ་ཤ་སྟག་འདུས་མོད་ཀྱི། འོན་ཀྱང་གཞན་དག་བསམ་གྱིས་མི་ཁྱབ་པའི་གནས་འདི་ལྟ་བུ་འདི་ཐོས་པར་གྱུར་ལ། ཐོས་ནས་ཀྱང་ཡིད་གཉིས་དང་ནེམ་ནུར་སྐྱེ་བར་གྱུར་ན། དེ་ནི་དེ་དག་ལ་ཡུན་རིང་པོར་ན་བ་མེད་


DTG113_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། གནོད་པ་དང་མི་བདེ་བར་འགྱུར་ཏེ། འདི་ལྟ་ཞིག་སྙིང་བརྩེ་བས་དེའི་ཕྱིར་བདག་ནི་ཅང་མི་སྨྲ་བར་འདུག་པ་ཉིད་དུ་མོས་སོ་ཞེས་བྱ་བ་ནི་འཕགས་པ་རྡོ་རྗེའི་སྙིང་པོས་དེའི་འཁོར་ཡོངས་སུ་དག་པ་ཉིད་དེ་བཟུང་ནས། ཐོས་ནས་ཀྱང་ཡིད་གཉིས་དང༌། ནེམ་ནུར་སྐྱེ་བར་འགྱུར་ན་ཞེས་སྨོས་པ་ནི། བསྟན་པ་འདིའི་སྣོད་དུ་མི་འགྱུར་བའི་ཉེས་པ་སྟོན་ཏོ། །དོན་གཅིག་ལ་ཉེས་པའི་སྐྱོན་གཉིས་ཆགས་པས་ཡིད་གཉིས་དང༌། ནེམ་ནུར་ཞེས་རྣམ་པ་གཉིས་སུ་བསྟན་ཏོ། །དྲང་པོའི་ལས་དང་མི་མཐུན་པ་གཉིས་སོ། །སེམས་ལ་དོགས་པ་ཡོད་པའི་ཕྱིར་དང༌། དགེ་བ་ཉམས་པར་འགྱུར་བས་དགེ་བ་སེལ་བའི་ཕྱིར་ནེམ་ནུར་རོ། །དེ་ལྟར་མི་འགྲོ་བའི་རྒྱུ་ཉིད་དང༌། འགྲོ་བ་ལས་ལྡོག་པའི་རྒྱུ་ཉིད་ཡོངས་སུ་བསྟན་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་དོན་དེ་ཉིད་ཀྱི་ཕྱིར་ཡང་གསོལ་བ་བཏབ་པ། ཀྱེ་རྒྱལ་བའི་སྲས་ལེགས་པར་བཤད་པ་མཛོད་ཅིག་དང༌། དེ་བཞིན་གཤེགས་པའི་མཐུས་བསམ་གྱིས་མི་ཁྱབ་པའི་གནས་འདི་ལྟ་བུ་འདི་དག་ཤིན་ཏུ་བསྲུང་བ་དང༌། ཡིད་ཆེས་པ་དག་ཏུ་ཡང་འགྱུར། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཀྱེ་རྒྱལ་བའི་སྲས་ས་བསྟན་པ་འདི་བཤད་པ་ན་ཆོས་ཉིད་ཐོབ་པ་འདི་ཡིན་ཏེ། འདིར་སངས་རྒྱས་ཐམས་ཅད་དགོངས་པར་འགྱུར་བ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་ས་འདི་ཉིད་ལ་སྲུང་བར་སྤྲོ་བར་བྱེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་འདི་ནི་ཐོག་མར་སྤྱད་པ་སྟེ། འདི་ནི་སངས་རྒྱས་ཀྱི་ཆོས་རྣམས་ཡང་དག་པར་འགྲུབ་པའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་ཡི་གེའི་འབྲུ་དང༌། ཡི་གེ་དང་གྲངས་བསྟན་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡང་ཡི་གེའི་ཕྱི་མོ་ཡིན་ལ། མཐར་ཕྱིན་པ་ཡང་ཡི་གེའི་ཕྱི་མོ་ཡིན་ཏེ། རི་མོའི་ཡི་གེ་དང༌། ཡི་གེའི་འབྲུ་དང༌། གྲངས་བསྟན་པ་གང་ཡིན་པ་དེ་ནི་ཡི་གེའི་ཕྱི་མོ་མེད་པར་བསྟན་པ་མེད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་སྤྱོད་པས་འགྲུབ་པས་ས་དེ་ནི་སྔོན་དུ་འགྲོ་བའོ། །རང་བྱུང་གི་ཡེ་ཤེས་ཀྱི་མཐར་ཐུག་པར་འགྱུར་བས་ནི་མཐར་འབྱིན་པའོ། །དེ་བས་ན་ཀྱེ་རྒྱལ་བའི་སྲས་ཤོད་ཅིག་དང༌། དེ་བཞིན་གཤེགས་


DTG113_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་ཡོངས་སུ་བསྲུང་བའི་ཕྱིར་བྱིན་གྱིས་རློབ་པ་མཛད་དོ་ཞེས་བྱ་བ་ནི་འཕགས་པ་རྣམ་པར་གྲོལ་བའི་ཟླ་བས་དེ་ལ་ཉེས་པ་དེ་ཡོངས་སུ་བསྩལ་ནུས་པ་དང༌། མ་བཤད་ན་སངས་རྒྱས་ཀྱི་ཆོས་ཡང་དག་པར་མི་འགྲུབ་པའི་ཉེས་པ་མང་པོ་སྟོན་ཏོ།། གལ་ཏེ་གནས་འདི་དག་ཡིད་ཆེས་པར་མཛད་པས་སངས་རྒྱས་རྣམས་ལ་མཐུ་མངའ་ན། ཅིའི་ཕྱིར་འདི་དག་ལ་ཁ་ཅིག་ཁོང་ཁྲོ་བ་སྐྱེ་བར་འགྱུར་ཞེ་ན། ངེས་པ་འདི་རྣམ་པ་གཉིས་ཏེ། རྣམ་པར་སྨིན་པ་མྱོང་བར་ངེས་པ་དང༌། ལས་བྱེད་པར་ངེས་པ་སྟེ། དེ་ལ་ནི་སངས་རྒྱས་རྣམས་ཀྱི་མཐུས་ཀྱང་མི་སྨོན་ཏོ། །འདི་ནི་ཐོག་མར་སྤྱད་པ་སྟེ། །ཞེས་བྱ་བ་ནི་ལུང་ལས་དགོངས་ནས་གསུངས་པའོ། །འདི་ནི་སངས་རྒྱས་ཀྱི་ཆོས་རྣམས་ཡང་དག་པར་འགྲུབ་པ་ཞེས་བྱ་བ་ནི་རྟོགས་པའོ། །དེ་ལ་རི་མོའི་ཡི་གེ་ནི་ཡི་གེའི་རྒྱུ་སྟེ། སེང་གེ་འདྲ་བ་ལ་སོགས་པའོ། །ཡི་གེའི་འབྲུ་ནི་ཨ་ཞེས་བྱ་བ་ལ་སོགས་པ་ཡི་གེའོ། །གྲངས་ནི་མིང་དང་ཚིག་སྟེ། དེ་གཉིས་ཀྱིས་དོན་བགྲང་བའི་ཕྱིར་རོ། །བསྟན་པ་ནི་ངག་གོ །ཡི་གེའི་ཕྱི་མོ་ནི་རི་མོའི་ཡི་གེ་ལ་སོགས་པ་བསྟན་པ་རྣམས་ཀྱི་རྩ་བ་ཡིན་ཏེ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་དབྱངས་ཀྱི་ང་རོ་གཅིག་གིས་ཚིགས་སུ་བཅད་པའི་དབྱངས་ཀྱིས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་དོན་དེ་ཉིད་ཀྱི་ཕྱིར་དེའི་ཚེ་གསོལ་བ་བཏབ་པ། རབ་མཆོག་དམ་པ་དྲི་མ་མེད་པའི་བློ། །བརྗོད་ན་ལེགས་བརྗོད་སྤོབས་པ་མཐའ་ཡས་པ། །སྙན་ཅིང་མཆོག་ཏུ་གྱུར་པའི་གསུང་དབྱངས་ཀྱི། །དམ་པའི་དོན་དང་ལྡན་པ་བཤད་པར་མཛོད། །དྲན་དང་འཛིན་པས་རྣམ་པར་དག་པའི་བློ། །སྟོབས་བཅུའི་སྟོབས་ཐོབ་བསམ་པ་རྣམ་དག་པ། །སོ་སོ་ཡང་དག་རིག་པས་དོན་རྣམས་འབྱེད། །ས་བཅུ་ཕུལ་དུ་བྱུང་བ་བཤད་པར་མཛོད། །ཅེས་བྱ་བ་སྟེ། དེ་དག་ཐམས་ཅད་ཀྱིས་བསྟོད་པ་དང་བཅས་པའི་སྐུལ་བས་བསྐུལ་ཏོ། །དེ་ལ་ཚིགས་སུ་བཅད་པ་དང་པོས་ནི་རྟོགས་པའི་མཐུ་སྤོབས་པ་ཕུན་སུམ་ཚོགས་པ་དང༌། ཚིགས་སུ་བཅད་པ་གཉིས་པས་ནི་ལུང་གི་མཐུ་ཕུན་སུམ་ཚོགས་པས་བསྟོད་དོ། །འདི་གཉིས་དང་ལྡན་ན་སྟོན་ཏེ། འདི་ལྟར་རྟོགས་པ་དང་ལུང་ངོ༌། །དེ་ལ་རབ་མཆོག་ཉིད་ནི་ཡན་ལག་སྟེ། །རབ་མཆོག་ཉིད་དེ་


DTG113_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྟོགས་པའི་མཐུ་སྤོབས་པས་རབ་ཏུ་ཕྱེ་བའོ། །སྤོབས་པ་ནི་གནས་དང༌། རང་བཞིན་དང༌། འབྲས་བུ་དང་རྣམ་པ་གསུམ་གྱིས་སྟོན་ཏེ། དེ་ལ་གནས་ནི་ཉན་ཐོས་ལ་སོགས་པ་པས་ཟག་པ་མེད་པའི་ཤེས་རབ་ཁྱད་པར་དུ་འཕགས་པ་སྟེ། དམ་པ་དྲི་མ་མེད་པའི་བློ་དང་ལྡན་པའི་ཕྱིར་རོ། །རང་བཞིན་ནི་དྲིས་པ་ལུང་བསྟན་པ་ལ་རིགས་པའི་སྤོབས་པ་ཉིད་ཟད་མི་ཤེས་པའོ། །འབྲས་བུ་ནི་ཡི་གེ་དང་དོན་ཕུན་སུམ་ཚོགས་པས་ལུང་བསྟན་པ་སྟེ། དེ་ལ་སྙན་པ་དང༌། རྒྱ་ཆེ་བ་ཉིད་ཀྱིས་ནི་ཡི་གེ་ཕུན་སུམ་ཚོགས་པ་ཉིད་རིག་བར་བྱའོ། །ཚིགས་སུ་བཅད་པ་གཉིས་པ་ལ་ལུང་གི་མཐུ་ནི། དྲན་དང་འཛིན་པས་རྣམ་པར་དག་པའི་བློ། །ཞེས་བྱ་བས་བསྟན་ཏོ། །ལེན་པ་དང་འཛིན་པ་གཉིས་ཀྱིས་རབ་ཏུ་ཕྱེ་བའི་དྲན་པ་དང༌། འཛིན་པ་གཉིས་ཀྱིས་ནི་ལུང་དེ་ལ་དེའི་བློ་དྲི་མ་མེད་པ་སྟོན་ཏེ་ནེམ་ནུར་མེད་པའི་ཕྱིར་རོ། །དེ་ལྟར་རྟོགས་པ་དང་ལུང་གི་ནུས་པས་བསྟོད་ནས། གཞན་དག་ཀྱང་རྟོགས་པར་བྱ་བའི་ཕྱིར་དང༌། ལུང་དུ་བྱ་བའི་ཕྱིར་བཤད་པར་གསོལ་བ་བཏབ་སྟེ། ས་ལ་ཞུགས་པ་རྣམས་ནི་དེ་བཞིན་གཤེགས་པའི་སྟོབས་རྟོགས་པར་བྱ་བ་དང༌། ས་ལ་མ་ཞུགས་པ་རྣམས་ནི་ས་ལ་འཇུག་པ་རྟོགས་པར་བྱ་བའི་ཕྱིར་ཏེ། རྟོགས་པར་བྱ་བ་ནི་དེ་ལྟ་བུའོ། །ལུང་དུ་བྱ་བ་ཇི་ལྟ་བུ་ཞེ་ན། དོན་རྣམ་པར་འབྱེད་པར་འགྱུར་བའི་ས་རྣམས་འཛིན་པའི་ཕྱིར་རོ། །སོ་སོ་ཡང་དག་རིག་པས་ཞེས་བྱ་བ་ནི་ལུང་དང་རྟོགས་པ་ལས་སྐྱེས་པའི་རང་གི་ནུས་པ་དག་གིས་སོ། །དེ་ལྟར་འཆད་པ་པོ་བསྟོད་ནས། ཡང་འཁོར་ཀྱང་རྟོགས་པ་དང་ལུང་གི་འོས་སུ་འགྱུར་བའི་འདོད་པས་བསྟོད་པ། ཞི་བ་དུལ་བ་མི་གཡེང་དགེ་བའི་ཡིད། །རྒྱགས་དང་ང་རྒྱལ་ལྟ་བའི་ཉོན་མོངས་སྤངས། །འཁོར་འདི་ཐེ་ཚོམ་བྲལ་བར་གྱུར་པ་སྟེ། །ཁྱོད་ཀྱིས་ལེགས་པར་བཤད་པ་འདོད་ཅིང་འཁོད། །ཅེས་དེ་ལ་འདོད་པ་ཉིད་ནི་ཡན་ལག་གོ །འདོད་པ་དེ་ནི་རྣམ་པ་གཉིས་སུ་བསྟན་ཏེ། ལུང་གི་འོས་སུ་འགྱུར་བའི་འདོད་པ་དང༌། རྟོགས་པའི་འོས་སུ་འགྱུར་བའི་འདོད་པའོ། །དེ་ལ་ཀུན་ནས་ཉོན་མོངས་པ་གཉིས་ཀྱིས་ལུང་གི་འོས་སུ་མི་འགྱུར་ཏེ། རྒྱགས་པ་དང་ང་རྒྱལ་གཉིས་ཀྱིས་སོ། །དེས་ནོན་ན་ཆོས་དང་ཆོས་སྨྲ་བ་ལ་གུས་པར་མི་འགྱུར་ཏེ། གོ་རིམས་བཞིན་ནོ། །ལོག་པར་རྟོགས་པ་


DTG113_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དང། བསམ་གྱིས་མི་ཁྱབ་པའི་གནས་ལ་མི་མོས་པའི་ཕྱིར། ལྟ་བ་དང་ཐེ་ཚོམ་གཉིས་ཀྱིས་མི་རྟོགས་པའི་འོས་སུ་མི་འགྱུར་རོ། །དེ་ལ་བག་ལ་ཉལ་དང་བཅས་པའི་ལྟ་བ་ནི་ལྟ་བ་ཀུན་ནས་ཉོན་མོངས་པར་རིག་པར་བྱའོ། །དེའི་གཉེན་པོ་ཞིབ་དང་དུལ་བ་གཉིས་ཀྱིས་ནི་ལུང་གི་འོས་སུ་གྱུར་ཏེ། སེམས་རྣམ་པར་ཞི་བ་དང༌། སྤྱོད་ལམ་དུལ་བར་གནས་པའི་ཕྱིར་རོ། །མི་གཡེང་བ་དང་ཡིད་དགེ་བ་དང་ལྡན་པ་གཉིས་ཀྱིས་ནི་རྟོགས་པའི་འོས་སུ་འགྱུར་ཏེ། བསམ་པ་ལེགས་པར་བསམ་པ་དང༌། མཆོག་ཏུ་དགའ་བ་ཐོབ་པའི་ཕྱིར་རོ། །མི་གཡེང་བ་ཞེས་བྱ་བ་ནི་གང་མཁས་པ་ལ་བྱ་སྟེ། བསམ་པ་ལེགས་པར་བསམ་པའོ། །ད་ནི་དཔེ་རྣམས་ཀྱི་འདོད་པ་དེ་ཉིད་ཀྱི་མཆོག་ཡོངས་སུ་སྟོན་ཏེ། སྐོམ་པར་གྱུར་པ་ཆུ་གྲང་འདོད་པ་དང༌། །བཀྲེས་པས་ཟས་དང་ནད་པ་སྨན་མཆོག་དང༌། །བུང་བའི་ཚོགས་རྣམས་སྦྲང་རྩི་འདོད་པ་ལྟར། །དེ་བཞིན་འཁོར་རྣམས་ཁྱོད་ཀྱི་ཚིག་ལ་སྡོད། །ཅེས་བྱ་བའོ། །དེའི་ཚིག་བཞི་ནི་དོན་རྣམ་པ་བཞིའི་སྒོ་ནས་བཤད་པ་དེ་ལ་འདོད་པ་ཉིད་བསྟན་པའི་ཕྱིར་ཏེ། དོན་རྣམ་པ་བཞི་གང་ཞེ་ན། ལེན་པ་དང༌། རྟོན་པ་དང༌། འབྲལ་བ་དང༌། བདེ་བར་གནས་པའོ། །དཔེ་གང་གིས་ཤེ་ན། དཔེར་ན་ཆུ་ནི་མ་བཅས་པར་ཇི་ལྟར་འོངས་པ་བཞིན་མེད་པ་དེ་བཞིན་དུ་ཐོབ་པ་ཡང་དང་པོར་ཇི་ལྟར་འོངས་པ་བཞིན་དུ་འཛིན་ཏོ། །དཔེར་ན་ཁ་ཟས་བཅས་ན་ལུས་ཏོན་པར་འགྱུར་བ་དེ་བཞིན་དུ་བསམ་པའི་ཤེས་པས་ཐོས་པ་དང་བཅས་པ་དགེ་བའི་ཆོས་རྟོན་པར་འགྱུར་རོ། །དཔེར་ན་སྨན་བཟང་པོ་བཏང་ན་ནད་དང་བྲལ་བར་འགྱུར་བ་དེ་བཞིན་དུ་ཐོས་པ་དང་བསམ་པ་དང་ལྡན་བའི་དོན་སྒྲུབ་པ་བསྒོམ་བ་ལ་བརྩོན་ན་ཉོན་མོངས་པའི་གནས་ངན་ལེན་གྱི་ནད་དང་བྲལ་བར་འགྱུར་རོ། །དཔེར་ན་བུང་བ་རྣམས་སྦྲང་རྩི་ལ་བརྟེན་ནས་བདེ་བར་གནས་པ་དེ་བཞིན་དུ་ཐོས་པ་དང་བསམས་པ་དང༌། བསྒོམས་པའི་འབྲས་བུ་ལ་གནས་ནས་འཕགས་པ་རྣམས་ཆོས་ལ་མངོན་སུམ་དུ་དགའ་བའི་རོལ་ཡོངས་སུ་སྤྱོད་པས་བདེ་བར་གནས་སོ། །དེ་ལྟར་འཆད་པ་པོ་དང་འཁོར་བསྔགས་པ་ལྡན་པས་བསྐུལ་ནས། བཤད་པའི་བསྔགས་པ་དང་ལྡན་པས་བཀུར་བར་བྱེད་དེ། དེ་བས་བདེ་གཤེགས་བགྲོད་པ་སྟོབས་།བཅུ་ལྔ་ན། །ཆགས་པ་མེད་པ་རབ་ཏུ་བསྟན་པའི་ཕྱིར། །དྲི་མེད་བློ་ལྡན་ས་ཡི་ཁྱད་


DTG113_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

པར་ནི། །རྡུལ་མེད་མ་ལུས་ལེགས་པར་བཤད་པ་མཛོད། །ཅེས་བྱ་བའོ། །དེ་ལ་ལེགས་པར་ཤོད་ཅེས་བྱ་བ་ནི། བཤད་པའི་ལེགས་པ་ཉིད་དེ་རིགས་པའི་ཚུལ་ཉིད་དུ་སྟོན་པའོ། །ལེགས་པ་ཉིད་དེ་ཡང་རྣམ་པ་གསུམ་དུ་སྟོན་ཏེ། གནས་དང༌། རང་བཞིན་དང༌། འབྲས་བུའོ། །དེ་ལ་གནས་ནི་དྲི་མེད་བློ་ལྡན་ནོ། །རང་བཞིན་ནི་ས་རྣམས་ཀྱིས་མ་བཤད་པ་དག་སྟོན་པ་ཞེས་བྱ་བ་སྟེ། ཁྱད་པར་རྡུལ་མེད་ཅེས་བྱའོ། །རྡུལ་མེད་པ་ཇི་ལྟ་བུ་ཞེ་ན། དོན་ཕྱིན་ཅི་མ་ལོག་པའོ། །བཤད་པ་ན་དོན་ཕྱིན་ཅི་ལོག་ཏུ་གྱུར་པ་ལ་ཉེས་པ་གསུམ་སྟེ། འཆད་པ་པོ་ཁ་ན་མ་ཐོ་བ་དང་བཅས་པ་དང༌། སྟོན་པ་ལ་སྐུར་པ་འདེབས་པ་དང༌། ཉན་པ་རྣམས་ལ་སླུ་བའོ། །འབྲས་བུ་ནི་སངས་རྒྱས་ཀྱི་བྱང་ཆུབ་སྟོབས་བཅུ་དང་ལྡན་པ་སྒྲིབ་པ་མེད་པའོ། །དེ་ལྟར་བསྐུལ་ཀྱང་མི་འཆད་པ་ཅིའི་ཕྱིར་ཞེ་ན། བསྐུལ་བ་ཡོངས་སུ་མ་རྫོགས་པའི་ཕྱིར་ཏེ། རང་གི་རིགས་ཀྱི་གཙོ་བོས་ནི་སྔར་བསྐུལ། འཁོར་རྣམས་ཀྱིས་ནི་ཕྱིས་བསྐུལ་ཏོ། །ད་ནི་འཁོར་གྱི་གཙོ་བོ་ཆོས་ཀྱི་རྗེ་ལས་བསྐུལ་བ་ཚོལ་ཏེ། ཅིའི་ཕྱིར་ཞེ་ན། ཆོས་ཀྱི་རྣམ་གྲངས་འདི་ཉིད་ཤིན་ཏུ་གཙོ་བོར་གྱུར་པའི་ཕྱིར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཛོད་སྦུ་ནས་བྱང་ཆུབ་སེམས་དཔའི་སྟོབས་སྣང་བ་ཞེས་བྱ་བའི་འོད་ཟེར་གྲངས་མེད་པའི་ཡང་གྲངས་མེད་པ་དང་ལྡན་པ་བྱུང་སྟེ། དེས་ཕྱོགས་བཅུ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་སྣང་བར་བྱས་ནས་ངན་སོང་གི་སྡུག་བསྔལ་ཐམས་ཅད་རྒྱུད་བཅད་དེ། བདུད་ཀྱི་ཁྱིམ་ཐམས་ཅད་མོག་མོག་པོར་བྱས་ནས་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དཔག་ཏུ་མེད་པ་དག་སྣང་བར་བྱས་ཏེ། སངས་རྒྱས་ཀྱི་ཡུལ་གྱི་རྣམ་པ་མཐུ་དང༌། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་བསྟན་ནས། ཕྱོགས་བཅུ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་ཆོས་བསྟན་པར་བྱིན་གྱིས་བརླབས་པའི་བྱང་ཆུབ་སེམས་དཔའ་སྣང་བར་བྱས་ཏེ། སྟེང་གི་བར་སྣང་ལ་འོད་ཟེར་སྟུག་པོའི་སྤྲིན་གྱི་དྲ་པའི་ཁང་པ་བརྩེགས་པ་ཆེན་པོ་བྱས་ནས་འདུག་གོ །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་མཛོད་


DTG113_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

སྤུ་དག་ནས་ཀྱང་བྱང་ཆུབ་སེམས་དཔའི་སྟོབས་སྣང་བ་ཞེས་བྱ་བའི་འོད་ཟེར་འཁོར་གྱི་འོད་ཟེར་གྲངས་མེད་པའི་ཡང་གྲངས་མེད་པ་དང་ལྡན་པ་དག་བྱུང་བར་གྱུར་ཏེ། དེ་དག་གིས་ཀྱང་ཕྱོགས་བཅུ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་སྣང་བར་བྱས་ནས། ངན་སོང་གི་སྡུག་བསྔལ་ཐམས་ཅད་རྒྱུན་བཅད་དེ། བདུད་ཀྱི་ཁྱིམ་ཐམས་ཅད་མོག་མོག་པོར་བྱས་ནས་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དཔག་ཏུ་མེད་པ་དག་སྣང་བར་བྱས་ཏེ། སངས་རྒྱས་ཀྱི་ཡུལ་གྱི་རྣམ་པ་མཐུ་དང་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པར་བསྟན་ནས། ཕྱོགས་བཅུ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་ཆོས་བསྟན་པར་བྱིན་གྱི་རླབས་ཀྱི་བྱིན་གྱིས་བརླབས་པའི་བྱང་ཆུབ་སེམས་དཔའ་སྣང་བར་བྱས་ནས་སྟེང་གི་བར་སྣང་ལ་འོད་ཟེར་སྟུག་པོའི་སྤྲིན་གྱི་དྲ་བའི་ཁང་པ་བརྩེགས་པ་ཆེན་པོ་བྱས་ཏེ་འདུག་གོ །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཛོད་སྤུ་ནས་བྱུང་བའི་འོད་ཟེར་དེ་དག་གིས་འཇིག་རྟེན་གྱི་ཁམས་དེ་དག་དང༌། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་རྣམས་དང༌། བྱང་ཆུབ་སེམས་དཔའ་དེ་དག་གི་ལུས་དང༌། སྟན་རྣམས་ཀུན་དུ་གསལ་བར་སྣང་ངོ། །འཇིག་རྟེན་གྱི་ཁམས་ཚད་མེད་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་མཛོད་སྤུ་དག་ནས་བྱུང་བའི་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དང༌། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་འཁོར་གྱི་དཀྱིལ་འཁོར་འདི་དང༌། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོའི་ལུས་དང༌། སྟན་ཡང་གསལ་བར་ཀུན་དུ་སྣང་བར་ཀུན་དུ་སྣང་ངོ༌། །དེ་ནས་སངས་རྒྱས་ཀྱི་མཐུས་འོད་ཟེར་སྟུག་པོའི་སྤྲིན་གྱི་དྲ་བའི་ཁང་པ་བརྩེགས་པ་ཆེན་པོ་དེ་ལས་འདི་ལྟ་བུའི་སྒྲ་འདི་འབྱུང་ངོ༌། །མི་མཉམ་མཉམ་པ་ནམ་མཁའ་མཉམ་པ་དག །ཅེས་བྱ་བ་ལ་སོགས་པའོ། །ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་འོད་ཟེར་གྱི་ཆོ་འཕྲུལ་དང་བཅས་པས་སྐུལ་བ་མཛད་ཅེ་ན། བཅོམ་ལྡན་འདས་ཀྱིས་དེ་ལ་སྔར་ཐུགས་ཀྱིས་བྱིན་གྱིས་བརླབས་ཀྱི་སངས་རྒྱས་གཞན་དག་ལྟར་གསུང་དང་སྐུས་ནི་མ་ཡིན་ཏེ། དེ་བས་ན་དེ་གཉིས་ཀྱིས་བྱིན་གྱིས་བརླབས་པར་བཞེད་པའོ། །ཅིའི་ཕྱིར་རང་བཞིན་


DTG113_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གསུང་དང་རང་བཞིན་གྱི་སྐུས་བྱིན་གྱིས་མ་བརླབས་ཤེ་ན། ཅི་ནས་ཀྱང་ཆོས་གཙོ་བོར་བྱས་པར་འགྱུར་བ་དང༌། བདག་མི་བཙུན་པར་མ་བྱས་པར་འགྱུར་བའི་ཕྱིར་རོ། །འོད་ཟེར་དེ་ནི་ལས་རྣམ་པ་བརྒྱད་བྱེད་པ་དང༌། ལུས་གཉིས་ཡོད་པར་རིག་པར་བྱ་སྟེ། ལས་རྣམ་པ་བརྒྱད་ཇི་ལྟ་བུ་ཞེ་ན། ཡར་དག་པར་གོ་བར་བྱེད་པའི་ལས་བྱེད་པ་ནི། འདི་ལྟར་དེས་རེག་ན་བྱང་ཆུབ་སེམས་དཔའ་རྣམས་བདག་ཉིད་ཀྱི་སྟོབས་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་པ་ལས་བྱུང་བ་ལ་ལྟ་བར་བྱེད་དེ། གང་གི་ཕྱིར། བྱང་ཆུབ་སེམས་དཔའ་སྟོབས་སྣང་བ་ཞེས་གསུངས་པའོ། །འཁོར་གྱི་འོད་ཟེར་གྲངས་མེད་པའི་རྒྱུ་ཡིན་པས་རྒྱུ་ཉིད་ཀྱི་ལས་བྱེད་པ་ནི་གང་གི་ཕྱིར། འཁོར་གྱི་འོད་ཟེར་གྲངས་མེད་པའི་ཡང་གྲངས་མེད་པ་ཞེས་གསུངས་པའོ། །འཇིག་རྟེན་གྱི་ཁམས་གྲངས་མེད་པར་ཡང་འགྲོ་ཞིང་འོད་འདོམ་གང་ཙམ་དུ་འདུ་བའི་ཕྱིར། རྒྱས་པ་དང་འདུ་བའི་ལས་བྱེད་པ་ནི་གང་གི་ཕྱིར། དེས་ཕྱོགས་བཅུ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་སྣང་བར་བྱས་ནས་ཞེས་གསུངས་པའོ། །ངན་སོང་གི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རབ་ཏུ་ཞི་བར་བྱེད་པའི་ལས་བྱེད་པ་ནི་གང་གི་ཕྱིར། ངན་སོང་གི་སྡུག་བསྔལ་ཐམས་ཅད་རྒྱུན་བཅད་ཅེས་གསུངས་པའོ། །བདུད་ཀྱི་ཁྱིམ་ཐམས་ཅད་འོད་ཆུང་དུར་བྱེད་པའི་ཕྱིར། འདི་ལྟར་སྡངས་ཏེ་བརྟབས་ནས་གདུལ་བྱ་རྣམས་ལ་བགེགས་བྱེད་པར་མི་འགྱུར་བས་ཟིལ་གྱིས་གནོན་པའི་ལས་བྱེད་པ་ནི་གང་གི་ཕྱིར། བདུད་ཀྱི་ཁྱིམ་ཐམས་ཅད་མོག་མོག་པོར་བྱས་ཞེས་གསུངས་པའོ། །སངས་རྒྱས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་སྟོན་པའི་ཕྱིར། འདུན་པར་བྱེད་པའི་ལས་བྱེད་པ་ནི་གང་གི་ཕྱིར། སངས་རྒྱས་ཀྱི་ཡུལ་གྱི་རྣམ་པ་མཐུ་དང༌། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་བསྟན་ཞེས་གསུངས་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དུ་དེས་བྱིན་གྱིས་བརླབས་པའི་བྱང་ཆུབ་སེམས་དཔའ་ཀུན་དུ་སྟོན་པའི་ཕྱིར་ཀུན་དུ་སྟོན་པའི་ལས་བྱེད་པ་ནི་གང་གི་ཕྱིར། ཕྱོགས་བཅུ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་


DTG113_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་རྣམས་སུ་ཆོས་བསྟན་པར་བྱིན་གྱི་རླབས་ཀྱིས་བརླབས་པའི་བྱང་ཆུབ་སེམས་དཔའ་སྣང་བར་བྱས་ཞེས་གསུངས་པའོ། །ཚིགས་སུ་བཅད་པའི་སྒྲ་འབྱིན་པའི་ཕྱིར་བསྐུལ་བའི་ལས་བྱེད་པ་ནི་གང་གི་ཕྱིར། འོད་ཟེར་སྟུག་པོའི་སྤྲིན་གྱི་དྲ་བའི་ཁང་པ་བརྩེགས་པ་དེ་ལས་འདི་ལྟ་བུའི་སྒྲ་འདི་འབྱུང་ངོ་ཞེས་གསུངས་པའོ། །ལུས་གཉིས་ཇི་ལྟ་བུ་ཞེ་ན། སྐར་མདའ་ལྟ་བུའི་ལུས་ནི་གང་གི་ཚེ་ཁམས་གཞན་དག་ཏུ་འགྲོ་བའོ། །ཉི་མ་ལྟ་བུའི་ལུས་ནི་གང་གི་ཆེ་སྤྲིན་སྟུག་པོའི་དྲ་བའི་ཁང་པ་བརྩེགས་པ་བྱས་ཏེ་འདུག་ནས་རྒྱ་ཆེན་པོ་གཅིག་གིས་ཐམས་ཅད་སྣང་བར་བྱེད་པའོ། །དེ་ལྟར་འཁོར་གྱི་དཀྱིལ་འཁོར་དེ་དག་ན་གཅིག་ཏུ་གྱུར་པ་ལྟ་བུར་ཕན་ཚུན་ལྟ་བས་བཤད་པ་དང༌། མཉན་པ་སླ་བར་གྱུར་ཏོ། །དེ་ལ་སངས་རྒྱས་ཀྱིས་བསྐུལ་བ་ནི་འདི་ཡིན་ཏེ། མི་མཉམ་མཉམ་པ་ནམ་མཁའ་མཉམ་པ་དག །སྟོབས་བཅུ་ཁྱུ་མཆོག་ཚོགས་རབ་མཐའ་ཡས་པ། །ལྷ་དང་མི་ཡི་ནང་ན་མཆོག་རྣམས་ཀྱི། །ཤཱཀྱའི་རིགས་སྐྱེས་ཆོས་ལ་བྱིན་རླབ་མཛད། །བདེ་བར་གཤེགས་པ་རྣམས་ཀྱི་མཐུ། །ཆོས་ཀྱི་རྒྱལ་པོ་རྣམས་ཀྱི་མཛོད། །སྤྱོད་པ་དམ་པ་རྒྱ་ཆེན་དང༌། །ཡེ་ཤེས་ས་རབ་ཕྱེ་སྟེ་ཤོད། །ཆོས་ཀྱི་རྣམ་གྲངས་གཙོ་བོ་འདི། །གང་རྣམས་རྣ་ལམ་གྲག་དེ་དག །བདེ་གཤེགས་རྣམས་ཀྱིས་བྱིན་གྱིས་བརླབས། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཟུང༌། །ས་བཅུ་རྔུལ་དང་རྣམ་བྲལ་བ། །མཐར་གྱིས་རྫོགས་པར་བྱས་ནས་ནི། །སྟོབས་བཅུ་དག་ཀྱང་ཐོབ་གྱུར་ནས། །རྒྱལ་བ་ཉིད་དུ་འགྱུར་བ་ཡིན། །ཐེ་ཚོམ་མེད་པར་གྱུར་པ་དང༌། །རྒྱ་མཚོའི་ཆུ་ནང་གནས་གྱུར་ཏམ། །སྲེག་པའི་བསྐལ་ཚེ་འཕོས་ནས་ཡང༌། །ཆོས་ཀྱི་རྣམ་གྲངས་འདི་ཐོས་འགྱུར། །ཡེ་ཤེས་ས་ཡི་ལམ་གྱི་མཆོག །འཇུག་དང་གནས་དང་འཕར་བ་དང༌། །སྤྱོད་པ་ཉིད་ཀྱི་ཡུལ་རྣམས་ནི། །གོ་རིམས་བཞིན་དུ་ལེགས་པར་ཤོད། །དེ་ལ་ཚིགས་སུ་བཅད་པ་དང་པོ་དང༌། གཉིས་པས་ནི་གང་དག་གིས་བྱིན་གྱིས་བརླབས་པ་དང༌། གང་གི་ཕྱིར་བྱིན་གྱིས་བརླབས་པ་དེ་དག་གི་བསྔགས་པ་མཛད་ན་ནི་བྱིན་གྱིས་བརླབས་པ་སྟེ། ཅི་ཞིག་སྟོན་ཞེ་ན། གཙོ་བོ་རྣམས་ཀྱིས་མ་བསྒོས་སམ། མཆོག་གི་ལས་བྱེད་དུ་མ་བཅུག་ན། དེ་བྱེད་པར་མི་འགྱུར་


DTG113_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེ་ལ་ཚིགས་སུ་བཅད་པ་དང་པོས་གང་དག་གིས་བྱིན་གྱིས་བརླབས་པའི་བསྔགས་པ་ཇི་ལྟར་རིག་པར་བྱ་ཞེ་ན། གང་གི་ཕྱིར། ལྷ་དང་མི་ཡི་ནང་ན་མཆོག་རྣམས་ཀྱིས། །བྱིན་རླབས་མཛད་ཅེས་གསུངས་པའོ། །ལྷ་དང་མིའི་མཆོག་གང་ཡིན་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་སོ། །ཅིའི་ཕྱིར་ཞེ་ན། ཆོས་ཀྱི་རྒྱལ་པོར་གྱུར་པའི་ཕྱིར་རོ། །ཇི་ལྟར་དེ་དག་ཆོས་ཀྱི་རྒྱལ་པོ་ཉིད་ཡིན་པར་རིག་པར་བྱ་ཞེ་ན། རྒྱལ་པོའི་ཕུན་སུམ་ཚོགས་པ་ནི་རྣམ་པ་བཞི་སྟེ། དབང་ཕུན་སུམ་ཚོགས་པ་དང༌། མཐུ་ཕུན་སུམ་ཚོགས་པ་དང༌། ཞབས་འབྲིང་ཕུན་སུམ་ཚོགས་པ་དང༌། རིགས་ཕུན་སུམ་ཚོགས་པའོ། །སངས་རྒྱས་རྣམས་ཀྱི་དབང་ཕུན་སུམ་ཚོགས་པ་གང་ཞེ་ན། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་སྟེ། དེས་དེ་དག་སེམས་དང་ཡེ་ཤེས་ལ་དབང་བརྙེས་ནས། ཇི་ལྟར་བཞེད་པ་བཞིན་དུ་བདེ་བར་གནས་པ་བླ་ན་མེད་པ་སྐུ་ཉམས་སུ་བསྟར་ཏོ། །དེ་འདིར་ཇི་སྐད་དུ་བསྟན་པ་ཡིན་ཞེ་ན། ཐམས་ཅད་མཁྱེན་པའི་ཕྱིར་མི་མཉམ་པ་དང་མཉམ་པ་ཉིད་དོ། །བག་ཆགས་དང་བཅས་པའི་ཉོན་མོངས་པ་ལེགས་པར་བཅོམ་པས། འཇིག་རྟེན་གྱི་ཆོས་ཀྱིས་མི་གོས་པའི་ཕྱིར། ནམ་མཁའ་དང་མཉམ་པ་ཉིད་དོ། །མི་མཉམ་པ་ནི་སངས་རྒྱས་རྣམས་ཏེ། དེ་ལས་གཞན་པའི་སེམས་ཅན་རྣམས་དང་ངོ༌། །མི་མཉམ་པ་དེ་དག་དང་མཉམ་པ་ནི་དེ་དག་ནི་ཆོས་ཀྱི་སྐུས་མཉམ་པའོ། །མི་མཉམ་པ་རྣམས་ཞེས་ཅིའི་ཕྱིར་དེ་སྐད་མི་བྱ་ཞེ་ན། དེ་དག་ནི་མཉམ་པ་ཉིད་དུ་བསྟན་པའི་ཕྱིར་རོ། །སངས་རྒྱས་རྣམས་ཀྱི་མཐུ་ཕུན་སུམ་ཚོགས་པ་གང་ཞེ་ན། སྟོབས་བཅུ་རྣམས་ཏེ། དེ་རྣམས་ཀྱིས་ནི་དེ་དག་གིས་གཞན་སྨྲ་བ་དང༌། བདུད་ཕྱིར་རྒོལ་བ་ཐམས་ཅད་ཟིལ་གྱིས་གནོན་ཏོ། །དེ་འདིར་ཇི་སྐད་བསྟན་པ་ཡིན་ཞེ་ན། སྟོབས་བཅུའི་ཁྱུ་མཆོག་ཉིད་ཀྱིས་སོ། །སངས་རྒྱས་རྣམས་ཀྱི་ཞབས་འབྲིང་བ་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་དང༌། ཉན་ཐོས་རིས་བདུན་གྱིས་བསྡུས་པ་རྣམས་སོ། །དེ་འདིར་ཇི་སྐད་དུ་བསྟན་པ་ཡིན་ཞེ་ན། ཚོགས་རབ་མཐའ་ཡས་པ་ཉིད་ཀྱིས་སོ། །དེ་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཚོགས་རྣམས་སོ། །རབ་ནི་འཇིག་


DTG113_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །དེ་དག་མཐའ་ཡས་པ་ནི་གྲངས་མེད་པའི་ཕྱིར་རོ། །སངས་རྒྱས་རྣམས་ཀྱི་རིགས་ཕུན་སུམ་ཚོགས་པ་གང་ཞེ་ན། གང་རིགས་ཕུན་སུམ་ཚོགས་པའོ། །དེ་འདིར་ཇི་སྐད་དུ་བསྟན་པ་ཡིན་ཞེ་ན། ཤཱཀྱའི་རིགས་སྐྱེས་པ་ཉིད་ཀྱིས་སོ། །ཅིའི་ཕྱིར་བཅོམ་ལྡན་འདས་ཉིད་ཀྱིས་རིགས་བརྗོད་ཅེ་ན། མངོན་སུམ་ཉིད་ཀྱི་ཕྱིར་དང༌། འདི་ཉིད་ཀྱི་ཕྱིར་ཆོས་ལ་བྱིན་གྱིས་བརླབས་སོ་ཞེས་སྦྱར་བའི་ཕྱིར་རོ། །ཆོས་ལ་ཞེས་བྱ་བ་ནི་ཆོས་ལ་གནས་པ་ཞེས་བྱ་བར་དགོངས་པའོ། །དེ་ལ་བྱིན་གྱིས་བརླབས་པ་མཛད་ཅེས་བྱ་བ་ནི་ཡན་ལག་གོ །བྱིན་གྱི་རླབས་དེ་ཡང་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། གནས་ཕུན་སུམ་ཚོགས་པའི་བྱིན་གྱིས་བརླབས་པ་ནི་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་ཡིན་པའི་ཕྱིར་རོ། །འབྲས་བུ་ཕུན་སུམ་ཚོགས་པའི་བྱིན་གྱིས་བརླབས་པ་ནི་ཆོས་སྨྲ་བ་འབྲས་བུ་ཡིན་པའི་ཕྱིར་རོ། །ལྷ་དང་མི་ཡི་མཆོག་རྣམས་ཞེས་བྱ་བ་ནི་ཡན་ལག་གོ །ལྷག་མ་ནི་ཉེ་བའི་ཡན་ལག་གོ །འོ་ན་ཚིགས་སུ་བཅད་པ་གཉིས་པས་གང་གི་ཕྱིར་བྱིན་གྱིས་བརླབས་པ་དེའི་བསྔགས་པ་ཇི་ལྟར་རིག་པར་བྱ་ཞེ་ན། ཆོས་ཀྱི་རྒྱལ་པོ་དེ་དག་གིས་ཆོས་ཀྱི་མཛོད་རྣམ་པར་འབྱེད་པར་བྱ་བའི་ཕྱིར་བྱིན་གྱིས་བརླབས་པའོ། །འདིར་ཆོས་ཀྱི་མཛོད་དེའི་བསྔགས་པ་ཡང་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། དོན་ཕུན་སུམ་ཚོགས་པ་དང༌། ཚིག་འབྲུ་ཕུན་སུམ་ཚོགས་པའོ། །དོན་ཕུན་སུམ་ཚོགས་པ་ཇི་ལྟ་བུ་ཞེ་ན། གང་གི་ཕྱིར་སྤྱོད་པ་དམ་པ་རྒྱ་ཆེན་ཞེས་གསུངས་པའོ། །སྤྱོད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པ་གང་ཡིན་པ་སྟེ། ལམ་གང་ཡིན་པ་དང༌། ཚོགས་གང་ཡིན་པའོ། །དེ་ཡང་དོན་དམ་པའི་ཡེ་ཤེས་དང་ལྡན་པས་དམ་པའོ། །མཐུའི་ཁྱད་པར་དང་ལྡན་པས་རྒྱ་ཆེ་བའོ། །དེ་ལྟར་འདིའི་ཟབ་པ་ཉིད་དང༌། རྒྱ་ཆེ་བ་ཉིད་ཀྱང་ཡོངས་སུ་བསྟན་པ་ཡིན་ནོ། །ཚིག་འབྲུ་ཕུན་སུམ་ཚོགས་པ་ཇི་ལྟ་བུ་ཞེ་ན། གང་གི་ཕྱིར་ཡེ་ཤེས་ས་རབ་ཕྱེ་སྟེ་ཞེས་གསུངས་པ་སྟེ། ཡེ་ཤེས་ཀྱི་ས་རབ་ཏུ་ཕྱེ་བ་རྣམ་པ་བཅུ་གཅིག་པོ་འདི་དག་གིས་སོ། །ཚིགས་སུ་བཅད་པ་འདི་ལས་སངས་རྒྱས་ཀྱི་མཐུ་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་སྟོན་པར་ཡོངས་སུ་བསྟན་པ་གང་ཡིན་པ་དེ་ནི་ཁ་ཅིག་སངས་རྒྱས་ལ་བདག་ཉིད་ལ་མཐུ་མེད་ནས་གཞན་ལ་ཚོལ་ཏོ་སྙམ་དུ་དབང་


DTG113_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་བ་ཡོངས་སུ་སྤངས་པའི་ཕྱིར་རོ། །དེ་ལྟར་ཆོས་བཤད་པར་བསྐུལ་ནས་བཤད་ན་དུས་གསུམ་དུ་གཞན་དག་གི་ཕན་ཡོན་ནི་ཚིགས་སུ་བཅད་པ་གསུམ་གྱིས་སྟོན་ཏེ། ཉན་པའི་དུས་དང༌། སྒྲུབ་པའི་དུས་དང༌། ཚེ་རབས་བརྗེས་པའི་དུས་སོ། །དེ་ལ་ཉན་པའི་དུས་ན་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པ་ཉིད་དང༌། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་བཟུང་བ་ཉིད་དེ་དོན་དུ་ན་སངས་རྒྱས་སོ་སྙམ་དུ་བཟུང་བ་ནི་ཕན་ཡོན་ནོ། །སྒྲུབ་པའི་དུས་ནས་བཅུ་པོ་དག་མཐར་གྱིས་ཡོངས་སུ་རྫོགས་པར་བྱེད་ཅིང༌། ཡོངས་སུ་རྫོགས་ནས་ཀྱང་སྟོབས་བཅུ་བརྙེས་པས་བདག་ཉིད་སངས་རྒྱས་ཉིད་དུ་བསྐྱེད་པའོ། །ཚེ་རབས་བརྗེས་པའི་དུས་ན་ངན་འགྲོ་དང་བདེ་འགྲོ་མི་ཁོམ་པར་སྐྱེས་པའི་ཀླུའི་འཇིག་རྟེན་དང༌། ལྷ་ཚེ་རིང་པོའི་འོད་གསལ་ལ་སོགས་པ་གཟུགས་ན་སྤྱོད་པ་རྣམས་ཀྱི་ནང་དུ་ཡང་ཆོས་འདི་རྙེད་པའོ། །འདི་ཉན་པ་ཐམས་ཅད་ཀྱིས་ཕན་ཡོན་འདི་འཐོབ་པའི་སྐལ་བ་ཡོད་དམ། སྨྲས་པ་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། ཐེ་ཚོམ་མེད་པར་གྱུར་པ་ཞེས་བྱ་བ་སྟེ། ངེས་པའི་ཆོས་འདི་ལ་མོས་པའོ། །དེ་ལྟར་བསྐུལ་བ་དང༌། བཤད་པའི་ཕན་ཡོན་བརྗོད་ནས། ཡེ་ཤེས་ས་རབ་ཕྱེ་སྟེ་ཞེས་གང་གསུངས་པ་དེ་དམིགས་པའི་གོ་རིམས་དང། རྟོགས་པའི་གོ་རིམས་དང༌། སྒྲུབ་པའི་གོ་རིམས་དང༌། གོ་རིམས་རྣམ་པ་གསུམ་གྱིས་ཚིགས་སུ་བཅད་པ་དྲུག་པ་ལས་ལུང་སྩལ་བར་མཛད་དོ། །རྩ་བ་དང་པོ་གཉིས་པ་དང༌། བཞི་པ་རྣམས་ཀྱིས་བསྟན་ཏོ། །གོ་རིམས་སུ་ཤོད་ཅིག་ཅེས་བྱ་བ་ནི་ཐམས་ཅད་དུ་སྦྱར་རོ། །དེ་ལ་ཡེ་ཤེས་ཀྱི་སའི་ཁམས་ནི་ས་བཅུ་བསྟན་པ་གང་ཡིན་པ་སྟེ། གང་ལ་དམིགས་གང་ལ་བརྟེན་ནས་ས་དེ་དག་ཏུ་ཡེ་ཤེས་འབྱུང་བའོ། །འཇུག་པ་ནི་ས་ལ་འཇུག་པའོ། །གནས་པ་ནི་ཇི་སྲིད་དུས་གཞན་དག་ཏུ་མ་འཕར་གྱི་བར་དུའོ། །འཕར་བ་ནི་ས་གཞན་དག་ཏུ་འགྲོ་བའོ། །སྤྱོད་པ་ནི་ཇི་ལྟར་སྒྲུབ་པ་ནི་དེ་དག་འཇུག་པ་དང༌། གནས་པ་དང་འཕར་བ་དང་འགྲུབ་པའོ། །སྤྱོད་པ་དེ་ཉིད་ཀྱི་རྒྱུ་བ་རྣམ་པ་མང་པོ་ནི་སྤྱད་པའི་ཡུལ་ཞེས་བྱའོ། །ལུང་སྦྱིན་པ་འདི་ཅི་དགོས་ཤེ་ན། སངས་རྒྱས་ཀྱིས་གསུངས་པ་ཉིད་ཐམས་ཅད་བཤད་དོ་ཞེས་ཕྱིས་ཡིད་ཆེས་པ་བསྐྱེད་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་


DTG113_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་སྙིང་པོས་ཕྱོགས་བཅུར་རྣམ་པར་བལྟས་ནས་འཁོར་རྣམས་དད་པ་རྒྱ་ཆེར་བསྐྱེད་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཕྲ་ཞིང་ཤེས་དཀའ་དྲང་སྲོང་ཆེན་པོའི་ལམ། །ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །ཅིའི་ཕྱིར་ཕྱོགས་བཅུར་རྣམ་པར་བལྟ་ཞེ་ན། བདག་ཉིད་ང་རྒྱལ་མེད་པ་དང༌། །ཉེ་མགོན་མེད་པར་སྟོན་པའོ། །འཁོར་རྣམས་དང་པ་རྒྱ་ཆེར་བསྐྱེད་པའི་ཕྱིར་ཚིགས་སུ་བཅད་པ་སྨྲས་ཞེས་བྱ་བ་ནི་ས་བསྟན་པ་མཉན་པར་ཉམས་བདེ་བ་བསྐྱེད་པའི་ཕྱིར་རོ། །དེ་ལ་དད་པ་ཞེས་བྱ་བ་ནི་སེམས་གསལ་བ་སྟེ། རྙོག་པ་མེད་པའོ། །དེ་ཡང་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། དོན་གྱི་ཆེ་བ་ཉིད་ལ་དད་པ་ནི་དོན་གང་ཐོབ་པར་བྱ་བའོ། །བསྟན་པའི་ཆེ་བ་ཉིད་ལ་དད་པ་ནི་གང་གིས་ཐོབ་པར་བྱེད་པའོ། །དེ་ལ་དོན་གྱི་ཆེ་བ་ཉིད་ལ་དད་པ་ནི་ཚིགས་སུ་བཅད་པ་ལྔ་པོ་དག་གིས་རིག་པར་བྱའོ། །དོན་གྱི་ཆེ་བ་ཉིད་ཇི་ལྟ་བུ་ཞེ་ན། དེའི་ཟབ་པ་ཉིད་གང་ཡིན་པའོ།། དེ་བས་ན་ཟབ་པ་ཉིད་དེ་བསྟན་པའི་ཕྱིར། ཕྲ་ཞིང་ཤེས་དཀའ་དྲང་སྲོང་ཆེན་པོའི་ལམ། །བརྟག་མེད་རྟོག་བྲལ་ཤིན་ཏུ་རེག་པར་དཀའ། །ཞེས་བྱ་བ་འདི་གསུངས་པའོ། །ཅིའི་དབང་དུ་བྱས་ནས་གསུངས་ཤེ་ན། ཡེ་ཤེས་ཀྱི་ས་སྟེ། འདི་ལྟར་དེ་ཉིད་ཀྱི་དབང་དུ་བྱས་པས་འོག་ནས་ཀྱང་ཡེ་ཤེས་མངོན་པར་སྒྲུབ་ཅེས་གསུངས་སོ། །དེ་ལ་ཕྲ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། དེ་ནི་ཤེས་དཀའ་དྲང་སྲོང་ཆེན་པོའི་ལམ། །ཞེས་གསུངས་པ་སྟེ། འདི་ལྟར་བཤད་པ་ན་ཤེས་པར་དཀའ་ལ་དྲང་སྲོང་ཆེན་པོ་རྣམས་ཏེ། སངས་རྒྱས་རྣམས་ཀྱི་ལམ་ཡང་ཡིན་པས་དེའི་ཕྱིར་ཕྲ་བའོ། །ལམ་ནི་རྒྱུ་སྟེ། གང་གི་དྲང་སྲོང་ཆེན་པོའི་དངོས་པོར་འགྱུར་བའོ། །ཕྲ་བ་དེ་ཡང་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། བཤད་པའི་དུས་ན་ཕྲ་བ་ཉིད་དང༌། ཐོབ་པའི་དུས་ན་ཕྲ་བ་ཉིད་དེ་གོ་རིམས་བཞིན་ནོ། །ཅིའི་ཕྱིར་དེ་ཤེས་པར་དཀའ་ཞེ་ན། འདི་ལྟར་དེ་ནི། བརྟག་མེད་རྟོག་བྲལ་ཞེས་གསུངས་པའོ། །དེ་ལ་བརྟག་ཏུ་མེད་པ་ནི་རྣམ་པར་རྟོག་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །རྟོག་བྲལ་ནི་རང་གིས་རྣམ་པར་མི་རྟོག་པའི་ཕྱིར་རོ། གང་གི་ཕྱིར་དྲང་སྲོང་ཆེན་པོའི་ལམ་དུ་གྱུར་པ་དེའི་ཕྱིར་ཕྲ་བ་ཞེས་བྱ་བ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཤིན་ཏུ་རེག་པར་དཀའ་བ་སྟེ། ཤིན་ཏུ་ཐོབ་པར་དཀའ་བའོ། །


DTG113_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་དེའི་ཕྲ་བ་ཉིད་དོ། །ཅིའི་ཕྱིར་དེ་ཤིན་ཏུ་རེག་པར་དཀའ་ཞེ་ན། འདི་ལྟར་དེ་ནི། གསལ་བ་རིག་པ་མཁས་པས་རྟོགས་པ་སྟེ། །རང་བཞིན་ཞི་བ་འགོག་མིན་འབྱུང་བ་མ་ཡིན། །ཞེས་བྱའོ། །དེ་ལ་གསལ་བ་ནི་ཤེས་བྱ་ལ་མ་རིག་པ་མེད་པ་སྟེ། མ་རིག་པའི་བག་ལ་ཉལ་ཡོད་པའི་ཤེས་པ་ནི་མི་གསལ་བའོ། །རིག་པ་མཁས་པས་རྟོགས་པ་སྟེ། །ཞེས་བྱ་བ་ནི་དེ་དག་གིས་སོ་སོ་རང་གི་རིག་པས་རྟོགས་པ་སྟེ། དེ་དག་ལ་བརྟེན་ནས་འབྱུང་བའི་ཕྱིར་རོ། །དེ་ལ་རིག་པ་ནི་བདེན་པ་མཐོང་བ་རྣམས་སོ། །དེ་དག་ཉིད་ཆོས་མངོན་པ་དང༌། འདུལ་བ་མངོན་པ་ལ་མཁས་པ་ནི་མཁས་པའོ། །ཡང་ན་གཞན་དག་དེ་ལས་ཐོབ་ནས་བརྡ་ལ་མཁས་པ་ནི་མཁས་པ་ཡིན་པར་རིག་པར་བྱའོ། །རང་བཞིན་ཞི་བ་ནི་རང་བཞིན་གྱིས་ཉོན་མོངས་པ་མེད་པ་སྟེ། ཉོན་མོངས་པ་དང་བཅས་པ་ལ་ཕྱིས་ཉོན་མོངས་པ་མེད་པར་གྱུར་བ་མ་ཡིན་ནོ། །འགོག་མིན་པ་ནི་འདི་ལྟར་ཞི་བ་གཅིག་པུ་བགྲོད་པ་མ་ཡིན་པ་སྟེ། སེམས་ཅན་གྱི་དོན་བྱ་བ་ལ་ལྟ་བ་དང་བཅས་པའི་ཕྱིར་རོ། །འབྱུང་བ་མ་ཡིན་པ་ནི་འཁོར་བ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །དེ་ལྟར་ཡེ་ཤེས་དེ་མྱ་ངན་ལས་འདས་པ་དང༌། འཁོར་བ་ལ་མི་གནས་པ་ཉིད་ཡིན་པར་རིག་པར་བྱའོ། །དེ་ལྟར་དམིགས་པ་ལས་བྱུང་བ་ཕྲ་བ་ཉིད་དང༌། གནས་ལས་བྱུང་བ་ཕྲ་བ་ཉིད་དང༌། རྣམ་པར་དག་པ་ཕྲ་བ་ཉིད་དང༌། ཡོན་ཏན་ཕྲ་བ་ཉིད་ཀྱིས་ཀྱང་རེག་པར་དཀའ་བར་རིག་པར་བྱའོ། །དེ་ལ་ཕྲ་བ་ཉིད་དང་པོ་ནི་འཇིག་རྟེན་པའི་སྙོམས་པར་འཇུག་པ་པོ་རྣམས་དང་ཐུན་མོང་མ་ཡིན་པ་ཉིད་དུ་རིག་བར་བྱའོ། །གཉིས་པ་དང་གསུམ་པ་ནི་གཞན་མུ་སྟེགས་ཅན་གྱི་གནས་སྟོན་པར་ཁས་འཆེ་བ་རྣམས་དང་ཐུན་མོང་མ་ཡིན་པ་ཉིད་དོ། །ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་པ་ཉིད་དོ། །དེ་ལྟར་ཚིགས་སུ་བཅད་པའི་འདིའི་ཕྲ་བ་ཉིད་ནི་ཡན་ལག་གོ །ཕྲ་བ་ཉིད་རྣམ་པ་གཉིས་ནི་ཉེ་བའི་ཡན་ལག་གོ །དེ་ཡང་ཤིན་ཏུ་རེག་པར་དཀའ་བ་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཐོབ་པའི་དུས་ན་ཕྲ་བ་ཉིད་ནི་ཡན་ལག་གོ །ལྷག་མ་རྣམ་པ་བཞི་ནི་ཉེ་བའི་ཡན་ལག་ཏུ་རིག་པར་བྱའོ། །དེ་ལྟར་ཡེ་ཤེས་ཕྲ་བ་གང་ཡིན་པ་དེའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། རང་བཞིན་སྟོང་ཡོད་གཉིས་མིན་ཟང་མི་ཤེས། །འགྲོ་


DTG113_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྣམ་གྲོལ་མཉམ་བརྙེས་མྱ་ངན་འདས། །མཐའ་དང་དབུང་མིན་ཚིག་གིས་བརྗོད་དུ་མེད། །དུས་གསུམ་རྣམ་ལས་གྲོལ་བ་ནམ་མཁའ་མཉམ། །ཞེས་གསུངས་པའོ། །དེ་ལ་ཡེ་ཤེས་དེའི་མཚན་ཉིད་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། སྤྱིའི་མཚན་ཉིད་དང༌། སྤྱིའི་མཚན་ཉིད་མ་ཡིན་པའོ། །དེ་ལ་ཡེ་ཤེས་དེའི་མཚན་ཉིད་ཀྱི་སྤྱིའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། རང་བཞིན་སྟོང་ཞེས་གསུངས་པ་སྟེ། ཡེ་ཤེས་ཀྱི་བདག་ཉིད་ཀྱིས་སྟོང་པའོ། །དེ་ཇི་ལྟར་སྤྱིའི་མཚན་ཉིད་ཡིན་ཞེ་ན། ཆོས་ཐམས་ཅད་ནི་ཇི་སྐད་བརྗོད་པའི་རང་བཞིན་གྱིས་སྟོང་པའོ། །རང་བཞིན་གྱིས་སྟོང་པའོ་ཞེས་བསྟན་པ་ཅི་རི་བོང་གི་རྭ་བཞིན་དུ་མེད་དོ་ཞེས་དེ་ལྟར་གཟུང་བར་བྱ་བའམ་སྨྲས་པ་མ་ཡིན་ནོ། །ཅི་སྟོང་པ་དེ་ལས་ཡེ་ཤེས་གཞན་ལ་དེ་ལས་ཀྱང་སྟོང་པ་ཉིད་གཞན་ནོ་ཞེས་དེ་ལྟར་གཟུང་བར་བྱའམ། སྨྲས་པ་མ་ཡིན་ནོ། །ཅི་དེའི་རང་བཞིན་དེ་ཡོད་པ་ལས་དེ་ཕྱིས་འགྱུར་ཏེ་ཟད་པ་འགགས་པ་ཞེས་དེ་ལྟར་གཟུང་བར་བྱའམ། སྨྲས་པ་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། སྟོང་པ་ཉིད་ཀྱི་རང་བཞིན་དེ་ནི་ཡོད་པ་དང་གཉིས་སུ་མེད་པ་དང་ཟད་མི་ཤེས་པའོ། །དེ་ལྟར་དེ་ལ་ཡང་དག་པ་མ་ཡིན་པར་འཛིན་པ་རྣམ་པ་གསུམ་རྣམ་པར་སྤངས་པས་སྟོང་པ་ཉིད་ཡོངས་སུ་བསྟན་པ་ཡིན་ཏེ། སྐུར་པ་འདེབས་པ་ཡང་དག་པ་མ་ཡིན་པར་འཛིན་པ་རྣམ་པར་སྤངས་པ་དང༌། ཐ་དད་པ་ཡང་དག་པ་མ་ཡིན་པར་འཛིན་པ་རྣམ་པར་སྤངས་པ་དང༌། འགྱུར་བ་ཡང་དག་པ་མ་ཡིན་པར་འཛིན་པ་རྣམ་པར་སྤངས་པའོ། །གང་དག་རབ་ཞི་གཉིས་མིན་ཟད་མི་ཤེས། །ཞེས་འདོན་པ་དེ་ཡང་དེ་རབ་ཏུ་ཞི་བ་ཡོད་བ་ཉིད་དུ་བརྗོད་པ་ཡིན་ཏེ། མེད་པ་ནི་ཞི་བར་མི་འགྱུར་རོ། །མེད་པ་དེས་ཀྱང་ཇི་ལྟར་ཞི་བར་འགྱུར་ཏེ། དེས་ནི་ཉོན་མོངས་པ་རྣམས་རབ་ཏུ་ཞི་བར་བྱེད་དེ། འདི་ནི་དེའི་སྤྱིའི་མཚན་ཉིད་དོ། །སྤྱིའི་མཚན་ཉིད་མ་ཡིན་པ་ནི་དེའི་རྣམ་པར་བྱང་བའི་མཚན་ཉིད་ནི་རྣམ་པར་གྲོལ་བ་ཉིད་དོ། །དེ་ཡང་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། དེ་གང་ལས་ཇི་ལྟར་རྣམ་པར་གྲོལ་བའོ། །དེ་གང་ལས་ཇི་ལྟར་རྣམ་པར་གྲོལ་ཞེ་ན། འགྲོ་ལས་རྣམ་པར་གྲོལ་ཞེས་གསུངས་པ་སྟེ། དེས་འགྲོ་བ་དང་ལྡན་པའི་ཉོན་མོངས་པ་དང༌། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམས་ལས་རྣམ་པར་གྲོལ་བར་སྟོན་ཏོ། །ཇི་ལྟར་


DTG113_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གྲོལ་ཞེ་ན། མཉམ་བརྙེས་མྱ་ངན་འདས་ཞེས་གསུངས་པ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་འཛིན་པས་ཉན་ཐོས་ལྟར་གཅིག་ཏུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་མ་ཡིན་ནོ། །ཅི་ཡེ་ཤེས་དེའི་རྒྱུན་གྱི་ཐོག་མས་ཟག་པ་ཟད་པར་བྱས་པ་ཞིག་གམ། འོན་ཏེ་བར་དང་ཐ་མས་ཟག་པ་ཟད་པར་བྱས་ཤེ་ན། དེ་ནི་དེ་ལྟར་ཟག་པ་ཟད་པར་བྱེད་པ་མ་ཡིན་པར་རིག་པར་བྱའོ། །འོ་ན་ཇི་ལྟ་བུ་ཞེ་ན། མར་མེའི་འོད་འཕྲོ་བས་རས་ཚིག་པ་ཐ་མ་དང་བར་མས་མ་ཡིན་པ་བཞིན་ནོ། །མཐའ་སྨོས་པས་ནི་ཐོག་མ་ཡང་སྨོས་པར་འགྱུར་ཏེ། སྔོན་གྱི་མཐའ་ཡིན་པའི་ཕྱིར་རོ། །ཅི་དེ་གཞན་ལས་སྒྲ་ཇི་ལྟ་བ་བཞིན་དུ་དམིགས་སུ་རུང་ངམ། སྨྲས་པ་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། ཚིག་གིས་བརྗོད་དུ་མེད་ཅེས་བྱ་བ་སྟེ། བརྗོད་དུ་མེད་པའི་ཕྱིར་རོ། །ཅི་དེ་འཇིག་རྟེན་པའི་ཤེས་པ་བཞིན་དུ་འཇུག་པ་ལ་བརྟེན་པ་ཞིག་གམ། སྨྲས་པ་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། དུས་གསུམ་རྣམས་ལས་གྲོལ་ཞེས་བྱ་བ་སྟེ། གནས་གྱུར་པ་རྟག་པ་ལ་གནས་པའི་ཕྱིར་ཏེ། ཇི་ལྟར་རྐྱེན་མི་རྟག་པ་ལ་བརྟེན་པས་རྣམ་པར་ཤེས་པ་ཡང་མི་རྟག་པ་ཉིད་དོ་ཞེས་མདོ་སྡེ་གཞན་དག་ལས་རྣམ་པར་གཞག་པ་ལྟ་བུ་ནི་མ་ཡིན་ནོ། །ཅི་དེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡེ་ཤེས་ལྟར་སྒྲིབ་པ་དང་བཅས་པའི་རྣམ་པར་གྲོལ་བས་རྣམ་པར་གྲོལ་བ་ཞིག་གམ། སྨྲས་པ་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། ནམ་མཁའ་མཉམ་ཞེས་བྱ་བ་སྟེ། ཤེས་བྱའི་སྒྲིབ་པ་ཐམས་ཅད་མེད་པའི་ཕྱིར་རོ། །ཇི་ལྟར་དམིགས་པ་ཡོངས་སུ་ཤེས་པ་དང༌། ཇི་ལྟར་ཉོན་མོངས་པ་རྣམས་སྤོང་བ་དང༌། དམིགས་པ་ཅི་འདྲ་བ་ལ་དམིགས་པ་དང༌། གནས་ཅི་འདྲ་བ་ལ་གནས་པ་དང༌། རྣམ་པར་གྲོལ་བ་ཅི་འདྲ་བས་རྣམ་པར་གྲོལ་བ་དེ་ཐམས་ཅད་ཡོངས་སུ་བསྟན་པ་ཡིན་ནོ། །འདི་ལ་རང་བཞིན་གྱིས་སྟོང་པ་ཉིད་ནི་ཡན་ལག་གོ །སྟོང་པ་ཉིད་རྣམ་པ་གསུམ་ནི་ཉེ་བའི་ཡན་ལག་གོ །རྣམ་པར་གྲོལ་བ་ཉིད་ནི་ཡན་ལག་གོ །རྣམ་པར་གྲོལ་བ་རྣམ་པ་ལྔ་ནི་ཉེ་བའི་ཡན་ལག་གོ །དེའི་འོག་ཏུ། ཞི་ཞིང་རབ་ཞི་བདེ་བར་གཤེགས་པས་མཁྱེན། །སྨྲ་བའི་ལམ་རྣམས་ཀུན་གྱིས་བརྗོད་པར་དཀའ། །ས་དང་སྤྱོད་པ་རྣམས་ཀྱང་དེ་འདྲ་སྟེ། །སྨྲ་བར་དཀའ་ན་


DTG113_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

མཉན་པར་ག་ལ་ནུས། །ཞེས་གསུངས་པ་དེ་ཇི་ལྟར་སྦྱར་ཞེ་ན། ཡེ་ཤེས་དེའི་བྲལ་བའི་ཡོངས་སུ་མྱ་ངན་ལས་འདས་པ་ནི་བསྟན་ཟིན་ལ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ནི་མ་བསྟན་ཏེ། དེ་བས་ན་དེ་ཡང་བསྟན་པའི་ཕྱིར། ཞི་ཞིང་རབ་ཞི་ཞེས་བྱ་བ་གསུངས་སོ། །དེ་ལ་ཞི་བ་ནི་སྤྱིའི་མཚན་ཉིད་དུ་ལྡན་པས་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་དོ། །རབ་ཞི་བ་ནི་སྤྱིའི་མཚན་ཉིད་མ་ཡིན་པ་དང་ལྡན་པས་འབྲལ་བའི་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། སོ་སོར་བརྟགས་པས་ཞི་བ་ནི་རབ་ཏུ་ཞི་བ་ཞེས་བྱ་བའི་ཕྱིར་རོ། །རྣམ་པ་དེ་ལྟ་བུའི་ཡེ་ཤེས་དེ་སུས་མངོན་སུམ་དུ་ཡང་དག་པར་ཐུགས་སུ་ཆུད་ཅེ་ན། བདེ་བར་གཤེགས་པས་མཁྱེན་ཞེས་གསུངས་པའོ། །སུས་བཤད་སུས་མཉན་ཞེ་ན། སྨྲས་པ་སུས་ཀྱང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི། སྨྲ་བའི་ལམ་རྣམས་ཀུན་གྱིས་བརྗོད་པར་དཀའ། །ཞེས་བྱ་བའོ།། སྨྲ་བའི་ལམ་ནི་ཚིག་གི་ལམ་སྟེ། མིང་དང༌། ཚིག་དང༌། ཡི་གེའི་ཚོགས་རྣམས་སོ། །ཅིའི་ཕྱིར་བརྗོད་དུ་མེད་པ་ཞེས་མི་བྱ་ཞེ་ན། དེ་ཡང་བརྗོད་པའི་བྱ་བ་མེད་པ་མ་ཡིན་པར་བསྟན་པའི་ཕྱིར་རོ། །གལ་ཏེ་ཡེ་ཤེས་ནི་བརྗོད་པར་དཀའ་ན། ས་དང་སྤྱོད་བ་ཅི་འདྲ་ཞེ་ན། ས་དང་སྤྱོད་པ་རྣམས་ཀྱང་དེ་འདྲ་སྟེ། །སྨྲ་བར་དཀའ་ན་མཉན་པར་ག་ལ་ནུས། །ཞེས་གསུངས་པ་སྟེ། དེ་ལ་ས་ནི་ཡུལ་ཏེ་དམིགས་པའོ། །སྤྱོད་པ་ནི་འཁོར་ཡིན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཆོས་གང་རྣམས་དང་ལྷན་ཅིག་རྒྱུ་བའོ། །ཅིའི་ཕྱིར་དེ་ལྟར་དེ་བརྗོད་པར་དཀའ་ཞིང་མཉན་པར་དཀའ་ཞེ་ན། དེ་ནི་བསམ་དང་སེམས་ཀྱི་ལམ་རྣམས་སྤངས། །ཡེ་ཤེས་མངོན་སྒྲུབ་ཐུབ་པའི་དབང་པོས་མཁྱེན། །ཕུང་པོ་སྐྱེ་མཆེད་ཁམས་ཀྱིས་ཕྱི་མ་ཡིན། །སེམས་ཀྱིས་མི་ཤེས་ཡིད་ཀྱིས་བསམ་མ་ཡིན། །ཞེས་གསུངས་པའོ། །ཅི་སྟོན་ཞེ་ན། སྦྱོར་བ་ལས་བྱུང་བ་བསམས་པ་ལས་བྱུང་བའི་ཤེས་པ་དང༌། སྐྱེས་ནས་ཐོབ་པའི་རྣམ་པར་ཤེས་པ་ཅི་འདྲ་བས་བསྟན་པར་ནུས་པ་དེ་གཉིས་ཀྱི་ཡུལ་ནི་དེ་མ་ཡིན་ཏེ། དེ་དང་མི་འདྲ་བ་སངས་རྒྱས་ཀྱི་མཁྱེན་པས་མངོན་སུམ་དུ་ཡང་དག་པར་ཐུགས་སུ་ཆུད་པའི་ཕྱིར་རོ། །དེ་ནི་ཇི་ལྟར་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམ་པར་གཞག་པས་


DTG113_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་དེ་ལྟར་མེད་དེ། ཡི་གེ་མེད་པའི་ཕྱིར་རོ། །དེ་བས་ན་བརྗོད་པར་བྱ་བར་མི་ནུས་སོ། །འདི་ལྟར་རྣ་བའི་རྣམ་པར་ཤེས་པས་ཤེས་པར་བྱ་བ་མ་ཡིན་ལ། ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་བརྟག་པར་བྱ་བ་མ་ཡིན་ཏེ། དེ་བས་ན་མཉན་པར་ཡང་མི་ནུས་སོ། །དེ་ལ་ཡེ་ཤེས་མངོན་པར་བསྒྲུབ་ཅེས་བྱ་བ་དེ་ནི་སའི་ཡེ་ཤེས་སུ་སྟོན་ཏེ། དེའི་མངོན་པར་བསྒྲུབ་པ་ནི་དམིགས་པ་གང་དང༌། གྲོགས་གང་དག་གིས་དེ་མངོན་པར་བསྒྲུབ་པའོ། །ད་ནི་མངོན་པར་རྫོགས་པར་སངས་རྒྱས་ཀྱང་དེ་ཇི་ལྟར་བརྗོད་པ་དང༌། མཉན་པར་མི་ནུས་པ་དཔེས་སྟོན་ཏེ། ཇི་ལྟར་བར་སྣང་གནས་ཀྱི་བྱ་ཡི་རྗེས། །མཁས་པས་བརྗོད་མི་ནུས་ལ་མི་མཐོང་བ། །དེ་ལྟར་བདེ་གཤེགས་སྲས་ཀྱི་ས་རྣམས་ཀྱང༌། །བརྗོད་མི་ནུས་ན་མཉན་པར་ག་ལ་ནུས། །ཞེས་བྱ་བའོ། །ཅི་སྟོན་ཞ་ན། དཔེར་ན་ནམ་མཁའི་ཡུལ་ནི་བྱའི་རྐང་པ་ལྟར་ཡོངས་སུ་བཅད་དུ་མེད་པའི་རང་བཞིན་ཡིན་པས་ནམ་མཁའ་ལ་བྱ་འགྲོ་བའི་རྐང་པའི་རྗེས་བརྗོད་པ་དང༌། མཐོང་བར་མི་ནུས་མོད་ཀྱི། འོན་ཀྱང་དེ་ལ་མི་འཇོག་པ་མ་ཡིན་པ་དེ་བཞིན་དུ་བྱའི་རྐང་པ་ལྟ་བུའི་མིང་དང༌། ཚིག་དང༌། ཡི་གེའི་ཚོགས་རྣམས་ཀྱི་གནས་སུ་གྱུར་པ་བྱང་ཆུབ་སེམས་དཔའི་ས་རྟོགས་པའི་ཡེ་ཤེས་ཀྱིས་བསྡུས་པ་རྣམས་ཀྱང་སྒྲ་ཇི་བཞིན་གྱི་ངོ་བོ་ཉིད་མ་ཡིན་པས་བརྗོད་པ་དང་མཉན་པར་མི་ནུས་མོད་ཀྱི། འོན་ཀྱང་དེ་དག་ལ་དེ་མི་འཇོག་པ་མ་ཡིན་ཏེ། དེ་ལྟར་རེ་ཞིག་ཟབ་པས་དོན་གྱི་ཆེ་བ་བསྟན་ཏོ། །ཅིའི་ཕྱིར་བསྟན་ཞེ་ན། ངས་བཤད་ཀྱི་ཁྱོད་ཀྱིས་སྒྲ་ཇི་ལྟ་བ་བཞིན་དུ་དོན་དུ་གཟུང་བར་མི་བྱའོ་ཞེས་བསྟན་པའི་ཕྱིར་རོ། །སྒྲ་ཇི་བཞིན་དུ་དོན་བཟུང་ན་ནི་ཉེས་དམིགས་རྣམ་པ་ལྔ་ཡོད་དེ། མོས་པའི་གནས་མ་ཡིན་པ་ཉིད་ཀྱི་ཉེས་པ་དང༌། རྩོལ་བ་མ་ཉམས་པར་འགྱུར་བའི་ཉེས་པ་དང༌། གཞན་ལ་སླུ་བའི་ཉེས་པ་དང༌། སྟོན་པ་ལ་སྐུར་པ་འདེབས་པའི་ཉེས་པ་དང༌། ཆོས་སྤོང་བར་བྱེད་པའི་ཉེས་པའོ། །དེ་ལྟར་བདག་ཅག་ལ་ཉེས་དམིགས་ལྔ་མེད་པར་ཤེས་ནས། དོན་གྱི་ཟབ་པ་བསྟན་པས་འཁོར་རྣམས་རྒྱ་ཆེར་དད་པར་འགྱུར་རོ། །ད་ནི་བསྟན་པའི་ཆེ་བ་ཉིད་ཀྱིས་དད་པར་མཛད་པར་བཞེད་ནས་ཚིགས་སུ་བཅད་པ་ལྔ་གསུངས་ཏེ། འོན་ཀྱང་བྱམས་དང་སྙིང་རྗེ་སྨོན་ལམ་གྱིས། །


DTG113_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་ཕྱོགས་ཙམ་རིམ་པའི་ཚུལ་བཞིན་དུ། །བཤད་བྱ་སེམས་ཀྱི་སྤྱོད་ཡུལ་རྣམས་ཀྱིས་མིན། །བསམ་པ་ཇི་བཞིན་ཡེ་ཤེས་དེ་རྫོགས་བྱེད། །དེ་ཡི་སྤྱོད་ཡུལ་དེ་འདྲ་བ་བལྟ་དཀའ་བ། །དེ་ནི་རང་སེམས་གནས་ཀྱང་བརྗོད་མི་ནུས། །འོན་ཀྱང་རྒྱལ་བའི་མཐུས་ནི་རབ་བརྗོད་ཀྱི། །ཐམས་ཅད་ཉོན་ལ་མཐུན་པར་གུས་བཅས་ཀྱི། །འདི་ཡིས་འཇུག་བྱ་ཡེ་ཤེས་དེ་འདྲ་བ། །དེ་ནི་བསྐལ་པར་བརྗོད་པར་མི་ནུས་ཏེ། །ཆོས་དོན་ཡང་དག་མ་ལུས་ཇི་བཞིན་གནས། །མདོ་ཙམ་བདག་གིས་བཤད་ཀྱི་མཉན་པར་གྱིས། །གུས་དང་བཅས་པས་སྟ་གོན་གྱིས་ཤིག་དང༌། །རྒྱལ་བའི་མཐུ་ཡིས་བདག་གིས་ལེགས་པར་བཤད། །དཔེ་ལྡན་འཐད་པ་ཡི་གེ་མཉམ་པ་ཡིས། །ཆོས་ཀྱི་དམ་པ་སྒྲས་ནི་བཤད་པར་བྱ། །དེ་ནི་ཚིག་གིས་ཤིན་ཏུ་བརྗོད་དཀའ་ཡང༌། །བདེ་བར་གཤེགས་མཐུ་དཔག་མེད་གང་ཡིན་པ། །འོད་ཟེར་ལུས་ཅན་དེ་ནི་བདག་ལ་ཞུགས། །དེ་ཡི་མཐུས་ན་བདག་གིས་བཤད་པར་ནུས། །ཞེས་བྱ་བའོ། །དེ་ལ་རྒྱལ་བའི་སྲས་ཀྱི་ས་ཐམས་ཅད་བརྗོད་པར་མི་ནུས་སོ་ཞེས་གསུངས་ལ། དེ་ལས་ཕྱོགས་ཙམ་བཤད་པར་བྱ་ཞེས་བྱ་བ་ཇི་ལྟར་སྦྱར་ཞེ་ན། སས་བསྡུས་པའི་ཡེ་ཤེས་དེ་ནི་རྣམ་པ་གཉིས་ཏེ། རྒྱུར་གྱུར་པ་དང༌། འབྲས་བུར་གྱུར་པའོ། །དེ་བས་ན་རྒྱུར་གྱུར་པ་བཤད་པར་བྱ་སྟེ། ཁོང་དུ་ཆུད་པར་བྱའོ་ཞེས་སྟོན་ཏོ། །དེ་ནི་འབྲས་བུར་གྱུར་པའི་ཕྱོགས་གཅིག་གོ །བསྟན་པ་དེའི་ཆེ་བ་ཉིད་རྣམ་པ་གསུམ་དུ་སྟོན་ཏེ། རྒྱུ་ཕུན་སུམ་ཚོགས་པའི་ཆེ་བ་ཉིད་དང༌། རྒྱུ་ཉིད་ཕུན་སུམ་ཚོགས་པའི་ཆེ་བ་ཉིད་དང༌། གདམས་ངག་རབ་ཏུ་བརྗོད་པ་ཕུན་སུམ་ཚོགས་པའི་ཆེ་བ་ཉིད་དོ། །དེ་ལ་བྱམས་དང་སྙིང་རྗེ་སྨོན་ལམ་གྱིས། །ཞེས་བྱ་བ་ནི་རྒྱུ་ཕུན་སུམ་ཚོགས་པའོ། །དེ་ལ་འཆར་ཀའི་མདོ་བཞིན་དུ་བདེ་བ་དང་ཡིད་བདེ་བ་རྒྱུ་དང་བཅས་པ་སྒྲུབ་པའི་བསམ་པ་ནི་བྱམས་པའོ། །སྡུག་བསྔལ་དང་ཡིད་མི་བདེ་བ་རྒྱུ་དང་བཅས་པ་བསལ་བའི་བསམ་པ་ནི་སྙིང་རྗེའོ། །སྨོན་ལམ་ནི་བྱང་ཆུབ་ཆེན་པོར་སེམས་སྐྱེད་པའོ། །དེ་གཉིས་སྨོས་པས་ནི་བྱམས་པ་དང་སྙིང་རྗེ་ཐུན་མོང་མ་ཡིན་པ་ཡུན་རིང་པོ་ནས་བསྒོམས་ནས་ཞེས་བྱ་བར་སྟོན་ཏོ། །རིམ་པའི་ཚུལ་བཞིན་དུ་ཞེས་བྱ་བ་ནི་རྒྱུ་ཉིད་ཕུན་སུམ་ཚོགས་པ་སྟེ། བཤད་པ་དེ་ཐོས་


DTG113_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་བྱུང་བ་དང༌། བསམས་པ་ལས་བྱུང་བ་ལ་སོགས་པ་ཤེས་པའི་རིམ་པ་གང་གིས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་བར་གྱི་རྒྱུར་འགྱུར་བའོ། །གདམས་ངག་རབ་ཏུ་བརྗོད་པ་ཕུན་སུམ་ཚོགས་པ་ནི་རྣམ་པ་གཉིས་ཏེ། ཡོངས་སུ་རྫོགས་པར་བྱེད་པ་རབ་ཏུ་བརྗོད་པ་དང༌། དམིགས་པ་རབ་ཏུ་བརྗོད་པའོ། །དེ་ལ་ཡོངས་སུ་རྫོགས་པར་བྱེད་པ་རབ་ཏུ་བརྗོད་པ་ནི་གང་གི་ཕྱིར། སེམས་ཀྱི་སྤྱོད་ཡུལ་རྣམས་ཀྱིས་མིན། །བསམ་པ་ཇི་བཞིན་ཡེ་ཤེས་དེ་རྫོགས་བྱེད། །ཅེས་གསུངས་པའོ། །ཅི་སྟོན་ཞེ་ན། ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་པ། སེམས་ཀྱི་སྤྱོད་ཡུལ་དུ་གྱུར་པ་དེ་དག་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྒྱུ་ཙམ་དུ་འགྱུར་གྱི། དེ་དག་གིས་དེ་དག་ཡོངས་སུ་རྫོགས་པར་བྱེད་པ་ནི་མ་ཡིན་ཏེ། འདི་ལྟར་བསམ་པ་དག་པ་རྟོགས་པའི་ཡེ་ཤེས་འཇིག་རྟེན་ལས་འདས་པ་དེ་དག་དེ་རྫོགས་པར་བྱེད་དོ་ཞེས་སྟོན་ཏོ། །དེ་ལ་དམིགས་པ་རབ་ཏུ་བརྗོད་པ་ནི་གང་གི་ཕྱིར། དེ་ཡི་སྤྱོད་ཡུལ་དེ་འདྲ་མཐོང་དཀའ་བ། །དེ་ནི་རང་སེམས་གནས་ཀྱང་བརྗོད་མི་ནུས། །ཞེས་གསུངས་པ་སྟེ། ཅི་སྟོན་པར་འགྱུར་ཞེ་ན། དེའི་སྤྱོད་ཡུལ་དེ་འདྲ་མཐོང་དཀའ་བ་རང་གི་བསམ་པ་དག་པ་ལ་ཡོད་པ་གང་ཡིན་པ་དེ་ནི་བརྗོད་པར་མི་ནུས་སོ། །ཞེས་སྟོན་ཏོ། །དེ་ལྟར་བསྟན་པའི་གདམས་ངག་རབ་ཏུ་བརྗོད་པ་ཕུན་སུམ་ཚོགས་ཀྱང་ཉེས་པ་གཉིས་ཀྱིས་རྟོགས་པར་མི་འགྱུར་ཏེ། འཆད་པ་པོའི་ཉེས་པ་དང༌། ཉན་པ་པོའི་ཉེས་པའོ། །དེ་ལ་འཆད་པ་པོའི་ཉེས་པ་ཡང་རྣམ་པ་གཉིས་ཏེ། སངས་རྒྱས་ཀྱིས་བཀའ་མ་སྩལ་པར་འཆད་པ་དང༌། ཉེ་མགོན་བྱེད་བའོ། །ཉན་པ་པོའི་ཉེས་པ་ཡང་རྣམ་པ་གཉིས་ཏེ། ངས་ནི་རིགས་ཀྱི་ཁྱོད་ཀྱིས་ནི་མི་རིགས་སོ་ཞེས་མངོན་པར་ཞེན་ནས་ཆོས་ལ་དུ་མར་སེམས་པ་ལྟ་བའི་ཉེས་པ་དང༌། འཆད་པ་པོ་ལ་མ་གུས་པའི་ཉེས་པའོ། །དེ་ལ་རེ་ཞིག་འཆད་པ་པོ་བདག་གི་ཉེས་པ་མེད་པར་སྟོན་ཏོ། །བདག་ནི་སངས་རྒྱས་ཀྱིས་བཀའ་མ་སྩལ་པ་དང༌། ཉེ་མགོན་བྱེད་ཅིང་མི་འཆད་དེ། འོན་ཀྱང་རྒྱལ་བའི་མཐུ་ཡིས་རབ་བརྗོད་ཀྱི། །ཞེས་གསུངས་པའོ། །ཐམས་ཅད་ཉོན་ལ་ཞེས་གསུངས་པའི་ཕྱིར་རོ། །དེའི་འོག་ཏུ་ཉན་པ་པོའི་ཉེས་པ་རྣམ་པ་གཉིས་ཡོངས་སུ་སྤངས་པའི་ཕྱིར། དེ་དག་ཉིད་ལ་མཐུན་


DTG113_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

པར་གུས་བཅས་ཀྱི། །ཞེས་བྱ་བས་སྟོན་ཏེ། གོ་རིམས་བཞིན་ནོ། །དེ་ལྟར་བཤད་དོ་ཞེས་དམ་བཅས་ན་ཅི་རྒྱ་ཆེར་འཆད་དམ། འོན་ཀྱང་མདོར་འཆད་ཅེ་ན། རྒྱ་ཆེར་འཆད་མི་ནུས་ལ་མདོར་འཆད་དེ། འོན་ཀྱང་དེའི་དོན་མཐའ་དག་འཆད་དོ་ཞེས་ཚིགས་སུ་བཅད་པ་གསུམ་པས་དམ་བཅས་ཏེ། འདི་ཡི་འཇུག་བྱ་ཡེ་ཤེས་དེ་འདྲ་བ། །ཞེས་བྱ་བའོ། །དེ་ལ་འཇུག་པར་བྱ་བའི་ཡེ་ཤེས་ནི་ས་བསྟན་པ་འདིས་ཡེ་ཤེས་ལ་འཇུག་པ་གང་ཡིན་པའོ། །ཡང་དག་མ་ལུས་ཞེས་བྱ་བ་སྨོས་པས་ནི་རྒྱ་ཆེན་པོ་དེའི་དོན་ཇི་ལྟ་བ་དང་ཇི་སྙེད་ཡོང་པ་བསྡུས་པར་སྟོན་ཏོ། །ཇི་བཞིན་གནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་རྣམ་པར་གཞག་པའི་ཚུལ་གྱིས་ཇི་ལྟ་བ་བཞིན་དུ་གནས་པའོ། །གུས་པ་དང་བཅས་པར་ཉོན་ཅིག་ཅེས་བྱ་བ་དེ་ནི་བཤད་ཟིན་ནོ། ཇི་ལྟར་གུས་པ་དང་བཅས་པར་བྱ་བ་མ་བཤད་པས་དེའི་ཕྱིར་དེ་སྟོན་ཏེ། གུས་དང་བཅས་པར་སྟ་གོན་གྱིས་ཤིག་དང༌། །ཞེས་བྱ་བའོ། །དེ་ལ་སྟ་གོན་བྱ་བ་ནི་རྣམ་པ་གཉིས་སུ་རིག་པར་བྱའོ། །ལུས་ཀྱིས་སྟ་གོན་བྱ་བ་ནི་སྤྱོད་ལམ་གང་གིས་གནས་ཏེ། ཉན་པའི་འོས་སུ་གྱུར་པ་ཡིན་ནོ། །སེམས་ཀྱིས་སྟ་གོན་བྱ་བ་ནི་སེམས་རྣམ་པར་མི་གཡེང་བ་གང་གིས་འཛིན་པའི་འོས་སུ་འགྱུར་བ་ཡིན་ནོ། །འདིས་ནི་ལུས་ཀྱིས་སྟ་གོན་བྱ་བ་གུས་པ་དང་བཅས་པར་བྱ་བ་དང༌། སེམས་ཀྱིས་སྟ་གོན་བྱ་བ་གུས་པ་དང་བཅས་པ་དང༌། སྟ་གོན་བྱ་བ་རྣམ་པ་གཉིས་ལ་འཛུད་དོ། །བདག་གིས་ལེགས་པར་བཤད་ཅེས་བྱ་བ་ནི་བདག་ཉིད་མངོན་པའི་ང་རྒྱལ་མེད་པར་སྟོན་ཏོ། །རྒྱལ་བའི་མཐུས་ཞེས་བྱ་བ་ནི་ང་རྒྱལ་མེད་པ་ཉིད་དོ།། ཚིགས་སུ་བཅད་པའི་ཕྱེད་འོག་མ། དཔེ་ལྡན་འཐད་ལ་ཡི་གེ་མཉམ་པ་ཡིས། །ཆོས་ཀྱི་དམ་པ་སྒྲས་ནི་བཤད་པར་བྱ། །ཞེས་བྱ་བས་ཅི་སྟོན་ཞེ་ན། གང་བཤད་པ་སྟེ། ཆོས་ཀྱི་དམ་པ་དང༌། གང་གིས་ཤེ་ན། སྒྲ་དང༌། ཇི་ལྟ་བུར་ཞེ་ན། དཔེ་དང༌། གཏན་ཚིགས་དང་ལྡན་པ་དང༌། གང་ལ་བརྟེན་ཞེ་ན། ཡི་གེ་རྣམས་ལ་སྟེ། དེ་ཐམས་ཅད་ལེགས་པར་བཤད་པར་བྱའོ་ཞེས་སྟོན་ཏོ། །དེ་ལ་འཐད་པ་ཞེས་བྱ་བ་ནི་གཏན་ཚིགས་དང་ལྡན་པར་རིག་པར་བྱའོ། །ཡི་གེ་མཉམ་ནི་རྣམ་པ་གཉིས་ཀྱིས་ཏེ། སུའི་སྐད་ཅི་འདྲ་བ་དེས་ཡི་གེ་མཉམ་པ་དང༌། ཚིག་དང་ཡི་གེ་མང་ཉུང་


DTG113_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་རན་པ་ཇི་སྙེད་དག་གིས་དོན་གོ་བའོ། །རྒྱལ་བའི་མཐུས་ནི་བསྟན་ཟིན་ན། མཐུ་དེ་ཅི་འདྲ་བ་མ་བསྟན་ཏེ། དེའི་ཕྱིར་ཚིགས་སུ་བཅད་པ་ལྔ་པས་དེ་སྟོན་ཏེ། དེ་ནི་ཚིག་གིས་ཤིན་ཏུ་བརྗོད་དཀའ་ཡང༌། །བདེ་བར་གཤེགས་མཐུ་དཔག་མེད་གང་ཡིན་པ། །འོད་ཟེར་ལུས་ཅན་དེ་ནི་བདག་ལ་ཞུགས། །དེ་ཡི་མཐུས་ན་བདག་གིས་བཤད་པར་ནུས། །ཞེས་བྱ་བའོ། །དེ་ནས་ས་བཤད་པར་རྩོམ་སྟེ། ས་བཤད་པ་འདི་ལ་ཅི་ཞིག་བསྟན་པར་བྱ་ཞེ་ན། གནས་པ་དང༌། ངེས་པའི་ཚིག་དང༌། རབ་ཏུ་གནས་པའོ། །དེ་ལ་གནས་གང་ཡིན་པ་དང༌། གང་གི་ཕྱིར་དང༌། གཞི་གང་ཡིན་པ་དང༌། ཅི་འདྲ་བའི་སེམས་སྐྱེས་པས་ས་དང་པོ་ལ་གནས་པར་གྱུར་པ་དེ་ནི་གནས་པ་ཡིན་ནོ།། །།བམ་པོ་གསུམ་པ། གནས་དེ་ནི་ཀྱེ་རྒྱལ་བའི་སྲས་དག་དེ་ལ་སེམས་ཅན་དགེ་བའི་རྩ་བ་ཤིན་ཏུ་བསགས་པ་ཞེས་བྱ་བ་དེ་ལ་སོགས་པ་བཅུ་པ་ཕྲག་བཞིས་སྟོན་ཏོ། །དེ་ལ་རེ་ཞིག་གནས་གང་ཡོད་ན་སེམས་དེ་སྐྱེ་བ་དེ་ནི། སེམས་ཅན་དགེ་བའི་རྩ་བ་ཤིན་ཏུ་བསགས་པ། ཚོགས་ཤིན་ཏུ་བསགས་པ། སྤྱོད་པ་ཤིན་ཏུ་སྤྱད་པ། སངས་རྒྱས་འབྱུང་བ་ཤིན་ཏུ་བསྙེན་བཀུར་བྱས་པ། ཆོས་དཀར་པོ་ཤིན་ཏུ་བསྡུས་པ། དགེ་བའི་བཤེས་གཉེན་ཤིན་ཏུ་གཟུང་བ། བསམ་པ་ཤིན་ཏུ་རྣམ་པར་དག་པ། ལྷག་པའི་བསམ་པ་རྒྱ་ཆེན་པོ་དང་ལྡན་པ། རྒྱ་ཆེན་པོ་ལ་མོས་པ་དང་ལྡན་པ། སྙིང་བརྩེ་བ་དང༌། སྙིང་རྗེ་མངོན་དུ་གྱུར་པ་ཞེས་བྱ་བ་བཅུ་པ་འདིས་སྟོན་ཏོ། །བསགས་པ་དེ་ཡང་རྣམ་པ་དགུར་རིག་པར་བྱ་སྟེ། ཚུལ་ཁྲིམས་འཁོར་དང་བཅས་པ་ལེགས་པར་བྱས་པ་ཉིད་ཀྱི་ཕྱིར། ཚོགས་བསགས་པ་ནི་གང་གི་ཕྱིར། ཚོགས་ཤིན་ཏུ་བསགས་པ་ཞེས་གསུངས་པའོ། །ཏིང་ངེ་འཛིན་འཁོར་དང་བཅས་པ་ལེགས་པར་བྱས་པ་ཉིད་ཀྱི་ཕྱིར་སྤྱོད་པ་བསགས་པ་ནི་གང་གི་ཕྱིར། སྤྱོད་པ་ཤིན་ཏུ་སྤྱད་པ་ཞེས་གསུངས་པ་སྟེ། དམིགས་པ་ལ་སྤྱོད་པའི་སྐབས་ཡིན་པས། ཏིང་ངེ་འཛིན་ནི་སྤྱོད་པ་ཞེས་བྱའོ། །ཐོས་པ་ལས་བྱུང་བའི་ཤེས་པ་ལེགས་པར་བྱས་པ་ཉིད་ཀྱི་ཕྱིར་བསྙེན་བཀུར་བྱས་པ་བསགས་པ་ནི་གང་གི་ཕྱིར། སངས་རྒྱས་འབྱུང་བ་ཤིན་ཏུ་བསྙེན་བཀུར་བྱས་པ་ཞེས་གསུངས་པའོ། །བསམས་པ་ལས་བྱུང་བའི་ཤེས་


DTG113_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དགེ་བའི་ཆོས་ལེགས་པར་བརྟགས་པ་ཉིད་ཀྱི་ཕྱིར་ཡོངས་སུ་བསྡུས་པ་བསགས་པ་ནི་གང་གི་ཕྱིར། ཆོས་དཀར་པོ་ཤིན་ཏུ་བསྡུས་པ་ཞེས་གསུངས་པའོ། །དེ་ཁོ་ན་རྟོགས་པར་སྦྱོར་བའི་བསྒོམ་པ་ལ་གདམས་ངག་ལེགས་པར་རྙེད་པ་ཉིད་ཀྱི་ཕྱིར། ཡོངས་སུ་གཟུང་བ་བསགས་པ་ནི་གང་གི་ཕྱིར། དགེ་བའི་བཤེས་གཉེན་ཤིན་ཏུ་གཟུང་བ་ཞེས་གསུངས་པའོ། །དེ་ཁོ་ན་རྟོགས་པ་ཐོབ་པ་ཉིད་ཀྱི་ཕྱིར་བསམ་པ་རྣམ་པར་དག་པ་བསགས་བ་ནི་གང་གི་ཕྱིར། བསམ་པ་ཤིན་ཏུ་རྣམ་པར་དག་པ་ཞེས་གསུངས་པའོ། །སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ལྷག་པའི་བསམ་པ་ཉིད་ཀྱི་ཕྱིར་ཤིན་ཏུ་རྒྱས་པ་བསགས་པ་ནི་གང་གི་ཕྱིར། ལྷག་པའི་བསམ་པ་རྒྱ་ཆེན་པོ་དང་ལྡན་པ་ཞེས་གསུངས་པའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་འདོད་པ་ཉིད་ཀྱི་ཕྱིར་མོས་པ་བསགས་པ་ནི་གང་གི་ཕྱིར། རྒྱ་ཆེན་པོ་ལ་མོས་པ་དང་ལྡན་པ་ཞེས་གསུངས་པའོ། །སྙིང་བརྩེ་བ་དང་སྙིང་རྗེ་ལ་མང་དུ་གནས་པའི་ཕྱིར་མངོན་དུ་གྱུར་པ་བསགས་པ་ནི་གང་གི་ཕྱིར། སྙིང་བརྩེ་བ་དང༌། སྙིང་རྗེ་མངོན་དུ་གྱུར་པ་ཞེས་གསུངས་པའོ། །དེ་ལ་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང༌། འགྱུར་བའི་སྡུག་བསྔལ་ཉིད་ལས་བརྩམས་པ་ནི་སྙིང་བརྩེ་བ་ཡིན་པར་རིག་པར་བྱའོ། །འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ལ་བརྩམས་པ་ནི་སྙིང་རྗེའོ། །དེ་ལ་ཚུལ་ཁྲིམས་འཁོར་དང་བཅས་པ་ལེགས་པར་བྱས་པ་ཉིད་དང༌། ཏིང་ངེ་འཛིན་འཁོར་དང་བཅས་པ་ལེགས་པར་བྱས་པ་ཉིད་ཀྱི་ཕྱིར་ཚོགས་བསགས་པ་དང༌། སྤྱད་པ་བསགས་པ་དང༌། བསགས་པ་གཉིས་ནི་ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་སེམས་ཀྱི་བསླབ་པས་རབ་ཏུ་ཕྱེ་བ་ཡིན་ནོ། །ཐོས་པ་ལས་བྱུང་བའི་ཤེས་པ་ལེགས་པར་བྱས་པ་ཉིད་ཀྱི་ཕྱིར། བསྙེན་བཀུར་བྱས་པ་བསགས་པ་དང༌། བསམས་པ་ལས་བྱུང་བའི་ཤེས་པས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དགེ་བའི་ཆོས་ལ་ལེགས་པར་བརྟགས་པ་ཉིད་ཀྱི་ཕྱིར་ཡོངས་སུ་བསྡུས་པ་བསགས་པ་དང༌། དེ་ཁོ་ན་རྟོགས་པར་སྦྱོར་བའི་བསྒོམ་པ་ལ་གདམས་ངག་ལེགས་པར་རྙེད་པ་ཉིད་ཀྱི་ཕྱིར་ཡོངས་སུ་གཟུང་བ་བསགས་པ་དང༌། དེ་ཁོ་ན་རྟོགས་པ་ཐོབ་པ་ཉིད་ཀྱི་ཕྱིར་བསམ་པ་རྣམ་པར་དག་པ་བསགས་པ་བཞི་ནི་


DTG113_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པའི་ཤེས་རབ་ཀྱི་བསླབ་པས་རབ་ཏུ་ཕྱེ་བ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ལྷག་པའི་བསམ་པ་ཉིད་ཀྱི་ཕྱིར་ཤིན་ཏུ་རྒྱས་པ་བསགས་པ་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་འདོད་པ་ཉིད་ཀྱི་ཕྱིར་མོས་པ་བསགས་པ་དང༌། སྙིང་བརྩེ་བ་དང༌། སྙིང་རྗེ་ལ་མང་དུ་གནས་པའི་ཕྱིར། མངོན་དུ་གྱུར་པའི་བསགས་པ་གསུམ་ནི་བསམ་པ་དེ་ཉིད་ཉན་ཐོས་དང་རང་སངས་རྒྱས་ཀྱི་བསམ་པ་ལས་ཁྱད་པར་དུ་གྱུར་པས་རབ་ཏུ་ཕྱེ་བ་ཡིན་ནོ། །བཅུ་པ་འདི་ལ་དགེ་བའི་རྩ་བ་ཤིན་ཏུ་བསགས་པ་ནི་ཡན་ལག་གོ །བསགས་པ་རྣམ་པ་དགུ་པོ་ནི་དེའི་ཉེ་བའི་ཡན་ལག་གོ །དེ་གཉིས་ནི་བསགས་པ་ཉིད་དུ་མཚན་ཉིད་འདྲ་བའོ། །བསགས་པའི་རྣམ་པ་གཞན་གྱི་ཕྱིར་མཚན་ཉིད་མི་འདྲ་བའོ། །ཡན་ལག་བསྟན་པ་ནི་འདུ་བའོ། །ཉེ་བའི་ཡན་ལག་བསྟན་པ་ནི་རྒྱས་པའོ། །དེ་ལྟར་རེ་ཞིག་གནས་གང་ཡོད་ན་སེམས་སྐྱེ་བ་དེ་བསྟན་ནས་ད་ནི་གང་གི་ཕྱིར་སྐྱེ་བ་དེ་ནི། སངས་རྒྱས་ཀྱི་ཡེ་ཤེས་ལ་མངོན་པར་འདོད་པར་བྱ་བའི་ཕྱིར་དང༌། སྟོབས་བཅུའི་སྟོབས་ཐོབ་པར་བྱ་བའི་ཕྱིར་དང༌། མི་འཇིགས་པ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་དང༌། སངས་རྒྱས་ཀྱི་ཆོས་མཉམ་པ་ཉིད་ཐོབ་པར་བྱ་བའི་ཕྱིར་དང༌། འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པར་བྱ་བའི་ཕྱིར་དང༌། སྙིང་བརྩེ་བ་དང༌། སྙིང་རྗེ་ཆེན་པོ་རྣམ་པར་དག་པར་བྱ་བའི་ཕྱིར་དང༌། ཕྱོགས་བཅུ་མ་ལུས་པར་ཤེས་པར་ཐོབ་པར་བྱ་བའི་ཕྱིར་དང༌། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཐོགས་པ་མེད་པས་ཡོངས་སུ་སྦྱང་བར་བྱ་བའི་ཕྱིར་དང༌། དུས་གསུམ་སྐད་ཅིག་གཅིག་གིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དང༌། ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་བསྐོར་བ་ལ་འཇིགས་པ་མེད་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་དེ་སྐྱེ་བར་འགྱུར་ཏེ་ཞེས་བྱ་བས་སྟོན་ཏོ། །དེ་ལ་སངས་རྒྱས་ཀྱི་ཡེ་ཤེས་ནི་གང་ལ་ཡོངས་སུ་ཤེས་པ་དང༌། སྤོང་བ་དང༌། མངོན་སུམ་དུ་བྱེད་པ་དང། བསྒོམ་པ་བླ་ན་མེད་པ་ཡོད་པའོ། །གང་འདོད་པའི་ཕྱིར་བྱང་ཆུབ་ཀྱི་སེམས་དེ་སྐྱེ་བའི་སངས་རྒྱས་ཀྱི་ཡེ་ཤེས་དེ་ཡང་ལས་རྣམ་པ་དགུའི་བྱེ་བྲག་གིས་རྣམ་པ་དགུར་རིག་པར་བྱ་སྟེ། སངས་རྒྱས་ཀྱི་སྟོབས་ཀྱི་ཡེ་ཤེས་ནི་དྲིས་པ་ལན་འདེབས་པའི་ལས་ཅན་ནོ། །དེ་ཡང་གནས་དང༌། གནས་


DTG113_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པར་ཤེས་པའི་སྟོབས་ལ་དེ་བཞིན་གཤེགས་པ་ལ་ཞུ་བ་ཞུའོ་ཞེས་མདོ་སྡེའི་ཚིག་གི་ཚུལ་གྱིས་ཤེས་པར་བྱ་སྟེ། གང་གི་ཕྱིར་སྟོབས་བཅུའི་སྟོབས་ཐོབ་པར་བྱ་བའི་ཕྱིར་ཞེས་གསུངས་པའོ། །སངས་རྒྱས་ཀྱི་མི་འཇིགས་པའི་ཡེ་ཤེས་ནི་ཕས་ཀྱི་རྒོལ་བ་ཚར་གཅོད་པའི་ལས་ཅན་ཏེ། གང་གི་ཕྱིར་མི་འཇིགས་པ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་ཞེས་གསུངས་པའོ། །སངས་རྒྱས་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་གང་ཟག་དང་ཆོས་ལ་བདག་མེད་པ་རྟོགས་པར་བྱ་བའི་ཕྱིར་གདམས་ངག་སྦྱིན་པའི་ལས་ཅན་ཏེ། གང་གི་ཕྱིར་སངས་རྒྱས་ཀྱི་ཆོས་མཉམ་པ་ཉིད་ཐོབ་པར་བྱ་བའི་ཕྱིར་ཞེས་གསུངས་པའོ། །སངས་རྒྱས་ཀྱི་ཡོངས་སུ་བསྐྱབ་པའི་ཡེ་ཤེས་ནི་བསྡུ་བའི་དངོས་པོ་བཞི་པ་དག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ལས་ཅན་ཏེ། གང་གི་ཕྱིར་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པར་བྱ་བའི་ཕྱིར་ཞེས་གསུངས་པའོ། །སངས་རྒྱས་ཀྱི་རྣམ་པར་སྤྱོད་བའི་ཡེ་ཤེས་ནི་དེའི་གཞི་ཡོངས་སུ་སྦྱོང་བའི་ལས་ཅན་ཏེ། གང་གི་ཕྱིར་སྙིང་བརྩེ་བ་དང༌། སྙིང་རྗེ་ཆེན་པོ་རྣམ་པར་དག་པར་བྱ་བའི་ཕྱིར་ཞེས་གསུངས་པའོ། །སངས་རྒྱས་ཀྱི་མ་ལུས་པར་མཁྱེན་པའི་ཡེ་ཤེས་ནི་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་ཉིན་མཚན་ལན་དྲུག་ཏུ་རྣམ་པར་གཟིགས་པའི་ལས་ཅན་ཏེ། གང་གི་ཕྱིར་ཕྱོགས་བཅུ་མ་ལུས་པར་ཤེས་པ་ཐོབ་པར་བྱ་བའི་ཕྱིར་ཞེས་གསུངས་པའོ། །སངས་རྒྱས་ཀྱི་ཡོངས་སུ་སྦྱོང་བའི་ཡེ་ཤེས་ནི་ཡེ་ཤེས་དང་སེམས་ཐོགས་པ་མེད་པའི་ཕྱིར་ཞིང་ཐམས་ཅད་དུ་ཐོགས་པ་མེད་པ་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་སྤྲུལ་པ་འཇུག་པར་བྱེད་པའི་ལས་ཅན་ཏེ། གང་གི་ཕྱིར་སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་ཐོགས་པ་མེད་པ་ཡོངས་སུ་སྦྱང་བར་བྱ་བའི་ཕྱིར་ཞེས་གསུངས་པའོ། །སངས་རྒྱས་ཀྱིས་ཐུགས་སུ་ཆུད་པའི་ཡེ་ཤེས་ནི་སེམས་ཅན་དེ་དག་གི་དུས་གསུམ་གྱི་བསམ་པ་དང༌། བག་ལ་ཉལ་སྐད་ཅིག་གཅིག་གིས་མཁྱེན་པའི་ལས་ཅན་ཏེ། གང་གི་ཕྱིར་དུས་གསུམ་སྐད་ཅིག་གཅིག་གིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཞེས་གསུངས་པའོ། །སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་ཡེ་ཤེས་ནི་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་ཅིག་ཅར་དུ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བས་རྣམ་པར་ཐར་པའི་ཐབས་ལ་མཁས་པའི་ལས་


DTG113_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཏེ། གང་གི་ཕྱིར་ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་བསྐོར་བ་ལ་འཇིགས་པ་མེད་པར་བྱ་བའི་ཕྱིར་ཞེས་གསུངས་པའོ། །སེམས་དེ་སྐྱེ་བར་འགྱུར་ཞེས་བྱ་བ་ནི་སྔར་བསྟན་པའི་ནང་ནས། ཀྱེ་རྒྱལ་པའི་སྲས་དག་བྱང་ཆུབ་སེམས་དཔའི་སྨོན་ལམ་འདི་ནི་ཤིན་ཏུ་རྣམ་པར་ངེས་པ་སྟེ་ཞེས་གང་འབྱུང་བ་དེ་ཡིན་ནོ། །ཅིའི་ཕྱིར་དེ་སེམས་ཉིད་ལ་བརྗོད་ཀྱི་ཤེས་རབ་དང་སེམས་ལས་བྱུང་བའི་ཆོས་གཞན་ལ་མ་ཡིན་ཞེ་ན། སེམས་ལ་ཡོངས་སུ་ཤེས་པ་ལ་སོགས་པ་རྣམ་པ་བཞི་ཡོད་པའི་ཕྱིར་རོ། །ད་ནི་གཞི་གང་ལས་སེམས་དེ་སྐྱེ་བར་འགྱུར་བ་དེ་སྟོན་ཏེ། སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་ཅན་དང༌། ཤེས་རབ་དང་ཡེ་ཤེས་ཀྱི་དབང་དུ་གྱུར་པ་དང༌། ཐབས་མཁས་པས་ཡོངས་སུ་གཟུང་བ་དང༌། བསམ་པ་དང༌། ལྷག་པའི་བསམ་པས་རབ་ཏུ་བསྟན་པ་དང༌། དེ་བཞིན་གཤེགས་པའི་སྟོབས་དཔག་ཏུ་མེད་པ་དང་ལྡན་པ་དང༌། སྙིང་སྟོབས་ཀྱི་སྟོབས་དང༌། བློའི་སྟོབས་ཀྱིས་ཤིན་ཏུ་རྣམ་པར་ཕྱེ་བའི་རྣམ་པར་འབྱེད་པ་དང༌། རང་བྱུང་གི་ཡེ་ཤེས་དང་མཐུན་པ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཤེས་རབ་དང༌། ཡེ་ཤེས་ཀྱི་གདམས་ངག་ཡང་དག་པར་ཚོལ་བ་དང༌། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་དང༌། ནམ་མཁའི་ཁམས་ལྟར་གནས་ཤིང་ཕྱི་མའི་མཐའི་མུར་ཐུག་པ་ཞེས་བྱ་བ་བཅུ་པ་འདིས་སྟོན་ཏོ། །དེ་ལ་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་ཅན་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོ་ཉིད་རྣམ་པ་དགུར་རིག་པར་བྱ་སྟེ། ཕྲ་བའི་སྡུག་བསྔལ་ཉིད་ཤེས་པའི་དབང་གིས་སྐྱེས་པ་ཉིད་ཀྱི་ཕྱིར་དབང་དུ་གྱུར་པ་ཆེན་པོ་ཉིད་ནི་གང་གི་ཕྱིར་ཤེས་རབ་དང་ཡེ་ཤེས་ཀྱི་དབང་དུ་གྱུར་པ་ཞེས་གསུངས་པའོ། །དེ་ལ་སྐབས་འདིར་ཤེས་རབ་ནི་རང་དང་སྤྱིའི་མཚན་ཉིད་རབ་ཏུ་དབྱེ་བའི་རྣམ་པ་ཡིན། ཡེ་ཤེས་ནི་རྒྱུ་དང་འབྲས་བུའི་འཇུག་པ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྣམ་པ་ཡིན་པར་རིག་པར་བྱའོ། །སེམས་ཅན་སྡུག་བསྔལ་བ་ཡོངས་སུ་བསྐྱབ་པའི་ཐབས་ལ་མཁས་པ་ཡོངས་སུ་ཟིན་པ་ཉིད་ཀྱི་ཕྱིར། ཡོངས་སུ་འཛིན་པ་ཆེན་པོ་ཉིད་ནི་གང་གི་ཕྱིར་ཐབས་མཁས་པས་ཡོངས་སུ་གཟུང་ཞེས་གསུངས་པའོ། །དེའི་དུས་དང་འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བྱ་བར་ཁས་བླངས་པས་འཕེལ་བ་ཉིད་ཀྱི་ཕྱིར་རབ་ཏུ་རྟོན་པ་ཆེན་པོ་ཉིད་ནི་གང་གི་ཕྱིར། བསམ་པ་དང་ལྷག་པའི་


DTG113_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པས་རབ་ཏུ་བརྟན་པ་ཞེས་གསུངས་པའོ། །དེ་བཞིན་གཤེགས་པའི་སྟོབས་དཔག་ཏུ་མེད་པ་འབྲས་བུར་ཡོངས་སུ་འཛིན་པ་ཉིད་ཀྱི་ཕྱིར་དཔག་ཏུ་མེད་པ་ཆེན་པོ་ཉིད་ནི་གང་གི་ཕྱིར། དེ་བཞིན་གཤེགས་པའི་སྟོབས་དཔག་ཏུ་མེད་པ་དང་ལྡན་པ་ཞེས་གསུངས་པའོ། །རྒྱ་ཆེན་པོ་ལ་མོས་པ་དང་ཟབ་མོ་ཤེས་པས་མི་མཐུན་པའི་ཕྱོགས་ལས་རྒྱལ་བ་ཉིད་ཀྱི་ཕྱིར། ཤིན་ཏུ་རྣམ་པར་ཕྱེ་པའི་རྣམ་པར་འབྱེད་པ་ཆེན་པོ་ཉིད་ནི་གང་གི་ཕྱིར། སྙིང་སྟོབས་ཀྱི་སྟོབས་དང༌། བློའི་སྟོབས་ཀྱིས་ཤིན་ཏུ་རྣམ་པར་ཕྱེ་བའི་རྣམ་པར་འབྱེད་པ་ཞེས་གསུངས་པའོ། །རང་གི་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་གཞོལ་བ་ཉིད་ཀྱི་ཕྱིར་རྗེས་སུ་མཐུན་པ་ཆེན་པོ་ཉིད་ནི་གང་གི་ཕྱིར། རང་བྱུང་གི་ཡེ་ཤེས་དང་མཐུན་པ་ཞེས་གསུངས་པའོ། །ཁྱད་པར་དུ་འགྲོ་བའི་མན་ངག་ཡོངས་སུ་ཚོལ་བ་ཉིད་ཀྱི་ཕྱིར་ཡང་དག་པར་ཚོལ་བ་ཆེན་པོ་ཉིད་ནི་གང་གི་ཕྱིར། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཤེས་རབ་དང། ཡེ་ཤེས་ཀྱི་གདམས་ངག་ཡང་དག་པར་ཚོལ་བ་ཞེས་གསུངས་པའོ། །ཡོན་ཏན་ཡོངས་སུ་འཛིན་པ་གཙོ་བར་བྱེད་པ་ཉིད་ཀྱི་ཕྱིར་དམ་པ་ཆེན་པོ་ཉིད་ནི་གང་གི་ཕྱིར། ཆོས་ཀྱི་དབྱིངས་དམ་པ་དང་ལྡན་པ་ཞེས་གསུངས་པའོ། །འབྲས་བུ་ཡིད་དུ་འོང་པའི་རྒྱུས་ཟད་མི་ཤེས་པ་དང༌། མྱ་ངན་ལས་འདས་པ་ལ་གཞོལ་བ་ཉིད་ཀྱི་ཕྱིར་གནས་པ་དང་མཐར་ཕྱིན་པ་ཆེན་པོ་ཉིད་ནི་གང་གི་ཕྱིར། ནམ་མཁའི་ཁམས་ལྟར་གནས་ཤིང་ཕྱི་མའི་མཐའི་མུར་ཐུག་པ་ཞེས་གསུངས་པའོ། །ད་ནི་ཅི་འདྲ་བའི་སེམས་དེ་སྐྱེ་བར་འགྱུར་བ་དེ་སྟོན་ཏོ། །འདི་འདྲ་བའི་སེམས་དེ་སྐྱེ་བར་འགྱུར་བ་སྟེ། སེམས་སྐྱེ་བ་དེ་སྐྱེས་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་སོ་སོའི་སྐྱེ་བོ་ལས་ཤིན་ཏུ་འདས་པ་ཡིན། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པ་ཡིན། དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན། གནས་བརྗོད་པས་ཁ་ན་མ་ཐོབ་མེད་པ་ཡིན། འཇིག་རྟེན་གྱི་འགྲོ་བ་ཐམས་ཅད་ལས་ཕྱིར་ལོག་པ་ཡིན། འཇིག་རྟེན་ལས་འདས་པའི་འགྲོ་བར་ཞུགས་པ་ཡིན། བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པ་ཡིན། བྱང་ཆུབ་སེམས་དཔའི་ས་ལ་རབ་ཏུ་གནས་པ་ཡིན། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པ་ཡིན། དེ་བཞིན་གཤེགས་པའི་རིགས་སུ་ངེས་ཤིང་རྫོགས་པའི་བྱང་ཆུབ་ལ་གཞོལ་བ་ཡིན་


DTG113_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའོ། །དེ་ལ་སོ་སོའི་སྐྱེ་བོའི་ས་ལས་ཤིན་ཏུ་འདས་པ་ནི་འཕགས་པ་ཉིད་དེ་འཇིག་རྟེན་ལས་འདས་པའི་ལམ་ཐོབ་པར་སྟོན་ཏོ། ཤིན་ཏུ་འདས་པ་དེ་ཡང་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། མངལ་དུ་ཞུགས་པ་དང་འདྲ་བས་འཇིག་རྟེན་ལས་འདས་པའི་སེམས་དང་བོར་མངོན་པར་གྲུབ་པ་ཉིད་ཀྱི་ཕྱིར། ཞུགས་པས་ཤིན་ཏུ་འདས་པ་ནི་གང་གི་ཕྱིར། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པ་ཡིན་ཞེས་གསུངས་པའོ། །རིགས་སུ་སྐྱེས་པ་དང་འདྲ་བས་རིགས་ཀྱིས་ཤིན་ཏུ་འདས་པ་ནི་གང་གི་ཕྱིར། དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན་ཞེས་གསུངས་པའོ། །འདྲ་བའི་བུ་དང་མཐུན་པས་ཐེག་པ་ཆེན་པོའི་སྤྱོད་པ་ལས་སྐྱེས་པ་ནི་གང་གི་ཕྱིར་གནད་བརྗོད་པས་ཤིན་ཏུ་འདས་པ་ནི་གང་གི་ཕྱིར། གནད་བརྗོད་པས་ཁ་ན་མ་ཐོབ་པ་མེད་པ་ཡིན་ཞེས་གསུངས་པའོ། །འགྲོ་བ་གཞན་དུ་སྐྱེས་པ་དང་མཐུན་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འགྲོ་བསམ་བསྡུས་ལ། བསྡུས་པའི་ཕྱིར་འགྲོ་བ་ལས་ཤིན་ཏུ་འདས་པ་ནི་གང་གི་ཕྱིར། འཇིག་རྟེན་གྱི་འགྲོ་བ་ཐམས་ཅད་ལས་ཕྱིར་ལོག་པ་ཡིན། འཇིག་རྟེན་ལས་འདས་པའི་འགྲོ་བར་ཞུགས་པ་ཡིན་ཞེས་གསུངས་པའོ། །ལུས་ཀྱི་རང་བཞིན་དང་མཐུན་པས་སྙིང་རྗེའི་བདག་ཉིད་ཀྱིས་གཞན་གྱི་དགོས་པ་བདག་གི་དགོས་པ་ཡིན་པ་ཉིད་ཀྱི་ཕྱིར་ཆོས་ཉིད་ཀྱིས་ཤིན་ཏུ་འདས་པ་ནི་གང་གི་ཕྱིར། བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པ་ཡིན་ཞེས་གསུངས་པའོ། །བཙས་ནས་གནས་པ་དང་མཐུན་པས་འཁོར་བ་ཡོངས་སུ་མི་གཏོང་ལ་ཀུན་ནས་ཉོན་མོངས་པ་མེད་པའི་ཐབས་ལ་མཁས་པས་གནས་པ་ཉིད་ཀྱི་ཕྱིར་གནས་པ་ཤིན་ཏུ་འདས་པ་ནི་གང་གི་ཕྱིར། བྱང་ཆུབ་སེམས་དཔའི་གནས་ལ་རབ་ཏུ་གནས་པ་ཡིན་ཞེས་གསུངས་པའོ། །བཙས་ནས་འཚོ་བ་དང་མཐུན་པས་སྟོང་པ་ཉིད་རྟོགས་པའི་འཕགས་པའི་ཤེས་རབ་ཀྱི་ཕྱིར་མཉམ་པ་ཉིད་ཀྱིས་ཤིན་ཏུ་འདས་པ་ནི་གང་གི་ཕྱིར། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པ་ཡིན་ཞེས་གསུངས་པའོ། །ཕུན་སུམ་ཚོགས་པ་དང་མཐུན་པས་སངས་རྒྱས་ཀྱི་རིགས་ལས་ཡོངས་སུ་མི་ཉམས་ཤིང་མྱ་ངན་ལས་འདས་པ་ཉིད་ཀྱི་ཕྱིར་ངེས་པས་ཤིན་ཏུ་འདས་པ་ན་གང་གི་ཕྱིར། དེ་བཞིན་གཤེགས་པའི་རིགས་སུ་ངེས་ཤིང་རྫོགས་པའི་བྱང་ཆུབ་ལ་གཞོལ་བ་


DTG113_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཞེས་གསུངས་པའོ། །དེ་ལྟར་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར། སོ་སོའི་སྐྱེ་བོ་ལས་བྱང་ཆུབ་སེམས་དཔའི་སྐྱེ་བ་མངལ་དུ་ཞུགས་པ་དང་མི་འདྲ་བ་ཉིད་དུ་ཡང་བསྟན་ཏེ། གོ་རིམས་བཞིན་དུ་ཉོན་མོངས་པ་དང་བཅས་པ་དང་ཉོན་མོངས་པ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ །རིགས་མི་འདྲ་བ་ཉིད་དང་གནས་བཙུན་པ་མི་འདྲ་བ་ཉིད་དང༌། འགྲོ་བ་མི་འདྲ་བ་ཉིད་དང༌། ལུས་མི་འདྲ་བ་ཉིད་དང༌། གནས་མི་འདྲ་བ་ཉིད་དང༌། འཚོ་བ་མི་འདྲ་བ་ཉིད་དང༌། ཕུན་སུམ་ཚོགས་པ་མི་འདྲ་བ་ཉིད་ཀྱང་དེ་བཞིན་ཏེ། འདི་ནི་རེ་ཞིག་བཤད་པ་འདི་ལ་གནས་པ་ཞེས་བྱའོ། །དེ་སྐད་དུ། ཀྱེ་རྒྱལ་བའི་སྲས་དག་ཆོས་འདི་ལྟ་བུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་མི་གཡོ་བའི་ཚུལ་གྱིས་རབ་ཏུ་གནས་པ་ཡིན་ནོ་ཞེས་གསུངས་སོ། །ད་ནི་སའི་ངེས་པའི་ཚིག་སྟོན་ཏེ། ཇི་ལྟར་སྟོན་ཞེ་ན། མཆོག་ཏུ་དགའ་བ་མང་བས་རབ་ཏུ་དགའ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་མཆོག་ཏུ་དགའ་བ་ཅི་འདྲ་བ་དང་དམིགས་པ་ཅི་འདྲ་བས་ས་འདི་ལ་རབ་ཏུ་དགའ་བ་ཡིན་པ་དེ་བཅུ་པ་གཅིག་པ་དང༌། གཉིས་ཀྱིས་སྟོན་ཏོ། །ཀྱེ་རྒྱལ་པའི་སྲས་དག་དེ་ལ་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་མཆོག་ཏུ་དགའ་བ་མང་བ་ཡིན། དང་བ་མང་བ་ཡིན། དགའ་བ་མང་བ་ཡིན། རངས་པ་མང་བ་ཡིན། མགུ་བ་མང་བ་ཡིན། དགའ་རླབས་མང་བ་ཡིན། སྤྲོ་བ་མང་བ་ཡིན། མི་འཁྲུགས་པ་མང་བ་ཡིན། རྣམ་པར་འཚེ་བ་མེད་པ་མང་བ་ཡིན། ཁྲོ་བ་མེད་པ་མང་བ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། སངས་རྒྱས་ཀྱི་ཆོས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་དང༌། ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང༌། བྱང་ཆུབ་སེམས་དཔའི་སའི་ཁྱད་པར་དང༌། བྱང་ཆུབ་སེམས་དཔའི་མི་འཕྲོགས་པ་ཉིད་དང༌། དེ་བཞིན་གཤེགས་པའི་གདམས་ངག་རྗེས་སུ་བསྟན་པ་དང༌། སེམས་ཅན་གྱི་དོན་རྒྱ་ཆེར་ཡང་དག་པར་འཐོབ་པར་བྱེད་པ་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་འཇུག་པའི་སྦྱོར་བ་རྗེས་སུ་དྲན་ཞིང་རབ་ཏུ་དགའ་བ་


DTG113_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ཕྱིར་ཞིང་མཆོག་ཏུ་དགའ་བ་དང་ལྡན་པ་ཡིན་ནོ། །བདག་ནི་འགྲོ་བ་ཐམས་ཅད་ཀྱི་ཡུལ་ལས་ཕྱིར་ལོག་གོ །བདག་ནི་སངས་རྒྱས་དང་ཉེ་བ་ལ་ཞུགས་སོ། །བདག་ནི་བྱིས་པ་སོ་སོའི་སྐྱེ་བོའི་ས་ལས་རིང་དུ་གྱུར་ཏོ། །བདག་ནི་ཡེ་ཤེས་ཀྱིས་དང་ཉེ་བར་གྱུར་ཏོ། བདག་ནི་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་ཐམས་ཅད་ཀྱི་རྒྱུན་ཆད་པའོ། །བདག་ནི་སེམས་ཅན་ཐམས་ཅད་ཀྱི་སྟོན་པར་འགྱུར་རོ། །བདག་ནི་དེ་བཞིན་གཤེགས་པ་རྣམས་མཐོང་བ་དང་ཉེ་བར་གྱུར་ཏོ། །བདག་ནི་སངས་རྒྱས་ཀྱི་ཡུལ་ལ་ཡང་དག་པར་བྱུང་ངོ༌། །བདག་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཉམ་པ་ཉིད་དང་ལྡན་པར་གྱུར་ཏོ། །བདག་ནི་འཇིགས་པ་དང༌། དངང་བ་དང༌། བག་ཚ་བ་དང་བྲལ་ལོ་ཞེས་མཆོག་ཏུ་དགའ་བ་བསྐྱེད་དོ་ཞེས་འབྱུང་ངོ༌། །མཆོག་ཏུ་དགའ་བ་ཞེས་བྱ་བ་ནི་སེམས་མགུ་བ་དང༌། ཡིད་བདེ་བ་དང་ཡིད་རངས་པའོ། །དེ་ཡང་རྣམ་པ་དགུར་རིག་པར་བྱ་སྟེ། དཀོན་མཆོག་གསུམ་པོ་དག་ལ་དང་བའི་མཆོག་ཏུ་དགའ་བ་ནི་གང་གི་ཕྱིར། དང་བ་མང་བ་ཡིན་ཞེས་གསུངས་པའོ། །དམིགས་པ་ལ་དགའ་བས་ཚིམ་པ་ཉིད་ཀྱི་ཕྱིར་དགའ་བའི་མཆོག་ཏུ་དགའ་བ་ནི་གང་གི་ཕྱིར་དགའ་བ་མང་བ་ཡིན་ཞེས་གསུངས་པའོ། །བདག་གི་རྟོགས་པའི་ཁྱད་པར་ལ་རྟོག་པ་ཉིད་ཀྱི་ཕྱིར་རངས་པའི་མཆོག་ཏུ་དགའ་བ་ནི་གང་གི་ཕྱིར། རངས་པ་མང་བ་ཡིན་ཞེས་གསུངས་པའོ། །རང་གི་ལུས་དང་སེམས་ལ་ཕན་བཏགས་ཏེ། བརྟས་པ་ཉིད་ཀྱི་ཕྱིར་མགུ་བའི་མཆོག་ཏུ་དགའ་བ་ནི་གང་གི་ཕྱིར། མགུ་བ་མང་བ་ཡིན་ཞེས་གསུངས་པའོ། །རང་གི་ལུས་དང་སེམས་ལ་ཁྱབ་པར་ཕན་བཏགས་པ་ཉིད་ཀྱི་ཕྱིར་དགའ་བརླབས་ཀྱི་མཆོག་ཏུ་དགའ་བ་ནི་གང་གི་ཕྱིར། དགའ་རླབས་མང་བ་ཡིན་ཞེས་གསུངས་པའོ། །བྱང་ཆུབ་ལ་ཉེ་བར་གྱུར་པར་རྟོག་པ་ཉིད་ཀྱི་ཕྱིར་སྤྲོ་བའི་མཆོག་ཏུ་དགའ་བ་ནི་གང་གི་ཕྱིར། སྤྲོ་བ་མང་བ་ཡིན་ཞེས་གསུངས་པའོ། །རང་གི་སེམས་ཀྱི་རྒྱུད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། འབེལ་བའི་གཏམ་རྣམ་པར་གཏན་ལ་འབེབས་པའི་དུས་ན་འཁྲུགས་པ་མེད་པ་དེ་ཉིད་ཀྱི་ཕྱིར་མི་འཁྲུགས་པའི་མཆོག་ཏུ་དགའ་བ་ནི་གང་གི་ཕྱིར། མི་འཁྲུགས་པ་མང་བ་ཡིན་ཞེས་གསུངས་པའོ། །གཞན་ཡང་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སེམས་ཅན་སྡུད་པའི་དུས་


DTG113_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྙིང་རྗེ་དང་དེས་པ་གཉིས་ཀྱིས་རྣམ་པར་མི་འཚེ་བའི་མཆོག་ཏུ་དགའ་བ་ནི་གང་གི་ཕྱིར། རྣམ་པར་འཚེ་བ་མེད་པ་མང་བ་ཡིན་ཞེས་གསུངས་པའོ། །དེ་ལོག་པར་ཞུགས་པའི་དུས་ན་བཟོད་པས་མི་ཁྲོ་བའི་མཆོག་ཏུ་དགའ་བ་ནི་གང་གི་ཕྱིར། ཁྲོ་བ་མེད་པ་མང་བ་ཡིན་ཞེས་གསུངས་པའོ། །དེའི་འོག་ཏུ་དམིགས་པ་གང་གིས་རབ་ཏུ་དགའ་བ་ཡིན་པ་དེ་བཅུ་པ་གཉིས་པ་དང༌། གསུམ་པས་སྟོན་ཏོ། །དམིགས་པ་དེ་ཡང་རྣམ་པ་གཉིས་ཏེ། མ་འོངས་པ་ན་ཐོབ་པར་བྱ་བ་དང་ད་ལྟར་བྱུང་བ་ན་ཐོབ་པའོ། །དེ་ལ་མ་འོངས་པ་ན་ཐོབ་པར་བྱ་བའི་དབང་དུ་མཛད་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་རྗེས་སུ་དྲན་ཞིང་མཆོག་ཏུ་དགའ་བ་ཡིན་ཞེས་རྒྱ་ཆེར་གསུངས་སོ། །ཇི་ལྟར་རྗེས་སུ་དྲན་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དེ་འདྲ་སྟེ། བདག་ཀྱང་དེ་འདྲ་བར་འགྱུར་རོ་སྙམ་དུ་ཡིད་ལ་བྱེད་པའོ། །སངས་རྒྱས་རྗེས་སུ་དྲན་པ་དེ་ཡང་རྣམ་པ་དགུར་རིག་པར་བྱ་སྟེ། ཆོས་ལས་སངས་རྒྱས་རྗེས་སུ་དྲན་པ་ནི་གང་གི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་ཞེས་གསུངས་པའོ། །བྱང་ཆུབ་སེམས་དཔའ་ལས་སངས་རྒྱས་རྗེས་སུ་དྲན་པ་ནི་གང་གི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཞེས་གསུངས་པའོ། །སྤྱོད་པ་ལས་སངས་རྒྱས་རྗེས་སུ་དྲན་པ་ནི་གང་གི་ཕྱིར། བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ཞེས་གསུངས་པའོ། །རྣམ་པར་དག་པ་ལས་སངས་རྒྱས་རྗེས་སུ་དྲན་པ་ནི་གང་གི་ཕྱིར། ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཞེས་གསུངས་པའོ། །ཁྱད་པར་ཅན་ཉིད་ལས་སངས་རྒྱས་རྗེས་སུ་དྲན་པ་ནི་གང་གི་ཕྱིར། བྱང་ཆུབ་སེམས་དཔའི་སའི་ཁྱད་པར་ཞེས་གསུངས་པའོ། །མི་འཕྲོགས་པ་ཉིད་ལས་སངས་རྒྱས་རྗེས་སུ་དྲན་པ་ནི་གང་གི་ཕྱིར། བྱང་ཆུབ་སེམས་དཔའ་མི་འཕྲོགས་པ་ཉིད་ཅེས་གསུངས་པའོ། །གདམས་ངག་རྗེས་སུ་བསྟན་པ་ལས་སངས་རྒྱས་རྗེས་སུ་དྲན་པ་ནི་གང་གི་ཕྱིར། དེ་བཞིན་གཤེགས་པའི་གདམས་ངག་རྗེས་སུ་བསྟན་པ་ཞེས་གསུངས་པའོ། །ཡང་དག་པར་ཐོབ་པར་བྱེད་པ་ལས་སངས་རྒྱས་རྗེས་སུ་དྲན་པ་ནི་གང་གི་ཕྱིར། སེམས་ཅན་གྱི་དོན་ཡང་དག་པར་ཐོབ་པར་བྱེད་པ་ཞེས་གསུངས་པའོ། །འཇུག་པ་ལས་སངས་རྒྱས་རྗེས་སུ་དྲན་པ་ནི་གང་གི་ཕྱིར། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་འཇུག་པའི་སྦྱོར་བ་


DTG113_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་དྲན་ཞིང་མཆོག་ཏུ་དགའ་བ་ཡིན་ཞེས་གསུངས་པའོ། །དེ་ལ་རྗེས་སུ་དྲན་པ་དང་པོ་དང་ལྷན་ཅིག་པའི་དྲན་པ་གཉིས་ནི་སངས་རྒྱས་དང་ཆོས་ལ་སྟེ། སངས་རྒྱས་རྣམས་ནི་དེ་འདྲ་སྟེ། བདག་ཀྱང་དེ་འདྲ་བར་འགྱུར་རོ་སྙམ་དུ་སེམས་པ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །སངས་རྒྱས་ཀྱི་ཆོས་ཀྱང་རྗེས་སུ་དྲན་པ་ནི་སངས་རྒྱས་ཀྱི་ཆོས་རྗེས་སུ་དྲན་པའི་ཕྱིར་རོ། །གཉིས་ནི་དེའི་རིགས་ལ་སྟེ། བྱང་ཆུབ་སེམས་དཔའ་ལས་སངས་རྒྱས་རྗེས་སུ་དྲན་པ་ནི་བྱང་ཆུབ་སེམས་དཔའ་རྗེས་སུ་དྲན་པའི་ཕྱིར་རོ། །སྤྱོད་པ་ལས་སངས་རྒྱས་རྗེས་སུ་དྲན་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྗེས་སུ་དྲན་པའི་ཕྱིར་ཏེ། གོ་རིམས་བཞིན་ནོ། །ལྷག་མ་རྣམ་པར་དག་པ་ལས་སངས་རྒྱས་རྗེས་སུ་དྲན་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་རྗེས་སུ་དྲན་པའི་ཕྱིར་རོ། །ཁྱད་པར་ཅན་ཉིད་ལས་སངས་རྒྱས་རྗེས་སུ་དྲན་པ་ནི་བྱང་ཆུབ་སེམས་དཔའི་སའི་ཁྱད་པར་རྗེས་སུ་དྲན་པའི་ཕྱིར་རོ། །མི་འཕྲོགས་པ་ཉིད་ལས་སངས་རྒྱས་རྗེས་སུ་དྲན་པ་ནི་བྱང་ཆུབ་སེམས་དཔའི་མི་འཕྲོགས་པ་ཉིད་རྗེས་སུ་དྲན་པའི་ཕྱིར་རོ། །གདམས་ངག་རྗེས་སུ་བསྟན་པ་ལས་སངས་རྒྱས་རྗེས་སུ་དྲན་པ་ནི། དེ་བཞིན་གཤེགས་པའི་གདམས་ངག་རྗེས་སུ་བསྟན་པ་རྗེས་སུ་དྲན་པའི་ཕྱིར་རོ། །ཡང་དག་པར་ཐོབ་པར་བྱེད་པ་ལས་སངས་རྒྱས་རྗེས་སུ་དྲན་པ་ནི་སེམས་ཅན་གྱི་དོན་ཡང་དག་པར་ཐོབ་པར་བྱེད་པ་རྗེས་སུ་དྲན་པའི་ཕྱིར་རོ། །འཇུག་པ་ལས་སངས་རྒྱས་རྗེས་སུ་དྲན་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ལས་འཇུག་པའི་སྦྱོར་བ་རྗེས་སུ་དྲན་པའི་ཕྱིར་རོ། །རབ་ཏུ་ཕྱེ་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་རིགས་ཀྱི་སྤྱོད་པའོ། །ཇི་ལྟ་བུས་རབ་ཏུ་ཕྱེ་བ་དེ་ནི་རྗེས་སུ་དྲན་པ་རྣམས་སུ་རིག་པར་བྱའོ། །གང་གིས་རབ་ཏུ་ཕྱེ་ཞེ་ན། དེ་ནི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་རབ་ཏུ་ཕྱེ་བའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་ཇི་ལྟར་རབ་ཏུ་ཕྱེ་ཞེ་ན། སའི་ཁྱད་པར་དུ་འགྲོ་བ་དང༌། སའི་མཐར་ཕྱིན་པར་འགྲོ་བ་དང། དེ་ལ་གདམས་ངག་མ་ལུས་པར་རྙེད་པ་དང༌། འབྲས་བུར་ཡོད་པར་སེམས་ཅན་གྱི་དོན་ལ་སྦྱོར་བ་དང༌། དེ་བཞིན་གཤེགས་པའི་ས་ལ་འཇུག་པའི་སྦྱོར་བས་རབ་ཏུ་ཕྱེ་བའོ། །འདིར་ཡང་སྤྱོད་པ་ལ་སངས་རྒྱས་རྗེས་སུ་དྲན་པ་ནི་ཡན་ལག་དང༌། ཉེ་བའི་ཡན་ལག་ཏུ་རིག་པར་བྱའོ། །དེའི་འོག་


DTG113_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དེ་ལྟར་བྱུང་བ་ན་ཐོབ་པའི་དམིགས་པའི་དབང་དུ་མཛད་ནས་ཕྱིར་ཞིང་མཆོག་ཏུ་དགའ་བ་དང་ལྡན་པ་ཡིན་ཏེ། བདག་ནི་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་ཡུལ་ལས་ཕྱིར་ལོག་གོ་ཞེས་རྒྱ་ཆེར་གསུངས་ཏེ། སོ་སོའི་སྐྱེ་བོ་ལོངས་སྤྱོད་ལས་ཕྱིར་ལོག་པའི་ཕྱིར་རོ། །ཕྱིར་ལོག་པ་དེ་ཡང་རྣམ་པ་དགུ་སྟེ། འཇུག་པས་ཕྱིར་ལོག་པ་ནི་གང་གི་ཕྱིར། བདག་ནི་སངས་རྒྱས་དང་ཉེ་བ་ལ་ཞུགས་སོ་ཞེས་གསུངས་པའོ། །རིང་བའི་དངོས་པོས་ཕྱིར་ལོག་པ་ནི་གང་གི་ཕྱིར། བདག་ནི་བྱིས་པ་སོ་སོའི་སྐྱེ་བོའི་ས་ལས་རིང་དུ་གྱུར་ཏོ་ཞེས་གསུངས་པའོ། །ཉེ་བའི་དངོས་པོས་ཕྱིར་ལོག་པ་ནི་གང་གི་ཕྱིར། བདག་ནི་ཡེ་ཤེས་ཀྱིས་དང་ཉེ་བར་གྱུར་ཏོ་ཞེས་གསུངས་པའོ། །རྒྱུན་ཆད་པས་ཕྱིར་ལོག་པ་ནི་གང་གི་ཕྱིར། བདག་ནི་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་ཐམས་ཅད་ཀྱི་རྒྱུན་ཆད་པའོ་ཞེས་གསུངས་པའོ། །སྟོན་པས་ཕྱིར་ལོག་པ་ནི་གང་གི་ཕྱིར། བདག་ནི་སེམས་ཅན་ཐམས་ཅད་ཀྱི་སྟོན་པར་གྱུར་ཏོ་ཞེས་གསུངས་པའོ། །མཐོང་བ་དང་ཉེ་བས་ཕྱིར་ལོག་པ་ནི་གང་གི་ཕྱིར། བདག་ནི་དེ་བཞིན་གཤེགས་པ་མཐོང་བ་ངང་ཉེ་བར་གྱུར་ཏོ་ཞེས་གསུངས་པའོ། །འབྱུང་བས་ཕྱིར་ལོག་པ་ནི་གང་གི་ཕྱིར། བདག་ནི་སངས་རྒྱས་ཀྱི་ཡུལ་ལ་ཡང་བྱུང་ངོ་ཞེས་གསུངས་པའོ། །མཉམ་པ་ཉིད་ཀྱི་ཕྱིར་ལོག་པ་ནི་གང་གི་ཕྱིར། བདག་གི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཉམ་པ་ཉིད་དང་ལྡན་པར་གྱུར་ཏོ་ཞེས་གསུངས་པའོ། །བྲལ་བས་ཕྱིར་ལོག་པ་ནི་གང་གི་ཕྱིར། བདག་ནི་འཇིགས་པ་དང༌། བག་ཚ་བ་དང་བྲལ་ལོ་ཞེས་གསུངས་པའོ། །དེ་ལ་གཅིག་སྟེ་འཇུག་པས་ཕྱིར་ལོག་བ་ནི་ལོངས་སྤྱོད་མི་འདྲ་བས་རབ་ཏུ་ཕྱེ་བའོ། །གཉིས་ཏེ་རིང་བའི་དངོས་པོས་ཕྱིར་ལོག་པ་དང༌། ཉེ་བའི་དངོས་པོས་ཕྱིར་ལོག་པ་ནི་ལུས་མི་འདྲ་བར་རབ་ཏུ་ཕྱེ་བའོ། །ལྷག་མ་དྲུག་པོ་རྒྱུན་ཆད་པས་ཕྱིར་ལོག་པ་དང༌། སྟོན་པས་ཕྱིར་ལོག་པ་དང༌། མཐོང་བ་དང་ཉེ་བས་ཕྱིར་ལོག་པ་དང༌། འབྱུང་བས་ཕྱིར་ལོག་པ་དང༌། མཉམ་པ་ཉིད་ཀྱིས་ཕྱིར་ལོག་པ་དང༌། བྲལ་བས་ཕྱིར་ལོག་པ་ནི་སྒྲུབ་པ་མི་འདྲ་བ་ཉིད་དང༌། གཅིག་གི་གྲོགས་སུ་གཅིག་གྱུར་པའི་དངོས་པོ་མི་འདྲ་བ་ཉིད་དང༌། གཞན་གྱི་དབང་དུ་གྱུར་པ་མི་འདྲ་བ་ཉིད་དང༌། ཡུལ་མི་འདྲ་བ་ཉིད་དང༌། འཚོ་བ་མི་འདྲ་བ་ཉིད་དང༌། ཕུན་


DTG113_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པ་མི་འདྲ་བ་ཉིད་ཀྱིས་རབ་ཏུ་ཕྱེ་བ་སྟེ། གོ་རིམས་བཞིན་ནོ། །དེ་ལ་འཇིགས་པ་ནི་མི་འདོད་པར་ལྟུང་དུ་དོགས་པ་སྟེ། སེམས་པ་ཡིད་མི་བདེ་བ་དང་མཚུངས་པར་ལྡན་པའོ། །དེ་ཡང་སེམས་དང་ལུས་འགྱུར་བར་བྱེད་པའི་བྱེ་བྲག་གིས་དངང་བ་དང་བག་ཚ་བ་ཞེས་བྱའོ། །དེའི་འོག་ཏུ་འཇིགས་པ་དེ་དག་གང་ཡིན་པ་དང༌། ཇི་ལྟར་དེ་གཞི་དང་བྲལ་བ་དང་མེད་པ་དེ་སྟོན་ཏེ། ཀྱེ་རྒྱལ་བའི་སྲས་དག་ཇི་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་འདི་ཐོབ་མ་ཐག་ཏུ་འཇིགས་པ་གང་དག་ཡིན་པ་འདི་ལྟ་སྟེ། འཚོ་བ་མེད་པས་འཇིགས་པའམ། ཚིགས་སུ་བཅད་པ་མེད་པས་འཇིགས་པའམ། འཆི་བས་འཇིགས་པའམ། ངན་འགྲོས་འཇིགས་པའམ། འཁོར་གྱི་ནང་དུ་བག་ཚ་བས་འཇིགས་པ་དེ་དག་ཐམས་ཅད་དེ་ལ་མེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བདག་གི་འདུ་ཤེས་དང་བྲལ་བས། བདག་ཕོངས་པར་སེམས་པ་ཡང་མེད་ན། ཡོ་བྱད་ཐམས་ཅད་ལ་ཕོངས་པར་སེམས་པ་ལྟ་ག་ལ་ཡོད་དེ། དེའི་ཕྱིར་དེ་ལ་འཚོ་བ་མེད་པས་འཇིགས་པ་མེད་པ་ཡིན་ནོ། །དེ་ནི་སུ་ལས་ཀྱང་རིམ་གྲོར་བྱ་བ་ཅུང་ཟད་ཙམ་ཡང་རེ་བ་མེད་ཀྱི། གཞན་དུ་ན་བདག་ཉིད་ཀྱིས་སེམས་ཅན་དེ་དག་ལ་ཡོ་བྱད་མང་པོ་ཐམས་ཅད་ཀྱིས་བསྡུ་བར་བྱའོ་སྙམ་དུ་སེམས་ཏེ། དེའི་ཕྱིར་དེ་ལ་ཚིགས་སུ་བཅད་པ་མེད་པས་འཇིགས་པ་མེད་པ་ཡིན་ནོ། །དེ་བདག་ཏུ་ལྟ་བ་དང་བྲལ་བས་བདག་གི་འདུ་ཤེས་མེད་དེ། དེའི་ཕྱིར་དེ་ལ་འཆི་བས་འཇིགས་པ་མེད་པ་ཡིན་ནོ། །བདག་ཤི་ནས་ཀྱང་གདོན་མི་ཟ་བར་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དག་དང་མི་འབྲལ་བར་འགྱུར་རོ་སྙམ་སྟེ། དེའི་ཕྱིར་དེ་ལ་ངན་འགྲོས་འཇིགས་པ་མེད་པ་ཡིན་ནོ། །བདག་གི་བསམ་པ་དང་མཚུངས་པ་ཡང་འཇིག་རྟེན་ན་སུ་ཡང་མེད་ན། ཆེས་ལྷག་པར་ལྟག་ལ་ཡོད་སྙམ་སྟེ། དེའི་ཕྱིར་དེ་ལ་འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་མེད་པ་ཡིན་ནོ་ཞེས་བྱའོ། །འདི་དག་ནི་སའི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་དང༌། སའི་ལེགས་པའི་ཁྱད་པར་ཡོངས་སུ་བསྟན་པའི་ཕྱིར་རོ། །འཇིགས་པ་དེ་དག་ལས་དང་པོ་དང༌། གཉིས་པ་དང༌། ཐ་མ་དང༌། གསུམ་ནི་ལུས་དང༌། ངག་དང༌། སེམས་ཀྱིས་མྱོང་བའི་གནས་ཡིན་ནོ། །གསུམ་པ་དང་བཞི་པ་ནི་འདོད་པ་དང་མི་འདོད་པ་བདེ་འགྲོ་


DTG113_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

དང་ངན་འགྲོའི་ལུས་དང་འབྲལ་བ་དང༌། འཕྲད་པའི་གནས་ཡིན་པས་ལུས་ཀྱི་གནས་ཏེ། དེའི་ཕྱིར་ལྔ་ཁོ་ནའོ། །བརྡེག་པ་དང་བཅིང་བ་ལ་སོགས་པའི་འཇིགས་པ་རྣམས་ཀྱང་འདི་དག་གི་ནང་དུ་འདུས་པའི་ཕྱིར་རོ། །འཇིགས་པའི་གཞི་ནི་མདོར་བསྡུ་ན་གཉིས་སུ་བསྟན་ཏེ། ལེག་པའི་ཤེས་བྱ་ལ་མངོན་པར་ཞེན་པའི་འདུ་ཤེས་དང༌། ལྟ་བ་དང༌། སྲེད་པ་ལ་མངོན་པར་ཞེན་པའི་མཚན་ཉིད་དང༌། དགེ་བའི་རྩ་བ་ཆུང་བ་ཉིད་དེ། དེའི་གཉེན་པོ་ནི་འདི་ལྟར་དེ་ནི་བདག་གི་འདུ་ཤེས་དང་བྲལ་བས། བདག་ལ་ཕངས་པར་སེམས་པ་ཡང་མེད་ན། ཡོ་བྱད་ཐམས་ཅད་ལ་ཕངས་པར་སེམས་པ་ལྟ་བ་ལ་ཡོད་ཅེས་བྱ་བ་དང༌། དེ་ནི་སུ་ལས་ཀྱང་རིམ་གྲོར་བྱ་བ་ཅུང་ཟད་ཙམ་ཡང་རེ་བ་མེད་ཀྱི། གཞན་དུ་ན་བདག་ཉིད་ཀྱིས་སེམས་ཅན་དེ་དག་ལ་ཡོ་བྱང་མང་པོ་ཐམས་ཅད་ཀྱིས་སྡུད་པར་བྱའོ་སྙམ་དུ་སེམས་ཞེས་བྱ་བ་དང༌། དེ་བདག་ཏུ་ལྟ་བ་དང་བྲལ་བས་བདག་གི་འདུ་ཤེས་མེད་ཅེས་བྱ་བ་དང༌། བདག་ཤི་ནས་ཀྱང་གདོན་མི་ཟ་བར་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དག་དང་མི་བྲལ་བར་འགྱུར་སྙམ་ཞེས་བྱ་བ་དང་བདག་གི་བསམ་པ་དང་མཚུངས་པ་ཡང་འཇིག་རྟེན་ན་སུ་ཡང་མེད་ན། ཆེས་ལྷག་པ་ལྟ་ག་ལ་ཡོད་སྙམ་ཞེས་བྱ་བའོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་འཇིགས་པ་དང༌། དངང་བ་དང༌། བག་ཚ་པ་དང༌། སྤུ་ཟིང་ཞེས་བྱད་པ་མེད་པའི་བྱང་ཆུབ་སེམས་དཔའ་ནི་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་ཕྱིར་ལྷག་པའི་བསམ་པ་ཉམས་པ་དང༌། མི་དམའ་བས་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྡུ་བའི་ཕྱིར་རབ་ཏུ་སྦྱོར་བར་བྱེད་དེ་ཞེས་བྱ་བ་ལ་དེ་ལྟར་འཇིགས་པ་དང༌། དངང་བ་དང༌། བག་ཆ་བ་དང༌། སྤུ་ཟིང་ཞེས་བྱེད་པ་མེད་ཅེས་བྱ་བས་ནི་སྔར་འཇིགས་པ་བསྟན་པ་ཉིད་ཀྱི་ལུས་འབྱུང་བའི་བྱེ་བྲག་ཅན་སྟོན་ཏོ། །མ་ཉམས་པ་དང་མི་ཉམས་ཞེས་བྱ་བ་ནི་ཉོན་མོངས་པ་དང༌། ཐེག་པ་དམན་པ་ཡིད་ལ་བྱེད་པ་དང་མ་འདྲེས་པའི་ཕྱིར་རོ། །དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྡུ་བའི་ཕྱིར་ཞེས་བྱ་བ་ནི་གང་དག་ས་དེས་བསྡུས་པ་རྣམས་སོ། །སྦྱོར་བར་བྱེད་པ་དེ་ཡང་ཇི་ལྟ་བུ་ཞེ་ན། བསམ་པ་ཕུན་སུམ་ཚོགས་པ་དང༌། སྦྱོར་བ་ཕུན་སུམ་ཚོགས་པ་དང༌། ཡོངས་སུ་བསྔོ་བ་ཕུན་སུམ་ཚོགས་པ་དང༌། ཕུན་སུམ་ཚོགས་པ་རྣམ་པ་གསུམ་གྱིས་ཏེ། དེ་ནི་བཅུ་པ་གསུམ་གྱིས་སྟོན་ཏོ། །དད་པའི་དབང་གི་ཕྱིར་དང༌། དང་


DTG113_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བ་མང་བའི་ཕྱིར་དང༌། མོས་པ་རྣམ་པར་དག་པའི་ཕྱིར་དང༌། སྲིད་པར་འཛིན་པ་མང་བའི་ཕྱིར་དང༌། སྙིང་བརྩེ་བ་དང༌། སྙིང་རྗེ་མངོན་པར་བསྒྲུབ་པའི་ཕྱིར་དང༌། བྱམས་པ་ཆེན་པོ་དང་ལྡན་པའི་ཕྱིར་དང༌། ཡིད་ཡོངས་སུ་མི་སྐྱོ་བའི་ཕྱིར་དང༌། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པའི་རྒྱན་གྱི་ཕྱིར་དང༌། བཟོད་ཅིང་དེས་པ་དང་ལྡན་པའི་ཕྱིར་དང༌། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་ལ་གུས་ཤིང་རིམ་གྲོ་བྱེད་པ་མང་བའི་ཕྱིར་ཞེས་བྱ་བ་བཅུ་པ་འདིས་ནི་བསམ་པ་ཕུན་སུམ་ཚོགས་པ་སྟོན་ཏོ། །དེ་ལ་དངོས་པོ་གང་དག་ལ་དད་པ་དེ་དབང་དུ་བྱེད་པ་དེའི་བྱེ་བྲག་གིས་དབང་དེ་རྣམ་པ་དགུར་རིག་པར་བྱ་སྟེ། དཀོན་མཆོག་གསུམ་པོ་དག་ལ་དང་བའི་དད་པའི་དབང་ནི་གང་གི་ཕྱིར་དང་བ་མང་བའི་ཕྱིར་ཞེས་གསུངས་པའོ། །བདག་གིས་རྟོགས་པ་ལ་རྣམ་པར་དག་པའི་དད་པའི་དབང་ནི་གང་གི་ཕྱིར། མོས་པ་རྣམ་པར་དག་པའི་ཕྱིར་ཞེས་གསུངས་པའོ། །གཞན་གྱིས་རྟོགས་པ་ལ་སྲིད་པར་འཛིན་པའི་དད་པའི་དབང་ནི་གང་གི་ཕྱིར་སྲིད་པར་འཛིན་པ་མང་བའི་ཕྱིར་ཞེས་གསུངས་པའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བརྩེ་བ་དང༌། སྙིང་རྗེའི་དད་པའི་དབང་དང༌། བྱམས་པའི་དད་པའི་དབང་ནི་གང་གི་ཕྱིར། སྙིང་བརྩེ་བ་དང༌། སྙིང་རྗེ་མངོན་པར་བསྒྲུབ་པའི་ཕྱིར་དང༌། བྱམས་པ་ཆེན་པོ་དང་ལྡན་པའི་ཕྱིར་ཞེས་གསུངས་པ་སྟེ། སྙིང་བརྩེ་བ་དང༌། སྙིང་རྗེ་ནི་སྡུག་བསྔལ་སེལ་བའི་རྣམ་པ་ཡིན་ནོ། །མངོན་པར་སྒྲུབ་པ་ནི་ཕྱིར་ཞིང་མངོན་སུམ་དུ་བྱེད་པར་རིག་པར་བྱའོ། །བྱམས་པ་ནི་བདག་གིས་དེ་དག་བསྐྱབ་བོ་སྙམ་པའི་རྣམ་པ་དེ་ལྟ་བུ་ཡིན་ནོ། །དེ་ཡོངས་སུ་སྨིན་པར་བྱ་བ་དེ་ལྟ་བུ་ཚེ་རབས་དུ་མར་རབ་ཏུ་བསྒྲུབས་པའི་ཕྱིར་ཡུན་རིང་དུ་འཁོར་བར་ཁས་བླངས་པས་ཡོངས་སུ་མི་སྐྱོ་བའི་དད་པའི་དབང་ནི་གང་གི་ཕྱིར། ཡིད་ཡོངས་སུ་མི་སྐྱོ་བའི་ཕྱིར་ཞེས་གསུངས་པའོ། །ཉོན་མོངས་པ་ཅན་མ་ཡིན་པར་འཁོར་བར་བྱ་བའི་ཕྱིར། སེར་སྣ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་བའི་མི་མཐུན་པའི་ཕྱོགས་ཀྱི་ཆོས་ལ་འཛེམ་པས་ཆུ་གང་དང་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པའི་དད་པའི་དབང་ནི་གང་གི་ཕྱིར། ངོ་ཚ་ཤེས་ཤིང་ཁྲེལ་ཡོང་བའི་རྒྱན་གྱི་ཕྱིར་ཞེས་གསུངས་པའོ། །ཆོས་མཐུན་པ་ལ་རྣམ་པར་ཐོ་མི་འཚམས་པས་དེས་པའི་དད་པའི་དབང་ནི་གང་གི་ཕྱིར་བཟོད་


DTG113_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་དེས་པ་དང་ལྡན་པའི་ཕྱིར་ཞེས་གསུངས་པའོ། །དེ་ལ་བསྟི་སྟང་བྱེད་པས་བསྟན་པ་ལ་གུས་པའི་དད་པའི་དབང་ནི་གང་གི་ཕྱིར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྟན་པ་ལ་གུས་ཤིང་རིམ་གྲོ་བྱེད་པའི་ཕྱིར་ཞེས་གསུངས་པའོ། །ཐ་མའི་གསུམ་པོས་ནི་གང་གིས་ཏེ་ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། གང་དག་གིས་ཏེ་གྲོགས་དག་དང༌། གང་ལ་སྟེ་བསྟན་པ་ལ་རབ་ཏུ་སྦྱོར་བ་དེ་ཡོངས་སུ་བསྟན་ཏོ། །དེ་ལྟ་བུ་རེ་ཞིག་བསམ་པ་ཕུན་སུམ་ཚོགས་པས་བརྩོན་པར་བྱེད་པའོ། །སྦྱོར་བ་ཕུན་སུམ་ཚོགས་པ་ཇི་ལྟ་བུ་ཞེ་ན། ཉིན་མཚན་དུ་དགེ་བའི་རྩ་བ་སོགས་པས་མི་ངོམས་པའི་ཕྱིར་དང༌། དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཕྱིར་དང༌། ཆོས་ཀྱི་ཀུན་དགའ་ལ་དགའ་བའི་ཕྱིར་དང༌། མང་དུ་ཐོས་པ་ཚོལ་བས་ངོམས་མི་མྱོང་བའི་ཕྱིར་དང༌། ཇི་སྐད་ཐོས་པའི་ཆོས་ལ་ཚུལ་བཞིན་རྟོགས་པའི་ཕྱིར་དང༌། ཡིད་གནས་མེད་པའི་ཕྱིར་དང༌། རྙེད་པ་དང། བཀུར་སྟི་དང༌། ཚིགས་སུ་བཅད་པ་ལ་ཆགས་པ་མེད་པའི་ཕྱིར་དང༌། ཡོ་བྱད་ལ་ཕངས་པར་སེམས་ཤིང་མངོན་པར་དགའ་བ་མེད་པའི་ཕྱིར་དང༌། སེམས་བསྐྱེད་པ་རིན་པོ་ཆེ་ལྟ་བུ་ངོམས་པ་མེད་པར་མངོན་པར་བསྒྲུབ་པའི་ཕྱིར་ཞེས་བྱ་བ་འདིས་སྦྱོར་བ་ཕུན་སུམ་ཚོགས་པ་སྟོན་ཏོ། །དགེ་བའི་རྩ་བ་སོགས་པ་ལ་རྒྱུན་མི་འཆད་པར་མངོན་པར་བརྩོན་པ་ཉིད་ནི་གང་གི་ཕྱིར། ཉིན་མཚན་དུ་དགེ་བའི་རྩ་བ་སོགས་པས་མི་ངོམས་པའི་ཞེས་གསུངས་པའོ། །སོགས་པ་དེ་ཡང་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། ཆུད་མི་ཟ་བར་བྱ་བའི་ཕྱིར་བསྙེན་བཀུར་བྱེད་པ་ལ་སོགས་པ་ནི་གང་གི་ཕྱིར། དགེ་བའི་བཤེས་གཉེན་ལ་བརྟན་པའི་ཕྱིར་ཞེས་གསུངས་པའོ། །དེ་ནས་འབྲེལ་བའི་གཏམ་རྣམ་པར་གཏན་ལ་འབེབས་པའི་དགའ་བས་ཆོས་ཀྱི་ཀུན་དགའ་བ་སོགས་པ་ནི་གང་གི་ཕྱིར། ཆོས་ཀྱི་ཀུན་དགའ་ལ་དགའ་བའི་ཕྱིར་ཞེས་གསུངས་པའོ། །མང་དུ་ཐོས་པ་ལ་སོགས་པ་ནི་གང་གི་ཕྱིར། མང་དུ་ཐོས་པ་ཚོལ་བ་ལ་ངོམས་མི་མྱོང་བའི་ཕྱིར་ཞེས་གསུངས་པའོ། །རྟོག་པ་ལ་སོགས་པ་ནི་གང་གི་ཕྱིར། ཇི་སྐད་ཐོས་པའི་ཆོས་ལ་ཚུལ་བཞིན་རྟོགས་པའི་ཕྱིར་ཞེས་གསུངས་པའོ། །གནས་མེད་པ་ལ་སོགས་པ་ནི་གང་གི་ཕྱིར། ཡིད་གནས་མེད་པའི་ཕྱིར་ཞེས་གསུངས་པའོ། །མང་དུ་ཐོས་པ་ལ་སོགས་པ་གསུ་


DTG113_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་མ་ཐག་པ་གསུམ་པོ་དེ་དག་ནི་ཐོས་པ་དང༌། བསམ་པ་དང་བསྒོམ་པ་རྣམས་དང་གོ་རིམས་བཞིན་ནོ། །གནས་མེད་པ་ནི་འདིར་བསམ་གཏན་གྱི་རོ་མྱང་བ་མེད་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་ལ་བར་དུ་གཅོད་པ་ཡོངས་སུ་སྤང་བའི་ཕྱིར། རྙེད་པ་དང༌། བཀུར་སྟི་ཐོབ་པ་དང༌། མ་ཐོབ་པ་ལ་ལྷག་པར་ཆགས་པ་མེད་པ་སོགས་པ་དང༌། མངོན་པར་དགའ་བ་མེད་པ་སོགས་པ་ནི་གང་གི་ཕྱིར། རྙེད་པ་དང༌། བཀུར་སྟི་དང༌། ཚིགས་སུ་བཅད་པ་ལ་ཆགས་པ་མེད་པའི་ཕྱིར་དང༌། ཡོ་བྱད་ལ་ཕངས་པར་སེམས་ཤིང་མངོན་པར་དགའ་བ་མེད་པའི་ཕྱིར་ཞེས་གསུངས་པའོ། །འཇིག་རྟེན་ལས་འདས་པའི་སེམས་རྒྱུན་མི་འཆད་པར་མངོན་དུ་བྱེད་པས་རིན་པོ་ཆེ་ལྟ་བུའི་སེམས་སོགས་པ་ནི་གང་གི་ཕྱིར། སེམས་བསྐྱེད་པ་རིན་པོ་ཆེ་ལྟ་བུ་ངོམས་པ་མེད་པར་མངོན་པར་བསྒྲུབ་པའི་ཕྱིར་ཞེས་གསུངས་པ་སྟེ། དེ་ལྟ་བུ་ནི་སྦྱོར་བ་ཕུན་སུམ་ཚོགས་པས་བརྩོན་པར་བྱེད་པའོ། །ཡོངས་སུ་བསྔོ་བ་ཕུན་སུམ་ཚོགས་པས་བརྩོན་པར་བྱེད་པ་ཇི་ལྟ་བུ་ཞེ་ན། ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པའི་ཕྱིར་དང༌། དེ་བཞིན་གཤེགས་པའི་སྟོབས་དང༌། མི་འཇིགས་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དག་ལ་ལྷག་པར་དམིགས་བའི་ཕྱིར་དང༌། ཕ་རོལ་ཏུ་ཕྱིན་པ་ཆགས་པ་མེད་པ་ཡོངས་སུ་ཚོལ་བའི་ཕྱིར་དང༌། སྒྱུ་དང་གཡོ་ཡོངས་སུ་སྤངས་པའི་ཕྱིར་དང༌། ཇི་སྐད་སྨྲས་པ་དེ་ལྟར་བྱེད་པའི་ཕྱིར་དང༌། རྟག་ཏུ་རྒྱུན་མི་འཆད་པར་བདེན་པའི་ཚིག་ལྷུར་ལེན་པའི་ཕྱིར་དང༌། དེ་བཞིན་གཤེགས་པའི་རིགས་སུན་པར་མི་བྱེད་པའི་ཕྱིར་དང༌། བྱང་ཆུབ་སེམས་དཔའི་བསླབ་བ་མི་གཏོང་བ་དང༌། རིའི་དབང་པོའི་རྒྱལ་པོ་ལྟར་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མི་གཡོས་བའི་ཕྱིར་དང༌། འཇིག་རྟེན་པའི་བྱ་བ་ཐམས་ཅད་ཀྱང་མི་འདོད་ལ། འཇིག་རྟེན་ལས་འདས་པའི་ལམ་དང་ཡང་ལྡན་པའི་ཕྱིར་དང༌། བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་སོགས་པ་ལ་ཆོག་མི་ཤེས་པའི་ཕྱིར་དང༌། རྟག་ཏུ་རྒྱུན་མི་འཆད་པར་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་ཡོངས་སུ་ཚོལ་བའི་ཕྱིར་རོ་ཞེས་བྱ་བ་འདིས་ནི་ཡོངས་སུ་བསྔོ་བ་ཕུན་སུམ་ཚོགས་པ་སྟོན་ཏོ། །དེ་ལ་ཐམས་ཅད་མཁྱེན་པའི་ས་


DTG113_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་འདོད་པ་ནི་ཡན་ལག་གོ །དེ་བཞིན་གཤེགས་པའི་སྟོབས་ལ་དམིགས་པས་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་དང༌། རྣམ་པར་དག་པས་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་དང༌། ཡོངས་སུ་སྤོང་བས་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་དང༌། ཇི་སྐད་སྨྲས་པ་དེ་ལྟར་བྱེད་པ་ཉིད་ཀྱིས་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་དང༌། རྗེས་སུ་སྲུང་བས་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་དང༌། རིགས་སུན་བར་མི་བྱེད་པས་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་དང༌། མི་གཏོང་བས་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་དང༌། མི་གཡོས་པས་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་དང༌། མི་འདོར་ལ་ལྡན་པ་ཉིད་ཀྱིས་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་དང༌། སོགས་པས་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་དང༌། ཡོངས་སུ་ཚོལ་བས་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་བ་ནི་ཉེ་བའི་ཡན་ལག་གོ །དེ་ལ་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་ནི་གང་མངོན་པར་འདོད་པའོ། །དེ་བཞིན་གཤེགས་པའི་སྟོབས་དང༌། མི་འཇིགས་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་ལྷག་པར་དམིགས་པ་ཅི་འདྲ་བ་མངོན་པར་འདོད་པའོ། །ཕ་རོལ་ཏུ་ཕྱིན་པ་ཆགས་པ་མེད་པ་ཡོངས་སུ་ཚོལ་བ་ནི་ཇི་ལྟར་མངོན་པར་འདོད་པའོ། །དེ་དག་ལ་བརྟེན་ནས་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་ལ་སོགས་པ་མངོན་པར་འདོད་པ་གསུམ་རིག་པར་བྱའོ། །ཕ་རོལ་ཏུ་ཕྱིན་པ་ཆགས་པ་མེད་པ་ཡོངས་སུ་ཚོལ་བ་སྟེ། ཇི་ལྟར་མངོན་པར་འདོད་པ་དེའི་རབ་ཏུ་དབྱེ་བ་ལ་བརྟེན་ནས་མངོན་པར་འདོད་པ་གཞན་རྣམས་རིག་པར་བྱའོ། །དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དྲི་མ་ནི་གཉིས་ཏེ། སྒྱུ་དང་གཡོའོ། །དེས་སློང་བ་ཟློག་པར་བྱེད་ཅིང་ཁས་མི་ལེན་ཏོ། །ཇི་སྐད་སྨྲས་པ་བཞིན་དུ་མི་བྱེད་པ་ནི་དེས་ན་ཁས་བླངས་ཀྱང་སྦྱིན་པར་མི་བྱེད་དེ། དེ་གཉིས་ཀྱི་གཉེན་པོར་སྒྱུ་དང་གཡོ་ཡོངས་སུ་སྤངས་པའི་ཕྱིར་དང༌། ཇི་སྐད་སྨྲས་པ་དེ་ལྟར་བྱེད་པའི་ཕྱིར་ཞེས་བྱ་བ་གསུངས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དྲི་མ་ནི་གཅིག་སྟེ། བདེན་པའི་ཚིག་རྗེས་སུ་མི་བསྲུང་བའོ། །དེས་ནི་ཡང་དག་པར་བླངས་ཏེ་དམ་བཅས་


DTG113_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་ཞིག་པར་བྱེད་ལ། ཞིག་པར་བྱས་པ་ཡང་འཆབ་པར་བྱེད་དེ། དེའི་གཉེན་པོ་རྟག་ཏུ་རྒྱུན་མི་འཆད་པར་བདེན་པའི་ཚིག་ལྷུར་ལེན་པའི་ཕྱིར་ཞེས་བྱ་བ་གསུངས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དྲི་མ་ནི་གཅིག་སྟེ། དེ་བཞིན་གཤེགས་པའི་རིགས་སུན་པར་བྱེད་པའོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རིགས་སུན་པར་བྱེད་པ་ཡིན་ཞེ་ན། གཞན་ལ་རྣམ་པར་ཐོ་འཚམས་པའི་ལས་ཀྱིས་སོ། །གཞན་ལ་སྙིང་བརྩེ་བའི་ལས་ཅན་ནི་དེ་བཞིན་གཤེགས་པའི་རིགས་ཡིན་ནོ། །དེ་བས་གཞན་ལ་རྣམ་པར་ཐོ་འཚམས་པ་ནི་དེའི་རིགས་ཅན་གྱི་ལས་ངན་པ་ཡིན་པར་ཤེས་པར་བྱ་སྟེ། དེའི་གཉེན་པོར་དེ་བཞིན་གཤེགས་པའི་རིགས་སུན་པར་མི་བྱེད་པའི་ཕྱིར་ཞེས་བྱ་བ་གསུངས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དྲི་མ་ནི་གཅིག་སྟེ། བྱང་ཆུབ་སེམས་དཔའི་བསླབ་པ་མང་བ་བྱ་དཀའ་བ་དུས་རིང་པོ་ལ་སྤྲོ་བ་ཉམས་པའོ། །དེའི་གཉེན་པོར་བྱང་ཆུབ་སེམས་དཔའི་བསླབ་པ་མི་གཏོང་བའི་ཕྱིར་ཞེས་བྱ་བ་གསུངས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དྲི་མ་ནི་གཉིས་ཏེ། སེམས་རྣམ་པར་གཡེང་བ་དང༌། དེའི་རྒྱུས་ཟིལ་གྱིས་གནོན་པའོ། །དེའི་གཉེན་པོར་རིའི་དབང་པོའི་རྒྱལ་པོ་དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མི་གཡོས་པའི་ཕྱིར་ཞེས་བྱ་བ་གསུངས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དྲི་མ་ནི་གསུམ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་ལ་ཤིན་ཏུ་མི་ཕྱོགས་ཤིང་མངོན་དུ་ཕྱོགས་པའི་ཕྱིར། ཐབས་མི་མཁས་པ་དག་འཇིག་རྟེན་ལས་འདས་པའི་ལམ་མི་སྤོགས་པ་དང༌། ཁྱད་པར་ཐོབ་པས་ཆོག་པར་འཛིན་པ་སྟེ། དེ་དག་གི་གཉེན་པོར་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ཀྱང་མི་འདོར་ལ་འཇིག་རྟེན་ལས་འདས་པའི་ལམ་དང་ལྡན་པའི་ཕྱིར་དང༌། བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་སོགས་པ་ལ་ཆོག་མི་ཤེས་པའི་ཕྱིར་དང༌། རྟག་ཏུ་རྒྱུན་མི་འཆད་པར་གོང་ནས་གོང་དུ་ཁྱད་པར་དུ་འབོགས་པ་ཡོངས་སུ་ཚོལ་བའི་ཕྱིར་རོ་ཞེས་བྱ་བ་གསུངས་ཏེ་གོ་རིམས་བཞིན་ནོ། །དེ་ལྟ་བུ་ནི་ཡོངས་སུ་བསྔོ་བ་ཕུན་སུམ་ཚོགས་པས་ཡང་དག་པར་བརྩོན་པར་བྱེད་པའོ། །འདི་ནི་སྤྱོར་བས་བསྟན་པ་ཡིན་ཏེ། སྦྱོར་བ་ནི་རྣམ་པ་བཞི་སྟེ། དད་པ་དང༌། འདུན་པ་དང༌། བརྩོན་འགྲུས་དང༌། ཐབས་སོ། །བཅུ་


DTG113_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་པོ་ལས་དད་པའི་དབང་ཞེས་བྱ་བ་སྟེ། དད་པའི་དབང་གིས་ནི་འདུན་པ་ཡང་བསྡུས་པར་འགྱུར་རོ། །གཉིས་པ་ལས་ཉིན་མཚན་དུ་དགེ་བའི་རྩ་བ་སོགས་པས་ངོམས་མི་མྱོང་བ་ནི་བརྩོན་འགྲུས་སོ། །གསུམ་པ་ལས་ཐམས་ཅད་མཁྱེན་པའི་ས་མངོན་པར་འདོད་པ་ཞེས་བྱ་བ་ལ་སོགས་པ་ནི་ཐབས་ཡིན་ནོ། །འདི་ནི་ས་བཤད་པ་འདི་ལ་རབ་ཏུ་གནས་པ་ཞེས་བྱ་སྟེ། འདི་ལྟར་འོག་ནས། ཀྱེ་རྒྱལ་བའི་སྲས་དག་ས་ཡོངས་སུ་སྦྱོང་བའི་ཆོས་ཀྱི་རྣམ་པ་འདི་ལྟ་བུ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ནི་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་རབ་ཏུ་གནས་པ་ཡིན་ཏེ་ཞེས་གསུངས་པའོ།། །།དེ་ལྟར་ས་བཤད་ནས་ས་འདི་ལ་གནས་པ་ཁྱད་པར་གང་གིས། ཉན་ཐོས་དང་རང་སངས་རྒྱས་རྣམས་ལས་ཁྱད་པར་དུ་འཕགས་པ་དེ་སྟོན་ཏོ། །ཁྱད་པར་དེ་ནི་རྣམ་པ་གསུམ་སྟེ། འདུན་པའི་ཁྱད་པར་དང༌། སྒྲུབ་པའི་ཁྱད་པར་དང༌། འབྲས་བུའི་ཡོན་གྱི་ཁྱད་པར་རོ། །དེ་ལ་འདུན་པའི་ཁྱད་པར་ནི་སྨོན་ལམ་ཆེན་པོ་བཅུ་པོ་རྣམས་ཏེ། དེ་དག་གིས་བཤད་པ་ནི་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་དེ་ལ་གནས་ཤིང༌། སྨོན་ལམ་ཆེན་པོ་རྣམ་པ་འདི་ལྟ་བུ་འདི་དག་དང༌། བརྩོན་པ་ཆེན་པོ་དང༌། མངོན་པར་སྒྲུབ་པ་ཆེན་པོ་དང༌། མངོན་པར་སྒྲུབ་པའོ། །འདི་ལྟ་སྟེ། སངས་རྒྱས་མ་ལུས་པ་ལ་མཆོད་པ་དང༌། རིམ་གྲོ་ལྷག་མ་མེད་པ་མཐའ་དག་བྱ་བའི་ཕྱིར། རྣམ་པ་ཐམས་ཅད་མཆོག་དང་ལྡན་པར་མོས་པ་རྒྱ་ཆེན་པོས་རྣམ་པར་དག་པ། ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲངས་པ་དང༌། སངས་རྒྱས་འབྱུང་བ་འགྲངས་པ་ཐམས་ཅད་དུ་མཆོད་པ་དང༌། རིམ་གྲོ་ཆེན་པོ་བྱ་བ་རྒྱུན་མི་འཆད་པའི་ཞེས་བྱ་བ་ནི་དང་པོ་ཡིན་ནོ། །དེ་ལ་མ་ལུས་པ་ནི་སངས་རྒྱས་རྣམས་སོ། །ལྷག་མ་མེད་པ་ནི་མཆོད་པའོ། །མཐའ་དག་ནི་རིམ་གྲོ་བྱ་བའོ། །དེ་ལ་སངས་རྒྱས་ནི་རྣམ་པ་གསུམ་སྟེ། ཀུན་རྫོབ་ཀྱི་སངས་རྒྱས་དང༌། གཟུགས་ཀྱི་སྐུའི་སངས་རྒྱས་དང༌། ཆོས་ཀྱི་སྐུའི་སངས་རྒྱས་སོ། །མཆོད་པ་ལ་ཡང་རྣམ་པ་གསུམ་སྟེ། རྙེད་པའི་མཆོད་པ་ནི་ན་བཟའ་དང༌། ཞལ་ཟས་ལ་སོགས་པས་སོ། །བཀུར་སྟིའི་མཆོད་པ་ནི་


DTG113_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པས་སོ། །སྒྲུབ་པའི་མཆོད་པ་ནི་དད་པ་ལ་སོགས་པའི་སྒྲུབ་པས་སོ། །རིམ་གྲོ་བྱ་བ་ཡང་རྣམ་པ་གསུམ་སྟེ། ཡང་དག་པར་ཚོལ་བས་རིམ་གྲོ་བྱ་བ་དང༌། བསྙེན་བཀུར་བྱ་བས་རིམ་གྲོ་བྱ་བ་དང༌། སྒྲུབ་པས་རིམ་གྲོ་བྱ་བ་སྟེ། དེའི་ཕྱིར་སྨོན་པས་སངས་རྒྱས་མ་ལུས་པ་ལ་མཆོད་པ་དང༌། རིམ་གྲོ་ལྷག་མ་མེད་པ་མཐའ་དག་བྱ་བའི་ཕྱིར་ཞེས་བྱའོ། །རྣམ་པ་ཐམས་ཅད་མཆོག་དང་ལྡན་པ། དེ་ནི་དངོས་པོ་སྣ་ཚོགས་མང་བའི་ཕྱིར་དང༌། དངོས་པོ་གྱ་ནོམ་པའི་ཕྱིར་རོ། །མོས་པ་རྒྱ་ཆེན་པོས་རྣམ་པར་དག་པ་ནི་དང་པ་དྲག་པ་དང༌། བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་མོས་པས་སོ། །ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་བ་ནི། །དགེ་བའི་རྩ་བ་གཞན་ཐམས་ཅད་པས་མཆོག་ཏུ་གྱུར་བའི་ཕྱིར་རོ། །ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་ནི་འབྲས་བུ་འདོད་པ་ནི་མི་རྟག་པའི་རྒྱུ་ཉིད་དུ་ཟད་མི་ཤེས་པའི་ཕྱིར་རོ། །ཕྱི་མའི་མཐའི་མུར་ཐུག་པ་ནི་འབྲས་བུ་རྟག་པ་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུར་གྱུར་པའི་ཕྱིར་རོ། བསྐལ་པ་ཐམས་ཅད་དང༌། སངས་རྒྱས་འབྱུང་བ་ཐམས་ཅད་དུ་རྒྱུན་མི་འཆད་པའི་སྨོན་ལམ་དང་པོ་འདི་ལྟ་བུ་འདི་ནི་ཆེན་པོ་རྣམ་པ་དྲུག་གི་སྨོན་ལམ་ཆེན་པོར་ཡོངས་སུ་བསྟན་ཏེ། གནས་ཆེན་པོ་ནི་གང་གི་ཕྱིར་སངས་རྒྱས་མ་ལུས་པ་ལ་མཆོད་པ་དང་རིམ་གྲོ་ལྷག་མ་མེད་པ་མཐའ་དག་བྱ་བའི་ཕྱིར་ཞེས་གསུངས་པའོ། །དངོས་པོ་ཆེན་པོ་ནི་གང་གི་ཕྱིར་རྣམ་པ་ཐམས་ཅད་མཆོག་དང་ལྡན་པ་ཞེས་གསུངས་པའོ། །བསམ་པ་ཆེན་པོ་ནི་གང་གི་ཕྱིར་མོས་པ་རྒྱ་ཆེན་པོས་རྣམ་པར་དག་ཅེས་གསུངས་པའོ། །བསོད་ནམས་ཡོངས་སུ་འཛིན་པ་ཆེན་པོ་ནི་གང་གི་ཕྱིར་ཆོས་ཀྱི་དབྱིངས་ལྟར་རབ་ཏུ་རྒྱ་ཆེ་བ་ཞེས་གསུངས་པའོ། །རྒྱུའི་དངོས་པོ་ཆེན་པོ་ནི་གང་གི་ཕྱིར་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་ཞེས་གསུངས་པའོ། །དུས་ཆེན་པོ་ནི་གང་གི་ཕྱིར་ཕྱི་མའི་མཐའི་མུར་ཐུག་པ་ཞེས་གསུངས་པ་སྟེ། སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་བོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་ཆོས་ཀྱི་ལུགས་ཡང་དག་པར་གཟུང་བའི་ཕྱིར་དང༌། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཡང་དག་པར་ཡོངས་སུ་གཟུང་བའི་ཕྱིར་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ཡོངས་སུ་བསྲུང་བའི་ཕྱིར། ཆོས་ཀྱི་དབྱིངས་


DTG113_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱིས་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲངས་པ་དང༌། སངས་རྒྱས་འབྱུང་བ་བགྲངས་པ་ཐམས་ཅད་དུ་དམ་པའི་ཆོས་ཡོངས་སུ་གཟུང་བར་བྱ་བ་རྒྱུན་མི་འཆད་པ་ཞེས་བྱ་བ་ནི་གཉིས་པའོ། །དེ་ལ་ཆོས་ནི་འདིར་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། དེ་བཞིན་གཤེགས་པའི་ཆོས་ཀྱི་ལུགས་ཡང་དག་པར་གཟུང་བའི་ཕྱིར་ཞེས་བྱ་བ་ནི་གསུང་རབ་ཀྱི་ཆོས་ཏེ་མདོ་ལ་སོགས་པའོ། །དེ་ཡང་དག་པར་གཟུང་བ་ནི་ལེན་པ་དང༌། འཛིན་པ་དང༌། ལུང་ནོད་པ་དང༌། ཁ་ཏོན་བྱ་བ་སྦྱིན་པའི་ཕྱིར་རོ། །སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཡང་དག་པར་ཡོངས་སུ་གཟུང་བའི་ཕྱིར་ཞེས་བྱ་བ་ནི་ཐོབ་པའི་ཆོས་ཏེ། བྱང་ཆུབ་རྣམ་པ་གསུམ་མོ། །དེ་ཡང་དག་པར་ཡོངས་སུ་གཟུང་བ་ནི་ཐོབ་པར་བྱ་བའི་གདམས་ངག་སྦྱིན་པའི་ཕྱིར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ཡོངས་སུ་བསྲུང་བའི་ཕྱིར་ཞེས་བྱ་བ་སྒྲུབ་པའི་ཆོས་ཏེ་ཚོགས་སོ། །དེ་ཡོངས་སུ་བསྲུང་བ་ནི་སྒྲུབ་པ་དང་ལྡན་པ་ལ་གནོད་པ་བྱེད་པ་ཡོངས་སུ་སྐྱོབ་པའི་ཕྱིར་རོ། །ཆོས་ཀྱི་ལུང་ནི་མདོ་ལ་སོགས་པའི་ལུང་གཅིག་ནས་གཅིག་ཏུ་བརྒྱུད་པའོ། །དེ་བཞིན་གཤེགས་པ་ནི་བསྟན་པ་ཕུན་སུམ་ཚོགས་པའི་ཕྱིར་རོ། །སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྟོགས་པ་དང་ཐུགས་སུ་ཆུད་པ་ཕུན་སུམ་ཚོགས་པའི་ཕྱིར་ཏེ་ཇི་སྙེད་པ་དང༌། ཇི་ལྟ་བ་བཞིན་དུ་མངོན་པར་ཐུགས་སུ་ཆུད་པའི་ཕྱིར་རོ། །དེ་ལྟར་ཕུན་སུམ་ཚོགས་པ་རྣམ་པ་གསུམ་ཡོངས་སུ་བསྟན་པའི་ཕྱིར་མཚན་གསུམ་བརྗོད་དོ། །འདིར་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱང་སངས་རྒྱས་སུ་རིག་པར་བྱ་སྟེ། སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་བོ། །འདི་ལྟ་སྟེ། སངས་རྒྱས་ཐམས་ཅད་འབྱུང་བའི་འཇིག་རྟེན་གྱི་ཁམས་རབ་འབྱམ་མ་ལུས་པ་ཐམས་ཅད་དུ་མཆོད་པ་དང༌། ཆོས་ཀྱིས་ཡང་དག་པར་བསྡུ་བའི་སྦྱོར་བ་སྔོན་དུ་བཏང་ནས་དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པ་ནས་བཟུང་སྟེ་འཕོ་བ་དང༌། གཤེགས་པ་དང༌། ལྷུམས་ན་བཞུགས་པ་དང༌། བལྟམས་པ་དང༌། གཞོན་ནུ་རོལ་པ་དང༌། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་དང༌། མངོན་པར་འབྱུང་བ་དང༌། དཀའ་བ་སྤྱོད་པ་དང༌། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང༌། བདུད་འདུལ་བ་དང༌། མངོན་


DTG113_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པར་བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོར་མངོན་དུ་གཤེགས་པར་བྱ་ཞིང་ཐམས་ཅད་དུ་དུས་གཅིག་ཏུ་བསྒྲུབ་པའི་ཕྱིར་ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲངས་པ་དང༌། སངས་རྒྱས་འབྱུང་བ་བགྲངས་པ་ཐམས་ཅད་དུ་མྱ་ངན་ལས་འདས་པ་ཆེན་པོར་གཤེགས་པའི་བར་དུ་བྱ་བ་རྒྱུན་མི་འཆད་པའི་ཞེས་བྱ་བ་ནི་གསུམ་པའོ། །དེ་ལ་སངས་རྒྱས་ཐམས་ཅད་འབྱུང་བའི་འཇིག་རྟེན་གྱི་ཁམས་རབ་འབྱམས་མ་ལུས་པ་ཐམས་ཅད་དུ་ཞེས་བྱ་བ་ནི་སངས་རྒྱས་གང་དག་སྤྲུལ་པའི་སངས་རྒྱས་ཐམས་ཅད་ཀྱིས་རྒྱུ་བ་དང༌། སེམས་ཅན་རྣམས་ཀྱང་ཕན་ཚུན་རྒྱུ་བའི་འཇིག་རྟེན་གྱི་ཁམས་རང་འབྱམས་ཟད་པར་ཁྱད་པས་མ་ལུས་པ་ཐམས་ཅད་དུའོ། །ཇི་ལྟར་དེ་དག་གིས་སངས་རྒྱས་མཆོད་པའི་སྦྱོར་བ་དང༌། སངས་རྒྱས་རྣམས་ཀྱིས་ཀྱང་ཆོས་ཀྱིས་ཡང་དག་པར་སྒྲུབ་པའི་སྦྱོར་བས་བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་སྙམ་དུ་སེམས་ཅན་དེ་དག་གཉིད་མཆོད་པ་དང༌། ཆོས་ཀྱིས་ཡང་དག་པར་བསྡུ་བའི་སྦྱོར་བ་སྔོན་དུ་བཏང་ནས་དགའ་ལྡན་གྱི་ཕོ་བྲང་ནས་བཞུགས་པ་ནས་བཟུང་སྟེ། མྱ་ངན་ལས་འདས་པར་གཤེགས་པའི་བར་དུ་བྱ་ཞིང་ཐམས་ཅད་དུ་དུས་གཅིག་ཏུ་སྒྲུབ་པའི་ཕྱིར་ཞེས་བྱ་བས་ནི་རིམ་གྱིས་མ་ཡིན་པའོ། །ཅིའི་ཕྱིར་དགའ་ལྡན་ན་བཞུགས་པ་སྟོན་ལ། གཟུགས་དང་གཟུགས་མེད་པའི་ཁམས་རྣམས་སུ་མ་ཡིན་ཞེ་ན། དེ་མི་ངལ་བ་ནས་འོངས་ཀྱིས་བདག་ཅག་གི་ཕྱིར་མ་ཡིན་ནོ་སྙམ་པའི་མི་གུས་པ་སྤང་པའི་ཕྱིར་རོ། །ཅིའི་ཕྱིར་དབང་བྱེད་དུ་མ་ཡིན་ཞེ་ན། མཐུ་མངའ་མོད་ཀྱི་སེམས་ཅན་ལ་ཐུགས་བརྩེ་བའི་ཕྱིར་སྐྱེ་བ་མཆོག་བོར་ཏེ་དགའ་ལྡན་དུ་སྐྱེས་སོ་ཞེས་གུས་པ་ལྷག་པར་སྐྱེད་པའི་ཕྱིར་རོ། །ཅིའི་ཕྱིར་མི་རྣམས་ཀྱི་ནང་དུ་མ་ཡིན་ཞེ་ན། བདག་ཅག་ལ་ཐུགས་བརྩེ་བའི་ཕྱིར་ལྷའི་བདེ་བ་ཡང་སྤངས་ནས་མིའི་ནང་དུ་གཤེགས་སོ་ཞེས་གུས་པ་ལྷག་པར་སྐྱེད་པའི་ཕྱིར་རོ། །ཅིའི་ཕྱིར་ལྷུམས་ན་བཞུགས་པ་སྟོན་ཞེ་ན། རིགས་མཐུན་པ་རྣམས་སྤྲོ་བར་བྱ་བའི་ཕྱིར་རོ། །ཅིའི་ཕྱིར་སངས་རྒྱས་གཞན་གྱི་མན་ངག་མེད་པར་བདག་ཉིད་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་


DTG113_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟོན་ཞེ་ན། གཞན་ལ་རག་མ་ལུས་པར་འགྲུབ་པོ་ཞེས་སྐྱེས་བུའི་བྱེད་པ་ལ་གཟུང་བའི་ཕྱིར་རོ། །ཅིའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པར་གཤེགས་ན། སློབ་པར་འཛིན་པ་རྣམས་མྱུར་བར་བྱ་བའི་ཕྱིར་ཏེ་སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་པོ། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་རྒྱ་ཆེ་བ་ཆེན་པོར་གྱུར་པ། ཚད་མེད་པ་ཐ་མི་དད་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱིས་བསྡུས་བ། ས་ཡོངས་སུ་སྦྱོང་བ། ཡན་ལག་དང་ཉེ་བའི་ཡན་ལག་ཏུ་བཅས་པར་སྒྲུབ་པ་དང༌། མཚན་ཉིད་འདྲ་བ་དང༌། མཚན་ཉིད་མི་འདྲ་བ་དང༌། འདུ་བ་དང་རྒྱས་པ་དང་བཅས་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལྟ་བུ་སའི་ལམ་ཇི་ལྟ་བ་བཞིན་དུ་སྟོན་པས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱར་བར་བྱེད་པའི་གདམས་ངག་རྗེས་སུ་བསྟན་པ། རབ་ཏུ་སྦྱིན་པས་བསྟན་པའི་སེམས་བསྐྱེད་པ་མངོན་པར་བསྒྲུབ་པའི་ཕྱིར་ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲངས་པ་དང༌། སྤྱོད་པ་བགྲངས་པ་ཐམས་ཅད་དུ་སེམས་བསྐྱེད་པ་མངོན་པར་བསྒྲུབ་པར་བྱ་བ་རྒྱུན་མི་འཆད་པའི་ཞེས་བྱ་བ་ནི་བཞི་པའོ། །སེམས་བསྐྱེད་པ་ཅི་འདྲ་བ་ཞིག་ཅེ་ན། བྱང་ཆུབ་སེམས་དཔའི་སྤྱོད་པའི་གདམས་ངག་རྗེས་སུ་བསྟན་པ་རབ་ཏུ་སྦྱིན་པས་བརྟན་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་དེའི་རྣམ་པ་དང་རང་བཞིན་དང༌། ལས་དང༌། ཐབས་རྣམས་ལ་གདམས་ངག་རྗེས་སུ་བསྟན་པ་དོ་རིགས་པར་བྱའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་དེའི་རྣམ་པ་གང་ཞེ་ན། འཇིག་རྟེན་པའི་རྣམ་པ་གསུམ་སྟེ། རྒྱ་ཆེ་བ་ནི་ས་དྲུག་པོ་ལ་དག་ལའོ། །ཆེན་པོར་གྱུར་པ་ནེ་བདུན་པ་ལའོ། །ཚད་མེད་པ་ནི་དེའི་གོང་མ་ལའོ། །ཆོས་བདག་མེད་པའི་རྣམ་པ་མཉམ་པ་ཉིད་ཀྱི་ཕྱིར། །ཐ་མི་ཐད་པ་ནི་འཇིག་རྟེན་ལས་འདས་པ་སྟེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་རྒྱ་ཆེ་བ། ཆེན་པོར་གྱུར་པ་ཚད་མེད་པ། ཐ་མི་དད་པ་ཞེས་གསུངས་པའོ། །རང་བཞིན་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱིས་བསྡུས་པའོ། །ལས་གང་ཞེ་ན། ས་ཡོངས་སུ་སྦྱོང་བའོ། །ཐབས་གང་ཞེ་ན། ཡན་ལག་དང་ཉེ་བའི་ཡན་ལག་ཏུ་བཅས་པ་སྒྲུབ་པ་དང༌། མཚན་ཉིད་འདྲ་བ་དང༌། མཚན་ཉིད་མི་འདྲ་བ་དང༌། འདུ་བ་དང༌། རྒྱས་པ་དང་


DTG113_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལྟ་བུ་སའི་ལམ་ཇི་ལྟ་བ་བཞིན་དུ་སྟོན་པས། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བ་བྱ་བ་སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་བོ། །འདི་ལྟ་སྟེ། སེམས་ཅན་གྱི་ཁམས་མ་ལུས་པ་ཐམས་ཅད་གཟུགས་ཅན་དང༌། གཟུགས་ཅན་མ་ཡིན་པ་དང༌། འདུ་ཤེས་ཅན་དང༌། འདུ་ཤེས་ཅན་མ་ཡིན་པ་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་དང༌། སྒོ་ང་ལས་སྐྱེས་པ་དང༌། མངལ་ལས་སྐྱེས་པ་དང༌། དྲོད་གཤེར་ལས་སྐྱེས་པ་དང༌། རྫུས་ཏེ་སྐྱེས་པ་དང༌། ཁམས་གསུམ་དུ་གཏོགས་པ་འགྲོ་བ་དྲུག་ཏུ་འདུས་པ། སྐྱེ་བ་ཐམས་ཅད་དུ་གཏོགས་པ། མིང་དང་གཟུགས་ཀྱིས་བསྡུས་པའི་སེམས་ཅན་མ་ལུས་པ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བར་སངས་རྒྱས་ཀྱི་ཆོས་ལ་གཟུད་པའི་ཕྱིར་དང༌། འགྲོ་བ་གྲངས་པ་ཐམས་ཅད་རྣམ་པར་གཅད་པའི་ཕྱིར་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རབ་ཏུ་དགོད་པའི་ཕྱིར། ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲངས་པ་དང༌། སེམས་ཅན་གྱི་ཁམས་བགྲངས་པ་ཐམས་ཅད་དུ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་རྒྱུན་མི་འཆད་པའི་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་སྨིན་པར་བྱ་སྟེ། སྨོན་ལམ་རྒྱ་ཆེན་པོ་ལྔ་པའོ། །སེམས་ཅན་དེ་དག་ནི་གང་ཡིན། དོན་ནི་གང་ལ་ཡོངས་སུ་སྨིན་པར་བྱ་སྟེ། སེམས་ཅན་ཐམས་ཅད་ནི་རགས་པ་དང༌། ཕྲ་བས་རབ་ཏུ་དབྱེ་བ་དང༌། སྐྱེ་བའི་གནས་ཀྱིས་རབ་ཏུ་དབྱེ་བ་དང༌། མ་དག་པ་དང༌། དག་པའི་གནས་ཀྱིས་རབ་ཏུ་དབྱེ་བ་དང༌། བདེ་བ་དང༌། སྡུག་བསྔལ་འཛིན་པས་རབ་ཏུ་དབྱེ་བ་དང༌། ལུས་སྣ་ཚོགས་ཀྱི་ཕྱིར་ལས་བདག་གིར་བྱ་བས་རབ་ཏུ་དབྱེ་བ་དང༌། རང་བཞིན་གྱིས་རབ་ཏུ་དབྱེ་བས་རྣམ་པ་དྲུག་ཏུ་ཐ་དད་པ་རྣམས་སོ། །དེ་ལ་རགས་པ་རྣམས་ནི་གཟུགས་ཅན་རྣམས་སོ། །ཕྲ་བ་རྣམས་ནི་གཟུགས་ཅན་མ་ཡིན་པ་རྣམས་སོ། །གཟུགས་ཅན་རྣམས་ལས་ཀྱང་རགས་པ་རྣམས་ནི་འདུ་ཤེས་ཅན་རྣམས་སོ། །ཕྲ་བ་རྣམས་ནི་འདུ་ཤེས་ཅན་མ་ཡིན་པ་རྣམས་སོ། །གཟུགས་ཅན་མ་ཡིན་པ་རྣམས་ལས་ཀྱང༌། རགས་པ་རྣམས་ནི་འདུ་ཤེས་ཅན་རྣམས་སོ། །ཕྲ་བ་རྣམས་ནི་འདུ་ཤེས་མེད་འདུ་ཤེས་མེད་


DTG113_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

མིན་དག་ཏུ་རིག་པར་བྱའོ། །དེ་ལྟར་ན་འདི་ནི་རགས་པ་དང༌། ཕྲ་བས་རབ་ཏུ་དབྱེ་བ་སྟེ། གཟུགས་ཅན་དང༌། གཟུགས་ཅན་མ་ཡིན་པ་དང༌། འདུ་ཤེས་ཅན་དང༌། འདུ་ཤེས་ཅན་མ་ཡིན་པ་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་བསྟན་པས། ཡོངས་སུ་བསྟན་པ་ཡིན་ནོ། །སྐྱེ་བའི་གནས་ཀྱིས་རབ་ཏུ་དབྱེ་བ་ནི། སྒོ་ང་ལས་སྐྱེས་པ་དང༌། མངལ་ནས་སྐྱེས་པ་དང༌། དྲོད་གཤེར་ལས་སྐྱེས་པ་དང༌། རྫུས་ཏེ་སྐྱེས་པ་བསྟན་པས་ཡོངས་སུ་བསྟེན་པ་ཡིན་ནོ། །རྫུས་ཏེ་སྐྱེས་པ་རྣམས་སྐྱེ་བའི་གནས་གང་ཡིན་ཞེ་ན། ལས་དེ་ཉིད་ལས་ནི་དེ་དག་གི་སྐྱེ་གནས་ཡིན་ནོ། །དག་པ་དང་མ་དག་པའི་གནས་ཀྱིས་རབ་ཏུ་དབྱེ་བ་ནི། ཁམས་གསུམ་དུ་གཏོགས་པའི་ཚིག་གིས་ཡོངས་སུ་བསྟན་ཏོ། །བདེ་བ་དང་སྡུག་བསྔལ་འཛིན་པས་རབ་ཏུ་དབྱེ་བ་ནི་འགྲོ་བ་དྲུག་ཏུ་འདུས་པའི་ཚིག་གིས་བསྟན་ཏོ། །ལུས་སྣ་ཚོགས་ཀྱི་ཕྱིར་ལས་བདག་གིར་བྱ་བ་ཉིད་ཀྱིས་རབ་ཏུ་དབྱེ་བ་ནི་སྐྱེ་བ་ཐམས་ཅད་དུ་གཏོགས་པའི་ཚིག་གིས་བསྟན་ཏོ། །རང་བཞིན་གྱིས་རབ་ཏུ་དབྱེ་བ་ནི། མིང་དང་གཟུགས་ཀྱིས་བསྡུས་པའི་ཚིག་གིས་སྟོན་ཏོ། །སེམས་ཅན་དེ་ལྟ་བུ་དག་དོན་གང་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅེ་ན། དོན་གསུམ་སྟེ། སངས་རྒྱས་ཀྱིས་གསུངས་པའི་ཆོས་ལ་གཟུད་པ་ནི་གང་གི་ཕྱིར་སངས་རྒྱས་ཀྱི་ཆོས་ལ་གཟུང་བའི་ཕྱིར་ཞེས་གསུངས་པའོ། །ཞུགས་པ་རྣམས་བྱང་ཆུབ་གཉིས་ལ་ནི་གང་གི་ཕྱིར། འགྲོ་བ་བགྲངས་པ་ཐམས་ཅད་རྣམ་པར་གཅད་པའི་ཕྱིར་ཞེས་གསུངས་པའོ། །བྱང་ཆུབ་ཆེན་པོ་ལ་ནི་གང་གི་ཕྱིར། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དགོད་པའི་ཕྱིར་ཞེས་གསུངས་པ་སྟེ། སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་བོ།། །།བམ་པོ་བཞི་པ། འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་ཤིན་ཏུ་རྒྱས་པ་དང༌། ཐ་གྲུ་ཆེ་བ་དང༌། ཚད་མེད་པ་དང༌། ཕྲ་བ་དང༌། རིགས་པ་དང༌། ཚོལ་བ་དང༌། སྟེང་ཡོངས་མེད་ཅིང་གཞི་ཕྱལ་བ་དང་འཇུག་པའི་ཁྱིམ་ཅན་དང༌། རྣམ་པར་དབྱེ་བ་མིག་འཕྲུལ་ལྟ་བུ་དང༌། ཕྱོགས་བཅུ་ཚད་མེད་པའི་རྣམ་པར་དབྱེ་བ་མ་ལུས་པ་ལ་འཇུག་པའི་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པར་བྱ་ཞིང༌། མངོན་སུམ་དུ་འགྱུར་བར་བྱ་བའི་ཕྱིར། ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་


DTG113_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

མའི་མཐའི་མུར་ཐུག་པ། བསྐལ་པ་བགྲངས་པ་དང༌། འཇིག་རྟེན་གྱི་ཁམས་བགྲངས་པ་དང་ཐམས་ཅད་དུ་འཇུག་པ་རྒྱུན་མི་འཆད་པའི་ཞེས་བྱ་བ་ནི་དྲུག་པའོ། །དེ་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ནི་མཚན་ཉིད་གསུམ་དུ་ཡེ་ཤེས་ཀྱི་ཁོང་དུ་ཆུད་པར་བྱ་ཞིང༌། མངོན་སུམ་དུ་འགྱུར་བར་བྱ་སྟེ། མཐའ་དག་གི་མཚན་ཉིད་དང༌། དོན་དམ་པའི་མཚན་ཉིད་དང༌། དཔག་ཏུ་མེད་པའི་མཚན་ཉིད་དོ། །དེ་ལ་ཤིན་ཏུ་རྒྱས་པ་དང༌། ཐ་གྲུ་ཆེ་བ་དང༌། ཚོད་མེད་པ་ཞེས་བྱ་བ་ནི། སྟོང་ལ་སོགས་པའི་འཇིག་རྟེན་གྱི་ཁམས་གསུམ་པོ་དག་གོ །ཕྲ་བ་ནི་གང་དག་ན་ཡིད་ཀྱི་ལུས་རྣམས་སོ། །རགས་པ་ནི་གང་དག་ན་ཡིད་ཀྱི་ལུས་མ་ཡིན་པ་རྣམས་སོ། །ཆོལ་པ་ནི་གོ་རིམས་སུ་མི་གནས་པ་མ་ཡིན་པ་རྣམས་སོ། །སྟེང་ཡོགས་མེད་ཅིང་གཞི་ཕྱལ་པ་ནི་ཁྱིམ་ན་གནས་པ་མ་བྱས་པ་རྣམས་སོ། །འཇུག་པའི་ཁྱིམ་ཅན་ནི་ཁྱིམ་ན་གནས་པ་བྱས་པ་རྣམས་ཏེ། འདི་ན་མཐའ་དག་གི་མཚན་ཉིད་དོ། །རྣམ་པར་དབྱེ་བ་མིག་འཕྲུལ་ལྟ་བུ་ནི་དོན་དམ་པའི་མཚན་ཉིད་དེ། ལས་སྒྱུ་མ་ལས་བྱུང་བའི་ཕྱིར་རོ། །ཕྱོགས་བཅུ་ཚད་མེད་པའི་རྣམ་པར་དབྱེ་བ་མ་ལུས་པ་ལ་འཇུག་པ་ནི་དཔག་ཏུ་མེད་པའི་མཚན་ཉིད་དོ། །དེ་ལ་དོན་དམ་པའི་མཚན་ཉིད་ནི་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རོ། །དེ་ལས་གཞན་པའི་མཚན་ཉིད་ནི་མངོན་སུམ་ཉིད་དུ་འགྱུར་བར་བྱ་བའི་ཕྱིར་ཏེ། སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་པོ། །འདི་ལྟ་སྟེ། ཞིང་ཐམས་ཅད་ཞིང་གཅིག་དང༌། ཞིང་གཅིག་ལྟར་ཞིང་ཐམས་ཅད་དུ་མཉམ་པར་རྒྱུ་བས་ཡོངས་སུ་སྦྱོང་བ་དང༌། སངས་རྒྱས་ཀྱི་ཞིང་ཚད་མེད་པ་དང༌། །འོད་དང་རྣམ་པར་བཀོད་པའི་རྒྱན་གྱིས་རབ་ཏུ་བརྒྱན་པ་དང༌། ཉོན་མོངས་པ་ཐམས་ཅད་བསལ་བས་ཡོངས་སུ་དག་པའི་ལམ་དང་ལྡན་པ་དང༌། སེམས་ཅན་ཡེ་ཤེས་ཀྱི་འབྱུང་གནས་ཚད་མེད་པས་རབ་ཏུ་གང་བ་དང༌། སངས་རྒྱས་ཀྱི་ཡུལ་རྒྱ་ཆེན་པོ་ལ་ཡང་དག་པར་གཞོལ་བ་དང༌། སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་བསྟན་ཅིང་ཤིན་ཏུ་ཚིམ་པར་བྱ་བའི་ཕྱིར། ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲངས་པ་དང༌། སངས་རྒྱས་ཀྱི་ཞིང་བགྲངས་པ་ཐམས་ཅད་དུ། སངས་


DTG113_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་སྦྱོར་བ་རྒྱུན་མི་འཆད་པའི་ཞེས་བྱ་བ་ནི་བདུན་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ། དེ་ཡང་རྣམ་པ་བདུན་དུ་རིག་པར་བྱ་སྟེ། ཞིང་ཐམས་ཅད་ཞིང་གཅིག་ཉིད་ཡིན་པའི་ཕྱིར། ཐུན་མོང་བ་ཡོངས་སུ་དག་པ་དང༌། ཞིང་གཅིག་ལྟར་ཞིང་ཐམས་ཅད་དུ་མཉམ་པར་རྒྱུ་བས་ཡོངས་སུ་སྦྱོང་བ་ཉིད་ཀྱི་ཕྱིར་དབང་པོ་ཡོངས་སུ་དག་པ་དང༌། སངས་རྒྱས་ཀྱི་ཞིང་ཚད་མེད་པ་དག་འོད་དང༌། རྣམ་པར་བཀོད་པའི་རྒྱན་གྱིས་རབ་ཏུ་བརྒྱན་པ་ཉིད་ཀྱི་ཕྱིར་འོད་ཀྱི་རྒྱན་དང༌། གནས་པའི་རྒྱན་གྱིས་མཛེས་པ་ཡོངས་སུ་དག་པ་དང༌། ཉོན་མོངས་པ་ཐམས་ཅད་བསལ་བས་ཡོངས་སུ་དག་པའི་ལམ་དང་ལྡན་པའི་ཕྱིར་ཡོངས་སུ་སྤྱད་པ་ཡོངས་སུ་དག་པ་དང༌། སེམས་ཅན་ཡེ་ཤེས་ཀྱི་འབྱུང་གནས་ཚད་མེད་པས་རབ་ཏུ་གང་བའི་ཕྱིར་གནས་པ་པོའི་སེམས་ཅན་ཡོངས་སུ་དག་པ་དང༌། སངས་རྒྱས་ཀྱི་ཡུལ་རྒྱ་ཆེན་པོ་ལ་འཇུག་པ་མངོན་པར་སྒྲུབ་པ་ཉིད་ཀྱི་ཕྱིར་རྒྱུ་ཡོངས་སུ་དག་པ་དང༌། ཡེ་ཤེས་དང་མཐུ་གཉིས་ཀྱིས་སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྟོན་ཅིང༌། ཚིམ་པར་བྱ་བའི་ཕྱིར་འབྲས་བུ་ཡོངས་སུ་དག་པ་སྟེ། སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་པོ། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། བསམ་པ་དང་སྦྱོར་བ་གཅིག་པར་བྱ་བའི་ཕྱིར་དང༌། འགྲན་ཟླ་མེད་པའི་དགེ་བའི་རྩ་བ་བསགས་པར་བྱ་བའི་ཕྱིར་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དམིགས་པ་གཅིག་པས་མཉམ་པ་ཉིད་དུ་བྱ་བའི་ཕྱིར་དང༌། རྟག་ཏུ་རྒྱུན་མི་འཆད་པར་བྱང་ཆུབ་སེམས་དཔའ་དང་འགྲོགས་ཤིང་མི་འབྲལ་བར་བྱ་བའི་ཕྱིར་དང༌། སངས་རྒྱས་འབྱུང་བ་ཅི་དགར་བསྟན་པར་བྱ་བའི་ཕྱིར་དང༌། རང་གི་སེམས་བསྐྱེད་པས་དེ་བཞིན་གཤེགས་པ་རབ་ཏུ་འབྱེད་པ་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དང༌། མ་ཉམས་ཤིང་རྗེས་སུ་འགྲོ་བའི་མངོན་པར་ཤེས་པ་ཐོབ་པར་བྱ་བའི་ཕྱིར་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྣམ་པར་རྒྱུ་བར་བྱ་བའི་ཕྱིར་དང༌། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་སྣང་བ་ཐོབ་པར་བྱ་བའི་ཕྱིར་དང༌། སྐྱེ་བ་ཐམས་ཅད་དུ་རང་གི་ལུས་རྗེས་སུ་འགྲོ་བར་བྱ་བའི་ཕྱིར་དང༌། ཐེག་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་བྱ་བའི་ཕྱིར་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བྱ་བའི་ཕྱིར། ཆོས་ཀྱི་


DTG113_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ལྟར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲངས་པ་དང༌། སྤྱོད་པ་བགྲངས་པ་ཐམས་ཅད་ཐེག་པ་ཆེན་པོ་ལ་འཇུག་པ་རྒྱུན་མི་འཆད་པའི་ཞེས་བྱ་བ་ནི་བརྒྱད་པའོ། །དེ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང། བསམ་པ་དང༌། སྦྱོར་བ་གཅིག་པ་ཉིད་ཀྱི་ཕྱིར་ཐེག་པ་གཞན་མི་འདོད་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པ་བཅུས་རབ་ཏུ་ཕྱེ་བའོ། །རྣམ་པ་བཅུ་གང་ཞེ་ན། འགྲན་ཟླ་མེད་པའི་དགེ་བའི་རྩ་བ་སོགས་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དམིགས་པ་གཅིག་པ་ཉིད་དང༌། རྟག་ཏུ་རྒྱུན་མི་འཆད་པར་བྱང་ཆུབ་སེམས་དཔའ་དང་འགྲོགས་ཤིང་མི་འབྲལ་བ་ཉིད་དང༌། སངས་རྒྱས་འབྱུང་བ་ཅི་དགར་སྟོན་པ་ཉིད་དང༌། རང་གི་སེམས་བསྐྱེད་པས་དེ་བཞིན་གཤེགས་པ་རབ་ཏུ་འབྱེད་པ་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པ་ཉིད་དང༌། མ་ཉམས་ཤིང་རྗེས་སུ་འགྲོ་བའི་མངོན་པར་ཤེས་པ་ཐོབ་པ་ཉིད་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྣམ་པར་རྒྱུ་བ་ཉིད་དང༌། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་སྣང་བ་ཐོབ་པ་ཉིད་དང༌། སྐྱེ་བ་ཐམས་ཅད་དུ་རང་གི་ལུས་རྗེས་སུ་འགྲོ་བ་ཉིད་དང༌། ཐེག་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཉིད་དོ། །དེ་ལ་དང་པོ་ནི་ཚོགས་ཀྱིས་རབ་ཏུ་ཕྱེ་བའོ། །གཉིས་པ་ནི་མཐུན་པར་དམིགས་པས་ནང་དུ་ཡང་དག་འཇོག་པས་སོ། །གསུམ་པ་ནི་འབྲེལ་བའི་གཏམ་རྣམ་པར་གཏན་ལ་འབེབས་པས་སོ། །བཞི་པ་ནི་སངས་རྒྱས་འབྱུང་བ་ཅི་དགར་སྟོན་པའོ། །ལྔ་པ་ནི་རང་གི་སེམས་བསྐྱེད་པའི་ཁྱད་པར་གྱིས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་རྗེས་སུ་དྲན་པས་སོ། །དྲུག་པ་ནི་མངོན་པར་ཤེས་པ་ཤིན་ཏུ་ཐོབ་པས་སོ། །ལྷག་མ་རྣམས་ནི་མངོན་པར་ཤེས་པའི་ལས་ཀྱིས་རབ་ཏུ་ཕྱེ་བ་སྟེ། འཇིག་རྟེན་གྱི་ཁམས་གཞན་དག་ཏུ་འགྲོ་བ་དང༌། བདག་དང༌། གཞན་དག་དང༌། དེ་དག་ཕན་ཚུན་ཡང་དག་པར་སྟོན་པ་དང༌། སྐལ་བ་འདྲ་བར་འགྲོ་བ་དང༌། ཐེག་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ལ་འཛུད་པ་སྟེ། སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་བོ། །འདི་ལྟ་སྟེ། ཕྱིར་མི་ལྡོག་པའི་འཁོར་ལོ་ལ་ཡང་དག་པར་གནས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བྱ་བའི་ཕྱིར་དང༌། ལུས་དང༌། ངག་དང༌། ཡིད་ཀྱི་ལས་དོན་ཡོད་པར་བྱ་བའི་ཕྱིར་དང༌། མཐོང་


DTG113_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐག་ཏུ་སངས་རྒྱས་ཀྱི་ཆོས་ཉིད་དུ་ངེས་པར་བྱ་བའི་ཕྱིར་དང༌། ཚིག་བརྗོད་མ་ཐག་ཏུ་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དང༌། དད་པར་གྱུར་མ་ཐག་ཏུ་ཉོན་མོངས་པ་ལྡོག་པར་བྱ་བའི་ཕྱིར་དང༌། སྨན་གྱི་རྒྱལ་པོ་ཆེན་པོ་ལྟ་བུའི་ལུས་ཐོབ་པར་བྱ་བའི་ཕྱིར་དང༌། ཡིད་བཞིན་གྱི་ནོར་བུ་ལྟ་བུའི་ལུས་ཐོབ་པར་བྱ་བའི་ཕྱིར་དང༌། བྱང་ཆུབ་སེམས་དཔའ་ཆེན་པོའི་སྤྱོད་པ་སྤྱད་པའི་ཕྱིར། ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲངས་པ་དང༌། སྤྱོད་པ་བགྲངས་པ་ཐམས་ཅད་དུ་དོན་ཡོད་པ། རྒྱུན་མི་འཆད་པའི་ཞེས་བྱ་བ་ནི་དགུ་པའོ། །དོན་ཡོད་པ་དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་སྤྱོད་པ་སྤྱད་པས་རབ་ཏུ་ཕྱེ་བའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་དེ་ཡང་ཕྱིར་མི་ལྡོག་པའི་འཁོར་ལོ་ལ་ཡང་དག་པར་གནས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པས་རབ་ཏུ་ཕྱེ་བ་སྟེ། དེ་ཡང་དོན་དམ་པ་ཉིད་རྣམ་པ་གཉིས་ཀྱིས་རབ་ཏུ་ཕྱེ་བའོ། །བརྩོན་འགྲུས་དོན་ཡོད་པ་ལུས་དང༌། ངག་དང༌། ཡིད་ཀྱི་ལས་དོན་ཡོད་པ་ཉིད་ནི་དེ་ཚིག་གསུམ་གྱིས་གོ་རིམས་བཞིན་བསྟན་པར་རིག་པར་བྱ་སྟེ། མཐོང་མ་ཐག་ཏུ་སངས་རྒྱས་ཀྱི་ཆོས་ཉིད་དུ་ངེས་པར་བྱ་བ་ནི་ལུས་ཀྱི་ལས་དོན་ཡོད་པ་ཉིད་དོ། །ཚིག་བརྗོད་མ་ཐག་ཏུ་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བ་ནི་ངག་གི་ལས་དོན་ཡོད་པ་ཉིད་དོ། །དད་པར་གྱུར་མ་ཐག་ཏུ་ཉོན་མོངས་པ་ལྡོག་པ་ཞེས་བྱ་བ་ནི། ཡིད་ཀྱི་ལས་དོན་ཡོད་པ་ཉིད་དོ། །དོན་བྱེད་པ་དོན་ཡོད་པ་ཉིད་ནི་སེམས་ཅན་རྣམས་ཀྱི་རང་བཞིན་གྱིས་སྡུག་བསྔལ་བ་དང༌། ཕོངས་པ་ལས་བྱུང་བའི་སྡུག་བསྔལ་གྱི་གཉེན་པོར་སྨན་གྱི་རྒྱལ་པོ་ཆེན་པོ་དང༌། ཡིད་བཞིན་གྱི་ནོར་བུ་ལྟ་བུའི་ལུས་ཐོབ་པའི་གོ་རིམས་བཞིན་ཏེ། སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་བོ། །འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར་དང༌། བྱིས་པའི་ལམ་གཅིག་དང་ཐ་མི་དད་པར་བྱིས་པའི་ལམ་ཐམས་ཅད་དུ་སྐྱེ་བ་འབྱུང་བ་དང༌། བྱང་ཆུབ་ཀྱི་སྙིང་པོ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོས་བསྟན་པར་བྱ་བའི་ཕྱིར་དང༌། སངས་རྒྱས་ཀྱི་ཡུལ་ཆེན་པོ་མཐུ་དང༌། ཡེ་ཤེས་ཀྱི་རྗེས་སུ་འགྲོ་བས་སེམས་ཅན་གྱི་


DTG113_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་འབྱུང་བ་དལ་བ་ལ་རྟོག་པར་བྱེད། ཞི་བར་བྱེད། ཐོབ་པར་བྱེད། ཐོབ་པར་གྱུར་ནས་བསྟན་པར་བྱ་བའི་ཕྱིར་དང༌། གཅིག་མངོན་དུ་ཡང་དག་པར་རྟོགས་པས་ཆོས་ཐམས་ཅད་མྱ་ངན་ལས་འདས་པས་རྒྱས་པར་བྱ་བའི་ཕྱིར་དང༌། ཚིག་གཅིག་བརྗོད་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཚིམ་པར་བྱ་བའི་ཕྱིར་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བསྟན་ཀྱང༌། སྤྱོད་པའི་སྟོབས་རྒྱུན་མི་འཆད་པར་བྱ་བའི་ཕྱིར་དང༌། ཡེ་ཤེས་ཆེན་པོའི་ས་ལས་ཆོས་ཐམས་ཅད་རྣམ་པར་གཞག་པ་བསྟན་པར་བྱ་བའི་ཕྱིར་དང༌། ཆོས་ཤེས་པ་དང༌། རྫུ་འཕྲུལ་དང༌། སྒྱུ་འཕྲུལ་གྱི་མངོན་པར་ཤེས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་བྱ་བའི་ཕྱིར། ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་དང༌། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲངས་པ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་བགྲངས་པ་ཐམས་ཅད་ཡེ་ཤེས་ཆེན་པོ་མངོན་པར་སྒྲུབ་པ་རྒྱུན་མི་འཆད་པའི་ཞེས་བྱ་བ་ནི་བཅུ་པའོ། །ཐེག་པ་ཆེན་པོའི་མངོན་པར་བསྒྲུབ་པ་དེ་ནི་བྱང་ཆུབ་ཆེན་པོ་ཅི་འདྲ་བ་དང༌། ལས་གང་གིས་དེ་རབ་ཏུ་ཕྱེ་བའོ། །དེ་ལ་བྱང་ཆུབ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེ་ནི་ལས་བདུན་བྱེད་པར་རིག་པར་བྱ་སྟེ། མངོན་པར་རྫོགས་པར་བྱང་ཆུབ་པ་སྟོན་པའི་ལས་བྱེད་པ་དང༌། བདེན་པའི་ཚུལ་སྟོན་པའི་ལས་བྱེད་པ་དང༌། འཐོབ་པའི་གདམས་ངག་གི་ལས་བྱེད་པ་དང༌། ཆོས་སྣ་ཚོགས་སྟོན་པའི་ལས་བྱེད་པ་དང༌། །སངས་རྒྱས་ཀྱི་རིགས་རྒྱུན་མི་འཆད་པའི་ལས་བྱེད་པ་དང༌། ཡང་ཆོས་ཀྱི་ལུགས་གནས་པར་བྱེད་པའི་ལས་བྱེད་པ་དང༌། དབང་གི་ལས་བྱེད་པའོ། །དེ་ལ་ལས་དང་པོ་ནི་བྱིས་པའི་ལམ་གཅིག་དང་ཐ་མི་དད་པར་བྱིས་པའི་མ་ཐམས་ཅད་དུ་སྐྱེ་བ་འབྱུང་བ་ལ་སོགས་པ་ཡིན་པར་རིག་པར་བྱ་སྟེ། འཛམ་བུའི་གླིང་གཅིག་དང་དུས་མཉམ་དུ་འཛམ་བུའི་གླིང་ཐམས་ཅད་དུ་ཞེས་བྱ་བའི་ཐ་ཚིག་གོ །འཛམ་བུའི་གླིང་ནི་གདུལ་བྱ་བྱིས་པ་རྣམས་འདུལ་བའི་གནས་ཀྱི་མཆོག་ཏུ་གྱུར་པས་བྱིས་པའི་ལམ་ཞེས་བྱའོ། །ལས་གཉིས་པ་དེ་ནི་མི་དལ་བ་རྣམས་མ་གཏོགས་པར་སངས་རྒྱས་ཀྱི་ཡུལ་ཆེན་པོའི་མཐུ་དང་


DTG113_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་རྗེས་སུ་འགྲོ་བས། འཇིག་རྟེན་གྱི་ཁམས་གཞན་དག་ཏུ་གདུལ་བྱ་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་འབྱུང་བ་སངས་རྒྱས་འབྱུང་བར་དལ་བ་དེ་དང་དེར་སྐྱེས་པ་རྣམས་ལ་སྡུག་བསྔལ་རྟོག་པར་བྱེད། ཀུན་འབྱུང་བཞི་པར་བྱེད། འགོག་པ་ཐོབ་པར་བྱེད། ལམ་བསྟན་པར་བྱེད་པར་རིག་པར་བྱའོ། །ལས་གསུམ་པ་ནི་གཅིག་མངོན་དུ་ཡང་དག་པར་རྟོགས་པ། ཆོས་ལ་བདག་མེད་པའི་རྣམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པར་མོས་པ་ཡིན་པར་རིག་པར་བྱའོ། །ལས་བཞི་པ་ནི་ཚིག་གཅིག་བརྗོད་པས་གདུལ་བྱ་མོས་པ་ཐ་དད་པ་རྣམས་ཀྱི་སེམས་ལ་ཅིག་ཅར་གོ་བར་བྱེད་པའོ། །ལས་ལྔ་པ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བསྟན་ནས་ཡང་སྤྱོད་པའི་སྟོབས་རྒྱུན་མི་འཆད་པ་ཡིན་པར་རིག་པར་བྱའོ། །ལས་དྲུག་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ས་ལས་ཡང་མདོ་ལ་སོགས་པའི་ཆོས་ཐམས་ཅད་དག་པ་སྟོན་པ་ཡིན་པར་རིག་པར་བྱའོ། །ལས་བདུན་པ་ནི་ཆོས་ཤེས་པའི་མངོན་པར་ཤེས་པས་ཆོས་ཐམས་ཅད་སྣང་བར་བྱེད་པ་དང༌། རྫུ་འཕྲུལ་གྱི་མངོན་པར་ཤེས་པས་ཇི་ལྟར་འདོད་པ་བཞིན་དུ་ད་དུང་རང་གི་ལུས་འཛིན་པ་དང༌། གནས་པ་དང༌། འཆི་འཕོ་བ་དང༌། སྒྱུ་འཕྲུལ་གྱི་མངོན་པར་ཤེས་པས་ཕྱི་རོལ་གྱི་དངོས་པོ་རྣམས་འདོད་དགུར་སྒྱུར་བ་ཡིན་པར་རིག་པར་བྱའོ། །ཆོས་ཤེས་པའི་མངོན་པར་ཤེས་པ་གཅིག་གིས་ནི་འཁོར་བ་ལ་མི་གནས་པར་འགྱུར་རོ། །རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང༌། སྒྱུ་འཕྲུལ་གྱི་མངོན་པར་ཤེས་པ་གཉིས་ནི་ཞི་བ་གཅིག་པུ་བགྲོད་པ་མ་ཡིན་པར་འགྱུར་རོ། །ཅིའི་ཕྱིར་སྨོན་ལམ་ཆེན་པོ་བཅུ་ཁོ་ན་ཞེ་ན། གཅིག་ནི་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་ཡིན་པར་རིག་པར་བྱའོ། །གཉིས་པ་ནི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའོ། །ལྔ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟེ། རྟེན་ཅི་འདྲ་བ་དང༌། སེམས་ཅི་འདྲ་བ་དང༌། སེམས་ཅན་གང་དག་དང༌། གང་ན་གནས་པ་རྣམས་དང༌། གང་དུ་གནས་ནས་ཡོངས་སུ་སྨིན་པར་བྱ་བའོ། །གསུམ་པ་ནི་བདག་པོའི་ཁྱད་པར་བྱ་བ་དང༌། བྱང་ཆུབ་སེམས་དཔའི་སའི་མཐར་ཕྱིན་པར་བྱ་བ་དང༌། ཐམས་ཅད་ཀྱི་མཐར་ཕྱིན་པར་བྱ་བ་སྟེ། འདིས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་སྨིན་པར་བྱེད་པ་དེ་ལྟ་བུ་ཡང་


DTG113_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་བསྟན་པ་ཡིན་ནོ། །དེ་ལ་སྨོན་ལམ་ནི་འདོད་པའི་དོན་མངོན་པར་འདུ་བྱེད་པའོ། །བརྩོན་པ་ནི་དེ་གྲུབ་པར་བྱེད་པའི་ཐབས་སོ། །མངོན་པར་བསྒྲུབ་པ་ནི་དེ་གྲུབ་པར་བྱེད་པར་རིག་པར་བྱ་སྟེ། ས་འདི་ལ་གནས་པས་འདི་གསུམ་རིམ་གྱིས་མངོན་པར་སྒྲུབ་ཀྱི་ཅིག་ཅར་ནི་མ་ཡིན་པར་རིག་པར་བྱའོ། །སྨོན་ལམ་ཆེན་པོ་བཅུ་པོ་འདི་རྣམས་རེ་རེ་ཡང་འཁོར་འབུམ་ཕྲག་གྲངས་མེད་པ་དང་ལྡན་པར་རིག་པར་བྱ་སྟེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་རྣམ་པ་འདི་ལྟ་བུའི་སྨོན་ལམ་ཆེན་པོ་དང༌། བརྩོན་པ་ཆེན་པོ་དང༌། མངོན་པར་སྒྲུབ་པ་ཆེན་པོའི་སྨོན་ལམ་གྱི་སྒོ་བཅུ་པོ་འདི་དག་ལ་སོགས་པ་སྨོན་ལམ་འབུམ་ཕྲག་གྲངས་མེད་པ་ཕྲག་བཅུ་ཚང་བ་དེ་དག་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔས་མངོན་པར་སྒྲུབ་པ་ཞེས་གསུངས་པའོ། །དེའི་ཕྱིར་དགེ་བའི་རྩ་བ་ཤིན་ཏུ་སྦྱངས་ཤིང་མང་བས་སྨོན་ལམ་ཆེན་པོ་དག་ཅེས་བྱའོ། །བྱང་ཆུབ་སེམས་དཔའི་འདུན་པ་ཁྱད་པར་ཅན་དེ་ནི་ཉན་ཐོས་ལ་སོགས་པའི་འདུན་པ་ལས་རྣམ་པ་གཉིས་ཀྱིས་ཁྱད་པར་དུ་འཕགས་ཏེ། ཤིན་ཏུ་སྦྱངས་ཤིང་མང་བ་དང༌། སེམས་ཅན་ཐམས་ཅད་དང་ཐུན་མོང་བས་སོ། །ཐུན་མོང་བ་དེ་ཡང་མཐར་ཐུག་པའི་གནས་རྣམས་ཀྱིས་ཡོངས་སུ་སྟོན་ཏེ་གང་གི་ཕྱིར་སྨོན་ལམ་དེ་དག་ཀྱང་མཐར་ཐུག་པ་མེད་པའི་གནས་བཅུར་མངོན་པར་སྒྲུབ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་གྱི་ཁམས་ཀྱི་མཐར་ཐུག་པ་དང༌། འཇིག་རྟེན་གྱི་ཁམས་ཀྱི་མཐར་ཐུག་པ་དང༌། ནམ་མཁའི་ཁམས་ཀྱི་མཐར་ཐུག་པ་དང༌། ཆོས་ཀྱི་ཁམས་ཀྱི་མཐར་ཐུག་པ་དང༌། མྱ་ངན་ལས་འདས་པའི་ཁམས་ཀྱི་མཐར་ཐུག་པ་དང༌། སངས་རྒྱས་འབྱུང་བའི་ཁམས་ཀྱི་མཐར་ཐུག་པ་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཁམས་ཀྱི་མཐར་ཐུག་པ་དང༌། སེམས་ཀྱི་དམིགས་པའི་མཐར་ཐུག་པ་དང༌། སངས་རྒྱས་ཀྱི་ཡུལ་གྱི་ཡེ་ཤེས་མངོན་པར་སྒྲུབ་པའི་ཁམས་ཀྱི་མཐར་ཐུག་པ་དང༌། འཇིག་རྟེན་གྱི་རྒྱུད་དང༌། ཆོས་ཀྱི་རྒྱུད་དང༌། ཡེ་ཤེས་ཀྱི་རྒྱུད་ཀྱི་ཁམས་ཀྱི་མཐར་ཐུག་པར་རོ། །དེ་ལྟར་བདག་གི་སྨོན་ལམ་ཆེན་པོ་འདི་དག་སེམས་ཅན་མཐའ་གང་དུ་ཐུག་པ་དེའི་མཐར་ཐུག་པར་གྱུར་ཅིག །བདག་གི་སྨོན་ལམ་ཆེན་པོ་འདི་དག་ཡེ་ཤེས་ཀྱི་རྒྱུད་ཀྱི་ཁམས་ཀྱི་བར་


DTG113_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་མཐའ་གང་དུ་ཐུག་པ་དེའི་མཐར་ཐུག་པར་གྱུར་ཅིག །ཇི་ལྟར་སེམས་ཅན་གྱི་ཁམས་ཀྱི་མཐར་ཐུག་པ་མེད་པ་དེ་ལྟར་བདག་གི་དགེ་བའི་རྩ་བ་འདི་དག་ཀྱང་མཐར་ཐུག་པ་མེད་པར་གྱུར་ཅིག །ཡེ་ཤེས་ཀྱི་རྒྱུད་ཀྱི་ཁམས་ཀྱི་བར་དག་གི་མཐར་ཐུག་པ་མེད་པ་ལྟར་བདག་གི་དགེ་བའི་རྩ་བ་འདི་དག་ཀྱང་མཐར་ཐུག་པ་མེད་པར་གྱུར་ཅིག་ཅེས་གསུངས་པའོ། །དེ་ལ་སེམས་ཅན་གྱི་ཁམས་ཀྱི་མཐར་ཐུག་པ་ནི་ཡན་ལག་གོ །འཇིག་རྟེན་གྱི་ཁམས་ཀྱི་མཐར་ཐུག་པ་ནས། ཡེ་ཤེས་ཀྱི་རྒྱུད་ཀྱི་ཁམས་ཀྱི་མཐར་ཐུག་པའི་བར་དག་ནི་ཉེ་བའི་ཡན་ལག་གོ །འདིས་ནི་སེམས་ཅན་གྱི་ཁམས་གང་ཡིན་པ་སྟེ། སེམས་ཅན་གྱི་ཁམས་ཀྱི་མཐར་ཐུག་པ་ཞེས་བྱ་བ་དང༌། གང་དུ་གནས་པ་སྟེ་འཇིག་རྟེན་གྱི་ཁམས་ཀྱི་མཐར་ཐུག་པ་ཞེས་བྱ་བ་དང༌། ཇི་སྙེད་པ་སྟེ། ནམ་མཁའི་ཁམས་ཀྱི་མཐར་ཐུག་པ་ཞེས་བྱ་བ་དང༌། ཆོས་བསྟན་པ་གང་གིས་གདུལ་བར་བྱ་བ་སྟེ། ཆོས་ཀྱི་ཁམས་ཀྱི་མཐར་ཐུག་པ་ཞེས་བྱ་བ་དང༌། གང་དུ་གདུལ་བར་བྱ་བ་སྟེ། མྱ་ངན་ལས་འདས་པའི་མཐར་ཐུག་པ་ཞེས་བྱ་བ་དང༌། ཐབས་ལ་མཁས་པ་གང་གིས་ཏེ། སངས་རྒྱས་འབྱུང་བའི་ཁམས་ཀྱི་མཐར་ཐུག་པ་ཞེས་བྱ་བ་དང༌། གདམས་ངག་གང་ལ་བརྟེན་ནས་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཁམས་ཀྱི་མཐར་ཐུག་པ་ཞེས་བྱ་བ་དང༌། དམིགས་པ་གང་གིས་ཏེ། སེམས་ཀྱི་དམིགས་པའི་ཁམས་ཀྱི་མཐར་ཐུག་པ་ཞེས་བྱ་བ་དང༌། མངོན་པར་རྟོགས་པ་གང་གིས་ཏེ། སངས་རྒྱས་ཀྱི་ཡུལ་གྱི་ཡེ་ཤེས་མངོན་པར་བསྒྲུབ་པའི་ཁམས་ཀྱི་མཐར་ཐུག་པ་ཞེས་བྱ་བ་དེ་ཡོངས་སུ་བསྟན་ཏོ། །འདིར་རྒྱུན་གྱི་མཐར་ཐུག་པ་ཡིན་པར་རིག་པར་བྱའི། སྐད་ཅིག་གི་མཐར་ཐུག་པ་ནི་མ་ཡིན་པར་བསྟན་པའི་ཕྱིར་མཐར་ཐུག་པ་རྣམ་པ་དགུ་པོ་འདི་དག་མདོར་བསྡུས་ཏེ་རྒྱུད་ཀྱི་མཐར་ཐུག་པ་རྣམ་པ་གསུམ་གྱིས་སྟོན་ཏོ། །མཐར་ཐུག་པའི་གནས་འདི་དག་གི་དབང་གིས་སངས་རྒྱས་རྣམས་སེམས་ཅན་གྱི་དོན་གཏན་དུ་མཛད་པར་རིག་པར་བྱ་སྟེ། དེ་ལྟར་འདུན་པའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པ་ཡིན་ནོ། །སྒྲུབ་པའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པ་ཇི་ལྟ་བུ་ཞེ་ན། གང་གི་ཕྱིར་དེ་དེ་ལྟར་སྨོན་ལམ་ཤིན་ཏུ་བསྒྲུབས་ཏེ། ལས་སུ་རུང་བའི་སེམས་དང་གཉེན་པོའི་


DTG113_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སུ་གྱུར་པས་དད་པ་མི་འཕྲོགས་པ་དང་ལྡན་པ་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྔོན་གྱི་མཐའི་སྤྱོད་པ་ལ་འཇུག་པ་དང༌། ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འགྲུབ་པ་དང༌། ས་ཡང་དག་པར་འགྲུབ་པས་བསྒྲུབ་པ་དང༌། མི་འཇིགས་པ་ཡོངས་སུ་རྫོགས་པ་དང༌། སྟོབས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མི་འཕྲོགས་པ་ཉིད་དང༌། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཉིད་དང༌། དེ་བཞིན་གཤེགས་པའི་ཡུལ་མཐའ་དང་དབུང་མེད་པ་མངོན་པར་བསྒྲུབ་པ་དང༌། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཚད་མེད་པ་དང་ལྡན་པ་ལ་འཇུག་པ་དང༌། འབྲས་བུ་ཡོངས་སུ་གྲུབ་པ་ལ་ཡིད་ཆེས་པ་ཡིན་ཏེ། མདོར་བསྡུ་ན། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ནས། དེ་བཞིན་གཤེགས་པའི་སའི་བར་དུ་ངེས་པར་བསྟན་པ་དང༌། འཛིན་པ་ལ་མངོན་པར་ཡིད་ཆེས་པ་ཡིན་ནོ་ཞེས་གསུངས་པའོ།། དེ་ལྟར་སྨོན་ལམ་ཤིན་ཏུ་བསྒྲུབས་ཏེ། དགེ་བའི་རྩ་བ་དེ་དག་ལས་དབང་གི་ཁྱད་པར་ཐོབ་པས། ལས་སུ་རུང་བའི་སེམས་སུ་གྱུར་ཏེ། བདེ་བར་གནས་པའི་ཁྱད་པར་ཐོབ་པས། མཉན་པའི་སེམས་སུ་གྱུར་ཏོ། །དད་པ་མི་འཕྲོགས་པ་དང་ལྡན་པ་ཡིན་ཏེ་ཞེས་རྒྱ་ཆེར་འབྱུང་བ་དེ་ལ། སྔོན་གྱི་མཐའི་སྤྱོད་པ་འཇུག་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ནས་བཟུང་སྟེ། བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པའི་བར་དུའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པས་བསྡུས་པའི་སྔོན་གྱི་མཐའི་སྤྱོད་པ་ལ་ནི་རྣམ་པ་གཉིས་ཀྱིས་མངོན་པར་ཡིད་ཆེས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་གང་ཡིན་པ་དང༌། རིམ་པ་གང་གིས་ཏེ། གང་གི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འགྲུབ་པ་དང༌། ས་ཡང་དག་པར་འགྲུབ་པས་འགྲུབ་པ་ཞེས་གསུངས་པའོ། །བྱང་ཆུབ་ཀྱིས་བསྡུས་པའི་སྔོན་གྱི་མཐའི་སྤྱོད་པ་འཇུག་པ་ལ་ནི་ཁྱད་པར་རྣམ་པ་དྲུག་གིས་ཁྱད་པར་དུ་འཕགས་པར་མངོན་པར་ཡིད་ཆེས་ཏེ། མུ་སྟེགས་ཅན་དང༌། བདུད་དང་ཕྱིར་རྒོལ་བའི་གཉེན་པོའི་ཁྱད་པར་གཉིས་ཀྱིས་ཁྱད་པར་དུ་འཕགས་པ་ནི་གང་གི་ཕྱིར་མི་འཇིགས་པ་ཡོངས་སུ་རྫོགས་པ་དང༌། སྟོབས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མི་འཕྲོགས་པ་ཉིད་ཅེས་གསུངས་པའོ། །མཐུ་བསམ་གྱིས་མི་ཁྱབ་པར་རྒྱ་ཆེ་བའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པ་ནི་གང་གི་ཕྱིར། སངས་


DTG113_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་ཅེས་གསུངས་པའོ། །ཡེ་ཤེས་ཐ་མི་དད་ཅིང་ཟབ་པ་ཉིད་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པ་ནི་གང་གི་ཕྱིར། དེ་བཞིན་གཤེགས་པའི་ཡུལ་མཐའ་དང་དབུང་མེད་པ་མངོན་པར་སྒྲུབ་པ་ཞེས་གསུངས་པའོ། །རྣམ་པ་ཐམས་ཅད་མཁྱེན་པའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པ་ནི་གང་གི་ཕྱིར། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཚད་མེད་པ་དང་ལྡན་པ་ལ་འཇུག་པ་ཞེས་གསུངས་པའོ། །བག་ཆགས་དང་བཅས་པའི་ཉེས་པ་ཐམས་ཅད་དང་གཏན་དུ་བྲལ་བའི་ཕྱིར། བྲལ་བའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པ་ནི་གང་གི་ཕྱིར། འབྲས་བུ་ཡོངས་སུ་འགྲུབ་པ་ལ་ཡིད་ཆེས་པ་ཡིན་ཞེས་གསུངས་པའོ། །ཡང་མདོར་བསྡུས་ན་སྔོན་གྱི་མཐའི་སྤྱོད་པ་ལ་འཇུག་པ་དེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ནས་དེ་བཞིན་གཤེགས་པའི་སའི་བར་དུ་ངེས་པར་བསྟན་པ་དང༌། འཛིན་པ་ལ་མངོན་པར་ཡིད་ཆེས་པ་ཡིན་ནོ་ཞེས་བྱ་བས་སྟོན་ཏོ། །དེ་ལ་ངེས་པ་བསྟན་པ་ནི་བསྟན་པའོ། །འཛིན་པ་ནི་རྟོགས་པ་ཡིན་པར་རིག་པར་བྱའོ། །དེ་རྣམ་པ་གསུམ་གྱི་ཕྱིར། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་འཇུག་པར་རིག་པར་བྱ་སྟེ། དོན་དམ་པའི་བདེ་བ་དང་མི་ལྡན་པ་དང༌། སྡུག་བསྔལ་དང་ལྡན་པ་དང༌། དེ་ལས་བཟློག་པས་སོ། །དོན་དམ་པའི་བདེ་བ་དང་མི་ལྡན་པ་ཇི་ལྟ་བུ་ཞེ་ན། གང་གི་ཕྱིར་དེ་འདི་སྙམ་དུ་སེམས་ཏེ། སངས་རྒྱས་ཀྱི་ཆོས་འདི་དག་ནི་འདི་ལྟར་ཟབ། འདི་ལྟར་དབེན། འདི་ལྟར་ཞི། འདི་ལྟར་སྟོང༌། འདི་ལྟར་མཚན་མ་མེད། འདི་ལྟར་སྨོན་པ་མེད། འདི་ལྟར་གོས་པ་མེད་དེ་འདི་ལྟར་ཚད་མེད་ཅིང༌། འདི་ལྟར་རྒྱ་ཆེ་ལ་སངས་རྒྱས་ཀྱི་ཆོས་འདི་དག་ནི་འདི་ལྟར་སྒྲུབ་པར་དཀའ་ན་ཞེས་གསུངས་པའོ། །སྡུག་བསྔལ་དང་ལྡན་པས་ཇི་ལྟ་བུ་ཞེ་ན། འོན་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་འདི་དག་ལྟ་བ་ངན་པར་ལྟུང་བའི་སེམས་ཀྱི་རྒྱུད་དང༌། མ་རིག་པའི་མུན་པས་ཀུན་ནས་ཁེབས་པའི་ཡིད་དང༌། ང་རྒྱལ་གྱི་རྒྱལ་མཚན་ཤིན་ཏུ་རྟོག་པ་རྣམས་དང། སྲེད་པའི་དྲ་བས་མངོན་པར་འདོད་པའི་ཡིད་ལ་བྱེད་པ་རྣམས་དང༌། སྒྱུ་དང་གཡོའི་ཐིབས་པོའི་རྗེས་སུ་རྒྱུ་བའི་སེམས་ཀྱི་བསམ་པ་རྣམས་དང༌། ཕྲག་དོག་དང༌། སེར་སྣ་དང་མཚུངས་པར་ལྡན་པས་འགྲོ་བར་སྐྱེད་པར་སྦྱོར་བ་རྣམས་དང༌། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ལ་


DTG113_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

འདྲིས་པའི་ལས་ལ་སོགས་པ་རྣམས་དང༌། ཁྲོ་བ་དང་ཁོན་དུ་འཛིན་པས་སྤངས་པའི་སེམས་ཀྱི་མེ་ལྕེ་འབར་བ་རྣམས་དང༌། ཕྱིན་ཅི་ལོག་དང་མཚུངས་པར་ལྡན་པས་ལས་བྱ་བ་མངོན་པར་བསྒྲུབས་པ་རྣམས་དང༌། འདོད་པ་དང་སྲིད་པ་དང༌། མ་རིག་པའི་ཟག་པ་དང་འབྲེལ་པའི་སེམས་ཡིད་དང༌། རྣམ་པར་ཤེས་པའི་ས་བོན་རྣམས་ཀྱིས་གང་འདི་ཁམས་གསུམ་དུ་མིང་དང་གཟུགས་དང་ལྷན་ཅིག་མི་འབྱུང་བ་མི་འབྲལ་བ་ཡང་སྲིད་བའི་མྱུ་གུ་མངོན་པར་འགྲུབ་པར་བྱེད་དོ། །མིང་དང་གཟུགས་དེ་རྣམ་པར་འཕེལ་ནས་སྐྱེ་མཆེད་དྲུག་གི་གྲོང་འབྱུང་བར་འགྱུར་རོ།། སྐྱེ་མཆེད་རྣམས་བྱུང་ནས་ཕན་ཚུན་རེག་སྟེ་ཕྲད་པས་ཚོར་བ་འབྱུང་བར་འགྱུར་རོ། །ཚོར་བ་དེ་ཉིད་ལ་ཕྱི་ཕྱིར་ཞིང་མངོན་པར་དགའ་བའི་སྲེད་པ་དང༌། ལེན་པ་རྣམ་པར་འཕེལ་ལོ། །ཉེ་བར་ལེན་པ་རྣམ་པར་འཕེལ་ནས་སྲིད་པ་འབྱུང་ངོ༌། །བྱུང་ནས་སྐྱེ་བ་དང༌། རྒ་ཤི་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་སེམས་ཅན་དེ་དག་གི་སྡུག་བསྔལ་གྱི་ཕུང་པོ་བདག་དང་བདག་གི་མེད་པ། གསོབ། གསོག །སྟོང་པ། གཡོ་བ་མེད་པ། བྱེད་པ་མེད་པ། བེམས་པོ། །རྩྭ་དང༌། ཤིང་དང། རྩིག་པ་དང༌། མིག་ཡོར་ལྟ་བུ་མངོན་པར་འགྲུབ་ཀྱང་ཞེས་གསུངས་པ་སྟེ། དེ་ལྟར་སྡུག་བསྔལ་དང་ལྡན་པས་སོ། །ཇི་ལྟར་ན་དེ་ལས་བཟློག་པས་ཤེ་ན། གང་གི་ཕྱིར། འདི་ལྟར་དེ་ཁོང་དུ་ཆུད་དོ་ཞེས་གསུངས་པའོ། །དེ་ལ་སངས་རྒྱས་ཀྱི་ཆོས་རྣམས་ཟབ་པ་ཉིད་རྣམ་པ་དགུར་རིག་པར་བྱ་སྟེ། དབེན་པ་ཟབ་པ་ཉིད་དང༌། ཞི་བ་ཟབ་པ་ཉིད་དང༌། སྟོང་པ་ཟབ་པ་ཉིད་དང༌། མཚན་མ་མེད་པ་ཟབ་པ་ཉིད་དང༌། སྨོན་པ་མེད་པ་ཟབ་པ་ཉིད་དང༌། གོས་པ་མེད་པ་ཟབ་པ་ཉིད་དང༌། ཚད་མེད་པ་ཟབ་པ་ཉིད་དང༌། རྒྱ་ཆེ་བ་ཟབ་པ་ཉིད་དང༌། བསྒྲུབ་དཀའ་བ་ཟབ་པ་ཉིད་དོ། །དེ་ལ་དབེན་པ་ནི་སྒྲོ་འདོགས་པའི་དོན་དང༌། སྒྲོ་བཏགས་པའི་དོན་གྱིས་སོ། །ཞི་བ་ནི་དོན་གྱི་ཆོས་ཉིད་ཀྱིས་སོ། །སྟོང་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ནི་རྣམ་པར་ཐར་པའི་སྒོ་གསུམ་ལ་དམིགས་པས་མི་མཐུན་པའི་ཕྱོགས་རྣམ་པ་གསུམ་གྱི་གཉེན་པོ་སྟེ། མི་མཐུན་


DTG113_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱོགས་རྣམ་པ་གསུམ་ནི་རྣམ་པར་རྟོག་པ་དང༌། མཚན་མ་དང་ལྡན་པ་དང༌། བྲལ་བ་ལ་སྨོན་པའོ། །གོས་པ་མེད་པ་ནི་ཉོན་མོངས་པ་ཅན་གྱི་ཆོས་སྤོང་བའི་དམིགས་པ་ཡིན་པའི་ཕྱིར་རོ། །ཚད་མེད་པ་ནི་གྲངས་མེད་པ་དང༌། བརྟག་མི་ནུས་པའི་དགེ་བའི་རྩ་བ་སྐྱེ་བའི་དམིགས་པ་ཡིན་པའི་ཕྱིར་རོ། །རྒྱ་ཆེ་བ་ནི་བདག་དང་གཞན་གྱི་དོན་བྱེད་པར་རྟོགས་པའི་ཡེ་ཤེས་ཀྱི་དམིགས་པ་ཡིན་པའི་ཕྱིར་རོ། །བསྒྲུབ་དཀའ་བ་ནི་བསྐལ་བ་གྲངས་མེད་པ་གསུམ་གྱིས་ཐོབ་པར་བྱ་བའི་ཡེ་ཤེས་ཀྱི་དམིགས་པ་ཡིན་པའི་ཕྱིར་རོ། །འོན་ཀྱང་སེམས་ཅན་འདི་དག་ནི་ལྟ་བ་ངན་པར་ལྟུང་བའི་སེམས་ཀྱི་རྒྱུད་ཅེས་བྱ་བ་ནི་ལྟ་བ་ངན་པ་རྣམ་པ་དགུར་རིག་པར་བྱ་སྟེ། ཀུན་ནས་ཁེབས་པའི་ཡིད་ཀྱི་ལྟ་བ་ངན་པ་ནི་གང་གི་ཕྱིར་མ་རིག་པའི་མུན་པས་ཀུན་ནས་ཁེབས་པའི་ཡིད་ཅེས་གསུངས་པའོ། །ཡིད་ཀྱི་ཀུན་དུ་རྟོག་པའི་ལྟ་བ་ངན་པ་ནི་གང་གི་ཕྱིར། ང་རྒྱལ་གྱི་རྒྱལ་མཚན་ཤིན་ཏུ་བསྒྲེང་བའི་ཀུན་དུ་རྟོག་པ་རྣམས་ཞེས་གསུངས་པའོ། །སྲིད་པའི་ཡིད་ལ་བྱེད་པའི་ལྟ་བ་ངན་པ་ནི་གང་གི་ཕྱིར། སྲེད་པའི་དྲ་བས་མངོན་པར་འདོད་པའི་ཡིད་ལ་བྱེད་པ་རྣམས་ཞེས་གསུངས་པའོ། །སྒྱུ་དང་གཡོའི་བསམ་པའི་ལྟ་བ་ངན་པ་ནི་གང་གི་ཕྱིར། སྒྱུ་དང་གཡོའི་ཐིབས་པོའི་རྗེས་སུ་རྒྱུ་བའི་སེམས་ཀྱི་བསམ་པ་རྣམས་ཞེས་གསུངས་པའོ། །ཕྲག་དོག་དང་སེར་སྣའི་སྦྱོར་བའི་ལྟ་བ་ངན་པ་ནི་གང་གི་ཕྱིར། ཕྲག་དོག་དང་སེར་སྣ་དང་མཚུངས་པར་ལྡན་པས་འགྲོ་བར་སྐྱེ་བ་སྦྱོར་བ་རྣམས་ཞེས་གསུངས་པའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་འདྲིས་པའི་ལས་ལ་སོགས་པའི་ལྟ་བ་ངན་པ་ནི་གང་གི་ཕྱིར། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་འདྲིས་པའི་ལས་ལ་སོགས་པ་རྣམས་ཞེས་གསུངས་པའོ། །སྦར་བའི་སེམས་ཀྱི་མེ་ལྕེ་འབར་བའི་སེམས་ཀྱི་ལྟ་བ་ངན་པ་ནི་གང་གི་ཕྱིར། ཁྲོ་བ་དང་ཁོན་དུ་འཛིན་པས་སྦར་བའི་སེམས་ཀྱི་མེ་ལྕེ་འབར་བ་རྣམས་ཞེས་གསུངས་པའོ། །ལས་བྱ་བ་མངོན་པར་བསྒྲུབ་པའི་ལྟ་བ་ངན་པ་ནི་གང་གི་ཕྱིར། ཕྱིན་ཅི་ལོག་དང་མཚུངས་པར་ལྡན་པས་ལས་བྱ་བ་མངོན་པར་སྒྲུབ་པ་རྣམས་ཞེས་གསུངས་པའོ། །སེམས་དང༌། ཡིད་དང༌། རྣམ་པར་ཤེས་པའི་ས་བོན་གྱི་ལྟ་བ་ངན་པ་ནི་གང་གི་ཕྱིར། འདོད་པ་དང༌། སྲིད་པ་དང༌། མ་རིག་པའི་ཟག་པ་དང་འབྲེལ་པའི་སེམས་དང༌། ཡིད་དང༌། རྣམ་པར་ཤེས་པའི་ས་བོན་རྣམས་ཀྱིས་ཞེས་གསུངས་


DTG113_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ལ་ཀུན་ནས་ཁེབས་པའི་ཡིད་ཀྱི་ལྟ་བ་ངན་པ་དང༌། ཡིད་ཀྱི་ཀུན་དུ་རྟོག་པའི་ལྟ་བ་ངན་པ་དང༌། སྲེད་པའི་ཡིད་ལ་བྱེད་པའི་ལྟ་བ་ངན་པ་དང༌། ལྟ་བ་ངན་པ་གསུམ་ནི་དོན་གྱི་ཆོས་ཉིད་དང༌། སྒྲོ་འདོགས་པའི་དོན་དང༌། སྒྲོ་བཏགས་པ་ལས་བརྩམས་ཏེ་གོ་རིམས་བཞིན་ནོ། །སྒྱུ་དང་གཡོའི་བསམ་པའི་ལྟ་བ་ངན་པ་དང༌། ཕྲག་དོག་དང་སེར་སྣའི་སྦྱོར་བའི་ལྟ་བ་ངན་པ་གཉིས་ནི་ཡོངས་སུ་ཚོལ་བའི་དུས་ན་བསམ་པ་དང་སྦྱོར་བའི་ཉེས་པ་སྟེ། དེ་ལ་ཕྲག་དོག་གི་ནི་ལུས་ལ་སོགས་པར་སྦྱར་རོ། །སེར་སྣས་ནི་ལོངས་སྤྱོད་རྣམས་ལ་སྟེ། འདི་ལྟར་འགྲོ་བ་གཞན་དག་ཏུ་ལུས་དང་ལོངས་སྤྱོད་ངན་པར་སྐྱེ་བ་ཡོངས་སུ་འཛིན་ཏོ། །དྲུག་པ་སྟེ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་འདྲིས་པའི་ལས་ལ་སོགས་པའི་ལྟ་བ་ངན་པ་ནི་སྡུག་པ་དང་མི་སྡུག་པ་དང༌། གཉི་ག་ལས་བཟློག་པའི་ཡུལ་ལ་ཡོངས་སུ་སྤྱོད་པའི་དུས་ནའོ། །བདུན་པ་སྟེ་སྦར་བའི་སེམས་ཀྱི་མེ་ལྕེ་འབར་བའི་ལྟ་བ་ངན་པ་ནི་ཕན་ཚུན་གནོད་པ་བྱེད་པ་དང་མདུད་པར་འཛིན་པའི་དུས་ནའོ། །བརྒྱད་པ་སྟེ་ལས་བྱ་བ་མངོན་པར་སྒྲུབ་པའི་ལྟ་བ་ངན་པ་ནི་ཕན་ཚུན་གནོད་པ་བྱེད་པའི་དུས་ནའོ། །དགུ་པ་སྟེ། སེམས་དང༌། ཡིད་དང༌། རྣམ་པར་ཤེས་པའི་ས་བོན་གྱི་ལྟ་བ་ངན་པ་ནི། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བསྒོམས་པ་ལས་བྱུང་བའི་དགེ་བའི་ལས་བྱེད་པའི་དུས་ནའོ། །དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། རང་གི་མཚན་ཉིད་ནི་སྲིད་པའི་བར་དུའོ། །སྤྱིའི་མཚན་ཉིད་ནི་སྐྱེ་བ་ལ་སོགས་པའི་ཉེས་དམིགས་རྣམས་སོ། །ཕྱིན་ཅི་ལོག་གི་མཚན་ཉིད་ནི་བདག་དང་བདག་གི་མེད་པ་ལ་སོགས་པའོ། །དེ་ལ་རང་གི་མཚན་ཉིད་ནི་རྣམ་པ་གསུམ་སྟེ། རྣམ་པར་སྨིན་པའི་མཚན་ཉིད་ནི་མིང་དང་གཟུགས་དང་ལྷན་ཅིག་འབྱུང་བ་ཀུན་གཞི་རྣམ་པར་ཤེས་པ་སྟེ། གང་གི་ཕྱིར་གང་འདི་ཁམས་གསུམ་དུ་མིང་དང་གཟུགས་དང་ལྷན་ཅིག་འབྱུང་བ་མི་འབྲལ་བ་ཡང་སྲིང་པའི་མྱུ་གུ་མངོན་པར་གྲུབ་པར་བྱེད་དོ་ཞེས་གསུངས་པ་སྟེ། མིང་དང་གཟུགས་དང༌། དེ་ལྷན་ཅིག་འབྱུང་བའི་ཕྱིར་རོ། །ད་རྒྱུ་ཉིད་ཀྱི་མཚན་ཉིད་ཡིན་པ་ནི་མིང་དང་གཟུགས་དང་དེ་མི་འབྲལ་བར་གྱུར་པའི་ཕྱིར། དེ་ལ་རག་ལུས་ནས་འབྱུང་བ་སྟེ། གང་གི་ཕྱིར་མི་འབྲལ་བ་ཞེས་གསུངས་པའོ། །དེའི་འབྲས་བུའི་


DTG113_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱི་མཚན་ཉིད་ནི་སྲིད་པའི་བར་དུ་སྟེ། གང་གི་ཕྱིར་མིང་དང་གཟུགས་དེ་རྣམ་པར་འཕེལ་ནས། སྐྱེ་མཆེད་དྲུག་གི་གྲོང་འབྱུང་བར་འགྱུར་རོ། །སྐྱེ་མཆེད་རྣམས་བྱུང་ནས་ཕན་ཚུན་རེག་སྟེ། ཕྲད་པས་ཚོར་བ་འབྱུང་བར་འགྱུར་རོ། །ཚོར་བ་དེ་ཉིད་ལ་ཕྱི་ཕྱིར་ཞིང་མངོན་པར་དགའ་བའི་སྲེད་པ་དང༌། ལེན་པ་རྣམ་པར་འཕེལ་ལོ། །ཉེ་བར་ལེན་པ་རྣམ་པར་འཕེལ་ནས། སྲིད་པ་འབྱུང་ངོ་ཞེས་གསུངས་པའོ། །སྤྱིའི་མཚན་ཉིད་ནི་གང་གི་ཕྱིར། བྱུང་ནས་སྐྱེ་བ་དང༌། རྒ་ཤི་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་སེམས་ཅན་དེ་དག་གི་སྡུག་བསྔལ་གྱི་ཕུང་པོ་མངོན་པར་འགྲུབ་ཅེས་གསུངས་པའོ། །དེ་ལ་བདག་དང་བདག་གི་བྲལ་བ་ཉིད་ཀྱིས་ནི་དེ་གཉིས་ཀྱིས་སྟོང་པ་ཉིད་དུ་སྟོན་ཏོ། །གཡོ་བ་མེད་པ་ཉིད་ཀྱིས་ནི་རང་གི་བདག་མ་ཡིན་པའོ། །དེའི་འོག་ཏུ་གཡོ་བ་མེད་པ་དེ་ཉིད་སེམས་ཅན་མ་ཡིན་པའི་གྲངས་སུ་འགྲོ་བ་གཡོ་བ་དང༌། གནས་པའི་དངོས་པོར་བེམས་པོ་རྩྭ་དང་ཤིང་དང༌། རྩིག་པ་དང༌། མིག་ཡོར་ལྟ་བུ་ཞེས་བྱ་བར་སྟོན་ཏེ། རྐྱེན་ལ་རག་ལས་ནས་འགྲུབ་པར་འདྲ་བའི་ཕྱིར་རོ། །སེམས་ཅན་སྡུག་བསྔལ་གྱི་ཕུང་པོ་ལས་མཐར་བ་དེ་ལྟ་བུ་དག་མཐོང་ནས། དེའི་ཕྱིར་དེའི་སྙིང་རྗེ་ཆེན་པོ་རྒྱས་པ་འབྱུང་སྟེ་ཞེས་བྱ་བ་ལ་རྒྱས་པའི་དོན་ནི་རྒྱུན་གྱི་དོན་དང༌། འབྱུང་བའི་དོན་དུ་རིག་པར་བྱའོ། །སེམས་ཅན་འདི་དག་ནི་བདག་གིས་ཡོངས་སུ་དགྲོལ་བར་བྱ་བ་དག་གོ །ཤིན་ཏུ་བདེ་བའི་མྱ་ངན་ལས་འདས་པ་ལ་རབ་ཏུ་དགོད་པར་བྱ་བ་དག་གོ་སྙམ་སྟེ། དེའི་བྱམས་པ་ཆེན་པོ་རྒྱས་པ་འབྱུང་ངོ་ཞེས་བྱ་བ་ནི་སྡུག་བསྔལ་གང་དང་ལྡན་པ་དང༌། བདེ་བ་གང་དང་བྲལ་བ་སྟེ་སྔར་བཤད་ཟིན་ཏོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་བྱང་ཆུབ་སེམས་དཔའ་སྙིང་རྗེ་དང༌། བྱམས་པ་དང་ལྡན་པའི་ལྷག་པའི་བསམ་པས་ས་དང་པོ་ལ་གནས་པའི་ཚེ། དངོས་པོ་ཐམས་ཅད་ལ་ལྟ་བའི་སེམས་ཡོངས་སུ་སྤངས་ནས་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཕྱིར། རེ་བ་དང༌། འདོད་པ་རླབས་པོ་ཆེའི་བྲོས་གཏོང་བ་ཆེན་པོ་ལ་རབ་ཏུ་བརྩོན་པར་བྱེད་དོ། །གཏང་བར་བྱ་བ་ནི་འདི་དག་སྟེ། འདི་ལྟ་སྟེ། ནོར་དང༌། འབྲུ་དང༌། བང་མཛོད་ཡོངས་སུ་བཏང་བའམ། གསེར་དང༌། ནོར་བུ་དང༌། མུ་ཏིག་དང༌། བཻ་ཌཱུཪྻ་དང༌། ཤང་ཁ་ཤི་


DTG113_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དང༌། བྱི་རུ་དང༌། དངུལ་དང༌། ས་ལེ་སྦྲམ་ཡོངས་སུ་བཏང་བའམ། རིན་པོ་ཆེའི་རྒྱན་དང༌། ལྷབ་ལྷུབ་ཡོངས་སུ་བཏང་བའམ། རྟ་དང༌། གླང་པོ་ཆེ་དང༌། ཤིང་རྟའི་བཞོན་པ་ཡོངས་སུ་བཏང་བའམ། སྐྱེད་མོས་ཚལ་དང༌། དཀའ་ཐུབ་ཀྱི་ནགས་ཚལ་དང༌། གཙུག་ལག་ཁང་ཡོངས་སུ་བཏང་བའམ། བྲན་ཕོ་དང༌། བྲན་མོ་དང༌། ལས་བྱེད་པ་དང༌། ཞོ་ཤས་འཚོ་བ་ཡོངས་སུ་བཏང་བའམ། གྲོང་དང༌། གྲོང་ཁྱེར་དང༌། གྲོང་རྡལ་དང༌། ཡུལ་དང༌། ཡུལ་འཁོར་དང༌། ཕོ་བྲང་འཁོར་ཡོངས་སུ་བཏང་བའམ། ཆུང་མ་དང༌། བུ་ཕོ་དང༌། བུ་མོ་ཡོངས་སུ་བཏང་བའམ། སྡུག་ཅིང་ཡིད་དུ་འོང་བའི་དངོས་པོ་ཐམས་ཅད་ཡོངས་སུ་བཏང་བའམ། མགོ་དང༌། མིག་དང༌། རྣ་བ་དང༌། སྣ་དང༌། ལག་པ་དང༌། རྐང་པ་དང༌། རང་གི་ཤ་དང༌། ཁྲག་དང༌། རུས་པ་དང༌། རྐང་དང༌། ཚིལ་དང༌། ལྤགས་ཤུན་དང༌། པགས་པ་དང༌། སྙིང་དང། ལུས་ཐམས་ཅད་ཡོངས་སུ་བཏང་བའི་དངོས་པོ་དག་ཐམས་ཅད་ལ་མི་ལྟ་བར་བྱས་ནས། སངས་རྒྱས་ཀྱི་ཡེ་ཤེས་ལ་རེ་བ་དང༌། འདོད་པ་རླབས་པོ་ཆེའི་བློས་ཡོངས་སུ་གཏོང་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་གནས་པ་དེ་གཏོང་པ་ཆེན་པོར་འགྱུར་རོ་ཞེས་བྱ་བ་དེ་ལ། རེ་བ་དང་འདོད་པ་རླབས་པོ་ཆེའི་བློ་ཞེས་བྱ་བ་ནི་རླབས་པོ་ཆེའི་རེ་བས་སོ། །དེ་ལ་དངོས་པོ་ཐམས་ཅད་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཕྱིའི་དང༌། ནང་གིའོ། །ཕྱིའི་ཡང་མདོར་བསྡུ་ན་རྣམ་པ་གསུམ་སྟེ། ཟོང་དུ་བྱ་བ་དང༌། ཡོངས་སུ་སྤྱད་པར་བྱ་བ་དང༌། གཞག་པར་བྱ་བ་སྟེ། ནོར་དང༌། འབྲུ་དང༌། བང་མཛོད་དང་གོ་རིམས་བཞིན་ནོ། །རྒྱས་པར་བྱ་ན་རྣམ་པ་བརྒྱད་དེ། གསེར་ལ་སོགས་པའི་ནོར་ནས་སྡུག་ཅིང་ཡིད་དུ་འོང་བའི་དངོས་པོ་ཐམས་ཅད་ཀྱི་ནོར་གྱི་བར་དུའོ། །ནང་གི་ནི་རང་གི་ལུས་ཀྱིས་བསྡུས་པའོ། །དེ་ལ་ཕྱིའི་དངོས་པོ་གཏོང་བ་དང་པོ་ནི་ཡན་ལག་གོ །གཏོང་བ་ལྷག་མ་དགུ་ནི་ཉེ་བའི་ཡན་ལག་སྟེ། དགའ་བ་རྣམ་པ་གཉིས་ལས་བརྩམས་པར་རིག་པར་བྱ་སྟེ། གཞི་ཡོངས་སུ་བཟུང་བས་དགའ་བ་དང༌། ཕན་འདོགས་པས་དགའ་བའོ། །དེ་ལ་གཞི་ཡོངས་སུ་བཟུང་བས་དགའ་བ་ནི་གསེར་ལ་སོགས་པས་སོ། །ཕན་འདོགས་པས་དགའ་བ་ནི་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། མཛེས་པའི་ཕན་འདོགས་པས་


DTG113_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་ནི་རིན་པོ་ཆེའི་རྒྱན་ལ་སོགས་པས་སོ། །ངལ་བ་ཡོངས་སུ་སྤང་བའི་ཕན་འདོགས་པས་དགའ་བ་ནི་རྟ་དང་གླང་པོ་ཆེ་དང༌། ཤིང་རྟ་ལ་སོགས་པས་སོ། །རྩེ་བ་དང་དགའ་བའི་ཕན་འདོགས་པས་དགའ་བ་ནི་སྐྱེད་མོས་ཚལ་དང༌། དཀའ་ཐུབ་ཀྱི་ནགས་ཚལ་ལ་སོགས་པའོ། །བསྙེན་བཀུར་བྱ་བའི་ཉོན་མོངས་པ་ཡོངས་སུ་སྤངས་པའི་ཕན་འདོགས་པས་དགའ་བ་ནི་བྲན་ཕོ་དང་བྲན་མོ་ལ་སོགས་པས་སོ། །དབང་བྱ་བའི་ཕན་འདོགས་པས་དགའ་བ་ནི་གྲོང་དང་ཁྱེར་ལ་སོགས་པས་སོ། །ཆུང་མ་ཡོངས་སུ་གཟུང་བས་ཕན་འདོགས་པས་དགའ་བ་ནི་ཆུང་མ་ལ་སོགས་པས་སོ། །སྙིང་པོ་ཡོངས་སུ་བཟུང་བས་ཕན་འདོགས་པས་དགའ་བ་ནི་སྡུག་པ་ལ་སོགས་པ་ཐམས་ཅད་ཀྱིས་སོ། །རེ་བ་ཡོངས་སུ་རྫོགས་པར་བྱེད་པའི་ཕན་འདོགས་པས་དགའ་བ་ནི། མགོ་དང་མིག་ལ་སོགས་པས་སོ། །དེ་དེ་ལྟར་སྙིང་རྗེ་དང༌། བྱམས་པ་དང༌། གཏོང་བའི་བསམ་པ་ཅན་དུ་གྱུར་ནས་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར། ཕྱི་ཕྱིར་ཞིང་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་དོན་ཡོངས་སུ་ཚོལ་ཞིང་དོན་དུ་གཉེར་རོ། །དེ་ཡོངས་སུ་ཚོལ་ཞིང་དོན་དུ་གཉེར་བའི་ཚེ། ཡོངས་སུ་མི་སྐྱོ་བའི་སེམས་མི་སྐྱེ་སྟེ། དེ་ལྟར་དེ་ཡོངས་སུ་མི་སྐྱོ་བར་འགྱུར་རོ། །ཡོངས་སུ་སྐྱོ་བ་མེད་པས་བསྟན་བཅོས་ཐམས་ཅད་ལ་འཇིགས་པ་མེད་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་བསྟན་བཅོས་ཤེས་པ་ཉིད་ཡིན་ཏེ། དེ་ལྟར་བསྟན་བཅོས་དང་ལྡན་པས་བྱ་བ་དང༌། བྱ་བ་མ་ཡིན་པ་ལ་རྣམ་པར་བརྟག་པའི་བློས་སེམས་ཅན་ཐ་མ་དང༌། འབྲིང་དང༌། མཆོག་རྣམས་ལ་ཅི་ནུས་ཅི་འོས་སུ་དེ་བཞིན་ཉིད་དུ་སྒྲུབ་བོ། །དེའི་ཕྱིར་དེ་འཇིག་རྟེན་ཤེས་པ་ཡིན་ཏེ། འཇིག་རྟེན་ཤེས་པས་དུས་དང༌། ཚོད་དང༌། རན་པར་སྤྱོད་ཅིང་ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པས་ཤིན་ཏུ་བརྒྱན་པའི་སེམས་ཀྱི་རྒྱུད་ཀྱིས། བདག་གི་དོན་དང་གཞན་གྱི་དོན་ལ་རབ་ཏུ་བརྩོན་པར་བྱེད་དེ། དེའི་ཕྱིར་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ཡིན། སྦྱོར་བ་དེ་དག་ལ་ཡང་མངོན་པར་འབྱུང་བར་སྤྱོད་པ་ཡིན། ཕྱིར་མི་ལྡོག་ཅིང་མིར་བཟློགས་པའི་སྟོབས་བསྐྱེད་པ་ཡང་ཐོབ་པ་ཡིན་ཏེ། དེ་ལྟར་དེའི་བརྟན་པའི་སྟོབས་བསྐྱེད་པ་ཀུན་དུ་བསྐྱེད་པ་ཡིན། བརྟན་པའི་སྟོབས་བསྐྱེད་པ་ཐོབ་པས་དེ་བཞིན་གཤེགས་ས་པ་མཆོད་པ་དང༌། རིམ་གྲོ་


DTG113_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བར་བརྩོན་ཞིང་བསྟན་པ་ལ་ཡང་ནན་ཏན་བྱེད་དོ། །དེ་ལྟར་དེའི་ས་བཅུ་པོ་དེ་དག་ཡོངས་སུ་སྦྱོང་བའི་ཆོས་འདི་ལྟ་སྟེ། དད་པ་དང༌། སྙིང་རྗེ་དང༌། བྱམས་པ་དང༌། གཏོང་བ་དང༌། སྐྱོ་བ་བག་ལ་ཞ་བར་བྱེད་པ་དང༌། བསྟན་བཅོས་ཤེས་པ་དང༌། འཇིག་རྟེན་ཤེས་པ་དང། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་དང༌། བརྟན་པའི་སྟོབས་བསྐྱེད་པ་དང༌། དེ་བཞིན་གཤེགས་པ་ལ་མཆོད་པ་དང༌། རིམ་གྲོ་བྱ་བ་ཀུན་དུ་སྐྱེས་པ་ཡིན་ནོ་ཞེས་བྱ་བ་དེ་ལ། དེ་བཞིན་ཉིད་དུ་བསྒྲུབ་པོ་ཞེས་བྱ་བ་ནི་འཇིག་རྟེན་ཤེས་པའི་དབང་དུ་བྱས་པ་སྟེ། བསྟན་བཅོས་ལས་འབྱུང་བ་བཞིན་ནོ། །ཅི་ནུས་སུ་ཞེས་བྱ་བ་ནི་བདག་གིས་སོ། །ཅི་འོས་སུ་ཞེས་བྱ་བ་ནི་གཞན་དག་ལའོ། །ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པའི་དབང་དུ་བྱས་ནས་དུས་དང༌། ཚོད་དང༌། རན་པ་རྣམས་ཀྱིས་དུས་རྣམ་པ་གསུམ་བསྟན་ཏེ། ཡིད་ལ་བྱ་བའི་དུས་དང༌། ཉིན་ཞག་གི་དུས་དང༌། འབྲས་བུ་ཡོད་པར་བྱེད་པའི་དུས་སོ། །སྦྱོར་བ་དེ་དག་ལ་ཞེས་བྱ་བ་ནི། བརྟན་པའི་སྟོབས་བསྐྱེད་པའི་དབང་དུ་བྱས་པ་སྟེ། དེ་དག་གི་དད་པ་ལ་སོགས་པ་བསྟན་པ་རྣམས་སོ། །མངོན་པར་འབྱུང་བར་སྤྱོད་པ་ཡིན། །ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། ཕྱིར་མི་ལྡོག་པའི་སྟོབས་བསྐྱེད་པས་འབྲི་བར་མི་འགྱུར་བ་དང༌། མི་བཟློགས་པའི་སྟོབས་བསྐྱེད་པས་རྒྱུན་མི་གཅོད་པའོ། །དེ་བཞིན་གཤེགས་པ་ལ་མཆོད་པ་དང༌། རིམ་གྲོ་བྱ་བར་བརྩོན་ཞིང་བསྟན་པ་ལ་ཡང་ནན་ཏན་བྱེད་པ་ནི་རྙེད་པ་དང་བཀུར་སྟིའི་མཆོད་པ་དང༌། བསྒྲུབ་པའི་མཆོད་པ་སྟོན་ཏོ། །བསྒྲུབ་པ་རྣམ་པ་བཅུ་པོ་འདིས་ཕུན་སུམ་ཚོགས་པ་རྣམ་པ་གཉིས་རབ་ཏུ་ཕྱེ་བ་སྟེ། བསམ་པ་ཕུན་སུམ་ཚོགས་པ་ནི་དད་པ་དང༌། སྙིང་རྗེ་དང༌། བྱམས་པ་རྣམས་ཀྱིས་སོ། །སྦྱོར་བ་ཕུན་སུམ་ཚོགས་པ་ནི། གཏོང་བ་དང༌། མི་སྐྱོ་བ་དང༌། བསྟན་བཅོས་དང༌། འཇིག་རྟེན་ཤེས་པ་དང༌། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་དང༌། བརྟན་པའི་སྟོབས་བསྐྱེད་པ་དང༌། དེ་བཞིན་གཤེགས་པ་ལ་མཆོད་པ་དང༌། རིམ་གྲོ་བྱ་བ་རྣམས་ཀྱིས་སོ། །དེ་ལ་བདག་གི་དོན་ལ་བརྩམས་པ་ནི་དད་པ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་དང༌། སངས་རྒྱས་ཀྱི་ཆོས་རྣམས་ལ་ཡོད་པ་ཉིད་དང༌། ནུས་པ་ཉིད་དུ་ཡིད་ཆེས་པ་དང་འདོད་པའོ། །གཞན་གྱི་དོན་ལ་བརྩམས་པ་ནི་སྙིང་རྗེ་


DTG113_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྱམས་པ་སྟེ། ཕན་པ་དང་བདེ་བའི་བསམ་པས་སོ། །གཏོང་བ་ནི་གཞན་དག་ཟང་ཟིང་གིས་སྡུད་པར་སྦྱོར་བའོ། །མི་སྐྱོ་བ་ནི་མཆོག་སྡུད་པར་སྦྱོར་བའོ། །བསྟན་བཅོས་ཤེས་པ་དང༌། འཇིག་རྟེན་ཤེས་པ་ནི་གཞན་དག་ལ་ཆོས་ཀྱིས་བསྡུ་བར་སྦྱོར་བའོ། །ལྷག་མ་རྣམས་ནི་བདུན་པོ་འདི་དག་ཉིད་ཀུན་དུ་བསྲུང་བའི་ཕྱིར་སྦྱོར་བ་གསུམ་སྟེ། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པས་དད་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་དང་དུ་མི་ལེན་པའི་ཕྱིར་དང་དུ་མི་ལེན་པའི་སྦྱོར་བ་དང༌། བརྟན་པའི་སྟོབས་བསྐྱེད་པས་དད་པ་ལ་སོགས་པ་ལས་བསྐྱོད་པར་མི་ནུས་པའི་ཕྱིར་མི་བསྐྱོད་པའི་སྦྱོར་བ་དང༌། སངས་རྒྱས་ལ་མཆོད་པ་དང༌། རིམ་གྲོ་བྱེད་པས་དད་པ་ལ་སོགས་པའི་རྩ་བ་ཡོངས་སུ་འཛིན་པའི་ཕྱིར་དེ་དག་གི་རྩ་བ་རྣམ་པར་དག་པའི་གནས་ཡོངས་སུ་འཛིན་པར་སྦྱོར་བའོ། །དེ་ལ་མཆོད་པ་རྣམ་པ་གཉིས་ཀྱིས་ནི་ལུས་རྣམ་པ་གཉིས་མངོན་པར་འགྲུབ་པར་བྱེད་དེ། དེ་ལ་རྒྱ་ཆེ་བ་ནི་དེས་ན་མངོན་པར་འགྲོ་བར་བྱ་བ་ཡིན་ནོ། །སེམས་ལས་སུ་རུང་བ་ནི་དེས་ན་རང་བཞིན་གྱིས་དགེ་བའི་ཆོས་ལ་དགའ་བ་ཡིན་ནོ། །དད་པའི་དབང་ཞེས་བྱ་བ་ལ་སོགས་པ་ནས། རྟག་ཏུ་རྒྱུན་མི་འཆད་པར་གོང་ནས་གོང་དུ་ཁྱད་པར་ཡོངས་སུ་ཚོལ་ཞེས་བྱ་བའི་བར་དུ་སུམ་ཅུ་པོ་སྔ་མ་ནི་རྒྱ་ཆེར་ཡོངས་སུ་སྦྱོང་བའོ། །དད་པ་ལ་སོགས་པ་ཐ་མ་སངས་རྒྱས་ལ་མཆོད་པ་དང༌། རིམ་གྲོ་བྱ་བ་འདི་དག་ནི་མདོར་བསྡུས་པས་ཡོངས་སུ་སྦྱོང་བར་རིག་པར་བྱ་སྟེ། དེ་ལྟ་བུ་ནི་སྒྲུབ་པའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའོ། །འབྲས་བུའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པ་ཇི་ལྟ་བུ་ཞེ་ན། གང་གི་ཕྱིར། བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་འདི་ལ་གནས་པ་དེ་ལ་མཐོང་བ་རྒྱ་ཆེན་པོ་དང༌། སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་མང་པོ་སྣང་བར་འགྱུར་ཏེ། མཐོང་བ་རྒྱ་ཆེན་པོ་དང༌། སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་བརྒྱ་ཕྲག་མང་པོ་དང༌། སངས་རྒྱས་སྟོང་ཕྲག་མང་པོ་དང༌། སངས་རྒྱས་འབུམ་ཕྲག་མང་པོ་དང། སངས་རྒྱས་ཁྲག་ཁྲིག་འབུམ་ཕྲག་མང་པོ་དང༌། སངས་རྒྱས་བྱེ་བ་ཕྲག་མང་པོ་དང༌། སངས་རྒྱས་བྱེ་བ་བརྒྱ་ཕྲག་མང་པོ་དང༌། སངས་རྒྱས་བྱེ་བ་སྟོང་ཕྲག་མང་པོ་དང༌། སངས་རྒྱས་བྱེ་བ་འབུམ་ཕྲག་མང་པོ་དང༌། སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་སྣང་བར་འགྱུར་རོ། །དེས་


DTG113_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་མཐོང་ནས་ལྷག་པའི་བསམ་པ་རྒྱ་ཆེན་པོས་བསྟི་སྟང་བྱེད་དོ། །བཙུན་པར་བྱེད་དོ། །རི་མོ་བྱེད་དོ། །མཆོད་པ་བྱེད་དོ། །ན་བཟའ་དང༌། ཞལ་ཟས་དང༌། གཟིམས་ཆ་དང༌། སྙུན་གྱི་གསོས་སྨན་དང༌། ཡོ་བྱད་དག་ཀྱང་འབུལ་ཞིང༌། བྱང་ཆུབ་སེམས་དཔའི་བདེ་བར་སྦྱར་བ་ཡང་ཉེ་བར་སྒྲུབ་བོ། །དགེ་འདུན་ལ་ཡང་ཚོགས་པའི་ཡང་དག་པའི་རི་མོ་བྱེད་དེ། དགེ་བའི་རྩ་བ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དོ། །དེས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་མཆོད་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཀུན་དུ་སྐྱེས་པ་ཡིན་ཏེ། དེ་བསྡུ་བའི་དངོས་པོ་སྦྱིན་པ་དང༌། སྙན་པར་སྨྲ་བས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །དེའི་མོས་པའི་སྟོབས་ཀྱིས་བསྡུ་བའི་དངོས་པོ་འོག་མ་གཉིས་ཀྱང་རབ་ཏུ་སྐྱེ་བར་གྱུར་ཏེ། མ་ལུས་པར་རྟོག་པ་ནི་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་ལས་དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ཏེ། ལྷག་མ་རྣམས་ཀྱང་ཅི་ནུས་ཅི་འོས་སུ་ཡང་དག་པར་མི་བསྒྲུབ་པ་ནི་མ་ཡིན་ནོ། །དེ་ཇི་ལྟ་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱེད་ཅིང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་བརྩོན་པ་དང༌། ས་ཡོངས་སུ་སྦྱོང་བའི་ཆོས་འདི་དག་ཡང་དག་པར་བླངས་ཏེ་གནས་པ་དེ་ལྟ་དེ་ལྟར་དེའི་དགེ་བའི་རྩ་བ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པ་དེ་དག་དེ་བས་ཀྱང་ཤས་ཆེར་རབ་ཏུ་བྱང་བ་དང༌། ཡོངས་སུ་དག་པ་དང༌། ཅི་དགར་ལས་སུ་རུང་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ་དཔེར་ན། མགར་བ་མཁས་པས་གསེར་གྱིས་ལེ་སྦྲམ་ཇི་ལྟ་ཇི་ལྟར་མེས་བསྲེགས་པ་དེ་ལྟ་དེ་ལྟར་རབ་ཏུ་བྱང་བ་དང༌། ཡོངས་སུ་དག་པ་དང༌། ཅི་དགར་ལས་སུ་རུང་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས། ཇི་ལྟ་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པར་བྱེད་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་བརྩོན་པར་བྱེད་པ་དང༌། ས་ཡོངས་སུ་སྦྱོང་བའི་ཆོས་འདི་དག་ཡང་དག་པར་བླངས་ཏེ་གནས་པ་དེ་ལྟ་དེ་ལྟར་དེའི་དགེ་བའི་རྩ་བ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པ་དེ་དག་རབ་ཏུ་བྱང་བ་དང༌།


DTG113_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་དག་པ་དང༌། ཅི་དགར་ལས་སུ་རུང་བར་འགྱུར་རོ་ཞེས་གསུངས་པའོ། །དེ་ལྟར་ན་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་རྣམ་པ་བཞིར་བསྟན་པ་ཡིན་ཏེ། ལས་སུ་རུང་བ་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་དང༌། འཇུག་པ་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་དང༌། རྣམ་པར་སྨིན་པ་ཡོངས་སུ་འཛིན་པ་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་དང༌། སྨོན་ལམ་ཤེས་པ་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་རོ། །དེ་ལ་ལས་སུ་རུང་བ་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་ནི། གསེར་གྱི་ས་ལེ་སྦྲམ་དང་ཆོས་མཐུན་པས་རིག་པར་བྱ་སྟེ། གསེར་གྱི་ས་ལེ་སྦྲམ་ལྟ་བུ་ནི་དད་པ་ལ་སོགས་པ་དགེ་བའི་ཆོས་གང་དག་ཡིན་པའོ། །མེར་བསྲེགས་པ་ལྟ་བུ་ནི་དགོད་པ་རྣམ་པ་གསུམ་སྟེ། སངས་རྒྱས་དང་དགེ་འདུན་ལ་མཆོད་པ་བྱེད་པས་ཡོན་ཏན་གྱི་ཞིང་དུ་དགོད་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་བྱེད་པས་སྙིང་རྗེའི་ཞིང་དུ་དགོད་པ་དང༌། བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པས་བླ་ན་མེད་པའི་འབྲས་བུར་དགོད་པའོ། །དེ་ལ་མཐོང་བ་རྒྱ་ཆེན་པོ་ནི་མཐུ་ཁྱད་པར་ཅན་གྱིས་གཟུགས་ཀྱི་སྐུ་མཐོང་བ་གང་ཡིན་པའོ། །སྨོན་ལམ་གྱི་སྟོབས་ཀྱིས་ནི་ནང་གི་ཡང་དག་པའི་སྨོན་ལམ་གྱིས་ཆོས་ཀྱི་སྐུ་མཐོང་བའོ། །ཐབས་ལ་མཁས་པས་ཤིན་ཏུ་མང་བར་བསྟན་པའི་ཕྱིར་སངས་རྒྱས་བརྒྱ་ཕྲག་མང་པོ་ཞེས་བྱ་བ་ནས། སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་ཞེས་བྱ་བའི་བར་གྱིས་གྲངས་སྨོས་སོ། །བསྟི་སྟང་བྱེད་པ་ནི་རྣམ་པ་གསུམ་སྟེ། བཙུན་པར་བྱེད་པས་བསྟི་སྟང་བྱེད་པ་ནི་བསྟོད་པ་དང༌། བསྔགས་པས་དེའི་ཡོན་ཏན་བརྗོད་པའོ། །རི་མོར་བྱེད་པས་བསྟི་སྟང་བྱེད་པ་ནི་གུད་པར་སྨྲ་བ་དང༌། ཕྱག་འཚལ་བ་ལ་སོགས་པའོ། །མཆོད་པས་བསྟི་སྟང་བྱེད་པ་ནི་མེ་ཏོག་དང༌། བདུག་པ་དང༌། སྤོས་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་ལ་སོགས་པའོ། །བྱང་ཆུབ་སེམས་དཔའི་བདེ་བར་སྦྱར་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོ་བྱད་འཇིག་རྟེན་དང་ཐུན་མོང་མ་ཡིན་པར་གྱུར་པ་གང་ཡིན་པའོ། །དགེ་འདུན་ལ་ཡང་ཚོགས་པའི་ཡང་དག་པའི་རི་མོར་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དག་གཞན་ཡང་བྱང་ཆུབ་སེམས་དཔའི་ས་དང་པོ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ས་དང་པོ་དེ་ཉིད་ཀྱི་རྣམ་པ་དང༌། ཐོབ་པར་བྱ་བ་དང༌། རྒྱུ་མཐུན་པ་དག་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་


DTG113_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

དག་དང༌། དགེ་བའི་བཤེས་གཉེན་རྣམས་ལས་ཡོངས་སུ་བཙལ་བར་བྱ། ཡོངས་སུ་དྲི་བར་བྱའོ། །སའི་ཡན་ལག་ཡོངས་སུ་སྒྲུབ་པའི་ཕྱིར་ཡང་ངོམས་མི་ཤེས་པར་བྱ་སྟེ། དེ་བཞིན་དུས་གཉིས་པ་ནས། བྱང་ཆུབ་སེམས་དཔའི་ས་བཅུ་པའི་བར་གྱི་རྣམ་པ་དང༌། ཐོབ་པར་བྱ་བ་དང༌། རྒྱུ་མཐུན་པ་དག་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དག་དང༌། དགེ་བའི་བཤེས་གཉེན་རྣམས་ལས་ཡོངས་སུ་བཙལ་བར་བྱ། ཡོངས་སུ་དྲི་བར་བྱའོ། །སའི་ཡན་ལག་ཡོངས་སུ་སྒྲུབ་པའི་ཕྱིར་ཡང་ངོམས་མི་ཤེས་པར་བྱའོ། །དེས་སའི་མི་མཐུན་པའི་ཕྱོགས་དང༌། གཉེན་པོ་ལ་མཁས་པར་བྱ་སྟེ། སའི་འཇིགས་པ་དང༌། འགྲུབ་པ་ལ་མཁས་པ་དང༌། སའི་རྣམ་པ་དང༌། རྒྱུ་མཐུན་པ་ལ་མཁས་པ་དང༌། ས་ཐོབ་པ་རྣམ་པར་སྦྱོང་བ་ལ་མཁས་པ་དང༌། སའི་ཡན་ལག་ཡོངས་སུ་སྦྱོང་བ་ལ་མཁས་པ་དང༌། ས་ནས་སར་འཕར་བ་ལ་མཁས་པ་དང༌། ས་དང་ས་ལ་གནས་པ་ལ་མཁས་པ་དང༌། ས་དང་སའི་ཁྱད་པར་ཤེས་པ་ལ་མཁས་པ་དང༌། ས་དང་ས་ཐོབ་ནས་ཕྱིར་མི་ལྡོག་པ་ལ་མཁས་པ་དང༌། བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ཡོངས་སུ་སྦྱང་བས་དེ་བཞིན་གཤེགས་པའི་ས་གནོན་པ་ལ་མཁས་པར་བྱའོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་བྱང་ཆུབ་སེམས་དཔའི་སའི་རྣམ་པ་མངོན་པར་སྒྲུབ་པ་ལ་མཁས་པ་ནི་ས་དང་པོ་ལས་གྱེན་དུ་མི་སྐྱོད་པར་ས་བཅུ་པའི་བར་དུ་གནོན་ཅིང་ཐོབ་པར་བྱ་བ་ལ་ཐོགས་པ་མེད་དེ། ཐོགས་པ་མེད་པར་འགྲོ་བ་དང༌། ས་ཤེས་པའི་སྣང་བ་སངས་རྒྱས་ཀྱི་ཡེ་ཤེས་སྣང་བ་ཡང་འཐོབ་བོ། །ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ་དཔེར་ན། དེད་དཔོན་མཁས་པས་འདྲོན་པ་ཕལ་པོ་ཆེ་ཡོངས་སུ་གདོན་པའི་བསམ་པ་དང་ལྡན་པ་གྲོང་ཁྱེར་ཆེན་པོར་ཕྱིན་པར་བྱ་བར་འདོད་པ་ནི་ཐོག་མ་ཉིད་ནས་ལམ་གྱི་ཡོན་ཏན་དང༌། ལམ་གོལ་བའི་ཉེས་པ་དང༌། ལམ་གྱི་བར་གནས་ཀྱི་ཁྱད་པར་དང༌། ལམ་གྱི་བར་གནས་ཀྱི་གོལ་བའི་ཉེས་པ་དང༌། ལམ་རྒྱགས་དང༌། བྱ་བ་དང༌། བྱ་བ་མ་ཡིན་པ་རྣམས་ཡོངས་སུ་ཚོལ་ཞིང་ཀུན་དུ་འདྲིའོ། །ལམ་གྱི་བར་གནས་ཐོག་མ་ཉིད་ནས་མ་འཕགས་པ་ནས་གྲོང་ཁྱེར་ཆེན་པོར་ཕྱིན་གྱི་བར་ལ་ཤིན་ཏུ་མཁས་པ་ཡིན་ཏེ། ལམ་གྱི་བར་གནས་ཐོག་མ་ཉིད་ནས་མ་འཕགས་པར་ཤེས་པས་རྣམ་


DTG113_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྟགས་པའི་བློ་དང༌། རྒྱགས་དང༌། ཚོགས་ཆེན་པོ་ཕུན་སུམ་ཚོགས་པས་འདྲོན་པ་ཕལ་པོ་ཆེ་རྣམས་དང་ལྷན་ཅིག་ཏུ་མཐར་གྱིས་གྲོང་ཁྱེར་ཆེན་པོའི་བར་དུ་ཕྱིན་པར་བྱེད་དེ། འབྲོག་དགོན་པའི་ཉེས་པ་རྣམས་ཀྱིས་བདག་དང་འདྲོན་པ་རྣམས་ལས་གནོད་པར་མི་འགྱུར་བར་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེད་དཔོན་མཁས་པ་ཡང༌། གང་གི་ཚེ་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་གནས་ཤིང༌། སའི་མི་མཐུན་པའི་ཕྱོགས་དང༌། གཉེན་པོ་ལ་མཁས་པ་དང༌། སའི་འཇིགས་པ་དང་འགྲུབ་པ་ལ་མཁས་པ་དང༌། སའི་རྣམ་པ་དང༌། རྒྱུ་མཐུན་པ་ལ་མཁས་པ་དང༌། ས་ཐོབ་པ་རྣམ་པར་སྤྱོད་པ་ལ་མཁས་པ་དང༌། སའི་ཡན་ལག་ཡོངས་སུ་སྦྱོང་བ་ལ་མཁས་པ་དང༌། ས་ནས་སར་འཕར་བ་ལ་མཁས་པ་དང༌། ས་དང་ལམ་ལ་གནས་པ་ལ་མཁས་པ་དང༌། ས་དང་སའི་ཁྱད་པར་ཤེས་པ་ལ་མཁས་པ་དང༌། ས་དང་ས་ཐོབ་ནས་ཕྱིར་མི་ལྡོག་པ་ལ་མཁས་པ་དང༌། བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ཡོངས་སུ་སྦྱངས་པས། དེ་བཞིན་གཤེགས་པའི་ས་གནོན་པ་ལ་མཁས་པར་གྱུར་པ་དེའི་ཚེ་བསོད་ནམས་ཀྱི་ཚོགས་ཆེན་པོའི་རྒྱགས་ཡོངས་སུ་གཟུང་བ་དང༌། ཡེ་ཤེས་ཀྱི་ཚོགས་ཆེན་པོ་ལ་རྣམ་པར་ཕྱེ་བ་ཤིན་ཏུ་མཁས་པ་དང༌། སེམས་ཅན་གྱི་འདྲོན་པ་ཕལ་པོ་ཆེ་ཡོངས་སུ་གདོན་པའི་བསམ་པ་དང་ལྡན་པས་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་ཆེན་པོར་ཕྱིན་པར་བྱ་བར་འདོད་ཅིང༌། ཐོག་མ་ཉིད་ནས་སའི་ལམ་གྱི་ཡོན་ཏན་དང༌། སའི་ལམ་གོལ་བའི་ཉེས་པ་དང༌། སའི་ལམ་གྱི་བར་གནས་ཀྱི་ཁྱད་པར་དང༌། སའི་ལམ་གྱི་བར་གནས་ཀྱི་ཁྱད་པར་གོལ་བའི་ཉེས་པ་དང༌། བསོད་ནམས་ཀྱི་ཚོགས་ཆེན་པོའི་རྒྱགས་བཤམ་ཞིང༌། བསོགས་པ་དག་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་དང༌། དགེ་བའི་བཤེས་གཉེན་རྣམས་ལས་ཡོངས་སུ་ཚོལ་ཞིང་ཡོངས་སུ་འདྲི་སྟེ། དེ་ལམ་གྱི་བར་གནས་དང་པོ་ནས་གྱེན་དུ་མི་སྐྱོད་པར་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་ཆེན་པོར་ཕྱིན་པར་བྱ་བའི་བར་ལ་མཁས་པ་ཡིན་ནོ། །དེ་དེ་ལྟར་ཡེ་ཤེས་ཀྱིས་རྣམ་པར་བརྟགས་པའི་བློ་དང༌། བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་ཆེན་པོའི་རྒྱགས་ཕུན་སུམ་ཚོགས་པས་སེམས་ཅན་གྱི་འདྲོན་པ་


DTG113_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཕལ་པོ་ཆེ་ཇི་ལྟར་ཡོངས་སུ་སྨིན་པར་བྱས་པ་བཞིན་དུ་མཐར་གྱིས་འཁོར་བའི་འབྲོག་དགོན་པ་དང༌། མྱ་ངན་ལས་བསྒྲལ་ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་གྲོང་ཁྱེར་ཆེན་པོའི་བར་དུ་ཕྱིན་པར་བྱེད་ཅིང༌། འཁོར་བའི་འབྲོག་དགོན་པའི་ཉེས་པ་རྣམས་ཀྱིས་སེམས་ཅན་གྱི་འདྲོན་པའམ། བདག་ལ་གནོད་པར་ཡང་མི་འགྱུར་བར་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་ཡོངས་སུ་མི་སྐྱོ་བར་ས་ཡོངས་སུ་སྦྱང་བར་བྱ་བའི་ཁྱད་པར་ལ་བརྩོན་པར་བྱའོ། །ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བའི་སྒོར་འཇུག་པ་མདོར་བསྟན་པའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཕལ་ཆེར་འཛམ་བུའི་གླིང་གི་དབང་པོར་འགྱུར་ཞིང་དབང་ཕྱུག་ཆེན་པོ་ལ་དབང་རབ་ཏུ་ཐོབ་ལ། ཆོས་རྗེས་སུ་སྲུང་ཞིང་གཏོང་བ་ཆེན་པོས་སེམས་ཅན་རྣམས་སྡུད་པའི་གཙོ་བོར་གྱུར་ཅིང། སེམས་ཅན་རྣམས་ཀྱི་སེར་སྣའི་དྲི་མ་བཟློག་པ་ལ་མཁས་པ་ཡིན། གཏོང་བ་ཆེན་པོ་རྩོམ་པས་ཡོངས་སུ་དུབ་པར་མི་འགྱུར་བ་ཡིན་ནོ། །སྦྱིན་པའམ་སྙན་པར་སྨྲ་བའམ་དོན་སྤྱོད་པའམ། དོན་མཐུན་པ་ལས་གང་ཅི་རྩོམ་ཡང་རུང་སྟེ། དེ་ཐམས་ཅད་སངས་རྒྱས་ཡིད་ལ་བྱ་བ་དག་དང༌། ཆོས་ཡིད་ལ་བྱ་བ་དག་དང༌། དགེ་འདུན་ཡིད་ལ་བྱ་བ་དག་དང༌། བྱང་ཆུབ་སེམས་དཔའ་ཡིད་ལ་བྱ་བ་དག་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིད་ལ་བྱ་བ་དག་དང༌། ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱ་བ་དག་དང༌། ས་ཡིད་ལ་བྱ་བ་དག་དང༌། སྟོབས་ཡིད་ལ་བྱ་བ་དག་དང༌། མི་འཇིགས་པ་ཡིད་ལ་བྱ་བ་དག་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡིད་ལ་བྱ་བ་དག་ནས། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱ་བ་དང༌། མི་འབྲལ་བ་ཡིན་ཏེ། ཇི་ལྟར་ན་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར། གཙོ་བོར་འགྱུར། ཕུལ་དུ་འགྱུར། དམ་པར་འགྱུར། རབ་མཆོག་ཏུ་འགྱུར། གོང་མར་འགྱུར། བླ་ན་མེད་པར་འགྱུར། འདྲེན་པར་འགྱུར། རྣམ་པར་འདྲེན་པར་འགྱུར། ཡོངས་སུ་འདྲེན་པར་འགྱུར་བ་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རྟོན་པའི་བར་དུ་འགྱུར་སྙམ་དུ་སེམས་སོ། །འདོད་ན་བརྩོན་འགྲུས་རྩོམ་པ་རྣམ་པ་ཇི་ལྟ་བུས་


DTG113_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་དང༌། ཆུང་མ་དང༌། ལོངས་སྤྱོད་ཐམས་ཅད་སྤངས་ཏེ། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་འབྱུང་བ་དང༌། རབ་ཏུ་བྱུང་ནས་ཀྱང་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་ཏིང་ངེ་འཛིན་བརྒྱ་རབ་ཏུ་ཐོབ་ཅིང་སྙོམས་པར་འཇུག་པ་དང༌། སངས་རྒྱས་བརྒྱ་མཐོང་བ་དང༌། དེ་དག་གི་བྱིན་གྱི་རླབས་ཡང་དག་པར་ཤེས་པ་དང༌། འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་བྱེད་པ་དང༌། ཞིང་བརྒྱར་འགྲོ་བ་དང༌། འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱེད་པ་དང༌། སེམས་ཅན་བརྒྱ་ཡོངས་སུ་སྨིན་པར་བྱེད་པ་དང༌། བསྐལ་པ་བརྒྱར་གནས་པར་བྱེད་པ་དང༌། བསྐལ་པ་བརྒྱ་ལ་སྔོན་གྱི་མཐའ་དང༌། ཕྱི་མའི་མཐར་འཇུག་པ་དང༌། ཆོས་ཀྱི་སྒོ་བརྒྱ་རྣམ་པར་འབྱེད་པ་དང༌། ལུས་བརྒྱ་ཀུན་དུ་སྟོན་པ་དང༌། ལུས་རེ་རེ་ཡང་འཁོར་བྱང་ཆུབ་སེམས་དཔའ་བརྒྱ་བརྒྱ་དང་ལྡན་པར་ཀུན་དུ་སྟོན་པའི་བརྩོན་འགྲུས་རྣམ་པ་དེ་ལྟ་བུ་རྩོམ་མོ། །དེ་ཡན་ཆད་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་སྟོབས་ཅན་རྣམས་སྨོན་ལམ་ཁྱད་པར་ཅན་གྱི་རྣམ་པར་འཕྲུལ་ཏེ། དེ་དག་གི་ལུས་སམ། འོད་དམ། རྫུ་འཕྲུལ་ལམ། མིག་གམ། སྤྱོད་ཡུལ་ལམ། དབྱངས་སམ། སྤྱོད་པའམ། བཀོད་པའམ། བྱིན་གྱི་རླབས་སམ། མོས་པའམ། མངོན་པར་འདུ་བྱེད་པ་དག་ཀྱང་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་ཇི་སྙེད་པ་དེ་སྙེད་དུ་ཡང་བརྗོད་པར་སླ་བ་མ་ཡིན་ནོ་ཞེས་བྱ་བ་དེ་ལ་རྣམ་པ་ནི་ས་གང་གི་མི་མཐུན་པའི་ཕྱོགས་དང༌། གཉེན་པོའི་རྣམ་པ་གང་དག་ཡིན་པའོ། །ཐོབ་པར་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོབ་པའོ། །རྒྱུ་མཐུན་པ་ནི་དེའི་རྗེས་ལས་ཐོབ་པའི་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ། །སའི་ཡན་ལག་རྣམས་ནི་དད་པ་ལ་སོགས་པར་རིག་པར་བྱའོ། །དེ་ཡོངས་སུ་སྒྲུབ་པའི་ཕྱིར་ཞེས་བྱ་བ་ནི། མཁས་པ་ལྔར་རིག་པར་བྱ་སྟེ། བརྟག་པ་ལ་མཁས་པ་དང༌། འཐོབ་པ་ལ་མཁས་པ་དང༌། འཕེལ་བ་ལ་མཁས་པ་དང༌། ཡོངས་སུ་མི་ཉམས་པ་ལ་མཁས་པ་དང༌། མཐར་ཐུག་པར་འགྲོ་བ་ལ་མཁས་པའོ། །དེ་ལ་དང་པོ་ནི་མི་མཐུན་པའི་ཕྱོགས་དང༌། གཉེན་པོ་དང༌། འཇིགས་པ་དང༌། འགྲུབ་པ་ལ་མཁས་པ་སྟེ། གང་གི་ཕྱིར་དེས་མི་མཐུན་པའི་ཕྱོགས་དང༌། གཉེན་པོ་ལ་མཁས་པ་སའི་འཇིགས་པ་དང༌།


DTG113_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པ་ལ་མཁས་པ་ཞེས་གསུངས་པའོ། །དེ་ལ་སའི་མི་མཐུན་པའི་ཕྱོགས་རྣམ་པ་བཅུའི་གཉེན་པོར་ས་བཅུ་ནི་སྔར་བསྟན་པ་ཡིན་ཏེ། དེ་དག་དང་འབྲལ་བ་དང༌། ཡང་དག་པར་འགྲུབ་པ་ནི་འཇིགས་པ་དང་འགྲུབ་པ་སྟེ། གོ་རིམས་བཞིན་དུ་རིག་པར་བྱའོ། །གཉིས་པ་ནི་འཇུག་པའི་ཐབས་དང༌། ཞུགས་པ་དང༌། དེའི་ཁྱད་པར་ལ་མཁས་པ་སྟེ། གང་གི་ཕྱིར་སའི་རྣམ་པ་དང༌། རྒྱུ་མཐུན་པ་ལ་མཁས་པ་དང༌། ས་ཐོབ་པ་རྣམ་པར་སྤྱོད་པ་ལ་མཁས་པ་དང༌། སའི་ཡན་ལག་ཡོངས་སུ་སྦྱངས་པ་ལ་མཁས་པར་བྱ་ཞེས་གསུངས་པའོ། །གསུམ་པ་ནི་ས་། གཞན་དུ་འཕོ་བ་དང༌། གནས་པ་དང༌། འཕེལ་བ་ལ་མཁས་པ་སྟེ། གང་གི་ཕྱིར་ས་ནས་སར་འཕར་བ་ལ་མཁས་པ་དང༌། ས་དང་ས་ལ་གནས་པ་ལ་མཁས་པ་དང༌། ས་དང་སའི་ཁྱད་པར་ཤེས་པ་ལ་མཁས་པར་བྱ་ཞེས་གསུངས་པའོ། །བཞི་པ་ནི་ཕྱིར་མི་ལྡོག་པ་ལ་མཁས་པ་སྟེ། གང་གི་ཕྱིར་ས་ཐོབ་ནས་ཕྱིར་མི་ལྡོག་པ་ལ་མཁས་པར་བྱ་ཞེས་གསུངས་པའོ། །ལྔ་པ་ནི་བྱང་ཆུབ་སེམས་དཔའི་སའི་མཐར་ཕྱིན་ནས། དེ་བཞིན་གཤེགས་པའི་ས་ལ་འཇུག་པ་ལ་མཁས་པ་སྟེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ཡོངས་སུ་སྦྱངས་པས། དེ་བཞིན་གཤེགས་པའི་ས་ལ་ཡེ་ཤེས་ཀྱིས་ས་གནོན་པ་ལ་མཁས་པར་བྱའོ་ཞེས་གསུངས་པའོ། །དེ་ལ་འཇུག་པའི་འབྲས་བུའི་ཕན་ཡོན་ནི་དེད་དཔོན་ཆེན་པོར་གྱུར་པས་སེམས་ཅན་གྱི་འདྲོན་པ་ཕལ་པོ་ཆེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་ཆེན་པོར་ཕྱིན་པར་བྱ་བའི་ཕྱིར་ཡང་དག་པར་སྦྱོར་བའོ། །དེ་ལ་དེད་དཔོན་མཁས་པ་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། མི་ནོར་བར་མཁས་པ་དང༌། ལམ་དང་དེའི་གོལ་བ་དང༌། ལམ་གྱི་བར་གནས་དང༌། དེའི་གོལ་བ་ལ་མཁས་པ་སྟེ། གང་གི་ཕྱིར་ལམ་གྱི་ཡོན་ཏན་དང༌། ལམ་གོལ་བའི་ཉེས་པ་དང༌། ལམ་གྱི་བར་གནས་ཀྱི་ཁྱད་པར་དང༌། ལམ་གྱི་བར་གནས་ཀྱི་གོལ་བའི་ཉེས་པ་ཞེས་གསུངས་པའོ། །རྟོན་པ་ལ་མཁས་པ་ནི་གང་གི་ཕྱིར། ལམ་རྒྱགས་དང༌། བྱ་བ་དང༌། བྱ་བ་མ་ཡིན་པ་རྣམས་ཞེས་གསུངས་པའོ། །དེ་ལ་རྣམ་པར་སྨིན་པ་ཡོངས་སུ་འཛིན་པ་དང་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་ནི་རྣམ་པ་གཉིས་ཏེ། ལུས་རྒྱ་ཆེ་བ་ནི་འཛམ་བུའི་གླིང་གི་དབང་ཕྱུག་ཉིད་དུ་འགྱུར་བ་ལ་


DTG113_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་སྟེ་གང་གི་ཕྱིར། དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཕལ་ཆེར་འཛམ་བུའི་གླིང་གི་དབང་པོར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །རྒྱུ་མཐུན་པ་རྒྱ་ཆེ་བ་ནི་སེར་སྣ་འདུལ་བ་ལ་མཁས་པ་ལ་སོགས་པ་སྟེ། གང་གི་ཕྱིར་སེམས་ཅན་རྣམས་ཀྱི་སེར་སྣའི་དྲི་མ་བཟློག་པ་ལ་མཁས་པ་ཡིན་ཞེས་བྱ་བ་ལ་སོགས་པ་ནས། ཏིང་ངེ་འཛིན་བརྒྱ་རབ་ཏུ་ཐོབ་ཅེས་བྱ་བའི་བར་དུ་གསུངས་པའོ། །དེ་ལ་གཏོང་བ་ཆེན་པོས་སེམས་ཅན་རྣམས་སྡུད་པའི་གཙོ་བོར་གྱུར་ཞེས་བྱ་བ་ནི་ཡང་དག་པར་འགེད་པ་དང༌། བྱེད་དུ་འཇུག་པས་བདག་གིས་སྦྱིན་པ་དང༌། སྦྱིན་དུ་གཞུག་པའོ། །སེམས་ཅན་རྣམས་ཀྱི་སེར་སྣའི་དྲི་མ་བཟློག་པ་ལ་མཁས་པ་ཞེས་བྱ་བ་ནི་ཐབས་མཁས་པས་བསྡུ་བའི་དངོས་པོ་རྣམས་ཀྱིས་སེམས་ཅན་གྱི་དོན་བྱེད་པའོ། །སངས་རྒྱས་ལ་སོགས་པ་ཡིད་ལ་བྱ་བ་དག་གིས་ནི་རང་གི་དོན་དང་མི་འབྲལ་ཏེ། དེའི་ཡིད་ལ་བྱེད་པ་དེ་དག་ནི་ལས་དེ་ལ་འཇུག་པ་ལ་དང། རྒྱ་ཆེན་པོ་བྱེད་པ་དང༌། ཀུན་ནས་ཉོན་མོངས་པ་ཡོངས་སུ་སྤོང་བ་བྱེད་པར་འགྱུར་རོ། །དེ་ནི་མདོར་བསྡུ་ན་ཡིད་ལ་བྱ་བ་རྣམ་པ་བཞིར་རིག་པར་བྱ་སྟེ། མཆོག་ཡིད་ལ་བྱ་བ་ནི་དཀོན་མཆོག་གསུམ་ཡིད་ལ་བྱ་བ་གང་ཡིན་པའོ། །ཆོས་མཐུན་པ་ཡིད་ལ་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཡིད་ལ་བྱ་བ་གང་ཡིན་པའོ། །ཡོན་ཏན་ཡིད་ལ་བྱ་བ་ནི་བདག་དང་གཞན་གྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་རང་བཞིན་དང་བཅས་པའི་རིམ་པ་ཡིད་ལ་བྱེད་པ་གང་ཡིན་པའོ། །འདོད་པའི་དོན་ཡིད་ལ་བྱ་བ་ནི་སྟོབས་ལ་སོགས་པ་ཡིད་ལ་བྱ་བ་གང་ཡིན་པའོ། །སངས་རྒྱས་ལ་སོགས་པའི་ཆོས་ཉིད་ཡིད་ལ་བྱ་བ་གང་ཡིན་པ་དེ་ནི་སངས་རྒྱས་ལ་སོགས་པ་ཡིད་ལ་བྱ་བ་དོན་དམ་པ་སྟེ། གང་གི་བདག་གིས་སྦྱིན་ནོ། །དེ་ལ་སྦྱིན་ནོ། །འདི་ལ་སྦྱིན་ནོ། །དེའི་ཕྱིར་སྦྱིན་ནོ་སྙམ་པའི་རློམ་སེམས་མེད་པའོ། །དེ་བཞིན་དུ་ལས་ཐམས་ཅད་ལ་བྱེད་པ་པོ་དང༌། གནས་དང་བྱ་བ་དང༌། བྱ་བའི་འབྲས་བུ་ལ་རློམ་སེམས་མེད་པའོ། །དེ་ཐམས་ཅད་ཀྱང་བྱང་ཆུབ་ཏུ་སྔོ་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་ཞེས་རྒྱ་ཆེར་འབྱུང་བའོ། །དེ་ལ་མཆོག་ནི་རྣམ་པ་གཉིས་ཏེ། ཡོན་ཏན་སྦྱངས་པས་གཙོ་བོར་འགྱུར་བ་མཆོག་དང༌། ཟླ་མེད་པས་ཕུལ་དུ་འགྱུར་བ་མཆོག་གོ །དེ་ལ་རྣམ་པ་གཉིས་


DTG113_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གཙོ་བོར་འགྱུར་བར་རིག་པར་བྱ་སྟེ། ཡེ་ཤེས་ཕུན་སུམ་ཚོགས་པས་དམ་པར་འགྱུར་བ་དང༌། སྤོབས་པ་ཕུན་སུམ་ཚོགས་པས་རབ་མཆོག་ཏུ་འགྱུར་བའོ། །རྣམ་པ་གཉིས་ཀྱིས་ཕུལ་དུ་འགྱུར་བར་རིག་པར་བྱ་སྟེ། མཚུངས་པ་མེད་པས་གོང་མར་འགྱུར་བ་དང༌། ལྷག་མ་མེད་པས་བླ་ན་མེད་པར་འགྱུར་བའོ། །དེ་ལྟར་རང་བཞིན་གྱི་ཡོན་ཏན་གྱིས་སངས་རྒྱས་བརྗོད་ནས་ལས་ཀྱི་ཡོན་ཏན་གྱིས་བརྗོད་དེ། འདྲེན་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ལུང་གི་དོན་དུ་ཆོས་གཞག་པའི་ཚུལ་སྟོན་པས་འདྲེན་པའོ། །ཐོབ་པའི་དོན་དུ་ཉོན་མོངས་པ་འདུལ་བ་དང༌། ལམ་བཟང་པོ་ལ་འཇུག་པའི་གདམས་ངག་སྦྱིན་པས་རྣམ་པར་འདྲེན་པ་དང༌། ཡོངས་སུ་འདྲེན་པ་སྟེ་གོ་རིམས་བཞིན་ནོ། །གང་དག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རྟོན་པའི་བར་དུ་འགྱུར་སྙམ་དུ་སེམས་སོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་ལམ་སྟོན་པའི་ཕྱིར་རོ། །འདི་ནི་རེ་ཞིག་བྱང་ཆུབ་སེམས་དཔའ་ཁྱིམ་པའི་རྣམ་པར་སྨིན་པ་ཡོངས་སུ་འཛིན་པ་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་རོ། །བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་བསམ་གཏན་གྱི་ལས་གཙོ་བོ་སྟེ། རྣམ་པར་སྨིན་པ་ཡོངས་སུ་འཛིན་པ་དང༌། འབྲས་བུའི་ཕན་ཡོན་གྱི་ཁྱད་པར་རྣམ་པ་གཉིས་སུ་རིག་པར་བྱའོ། །འདི་ལྟ་སྟེ། ཏིང་ངེ་འཛིན་ནི་སྐད་ཅིག་གཅིག་ལ་ཏིང་ངེ་འཛིན་བརྒྱ་ལ་དབང་ཐོབ་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་ལས་ནི་སངས་རྒྱས་བརྒྱ་མཐོང་བ་ལ་སོགས་པ་སྟེ། དེ་སངས་རྒྱས་རྣམས་དང༌། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་བྱང་ཆུབ་སེམས་དཔའ་རྣམས་ལས་ཡེ་ཤེས་ཚོལ་བར་བྱེད་དོ། །གཡོ་བར་བྱེད་པ་ཉིད་ཀྱིས་ནི་གདུལ་བྱ་རྣམས་འདུན་པར་བྱེད་དོ། །འགྲོ་བ་དང་སྣང་བར་བྱེད་པ་གཉིས་ཀྱིས་སོང་སྟེ་མཐོང་ནས་ཡོངས་སུ་སྨིན་པར་བྱེད་དོ། །སྐྱེ་བའི་ཁྱད་པར་ཡོངས་སུ་འཛིན་པས་ནི་བསྐལ་པ་བརྒྱར་གནས་པར་བྱེད་དོ། །སེམས་ཅན་རྣམས་ཀྱི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ལ་སྡིག་པ་དང་བྲལ་བའི་དབང་དུ་བྱས་ཏེ། ལས་ཀྱི་རྒྱུད་སྟོན་ཏོ། །རང་གི་བློ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཆོས་ཀྱི་རྣམ་གྲངས་དག་གི་དོན་སེམས་སོ། །ལུས་བརྒྱ་ཀུན་དུ་སྟོན་པ་དང༌། །ལུས་རེ་རེ་ཡང་འཁོར་བྱང་ཆུབ་སེམས་དཔའ་བརྒྱ་བརྒྱ་དང་ལྡན་པར་སྟོན་པས་ནི་དེའི་དོན་མང་དུ་བྱེད་པར་སྦྱོར་བ་དང༌། དོན་མྱུར་བར་བྱེད་པར་སྦྱོར་བར་རིག་པར་བྱའོ། །


DTG113_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡན་ཆད་ནི་སྨོན་ལམ་ཤེས་པའི་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་དུ་རིག་པར་བྱའོ། །དེ་ལ་ལུས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་གནས་ཏེ། དེ་ལས་འོད་དང་རྫུ་འཕྲུལ་ལོ། །འདི་ལ་བརྟེན་ནས་ལྷའི་མིག་དང་དེའི་ཡུལ་ཏེ། སྤྱན་ལྔ་པོ་ཐམས་ཅད་ཡིན་པར་རིག་པར་བྱའོ། །རྫུ་འཕྲུལ་ལ་བརྟེན་ནས་དབྱངས་དང༌། སྤྱོད་པ་དང༌། བཀོད་པ་དང༌། བྱིན་གྱི་རླབས་སོ། །དེ་ལ་དབྱངས་ནི་སྤྲུལ་པའི་ངག་གོ །སྤྱོད་པ་ནི་འགྲོ་བའོ། །བཀོད་པ་ནི་སྤྲུལ་པའོ། །བྱིན་གྱི་རླབས་ནི་གང་གིས་གཞན་བྱིན་གྱིས་རློབ་པའོ། །དེའི་འོག་ཏུ་ཏིང་ངེ་འཛིན་གྱི་སྒོ་ལ་བརྟེན་ནས་མོས་པ་ཇི་ལྟ་བ་བཞིན་དུ་མཐུའི་བྱ་བའི་དོན་སྒྲུབ་བོ། །ཤེས་རབ་ཀྱི་སྤྱན་གྱིས་བསྡུས་པའི་གཟུངས་ཀྱི་སྒོ་ལ་བརྟེན་ནས་ཆོས་སྟོན་པར་འདུ་བྱེད་དོ། །མདོར་བསྡུ་ནས་ཐམས་ཅད་ནི་རྒྱུའི་ལུས་དང་འབྲས་བུའི་མཚན་ཉིད་དུ་རིག་པར་བྱའོ། །འཕགས་པ་ས་བཅུ་པ་ལས། ས་དང་པོའི་རྣམ་པར་བཤད་པ་རྫོགས་སོ།། །། བམ་པོ་ལྔ་པ། མངོན་པར་རྟོགས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་འཇིག་རྟེན་ལས་འདས་པའི་ལམ་ལ་གནས་ཏེ་ཚུལ་ཁྲིམས་རྣམ་པར་དག་པའི་དབང་དུ་བྱས་ནས་ས་གཉིས་པ་རྣམ་པར་གཞག་པར་རིག་པར་བྱའོ། །ཚུལ་ཁྲིམས་རྣམ་པར་དག་པ་དེ་ཡང་རྣམ་པ་གཉིས་སུ་རིག་པར་བྱ་བ་སྟེ། འབྱུང་བར་བྱེད་པ་རྣམ་པར་དག་པ་དང༌། རང་བཞིན་རྣམ་པར་དག་པའོ། །དེ་ལ་འབྱུང་བར་བྱེད་པ་རྣམ་པར་དག་པ་ནི་སེམས་ཀྱི་བསམ་པ་བཅུས་ཡོངས་སུ་བསྟན་ཏེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་དང་པོ་ལེགས་པར་ཡོངས་སུ་སྦྱང་བ་བྱས་པའི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་ས་གཉིས་པ་ལ་མངོན་པར་འདོད་པ་ཡིན་ཏེ། དེའི་སེམས་ཀྱི་བསམ་པ་བཅུ་འབྱུང་ངོ༌། །བཅུ་གང་ཞེ་ན། འདི་ལྟ་སྟེ། དྲང་པོའི་བསམ་པ་དང༌། འཇམ་པའི་བསམ་པ་དང༌། ལས་སུ་རུང་བའི་བསམ་པ་དང༌། དུལ་བའི་བསམ་པ་དང༌། ཞི་བའི་བསམ་པ་དང༌། དགེ་བའི་བསམ་པ་དང༌། མ་འདྲེས་པའི་བསམ་པ་དང༌། མི་ལྟ་བའི་བསམ་པ་དང༌། རླབས་པོ་ཆེའི་བསམ་པ་དང༌། ཆེ་བ་ཉིད་ཀྱི་བསམ་པ་ཞེས་གསུངས་པའོ། །རང་བཞིན་རྣམ་པར་དག་པ་ནི་ཚུལ་ཁྲིམས་རྣམ་པར་དག་པ་གསུམ་སྟེ། ལྡོག་པའི་ཚུལ་ཁྲིམས་དང༌། དགེ་བའི་ཆོས་སྡུད་པའི་ཚུལ་


DTG113_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་དང༌། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་སོ། །དེ་ལ་ལྡོག་པའི་ཚུལ་ཁྲིམས་རྣམ་པར་དག་པ་ནི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་ལྟ་བའི་མཐར་ཐུག་པ་རྣམས་ཀྱིས་ཡོངས་སུ་བསྟན་ཏེ། གང་གི་ཕྱིར་སྲོག་གཅོད་པ་སྤངས་པ་ཡང་ཡིན་ཏེ་ཞེས་བྱ་བ་ནས། གང་གི་ཕྱིར་ལོག་པར་ལྟ་བ་སྤངས་པ་ཡང་ཡིན་ཏེ་ཞེས་བྱ་བའི་བར་དུ་གསུངས་པའོ། །ལྡོག་པའི་ཚུལ་ཁྲིམས་རྣམ་པར་དག་པ་དེ་ནི་སྡོམ་པའི་ཚུལ་ཁྲིམས་རྣམ་པར་དག་པར་ཡང་རིག་པར་བྱའོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་རྣམ་པར་དག་པ་ནི་དེའི་འོག་ནས། དེ་ལྟ་བས་ན་བདག་གིས་མངོན་པར་སྒྲུབ་ཏུ་འདྲ་བ་ལ་རྣམ་པ་ཐམས་ཅད་ཡོངས་སུ་སྦྱང་ཞིང་མངོན་པར་བསྒྲུབ་པ་ཉིད་ལ་བརྩོན་པར་བྱའོ་སྙམ་ནས་ཞེས་བྱ་བའི་བར་འདིས་ཡོངས་སུ་བསྟན་ཏོ། །སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་རྣམ་པར་དག་པ་ནི་དེའི་འོག་ནས། དེ་སེམས་ཅན་རྣམས་ལ་དེ་བས་ཤས་ཆེར་ཕན་པའི་སེམས་བསྐྱེད་ཅེས་བྱ་བའི་བཅུ་པའི་བར་གྱིས་ཡོངས་སུ་བསྟན་ཏོ། །དེ་ལ་བསམ་པ་བཅུ་པོ་དག་ལས་དྲང་བའི་བསམ་པ་ནི་སོ་སོར་བརྟགས་པའི་བྱ་བ་མེད་པས་ཚུལ་ཁྲིམས་རྣམ་པར་དག་པའི་དབང་དུ་བྱས་པར་རིག་པར་བྱ་སྟེ། ཇི་ལྟར་འགྲོ་བར་བྱ་བ་དེ་བཞིན་དུ་འགྲོ་བའི་ཕྱིར་རོ། །དེ་ཡང་རྣམ་པ་དགུར་རིག་པར་བྱ་སྟེ། འཇམ་པ་དྲང་བའི་བསམ་པ་ནི་བདེ་བ་དང༌། ཡིད་བདེ་བ་དང་ལྡན་པས་ཚུལ་ཁྲིམས་ལ་འཇུག་པའི་ཕྱིར་རོ། །ལས་སུ་རུང་བ་དྲང་བའི་བསམ་པ་ནི་རང་དབང་དུ་རང་གི་ངང་གིས་འཇུག་པས་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་ཉོན་མོངས་པ་དང་མ་འདྲེས་པའི་ཕྱིར་རོ། །དུལ་བ་དྲང་བའི་བསམ་པ་ནི་བརྗེད་ཀྱང་ཉེས་པར་འཁྲུལ་པ་མེད་པ་སྟེ། རྟ་ཤིན་ཏུ་དུལ་བ་མི་འགྱུར་བ་བཞིན་ནོ། །ཞི་བ་དྲང་བའི་བསམ་པ་ནི་ང་རྒྱལ་མེད་པས་དེས་ཁེངས་པར་མི་འགྱུར་བའི་ཕྱིར་རོ། །དགེ་བ་དྲང་བའི་བསམ་པ་ནི་འཁྲུག་པ་ལ་ཇི་མི་སྙམ་པས་གསེར་བཟང་པོ་བཞིན་ནོ། །མ་འདྲེས་པ་ལས་དྲང་བའི་བསམ་པ་ནི་དེ་ཙམ་གྱིས་ཆོག་པར་མི་འཛིན་པ་སྟེ། ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་ནས་སེམས་རྣམ་པར་དག་པར་བྱ་བའི་ཕྱིར་རབ་ཏུ་དབེན་པ་འདོད་པའི་ཕྱིར་རོ། །མི་ལྟ་བ་དྲང་བའི་བསམ་པ་ནི་སྲིད་པ་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་མི་སྨོན་པའི་ཕྱིར་རོ། །རླབས་པོ་ཆེའི་དྲང་བའི་བསམ་པ་ནི་སེམས་


DTG113_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་དོན་དུ་སྲིད་པ་རྒྱུན་མི་འཆད་པར་སྨོན་པའི་ཕྱིར་རོ། །ཆེ་བ་ཉིད་དྲང་བའི་བསམ་པ་ནི་དེའི་འབྲས་བུ་འབྱུང་བ་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །དེ་ལ་ལས་ཀྱི་ལམ་བཤད་པ་ནི་སྲོག་གཅོད་པ་སྤངས་པ་ཡང་ཡིན་ཏེ་ཞེས་བྱ་བའོ། །ཡང་སྨོས་པ་ནི་སྤོང་བ་ཁྱད་པར་ཅན་ཡང་འཐོབ་པར་བསྟན་པའི་ཕྱིར་རོ། །དེ་ལ་སྲོག་གཅོད་པ་སྤོང་བའི་དབང་དུ་བྱས་ནས་སྤོང་བ་རྣམ་པ་གསུམ་ཡོངས་སུ་བསྟན་ཏེ། རྒྱུ་སྤོང་བ་ནི་གང་གི་ཕྱིར། དབྱིག་པ་སྤང༌། མཚོན་ཆ་སྤང༌། ཁོན་དུ་འཛིན་པ་སྤངས་ནས་འཛེམ་པ་དང་ལྡན་ཞིང་སྙིང་རྗེ་ལ་ཞུགས་པ་ཞེས་གསུངས་པའོ། །གཉེན་པོས་སྤོང་བ་ནི་གང་གི་ཕྱིར། སྲོག་ཆགས་འབྱུང་པོ་ཐམས་ཅད་ལ་ཕན་པ་དང༌། བདེ་བ་དང༌། སྙིང་བརྩེ་བ་དང༌། བྱམས་པའི་སེམས་དང་ལྡན་ཏེ་ཞེས་གསུངས་པའོ། །འབྲས་བུ་སྤོང་བ་ནི་གང་གི་ཕྱིར་དང༌། དེ་ཀུན་དུ་རྟོག་པ་ཙམ་གྱིས་ཀྱང་སྲོག་ཆགས་རྣམས་ལ་རྣམ་པར་འཚེ་བར་མི་བྱེད་ན། སེམས་ཅན་གཞན་ལ་སེམས་ཅན་དུ་འདུ་ཤེས་ཤིང་ཆེད་དུ་བསམས་ཏེ། ལུས་ཀྱིས་རྣམ་པར་ཐོ་འཚམས་པ་ཆེན་པོ་བྱ་བ་ལྟ་ཅི་སྨོས་ཞེས་གསུངས་པའོ། །དེ་ལ་སྲོག་གཅོད་པའི་རྒྱུ་ནི་རྣམ་པ་གཉིས་ཏེ། ཉེ་བར་ལེན་པའི་རྒྱུ་དང༌། འབྱུང་བར་བྱེད་པའི་རྒྱུའོ། །དེ་ལ་ཉེ་བར་ལེན་པའི་རྒྱུ་ནི་རྣམ་པ་གཉིས་ཏེ། གནོད་པར་བྱེད་པའི་དངོས་པོ་དབྱིག་པ་དང༌། གཅོད་པའི་དངོས་པོ་མཚོན་ཆའོ། །དེ་གཉིས་སྤོང་བ་ནི་དབྱིག་པ་སྤངས། མཚོན་ཆ་སྤངས་ཞེས་བྱའོ། །སྔགས་དང༌། སྨན་དང༌། ཁམས་མི་མཉམ་པར་བྱེད་པའི་གནོད་པའི་བར་དག་ཀྱང་གནོད་པར་བྱེད་པ་ཉིད་དུ་ཤེས་པར་བྱའོ། །འབྱུང་བར་བྱེད་པའི་རྒྱུ་ཡང་རྣམ་པ་གཉིས་ཏེ། ཞེ་སྡང་དང་འདོད་པའོ། །འདོད་པ་ཡང་རྣམ་པ་གཉིས་ཏེ། ལོངས་སྤྱོད་འདོད་པ་ནི་དེས་ན་ལོངས་སྤྱོད་ཀྱི་ཕྱིར་ཕྱི་མ་ལ་བདག་ཡོངས་སུ་འདོར་བས་མི་འཛེམ་པ་སྟེ། དེའི་གཉེན་པོར་གང་གི་ཕྱིར་འཛེམ་པ་དང་ལྡན་ཞེས་གསུངས་པའོ། །སྲོག་ཆགས་ཀྱི་ཡན་ལག་དང་དེ་གསད་པར་མངོན་པར་དགའ་བའི་འདོད་པ་དེའི་གཉེན་པོར་གང་གི་ཕྱིར། སྙིང་རྗེ་ལ་ཞུགས་པས་ཞེས་གསུངས་པ་སྟེ། དེ་ལས་ལྡོག་པ་ནི་རྒྱུ་སྤོང་བའོ། །དེ་ལ་གཉེན་པོ་ནི་རྣམ་པ་གཉིས་ཏེ། བདེ་འགྲོ་དང་མྱ་ངན་ལས་འདས་པའི་རྒྱུ་དགེ་བ་ཡང་དག་པར་འཛིན་དུ་འཇུག་པས་སེམས་ཅན་ཐམས་ཅད་ལ་ཕན་


DTG113_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། སྙིང་བརྩེ་བ་དང༌། དེ་དག་འབྲས་བུ་དེ་ཐོབ་པར་སྨོན་པས་བྱམས་པའི་སེམས་ཏེ། གང་གི་ཕྱིར་སྲོག་ཆགས་འབྱུང་པོ་ཐམས་ཅད་ལ་ཕན་པ་དང༌། བདེ་བ་དང༌། སྙིང་བརྩེ་བ་དང༌། བྱམས་པའི་སེམས་དང་ལྡན་ཏེ་ཞེས་གསུངས་པའོ། །དེ་ལྟར་ཕྱིན་ཅི་མ་ལོག་པར་རྒྱུ་དང་འབྲས་བུ་འདོད་པས། གཏི་མུག་ལས་བྱུང་བ་མཆོད་སྦྱིན་བྱེད་པ་ལ་སོགས་པས་བྱས་པའི་ཆོ་གའི་སྲོག་གཅོད་པ་སྤོང་བར་བསྟན་པ་ཡིན་ཏེ། འདིས་སྤོང་བར་བྱེད་པས་སྤོང་བ་ཉིད་གཉེན་པོ་སྟེ། གཉེན་པོས་སྤོང་བའོ། །སྲོག་ཆགས་དང་འབྱུང་པོ་སྨོས་པས་ནི་སེམས་ཅན་རྣམས་རྟག་པ་མ་ཡིན་པ་ཆད་པ་མ་ཡིན་པ་ཡོངས་སུ་སྟོན་ཏེ། སྲོག་གི་དབང་པོ་དང་ལྡན་པས་ཚེ་ཇི་སྲིད་པར་གནས་པའི་ཕྱིར་དང༌། ཤི་བ་རྣམས་ཀྱང་ལས་དང་ཉོན་མོངས་པའི་དབང་གིས་ཡང་འབྱུང་བའི་ཕྱིར་རོ། །དེ་ལ་སྲོག་གཅོད་པའི་རྒྱུའི་འབྲས་བུ་ནི་ཀུན་དུ་སྤྱོད་པའོ། །དེ་ཡང་རྣམ་པ་གཉིས་ཏེ་ཆུང་བ་ནི། སེམས་ཀྱིས་རྣམ་པར་འཚེ་བའོ། །ཆེ་བ་ནི་ལུས་ཀྱིས་རྣམ་པར་འཚེ་བ་སྟེ། གང་གི་ཕྱིར་ཀུན་དུ་རྟོག་པ་ཙམ་གྱིས་ཀྱང་སྲོག་ཆགས་ལ་རྣམ་པར་འཚེ་བར་མི་བྱེད་ན་སེམས་ཅན་གཞན་ལ་སེམས་ཅན་དུ་འདུ་ཤེས་ཤིང་ཆེད་དུ་བསམས་ཏེ། ལུས་ཀྱིས་རྣམ་པར་ཐོ་འཚམས་པ་ཆེན་པོ་བྱ་བ་ལྟ་ཅི་སྨོས་ཞེས་གསུངས་པའོ། །ཀུན་དུ་སྤྱོད་པ་ཆེན་པོ་ནི་རྣམ་པ་ལྔས་ཡོངས་སུ་བསྟན་ཏེ་གཞན་སྨོས་པས་བརྒྱུད་པ་དང༌། སེམས་ཅན་སྨོས་པས་དངོས་པོ་དང༌། སེམས་ཅན་དུ་འདུ་ཤེས་པ་སྨོས་པས་འདུ་ཤེས་དང༌། ཆེད་དུ་བསམས་པ་སྨོས་པས་མངོན་པར་འདུ་བྱེད་པ་དང༌། ལུས་ཀྱི་རྣམ་པར་ཐོ་འཚམས་པ་ཆེན་པོ་ཞེས་བྱ་བ་སྨོས་པས་རང་བཞིན་གྱིས་སྟོན་ཏོ། །མ་བྱིན་པར་ལེན་པ་སྤང་བའི་དབང་དུ་བྱས་ནས་སྤོང་བ་རྣམ་པ་གསུམ་ཡོངས་སུ་བསྟན་ཏེ། རྒྱུ་སྤོང་བ་དང༌། གཉེན་པོ་སྤོང་བ་དང༌། འབྲས་བུ་སྤོང་བའོ། །དེ་ལ་རྒྱུ་ནི་བདག་གི་ལོངས་སྤྱོད་ཀྱིས་ཆོག་མི་ཤེས་པ་སྟེ། དེའི་གཉེན་པོར་བདག་གི་ལོངས་སྤྱོད་ཀྱིས་ཆོག་ཤེས་ཞེས་བྱ་བ་གསུངས་སོ། །གཉེན་པོ་ནི་བདག་གི་ལོངས་སྤྱོད་ལ་ཆགས་པ་ཡང་གཏོང་བས་སྦྱིན་པ་སྟེ། དེས་ཕྱི་མ་གཞན་ན་ལོངས་སྤྱོད་ལ་མི་སླུ་བ་ཡིན་ཏེ། གང་གི་ཕྱིར་གཞན་གྱི་ལོངས་སྤྱོད་ལ་བག་བྱེད་པ་ཞེས་གསུངས་པའོ། །འབྲས་བུ་ནི་ཀུན་དུ་སྤྱོད་པའོ། །དེ་ཡང་རྣམ་པ་གཉིས་ཏེ། ཆུང་བ་ནི་


DTG113_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ཆུང་དུ་ལེན་པའོ། །ཆེ་བ་ནི་དེ་ལས་གཞན་པའི་དངོས་པོ་ལེན་པའོ། །དེ་གཉིས་ནི་རྣམ་པ་ལྔས་ཡོངས་སུ་བསྟན་ཏེ། གཞན་སྨོས་པས་རྒྱུ་དང༌། ཡོངས་སུ་གཟུང་བའི་དངོས་པོ་སྨོས་པས་དངོས་པོ་དང༌། དེར་འདུ་ཤེས་པ་སྨོས་པས་འདུ་ཤེས་དང༌། རྐུ་སེམས་ཉེ་བར་གཞག་པ་སྨོས་པས་མངོན་པར་འདུ་བྱེད་པ་དང་རང་བཞིན་གྱིས་སྟོན་ཏོ། །ཐ་ན་རྩྭ་དང༌། ལོ་མ་ཡང་མ་བྱིན་པར་མི་ལེན་ན་འཚོ་བའི་ཡོ་བྱད་གཞན་དག་ལྟ་ཅི་སྨོས་ཞེས་བྱ་བ་ནི་ཆུང་བ་དང་ཆེ་བའོ། །འདོད་པ་ལ་ལོག་པར་གཡེམ་པ་སྤོང་བའི་དབང་དུ་བྱས་ནས་སྤོང་བ་རྣམ་པ་གསུམ་ཡོངས་སུ་བསྟན་ཏེ། དེ་ལ་རྒྱུ་ནི་བདག་གི་ཆུང་མས་ཆོག་མི་ཤེས་པ་སྟེ། དེའི་གཉེན་པོར་བདག་གི་ཆུང་མས་ཆོག་ཤེས་ཞེས་བྱ་བ་གསུངས་སོ། །གཉེན་པོ་ནི་ཕྱི་མ་གཞན་ན་ཚངས་པར་སྤྱོད་འདོད་པས་ཆུང་མ་འདོད་པ་མེད་པ་སྟེ། གང་གི་ཕྱིར་གཞན་གྱི་ཆུང་མ་ལ་འདོད་པ་མེད་པ་ཞེས་གསུངས་པའོ། །འབྲས་བུ་ནི་ཀུན་དུ་སྤྱོད་པའོ། །དེ་ཡང་རྣམ་པ་གཉིས་ཏེ། ཆུང་བ་ནི་སེམས་སོ། །ཆེ་བ་ནི་ལུས་ཀྱིས་ཏེ། རྣམ་པར་རིག་བྱེད་རྣམ་པ་གཉིས་སོ། །དེ་ནི་འཇུག་པར་བྱ་བ་མ་ཡིན་པ་དང༌། དུས་མ་ཡིན་པ་དང༌། གནས་མ་ཡིན་པར་འགྲོ་བས་ཡོངས་སུ་བསྟན་ཏེ། དེ་ལ་འཇུག་པ་མ་ཡིན་པར་འགྲོ་བ་ནི་གཞན་གྱིས་ཡོངས་སུ་བཟུང་བའི་བུད་མེད་ཐུན་མོང་བ་རྣམས་ལ་སྟེ། དེ་ལ་ཐུན་མོང་བ་ནི་གཞན་གྱིས་ཡོངས་སུ་བཟུང་བ་དག་གོ །ཐུན་མོང་མ་ཡིན་པ་དག་ནི་གཞན་གྱི་ཆུང་མ་རྣམས་ཏེ། གང་གི་ཕྱིར་གཞན་གྱིས་ཡོངས་སུ་བཟུང་བའི་བུད་མེད་དང་གཞན་གྱི་ཆུད་མ་ཞེས་གསུངས་པའོ། །ཕ་མ་དང་འབྲེལ་པ་དང༌། བུ་མོ་གཞན་སྦྱིན་པར་བྱས་པས་མཚན་མ་ལྟ་བུ་ཡང་དེ་བཞིན་ཏེ། གང་གི་ཕྱིར་རུས་དང་མཚན་མས་སྲུང་བ་ཞེས་གསུངས་པའོ། །བུད་མེད་སྨོས་པས་ནི་སེམས་ཅན་མ་ཡིན་པའི་གྲངས་སུ་འགྲོ་བའི་བུད་མེད་ཅེས་བྱ་བ་བསལ་བའི་ཕྱིར་རོ། །དུས་མ་ཡིན་པར་འགྲོ་བ་ནི་དུས་ངེས་པ་དག་གི་ཚེ་སྟེ། གང་གི་ཕྱིར་ཆོས་ཀྱིས་བསྲུངས་པ་རྣམས་ལ་ཞེས་གསུངས་པའོ། །གནས་མ་ཡིན་པར་འགྲོ་བ་ནི་ཡན་ལག་མ་ཡིན་པའི་རྣམ་པར་རིག་བྱེད་དེ། གང་གི་ཕྱིར་ཡན་ལག་མ་ཡིན་པའི་རྣམ་པར་རིག་བྱེད་ཅེས་གསུངས་པའོ། །ཆུང་བ་དང་ཆེ་བ་འདིར་ཡང་ཡིད་ཀྱི་ལས་དང༌། ལུས་ཀྱི་ལས་སྤང་བར་


DTG113_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པར་བྱ་སྟེ། གང་གི་ཕྱིར་ཆགས་སེམས་ཀྱང་མི་སྐྱེ་ན། གཉིས་ཀྱིས་དབང་པོ་གཉིས་སྤོད་པ་ལྟ་ཅི་སྨོས་ཞེས་གསུངས་པའོ། །བརྫུན་དུ་སྨྲས་པ་སྤོང་བའི་དབང་དུ་བྱས་ནས། གཉེན་པོ་སྤོང་བ་དང༌། འབྲས་བུ་སྤོང་བ་ཡོངས་སུ་བསྟན་ཏེ། གཉེན་པོས་སྤོང་བ་ཉིད་རྒྱུ་སྤོང་བའོ། །ཅིའི་ཕྱིར་ཞེ་ན། ལུས་ཀྱི་ལས་ལྟར་བརྫུན་དུ་སྨྲ་བ་འདི་ལ་ཕྱི་རོལ་གྱི་དངོས་པོ་མེད་པ་དང༌། གཞི་དང་ཁྱད་པར་མེད་པའི་ཕྱིར་རོ། །ཇི་ལྟར་སྲོག་གཅོད་པ་སྤོང་བ་ལ་ཉེ་བར་ལེན་པའི་རྒྱུ་རྣམ་པ་གཉིས་སུ་བཤད་དེ། ཕྱི་རོལ་གྱི་དངོས་པོ་གནོད་པ་བྱེད་པའི་དངོས་པོ་དབྱུག་པ་དང༌། གཅོད་པའི་དངོས་པོ་མཚོན་ཆ་དང་རྣམ་པ་གཉིས་སྤོང་བར་བཤད་དེ། དབྱུག་པ་སྤངས། མཚོན་ཆ་སྤངས་ཞེས་གསུངས་པ་དེ་ལྟར་བརྫུན་དུ་སྨྲ་བ་སྤོང་བ་ལ་ཕྱི་རོལ་གྱི་དངོས་པོ་མེད་དེ། དེ་བས་ན་ལུས་ཀྱི་ལས་ལྟར་འདི་ལ་ཕྱི་རོལ་གྱི་དངོས་པོ་མེད་ཅེས་བཤད་དོ། །གཞི་དང་ཁྱད་པར་མེད་པའི་ཕྱིར་ཞེས་བྱ་བ་ལ་གཞི་ནི་རྒྱུ་སྟེ་སྲོག་གཅོད་པའི་རྒྱུ་ནི་ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་རྣམས་སོ། །བརྫུན་དུ་སྨྲ་བའི་རྒྱུ་ནི་ཕ་རོལ་སླུ་བའི་བསམ་པ་སྟེ། དེ་ལས་ལྡོག་པའི་རྒྱུ་སྤོང་བའོ། །དེ་ནི་བདེན་པར་སྨྲ་བ་ཉིད་ཀྱིས་འགྱུར་ཏེ། བདེན་པར་སྨྲ་བ་དེ་ཉིད་ནི་ཕ་རོལ་སླུ་བའི་བསམ་པའི་གཉེན་པོ་ཡིན་ཏེ། དེ་ལ་བརྟེན་ནས་དེ་འབྱུང་བའི་ཕྱིར་དེ་ནི་དེའི་རྒྱུ་ཡིན་ནོ། །དེ་བས་ན་གཞི་དང་ཁྱད་པར་མེད་ཅེས་བཤད་དེ། དེ་ལྟར་ན་གཉེན་པོས་སྤོང་བ་ཉིད་རྒྱུ་སྤོང་བར་བཤད་པ་ཡིན་ནོ། །གཉེན་པོས་སྤོང་བ་ཡང་རྣམ་པ་གསུམ་གྱིས་ཡོངས་སུ་བསྟན་ཏེ། འདུ་ཤེས་ཇི་ལྟ་བ་བཞིན་དུ་སྨྲ་བ་ནི་གང་གི་ཕྱིར། བདེན་པར་སྨྲ་ཞེས་གསུངས་པའོ། །བརྟགས་ནས་དངོས་པོ་ཇི་ལྟ་བ་བཞིན་དུ་སྨྲ་བ་ནི་གང་གི་ཕྱིར། ཡང་དག་པར་སྨྲ་ཞེས་གསུངས་པའོ། །སྨྲ་བར་བྱ་བའི་དུས་སུ་སྨྲ་བ་ནི་གང་གི་ཚེ་བདག་དང་གཞན་ལ་མི་ཕན་པར་མི་འགྱུར་བ་ཡིན་ཏེ། གང་གི་ཕྱིར་དུས་སུ་སྨྲ་ཞེས་གསུངས་པའོ། །འབྲས་བུ་ནི་ཀུན་དུ་འབྱུང་བ་ཆུང་བ་དང་ཆེ་བ་སྟེ། གང་གི་ཕྱིར་དེའི་ཐ་ན་རྨི་ལམ་ན་ཡང་ལྟ་བ་དང༌། བཟོད་པ་དང༌། འདོད་པ་དང༌། རབ་ཏུ་རྟོག་པ་བསྒྱུར་ཏེ། སླུ་བའི་བསམ་པས་བརྫུན་གྱི་ཚིག་མི་སྨྲ་ན། ཆེད་དུ་བསམས་ཏེ་བརྗོད་པ་ལྟ་ཅི་སྨོས་ཞེས་གསུངས་པའོ། །དེ་ལ་རྨི་ལམ་ན་ཞེས་བྱ་བ་ནི་ཆུང་བའོ། །ཆེད་དུ་བསམས་ཏེ་ཞེས་བྱ་ནི་ཆེ་བའོ། །ལྟ་བ་


DTG113_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། བཟོད་པ་དང༌། འདོད་པ་དང༌། རབ་ཏུ་རྟོག་པ་རྣམས་ནི་བཤད་པའི་མཚམས་སྦྱར་བར་རིག་པར་བྱ་སྟེ། ཤེས་རབ་ཀྱིས་མཐོང་བ་ནི་རབ་ཏུ་རྟོག་པའོ། །ཕྲ་མ་སྤོང་བའི་དབང་དུ་བྱས་ནས་སྤོང་བ་རྣམ་པ་གཉིས་ཡོངས་སུ་བསྟན་ཏེ། གཉེན་པོས་སྤོང་བ་དང༌། འབྲས་བུས་སྤོང་བའོ། །དེ་ལ་གཉེན་པོས་སྤོང་བ་ན་དབྱེན་མི་བྱེད་ཅིང་རྣམ་པར་ཐོ་མི་འཚམས་བ་ལ་ཞུགས་པ་སྟེ། སྒྲུབ་པ་གང་གིས་གཞན་དག་ལ་ཕན་པ་མ་ཡིན་པའི་དབྱེན་མི་བྱེད་པ་སྟེ། གང་གི་ཕྱིར་སེམས་ཅན་རྣམས་ལ་དབྱེན་མི་བྱེད་ཅིང་རྣམ་པར་མི་འཚེ་བ་ལ་ཞུགས་པ་ཞེས་གསུངས་པའོ། །འབྲས་བུ་ནི་ཀུན་དུ་སྤྱོད་པ་སྟེ། དེ་ལས་ལྡོག་པ་ནི་འབྲས་བུ་སྤོང་བའོ། །འབྲས་བུ་ཀུན་དུ་སྤྱོད་པ་དེ་ཡང་ཕྱོགས་དང༌། ལས་དང༌། བསམ་པ་དང༌། རབ་ཏུ་དབྱེ་བས་ཡོངས་སུ་བསྟན་ཏེ། གང་ལས་ཐོས་ནས་གང་ལ་བརྗོད་པ་དེ་ནི་ཕྱོགས་རྣམ་པ་གཉིས་སོ། །ལེན་པ་དང༌། བརྗོད་པ་ནི་ལས་སོ། །དབྱེ་བའི་ཕྱིར་ཞེས་བྱ་བ་ནི་བསམ་པ་སྟེ་གང་གི་ཕྱིར་དེས་དེ་དག་དབྱེ་བའི་ཕྱིར་ཚུ་བི་ལས་ཐོས་ནས་ཕ་བིར་སྙོད་པ་མ་ཡིན། དེ་དག་དབྱེ་བའི་ཕྱིར་ཕ་བི་ལས་ཐོས་ནས་ཚུ་བི་ལ་སྙོད་པ་མ་ཡིན་ཏེ་ཞེས་གསུངས་པའོ། །རབ་ཏུ་དབྱེ་བ་ནི་འབྱེད་པ་དང༌། བསམ་པ་དང་ལས་སུ་རིག་པར་བྱའོ། །འབྱེད་པ་ནི་རྣམ་པ་གཉིས་ཏེ། སྔོན་མ་བྱེ་བ་དང༌། སྔོན་བྱེ་བ་ལའོ། །དེའི་གཉེན་པོར་འདུས་པ་རྣམས་མི་འབྱེད་ཅིང་བྱེ་བ་རྣམས་ལ་ཡང་མི་སྣོན་ཏེ་ཞེས་གསུངས་པའོ། །བསམ་པ་ཡང་རྣམ་པ་གཉིས་ཏེ། འདུམ་པ་ལ་མི་དགའ་བ་དང༌། མི་འདུམ་པ་ལ་མངོན་པར་དགའ་བ་སྟེ། དེའི་གཉེན་པོར་མི་འདུམ་པ་ལ་མི་དགའ་ཞིང་འདུམ་པ་ལ་མོས་པ་ཡིན་པས་ཞེས་གསུངས་སོ། །ལས་ཀྱང་བདེན་པ་དང༌། བརྫུན་པའི་དོན་ཐ་དད་པའི་ཚིག་གིས་རྣམ་པ་གཉིས་ཏེ། ཆུང་བ་དང་ཆེ་བའོ། །དེའི་གཉེན་པོར་བདེན་ནམ་བརྫུན་ཡང་རུང་མི་འདུམ་པར་བྱ་བའི་ཚིག་མི་སྨྲའོ་ཞེས་གསུངས་སོ། །ཚིག་རྩུབ་པོ་སྤང་བའི་དབང་དུ་བྱས་ནས། སྤོང་བ་རྣམ་པ་གཉིས་ཡོངས་སུ་བསྟན་ཏེ། འབྲས་བུ་སྤོང་བ་དང༌། གཉེན་པོ་སྤོང་བའོ། །དེ་ལ་འབྲས་བུ་ནི་ཀུན་དུ་སྤྱོད་པ་སྟེ། ཞེར་འདེབས་པ་དང༌། བརླང་བ་དང༌། གཞན་ལ་གནོད་པ་དང༌། གཞན་གྱི་མཚང་འདྲུ་བ་སྟེ། གཞན་གྱི་མཚང་འདྲུ་བ་ནི་གང་གིས་ཕ་རོལ་འཁྲུག་པར་


DTG113_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའོ། །འདི་དག་ནི་བརྗོད་པའི་མཚམས་སྦྱར་བ་ཡིན་པར་རིག་པ་སྟེ། སྔ་ཕྱི་རྣམ་གྲངས་སུ་གཏོགས་པའི་ཚིག་ཅེས་བྱ་བའི་ཐ་ཚིག་གོ །དེ་ཡང་ཚོགས་པར་མི་འབྱུང་བ་མངོན་སུམ་དང༌། ལྐོག་ན་རྒྱུན་དུ་སྦྱོར་བ་ནི་གང་གི་ཕྱིར། གྲོང་མིའི་ཚིག་དང༌། མ་རབས་ཀྱི་ཚིག་ངོར་བརྗོད་པ་དང༌། ཚིག་མི་བརྗོད་པ་ཞེས་གསུངས་པའོ། །དེ་ལ་མངོན་སུམ་དང༌། རྒྱུན་དུ་འབྱུང་བ་ནི་ཆེ་བའོ། །ལྐོག་ན་བརྗོད་པ་རྒྱུན་དུ་མི་འབྱུང་བ་ནི་ཆུང་བའོ། །དེ་བརྗོད་ན་ཚུལ་ཁྲིམས་དང་འགལ་བ་དང༌། གཞན་དག་ལ་སྡུག་བསྔལ་བསྐྱོད་པར་འགྱུར་ཞིང༌། དེས་གཞན་འཁྲུག་པར་འགྱུར་ཏེ། གང་གི་ཚེ་བརྫུན་དང་རྣར་མི་སྙན་པ་ཞེས་གསུངས་པའོ། །གནོད་པར་བྱེད་པའི་རྒྱུ་དང༌། ཕྲག་དོག་ལས་བྱུང་བའི་ཕྱིར་ཚུལ་ཁྲིམས་དང་འགལ་ཏེ། གང་གི་ཕྱིར་ཁྲོ་ཞིང་རྔམ་པ་ལས་བྱུང་བ་ཞེས་གསུངས་པའོ། །གཞན་གྱི་མཚང་འདྲུ་བར་བྱེད་པ་ན་གནོད་པ་རྣམ་པ་གཉིས་བྱེད་དེ། དེ་དག་དང་ཁོ་ན་མ་བྱུང་བ་འབྱིན་པས་ཐོས་པ་དང༌། དྲན་པའི་དུས་ན་མི་སྙན་པ་དང༌། ཡིད་ལ་མི་འཐད་པ་གཉིས་ཀྱི་སྙིང་དང༌། སེམས་མི་དགའ་བར་བྱེད་པའི་ཕྱིར་རོ། །དགའ་བ་བསྐྱེད་པ་མེད་པར་བྱེད་པ་ནི་བདག་མི་ཕྱོགས་པ་དང༌། གཞན་དག་ཀྱང་མི་ཕྱོགས་པར་བྱེད་པ་དེ། གང་གི་ཕྱིར་མི་སྙན་པ་དང༌། ཡིད་ལ་མི་འཐད་པས་སྙིང་ན་བར་བྱེད་པ་དང༌། ཡིད་གདུང་བར་བྱེད་པ་དང༌། རང་གི་སེམས་ཀྱི་རྒྱུད་དང༌། གཞན་གྱི་སེམས་ཀྱི་རྒྱུད་མ་རུང་བར་བྱེད་པའི་ཚིག་ཅེས་གསུངས་པའོ། །དེ་ལས་ལྡོག་པ་ནི་འབྲས་བུ་སྤོང་བའོ། །གཉེན་པོས་སྤོང་བ་ནི་འཇམ་པོར་སྨྲ་བ་ཉིད་དོ། །དེ་ཡང་རྣམ་པ་གཉིས་ཏེ། གྱ་ཚོམ་མ་ཡིན་པ་དང༌། མངོན་པར་འདོད་པར་བྱ་བ་སྟེ། གང་གི་ཕྱིར་མཉེན་པ་དང་ཡིད་ལ་འཐད་པ་དང་ཞེས་གསུངས་པའོ། །དེ་ལ་གྱ་ཚོམ་མ་ཡིན་པ་ནི་ཚུལ་ཁྲིམས་ཀྱི་ཡན་ལག་ཏུ་གཏོགས་པའི་ཕྱིར་ཏེ། བརྫུན་མ་ཡིན་པས་སྔོམ་པའི་རྒྱུན་མི་འཆད་པའི་ཕྱིར་རོ། །མངོན་པར་འདོད་པར་བྱ་བ་དེ་ནི་མངོན་པར་མཐོ་བ་དང༌། མྱ་ངན་ལས་འདས་པའི་གྲོང་ཁྱེར་དང་མཐུན་པས་བདེ་བ་ཡིད་དུ་འོང་བ་དང༌། ཕན་པ་ཡིད་དུ་འོང་བ་དང༌། ཡིད་དུ་འོང་བ་གཉིས་ཀྱི་ཕྱིར་ཏེ། གང་གི་ཕྱིར་བརྫུན་མ་ཡིན་པ་དང༌། རྣར་སྙན་པ་དང༌། སྙིང་ལ་འབབ་པ་དང༌། གྲོང་ཁྱེར་པ་ཞེས་གསུངས་པའོ། །དེ་ཡང་མཛའ་བ་


DTG113_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

དང། མི་མཛའ་བ་དང༌། སྐྱེ་བོ་ཐ་མལ་པས་ཐོས་པ་དང༌། དྲན་པའི་དུས་ན་འདོད་པ་སྟེ། གང་གི་ཕྱིར་སྐྱེ་བོ་མང་པོ་དགའ་བ་དང༌། སྐྱེ་བོ་མང་པོ་ཡིད་ལ་འབབ་པ་ཞེས་གསུངས་པའོ། །དེ་ལྟར་གྱུར་པ་དེ་དོན་རྣམ་པ་གཉིས་བྱེད་དེ། ཏིང་ངེ་འཛིན་འགྲུབ་པས་མཆོག་ཏུ་དགའ་བའི་བདེ་བ་སྐྱེད་པའི་ཕྱིར་གཞན་དག་ལ་ཁོ་ན་མ་བྱུང་བ་མི་འབྱིན་པ་དང༌། བདག་ཀྱང་མངོན་དུ་ཕྱོགས་ལ་གཞན་ཡང་མངོན་དུ་ཕྱོགས་པར་བྱེད་པའི་ཕྱིར། དགའ་བ་མ་སྐྱེས་པ་བསྐྱེད་པ་སྟེ། གང་གི་ཕྱིར་ཡིད་དགའ་བར་བྱེད་པ་དང༌། ཡིད་ཚིམ་པར་བྱེད་པས་རང་གི་སེམས་ཀྱི་རྒྱུད་དང༌། གཞན་གྱི་སེམས་ཀྱི་རྒྱུད་དང་བར་བྱེད་པ་ཞེས་གསུངས་པའོ། །ཚིག་འཁྱལ་པ་སྤོང་བའི་དབང་དུ་བྱས་ནས་གཉེན་པོས་སྤོང་བ་དང༌། འབྲས་བུ་སྤོང་བ་ཡོངས་སུ་བསྟན་ཏོ། །གཉེན་པོ་ནི་ཕན་ཚུན་སྨྲ་བར་བྱ་བའི་དབང་དུ་བྱས་ནས། གླེང་བར་སྦྱོར་བའི་ཚེ་ལན་འདེབས་པར་གློན་པའི་ཚིག་དང༌། གང་གི་ཚེ་མི་དགེ་བའི་གནས་ལས་བསླང་སྟེ། དགེ་བའི་གནས་ལ་འཇོག་ནུས་པར་མཐོང་བ་དེའི་ཚེ་སྨྲ་བ་སྟེ། གང་གི་ཕྱིར་ལན་ལེགས་པར་གློན་པའི་ཚིག་དང༌། དུས་སུ་སྨྲ་བ་ཞེས་གསུངས་པའོ། །ཕྱིན་ཅི་མ་ལོག་པའི་ཚིག་ནི་གང་གི་ཕྱིར་ཡང་དག་པར་སྨྲ་བ་ཞེས་གསུངས་པའོ། །ཕན་ཚུན་གདམས་ངག་རྗེས་སུ་བསྟན་པའི་དབང་དུ་བྱས་ནས་གདམས་ངག་ལ་སྦྱོར་བའི་ཚེ། དོན་གྱི་ཚིག་དང༌། ཆོས་ཀྱི་ཚིག་ནི་གང་གི་ཕྱིར་དོན་སྨྲ་བ་དང་ཆོས་སྨྲ་བ་ཞེས་གསུངས་པའོ། །ཕན་ཚུན་ལྟུང་བ་ལས་འབྱིན་པའི་དབང་དུ་བྱས་ནས། རྩོད་པ་ཞི་བར་བྱེད་པར་སྦྱོར་བའི་ཚེ་རིགས་པར་སྨྲ་བ་དང༌། ལུང་སྨྲ་བ་ནི་གང་གི་ཕྱིར་འདུལ་བར་སྨྲ་བ་ཞེས་གསུངས་པའོ། །སྡུད་པར་འགྱུར་བའི་ཚིག་གིས་ཆོས་སྟོན་པས་སྡུད་པར་སྦྱོར་བ་དང༌། མཉན་པར་འོས་པའི་སྤྱོད་ལམ་གྱིས་གནས་པ་རྣམས་ལ་སྨྲ་བ་དང༌། གླེང་བསླང་བ་དང་བཅས་པར་སྨྲ་བ་ནི་གང་གི་ཕྱིར་བཟོད་པ་དང་ལྡན་པ་དང༌། དུས་དང་རྨང་དང་བཅས་པའི་ཚིག་སྨྲ་བ་ཡིན་ཞེས་གསུངས་པའོ། །འབྲས་བུ་ནི་ཀུན་དུ་སྤྱོད་པ་སྟེ། ཆུང་བ་དང་ཆེ་བའོ། །དེ་ལས་ལྡོག་པ་ནི་འབྲས་བུ་སྤོང་བ་སྟེ། ཆུང་བ་དང་ཆེ་བ་ཉིད་ནི་གང་གི་ཕྱིར་དེ་ཐ་ན་བཞད་གང་དུ་བྱ་བའི་ཚིག་ཡོངས་སུ་སྤང་བར་བྱ་བ་ཡང་ཡོངས་སུ་སྤོང་ན་ཚིག་གིས་རྣམ་པར་གཡེངས་པ་ལྟ་ཅི་སྨོས་ཞེས་གསུངས་པའོ། །བརྣབ་སེམས་མེད་པ་ནི་དངོས་པོ་


DTG113_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དང། རང་བཞིན་དང༌། རབ་ཏུ་དབྱེ་བ་དང༌། རྣམ་པ་གསུམ་གྱིས་ཡོངས་སུ་བསྟན་ཏོ། །དངོས་པོ་ཡང་ཡོངས་སུ་གཟུང་བ་དང་རང་བཞིན་ནོ། །ཡོངས་སུ་གཟུང་བའང་རྣམ་པ་གཉིས་ཏེ། བདག་གིར་བྱས་པས་ཡོངས་སུ་བཟུང་བ་དང་སྤྱོད་པས་ཡོངས་སུ་བཟུང་བ་སྟེ་གང་གི་ཕྱིར་དེ་གཞན་གྱི་ནོར་དང་གཞན་གྱི་འདོད་པ་ཞེས་གསུངས་པའོ། །རང་བཞིན་ཡང་རྣམ་པ་གཉིས་ཏེ། ཟོང་གི་དངོས་པོ་འགྲོན་བུ་དང༌། གསེར་ལ་སོགས་པ་དང༌། ཡོངས་སུ་སྤྱད་པ་སྟེ་གང་གི་ཕྱིར་གཞན་གྱི་རྫས་དང་ཡོ་བྱད་ཅེས་གསུངས་པའོ། །བརྣབ་སེམས་མེད་པའི་རང་བཞིན་ནི་གཉེན་པོ་གང་གིས་བརྣབ་སེམས་མི་བསྐྱེད་པ་སྟེ། གང་གི་ཕྱིར་བརྣབ་སེམས་མི་སྐྱེད་ཅེས་གསུངས་པའོ། །དེའི་རབ་ཏུ་དབྱེ་བ་ནི་བརྣབ་སེམས་རྣམ་པ་གསུམ་གྱི་གཉེན་པོར་རིག་པར་བྱ་སྟེ། བརྣབ་སེམས་རྣམ་པ་གསུམ་ནི་བསླང་བའི་སྒོ་དང༌། ཐོབ་པར་སྨོན་པའི་སྒོ་དང༌། རྐུ་བའི་སྒོ་ནས་འབྱུང་བ་སྟེ། དེའི་གཉེན་པོར་འདོད་པར་མི་བྱེད་ཅིང་མི་སྨོན་ཆགས་པའི་སེམས་མི་བསྐྱེད་དོ་ཞེས་བྱ་བ་གསུངས་པའོ། །དེ་ལྟར་གོང་མ་གཉིས་ནི་ཆུང་བའོ། །གསུམ་པ་ནི་ཆེ་བའོ། །གནོད་སེམས་མེད་པ་ནི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོར་སེམས་ཅན་རྣམ་པ་ལྔ་ལ་ཡོངས་སུ་བསྟན་ཏེ། གནོད་པར་བྱེད་པ་རྣམས་ལ་ནི་གང་གི་ཕྱིར་བྱམས་པའི་སེམས་ཞེས་གསུངས་པའོ། །ཉེས་པར་སྤྱད་པ་སྤྱོད་པ་རྣམས་ལ་ནི་གང་གི་ཕྱིར་ཕན་པའི་སེམས་ཞེས་གསུངས་པའོ། །སྡུག་བསྔལ་ཞིང་སློང་བ་རྣམས་ལ་ནི་གང་གི་ཕྱིར་སྙིང་རྗེའི་སེམས་དང་བདེ་བའི་སེམས་ཞེས་གསུངས་པའོ། །བདེ་བའི་ཕྲག་དོག་བྱེད་པ་རྣམས་ལ་ནི་གང་གི་ཕྱིར་འཇམ་པའི་སེམས་ཞེས་གསུངས་པའོ། །བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བ་རྩོལ་བ་ཤིན་ཏུ་མང་པོས་སྒྱིད་ལུག་པའི་དངོས་པོ་རྣམས་ལ་ནི་གང་གི་ཕྱིར་སྐྱེ་བོ་ཐམས་ཅད་ལ་ཕན་འདོགས་པའི་སེམས་དང་ལྡན་པ་ཞེས་གསུངས་པའོ། །མི་མཐུན་པའི་ཕྱོགས་ནི་རྣམ་པ་དྲུག་གོ །དེ་ནི་བྱམས་པ་ལ་སོགས་པའི་སེམས་ལ་བྱེ་བྲག་མེད་པར་ཤེས་པར་བྱའི། རེ་རེ་ལ་ནི་མ་ཡིན་པར་བསྟན་ཏེ། གང་གི་ཁོ་ན་མ་བྱུང་བ་འབྱིན་པ་དང༌། གང་གིས་བྱུང་བའི་རྗེས་སུ་འབྲང་བའམ། འཕེལ་བར་བྱེད་པའམ། གང་གིས་རང་གི་སེམས་ཀྱི་རྒྱུད་ལ་དགེ་བའི་ལོ་རྟོག་མ་སྐྱེས་པ་མི་སྐྱེད་ཅིང་སྐྱེས་པ་ཡང་ཡོངས་སུ་འགྲིབ་


DTG113_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་དང༌། གང་གིས་མི་དགེ་བ་མ་སྐྱེས་པ་སྐྱེད་ཅིང༌། སྐྱེས་པ་ཡང་འཕེལ་བར་བྱེད་པ་དང༌། གང་གིས་གཞན་གྱི་སེམས་ཀྱི་རྒྱུད་ལ་མི་སྡུག་པ་མ་སྐྱེས་པ་སྐྱེད་ཅིང་སྐྱེས་པ་ཡང་འཕེལ་བར་བྱེད་པ་དང༌། གང་གིས་སྡུག་པ་མ་སྐྱེས་པ་མི་སྐྱེད་ཅིང་སྐྱེས་པ་ལ་ཡང་རྗེས་སུ་མི་སེམས་བ་སྟེ། དེ་ནི་ཁྲོ་བ་དང༌། ཁོན་དུ་འཛིན་པ་དང༌། ཐ་བ་དང༌། དྲི་མ་དང༌། གནོད་སེམས་དང༌། ཁོང་ཁྲོ་བ་སྔོན་དུ་འགྲོ་བ་གང་དག་ཡིན་པ་དེ་དག་སྤངས་ཏེ་ཞེས་བྱ་བའི་ཚིག་དེ་དག་དང་གོ་རིམས་བཞིན་དུ་བསྟན་པར་རིག་པར་བྱའོ། །ཁྲོ་བ་ལ་སོགས་པ་དེ་དག་ནི་ཉེས་པར་སྤྱོད་པ་གཞན་གྱི་སྔོན་དུ་འགྲོ་བ་ཡིན་ཏེ། དེ་བས་ན་སྔོན་དུ་འགྲོ་བ་དག་ཅེས་བྱའོ། །དེ་དག་སྤངས་ན་གཞན་གྱི་སེམས་ཀྱང་དེ་ནི་བྱམས་པ་དང་ལྡན་པ་ཉིད་སེམས་དེ་གང་གི་ཕྱིར་བྱམས་པ་དང་ལྡན་པ་གང་དག་ཡིན་པ་དེ་དག་ལ་རྟོགས་པ་ཡིན་ནོ་ཞེས་གསུངས་པའོ། །ཡང་དག་པའི་ལྟ་བ་ནི་ལྟ་བ་རྣམ་པ་བདུན་གྱི་གཉེན་པོར་ཡོངས་སུ་བསྟན་ཏེ། ལྟ་བ་རྣམ་པ་བདུན་ནི་ཐེག་པ་གཞན་ལ་ལྟ་བ་དེའི་གཉེན་པོར་ཡང་དག་པའི་ལམ་ལ་གནས་ཞེས་བྱ་བ་གསུངས་སོ། །ཡོངས་སུ་རྟོགས་པ་བཟང་པོ་མ་ཡིན་པའི་ལྟ་བ་དང༌། ཚུལ་ཁྲིམས་ཙམ་གྱིས་རྣམ་པར་དག་པར་ལྟ་བ་དེའི་གཉེན་པོར་དགེ་མཚན་དང༌། བཀྲ་ཤིས་རྣམ་པ་སྣ་ཚོགས་དང༌། ཚུལ་ཁྲིམས་ངན་པའི་ལྟ་བ་དང་བྲལ་བ་ཞེས་གསུངས་པའོ། །དེ་ལ་ཚུལ་ཁྲིམས་ཙམ་གྱིས་རྣམ་པར་དག་པ་ལྟ་བ་ནི་བདག་ཏུ་ལྟ་བ་མཆོག་ཏུ་འཛིན་པའི་ཚུལ་ཁྲིམས་ཡིན་པར་རིག་པར་བྱའོ། །བདག་གི་མཆོག་ཏུ་འཛིན་པའི་ལྟ་བ་དེའི་གཉེན་པོར་ལྟ་བ་དྲང་ཞེས་གསུངས་སོ། །འཆང་བའི་ལྟ་བ་དང༌། བརྫུན་དུ་བརྗོད་པའི་ལྟ་བ་དེའི་གཉེན་པོར་གཡོ་མེད་ལ་སྒྱུ་མེད་པས་ཞེས་བྱ་བ་གསུངས་སོ། །འཇིག་རྟེན་པའི་མ་དག་པའི་ལྟ་བ་དེའི་གཉེན་པོར་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་བསམ་པ་ངེས་པ་ཡིན་ནོ་ཞེས་བྱ་བ་གསུངས་སོ། །དེ་ལྟར་རྣམ་པ་ཐམས་ཅད་སྤངས་པའི་ཚུལ་ཁྲིམས་ཡོངས་སུ་བསྟན་ནས། རྟག་ཏུ་རྒྱུན་མི་འཆད་པར་རྗེས་སུ་སྲུང་བས་དེ་ཉིད་ཀྱི་སྐྱོན་མེད་པ་ཡོངས་སུ་སྟོན་ཏེ། གང་གི་ཕྱིར་དེ་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་རྟག་ཏུ་རྒྱུན་མི་འཆད་པར་སྲུང་ཞེས་བྱ་བ་གསུངས་སོ། །འདི་ལྟ་སྟེ་རྣམ་པ་ཐམས་ཅད་དང༌། སྐྱོན་མེད་པས་ནི་དེ་ལྟར་རང་བཞིན་གྱི་ཚུལ་


DTG113_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ཉིད་ཡོངས་སུ་བསྟན་པ་ཡིན་ནོ། །དེའི་འོག་ཏུ་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་རྣམ་པར་དག་པ་ཡོངས་སུ་བསྟན་པའི་ཕྱིར་སེམས་ཀྱི་བསམ་པ་མངོན་པར་སྒྲུབ་པ་ལ་སོགས་པའི་རིམ་པ་སྟོན་ཏེ། འདི་ལྟར་སེམས་ཅན་གྱི་བསམ་པ་མངོན་པར་བསྒྲུབ་སྟེ། སེམས་ཅན་རྣམས་ཀྱི་ངན་སོང་དང༌། ངན་འགྲོ་དང༌། རྣམ་པར་ལྟུང་བ་ཡོད་པ་གང་ཡང་རུང་སྟེ། དེ་དག་ཐམས་ཅད་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་པར་བླངས་པའི་རྒྱུ་ལས་བྱུང་གི །བདག་གིས་ནི་འདི་ལྟར་བདག་ཉིད་ཡང་དག་པར་སྒྲུབ་པ་ལ་གནས་ཏེ། གཞན་དག་ཀྱང་ཡང་དག་པར་སྒྲུབ་པ་ལ་དགོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་བདག་ལོག་པར་སྒྲུབ་པ་ལ་གནས་ཤིང༌། གཞན་དག་ཡང་དག་པར་སྒྲུབ་པ་ལ་དགོད་པར་བྱ་བ་འདི་ནི་གནས་མེད་དོ་སྙམ་ནས་ཞེས་བྱ་བ་དེ་ལ་ངན་སོང་དང༌། ངན་འགྲོ་དང༌། ལོག་པར་ལྟུང་བ་གདགས་པ་ནི་དོན་རྣམ་པ་གསུམ་གྱིས་རིག་པར་བྱ་སྟེ། ཉེས་པར་སྤྱོད་པས་འགྲོ་བའི་དོན་དང༌། སྡུག་བསྔལ་གྱི་གནས་ལུས་མངོན་པར་འགྲུབ་པའི་དོན་དང༌། གནོད་པ་སྣ་ཚོགས་སུ་རྟག་ཏུ་ལྟུང་བའི་དོན་ཏོ། །ཁ་ན་མ་ཐོ་བ་དང༌། གྲངས་དང༌། འབྲས་བུ་ཐོབ་པར་བྱེད་པས་བསྡུས་པའི་ཕྱིར་མི་དགེ་བ་བཅུའི་ལས་ཀྱི་ལམ་གྱི་ཚིག་ཏུ་རིག་པར་བྱའོ། །དེ་ལ་ཁ་ན་མ་ཐོ་བ་དང༌། གྲངས་དང༌། འབྲས་བུ་ཐོབ་པར་བྱེད་པས་བསྡུས་པའི་ཕྱིར་མི་དགེ་བ་བཅུའི་ལས་ཀྱི་ལན་དུ་བསྟན་པར་རིག་པར་བྱ་ཞེས་བྱ་བ་ལ། ཁ་ན་མ་ཐོ་བས་བསྡུས་པའི་ཕྱིར་མི་དགེ་བ་ཞེས་བྱ་བ་སྟེ། ཁ་ན་མ་ཐོ་བ་ནི་འབྲས་བུ་ངན་སོང་དང༌། ངན་འགྲོ་དང༌། རྣམ་པར་ལྟུང་བ་རྣམས་སྨད་པའི་ཕྱིར་རོ། །གྲངས་ཀྱིས་བསྡུས་པའི་ཕྱིར་བཅུ་ཞེས་བྱའོ། །འབྲས་བུ་ཐོབ་པར་བྱེད་པས་བསྡུས་པའི་ཕྱིར་ལས་ཀྱི་ལམ་རྣམས་ཤེས་པར་བྱའོ། །ཡང་དག་པར་བླངས་པའི་རྒྱུས་ཞེས་བྱ་བ་ལ། ཡང་དག་པར་བླངས་པ་ནི་ཀུན་དུ་སྤྱོད་པའོ། །དེ་ལྟར་རྒྱུ་མེད་པ་དང་མི་འདྲ་བའི་རྒྱུ་བསལ་ཏེ། ལས་བདག་གིར་བྱ་བ་ཉིད་ཡིན་པར་རྟོགས་ནས་སེམས་ཅན་ལོག་པར་སྒྲུབ་པ་ལ་གནས་པ་རྣམས་བདག་ཉིད་དེ་འདྲ་བས་ནི་དེ་དང་འབྲལ་མི་ནུས་པར་རིག་ནས་དེ་དག་ཡོངས་སུ་བསྐྱབ་པའི་ཕྱིར་བདག་མངོན་པར་སྤྲོའོ། །དེའི་འོག་ཏུ་མི་མཐུན་པའི་ཕྱོགས་དང༌། གཉེན་པོར་གྱུར་པ་འབྲས་བུ་དང་


DTG113_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་ལས་ཀྱི་ལམ་རྣམས་དང༌། དགེ་བའི་ལས་ཀྱི་ལམ་གོང་ནས་གོང་དུ་རྣམ་པར་དག་པ་འབྲས་བུ་དང་བཅས་པ་ལ་རབ་ཏུ་བརྟགས་ནས། མཆོག་མངོན་པར་སྒྲུབ་པར་སྦྱོར་བར་འདོད་པས། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་རྣམ་པར་དག་པས་སྒྲུབ་པར་བྱེད་དེ། གང་གི་ཕྱིར་དེ་འདི་ལྟར་རྣམ་པར་སྤྱོད་དེ། མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཡང་དག་པར་བླངས་པའི་རྒྱུས་སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་གྱི་འགྲོ་བ་རྣམས་ཡོད་པར་གྱུར་ཏོ། །དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་པར་བླངས་པའི་རྒྱུས་ནི་ལྷ་དང་མིར་སྐྱེ་བ་ལ་སོགས་པ་སྲིད་པའི་རྩེ་མོའི་བར་དུ་སྐྱེ་བ་ཡོད་པར་གྱུར་ཏོ། །དེའི་གོང་དུ་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཉི་ཚེ་བའི་སེམས་དང༌། ཁམས་གསུམ་པས་སྐྲག་པའི་ཡིད་དང༌། སྙིང་རྗེ་ཆེན་པོ་མེད་པ་དང༌། གཞན་ལས་ཐོས་པའི་རྗེས་སུ་འགྲོ་སྟེ། སྒྲའི་རྗེས་སུ་འབྲང་བས་ཤེས་རབ་ཀྱི་རྣམ་པས་ཡོངས་སུ་བསྒོམས་ན་ཉན་ཐོས་ཀྱི་ཐེག་པ་འགྲུབ་པར་བྱེད་དོ་ཞེས་གསུངས་པ་སྟེ། ཤེས་རབ་ཀྱི་རྣམ་པ་ནི་འདིར་བདེན་པའི་རྣམ་པ་ཡིན་པར་རིག་པར་བྱ་སྟེ། ངན་འགྲོ་རྣམས་ནི་སྡུག་བསྔལ་ལོ། །མི་དགེ་བའི་ལས་ཀྱི་ལམ་རྣམས་ནི་ཀུན་འབྱུང་བའོ། །དེ་སྤངས་པ་ནི་འགོག་པའོ། །དེའི་གཉེན་པོ་ནི་ལམ་མོ། །བདེ་འགྲོ་ནི་སྡུག་བསྔལ་བའོ། །དགེ་བའི་ལས་ཀྱི་ལམ་རྣམས་ནི་ཀུན་འབྱུང་བའོ། །བག་ལ་ཉལ་སྤངས་པ་ནི་འགོག་པའོ། །དེའི་གཉེན་པོ་ནི་ལམ་མོ། །ཤེས་རབ་ཀྱི་རྣམ་པར་ཡོངས་སུ་བསྒོམ་པར་འདྲ་བ་ལ་ཉན་ཐོས་རྣམས་ཀྱི་ཐེག་པ་ནི་རྒྱུ་བསགས་པ་དང༌། འཇིག་པ་དང༌། མི་ལྟ་བ་དང༌། རྟེན་དང༌། དམིགས་པ་དང༌། རྣམ་པ་ལྔས་ཐ་དད་པར་བསྟན་ཏོ། །དེ་དག་ལས་ཉི་ཚེ་བ་ཉན་ཐོས་ཀྱི་ཐེག་པའི་སེམས་ཅན་ནི་རྒྱུ་ཡིན་ཏེ། དགེ་བའི་རྩ་བ་དཔག་ཏུ་ཡོད་པ་མངོན་པར་སྒྲུབ་པའི་སྐབས་ཡིན་པའི་ཕྱིར་དང༌། བདག་གི་དོན་འབའ་ཞིག་བྱེད་པའི་ཕྱིར། གང་གི་ཕྱིར་ཉི་ཚེ་བའི་སེམས་ཞེས་གསུངས་པའོ། །སྡུག་བསྔལ་གྱིས་འཇིགས་པ་ནི་གང་གི་ཕྱིར་ཁམས་གསུམ་པས་སྐྲག་པའི་ཡིད་ཅེས་གསུངས་པའོ། །སེམས་ཅན་རྣམས་ལ་མི་ལྟ་བ་ནི་གང་གི་ཕྱིར་སྙིང་རྗེ་ཆེན་པོ་མེད་པ་ཞེས་གསུངས་པའོ། །སློབ་དཔོན་གྱི་མན་ངག་ནི་རྟེན་ཏོ། །སྒྲ་ནི་དམིགས་པའོ། །སྒྲ་ནི་གང་ཞེ་ན། བདག་དང་སེམས་


DTG113_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལ་སོགས་པར་འདོགས་པ་སྟེ། དེ་ལྟར་དེ་དག་སྒྲ་ཙམ་དུ་རྟོགས་ནས་གང་ཟག་ལ་བདག་མེད་པ་ལ་འཇུག་སྟེ། གང་གི་ཕྱིར་གཞན་ལས་ཐོས་པའི་རྗེས་སུ་འགྲོ་སྟེ། སྒྲའི་རྗེས་སུ་འབྲང་བ་ཞེས་གསུངས་པའོ། །རང་སངས་རྒྱས་རྣམས་ཀྱི་ནི་མངོན་པར་རྫོགས་པར་འཚང་རྒྱ་བ་དང༌། བཤད་པ་ལ་མི་ཕྱོགས་པ་དང༌། གནས་པ་དང་རྣམ་པ་གསུམ་གྱིས་བསྟན་ཏོ། །དེ་དག་ནི་སྟོན་པའམ། རྗེས་སུ་སྟོན་པ་ལ་མ་བརྟེན་པར་མངོན་པར་རྫོགས་པར་འཚང་རྒྱ་སྟེ། གང་གི་ཕྱིར་གཞན་གྱི་དྲིང་མི་འཇོག་པ་དང༌། རང་མངོན་པར་རྫོགས་པར་འཚང་རྒྱ་བ་ཞེས་གསུངས་པའོ། །ཆོས་སྟོན་པར་མི་འདོད་དེ། མི་སྟོན་པ་ནི་གང་གི་ཕྱིར་སྙིང་རྗེ་ཆེན་པོ་དང་ཐབས་ལ་མཁས་པ་མེད་པ་ཞེས་གསུངས་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ལ་གནས་པ་ཤིན་ཏུ་ཆ་ཕྲ་བས་མང་དུ་གནས་པ་ནི་གང་གི་ཕྱིར། རྐྱེན་འདི་ཉིད་པ་ཟབ་མོ་ཁོང་དུ་ཆུད་པས། ཡོངས་སུ་སྦྱངས་ན་རང་སངས་རྒྱས་ཀྱི་ཐེག་པ་འགྲུབ་པར་བྱེད་དོ་ཞེས་གསུངས་པའོ། །རྒྱུ་ཆུང་དུ་བསགས་པ་དང༌། སྡུག་བསྔལ་གྱིས་འཇིགས་པ་དང༌། སེམས་ཅན་ལ་མི་ལྟ་བ་ཡང་དེ་དག་ལ་ཡོད་དོ། །བྱེ་བྲག་གང་ཡིན་པ་དེ་ནི་བཤད་ཟིན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་རྒྱུ་བསགས་པ་དང༌། དགོས་པ་དང༌། དེས་ནུས་པ་དང༌། ས་དང་རྣམ་པ་བཞིས་བསྟན་ཏེ། དགེ་བའི་རྩ་བ་ཐམས་ཅད་མངོན་པར་སྒྲུབ་པའི་སྐབས་ཡིན་པའི་ཕྱིར་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་སྐབས་ཡིན་པའི་ཕྱིར་ཐེག་པ་ཆེན་པོའི་སེམས་ཤིན་ཏུ་རྒྱས་ཤིང་ཚད་མེད་པ་ནི་རྒྱུ་ཡིན་པར་རིག་པར་བྱ་སྟེ། གང་གི་ཕྱིར་དེའི་གོང་དུ་ཤིན་ཏུ་རྒྱ་ཆེ་ཞིང༌། ཚད་མེད་པའི་སེམས་ཀྱིས་ཡོངས་སུ་སྦྱངས་ནས་ཞེས་གསུངས་པའོ། །སྡུག་བསྔལ་གྱི་རྒྱུ་དང༌། སྡུག་བསྔལ་བར་གྱུར་བའི་སེམས་ཅན་རྣམས་ལ་ནི་སྙིང་བརྩེ་བ་དང༌། སྙིང་རྗེ་བར་རིག་པར་བྱ་སྟེ། དེ་དང་ལྡན་པས་སེམས་ཅན་གྱི་དོན་ནི་བྱང་ཆུབ་སེམས་དཔའི་དགོས་པ་ཡིན་པར་རིག་པར་བྱ་སྟེ། གང་གི་ཕྱིར་སྙིང་བརྩེ་བ་དང་སྙིང་རྗེ་དང་ལྡན་པ་ཞེས་གསུངས་པའོ། །དེ་ནུས་པ་ནི་བསྡུ་བའི་དངོས་པོ་བཞི་པོ་དག་སྟེ། གང་གི་ཕྱིར་ཐབས་ལ་མཁས་པས་བསྡུས་པ་ཞེས་གསུངས་པའོ། །ས་ནི་རྣམ་པ་གསུམ་སྟེ། ལྷག་པའི་བསམ་པ་དག་པའི་ས་ནི་སྨོན་ལམ་ཆེན་པོ་བཅུས་


DTG113_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་ཕྱེ་བ་ཡིན་ཏེ། གང་གི་ཕྱིར་སྨོན་ལམ་ཆེན་པོ་ཤིན་ཏུ་བཏབ་པ་ཞེས་གསུངས་པའོ། །ཕྱིར་མི་ལྡོག་པའི་ས་ནི་གང་ཐོབ་ནས། ཞི་བར་གནས་ཀྱང་སེམས་ཅན་རྣམས་ཡོངས་སུ་མི་གཏོང་བ་སྟེ། གང་གི་ཕྱིར་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་ཞེས་གསུངས་པའོ། །དབང་བསྐུར་བ་ཆེན་པོའི་ས་ནི་གང་ལ་སངས་རྒྱས་ཀྱི་ཡེ་ཤེས་ཤིན་ཏུ་རྒྱས་པ་རྟོགས་པ་ཆེན་པོ་འདོད་པ་སྟེ། གང་གི་ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་ཤིན་ཏུ་རྒྱས་པ་ལ་དམིགས་པས་ཞེས་གསུངས་པའོ། །བྱང་ཆུབ་སེམས་དཔའི་ས་ཡོངས་སུ་དག་པ་དང༌། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའི་སྤྱོད་པ་རྒྱ་ཆེན་པོ་འགྲུབ་པར་བྱེད་དོ་ཞེས་བྱ་བ་ལ། འདིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཤིན་ཏུ་རྒྱས་པ་སྒྲུབ་བོ་ཞེས་བརྗོད་པས་ཆོག་པ་འདྲས་ཀྱང་ས་དང་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའི་ཚིག་གིས་གོང་ནས་གོང་དུ་རྣམ་པར་དག་པའི་ཕྱིར་དང༌། ཆོས་ཀྱི་མཆོག་རྣམ་པར་དག་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་ཤིན་ཏུ་རྒྱས་པར་ཡོངས་སུ་སྟོན་ཏེ། ཕ་རོལ་ཏུ་ཕྱིན་པའི་དོན་ནི་མཆོག་གི་དོན་ཏོ། །དེའི་གོང་དུ་ཞེས་བྱ་བ་ནི་སྤོང་བ་དང༌། དབང་བྱེད་པ་དང༌། ཡོངས་སུ་སྤོང་ཞིང་མཁས་པ་དང༌། ཆོག་མི་ཤེས་པ་དང༌། རྣམ་པ་བཞིས་གོང་ཉིད་ཡིན་པར་རིག་པར་བྱ་སྟེ་མི་དགེ་བའི་ལས་ཀྱི་ལམ་རྣམས་བག་ཆགས་དང་བཅས་པར་སྤོང་བའི་ཕྱིར་དང༌། དགེ་བ་ཐམས་ཅད་ལ་དབང་བྱེད་པའི་ཕྱིར་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཡོངས་སུ་སྤོང་ཞིང༌། བྱང་ཆུབ་སེམས་དཔའི་ཐེག་པ་ལ་མཁས་པའི་ཕྱིར་དང༌། ལྷག་མ་དང་བཅས་པས་ཆོག་མི་ཤེས་པའི་ཕྱིར་རོ། །ཤེས་བྱ་ཐམས་ཅད་ཤེས་པ་ལ་དབང་བས་རྣམ་པ་ཐམས་ཅད་ཡོངས་སུ་སྦྱང་བར་རིག་པར་བྱ་སྟེ། གང་གི་ཕྱིར་དེའི་གོང་དུ་རྣམ་པ་ཐམས་ཅད་ཅེས་ཡོངས་སུ་སྦྱངས་པས་སྟོབས་བཅུའི་སྟོབས་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འགྲུབ་པའི་བར་དུའོ། །དེ་ལྟ་བས་ན་བདག་གིས་མངོན་པར་བསྒྲུབ་ཏུ་འདྲ་བ་ལ་རྣམ་པ་ཐམས་ཅད་ཡོངས་སུ་སྤྱོད་ཞིང་མངོན་པར་སྒྲུབ་པ་ཉིད་ལ་བརྩོན་པར་བྱའོ་ཞེས་གསུངས་པ་སྟེ། བདུད་ཕྱིར་རྒོལ་བ་དང༌། ཐེག་པ་དམན་པ་དག་སེལ་བར་བྱེད་པའི་སྐབས་ཡིན་པས་སྟོབས་དང༌། སངས་རྒྱས་ཀྱི་ཆོས་སྨོས་པར་རིག་པར་བྱ་སྟེ། དེའི་འོག་ཏུ་སྙིང་རྗེ་ལ་གནས་ཏེ། སེམས་ཅན་གྱི་དོན་བྱེད་པའི་ཚུལ་


DTG113_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ཀྱི་དབང་དུ་བྱས་ནས་དོན་ལྔ་ཡོངས་སུ་བསྟན་ཏེ། ཡོངས་སུ་ཤེས་པ་དང༌། སྨོན་ལམ་དང༌། སྒྲུབ་པ་དང༌། རྒྱུ་མཐུན་པ་དང༌། རྒྱུ་མཐུན་པའི་འབྲས་བུའོ། །དེ་ལ་ཡོངས་སུ་ཤེས་པ་ནི་གནས་སྐབས་ཀྱི་བྱེ་བྲག་དང༌། རྣམ་པར་སྨིན་པའི་འབྲས་བུའི་བྱེ་བྲག་དང༌། རྒྱུ་མཐུན་པའི་འབྲས་བུའི་བྱེ་བྲག་དང༌། རྣམ་པ་གསུམ་གྱིས་ཡོངས་སུ་བསྟན་ཏོ། །གནས་སྐབས་ཀྱི་བྱེ་བྲག་ནི་མི་དགེ་བའི་ལས་ཀྱི་ལམ་རྣམས་ལས་བརྩམས་ནས་རྒྱུ་དང་འབྲས་བུ་ཆེན་པོ་དང༌། འབྲིང་དང༌། ཆུང་དུའི་བྱེ་བྲག་སྟེ། གང་གི་ཕྱིར་དེ་འདི་ལྟར་ཡང་དག་པར་སློབ་སྟེ། མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ལ་བརྟེན་པ་དང༌། བསྒོམས་པ་དང༌། མང་དུ་བྱས་པའི་ཤས་ཆེ་བས་ནི་སེམས་ཅན་དམྱལ་བའི་རྒྱུར་འགྱུར་རོ། །འབྲིང་གིས་ནི་དུད་འགྲོའི་སྐྱེ་གནས་ཀྱི་རྒྱུར་འགྱུར་རོ། ཆུང་དུས་ནི་གཤིན་རྗེའི་འཇིག་རྟེན་གྱི་རྒྱུར་འགྱུར་ཏེ་ཞེས་གསུངས་པ་སྟེ། གོང་དུ་ནི་ངན་སོང་གི་རྒྱུ་ཐ་དད་པ་མེད་པར་རྣམ་པར་སྤྱད་ཀྱི་ད་ནི་ཐ་དད་པར་སྤྱད་དོ། །རྣ་པར་སྨིན་པའི་འབྲས་བུ་ནི་ཐམས་ཅད་ཀྱང་ངན་སོང་རྣམས་ཏེ། གང་གི་ཕྱིར་སྲོག་གཅོད་པ་ནས། ལོག་པར་ལྟ་བའི་བར་གྱིས་སེམས་ཅན་དམྱལ་བའི་བར་དུ་ཁྲིད་དོ། །དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ་ཞེས་གསུངས་པའོ། །རྒྱུ་མཐུན་པའི་འབྲས་བུ་ནི་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང༌། སོ་སོའི་རྣམ་པ་གཉིས་གཉིས་ཏེ། དེ་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་སྒྲུབ་སྟེ། ཚེ་ཐུང་བ་དང༌། ནད་མང་བར་འགྱུར་བའོ་ཞེས་བྱ་བ་ནི་སྲོག་གཅོད་པའིའོ། །ལོངས་སྤྱོད་ཆུང་བ་དང༌། ཐུན་མོང་གི་ལོངས་སྤྱོད་དུ་འགྱུར་བའོ་ཞེས་བྱ་བ་ནི་མ་བྱིན་པར་ལེན་པའི་འོ། །གཡོག་འཁོར་ཡིད་བརྟན་དུ་མི་རུང་བ་དང༌། འགྲན་ཟླ་དང་བཅས་པའི་ཆུང་མར་འགྱུར་བའོ་ཞེས་བྱ་བ་ནི་འདོད་པ་ལོག་པར་གཡེམ་པའིའོ། །སྐུར་པ་མང་བ་དང༌། གཞན་གྱིས་བསླུ་བར་འགྱུར་བའོ་ཞེས་བྱ་བ་ནི་བརྫུན་དུ་སྨྲ་བའིའོ། །གཡོག་འཁོར་མི་འདུམ་པ་དང༌། གཡོག་འཁོར་ངན་པར་འགྱུར་བའོ་ཞེས་བྱ་བ་ནི་ཕྲ་མ་ཟེར་བའི་འོ། །ཡིད་དུ་མི་འོང་བ་ཐོས་པ་དང༌། འཐབ་མོའི་ཚིག་ཏུ་འགྱུར་བའོ་ཞེས་བྱ་བ་ནི་ཚིག་རྩུབ་པོའིའོ། །གཟུང་བར་འོས་པའི་ཚིག་མ་ཡིན་པ་དང༌། མ་ངེས་པའི་སྤོབས་པར་འགྱུར་བའོ་ཞེས་བྱ་བ་ནི་ཚིག་


DTG113_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱལ་པའིའོ། །ཆོག་མི་ཤེས་པ་དང༌། འདོད་པ་ཆེ་བར་འགྱུར་བའོ་ཞེས་བྱ་བ་ནི་བརྣབ་སེམས་ཀྱིའོ། །ཕན་པ་མི་འཚོལ་བ་དང་ཞན་གྱིས་གནོད་པ་བྱ་བར་འགྱུར་བའོ་ཞེས་བྱ་བ་ནི་གནོད་སེམས་ཀྱིའོ། །ལྟ་བ་ངན་པར་ལྟུང་བ་དང༌། གཡོ་སྒྱུ་ཅན་དུ་འགྱུར་བའོ་ཞེས་བྱ་བ་ནི་ལོག་པར་ལྟ་བའིའོ། །དེ་ལ་གནས་སྐབས་དང༌། རྣམ་པར་སྨིན་པ་ཐ་དད་པ་གཉིས་ཀྱིས་ནི་སྡུག་བསྔལ་མི་བཟད་པ་ཉིད་ཡོངས་སུ་སྟོན་ཏོ། །ཇི་ལྟ་ཞེ་ན། ཆུང་དུ་རྣམས་ཀྱིས་ནི་གཤིན་རྗེའི་འཇིག་རྟེན་མི་བཟད་པའོ། །འབྲིང་རྣམས་ཀྱིས་ནི་རབ་ཏུ་མི་བཟད་པའོ། །ཆེན་པོ་རྣམས་ཀྱི་ནི་མཆོག་ཏུ་མི་བཟད་པའོ། །རྒྱུ་མཐུན་པའི་འདྲས་བུའི་བྱེ་བྲག་ནི་བདེ་འགྲོའི་བར་དུ་ཡང་རྗེས་སུ་འབྲེལ་པས་ཁྱབ་པ་ཉིད་དོ། །རེ་རེ་དང་མཐའ་དག་གི་ནི་ངན་སོང་རྣམས་སུ་སྡུག་བསྔལ་ཆེ་བ་དང༌། ཚད་མེད་པར་འགྱུར་བར་རིག་པར་བྱ་སྟེ། གང་གི་ཕྱིར་དེ་ལྟར་ན་མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ནི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ཚད་མེད་པ་སྡུད་པར་འགྱུར་གྱིས་ཞེས་གསུངས་པའོ། །སྨོན་ལམ་ནི་སེམས་ཅན་གྱི་དོན་བྱ་བའི་དོན་དུ་དགེ་བའི་ཆོས་བསྡུ་བའི་ཕྱིར་ཐེག་པ་ཆེན་པོའི་ཆོས་ལ་མངོན་པར་དགའ་བ་ཉིད་ཀྱི་བསམ་པ་སྟེ། གང་གི་ཕྱིར་མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་བདག་གིས་སྤངས་ཏེ། ཆོས་ཀྱི་ཀུན་དགའ་ལ་དགའ་བས་དགའ་བར་གནས་པར་བྱའོ་སྙམ་ནས་ཞེས་གསུངས་པའོ། །སྒྲུབ་པ་ནི་དགེ་བའི་ལས་ཀྱི་ལམ་ལ་གནས་པར་བྱེད་ཅིང༌། དེའི་མི་མཐུན་པའི་ཕྱོགས་སྤོང་བར་སྦྱོར་ལ། གཞན་དག་ཀྱང་དེ་ལ་གཞོག་པ་སྟེ། གང་གི་ཕྱིར་དེ་མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་སྤངས་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་ཤིང༌། གཞན་རྣམས་ཀྱང་དེ་དག་ཉིད་ལ་འགོད་དོ་ཞེས་གསུངས་པའོ། །རྒྱུ་མཐུན་པ་ནི་སྙིང་རྗེ་སྐྱེས་པ་ལ་བརྟེན་ནས། སེམས་ཅན་རྣམས་ལ་དེ་བས་ཀྱང་ཤས་ཆེར་སེམས་རྣམ་པ་བཅུ་བསྐྱེད་པའོ། །དེ་ནི་སེམས་ཅན་རྣམ་པ་བརྒྱད་ལ་རིག་པར་བྱ་སྟེ། ཉེས་པར་སྤྱོད་པ་ལ་ཞུགས་པ་རྣམས་ལ་ནི་ལེགས་པར་སྤྱད་པ་ལ་འཇུག་པར་སྨོན་པ་སྟེ། གང་གི་ཕྱིར་དེ་སེམས་ཅན་རྣམས་ལ་དེ་བས་ཀྱང་ཤས་ཆེར་ཕན་པའི་སེམས་ཉིད་བསྐྱེད་ཅེས་གསུངས་པའོ། །ལེགས་པར་སྤྱད་པ་ལ་ཞུགས་པ་རྣམས་ལ་ནི་དེའི་འབྲས་བུ་ཐོབ་པར་སྨོན་པ་སྟེ། གང་གི་ཕྱིར་བདེ་བའི་སེམས་ཉིད་ཅེས་གསུངས་པའོ། །ཕན་ཚུན་རིགས་པའི་འཕྲོད་པ་རྣམས་ལ་ནི་


DTG113_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

འདུམ་པར་སྨོན་པ་སྟེ། གང་གི་ཕྱིར་བྱམས་པའི་སེམས་ཉིད་ཅེས་གསུངས་པའོ། །སྡུག་བསྔལ་བ་རྣམས་ལ་ནི་དེ་དང་འབྲེལ་བར་སྨོན་པ་སྟེ། གང་གི་ཕྱིར་སྙིང་བརྩེ་བའི་སེམས་ཉིད་ཅེས་གསུངས་པའོ། །བདེ་བ་རྣམས་ལ་ནི་བག་ཡོད་པར་སྨོན་པ་སྟེ། གང་གི་ཕྱིར་སྙིང་རྗེའི་སེམས་ཉིད་ཅེས་གསུངས་པའོ། །མུ་སྟེགས་ཅན་ལ་ནི་འཇུག་པར་ཕན་གདགས་པར་བྱ་བ་ལ་མངོན་པར་ཕྱོགས་པ་སྟེ། གང་གི་ཕྱིར་ཕན་གདགས་པའི་སེམས་ཉིད་ཅེས་གསུངས་པའོ། །ཆོས་འདི་བ་རྣམས་ལ་ནི། །ཡོངས་སུ་མི་ཉམས་པར་སྨོན་པ་སྟེ། གང་གི་ཕྱིར་ཀུན་དུ་བསྲུང་བའི་སེམས་ཉིད་ཅེས་གསུངས་པའོ། །བྱང་ཆུབ་ཏུ་སྨོན་པ་ཡོངས་སུ་བཟུང་བའི་སེམས་ཅན་ཐམས་ཅད་ལ་ནི་བདག་གི་ལུས་ཉིད་དུ་འཛིན་པས་སེམས་ཅན་དེ་དག་ནི་བདག་གི་ལུས་སོ་སྙམ་པ་སྟེ། གང་གི་ཕྱིར་མཉམ་པའི་སེམས་ཉིད་ཅེས་གསུངས་པའོ། །སེམས་བསྐྱེད་པ་ཐ་མ་གཉིས་ནི་དེ་དག་ཉིད་ལྟོས་པས་ཐེག་པ་ཆེན་པོའི་ལམ་དུ་ཞུགས་པ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོགས་པར་རིག་པར་བྱ་སྟེ། གང་གི་ཕྱིར་སློབ་དཔོན་གྱི་སེམས་ཉིད་དང༌། སྟོན་པའི་སེམས་ཉིད་བསྐྱེད་ཅེས་གསུངས་པའོ། །རྒྱུ་མཐུན་པའི་འབྲས་བུ་ནི་སྙིང་རྗེའི་ཁྱད་པར་གྱིས་ཡོངས་སུ་ཟིན་པའི་འདུན་པའི་ཁྱད་པར་རོ། །དེ་ནི་ཕྱིན་ཅི་ལོག་གི་དབང་དུ་བྱས་ནས་འདོད་པ་དང༌། སྲིད་པ་དང༌། ཚངས་པར་སྤྱོད་པ་ཚོལ་བར་གྱུར་པའི་སེམས་ཅན་རྣམས་ལ་བལྟ་བར་བྱ་སྟེ། འདོད་པ་ཚོལ་བར་གྱུར་པའི་སེམས་ཅན་དག་ནི་རྣམ་པ་གཉིས་ཏེ། ཡོངས་སུ་སྤྱོད་པའི་གནས་སྐབས་དང༌། ཀུན་དུ་ཚོལ་བའི་གནས་སྐབས་སོ། །ཡོངས་སུ་སྤྱོད་པ་ཡང་རྣམ་པ་གསུམ་སྟེ། ཐུན་མོང་མ་ཡིན་པའི་ཡོངས་སུ་སྤྱོད་པ་དང༌། ཆོག་མི་ཤེས་པར་ཡོངས་སུ་སྤྱོད་པ་དང༌། སོགས་འཇོག་བྱེད་པའི་ཡོངས་སུ་སྤྱོད་པའོ། །ཀུན་དུ་ཚོལ་བ་ཡང་རྣམ་པ་གཉིས་ཏེ། ཉེས་པར་སྤྱད་པ་ལ་སྦྱོར་བས་ཚེ་འདི་ཀུན་དུ་ཚོལ་བ་དང༌། ལེགས་པར་སྤྱད་པ་ལ་སྦྱོར་བས་ཚེ་རབས་གཞན་ཀུན་དུ་ཚོལ་བའོ། །སྲིད་པ་ཚོལ་བ་ཡང་འགྲོ་བ་དང༌། ཁམས་ཀྱི་བྱེ་བྲག་གིས་རྣམ་པ་གཉིས་སོ། །ཚངས་པར་སྤྱོད་པ་ཚོལ་བ་ཡང་རྣམ་པ་གཉིས་ཏེ། གཞན་མུ་སྟེགས་ཅན་རྣམས་ཀྱི་ལོག་པ་དང་ཆོས་འདི་པ་རྣམས་ཀྱི་ཐེག་པ་དམན་པས་ཡང་


DTG113_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་ཉིད་དེ། དེ་ལ་གནས་པའི་སེམས་ཅན་དེ་དག་དང་མཐུན་པའི་གཉེན་པོ་ལ་དགོད་པར་བྱའོ། །དེ་ལ་ལྟ་བ་ངན་པ་ནི་ཕྱིན་ཅི་ལོག་བཞི་སྟེ། དེ་དག་ལས་གཉིས་ནི་ངེས་པར་སེམས་པ་ལས་བྱུང་བའི་ཕྱིར་བློ་གྲོས་མི་ཉམས་པས་རབ་ཏུ་ཕྱེ་བའོ། །བདག་དང་གཙང་བར་འདུ་ཤེས་པ་གཉིས་ནི་ངེས་པར་སེམས་པ་མེད་པར་ཡང་འབྱུང་བའི་ཕྱིར་བསམ་པ་མི་མཉམ་པས་རབ་ཏུ་ཕྱེ་བ་སྟེ། དེ་དག་གི་རྒྱུ་ནི་ལམ་གོལ་བ་ཐིབས་པོར་རྒྱུ་བ་ཉིད་ཡིན་ནོ། །ལམ་གོལ་བ་ནི་ཉོན་མོངས་པའོ། །ཐིབས་པོ་ནི་ཉོན་མོངས་པའི་བག་ལ་ཉལ་ཡིན་ཏེ། གང་གི་ཕྱིར་འདི་སྙམ་དུ་སེམས་ཏེ། ཀྱེ་མ་སེམས་ཅན་འདི་དག་ནི་ལྟ་བ་ངན་པར་ལྟུང་བ་བློ་གྲོས་མི་མཉམ་ཞིང༌། བསམ་པ་མི་མཉམ་པ། ལམ་གོལ་བའི་ཐིབས་པོར་རྒྱུ་བ་ཡིན་གྱིས་ཞེས་གསུངས་པའོ། །དེ་དག་དང་མཐུན་པའི་གཉེན་པོ་དམ་པའི་ཆོས་དང༌། ཚུལ་བཞིན་ཡིད་ལ་བྱེད་པ་དང༌། ཡང་དག་པའི་ལྟ་བ་འཇིག་རྟེན་ལས་འདས་པ་སྟེ། གང་གི་ཕྱིར་དེ་དག་བདག་གིས་མ་ནོར་བའི་ལམ་དང༌། ཡང་དག་པའི་ལམ་དང༌། ཇི་ལྟ་བ་ན་དེ་བཞིན་ཉིད་ལ་དགོད་པར་བྱའོ་ཞེས་གསུངས་པའོ། །ཐུན་མོང་མ་ཡིན་པ་ཡོངས་སུ་སྤྱོད་པ་ལས་བརྩམས་ཏེ། ཕན་ཚུན་རེགས་མི་འཕྲོད་པ་རྣམས་ཀྱི་མི་མཐུན་པ་ནི་དགྲར་བྱེད་པའི་སེམས་དང༌། འཐབ་པའི་ཚིག་དང་གཉིས་ཀྱིས་རབ་ཏུ་ཕྱེ་བའོ། །དེ་ལྟར་རེགས་མི་འཕྲོད་པ་ནི་གནོད་པར་བྱ་བ་མངོན་པར་འདུ་བྱེད་པས་འབར་བར་བྱེད་པ་སྟེ། གང་གི་ཕྱིར་ཀྱེ་མ་སེམས་ཅན་འདི་ནི་རེགས་མི་འཕྲོད་པ་མི་མཐུན་པར་འཛིན་ཅིང༌། རྩོད་པ་ལ་ཞུགས་པ་རྟག་ཏུ་རྒྱུན་མི་འཆད་པར་ཁྲོ་བ་དང༌། ཁོན་དུ་འཛིན་པས་འབར་བར་གྱུར་པ་ཡིན་ཞེས་གསུངས་པའོ། །དགྲར་བྱེད་པ་ཉིད་ནི་སེམས་ཀྱིས་བྱེད་དེ། མི་མཐུན་པར་འཛིན་ཞེས་བྱ་བའི་ཚིག་གིས་བྱེད་པར་སྟོན་ཏོ། །འཐབ་པ་ནི་རྩོད་པ་ལ་ཞུགས་པ་ཞེས་བྱ་བའི་ཚིག་གིས་སྟོན་ཏོ། །གནོད་པ་བྱ་བ་མངོན་པར་འདུ་བྱེད་པ་ནི་ཁྲོ་བ་དང༌། ཁོན་དུ་འཛིན་པ་ཞེས་བྱ་བའི་ཚིག་གིས་སྟོན་ཏོ། །དེ་དག་དང་མཐུན་པའི་གཉེན་པོ་ནི་བྱམས་པ་ཆེན་པོ་ཉེ་བར་སྒྲུབ་པ་སྟེ། གང་གི་ཕྱིར་དེ་དག་བདག་གིས་བླ་ན་མེད་པའི་བྱམས་པ་ཆེན་པོ་ཉེ་བར་སྒྲུབ་པ་ལ་དགོད་པར་བྱའོ་ཞེས་གསུངས་པའོ། །ཆོག་མི་ཤེས་པར་ཡོངས་སུ་སྤྱོད་པ་ལས་བརྩམས་ཏེ་ངོམས་མི་མྱོང་བ་ནི་བརྣབ་སེམས་ཏེ། སེམས་ཀྱིས་དང༌།


DTG113_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

རྐུ་བ་དང༌། གཞལ་ལུགས་ལ་གཡོ་བྱེད་པ་དང༌། བརྫུན་སྨྲ་བ་ལ་སོགས་པའི་སྦྱོར་བ་སྟེ། ལུས་དང་ངག་དང་གཉིས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། གང་གི་ཕྱིར་ཀྱེ་མ་སེམས་ཅན་འདི་དག་ནི། ངོམས་མི་མྱོང་ཞིང་གཞན་གྱི་ནོར་ལ་མངོན་པར་འདོད་པ་ཅན་ཡང་བའི་འཚོ་བས་རྗེས་སུ་སྤྱོད་པ་ཡིན་གྱིས་ཞེས་གསུངས་པའོ། །དེ་དག་དང་མཐུན་པའི་གཉེན་པོ་ནི། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་ཡོངས་སུ་དག་པས་འཚོ་བ་སྟེ། གང་གི་ཕྱིར་དེ་དག་བདག་གིས་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་ཡོངས་སུ་དག་པས་འཚོ་བ་ལ་དགོད་པར་བྱའོ་ཞེས་གསུངས་པའོ། །སོགས་འཇོག་བྱེད་པས་ཡོངས་སུ་སྤྱོད་པ་ལས་བརྩམས་ཏེ་སོགས་པའི་ཚེ། དེ་ལ་མངོན་པར་ཆགས་པ་དང༌། དེའི་དགྲ་བོ་ལ་ཞེ་སྡང་བ་དང༌། དེ་ལ་ཡོན་ཏན་དུ་འཛིན་པས་འདོད་ཆགས་ལ་སོགས་པའི་གཞིའི་ཉེས་པ་དང་ཡོངས་སུ་སྤྱོད་པའི་ཚེ། ཡུལ་ལ་ཉོན་མོངས་པའི་སྒོ་མང་པོ་ནས་རྒྱུན་མི་འཆད་པར་ཡོངས་སུ་གདུད་པའི་ཉེས་པ་དང༌། དེའི་ཉེས་དམིགས་མ་མཐོང་བ་རྣམས་ངེས་པར་འབྱུང་བ་མི་ཚོལ་བའི་ཉེས་པ་སྟེ། གང་གི་ཕྱིར་ཀྱེ་མ་སེམས་ཅན་འདི་དག་ནི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་གཞི་དང་ལྡན་པ། ཉོན་མོངས་པ་སྣ་ཚོགས་ཀྱི་མེ་ལྕེ་རྟག་ཏུ་རྒྱུན་མི་འཆད་པར་ཀུན་དུ་འབར་བར་གྱུར་ཀྱང་དེ་ལས་ངེས་པར་འབྱུང་བའི་ཐབས་ཡོངས་སུ་མི་ཚོལ་བ་ཡིན་གྱིས་ཞེས་གསུངས་པའོ། །དེ་དག་དང་མཐུན་པའི་གཉེན་པོ་ནི་ཉོན་མོངས་པ་ཐམས་ཅད་ཤིན་ཏུ་ཞི་བ་ལ་དགོད་པ་སྟེ། གང་གི་ཕྱིར་དེ་དག་བདག་གིས་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བ། འཚེ་བ་མེད་པའི་མྱ་ངན་ལས་འདས་པ་ལ་དགོད་པར་བྱའོ་ཞེས་གསུངས་པའོ། །ཚེ་འདི་ལ་ཀུན་དུ་ཚོལ་བའི་ཉེས་པར་སྤྱད་པ་ལ་ཞུགས་པ་རྣམས་ཀྱི་ཉེས་པ་ནི། ལོག་པ་ལ་བདེ་བར་མཐོང་བ་དང༌། ཚེ་རབས་གཞན་གྱི་ཉེས་དམིགས་ཡོད་ཡང་དག་པ་མི་མཐོང་བ་དང༌། ཚེ་འདིའི་ཉེས་དམིགས་ཡོད་ཡང་དག་པ་ཤིན་ཏུ་མི་མཐོང་བའི་ཕྱིར། གཏི་མུག་གི་མུན་པའི་རབ་རིབ་དང༌། ལིང་ཏོག་དང་མུན་ནག་ཏུ་གྱུར་པས་བསྒྲིབས་པ་སྟེ། གང་གི་ཕྱིར་ཀྱེ་མ་སེམས་ཅན་འདི་དག་ནི་གཏི་མུག་གི་མུན་པའི་རབ་རིབ་དང༌། ལིང་ཏོག་དང་མུན་ནག་གིས་བསྒྲིབས་པ་ཞེས་གསུངས་པའོ། །དེ་ལ་ལོག་པ་ལ་བདེ་བར་


DTG113_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བས་གང་གི་ཕྱིར་གཏི་མུག་གི་མུན་པའི་རབ་རིབ་ཅེས་བྱའོ། །ཚེ་རབས་གཞན་གྱི་ཉེས་དམིགས་ཡོད་ཡང་དག་པ་མི་མཐོང་བས་ལིང་ཏོག་ཅེས་བྱའོ། །ཚེ་འདིའི་ཉེས་དམིགས་ཡོད་ཡང་དག་པ་ཤིན་ཏུ་མི་མཐོང་བས་མུན་ནག་ཅེས་བྱའོ། །གཏི་མུག་དེའི་རྒྱུ་བག་ལ་ཉལ་བརྟས་པར་གྱུར་པ་དང༌། དེའི་ཚོགས་ལེགས་པར་སྤྱད་པའི་མི་མཐུན་པའི་ཕྱོགས་ལ་ཞུགས་པས་ཟག་པ་མེད་པའི་ཤེས་རབ་ལས་རིང་དུ་གྱུར་པ་ཡང་ཉེས་པ་སྟེ། གང་གི་ཕྱིར་མུན་ནག་གི་ཐིབས་པོ་ཆེན་པོར་ཞུགས་པ་ཤེས་རབ་ཀྱི་སྣང་བ་དང་རིང་དུ་གྱུར་པ་ཞེས་གསུངས་པའོ། །ཐིབས་པོ་ཞེས་བྱ་བའི་སྒྲ་ནི་གཏི་མུག་གི་རྒྱུ་བག་ལ་ཉལ་ལ་བྱའོ། །དེའི་བརྟས་པ་ནི་ཆེན་པོ་ཞེས་བྱ་བའི་སྒྲས་ཡོངས་སུ་སྟོན་ཏོ། །གནོད་པ་ཆེན་པོའི་གནས་ངན་སོང་དུ་འགྲོ་བ་ཡང་ཉེས་པ་སྟེ། གང་གི་ཕྱིར་མུན་པ་ནག་པོའི་ནང་ན་འཐོམས་པ་ཞེས་གསུངས་པའོ། །དེ་ལ་གནོད་པ་ནི་མུན་ནག་གི་སྒྲས་ཡོངས་སུ་བསྟན་ཏེ། མུན་ནག་གི་ནང་ན་གང་དུ་རྒྱུ་བ་དེར་གནོད་པར་འགྱུར་ཏེ། དེ་དང་ཆོས་མཐུན་པས་ངན་སོང་རྣམས་ནི་གནོད་པ་ཆེན་པོའི་གནས་སུ་གྱུར་པའོ། །དེར་འགྲོ་བ་ནི་འཐོམས་པ་ཞེས་བྱ་བ་བསྟན་ཏོ། །སྡིག་པ་བྱས་པའི་མཚན་མ་མཐོང་བས། འགྱོད་པ་དང་བཅས་པའི་མཐོང་བས་འཆི་བ་ཡང་ཉེས་པ་སྟེ། གང་གི་ཕྱིར་ཡང་བ་མཐོང་བར་ཞུགས་པ་ཡིན་གྱིས་ཞེས་གསུངས་པའོ། །སྔོན་སྡིག་པ་བྱས་པའི་མཚན་མ་མཐོང་བ་དང༌། གཉེན་པོ་ཡང་དག་པར་མ་བསྒྲུབས་པའི་ཕྱིར་འགྱོད་པའི་ལྟ་བ་ནི་ཡང་བ་མཐོང་བ་ཡིན་ནོ། །ཞུགས་པ་ཞེས་བྱ་བ་ནི་འཆི་བའི་དུས་ནའོ། །དེ་དག་དང་མཐུན་པ་པོ་ནི་སྒྲིབ་པ་མེད་པའི་ཤེས་རབ་ཀྱི་མིག་ཡོངས་སུ་སྦྱང་བ་སྟེ། དེ་དག་བདག་གིས་ཅི་ནས་ཀྱང་ཆོས་ཐམས་ཅད་ཀྱི་ཇི་ལྟ་བ་དེ་བཞིན་ཉིད་གཞན་གྱི་དྲིང་མི་འཇོག་པ་ཐོབ་པར་འགྱུར་བར་ཤེས་རབ་ཀྱི་མིག་སྒྲིབ་པ་མེད་པ་རྣམ་པར་སྦྱང་བར་བྱའོ་ཞེས་གསུངས་པའོ། །ཚེ་རབས་གཞན་ཀུན་དུ་ཚོལ་བ་ན་ལེགས་པར་སྤྱད་པ་ལ་ཞུགས་པ་རྣམས་ཀྱི་ཉེས་པ་ནི་ལམ་ཡ་ང་བར་ཞུགས་པ་ཡིན་ཏེ། གང་གི་ཕྱིར་ཀྱེ་མ་སེམས་ཅན་འདི་དག་ནི་འཁོར་བའི་ལམ་ཡང་བར་ཞུགས་པ་ཞེས་གསུངས་པ་སྟེ། ལམ་ཡ་ང་བ་དེ་ནི་རང་བཞིན་དང༌། གེགས་དང༌། ཆུད་ཟ་བར་བསྟན་པར་རིག་པར་བྱའོ། །རང་བཞིན་ནི་ཕོངས་པའི་གཞིར་གྱུར་པའི་ཕྱིར་འཁོར་བའོ། །དེ་ལ་ངེས་


DTG113_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

པར་འབྱུང་བའི་གེགས་ནི་རྣམ་པ་བརྒྱད་དོ། །ངན་སོང་དང་མཐུན་པའི་ཕྱིར་གཡང་ས་ལ་མངོན་དུ་ཕྱོགས་པ་སྟེ། གང་གི་ཕྱིར་སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་གྱི་གཡང་ས་ལ་མངོན་དུ་ཕྱོགས་པ་ཞེས་གསུངས་པའོ། །འབྲས་བུ་སྡུག་བསྔལ་བ་བདེ་བར་ལྟ་བ་ལ་གནས་པས་རྒྱའི་ནང་དུ་ཞུགས་པ་ནི་གང་གི་ཕྱིར། ལྟ་བ་ངན་པའི་རྒྱ་ཉམ་ང་བར་ཞུགས་པ་ཞེས་གསུངས་པའོ། །དེའི་རྒྱུ་གཏི་མུག་གི་བག་ལ་ཉལ་གྱིས་ཁེབས་པའི་ཕྱིར་ཐིབས་པོའི་ཀུན་ནས་ཡོགས་པའོ། །དེས་ན་བརྗོད་དུ་ཟིན་ཀྱང་སྡུག་བསྔལ་དེ་ཁོང་དུ་མི་ཆུད་པ་སྟེ། གང་གི་ཕྱིར་གཏི་མུག་ཐིབས་པོས་ཀུན་ནས་ཡོགས་པ་ཞེས་གསུངས་པའོ། །དོན་དམ་པའི་བདེ་བ་ལ་ལམ་ལོག་པར་ཞུགས་པའི་ཕྱིར། ལོག་པའི་ལམ་དུ་ཞུགས་པ་ནི་གང་གི་ཕྱིར་ལམ་ལོག་པར་གོལ་བའི་ལམ་དུ་ཞུགས་པ་ཞེས་གསུངས་པའོ། །ཐོབ་པའི་འབྲས་བུ་ཡོངས་སུ་སྤྱོད་པ་ལ་འདོད་ཆགས་ཀྱིས་ལྡོངས་པའི་ཕྱིར། ལྡོངས་པར་གྱུར་པ་ནི་གང་གི་ཕྱིར་ལྡོངས་པར་གྱུར་པ་ཞེས་གསུངས་པའོ། །མི་ཁོམ་པར་སྐྱེས་པ་དང༌། བག་མེད་པའི་ཉེས་པ་གཉིས་ཀྱིས་སངས་རྒྱས་འབྱུང་བ་མཉེས་པར་མི་བྱེད་པས་སྟོན་པ་དང་བྲལ་བ་ནི་གང་གི་ཕྱིར་ཡོངས་སུ་འདྲེན་པ་མེད་པ་ཞེས་གསུངས་པའོ། །བྲམ་ཟེ་ལ་སོགས་པ་ཚངས་པའི་འཇིག་རྟེན་ལ་སོགས་པ་ལ་ངེས་པར་འབྱུང་བར་ལྟ་བས། གང་དུ་འགྲོ་བར་བསམས་པ་དེ་ལས་དེའི་བློ་གཞན་དུ་གྱུར་པ་ནི་ངེས་པར་འབྱུང་བ་མ་ཡིན་པ་ལ། ངེས་པར་འབྱུང་བར་ལྟ་བ་ཞེས་གསུངས་པའོ། །བདུད་ཀྱི་ཡུལ་འདོད་པ་ལ་ཀུན་དུ་ཆགས་པ་ནི་བསོད་ནམས་ཟད་པ་དང༌། མི་སོགས་པ་གཉིས་ཀྱིས་བཅོམ་པའི་ཕྱིར་ཆོམ་པོས་ཟིན་པ་ནི་གང་གི་ཕྱིར་བདུད་ཀྱི་ལམ་གྱི་ཆོམ་པོས་ཟིན་པ་ཞེས་གསུངས་པའོ། །ཆུད་ཟ་བ་ནི་རྣམ་པ་གསུམ་སྟེ། ས་ངན་པ་ལ་གནས་པའི་ཕྱིར་སྟོན་པ་མཁས་པ་མེད་པ་ནི་གང་གི་ཕྱིར། ཡོངས་སུ་འདྲེན་པ་མཁས་པ་དང་བྲལ་བ་ཞེས་གསུངས་པའོ། །དགྲའི་ས་ན་གནས་པ་ནི་གང་གི་ཕྱིར་བདུད་ཀྱི་བསམ་པའི་ཐིབས་པོར་ཞུགས་པ་ཞེས་གསུངས་པའོ། །ཟུན་གྱི་ས་ལས་རིང་དུ་གྱུར་པ་ནི་གང་གི་ཕྱིར་སངས་རྒྱས་ལ་བསམས་པ་ལས་རིང་དུ་གྱུར་བ་ཡིན་གྱིས་ཞེས་གསུངས་པའོ། །དེ་དག་དང་མཐུན་པའི་གཉེན་པོ་ནི་འཁོར་བ་ལས་བསྒྲལ་བ་དང༌། ཐམས་ཅད་མཁྱེན་པ་ཉིད་


DTG113_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགོད་པ་སྟེ་གང་གི་ཕྱིར་དེ་དག་བདག་གིས་རྣམ་པ་དེ་ལྟ་བུའི་འཁོར་བའི་ནགས་ཁུང་ཡ་ང་བ་བགྲོད་པར་དཀའ་བ་ལས་བསྒྲལ་བར་བྱ། འཇིགས་པ་མེད་པའི་གནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་ཆེན་པོར་དགོད་པར་བྱའོ་ཞེས་གསུངས་པའོ། །འགྲོ་བའི་སྒོ་ནས་སྲིད་པ་ཚོལ་བ་ནི་ཀླུང་ཆེན་པོར་བྱིང་བ་ཉིད་ཀྱི་ཉེས་པ་སྟེ་གང་གི་ཕྱིར་ཀྱེ་མ་སེམས་ཅན་འདི་དག་ནི་ཀླུང་རླབས་ཆེན་པོའི་ནང་དུ་བྱིང་བ་ཞེས་གསུངས་པའོ། །དེ་ནི་རང་བཞིན་དང༌། གནོད་པ་འབྱུང་བར་བྱེད་པ་དང༌། ཆུད་ཟ་བས་བསྟན་པར་རིག་པར་བྱའོ། །དེ་ལ་རྣམ་པ་ལྔས་རང་བཞིན་བསྟན་ཏེ། ཆུ་བོའི་ཀླུང་ཆེ་བའི་ཕྱིར། ཟབ་པ་ནི་གང་གི་ཕྱིར་འདོད་པ་དང༌། སྲིད་པ་དང༌། མ་རིག་པ་དང༌། ལྟ་བའི་ཆུ་བོར་ཞུགས་པ་ཞེས་གསུངས་པའོ། །འཁོར་བའི་རྒྱུན་གྱིས་རྗེས་སུ་བདས་པའི་ཕྱིར། བདས་པ་ནི་གང་གི་ཕྱིར་འཁོར་བའི་རྒྱུན་གྱིས་བདས་པ་ཞེས་གསུངས་པའོ། །སྲེད་པ་ཞེས་བྱ་བའི་ཕྱིར། མིང་ནི་གང་གི་ཕྱིར་སྲེད་པའི་ཆུ་ཀླུང་དུ་ཞུགས་པ་ཞེས་གསུངས་པའོ། །སྐད་ཅིག་ཙམ་ཡང་མི་སྡོད་པ་དང༌། འགྲམ་བལྟ་བར་མི་ནུས་པའི་ཕྱིར། ཤུགས་དྲག་པ་ནི་གང་གི་ཕྱིར་ཤུགས་དྲག་པོས་བདས་ཏེ་ལྟ་བའི་མཐུ་མེད་པ་ཞེས་གསུངས་པའོ། །འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་མང་པོའི་རྗེས་སུ་འགྲོ་བས་རྒྱས་པ་ཉིད་ནི་གང་གི་ཕྱིར་འདོད་པ་དང༌། གནོད་སེམས་དང༌། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་མང་པོའི་རྗེས་སུ་རྒྱུ་བ་ཞེས་གསུངས་པའོ། །གནོད་པ་འབྱུང་བར་བྱེད་པ་ཡང་རྣམ་པ་བཞི་སྟེ། ངར་འཛིན་པ་དང༌། ང་ཡིར་འཛིན་པ་གཉིས་ཀྱིས་ཁྱིམ་གྱི་གནས་ལས་མི་འཕགས་པའི་ཕྱིར། ཆུ་སྲིན་གྱིས་ཟིན་པ་ནི་གང་གི་ཕྱིར་འཇིག་ཚོགས་ལ་ལྟ་བའི་ཆུའི་སྲིན་པོས་ཟིན་པ་ཞེས་གསུངས་པའོ། །བོར་ནས་ཀྱང་འདོད་པ་རྗེས་སུ་དྲན་པས་འདོད་པ་རྣམས་སུ་སྐོར་བའི་ཕྱིར། ཀློང་དུ་ཆུད་པ་ནི་གང་གི་ཕྱིར་འདོད་པའི་ཐིབས་པོའི་ཀློང་དུ་ཞུགས་པ་ཞེས་གསུངས་པའོ། །ཡོངས་སུ་སྤྱོད་པའི་དུས་ན་དགའ་བ་ཅན་དང༌། འདོད་ཆགས་ཀྱིས་བདེ་བའི་འདམ་དུ་ཐོགས་པའི་ཕྱིར། དཀྱིལ་དུ་ཐོགས་པ་ནི་གང་གི་ཕྱིར་དགའ་བ་ཅན་དང༌། འདོད་ཆགས་ཀྱི་དཀྱིལ་དུ་ཀུན་དུ་ཐོགས་པ་ཞེས་གསུངས་པའོ། །ཐ་སྙད་ཀྱི་དུས་ན་ང་དྲག་གོ་སྙམ་པ་ལ་སོགས་པ་ང་རྒྱལ་རྣམ་པ་གསུམ་གྱིས་ཁེངས་པར་གྱུར་པའི་ཕྱིར། གླིང་གི་ཐང་ལ་ཐོན་པ་ནི་གང་གི་


DTG113_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ངའོ་སྙམ་པའི་ང་རྒྱལ་གྱི་ཐང་ལ་འཐོན་པ་ཞེས་གསུངས་པའོ། །ཆུད་ཟ་བ་ཡང་རྣམ་པ་གསུམ་སྟེ། ངན་སོང་རྣམས་ན་སྐྱབས་མེད་པའི་ཕྱིར་འཆི་བས་ཆུད་ཟ་བ་ནི་གང་གི་ཕྱིར་དཔུང་གཉེན་མེད་པ་ཞེས་གསུངས་པའོ། །བདེ་འགྲོར་མི་འཕགས་པའི་ཕྱིར། མི་འགྲོ་བས་ཆུད་ཟ་བ་ནི་གང་གི་ཕྱིར་སྐྱེ་མཆེད་ཀྱི་གྲོང་ནས་མ་འཕགས་པ་ཞེས་གསུངས་པའོ། །མི་ཁོམ་པར་སྐྱེས་ཏེ་སངས་རྒྱས་འབྱུང་བ་དང་བྲལ་བའི་ཕྱིར། གཞན་དུ་འགྲོ་བས་ཆུད་ཟ་བ་ནི་གང་གི་ཕྱིར་སྒྲོལ་བ་མཁས་པ་དང་བྲལ་བ་ཡིན་གྱི་ཞེས་གསུངས་པའོ། །དེ་རྣམས་ལས་བཟློག་པ་དེ་དག་དང་མཐུན་པའི་གཉེན་པོ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་གླིང་ལ་དགོད་པ་སྟེ་གང་གི་ཕྱིར་དེ་དག་བདག་གིས་སྙིང་རྗེ་ཆེན་པོ་དང༌། དགེ་བའི་རྩ་བའི་སྟོབས་ཀྱིས་བཏོན་ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་གླིང་འཚེ་བ་མེད་པ། རྡུལ་མེད་པ། འཇིགས་པ་དང་སྐྲག་པ་ཐམས་ཅད་མེད་པ་ལ་རབ་ཏུ་དགོད་པར་བྱའོ་ཞེས་གསུངས་པའོ། །ཁམས་ཀྱི་སྒོ་ནས་སྲིད་པ་ཚོལ་བ་ནི། བཙོན་རར་བཅུག་པའི་ཉེས་པ་སྟེ་གང་གི་ཕྱིར་ཀྱེ་མ་སེམས་ཅན་འདི་དག་ནི་འཁོར་བའི་བཙོན་རར་བཅུག་པ་ཞེས་གསུངས་པའོ། །བཙོན་རར་བཅུག་པ་དེ་ཡང་སྡུག་བསྔལ་བ་ཉིད་དང༌། ལོངས་སྤྱོད་ཟད་པ་དང༌། སྡུག་པ་དང་བྲལ་བ་དང༌། བཅིང་པ་དང་སྒྲིབ་པའི་ཉེས་པ་ལྔ་དང་ལྡན་པར་རིག་པར་བྱའོ། །དེ་དག་ནི་ཕོངས་པ་རྣམ་པ་ལྔར་རིག་པར་བྱ་སྟེ། ནད་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམ་པ་མང་པོའི་ཕྱིར་ནད་མེད་པ་མེད་པས་ཕོངས་པ་ནི་གང་གི་ཕྱིར། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་མང་པོ་མང་བ་ཞེས་གསུངས་པའོ། །ཕུན་སུམ་ཚོགས་པ་སྤངས་པ་ཡང་མི་སྡུག་པ། རྒུད་པ་དང་འབྲེལ་པའི་ཕྱིར་ལོངས་སྤྱོད་ཀྱིས་ཕོངས་པ་ནི་གང་གི་ཕྱིར་སྡུག་པ་དང་མི་སྡུག་པར་འབྲེལ་པ་ཞེས་གསུངས་པའོ། །དེར་རྒུད་པ་དང་བྲལ་བ་མྱ་ངན་བྱེད་པའི་ཕྱིར། ཉེ་དུས་ཕོངས་པ་ནི་གང་གི་ཕྱིར། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་བཅས་པའི་རྗེས་སུ་རྒྱུ་བ་ཞེས་གསུངས་པའོ། །གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེས་པ་འཆལ་པའི་ཚུལ་ཁྲིམས་སྤངས་པ་རྣམས་ལ་ཡང༌། ཚུལ་ཁྲིམས་ཀྱི་སྡོམ་པ་དང་མི་མཐུན་པ་འདོད་པ་ལ་སྲེད་པའི་བག་ལ་ཉལ་རྗེས་སུ་འབྲེལ་པའི་ཕྱིར། ཚུལ་ཁྲིམས་


DTG113_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཕོངས་པ་ནི་གང་གི་ཕྱིར་སྲིད་པའི་སྒྲོག་ཏུ་བཅུག་པ་ཞེས་གསུངས་པའོ། །འཇིག་རྟེན་པའི་ཤེས་པ་ཐོབ་པ་རྣམས་ཀྱི་དེ་དང་མི་མཐུན་པ་མ་རིག་པའི་བག་ལ་ཉལ་གྱིས་ཁེབས་པའི་ཕྱིར། ལྟ་བས་ཕོངས་པ་ནི་གང་གི་ཕྱིར་ཁམས་གསུམ་མ་རིག་པའི་ཐིབས་པོས་ཀུན་ནས་ཁེབས་པ་ཡིན་གྱིས་ཞེས་གསུངས་པའོ། །དེ་རྣམས་ལས་བཟློག་པ་དེ་དག་དང་མཐུན་པའི་གཉེན་པོ་ནི་གང་གི་ཕྱིར། དེ་དག་བདག་གིས་ཁམས་གསུམ་པ་ཐམས་ཅད་ལས་དབེན་པ་འཇིགས་པ་མེད་པའི་གྲོང་ཁྱེར་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བ། སྒྲིབ་པ་མེད་པའི་མྱ་ངན་ལས་འདས་པ་ལ་དགོད་པར་བྱའོ་ཞེས་གསུངས་པའོ། །ལོག་པའི་ཚངས་པར་སྤྱོད་པ་ཚོལ་བ་ལ་བདག་ཏུ་མངོན་པར་ཞེན་པ་ཉིད་ནི་དེ་ལྟ་བ་གཞན་རྣམས་ཀྱི་རྩ་བ་ཡིན་པའི་ཕྱིར་ཉེས་པ་སྟེ། གང་གི་ཕྱིར་ཀྱེ་མ་སེམས་ཅན་འདི་དག་ནི་བདག་ཏུ་མངོན་པར་ཞེན་པ་ཞེས་གསུངས་པའོ། །དེས་ན་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་འདོད་པ་རྣམས་ཕུང་པོའི་གནས་ལས་མི་འཕགས་ཏེ། གང་གི་ཕྱིར་ཕུང་པོའི་གནས་ལ་མ་འཕགས་པ་ཞེས་གསུངས་པའོ། །ལམ་བཟང་པོར་འགྲོ་འདོད་པ་རྣམས་ཕྱིན་ཅི་ལོག་གིས་ལམ་ངན་པར་འགྲོ་སྟེ། གང་གི་ཕྱིར་ཕྱིན་ཅི་ལོག་བཞིས་འགྲོ་བ་ཞེས་གསུངས་པའོ། །བདག་ཏུ་དམིགས་ནས་དེ་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར། འགྲོ་འདོད་པ་རྣམས་བདག་ཏུ་ལྟ་བ་དངོས་པོ་མེད་པས་སྐྱེ་མཆེད་དྲུག་གི་གྲོང་སྟོང་པ་ལ་དམིགས་པ་སྟེ། གང་གི་ཕྱིར་སྐྱེ་མཆེད་དྲུག་གི་གྲོང་སྟོང་པ་ན་གནས་པ་ཞེས་གསུངས་པའོ། །ན་བ་དང༌། རྒ་བ་དང༌། འཆི་བ་དང༌། དེ་ལས་བྱུང་བའི་སྡུག་བསྔལ་ལས་ཡོངས་སུ་ཐར་བར་འདོད་པ་རྣམས་དེའི་གནས་འབྱུང་བ་མི་མཉམ་པ་རྗེས་སུ་འབྲེལ་པའི་ཕྱིར་ཡོངས་སུ་མི་འགྲོལ་ཏེ། གང་གི་ཕྱིར་འབྱུང་བ་ཆེན་པོ་བཞིའི་སྦྲུལ་གྱིས་གཙེས་པ་ཞེས་གསུངས་པའོ། །ཕུང་པོའི་གཤེད་མ་རྗེས་སུ་འབྲང་བ་ནི་གང་གི་ཕྱིར་ཕུང་པོའི་གཤེད་མའི་ཆོམ་པོས་བཅོམ་པ་ཞེས་གསུངས་པའོ། །སྡུག་བསྔལ་སྣ་ཚོགས་རྗེས་སུ་འབྲེལ་པ་ནི་གང་གི་ཕྱིར་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བར་འགྱུར་བ་ཡིན་གྱི་ཞེས་གསུངས་པའོ། །དེ་དག་དང་མཐུན་པའི་གཉེན་པོ་ནི་སྒྲིབ་པ་ཐམས་ཅད་སྤངས་པའི་མྱ་ངན་ལས་འདས་པ་ལ་དགོད་པ་སྟེ། གང་གི་ཕྱིར་དེ་དག་བདག་གིས་


DTG113_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་བདེ་བ་གནས་ཐམས་ཅད་དང་བྲལ་བ་འདི་ལྟ་སྟེ། སྒྲིབ་པ་ཐམས་ཅད་སྤངས་པའི་མྱ་ངན་ལས་འདས་པ་ལ་དགོད་པར་བྱའོ་ཞེས་གསུངས་པའོ། །ཡང་དག་པའི་ཚངས་པར་སྤྱོད་པ་ཚོལ་བ་ན་མོས་པ་དམན་པ་ནི་ཉེས་པའོ། །དམན་པ་དེ་ཡང་མང་བ་དང་གསལ་བ་དེ་གཉིས་ཆོས་རྒྱ་ཆེན་པོར་གྱུར་པ་རྟོགས་པར་བྱ་བ་ལ་ཞུམ་པས་དམའ་བ་དང༌། སེམས་ཅན་མཐའ་ཡས་པའི་དོན་བྱ་བ་ལ་ཡོངས་སུ་སྐྱོ་བས་ཞེན་པ་དང༌། རྣམ་པ་གཉིས་ཀྱིས་ཕྱེ་བ་སྟེ་གང་གི་ཕྱིར་ཀྱེ་མ་སེམས་ཅན་འདི་དག་ནི་ཞུམ་ཞིང་ཞེན་པས་མོས་པ་དམན་པ་ཞེས་གསུངས་པའོ། །མོས་པ་དམན་པ་དེ་ལ་བརྟེན་ནས་ཐེག་པ་དམན་པ་ལ་སྨོན་པས་སྨོན་ལམ་གྱི་ཉེས་པ་སྟེ་གང་གི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཆོག་གི་སེམས་མི་བདོག་པ་ཞེས་གསུངས་པའོ། །བསྒྲུབ་པའི་ཉེས་པ་ནི་མ་ངེས་པའི་ཚོགས་ལ་གནས་པ་རྣམས་ཐེག་པ་མཆོག་གི་ངེས་པར་འབྱུང་བ་ཡོད་བཞིན་དུ་ཐེག་པ་དམན་པ་བསྒྲུབ་པར་རིག་པར་བྱ་སྟེ་གང་གི་ཕྱིར་ཐེག་པ་མཆོག་གི་ངེས་པར་འབྱུང་བ་ཡོད་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པར་ལྟུང་བ་ཡིན་གྱིས་ཞེས་གསུངས་པའོ། །དེ་དག་དང་མཐུན་པའི་གཉེན་པོ་ནི་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་བློ་གྲོས་རྒྱས་པས་དམིགས་པ་ལ་འགོད་པ་སྟེ། གང་གི་ཕྱིར་དེ་དག་བདག་གིས་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་བློ་གྲོས་རྣམ་པར་རྒྱས་པས་དམིགས་པ་ལ་དགོད་པར་བྱའོ་སྙམ་མོ་ཞེས་གསུངས་པའོ། །སྡོམ་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས། ཚུལ་ཁྲིམས་ཀྱི་སྟོབས་བསྐྱེད་པ་ཐོབ་ལ་དགེ་བའི་ཆོས་བསྡུ་བར་བྱ་བ་དང༌། སེམས་ཅན་གྱི་དོན་བྱེད་པའི་དབང་དུ་བྱས་ནས་བྱ་བ་མངོན་པར་བསྒྲུབ་པ་ལ་མཁས་པར་རིག་པར་བྱ་སྟེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་ཚུལ་ཁྲིམས་ཀྱི་སྟོབས་བསྐྱེད་པ་དེ་ལྟ་བུ་དང་ལྡན་པ། བྱ་བ་མངོན་པར་སྒྲུབ་པ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ས་དྲི་མ་མེད་པ་ལ་གནས་པ་དེ་ལ་ཞེས་བྱ་བ་གསུངས་པའོ། །འདི་མན་ཆད་སངས་རྒྱས་མང་པོ་སྣང་བར་འགྱུར་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་འབྲས་བུའི་ཕན་ཡོན་གྱི་ཁྱད་པར་སྟོན་ཏེ། ས་དང་པོ་ལ་ཇི་ལྟ་བ་བཞིན་དུ་འདིར་ཡང་ཅི་རིགས་སུ་རིག་པར་བྱའོ། །བསྐལ་པ་མང་པོར་སེར་སྣ་དང་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་བསལ་བས་གཏོང་


DTG113_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། ཚུལ་ཁྲིམས་རྣམ་པར་དག་པ་ཡང་དག་པར་འགྲུབ་བོ་ཞེས་བྱ་བ་འདི་ནི་ཁྱད་པར་རོ། །ས་དང་པོ་ལ་ནི་ཚུལ་ཁྲིམས་རྣམ་པར་མ་དག་པས་གཏོང་བ་ཡང་རྣམ་པར་མ་དག་གོ །དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཤས་ཆེ་བར་ཅིའི་ཕྱིར་གསུངས་ཤེ་ན། དེ་མ་ཡིན་པ་དག་ཤས་ཆུང་བའི་ཕྱིར་རོ། །དེ་ཡང་འདིར་ཆེས་ཡོངས་སུ་དག་པར་རིག་པར་བྱའོ། །རྣམ་པར་དག་པ་ཡང་དག་པར་འགྲུབ་པ་དེས་སེར་སྣ་དང༌། འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་དང་བྲལ་བའི་ཕྱིར་ས་འདི་དྲི་མ་མེད་པའོ་ཞེས་ངེས་པའི་ཚིག་ཡོངས་སུ་སྟོན་ཏོ། །ས་དང་པོ་ལ་ནི་གསེར་གྱི་ས་ལེ་སྦྲམ་མེར་བསྲེགས་པས་ཕྱི་རོལ་གྱི་ལྕགས་ལ་སོགས་པའི་གཡའ་ཉི་ཚེ་མེད་པའི་དཔེས་བསྟན་གྱི། འདིར་ནི་ནག་ཚུར་དུ་བཅུག་ན་རང་བཞིན་གྱི་དྲི་མ་འོད་གསལ་བ་མ་ཡིན་པ་བསལ་ནས། རང་བཞིན་གྱིས་བཟང་བས་རང་བཞིན་གྱི་ཚུལ་ཁྲིམས་ཡོངས་སུ་དག་པར་བསྟན་ཏོ། །འཕགས་པ་ས་བཅུ་པ་ལས་ས་གཉིས་པའི་རྣམ་པར་བཤད་པ་རྫོགས་སོ།། །།བམ་པོ་དྲུག་པ། ས་གསུམ་པ་ནི་འདོད་ཆགས་དང་བྲལ་བར་སྦྱོར་བ་འབྱུང་བར་བྱེད་པ་དང༌། འདོད་ཆགས་དང་འབྲལ་བར་སྦྱོར་བ་དང༌། འདོད་ཆགས་དང་བྲལ་བ་དང༌། འདོད་ཆགས་དང་བྲལ་བའི་འབྲས་བུའི་དབང་དུ་བྱས་པར་རིག་པར་བྱའོ། །དེ་ལ་འདོད་ཆགས་དང་བྲལ་བར་སྦྱོར་བ་འབྱུང་པར་བྱེད་པ་ནི། སེམས་ཀྱི་བསམ་པ་ཡིད་ལ་བྱེད་པ་བཅུ་པ་དག་གོ །འདོད་ཆགས་དང་འབྲལ་བར་སྦྱོར་བ་ནི་བསམ་གཏན་བསྒྲུབས་ཏེ་གནས་པར་མ་གྱུར་གྱི་བར་དུའོ། །འདོད་ཆགས་དང་བྲལ་བ་ནི་བསམ་གཏན་དང༌། གཟུགས་མེད་པའི་སྙོམས་བར་འཇུག་པ་རྣམས་སོ། །འདོད་ཆགས་དང་བྲལ་བའི་འབྲས་བུ་ནི་ཚད་མེད་པ་ལ་སོགས་པའོ། །དེ་ལ་འདོད་ཆགས་དང་བྲལ་བའི་སེམས་ཀྱི་བསམ་པ་ནི་དག་པའི་སེམས་ཀྱི་བསམ་པ་ཡིན་པར་རིག་པར་བྱའོ། །དེའི་རྒྱུ་ཡིད་ལ་བྱེད་པ་ནི་དག་པའི་སེམས་ཀྱི་བསམ་པ་ཡིད་ལ་བྱེད་པ་སྟེ། གང་གི་ཕྱིར་གྱི་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་གཉིས་པ་ལ་ལྷག་པའི་བསམ་པ་ཤིན་ཏུ་ཡོངས་སུ་སྦྱངས་པའི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་ས་གསུམ་པ་གནོན་ཏེ། དེས་སེམས་ཀྱི་བསམ་པ་ཡིད་ལ་བྱེད་པ་རྣམ་པ་བཅུས་གནོན་ཏོ། །བཅུ་གང་ཞེ་ན། འདི་ལྟ་


DTG113_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་དག་པའི་སེམས་ཀྱི་བསམ་པ་ཡིད་ལ་བྱེད་ཅེས་གསུངས་པའོ། །དག་པའི་སེམས་ཀྱི་བསམ་པ་ཡོངས་སུ་མི་ཉམས་པ་དེ་ཉིད་ཀྱི་དབང་དུ་བྱས་ནས་གཉིས་པ་སྟེ། གང་གི་ཕྱིར་བརྟན་པའི་སེམས་ཀྱི་བསམ་པ་ཡིད་ལ་བྱེད་པ་ཞེས་གསུངས་པའོ། །ཐོབ་པར་བྱ་བའི་ཐབས་ནི་དེའི་མི་མཐུན་པའི་ཕྱོགས་མ་འོངས་པའི་འདོད་པ་སུན་འབྱིན་པ་དང༌། ད་ལྟར་བྱུང་བའི་འདོད་པ་ལ་མ་ཆགས་པའི་དབང་དུ་བྱས་ནས་གསུམ་པ་དང་བཞི་པ་སྟེ། གང་གི་ཕྱིར་སྐྱོ་བའི་སེམས་ཀྱི་བསམ་པ་ཡིད་ལ་བྱེད་པ་དང༌། འདོད་ཆགས་དང་བྲལ་བའི་སེམས་ཀྱི་བསམ་པ་ཡིད་ལ་བྱེད་པ་ཞེས་གསུངས་པའོ། །རང་གི་ཐེག་པ་མི་འདོར་བའི་དབང་དུ་བྱས་ནས་ལྔ་པ་སྟེ། གང་གི་ཕྱིར་ཕྱིར་མི་ལྡོག་པའི་སེམས་ཀྱི་བསམ་པ་ཡིད་ལ་བྱེད་པ་ཞེས་གསུངས་པའོ། །རང་གི་ས་པའི་ཉོན་མོངས་པས་མི་ཤིགས་པའི་དབང་དུ་བྱས་ནས་དྲུག་པ་སྟེ། གང་གི་ཕྱིར་སྲ་བའི་སེམས་ཀྱི་བསམ་པ་ཡིད་ལ་བྱེད་པ་ཞེས་གསུངས་པའོ། །སྙོམས་པར་འཇུག་པ་ལ་དབང་བའི་དབང་དུ་བྱས་ནས་བདུན་པ་སྟེ། གང་གི་ཕྱིར་སྦྱངས་པའི་སེམས་ཀྱི་བསམ་པ་ཡིད་ལ་བྱེད་པ་ཞེས་གསུངས་པའོ། །འོག་མར་སྐྱེ་བ་དང་ཡོངས་སུ་མི་ཉམས་པ་གཉིས་ཀྱིས། བསམ་གཏན་བཟློག་ནུས་པ་ཉིད་ཀྱི་དབང་དུ་བྱས་ནས་བརྒྱད་པ་སྟེ། གང་གི་ཕྱིར་རང་དབང་གི་སེམས་ཀྱི་བསམ་པ་ཡིད་ལ་བྱེད་པ་ཞེས་གསུངས་པའོ། །དེར་སྐྱེས་ཀྱང་ཀུན་ནས་ཉོན་མོངས་པ་མེད་པ་ཉིད་ཀྱི་དབང་དུ་བྱས་ནས་དགུ་པ་སྟེ། གང་གི་ཕྱིར་རླབས་པོ་ཆེའི་སེམས་ཀྱི་བསམ་པ་ཡིད་ལ་བྱེད་པ་ཞེས་གསུངས་པའོ། །སེམས་ཅན་གྱི་དོན་བྱ་བའི་ཕྱིར། སྲིད་པའི་རྒྱུན་གཅོད་པའི་དབང་དུ་བྱས་ནས་སེམས་ཀྱི་བསམ་པ་ཡིད་ལ་བྱེད་པ་བཅུ་པར་རིག་པར་བྱ་སྟེ། གང་གི་ཕྱིར་ཆེ་བ་ཉིད་ནི་སེམས་ཀྱི་བསམ་པ་ལ་བྱེད་པ་ཞེས་གསུངས་པའོ། །འདོད་ཆགས་དང་བྲལ་བར་སྦྱོར་བ་ནི་རྣམ་པ་གསུམ་སྟེ། ཀུན་ནས་ཉོན་མོངས་པ་ལས་བསྲུང་བའི་སྦྱོར་བ་དང༌། ཐེག་པ་དམན་པ་ལས་ཀུན་དུ་བསྲུང་བའི་སྦྱོར་བ་དང༌། ཐབས་ཡོངས་སུ་བཟུང་བའི་སྦྱོར་བའོ། །དེ་ལ་ཀུན་ནས་ཉོན་མོངས་པ་ལས་ཀུན་དུ་བསྲུང་བའི་སྦྱོར་བ་ནི་འདུ་བྱེད་དུ་གྱུར་པ་ཐམས་ཅད་ལ་མི་རྟག་པ་ཉིད་དང༌། མངོན་དུ་བསྟན་པར་བྱ་བ་མ་ཡིན་པར་བཅུ་པ་གཉིས་ཀྱི་ཡོངས་སུ་བརྟག་པ་སྟེ། དེ་ལ་མདོར་ན་ཚེའི་འདུ་བྱེད་


DTG113_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

མི་གནས་པ་ཉིད་ཡིན་པས་མི་རྟག་པར་ཡོངས་སུ་རྟོགས་པ་སྟེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་གསུམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་འདུ་བྱེད་དུ་གྱུར་པ་ཐམས་ཅད་ལ་མི་རྟག་པར་སོ་སོར་རྟོག་ཅེས་གསུངས་པའོ། །དེའི་འོག་ཏུ་མི་རྟག་པ་ཉིད་དེ་ཇི་ལྟ་བུ་ཡིན་པ་དང༌། གང་ཡིན་པ་དེ་ཡོངས་སུ་རྟོག་སྟེ་མི་རྟག་པ་ཉིད་དེ་ཇི་ལྟ་བུ་ཞེ་ན། ལུས་ཀྱི་གནས་སྐབས་འགྱུར་བའི་དབང་གིས་སྡུག་བསྔལ་ཉིད་རྣམ་པར་གསུམ་དང་ལྡན་པ་སྟེ། གང་གི་ཕྱིར་སྡུག་བསྔལ་བ་ཞེས་གསུངས་པའོ། །ཟས་ཀྱི་ས་གནས་པའི་དབང་གིས་མདོག་མི་སྡུག་པ་ལ་སོགས་པར་འགྱུར་བ་ནི། གང་གི་ཕྱིར་མི་སྡུག་པ་ཞེས་གསུངས་པའོ། །མི་མཐུན་པ་ཡོངས་སུ་མ་སྤངས་པའི་དབང་གིས་དུས་མ་ཡིན་པར་འཆི་བ་ནི། གང་གི་ཕྱིར་ཡིད་བརྟན་དུ་མི་རུང་བ་ཞེས་གསུངས་པའོ། །སྣོད་རྣམས་འཇིག་པའི་དབང་གིས་འཇིག་པ་ནི་གང་གི་ཕྱིར་རྣམ་པར་འཇིག་པ་ཞེས་གསུངས་པའོ། །ལོངས་སྤྱོད་རྣམས་ཀྱི་བདག་པོ་ངེས་པ་མེད་པའི་དབང་གིས་གཅིག་དང་མི་གནས་པ་ནི་གང་གི་ཕྱིར་རིང་དུ་མི་གནས་པ་ཞེས་གསུངས་པའོ། །མི་རྟག་པ་དེ་གང་ཞེ་ན། དེ་ནི་རྣམ་པ་གཉིས་ཏེ་མྱུར་བའི་དུས་ནི་གང་གི་ཕྱིར་སྐྱེ་བ་དང་འགག་པ་ཉིད་སྐད་ཅིག་པ་ཞེས་གསུངས་པའོ། །རང་བཞིན་ཡོངས་སུ་གྲུབ་བ་མེད་དེ། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དུས་རྣམས་སུ་མ་བྱུང་བ་དང༌། མི་འཕོ་བ་དང༌། འགག་པ་ནི་གང་གི་ཕྱིར་སྔོན་གྱི་མཐར་མ་བྱུང་བ་དང༌། ཕྱི་མའི་མཐར་འཕོ་བ་མེད་པ་དང༌། ད་ལྟར་བྱུང་བ་ལ་མི་གནས་པར་སོ་སོར་རྟོག་གོ་ཞེས་གསུངས་པའོ། །དེ་ལྟར་འདུ་བྱེད་དུ་གྱུར་པ་མི་རྟག་པ་ལ་ཅི་འདུ་བྱེད་དུ་གྱུར་པ་ལ་བརྟེན་པར་བྱ་བའི་ཕྱིར། མངོན་དུ་རྟེན་དུ་རུང་བ་འགའ་ཞིག་ཡོད་དམ་སྙམ་ན། ཐམས་ཅད་མངོན་དུ་བསྟེན་པར་བྱ་བ་མ་ཡིན་པར་མཐོང་སྟེ། གང་གི་ཕྱིར་དེ་འདུ་བྱེད་དུ་གྱུར་བ་དེ་ལྟ་བུ་ཐམས་ཅད་ལ་ཡང་དག་པར་རྟོག་པའི་ཆོ་མངོན་དུ་བསྟེན་པར་བྱ་བ་མ་ཡིན་པ་ཞེས་བཅུ་པ་གཉིས་པ་ལས་གསུངས་པའོ། །མངོན་དུ་བསྟེན་པར་བྱ་བ་མ་ཡིན་པ་དེ་ཡང་རྣམ་པ་དགུར་རིག་པར་བྱ་སྟེ། མི་རྟག་པ་ཉིད་དུ་མ་གྱུར་པ་སྟོན་པ་མ་ཡིན་པ་ནི་གང་གི་ཕྱིར་གསོལ་འདྲུའི་གནས་མེད་པ་ཞེས་གསུངས་པའོ། །གྱུར་པ་ནི་དཔུང་གཉེན་མེད་པས་དེ་གྱུར་པའི་


DTG113_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ཐོག་མར་སྡུག་བསྔལ་བར་གྱུར་པས་མྱ་ངན་དང་བཅས་པ་ནི་གང་གི་ཕྱིར་མྱ་ངན་དང་བཅས་པ་ཞེས་གསུངས་པའོ། །བར་དུ་སྨྲེ་བ་དང་བཅས་པ་ནི་གང་གི་ཕྱིར་སྨྲེ་སྔགས་འདོན་པ་དང་བཅས་པ་ཞེས་གསུངས་པའོ། །ཆུང་བར་གྱུར་པ་ན་འཁྲུག་པ་དང་བཅས་པས་དམན་པ་ཙམ་རྗེས་སུ་འབྲང་བ་ནི་གང་གི་ཕྱིར་འཁྲུག་པ་དང་བཅས་པ་ཞེས་གསུངས་པའོ། །ལོངས་སྤྱོད་རྣམས་ཡོངས་སུ་ཚོལ་བའི་དུས་ན་བདག་ལ་སྡུག་པར་འགྱུར་གྱི། མི་སྡུག་པར་མི་འགྱུར་གྲང་སྙམ་དུ། ཚེར་མ་རྣམས་ཀྱི་སྡུག་པ་དང༌། མི་སྡུག་པར་འབྲེལ་པ་ནི་གང་གི་ཕྱིར་སྡུག་པ་དང་མི་སྡུག་པར་འབྲེལ་པ་ཞེས་གསུངས་པའོ། །ཡོངས་སུ་སྤྱོད་པའི་དུས་ན་བདེ་བ་ཆུང་ལ་སྡུག་བསྔལ་མང་བ་ནི་གང་གི་ཕྱིར། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་མང་པོ་མང་བ་ཞེས་གསུངས་པའོ། །ལུས་རྒས་པའི་གནས་སྐབས་ན་བྱིས་པ་ལ་སོགས་པའི་གནས་སྐབས་སྔ་མ་གནས་པ་ནི་གང་གི་ཕྱིར་བསགས་པ་མེད་པར་གྱུར་པ་ཞེས་གསུངས་པའོ། །ལང་ཚོ་ལ་བབ་པའི་གནས་སྐབས་ན་ཚོར་བ་རྣམ་པ་གསུམ་དང་ལྡན་པས། འདོད་ཆགས་ལ་སོགས་པའི་མེ་རབ་ཏུ་འབར་བ་ནི་གང་གི་ཕྱིར་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་མེ་རབ་ཏུ་འབར་བ་ཞེས་གསུངས་པའོ། །ཆེས་འགྲས་ཀྱི་གནས་སྐབས་ན་ནད་དུ་མ་རྣམ་པར་འཕེལ་བ་ནི་གང་གི་ཕྱིར་ནད་དུ་མ་རྣམ་པར་འཕེལ་བའི་ལུས་མཐོང་ནས་ཞེས་གསུངས་པའོ། །ལུས་ནི་འདས་མ་ཐག་པའི་ཚིག་གསུམ་ཆར་དང་སྦྱར་བར་བྱའོ། །ཐོག་མནར་མ་སྨོས་པ་ནི་ལུས་དེ་ཡང་དང་ཡང་བསྟན་པར་འགྱུར་བའི་ཕྱིར་རོ། །དེ་ལ་ཐེག་པ་དམན་པ་ལས་ཀུན་དུ་བསྲུང་བའི་སྦྱོར་བ་ནི་འདུ་བྱེད་དུ་གྱུར་པ་ལས་སེམས་བསྐྱོད་ནས། ཆེ་བ་ཉིད་རྣམ་པ་གཉིས་ཀུན་དུ་བསྟན་པས་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་ཡང་དག་པར་གཏོང་བ་དང༌། སེམས་ཅན་རྣམས་ལ་སེམས་ཀྱི་བསམ་པ་བཅུ་ཉེ་བར་འཇོག་པ་དང༌། དེ་དག་ཡོངས་སུ་བསྐྱབ་པའི་ཕྱིར་བརྩོན་འགྲུས་རྩོམ་པ་སྟེ། འདིས་ནི་གང་ལ་བརྟེན་ནས་གང་གི་ཕྱིར། ཇི་ལྟར་རབ་ཏུ་སྦྱོར་བར་བྱེད་པ་དེ་ཡོངས་སུ་བསྟན་པ་ཡིན་ཏེ། གང་གི་ཕྱིར་དེ་འདུ་བྱེད་དུ་གྱུར་པ་ཐམས་ཅད་ལས་དེ་བས་ཀྱང་ཤས་ཆེར་སེམས་བསྐྱོད་ཅིང་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་ཡང་དག་པར་གཏོང་ངོ་ཞེས་གསུངས་པའོ། །དེ་


DTG113_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཆེ་བ་ཉིད་ནི་རྣམ་པ་གཉིས་ཏེ། ཡོན་ཏན་ཡོངས་སུ་འཛིན་པ་ཆེ་བ་ཉིད་དང༌། རྣམ་པར་དག་པ་ཆེ་བ་ཉིད་དོ། །ཡོན་ཏན་ཡོངས་སུ་འཛིན་པ་ཡང་རྣམ་པ་ལྔར་རིག་པར་བྱ་སྟེ། བརྟག་མི་ནུས་པའི་ཕྱིར། མཐུའི་ཡོན་ཏན་ཡོངས་སུ་འཛིན་པ་ནི་གང་གི་ཕྱིར་དེ་བཞིན་གཤེགས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཉིད་དུ་ཡང་དག་པར་མཐོང་སྟེ་ཞེས་གསུངས་པའོ། །ཟླ་མེད་པའི་ཕྱིར་མངོན་པར་རྫོགས་པར་བྱང་ཆུབ་པའི་ཡོན་ཏན་ཡོངས་སུ་འཛིན་པ་ནི་གང་གི་ཕྱིར་མཚུངས་པ་མེད་པ་ཉིད་ཅེས་གསུངས་པའོ། །སེམས་ཅན་དཔག་ཏུ་མེད་པའི་དོན་བྱ་བའི་ཕྱིར། དོན་ཆེན་པོའི་ཡོན་ཏན་ཡོངས་སུ་འཛིན་པ་ནི་གང་གི་ཕྱིར་དཔག་ཏུ་མེད་པ་ཉིད་ཅེས་གསུངས་པའོ། །དཀོན་པའི་ཕྱིར་ཚད་གཟུང་དུ་མེད་པའི་ཡོན་ཏན་ཡོངས་སུ་འཛིན་པ་ནི་གང་གི་ཕྱིར་རྙེད་དཀའ་བ་ཉིད་ཅེས་གསུངས་པའོ། །མུ་སྟེགས་ཅན་དང་མ་འདྲེས་པའི་ཕྱིར་ཐུན་མོང་མ་ཡིན་པའི་ཡོན་ཏན་ཡོངས་སུ་འཛིན་པ་ནི་གང་གི་ཕྱིར་མ་འདྲེས་པ་ཉིད་ཅེས་གསུངས་པའོ། །རྣམ་པར་དག་པ་ནི་ཉོན་མོངས་པ་དང༌། སྡུག་བསྔལ་དང་བྲལ་བ་དང༌། མྱ་ངན་ལས་འདས་པ་ཐོབ་པ་ཡིན་པར་རིག་པར་བྱའོ། །ཉོན་མོངས་པ་དང་བྲལ་བ་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་མ་འདྲེས་པར་རིག་པར་བྱ་སྟེ། གང་གི་ཕྱིར་གནོད་པ་མེད་པ་ཉིད་ཅེས་གསུངས་པའོ། །སྡུག་བསྔལ་དང་བྲལ་བ་ནི་སྡུག་བསྔལ་དང༌། དེའི་གཞི་ལས་བྱུང་བ་མྱ་ངན་ཟད་པ་རིག་པར་བྱ་སྟེ། གང་གི་ཕྱིར་འཁྲུག་པ་མེད་པ་ཉིད་ཅེས་གསུངས་པའོ། །མྱ་ངན་ལས་འདས་པ་ཐོབ་པ་ནི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པའི་འཇིགས་པ་ཐམས་ཅད་མེད་པར་རིག་པར་བྱ་སྟེ། གང་གི་ཕྱིར་འཇིགས་པ་མེད་པའི་གྲོང་ཁྱེར་དུ་འགྲོ་བ་ཉིད་ཅེས་གསུངས་པའོ། །དེ་ཡང་བྱང་ཆུབ་སེམས་དཔའི་ཕྱིར་འོང་བ་མེད་པ་དང༌། སེམས་ཅན་གྱི་དོན་བྱེད་པ་གཉིས་ཀྱིས་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་མྱ་ངན་ལས་འདས་པ་ཐོབ་པ་ལ་ཁྱད་པར་དུ་འཕགས་པར་རིག་པར་བྱ་སྟེ། གང་གི་ཕྱིར་ཕྱིར་མི་ལྡོག་པ་ཉིད་དང་སྐྱེ་བོ་མང་པོ་ཡོངས་སུ་སྐྱོབ་པ་ཉིད་དུ་ཡང་དག་པར་མཐོང་ངོ་ཞེས་གསུངས་པའོ། །སེམས་ཀྱི་བསམ་པ་བཅུ་ནི་སེམས་ཅན་མགོན་མེད་པ་རྣམས་ལས་བརྩམས་པ་སྟེ། དེས་དེ་བཞིན་གཤེགས་པའི་ཡེ་ཤེས་དེ་ལྟར་ཚང་བ་ཡང་དག་པར་མཐོང་སྟེ། འདུ་བྱེད་དུ་གྱུར་པ་དེ་ལྟར་གནོད་པ་མང་པོ་དང་ལྡན་པར་ཡོངས་སུ་རྟོག་པ་ན་སེམས་ཅན་རྣམས་ལ་དེ་


DTG113_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཀྱང་ཤས་ཆེར་སེམས་ཀྱི་བསམ་པ་བཅུ་ཉེ་བར་འཇོག་སྟེ། བཅུ་གང་ཞེ་ན་།འདི་ལྟ་སྟེ། མགོན་མེད་ཅིང་རྟོན་པ་མེད་པའི་སེམས་ཀྱི་བསམ་པ་ཉིད་ཅེས་རྒྱ་ཆེར་གསུངས་པའོ། །དེ་ལ་རྟོན་པ་མེད་པ་ཉིད་ནི་མགོན་མེད་པ་ཉིད་དོ། །དེ་ཡང་རྣམ་པ་དགུར་རིག་པར་བྱ་སྟེ། རྟག་ཏུ་དབུལ་ཏེ་མགོན་མེད་པ་ཉིད་དང༌། འདོད་ཆགས་དང༌། ཞེ་སྡང་དང་གཏི་མུག་གི་མེ་རབ་ཏུ་འབར་ཏེ་མགོན་མེད་པ་ཉིད་དང༌། སྲིད་པའི་བཙོན་རར་ཆུད་དེ་མགོན་མེད་པ་ཉིད་དང༌། རྟག་ཏུ་རྒྱུན་མི་འཆད་པར་ཉོན་མོངས་པ་ཐིབས་པོས་བསྒྲིབས་ཏེ་མགོན་མེད་པ་ཉིད་དང༌། ལྟ་བའི་མཐུ་མེད་དེ་མགོན་མེད་པ་ཉིད་དང༌། དགེ་བའི་ཆོས་ལ་འདུན་པ་དང་བྲལ་ཏེ་མགོན་མེད་པ་ཉིད་དང༌། སངས་རྒྱས་ཀྱི་ཆོས་ཆུད་ཟོས་ཏེ་མངོན་མེད་པ་ཉིད་དང༌། འཁོར་བའི་རྒྱུན་གྱིས་བདས་ཏེ་མགོན་མེད་པ་ཉིད་དང༌། ཐར་པའི་ཐབས་ཆུད་ཟོས་ཏེ་མགོན་མེད་པ་ཉིད་དུའོ། །དེ་ལ་འདོད་པ་ཚོལ་བའི་དབང་དུ་བྱས་ནས་ངོམས་མི་མྱོང་བ་དང༌། རབ་ཏུ་མ་ཞིབ་ཡོངས་སུ་སྤྱོད་པ་གཉིས་རིག་པར་བྱ་སྟེ། གང་གི་ཕྱིར་རྟག་ཏུ་འབུལ་བའི་སེམས་ཀྱི་བསམ་པ་ཉིད་དང༌། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་མེ་རབ་ཏུ་འབར་བའི་སེམས་ཀྱི་བསམ་པ་ཉིད་ཅེས་གསུངས་པའོ། །སྲིད་པ་ཚོལ་བའི་དབང་དུ་བྱས་ནས་འགྲོ་བ་དྲུག་གི་འཁོར་བ་ན་ཡོངས་སུ་འཕྱན་པ་ཉིད་དང༌། དེའི་རྒྱུ་ཉོན་མོངས་པས་ཁེབས་པ་ཉིད་དང༌། མི་དལ་བར་སྐྱེ་བ་ནི་གསུམ་དང་གོ་རིམས་བཞིན་དུ་རིག་པར་བྱ་སྟེ། གང་གི་ཕྱིར་སྲིད་པའི་བཙོན་རར་ཆུད་པའི་སེམས་ཀྱི་བསམ་པ་ཉིད་དང༌། རྟག་ཏུ་རྒྱུན་མི་འཆད་པར་ཉོན་མོངས་པ་ཐིབས་པོས་བསྒྲིབས་པའི་སེམས་ཀྱི་བསམ་པ་ཉིད་དང༌། ལྟ་བའི་མཐུ་མེད་པའི་སེམས་ཀྱི་བསམ་པ་ཉིད་ཅེས་གསུངས་པའོ། །ཚངས་པར་སྤྱོད་པའི་དབང་དུ་བྱས་ནས། མི་བརྩོན་པ་རྣམས་དང༌། མངོན་པའི་ང་རྒྱལ་ཅན་རྣམས་དང༌། ཡོངས་སུ་མྱ་ངན་ལྡས་མི་འདའ་བའི་ཆོས་ཅན་རྣམས་དང༌། ལོག་པ་ལ་བརྩོན་པ་གཞན་མུ་སྟེགས་ཅན་རྣམས་ནི་བཞི་དང་གོ་རིམས་བཞིན་དུ་རིག་པར་བྱ་སྟེ། གང་གི་ཕྱིར་དགེ་བའི་ཆོས་ལ་འདུན་པ་དང་བྲལ་བའི་སེམས་ཀྱི་བསམ་པ་ཉིད་དང༌། སངས་རྒྱས་ཀྱི་ཆོས་ཆུད་ཟོས་པའི་སེམས་ཀྱི་བསམ་པ་ཉིད་དང༌། འཁོར་བའི་རྒྱུན་གྱིས་བདས་པའི་སེམས་ཀྱི་བསམ་པ་ཉིད་དང༌། ཐར་པའི་ཐབས་


DTG113_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཆུད་ཟོས་པའི་སེམས་ཀྱི་བསམ་པ་ཉིད་ཅེས་གསུངས་པའོ། །སེམས་ཅན་ཡོངས་སུ་སྐྱོབ་པའི་ཕྱིར། བརྩོན་འགྲུས་རྩོམ་པ་ནི་གང་གི་ཕྱིར་དེས་དེ་ལྟར་སེམས་ཅན་གྱི་ཁམས་གནོད་པ་མང་པོ་ཅན་མཐོང་ནས་བརྩོན་འགྲུས་འདི་ལྟར་རྩོམ་སྟེ། སེམས་ཅན་འདི་དག་ནི་བདག་གིས་ཡོངས་སུ་བསྐྱབ་པར་བྱ་ཞེས་རྒྱ་ཆེར་གསུངས་པའོ། །དེ་ལ་གང་ལས་ཇི་ལྟར་ཡོངས་སུ་བསྐྱབ་པར་བྱ་བ་དང༌། ཇི་ལྟར་ན་ཡོངས་སུ་བསྐྱབ་པ་པོར་འགྱུར་བ་དེའི་རབ་ཏུ་དབྱེ་བས་ཡོངས་སུ་སྐྱོབ་པའི་རབ་ཏུ་དབྱེ་བ་སྟོན་ཏེ། གང་ལས་ཡོངས་སུ་བསྐྱབ་པར་བྱ་ཞེ་ན། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང༌། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ལས་ཏེ། གང་གི་ཕྱིར་ཡོངས་སུ་དགྲོལ་བར་བྱ། ཡོངས་སུ་སྦྱང་བར་བྱ། ཡོངས་སུ་གདོན་པར་བྱ་ཞེས་གསུངས་པ་སྟེ་གོ་རིམས་བཞིན་ནོ། །ཇི་ལྟར་ཡོངས་སུ་བསྐྱབ་པར་བྱ་ཞེ་ན། ཚུལ་ཁྲིམས་ལ་གཞག་པ་དང༌། ཏིང་ངེ་འཛིན་དང་ཤེས་རབ་ལ་དགོད་པས་བསླབ་པ་གསུམ་གྱིས་བསྡུ་བ་སྟེ། གང་གི་ཕྱིར་གནས་པར་བྱ། དགོད་པར་བྱ་ཞེས་གསུངས་པ་སྟེ་གོ་རིམས་བཞིན་ནོ། །མཉམ་པར་གཞག་པའི་ས་ཡིན་པས་ཏིང་ངེ་འཛིན་དང༌། ཤེས་རབ་ནི་གཅིག་ཏུ་བསྟན་ཏོ། །རྣམ་པ་གཉིས་ཀྱིས་ཚུལ་ཁྲིམས་ལ་གནས་པར་བྱ་སྟེ། ཐེ་ཚོམ་སེལ་བས་འཇུག་པར་བྱ་བ་ནི། གང་གི་ཕྱིར་ཡོངས་སུ་ཚིམ་པར་བྱ་ཞེས་གསུངས་པའོ། །ཞུགས་པ་རྣམས་མངོན་པར་དགའ་བ་འཛིན་དུ་འཇུག་པས་མི་གཡོ་བ་ཉིད་ཀྱིས་གཞག་པ་ནི། གང་གི་ཕྱིར་ཡང་དག་པར་གཞག་པར་བྱ་ཞེས་གསུངས་པའོ། །ཏིང་ངེ་འཛིན་དང་ཤེས་རབ་ལ་དགོད་པ་ནི། ཉེ་བའི་ཉོན་མོངས་པ་ཞུམ་པ་དང་རྒོད་པ་འདུལ་བ་སྟེ། གང་གི་ཕྱིར་གདུལ་བར་བྱ་ཞེས་གསུངས་པའོ། །ཇི་ལྟར་ན་ཡོངས་སུ་སྐྱོབ་པ་བོར་འགྱུར་ཞེ་ན། མྱ་ངན་ལས་འདས་པའི་དབྱིངས་རྣམ་པ་གཉིས་ཐོབ་པར་བྱེད་པ་སྟེ། གང་གི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་སྙམ་ནས་ཞེས་གསུངས་པའོ། །དེ་དེ་ལྟར་འདུ་བྱེད་དུ་གྱུར་པ་ཐམས་ཅད་ལ་ཡིད་འབྱུང་བ་དང་ལྡན་ཞིང༌། སེམས་ཅན་ཐམས་ཅད་ལ་ལྟ་བ་དང་ལྡན་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཕན་ཡོན་དང་ལྡན་པར་རབ་ཏུ་གནས་ཤིང་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་རྟོན་པས་སེམས་ཅན་ཡོངས་སུ་བསྐྱབ་པར་བྱ་བ་ལ་བརྩོན་


DTG113_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་འདི་ལྟར་ཡོངས་སུ་རྟོག་སྟེ། ལམ་གང་གིས་འདི་ལྟར་སྡུག་བསྔལ་བ་དང༌། ཉེ་བའི་ཉོན་མོངས་པ་མང་ཕོར་ལྷུང་བའི་སེམས་ཅན་འདི་དག་མངོན་པར་གདོན་པ་དང༌། མྱ་ངན་ལས་འདས་པ་ཤིན་ཏུ་བདེ་བ་ལ་དགོད་པར་ནུས་སམ་སྙམ་ནས་ཞེས་བྱ་བ་འདི་ལ་ཡིད་བྱུང་བ་དང༌། ལྟ་བ་དང༌། ཕན་ཡོན་དང་ལྡན་པ་གཉིས་ཀྱིས་ནི་རྒྱུ་རྣམ་པ་གསུམ་དང་ལྡན་པ་ཉིད་དུ་ཡོངས་སུ་སྟོན་ཏེ། རྒྱུ་རྣམ་པ་གསུམ་ལ་ཀུན་ནས་ཉོན་མོངས་པ་ལས་ལྡོག་པའི་རྒྱུ་ནི་ཡིད་བྱུང་བ་དང་ལྡན་པའི་ཕྱིར་རོ། །འཁོར་བ་ཡོངས་སུ་མི་གཏོང་བའི་རྒྱུ་ནི་སེམས་ཅན་ཐམས་ཅད་ལ་ལྟ་བ་དང་ལྡན་པའི་ཕྱིར་རོ། །བརྩོན་འགྲུས་རྩོམ་པའི་རྒྱུ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཕན་ཡོན་དུ་ཤེས་པ་དང་ལྡན་པའི་ཕྱིར་རོ། །དེས་ན་གང་ལ་ཕན་ཡོན་དང་ལྡན་པ་དེའི་ལམ་སྒོམ་པར་བྱེད་ཅིང་གང་དག་ལ་ལྟ་བ་དང་ལྡན་པ་དེ་དག་ཡོངས་སུ་སྨིན་པར་བྱེད་དེ། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་རྟོན་པས་སེམས་ཅན་ཡོངས་སུ་བསྐྱབ་པ་ལ་བརྩོན་པ་ཞེས་གསུངས་པའི་ཕྱིར་རོ། །ཐབས་ཡོངས་སུ་བཟུང་བའི་སྦྱོར་བ་ལས་བརྩམས་ཏེ། གང་གི་ཕྱིར་ཐབས་ཀྱི་ལམ་གང་གིས་འདི་ལྟར་སྡུག་བསྔལ་བ་དང༌། ཉེ་བའི་ཉོན་མོངས་པ་མང་པོར་ལྷུང་བའི་སེམས་ཅན་འདི་དག་མངོན་པར་གདོན་པ་དང༌། མྱ་ངན་ལས་འདས་པ་ཤིན་ཏུ་བདེ་བ་ལ་དགོད་པར་ནུས་སྙམ་ནས་ཞེས་གསུངས་པའོ། །དེ་ལ་སྡུག་བསྔལ་དང་ཉེ་བའི་ཉོན་མོངས་པ་མང་པོར་ལྷུང་བ་ཞེས་བྱ་བ་ལ་སྡུག་བསྔལ་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པའོ། །ཉེ་བའི་ཉོན་མོངས་པ་ནི་ཉོན་མོངས་པ་དང༌། ལས་ཀྱི་ཀུན་ནས་ཉོན་མོངས་པའོ། །མྱ་ངན་ལས་འདས་པ་ཤིན་ཏུ་བདེ་བ་ནི་ཐེག་པ་རྣམ་པ་གསུམ་གྱིས་སོ། །དེ་ལ་ཐབས་ཡོངས་སུ་བཟུང་བའི་སྦྱོར་བ་ནི་མདོར་བསྡུ་ན་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། མཐར་ཕྱིན་པ་རྟོགས་པ་དང༌། མཐར་ཕྱིན་པ་སྒྲུབ་པའི་གོང་ནས་གོང་མ་རྟོགས་པ་དང༌། དེ་སྒྲུབ་པའི་གནས་ལ་སྦྱོར་བ་རྟོགས་པའོ། །དེ་ལ་མཐར་ཕྱིན་པ་ནི་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་རྣམ་པར་ཐར་པ་ལ་གནས་པ་སྟེ། གང་གི་ཕྱིར་དེ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་རྣམ་པར་ཐར་པ་ལ་གནས་པ་མ་གཏོགས་པར་གཞན་གྱིས་མ་ཡིན་ནོ་ཞེས་གསུངས་པའོ། །མཐར་ཕྱིན་པ་དེ་ནི་ཁོང་དུ་ཆུད་པས་མཐར་ཕྱིན་པ་སྒྲུབ་པའི་ཕྱིར། དེ་བཞིན་གཤེགས་པས་རྣམ་པར་


DTG113_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་པའི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པས་སྒྲུབ་པ་སྟེ། གང་གི་ཕྱིར་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་རྣམ་པར་ཐར་པ་ལ་གནས་པ་དེ་ཡང་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་མ་གཏོགས་པར་གཞན་གྱིས་མ་ཡིན་ནོ་ཞེས་གསུངས་པའོ། །ཁོང་དུ་ཆུད་པ་དེའི་ནི་རང་དང་སྤྱིའི་མཚན་ཉིད་ལ་རྣམ་པར་མི་རྟོག་པའི་རྗེས་སུ་རྒྱུ་བའི་ཤེས་རབ་སྟེ། གང་གི་ཕྱིར་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་དེ་ཡང་ཤེས་རབ་རྒྱུ་བ་མེད་ཅིང་སྐྱེ་བ་མེད་པའི་རྒྱུ་བ་ཅན་མ་གཏོགས་པར་གཞན་གྱིས་མ་ཡིན་ནོ། །ཤེས་རབ་ཀྱི་སྣང་བ་དེ་ཡང་བསམ་གཏན་ལ་མཁས་པ་ལ་རྣམ་པར་ངེས་པ་བློས་སོ་སོར་རྟོག་པ་མ་གཏོགས་པར་གཞན་གྱིས་མ་ཡིན་ནོ་ཞེས་གསུངས་པའོ། །འདིར་ཤེས་རབ་ཀྱི་སྣང་བ་དེ་གསུངས་པ་ནི་དེ་གནས་ཡིན་པའི་ཕྱིར་ས་འདི་འོད་བྱེད་པའོ་ཞེས་ངེས་པའི་ཚིག་ཡོངས་སུ་བསྟན་པའི་ཕྱིར་རོ། །དེ་རྟོགས་པ་ནི་བསམ་གཏན་ལ་མཁས་པ་ལ་རྣམ་པར་ངེས་པ་བློས་སོ་སོར་རྟོག་པའོ། །བསམ་གཏན་ལ་མཁས་པ་ལ་རྣམ་པར་ངེས་པའི་བློས་སོ་སོར་རྟོག་པ་དེ་ཡང༌། ཐོས་པ་ལ་མཁས་པ་མ་གཏོགས་པ་གཞན་གྱིས་ནི་མ་ཡིན་ནོ་སྙམ་མོ་ཞེས་བྱ་བ་ལ་བསམ་གཏན་ལ་མཁས་པ་དེ་ནི་ཁྱད་པར་ཅན་གྱི་བསམ་གཏན་ཐོབ་པར་བྱ་བའི་ཕྱིར་རོ། །རྣམ་པར་ངེས་པ་ནི་གཞན་ལས་སོ། །བློས་སོ་སོར་རྟོག་པ་ནི་རང་གིས་སོ། །འདི་ནི་མཐར་ཕྱིན་པ་སྒྲུབ་པའི་གོང་ནས་གོང་མ་རྟོགས་པའོ། །དེ་ལྟར་བློས་སོ་སོར་རྟོག་པ་དེ་ཡང་ཐོས་པ་ལ་མཁས་པར་འགྱུར་ཏེ། འདི་ནི་རྟོགས་པ་སྒྲུབ་པའི་གནས་ལ་སྦྱོར་བ་སྟེ། ཐོས་པ་ལ་མཁས་པ་ནི་དེ་བསྒྲུབ་པའི་གནས་སོ། །དེའི་ཕྱིར་སྦྱོར་བ་ནི་དེ་སྒྲུབ་པའི་གནས་ལ་སྦྱོར་བའོ། །དེ་ལ་ཚིག་དང་དོན་གྱི་དབང་དུ་བྱས་ནས་དམ་པའི་ཆོས་ཡོངས་སུ་ཚོལ་བ་ལ་བརྩོན་པ་དང༌། ཉིན་མཚན་དུ་ཆོས་ཉན་པ་དོན་དུ་གཉེར་བའི་གོ་རིམས་བཞིན་དུ་སྦྱར་ཏེ། གང་གི་ཕྱིར་དེ་དེ་ལྟར་སོ་སོར་རྟོག་པའི་ཤེས་པ་དང་ལྡན་པ་དེ་བས་ཀྱང་ཤེས་ཆེར་དམ་པའི་ཆོས་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་པར་གནས་པ་དང༌། ཉིན་མཚན་དུ་ཆོས་ཉན་པ་དོན་དུ་གཉེར་བ་ཞེས་གསུངས་པའོ། །ཚིག་དང་དོན་དེ་དག་ཉིད་ཀྱི་དབང་དུ་བྱས་ནས། ཆོས་འདོད་པ་དང༌། ཆོས་ལ་དགའ་བ་ཞེས་བྱ་བ་གསུངས་ཏེ། ཀླན་ཀ་བཙལ་བ་དང༌། དེ་སྐད་སྨྲ་བ་ལས་ཐར་པའི་ཕན་ཡོན་གྱི་བསམ་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཆེན་


DTG113_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བསྟན་པ་ལ་སྟོན་པས་རང་གི་ལྟ་བ་མཆོག་ཏུ་འཛིན་པ་རྣམ་པར་འཇིག་པའི་ཕྱིར། ཆོས་ལ་སྟོན་པ་ཞེས་བྱ་བ་གསུངས་སོ། །ལུང་ནོད་ཅིང་ཁ་ཏོན་བྱ་བ་དང༌། གཞན་ལ་ཡང་དག་པར་བཤད་པར་བྱ་བ་དང༌། དབེན་པར་འདུག་སྟེ་དོན་སེམས་པའི་དབང་དུ་བྱས་ནས། ཆོས་ལ་གཞོལ་བ་དང༌། ཆོས་ལ་འབབ་པ་དང༌། ཆོས་ལ་བབ་པ་ཞེས་བྱ་བ་གསུངས་སོ། །མཉམ་པར་གཞག་སྟེ་བསྒོམ་པའི་དབང་དུ་བྱས་ནས། ཆོས་ལ་ཕྱོགས་པ་ཞེས་བྱ་བ་གསུངས་སོ། །འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་དབང་དུ་བྱས་ནས། ཆོས་ལ་གནས་སུ་འཛིན་པ་དང༌། ཆོས་ལ་སྐྱབས་སུ་འཛིན་པ་ཞེས་བྱ་བ་གསུངས་སོ། །རྣམ་པར་གྲོལ་བའི་དབང་དུ་བྱས་ནས། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྤྱོད་པ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་རྣམ་པར་གྲོལ་བའི་ཆོས་གང་ཡིན་པ་དེའི་རྗེས་སུ་མཐུན་པའི་ཆོས་སྤྱོད་པའི་ཕྱིར་རོ། །དེ་ལ་དམ་པའི་ཆོས་ཡོངས་སུ་ཚོལ་བ་ལ་བརྩོན་པ་དང༌། ཉིན་མཚན་དུ་ཆོས་མཉན་པ་དོན་དུ་གཉེར་བ་ཞེས་བྱ་བའི་ཚིག་དང་པོ་གཉིས་ཀྱིས་ནི་རྟག་ཏུ་སྦྱོར་བ་སྟོན་ཏོ། །ཆོས་འདོད་པ་ཞེས་བྱ་བ་ལ་སོགས་པ་ཚིག་ལྷག་མ་དགུ་པོ་དག་གིས་ནི་ཡང་དག་པར་སྦྱོར་བ་སྟོན་ཏོ། །དེ་ནི་རྟག་ཏུ་སྦྱོར་བ་དེའི་རྒྱུ་གང་ཡིན་ཞེ་ན། ཆོས་ལ་རིམ་གྲོ་བྱེད་པ་ཁྱད་ཞུགས་པ་ཡིན་པར་ཡོངས་སུ་སྟོན་ཏེ། དེ་ནི་ནོར་དང༌། རྒྱལ་སྲིད་དང༌། མཐོ་རིས་སུ་སྐྱེ་བ་དང༌། འཇིག་རྟེན་པའི་རྣམ་པར་དག་པ་དང༌། ལུས་པས་ཀྱང་ཆོས་ལ་རིམ་གྲོ་ཆེར་བྱེད་དེ། ཇི་ལྟར་ནོར་བས་ཀྱང་རིམ་གྲོ་བྱེད་ཅེ་ན། དེ་ནི་ཆོས་ཀྱི་ཕྱིར་ནོར་ཡང་ཐམས་ཅད་ཡོངས་སུ་གཏོང་སྟེ། གང་གི་ཕྱིར་སངས་རྒྱས་ཀྱི་ཆོས་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་པ་དེ་རྫས་ཀྱི་རྣམ་པའམ། ནོར་དང༌། འབྲུ་དང༌། བང་མཛོད་ཀྱི་རྣམ་པ་གང་ཡོངས་སུ་མི་གཏོང་བ་དེ་གང་ཡང་མེད་དེ། དེ་ལ་བྱ་དཀའ་བར་འདུ་ཤེས་པ་མ་ཡིན་གྱི་གཞན་དུ་ན་ཆོས་སྨྲ་བའི་གང་ཟག་དེ་ལ་བྱ་དཀའ་བའི་འདུ་ཤེས་སུ་འགྱུར་བ་དེ་ནི་མ་གཏོགས་སོ་ཞེས་གསུངས་པའོ། །ཕྱི་རོལ་གྱི་དངོས་པོ་ཞིང་ལ་སོགས་པ་གང་ལས་ནོར་རྙེད་པར་འགྱུར་བ་དེ་ཡང་ཡོངས་སུ་གཏོང་སྟེ་གང་གི་ཕྱིར། ཕྱི་རོལ་གྱི་དངོས་པོ་ཉེ་བར་གཟུང་བ་གང་ཡོངས་སུ་མི་གཏོང་བ་དེ་གང་ཡང་མེད་དོ་ཞེས་གསུངས་སོ། །ནོར་གང་གི་དངོས་པོ་གང་གི་ཕྱིར་ཡིན་པ་དེ་ཡང་ཡོངས་སུ་


DTG113_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་སྟེ་གང་གི་ཕྱིར་ནང་གི་དངོས་པོ་གང་ཡོངས་སུ་མི་གཏོང་བ་དེ་གང་ཡང་མེད་དོ་ཞེས་གསུངས་པའོ། །གང་གི་ཕྱིར་ནོར་ཡོངས་སུ་གཏོང་བ་ལུས་ཀྱི་བསྙེན་བཀུར་བྱ་བ་དེ་དག་ཀྱང་ཉམས་སུ་ལེན་ཏེ། གང་གི་ཕྱིར་བླ་མ་ལ་བསྙེན་བཀུར་བྱ་བ་དང་རིམ་གྲོ་བྱ་བ་གང་ཉམས་སུ་མི་ལེན་པ་དེ་གང་ཡང་མེད་དོ་ཞེས་གསུངས་པའོ། །ནོར་རྙེད་པ་དེ་གང་གིས་ཡོངས་སུ་གཏོང་བའི་སྙེམས་པ་དེ་ཡང་ཡོངས་སུ་གཏོང་སྟེ། གང་གི་ཕྱིར་ང་རྒྱལ་དང་ལྷག་པའི་ང་རྒྱལ་སྤངས་ཏེ། ང་རྒྱལ་མེད་པར་ཉེ་བར་སྤྱད་པར་བྱ་བ་གང་ཉམས་སུ་མི་ལེན་པ་དེ་གང་ཡང་མེད་དོ་ཞེས་གསུངས་པའོ། །གང་ཡོངས་སུ་སྤོང་པའི་ཕྱིར་ནོར་ཡོངས་སུ་གཏོང་བ་ལུས་ཀྱི་གནོད་པ་དེ་དག་ཀྱང་ཉམས་སུ་ལེན་ཏེ། གང་གི་ཕྱིར་ལུས་ཀྱི་གནོད་པ་གང་ཉམས་སུ་མི་ལེན་པ་དེ་གང་ཡང་མེད་དོ་ཞེས་གསུངས་པའོ། །ནོར་མང་ཞིང་གཅེས་པ་རྙེད་པ་བས་ཀྱང་དེས་ཆེས་དགའ་བར་འགྱུར་བ་ནི། གང་གི་ཕྱིར་དེ་མ་ཐོས་པའི་ཆོས་ཀྱི་ཚིག་གཅིག་ཐོས་པ་ནོར་ཆེ་བར་འཛིན་གྱི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྙེད་ཀྱི་རིན་པོ་ཆེའི་ཕུང་པོ་རྙེད་པ་ནི་མ་ཡིན་ནོ་ཞེས་གསུངས་པ་སྟེ། དེ་ལྟར་ནོར་བས་ཀྱང་རིམ་གྲོ་ཆེར་བྱེད་དོ། །རྒྱལ་སྲིད་ལ་སོགས་པ་བས་ཀྱང་ཇི་ལྟར་རིམ་གྲོ་ཆེར་བྱེད་ཅེ་ན། དེ་ནི་ཆོས་ཀྱིས་རབ་ཏུ་དགའ་བ་ཡིན་གྱི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང༌། བརྒྱ་བྱིན་དང་ཚངས་པ་རྣམས་ཀྱིས་ནི་མ་ཡིན་ཏེ། གང་གི་ཕྱིར་དེ་ལེགས་པར་བཤད་པའི་ཚིགས་སུ་བཅད་པ་གཅིག་ཐོས་པ་ནོར་ཆེ་བར་འཛིན་གྱི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་པས་ནི་མ་ཡིན་ནོ། །དེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་སྤྱོད་པའི་ཆོས་ཐོས་པ་ནི་ནོར་ཆེ་བར་འཛིན་གྱི་བརྒྱ་བྱིན་དང་ཚངས་པ་ཐོབ་པས་བསྐལ་པ་འབུམ་ཕྲག་མང་པོའི་མཐར་ཐུག་པས་ནི་མ་ཡིན་ནོ་ཞེས་གསུངས་པའོ། །ཆོས་ཀྱི་དོན་དུ་སྟོང་གསུམ་མེས་རབ་ཏུ་གང་བར་བདག་དོར་བ་དང༌། སེམས་ཅན་དམྱལ་བའི་སྡུག་བསྔལ་དང་དུ་ལེན་པ་སྤྲོ་བ་ནི། གང་གི་ཕྱིར་གལ་ཏེ་ལ་ལ་ཞིག་དེ་ལ་འདི་སྐད་ཅེས་ཟེར་ཏེ། གལ་ཏེ་ཁྱོད་ཀྱིས་མེའི་འོབས་ཆེན་པོ་ཀུན་དུ་འབར་བ། རབ་ཏུ་འབར་བ། ཀུན་དུ་རབ་ཏུ་མཆེད་ཅིང་འབར་བ། མེ་ལྕེ་གཅིག་ཏུ་གྱུར་པའི་ནང་དུ་བདག་པོར་ཏེ། སྡུག་བསྔལ་གྱི་ཚོར་བ་ཆེན་པོ་རང་གི་ལུས་ཀྱིས་ཉམས་སུ་བླང་བ་ལྟ་ན། ངས་


DTG113_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལ་ཆོས་ཀྱི་ཚིག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་སྦྱོང་བ་འདི་བཤད་པར་བྱའོ་ཞེ་ན་ཡང༌། དེ་འདི་སྙམ་དུ་སེམས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་སྦྱོང་བའི་ཆོས་ཀྱི་ཚིག་གཅིག་གི་དོན་དུ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་གང་བར་ཚངས་པའི་འཇིག་རྟེན་ནས། བདག་གིས་བདག་དོར་བར་མོས་ན། མེའི་འོབས་ཐ་མལ་བར་བདག་དོར་བ་ལྟ་ཅི་སྨོས། སེམས་ཅན་དམྱལ་བ་དང་ངན་སོང་གི་སྡུག་བསྔལ་ཐམས་ཅད་ཉམས་སུ་བབ་ཀྱང༌། བདག་གིས་ཆོས་བཙལ་བར་བྱ་ན་མིའི་སྡུག་བསྔལ་དང་འགྲོགས་པ་ལྟ་ཅི་སྨོས་ཀྱི་སྙམ་ནས་ཞེས་གསུངས་པའོ། །དེ་ལ་ཆོས་ཀྱི་ཚིག་ཐོས་པས་ནི་ཡི་གེའི་ཆོས་ཀྱི་ཚིག་ཙམ་ཐོས་པར་ཡོངས་སུ་སྟོན་ཏོ། །ཚིགས་སུ་བཅད་པ་ཐོས་པས་ནི་ཚིགས་སུ་བཅད་པ་ཙམ་གྱིས་ཆོས་ཐོས་པར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་སྦྱོང་བའི་ཆོས་ཐོས་པས་ནི་དོན་ཐོས་པ་སྟོན་ཏོ། །ད་ནི་ཡང་དག་པར་སྦྱོང་བ་དེའི་རྒྱུ་གང་ཞེ་ན། ཚུལ་བཞིན་སོ་སོར་རྟོག་པའི་རང་བཞིན་ཅན་དུ་ཡོངས་སུ་སྟོན་ཏེ། གང་གི་ཕྱིར་དེ་རྣམ་པ་དེ་ལྟ་བུའི་བརྩོན་འགྲུས་རྩོམ་པས་ཆོས་ཡོངས་སུ་ཚོལ་ཞིང་ཇི་སྐད་ཐོས་པའི་ཆོས་རྣམས་ལ་ཡང་ཚུལ་བཞིན་སོ་སོ་རྟོག་པའི་རང་བཞིན་ཅན་ཡིན་ཏེ་ཞེས་གསུངས་པའོ། །དེ་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབས་པས་སངས་རྒྱས་ཀྱི་ཆོས་རྣམས་རྙེད་པར་རིག་ནས་གདོན་མི་ཟ་བར་བྱ་བ་ཡིན་པས་བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། ཚད་མེད་པ་དང༌། མངོན་པར་ཤེས་པ་རྣམས་ལ་སྙོམས་པར་འཇུག་ཅིང༌། དེ་དག་ཀྱང་མངོན་པར་དགའ་བའི་གཞིའི་གནས་མ་ཡིན་པས་དེ་དག་གིས་ཀུན་ནས་ཉོན་མོངས་པ་མ་ཡིན་ཏེ། གང་གི་ཕྱིར་ཆོས་དེ་དག་ཐོས་ནས་ཀྱང་རང་གི་སེམས་ལ་ངེས་པར་སེམས་པས་གཅིག་ཏུ་དབེན་པར་འདུག་སྟེ། འདི་ལྟར་དཔྱད་དོ། །ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབས་པས་སངས་རྒྱས་ཀྱི་ཆོས་འདི་དག་ཁོང་དུ་ཆུད་པར་བྱའི། ཚིག་གི་ལས་ཡོངས་སུ་དག་པ་འབའ་ཞིག་གིས་ནི་མ་ཡིན་ནོ་སྙམ་སྟེ། དེ་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའི་རྒྱུར་འདོད་པ་རྣམས་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ།


DTG113_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་སོ། །དེ་རྟོག་པ་དང་དཔྱོད་པ་དང་བྲལ་བས་ནང་ཡོངས་སུ་དངས་ཏེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ། དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པར་བསྒྲུབས་ཏེ་གནས་སོ། །དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང༌། དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ཡང་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པ་བསམ་གཏན་གསུམ་པ་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས་ཏེ་སྡུག་བསྔལ་ཡང་སྤངས་ཤིང༌། སྔ་ནས་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་བཏང་སྙོམས་ཀྱི་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང༌། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནས། ནམ་མཁའ་མཐའ་ཡས་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་ཤེས་མཐའ་ཡས་སོ་སྙམ་ནས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ་སྙམ་ནས། ཅི་ཡང་མེད་པའི་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་མ་ཡིན་སྙམ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ནས་གནས་སོ། །ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་མ་གཏོགས་པར་དེ་ཡང་མངོན་པར་དགེ་བའི་གཞིའི་གནས་མ་ཡིན་པས། དེ་བྱམས་པ་དང་ལྡན་པའི་སེམས་ཡངས་པ་ཆེན་པོར་གྱུར་པ་མི་གཉིས་པ་ཚད་མེད་པ། ཁོན་མེད་པ། འགྲན་ཟླ་མེད་པ། སྒྲིབ་པ་མེད་པ། གནོད་པ་མེད་པ་ཐམས་ཅད་དུ་ཁྱབ་པས་འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་


DTG113_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཀྱི་མཐས་གཏུགས་པའི་འཇིག་རྟེན་ཐམས་ཅད་ཁྱབ་པར་བྱས་ནས་བསྒྲུབས་ཏེ་གནས་སོ། །དེ་བཞིན་དུ་སྙིང་རྗེ་དང་ལྡན་པ་དང༌། དགའ་བ་དང་ལྡན་པ་དང༌། བཏང་སྙོམས་དང་ལྡན་པའི་སེམས་ཡངས་པ་ཆེན་པོར་གྱུར་པ་མི་གཉིས་པ། ཚད་མེད་པ། ཁོན་མེད་པ། འགྲན་ཟླ་མེད་པ། སྒྲིབ་པ་མེད་པ། གནོད་པ་མེད་པ་ཐམས་ཅད་དུ་ཁྱབ་པས་འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བྱས་ནས་བསྒྲུབས་ཏེ་གནས་སོ། །དེ་རྫུ་འཕྲུལ་བྱ་བ་རྣམ་པ་དུ་མ་མྱོང་བར་བྱེད་དེ། ས་ཡང་གཡོ་བར་བྱེད་དོ། །གཅིག་ཏུ་གྱུར་པ་མང་པོར་འགྱུར་རོ། །མང་པོར་གྱུར་ནས་གཅིག་ཏུ་འགྱུར་རོ། །སྣང་བར་གྱུར་ཅིང་མི་སྣང་བར་འགྱུར་རོ། །རྩིག་པ་ལ་ཡང་ཐད་ཀར་འགྲོ། །ར་བ་ལ་ཡང་ཐད་ཀར་འགྲོ། །རི་ལ་ཡང་མི་ཐོགས་པར་ཐད་ཀར་འགྲོ་སྟེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལ་ཡང་སྐྱིལ་མོ་ཀྲུང་གིས་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ། །ས་ལ་ཡང་སྟེང་དུ་འབྱུང་བ་དང་བྱེའུ་འཛུལ་བྱེད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་མི་ནུབ་པར་འགྲོ་སྟེ། དཔེར་ན་ས་ལ་བྱ་བ་བཞིན་ནོ། །དུ་བ་འཐུལ་བར་ཡང་བྱེད། འབར་བར་ཡང་བྱེད་དེ། དཔེར་ན་མེའི་ཕུང་པོ་ཆེན་པོ་བཞིན་ནོ། །བདག་གི་ལུས་ལས་ཆུའི་རྒྱུན་ཆེན་པོ་འབྱིན་ཏེ། དཔེར་ན་སྤྲིན་ཆེན་པོ་བཞིན་ནོ། །ཆུའི་རྒྱུན་དེ་དག་གིས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཀུན་དུ་འབར་ཞིང་རབ་ཏུ་འབར་ལ། ཀུན་དུ་རབ་ཏུ་མཆེད་ཅིང་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་པ་ཞི་བར་བྱེད་དོ། །ཟླ་བ་དང་ཉི་མ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ་འདི་གཉིས་ལ་ཡང་ལག་པས་འཛིན་ཅིང་ཀུན་དུ་ཉུག་པར་བྱེད་དོ། །ཚངས་པའི་འཇིག་རྟེན་གྱི་བར་དུ་ཡང་ལུས་ཀྱིས་དབང་སྒྱུར་རོ། །དེ་ལྷའི་རྣ་བའི་ཁམས་རྣམ་པར་དག་པ་མིའི་ལས་འདས་པ། ལྷ་དང་མི་གཉིས་ཀའི་སྒྲ་ཡང་ཐོས་སོ། །གང་དག་རིང་ཡང་རུང༌། ཉེ་ཡང་རུང༌། ཐ་ན་སྦྲང་བུ་དང༌། ཤ་སྦྲང་དང༌། བུང་བ་དང༌། སྲིན་བུ་རྣམས་ཀྱི་སྒྲ་ཡང་ཐོས་སོ། །དེ་སེམས་ཅན་གཞན་དག་དང༌། གང་ཟག་གཞན་རྣམས་ཀྱི་སེམས་ཀྱང་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། འདོད་ཆགས་


DTG113_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པའི་སེམས་ལ་ཡང་འདོད་ཆགས་དང་བཅས་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །འདོད་ཆགས་དང་བྲལ་བའི་སེམས་ལ་ཡང་འདོད་ཆགས་དང་བྲལ་བའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་བཞིན་དུ་ཞེ་སྡང་དང་བཅས་པ་དང༌། ཞེ་སྡང་དང་བྲལ་བ་དང༌། གཏི་མུག་དང་བཅས་པ་དང༌། གཏི་མུག་དང་བྲལ་བ་དང༌། ཉོན་མོངས་པ་དང་བཅས་པ་དང༌། ཉོན་མོངས་པ་མེད་པ་དང༌། ཆུང་བ་དང༌། ཡངས་པ་དང༌། ཆེན་པོར་གྱུར་པ་དང༌། ཚད་མེད་པ་དང༌། བསྡུས་པ་དང༌། སྤྲོས་པ་དང༌། མཉམ་པར་བཞག་པ་དང༌། མཉམ་པར་མ་བཞག་པ་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་མ་གྲོལ་བ་དང༌། སྐྱོན་ཅན་དང༌། སྐྱོན་མེད་པ་དང༌། སེམས་རགས་པ་ལ་ཡང་སེམས་རགས་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སེམས་རགས་པ་མ་ཡིན་པ་ཡང་སེམས་རགས་པ་མ་ཡིན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ལྟར་ན་སེམས་ཅན་གཞན་དག་དང༌། གང་ཟག་གཞན་རྣམས་ཀྱི་སེམས་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ། ཚེ་རབས་གཅིག་ཀྱང་རྗེས་སུ་དྲན་ནོ། །ཚེ་རབས་གཉིས་དང༌། གསུམ་དང། བཞི་དང༌། ལྔ་དང༌། བཅུ་དང༌། ཉི་ཤུ་དང༌། སུམ་ཅུ་དང༌། བཞི་བཅུ་དང༌། ལྔ་བཅུ་དང༌། བརྒྱ་ཡང་རྗེས་སུ་དྲན་ནོ། །ཚེ་རབས་བརྒྱ་ཕྲག་དུ་མ་དང༌། ཚེ་རབས་སྟོང་ཕྲག་དུ་མ་དང༌། ཚེ་རབས་འབུམ་ཕྲག་དུ་མ་དང༌། འཇིག་པའི་བསྐལ་པ་དང༌། འཆགས་པའི་བསྐལ་བ་དང༌། འཇིག་པ་དང་འཆགས་པའི་བསྐལ་པ་དུ་མ་ཡང་རྗེས་སུ་དྲན་ནོ། །བསྐལ་པ་བརྒྱ་ཡང་རྗེས་སུ་དྲན་ནོ། །བསྐལ་པ་སྟོང་ཡང་རྗེས་སུ་དྲན་ནོ། །བསྐལ་པ་འབུམ་དང༌། བསྐལ་པ་བྱེ་བ་དང༌། བསྐལ་པ་བྱེ་བ་ཕྲག་བརྒྱ་དང༌། བསྐལ་པ་བྱེ་བ་ཕྲག་སྟོང་དང༌། བསྐལ་བ་བྱེ་བ་ཕྲག་འབུམ་ནས་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མའི་བར་དུ་རྗེས་སུ་དྲན་ནོ། །ཆེ་གེ་མོ་ཞིག་ན་བདག་གི་མིང་ནི་འདི་ཞེས་བྱ་བར་གྱུར། རུས་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། ཚེ་ནི་འདི་ཙམ་ཞིག་ཐུབ། ཡུན་ནི་འདི་སྲིད་ཅིག་གནས་གནས། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་


DTG113_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཞིག་མྱོང༌། དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས། དེ་ནས་ཤི་འཕོས་ནས་ཡང་འདིར་སྐྱེས་སོ་ཞེས་རྣམ་པ་དང་བཅས། དན་རྟགས་དང་བཅས། རྒྱུ་མཚན་དང་བཅས་པར་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ནོ། །དེས་ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པས་སེམས་ཅན་འཆི་འཕོ་བ་དང༌། སྐྱེ་བ་དང༌། མདོག་སྡུག་པ་དང༌། མདོག་མི་སྡུག་པ་དང༌། བདེ་བར་སོང་བ་དང༌། ངན་པར་སོང་བ་དང༌། བཟང་པོ་དང་ངན་པ་རྣམས་མཐོང་ངོ༌། །ལས་ཇི་ལྟ་བ་བཞིན་དུ་ཉེ་བར་འགྲོ་བའི་སེམས་ཅན་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཀྱེ་མ་སེམས་ཅན་འདི་དག་ནི་ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ། ངག་གིས་ཉེས་པར་སྤྱོད་པ་དང་ལྡན་པ། ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་བ་འདེབས་པ། ལོག་པར་ལྟ་བ་ཅན་དག་སྟེ། ལོག་པར་ལྟ་བའི་ལས་ཡང་དག་པར་བླངས་པའི་རྒྱུས་ལུས་ཞིག་སྟེ། ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེའོ་ཞེས་བྱ་བ་དང༌། ཀྱེ་མ་སེམས་ཅན་འདི་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། ངག་གིས་ལེགས་པར་སྤྱོད་པ་དང་ལྡན་པ། ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་བ་མི་འདེབས་པ། ཡང་དག་པར་ལྟ་བ་ཅན་དག་སྟེ། ཡང་དག་པར་ལྟ་བའི་ལས་ཡང་དག་པར་བླངས་པའི་རྒྱུས་ལུས་ཞིག་སྟེ། ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེའོ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། དེ་ལྟར་ན་ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པས་སེམས་ཅན་འཆི་འཕོ་བ་དང༌། སྐྱེ་བ་དང༌། མདོག་སྡུག་པ་དང༌། མདོག་མི་སྡུག་པ་དང༌། བདེ་བར་སོང་བ་དང༌། ངན་པར་སོང་བ་དང༌། བཟང་པོ་དང་ངན་པ་ཐམས་ཅད་རྣམ་པ་དང་བཅས། དན་རྟགས་དང་བཅས། རྒྱུ་མཚན་དང་བཅས་པར་མཐོང་སྟེ། ལས་ཇི་ལྟ་བ་བཞིན་དུ་ཉེ་བར་འགྲོ་བའི་སེམས་ཅན་རྣམས་ཁྱད་རབ་ཏུ་ཤེས་སོ། །དེ་བསམ་གཏན་དང༌། རྣམ་པར་ཐར་བ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་འདི་དག་ལ་སྙོམས་པར་འཇུག་ཅིང༌། རྣམ་པར་ལྡང་ཡང་གང་དུ་བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་རྫོགས་པར་འགྱུར་བར་མཐོང་


DTG113_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེར་ཆེད་དུ་བསམ་སྟེ། སྨོན་ལམ་བཏབ་པའི་དབང་གིས་སྐྱེ་བ་མ་གཏོགས་པར་དེ་དག་གི་དབང་གིས་མི་སྐྱེའོ་ཞེས་གསུངས་པའོ། །ཅིའི་ཕྱིར་གང་གིས་བསམ་གཏན་དང༌། གཟུགས་མེད་པ་དང༌། ཚད་མེད་པ་དང༌། མངོན་པར་ཤེས་པ་རྣམས་ལ་སྙོམས་པར་འཇུག་ཅེ་ན། སེམས་ཅན་རྣམ་པ་ལྔའི་དབང་དུ་བྱས་པའི་ཕྱིར་ཏེ། བསམ་གཏན་རྣམས་ནི་བདེ་བའོ་སྙམ་དུ་མངོན་པའི་ང་རྒྱལ་ཅན་གྱི་སེམས་ཅན་རྣམས་ཀྱི་དབང་དུ་བྱས་པའོ། །གཟུགས་མེད་པ་རྣམས་ནི་ཐར་པའོ་སྙམ་དུ་མངོན་པའི་ང་རྒྱལ་ཅན་རྣམས་ཀྱི་དབང་དུ་བྱས་པའོ། །བྱམས་པ་དང་སྙིང་རྗེ་ནི་སྡུག་བསྔལ་པ་རྣམས་ཀྱི་དབང་དུ་བྱས་པ་སྟེ། འདི་དག་སྡུག་བསྔལ་བར་མི་འགྱུར་བར་བདག་གིས་དེ་དག་སྡུག་བསྔལ་བ་ལས་དགྲོལ་བར་བྱའོ་སྙམ་དུ་སེམས་པའོ། །དགའ་བ་དང་བཏང་སྙོམས་ནི་གྲོལ་བ་རྣམས་ཀྱི་དབང་དུ་བྱས་པའོ། །མངོན་པར་ཤེས་པ་རྣམས་ནི་ངན་པའི་སྐྱབས་སུ་ཞུགས་པའི་དབང་དུ་བྱས་པ་སྟེ། མཐུའི་ཁྱད་པར་གྱིས་གཟུད་པའི་ཕྱིར་རོ། །ས་འདི་ནི་མི་ཉམས་པའི་བསམ་གཏན་ལ་སོགས་པས་ཐོབ་པས་དེ་དག་གིས་རབ་ཏུ་ཕྱེ་བ་ཡིན་ནོ། །ས་སྔ་མ་གཉིས་ལ་ཡང་སྙོམས་པར་འཇུག་པ་དེ་མེད་པ་ནི་མ་ཡིན་ནོ། །དེ་ལ་བསམ་གཏན་དང་གཟུགས་མེད་པ་ནི་རྣམ་པ་བཞིས་རྣམ་པར་གཞག་པར་རིག་པར་བྱ་སྟེ། མི་མཐུན་པའི་ཕྱོགས་ཉམས་པ་དང༌། གཉེན་པོ་བསྒོམ་པ་དང༌། བསྒོམས་པའི་ཕན་ཡོན་དང་དེ་གཉིས་ཀའི་གནས་སོ། །དེ་ལ་འདོད་པ་དང་སྡིག་པ་མི་དགེ་བའི་ཆོས་ལས་དབེན་པས་ནི། བསམ་གཏན་དང་པོའི་མི་མཐུན་པའི་ཕྱོགས་ཉམས་པར་སྟོན་ཏེ། གང་གི་ཕྱིར་འདོད་པ་རྣམས་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ཞེས་གསུངས་པའོ། །རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ནི་གཉེན་པོ་བསྒོམ་པ་སྟོན་ཏེ། གང་གི་ཕྱིར་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ་ཞེས་གསུངས་པའོ། །དགའ་བ་དང་བདེ་བས་ནི་བསྒོམས་པའི་ཕན་ཡོན་སྟོན་ཏེ། གང་གི་ཕྱིར་དབེན་པ་ལ་སྐྱེས་པའི་དགའ་བ་དང་བདེ་བས་ཞེས་གསུངས་པའོ། །བསམ་གཏན་གྱིས་ནི་དེ་གཉི་གའི་གནས་ཀྱི་ཏིང་ངེ་འཛིན་སྟོན་ཏེ། གང་གི་ཕྱིར་བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པའོ། །གཟུགས་མེད་པའི་སྙོམས་པར་


DTG113_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་རྣམས་ལ་ཡང་མི་མཐུན་པའི་ཕྱོགས་ཉམས་པ་དང༌། གཉེན་པོ་བསྒོམ་པ་དང༌། བསྒོམས་པའི་ཕན་ཡོན་དང༌། དེ་གཉི་གའི་གནས་རྣམས་ཅི་རིགས་སུ་སྦྱར་བར་བྱ་སྟེ། དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་འདུ་ཤེས་ལས་ཡང་དག་པར་འདས་པའོ། །ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅེས་བྱ་བ་ནི། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང་མཚུངས་པར་ལྡན་པའི་འདུ་ཤེས་ནུབ་པའོ། །སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་ཅེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་རྣམ་པར་རྟོག་པ་ཅན་ཡིན་པས། སྣ་ཚོགས་ཉིད་ཀྱི་འདུ་ཤེས་རྣམས་ཞེས་བྱ་སྟེ། འདི་ནི་མི་མཐུན་པའི་ཕྱོགས་ཉམས་པའོ། །ཐ་དད་དུ་དབྱེ་བའི་ཚུལ་གྱིས་གཟུགས་ལ་སོགས་པའི་ཡུལ་བདག་མེད་པར་མཐོང་བའི་ཕྱིར། གཉེན་པོ་གང་གི་གཟུགས་ལ་སོགས་པའི་ཡུལ་གྱི་འདུ་ཤེས་ལས་ཡང་དག་པར་འདས་པ་དེ་ནི། གཉེན་པོ་བསྒོམ་པ་ཡིན་པར་ཤེས་པར་བྱའོ། །ནམ་མཁའ་མཐའ་ཡས་སོ་སྙམ་ནས་ཞེས་བྱ་བ་ནི་བསྒོམས་པའི་ཕན་ཡོན་ནོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱིས་དེ་གཉིས་ཀའི་གནས་ཀྱི་ཏིང་ངེ་འཛིན་ཡོངས་སུ་བསྟན་ཏོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་ཞེས་བྱ་བ་འདིས་ནི་མི་མཐུན་པའི་ཕྱོགས་ཉམས་པ་བསྟན་ཏོ། །ཕྱི་རོལ་གྱི་དམིགས་པ་ལ་རགས་པ་ཉིད་དུ་ཡོངས་སུ་རྟོག་པས་ཉེས་པར་མཐོང་བའི་ཕྱིར། གཉེན་པོ་གང་གིས་དེ་ལས་ཡང་དག་པར་འདས་པ་དེ་ནི་གཉེན་པོ་བསྒོམ་པ་ཡིན་པར་རིག་པར་བྱའོ། །རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་ཞེས་བྱ་བས་ནི་བསྒོམས་པའི་ཕན་ཡོན་ཡོངས་སུ་བསྟན་ཏོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བས་ནི་དེ་གཉི་གའི་གནས་ཀྱི་ཏིང་ངེ་འཛིན་བསྟན་ཏོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཞེས་བྱ་བ་འདིས་ནི་མི་མཐུན་པའི་ཕྱོགས་ཉམས་པ་བསྟན་ཏོ། །རྣམ་པར་ཤེས་པ་


DTG113_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་སོ་སྙམ་ཞེས་བྱ་བ་ནི་འདིར་རགས་པ་ཉིད་དུ་ཡོངས་སུ་རྟོག་པས་ཉེས་པར་མཐོང་བའི་ཕྱིར་གཉེན་པོ་གང་གི་དེ་ལས་ཡང་དག་པར་དེ་ནི་གཉེན་པོ་བསྒོམ་པ་ཡིན་པར་ཤེས་པར་བྱའོ། །ཅི་ཡང་མེད་དོ་སྙམ་ཞེས་བྱ་བ་འདིས་ནི་བསྒོམས་པའི་ཕན་ཡོན་ཡོངས་སུ་བསྟན་ཏོ། །ཅི་ཡང་མེད་པའི་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་འདིས་ནི་གཉིས་ཀའི་གནས་ཀྱི་ཏིང་ངེ་འཛིན་ཡོངས་སུ་བསྟན་ཏོ། །དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཞེས་བྱ་བ་འདིས་ནི་མི་མཐུན་པའི་ཕྱོགས་ཉམས་པ་བསྟན་ཏོ། །ཅི་ཡང་མེད་དོ་སྙམ་ཞེས་བྱ་བ་འདིས་ནི་རགས་པ་ཉིད་ཡོངས་སུ་རྟོག་པས་ཉེས་པར་མཐོང་བའི་ཕྱིར་གཉེན་པོ་གང་གིས་དེ་ལས་ཡང་དག་པར་འདས་པ་དེ་ནི་གཉེན་པོ་བསྒོམ་པ་ཡིན་པར་རིག་པར་བྱའོ། །འདུ་ཤེས་མེད་འདུ་ཤེས་མེད་པ་མ་ཡིན་ནོ་སྙམ་ཞེས་བྱ་བས་ནི་བསྒོམས་པའི་ཕན་ཡོན་བསྟན་ཏོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ལ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱིས་ནི་དེ་གཉི་གའི་གནས་ཀྱི་ཏིང་ངེ་འཛིན་བསྟན་ཏོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་ཡང་མི་མཐུན་པའི་ཕྱོགས་ཉམས་པ་དང༌། གཉེན་པོ་བསྒོམ་པ་དང༌། དེའི་ཕན་ཡོན་དང༌། དེ་གཉི་གའི་གནས་རྣམས་ནི་ཅི་རིགས་སུ་སྦྱར་ཟིན་ཏོ། །ཚད་མེད་པ་རྣམས་ནི་རྣམ་པ་གསུམ་སྟེ། སེམས་ཅན་ལ་དམིགས་པ་དང༌། ཆོས་ལ་དམིགས་པ་དང་དམིགས་པ་མེད་པ་རྣམས་སོ། །དེ་ལ་སེམས་ཅན་ལ་དམིགས་པ་ནི་རྣམ་པ་བཞིས་རྣམ་པར་གཞག་སྟེ་ཉེ་བར་སྒྲུབ་པ་དང༌། མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་དང༌། རྣམ་པར་དག་པ་དང་འབྲས་བུ་ཡོངས་སུ་འཛིན་པའོ། །ཉེ་བར་སྒྲུབ་པ་ཇི་ལྟ་བུ་ཞེ་ན། འདོད་པ་ན་སྤྱོད་པ་དང༌། གཟུགས་ན་སྤྱོད་པ་དགའ་བ་དང་བཅས་པ་དང༌། དགའ་བ་མེད་པའི་བདེ་བ་རྣམ་པ་གསུམ་སྒྲུབ་པའི་ཕྱིར་རོ། །དེ་ནི་སྡུག་བསྔལ་དང་དགའ་བ་དང་བྲལ་བའི་ཕྱིར་གཉིས་སུ་མེད་པའོ། །དེ་ཉིད་ཚད་མེད་པ་ཡིན་ཏེ། གང་གི་ཕྱིར་དེ་ལ་བྱམས་པ་དང་ལྡན་པའི་སེམས་ཡངས་པ་རྒྱ་ཆེན་པོར་གྱུར་པ་མི་གཉིས་པ་ཚད་མེད་པ་ཞེས་བྱ་བ་ནས། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་དང་ལྡན་པ་ཞེས་གསུངས་པའི་བར་དུའོ། །མི་མཐུན་པའི་ཕྱོགས་ཀྱི་


DTG113_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ་ཇི་ལྟ་བུ་ཞེ་ན། མི་འདོད་པ་ཉེ་བར་སྒྲུབ་པ་དང༌། འདོད་པ་ཉེ་བར་སྒྲུབ་པའི་གེགས་བྱེད་པ་གནོད་པར་སེམས་པའི་གཉེན་པོ་ནི་གང་གི་ཕྱིར་ཁོན་མེད་པ་འགྲན་ཟླ་མེད་པ་ཞེས་གསུངས་པའོ། །རྣམ་པར་དག་པ་ཇི་ལྟ་བུ་ཞེ་ན། སྒྲིབ་པ་རྨུགས་པ་དང༌། གཉིད་དང༌། རྒོད་པ་དང་འགྱོད་པ་གཉིས་ཡང་དག་པར་ཤིན་ཏུ་བསལ་བའི་ཕྱིར་ཏེ། གང་གི་ཕྱིར་སྒྲིབ་པ་མེད་པ་ཞེས་གསུངས་པའོ། །འབྲས་བུ་ཡོངས་སུ་འཛིན་པ་ཇི་ལྟ་བུ་ཞེ་ན། གཟུགས་དང་འདོད་པའི་ཁམས་སུ་རྣམ་པར་སྨིན་པ་དང༌། རྒྱུ་མཐུན་པའི་གནོད་པ་མེད་པའི་འབྲས་བུ་ཉིད་ཡོངས་སུ་འཛིན་པའི་ཕྱིར་ཏེ། གང་གི་ཕྱིར་གནོད་པ་མེད་པ་ཞེས་གསུངས་པའོ། །ཆོས་ལ་དམིགས་པ་ནི་ཐམས་ཅད་དུ་ཁྱབ་པའོ། །འདོད་པ་དང༌། གཟུགས་དང༌། གཟུགས་མེད་པ་ན་སྤྱོད་པའི་སོ་སོའི་སྐྱེ་བོ་དང༌། སློབ་པའི་སོ་སོའི་སྐྱེ་བོའི་སེམས་ཅན་ཇི་སྙེད་པ་ནི་ཆོས་རྣམས་ཏེ། གང་དག་ལ་སེམས་ཅན་དུ་འདོགས་པ་མེད་པ་དེ་ལ་དམིགས་པ་སྟེ། གང་གི་ཕྱིར་ཐམས་ཅད་དུ་ཁྱབ་པ་ཞེས་གསུངས་པའོ། །དམིགས་པ་མེད་པ་ནི་རྣམ་པ་གཉིས་ཀྱིས་བསྟན་ཏེ། རང་གི་མཚན་ཉིད་ལ་མི་དམིགས་པ་ནི་ཆོས་ལ་བདག་མེད་པ་མཆོག་ཏུ་གྱུར་པའི་འཇིག་རྟེན་ལ་སྟེ། གང་གི་ཕྱིར་འཇིག་རྟེན་ཆོས་ཀྱི་དབྱིངས་དམ་པ་ཞེས་གསུངས་པའོ། །མཐའ་ཡོངས་སུ་མ་ཆད་པ་ནི་གང་གི་ཕྱིར་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་ཞེས་གསུངས་པའོ། །འཇིག་རྟེན་ཐམས་ཅད་ཅེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དེ། གང་གི་ཕྱིར་འཇིག་རྟེན་ཐམས་ཅད་ཁྱབ་པར་བྱས་ནས་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པའོ། །མངོན་པར་ཤེས་པ་རྣམས་ལས་བཞི་ནི་ཤེས་པར་རབ་ཏུ་ཕྱེ་བའོ། །ལྔ་པ་ནི་མཐོང་བས་རབ་ཏུ་ཕྱེ་བའོ། །རྫུ་འཕྲུལ་མངོན་པར་ཤེས་པ་གཅིག་གིས་ནི། ལུས་ཀྱི་ལས་ཡོངས་སུ་དག་གོ །ལྷའི་རྣ་བ་དང༌། ཕ་རོལ་གྱི་སེམས་ཤེས་པའི་མངོན་པར་ཞེན་པ་གཉིས་ཀྱིས་ནི་ངག་གི་ལས་ཡོངས་སུ་དག་གོ །སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། འཆི་འཕོ་དང༌། སྐྱེ་བ་མངོན་པར་ཤེས་པ་གཉིས་ཀྱིས་ནི་ཡིད་ཀྱི་ལས་ཡོངས་སུ་དག་གོ །གཅིག་གིས་ནི་སེམས་ཅན་གྱི་གན་དུ་འགྲོའོ། །གཉིས་ཀྱིས་ནི་ཆོས་སྟོན་ཏེ། སྒྲ་དང་དོན་སོ་སོར་ཡང་དག་པར་རིག་ཅིང་སེམས་ཤེས་ལ་


DTG113_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་གཞན་གྱི་དོན་ཤེས་ཏེ། དོན་དེའི་དབང་དུ་བྱས་ནས་དེ་དག་གིས་ཚིག་འདི་བརྗོད་དོ་སྙམ་པའོ། །གཉིས་ཀྱིས་ནི་འོང་བ་དང་འགྲོ་བ་ཤེས་ཏེ། སེམས་ཅན་རྣམས་ཀྱི་སྔོན་གྱི་མཐའ་དང༌། ཕྱི་མའི་མཐའ་ཡོངས་སུ་སྨིན་པ་ཤེས་སོ། །དེ་ལ་རྫུ་འཕྲུལ་མངོན་པར་ཤེས་པ་ནི་དབང་ཉིད་ཐོབ་པར་རིག་པར་བྱའོ། །དབང་ཉིད་ཀྱང་རྣམ་པ་གསུམ་སྟེ། ཞིང་ལ་དབང་བ་ཉིད་ནི་འཇིག་རྟེན་གྱི་ཁམས་ཀྱི་ས་གཡོ་བར་བྱེད་པ་སྟེ། གང་གི་ཕྱིར་རྫུ་འཕྲུལ་བྱ་བ་རྣམས་པ་དུ་མ་མྱོང་བར་བྱེད་དེ། ས་ཡང་གཡོ་བར་བྱེད་དོ་ཞེས་གསུངས་པའོ། །ལུས་ལ་དབང་བ་ཉིད་ནི་དེ་བསྡུས་པ་དང༌། སྤྲོས་པ་དང༌། སྣང་བ་དང་མི་སྣང་བར་བྱེད་པ་སྟེ། གང་གི་ཕྱིར་གཅིག་ཏུ་གྱུར་ནས་མང་པོར་འགྱུར་རོ། །མང་པོར་གྱུར་ནས་གཅིག་ཏུ་འགྱུར་རོ། །སྣང་བར་གྱུར་ཅིང་མི་སྣང་བར་འགྱུར་རོ་ཞེས་གསུངས་པའོ། །བྱེད་པ་ལ་དབང་བ་ཉིད་ནི་རྣམ་པ་བརྒྱད་དེ། རྩིག་པ་ལ་སོགས་པ་ལ་ཐད་ཀར་འགྲོ་བ་ནི་གང་གི་ཕྱིར། རྩིག་པ་ལ་ཐད་ཀར་འགྲོ། ར་བ་ལ་ཡང་ཐད་ཀར་འགྲོ། །རི་ལ་ཡང་མི་ཐོགས་པར་ཐད་ཀར་འགྲོ་སྟེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ་ཞེས་གསུངས་པའོ། །སྟེང་དུ་ནམ་མཁའ་ལ་ཡང་འགྲོ་བ་ནི་གང་གི་ཕྱིར། ནམ་མཁའ་ལ་ཡང་སྐྱིལ་མོ་ཀྲུང་གིས་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ་ཞེས་གསུངས་པའོ། །ས་ལ་ཡང་སྟེང་དང་འོག་ཏུ་འགྲོ་བ་ནི་གང་གི་ཕྱིར། ས་ལ་ཡང་སྟེང་དུ་འབྱུང་བ་དང་བྱེའུ་ཟུལ་བྱེད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ་ཞེས་གསུངས་པའོ། །ཆུ་ལའང་འོག་ཏུ་མི་འབྱིང་བ་ནི་གང་གི་ཕྱིར། ཆུ་ལའང་མི་ནུབ་པར་འགྲོ་སྟེ། དཔེར་ནས་ལ་བྱ་བ་བཞིན་ནོ་ཞེས་གསུངས་པའོ། །རབ་ཏུ་འབར་བར་བྱེད་པ་ནི་གང་གི་ཕྱིར་དུ་བ་འཐུལ་བར་ཡང་བྱེད། འབར་བར་ཡང་བྱེད་དེ། དཔེར་ན་མེའི་ཕུང་པོ་ཆེན་པོ་བཞིན་ནོ་ཞེས་གསུངས་པའོ། །ཆུ་འབྱིན་པར་བྱེད་པ་ནི་གང་གི་ཕྱིར་བདག་གི་ལུས་ལས་ཆུའི་རྒྱུན་ཆེན་པོ་འབྱིན་ཏེ། དཔེར་ན་སྤྲིན་ཆེན་པོ་བཞིན་ནོ་ཞེས་གསུངས་པའོ། །ལག་པས་ཉུག་པར་བྱེད་པ་ནི་གང་གི་ཕྱིར་ཟླ་བ་དང་ཉི་མ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ་འདི་གཉིས་ལ་ཡང༌། ལག་པས་འཛིན་ཅིང་ཀུན་དུ་ཉུག་པར་བྱེད་དོ་ཞེས་གསུངས་པའོ། །ཚངས་པའི་འཇིག་རྟེན་གྱི་བར་གྱི་སྣོད་དང་སེམས་ཅན་གྱི་འཇིག་རྟེན་ལ་དབང་བྱེད་དེ། འདོད་


DTG113_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དགུར་སྒྱུར་ཞིང་བྱེད་པར་དབང་བ་ནི་གང་གི་ཕྱིར། ཚངས་པའི་འཇིག་རྟེན་གྱི་བར་དུ་ཡང་ལུས་ཀྱིས་དབང་བསྒྱུར་རོ་ཞེས་གསུངས་པའོ། །ལྷའི་རྣམ་བའི་མངོན་པར་ཤེས་པས་ནི་གང་གིས་ཇི་ལྟར་གྱུར་པས་གང་ཐོས་པས་དེ་ཡོངས་སུ་བསྟན་ཏེ། རྣམ་པར་དག་པས་ནི་གསལ་བར་ཐོས་པའོ། །མི་ལས་འདས་པ་ནི་ཐག་རིང་པོ་ཐོས་པ་སྟེ། མིའི་སྒྲ་ལས་ཀྱང་ཤིན་ཏུ་འདས་ནས་འོག་ཏུ་མནར་མེད་པ་ཡན་ཆོད་ཀྱི་སྒྲ་ཐོས་པར་ནུས་པ་སྟེ། གང་གི་ཕྱིར་དེ་ལྷའི་རྣ་བའི་ཁམས་རྣམ་པར་དག་པ་མིའི་ལས་འདས་པས་ལྷ་དང་མི་གཉིས་ཀའི་སྒྲ་ཡང་ཐོས་སོ་ཞེས་བྱ་བ་གསུངས་པ་སྟེ། གང་ན་བྱ་བ་བྱེད་པ་དེར་གཏོད་ཅིང་ཉན་པའོ། །ཐ་ན་སྦྲང་བུ་ལ་སོགས་པའི་སྒྲ་ཞེས་བྱ་བ་ནི་ཆུང་ངུ་ཡང་ཐོས་སོ་ཞེས་ཡོངས་སུ་སྟོན་ཏོ། །གང་གི་ཕྱིར་གང་དག་རིང་ཡང་རུང་ཉེ་ཡང་རུང་ཐ་ན་སྦྲང་བུ་དང་ཤ་སྦྲང་དང༌། བུང་བ་དང་སྲིན་བུ་རྣམས་ཀྱི་སྒྲ་ཡང་ཐོས་སོ་ཞེས་གསུངས་པའོ། །སེམས་ཀྱི་རྣམ་གྲངས་ཀྱི་མངོན་པར་ཤེས་པ་ནི་སེམས་ཐ་དད་པ་སྟེ། ཀུན་ནས་དཀྲིས་པ་དང༌། བག་ལ་ཉལ་དང༌། སྐྱེ་བ་དང༌། ཏིང་ངེ་འཛིན་ལ་སྦྱོར་བ་དང༌། ཏིང་ངེ་འཛིན་ཐོབ་པ་དང༌། རྣམ་པར་གྲོལ་བ་དང༌། ལོག་པ་དང༌། ཡང་དག་པར་སྒྲུབ་པ་དང༌། རགས་པ་དང༌། རགས་པ་མ་ཡིན་པར་རབ་ཏུ་དབྱེ་བར་ཤེས་པར་བྱའོ། །དེ་ལ་ཀུན་ནས་དཀྲིས་པ་ནི་འདོད་ཆགས་དང་བཅས་པ་ལ་སོགས་པ་སྟེ། གང་གི་ཕྱིར་འདོད་ཆགས་དང་བཅས་པའི་སེམས་ལ་ཡང་འདོད་ཆགས་དང་བཅས་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདོད་ཆགས་དང་བྲལ་བའི་སེམས་ལ་ཡང་འདོད་ཆགས་དང་བྲལ་བའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེ་སྡང་དང་བཅས་པ་དང༌། ཞེ་སྡང་དང་བྲལ་བ་དང༌། གཏི་མུག་དང་བཅས་པ་དང༌། གཏི་མུག་དང་བྲལ་བ་ཞེས་གསུངས་པའོ། །བག་ལ་ཉལ་ནི་ཉོན་མོངས་པ་དང་བཅས་པ་དང༌། ཉོན་མོངས་པ་མེད་པ་སྟེ། གང་གི་ཕྱིར་ཉོན་མོངས་པ་དང་བཅས་པ་དང༌། ཉོན་མོངས་པ་མེད་པ་ཞེས་གསུངས་པའོ། །སྐྱེ་བ་ནི་མི་རྣམས་ཀྱི་ནི་ཆུང་བའོ། །འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་ནི་ཡངས་པའོ། །གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱི་ནི་རྒྱ་ཆེན་པོར་གྱུར་པའོ། །གཟུགས་མེད་པ་གཉིས་ཀྱི་ནི་ཚད་མེད་པ་སྟེ། གང་


DTG113_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕྱིར་ཆུང་བ་དང༌། ཡངས་པ་དང༌། རྒྱ་ཆེན་པོར་གྱུར་པ་དང་ཚད་མེད་པ་ཞེས་གསུངས་པའོ། །ཏིང་ངེ་འཛིན་ལ་སྦྱོར་བ་ནི་བསྡུས་པ་དང་སྤྲོས་པ་སྟེ། གང་གི་ཕྱིར་བསྡུས་པ་དང་སྤྲོས་པ་ཞེས་གསུངས་པའོ། །ཏིང་ངེ་འཛིན་ཐོབ་པ་ནི་སྙོམས་པར་ཞུགས་པ་དང༌། ལངས་པ་རྣམས་ཀྱི་མཉམ་པར་བཞག་པ་དང་མཉམ་པར་མ་བཞག་པ་སྟེ། གང་གི་ཕྱིར་མཉམ་པར་བཞག་པ་དང་མཉམ་པར་མ་བཞག་པ་ཞེས་གསུངས་པའོ། །རྣམ་པར་གྲོལ་བ་ནི་རྣམ་པར་གྲོལ་བ་དང་རྣམ་པར་མ་གྲོལ་བ་སྟེ། གང་གི་ཕྱིར་རྣམ་པར་གྲོལ་བ་དང་རྣམ་པར་མ་གྲོལ་བ་ཞེས་གསུངས་པའོ། །ལོག་པ་དང་ཡང་དག་པར་བསྒྲུབ་པ་རྣམས་ལ་ནི་གྲགས་པ་རྣམས་ལ་འདོད་པས་སྤྱོད་པའི་རིགས་པ་མ་ཡིན་པ་དང་རིགས་པ་སྟེ། གང་གི་ཕྱིར་སྐྱོན་ཅན་དང་སྐྱོན་མེད་པ་ཞེས་གསུངས་པའོ། །སོ་སོའི་སྐྱེ་བོ་མངོན་པའི་ང་རྒྱལ་ཅན་གཞན་རྣམས་ཀྱི་ཉོན་མོངས་པ་རགས་པ་དང་ཆ་ཕྲ་བ་ཀུན་དུ་འབྱུང་བ་ནི། གང་གི་ཕྱིར་སེམས་རགས་པ་ལ་ཡང་སེམས་རགས་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །སེམས་རགས་པ་མ་ཡིན་པ་ལ་ཡང་སེམས་རགས་པ་མ་ཡིན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པའོ། །སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པས་ནི་དྲན་པ་གང་གིས་དྲན་པ་སྟེ། གང་གི་ཕྱིར་དེ་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ་ཞེས་གསུངས་པའོ། །གང་དྲན་པ་ནི་གང་གི་ཕྱིར་ཚེ་རབས་གཅིག་ཀྱང་རྗེས་སུ་དྲན་ནོ། །ཚེ་རབས་གཉིས་དང་གསུམ་ནས་བསྐལ་པ་བྱེད་བ་ཁྲག་ཁྲིག་འབུམ་ཕྲག་དུ་མའི་བར་དུ་རྗེས་སུ་དྲན་ནོ་ཞེས་གསུངས་པའོ། །ཇི་ལྟར་དྲན་པ་སྟེ་ཐ་སྙད་ཀྱི་རྒྱུ་ཐ་དད་པ་ནི་གང་གི་ཕྱིར་ཆེ་གེ་མོ་ཞིག་ན་བདག་མིང་ནི་འདི་ཞེས་བྱ་བར་གྱུར་ཅེས་གསུངས་པའོ། །རུས་ཐ་དད་པ་ནི་གང་གི་ཕྱིར་རུས་ནི་འདི་ཞེས་བྱ་ཞེས་གསུངས་པའོ། །ཡ་རབས་དང་མ་རབས་ཐ་དད་པ་ནི་གང་གི་ཕྱིར་རིགས་ནི་འདི་ཞེས་བྱ་ཞེས་གསུངས་པའོ། །རྟོན་པ་ཐ་དད་པ་ནི་གང་གི་ཕྱིར་ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ་ཞེས་གསུངས་པའོ། །འདུ་བྱེད་ཐ་དད་པ་ནི་གང་གི་ཕྱིར་ཚེ་འདི་ལྟ་བུ་ཞིག་ཐུབ། ཡུན་འདི་སྲིད་ཅིག་གནས་གནས་ཞེས་གསུངས་པའོ། །དར་བ་དང་རྒུད་པ་ཐ་དད་པ་ནི་གང་གི་ཕྱིར་བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་ཞེས་གསུངས་པ་སྟེ། དེ་


DTG113_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཡོངས་སུ་བསྟན་ཏོ། །དེ་ལ་རུས་ཐ་དད་པ་ནི་ཕ་དང་མ་ཐ་དད་པའོ། །ཡ་རབས་དང་མ་རབས་ཐ་དད་པ་ནི་བྲམ་ཟེ་དང་རྒྱལ་རིགས་ལ་སོགས་པ་ཐ་དད་པའོ། །འདུ་བྱེད་ཐ་དད་པ་ནི་ཚེའི་ཚད་དང༌། དུས་མ་ཡིན་པ་དང་དུས་སུ་འཆི་བའོ། །དེ་ལ་རྣམ་པ་ནི་དེ་དག་ཐམས་ཅད་ཐ་དད་པ་སྟེ། གང་གི་ཕྱིར་རྣམ་པ་དང་བཅས་ཞེས་གསུངས་པའོ། །དན་རྟགས་ནི་མིང་སྟེ་གང་གི་ཕྱིར་དན་རྟགས་དང་བཅས་ཞེས་གསུངས་པའོ། །རྒྱུ་མཚན་ནི་རིགས་ལ་སོགས་པ་སྟེ། རྒྱུ་མཚན་དང་བཅས་པར་ཞེས་གསུངས་པའོ། །རྣམ་གྲངས་གཞན་དུ་ཚེ་རབས་གཅིག་དང་གཉིས་དང་གསུམ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པ་དག་གོ །དན་རྟགས་ནི་མིང་ལ་སོགས་པའོ། །རྒྱུ་མཚན་ནི་བདག་དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ་ཞེས་བྱའོ། །སྐྱེ་བའི་རྒྱུ་མཚན་ནི་གང་གིས་བསྐྱེད་པའོ། །འཆི་འཕོ་བ་དང་སྐྱེ་བའི་མངོན་པར་ཤེས་པ་ནི་གང་གིས་མཐོང་ཞེ་ན། ལྷའི་མིག་ལ་སོགས་པ་སྟེ་གང་གི་ཕྱིར་ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པས་ཞེས་གསུངས་པའོ། །གང་མཐོང་ཞེ་ན། སེམས་ཅན་རྣམས་འཆི་འཕོ་བ་མཐོང་བ་སྟེ། གང་གི་ཕྱིར་སེམས་ཅན་འཆི་འཕོ་བ་དང༌། སྐྱེ་བ་དང༌། མདོག་སྡུག་པ་དང༌། མདོག་མི་སྡུག་པ་དང༌། བདེ་བར་སོང་བ་དང༌། ངན་པར་སོང་བ་དང༌། བཟང་པོ་དང་ངན་པ་རྣམས་མཐོང་ངོ༌། །ལས་ཇི་ལྟ་བ་བཞིན་དུ་ཉེ་བར་འགྲོ་བའི་སེམས་ཅན་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པའོ། །ཇི་ལྟར་མཐོང་བ་ནི་ཀྱེ་མ་སེམས་ཅན་འདི་དག་ནི་ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ། ངག་གིས་ཉེས་པར་སྤྱོད་པ་དང་ལྡན་པ། ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་པ་འདེབས་པ། ལོག་པར་ལྟ་བ་ཅན་དག་སྟེ། ལོག་པར་ལྟ་བའི་ལས་ཡང་དག་པར་བླངས་པའི་རྒྱུས་ལུས་ཞིག་སྟེ། ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྷུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེའོ་ཞེས་བྱ་བ་དང༌། ཀྱེ་མ་སེམས་ཅན་འདི་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ་ཞེས་བཟློག་པ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེའོ་ཞེས་བྱ་བར་རབ་ཏུ་ཤེས་པ་དེ་ཡོངས་སུ་བསྟན་ཏོ། །ལྷག་མ་ནི་ཉན་ཐོས་ཀྱི་ཐེག་པ་ལས་འབྱུང་བ་དང༌། ཐུན་མོང་བས་རྣམ་པར་མ་ཕྱེ་


DTG113_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །དེ་བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་འདི་དག་ལ་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་ཡང་གང་དུ་བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་རྫོགས་པར་འགྱུར་བར་མཐོང་བ་དེར་ཆེད་དུ་བསམས་ཏེ། སྨོན་ལམ་བཏབ་པའི་དབང་གིས་སྐྱེ་བ་མ་གཏོགས་པར་དེ་དག་གི་དབང་གིས་མི་སྐྱེའོ་ཞེས་བྱ་བ་དེ་ལ་བསམ་གཏན་རྣམས་ནི་ཇི་སྐད་བསྟན་པ་རྣམས་སོ། །རྣམ་པར་ཐར་པ་ནི་གཟུགས་མེད་པ་དག་གོ །ཏིང་ངེ་འཛིན་དག་ནི་ཚད་མེད་པ་རྣམས་སོ། །སྙོམས་པར་འཇུག་པ་རྣམས་ནི་མངོན་པར་ཤེས་པ་རྣམས་ཏེ་བྱུང་བ་དང་དུས་མཉམ་དུ་ཇི་ལྟར་བསམ་པའི་བྱ་བ་སྒྲུབ་པའི་ཕྱིར་རོ། །བསམ་གཏན་དང་གཟུགས་མེད་པ་དེ་དག་གི་དབང་གིས་མི་སྐྱེ་ཞེས་བྱ་བ་ནི་རང་དབང་གི་སེམས་ཀྱི་བསམ་པ་དེ་ཡང་དག་པར་སྒྲུབ་བོ། །གང་དུ་བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་རྫོགས་པར་འགྱུར་བར་མཐོང་བ་ཞེས་བྱ་བ་ནི་གང་ན་སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་འགྲོགས་པའོ། །ཆོས་ཐམས་ཅད་རྣམ་པར་དག་པར་འཕོ་བ་མེད་པ་ཉིད་དང༌། ཀུན་ནས་ཉོན་མོངས་པར་རྣམ་པར་འཇིག་པ་མེད་པ་ཉིད་དུ་མཐོང་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རོ། །རྣམ་པར་དག་པ་དེར་ཡང་ཅི་ཡང་གཞག་པ་མེད་ལ། ཀུན་ནས་ཉོན་མོངས་པ་ལས་ཀྱང་ཅི་ཡང་བསལ་བ་མེད་དེ། གཉེན་པོ་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པ་རྣམ་པར་ལྡོག་ཅིང༌། རྣམ་པར་དག་པ་ཡང་མངོན་ཏེ། གང་གི་ཕྱིར་ཆོས་ཐམས་ཅད་རྐྱེན་ལ་བརྟེན་པ་ཉིད་ཡིན་པས་འཕོ་བ་མེད་པ་ཉིད་དང༌། རྣམ་པར་འཇིག་པ་མེད་པ་ཉིད་དུ་རྟོགས་པས་ཞེས་གསུངས་པའོ། །དེའི་ཀུན་འབྱུང་བ་རིང་དུ་གྱུར་པས། དེ་བས་ཀྱང་ཤས་ཆེར་འདོད་པ་དང༌། གཟུགས་དང་གཟུགས་མེད་པ་དང་ལྡན་པའི་ཉོན་མོངས་པ་བསྒོམས་པས་སྤང་བར་བྱ་བ་ཐམས་ཅད་དེའི་རྒྱུར་གྱུར་པ་མ་རིག་པ་དང་བཅས་པར་བསྲབས་པར་འགྱུར་རོ། །ལྟ་བ་རྣམས་ནི་ས་དང་པོ་ཉིད་དུ་མཐོང་བའི་ལམ་གྱིས་སྤངས་པ་ཡིན་ཏེ། གང་གི་ཕྱིར་དེ་དེ་བས་ཀྱང་ཤས་ཆེར་འདོད་པའི་འཆིང་བ་ཐམས་ཅད་བསྲབས་པར་འགྱུར་རོ། །གཟུགས་ཀྱི་འཆིང་བ་ཐམས་ཅད་དང༌། སྲིད་པའི་འཆིང་བ་ཐམས་ཅད་དང༌། མ་རིག་པའི་འཆིང་བ་ཐམས་ཅད་སྤངས་པར་འགྱུར་རོ། །དེའི་ལྟ་བར་གྱུར་


DTG113_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཆིང་བ་རྣམས་ནི་སྔ་ནས་ཀྱང་སྤངས་པ་ཡིན་ནོ་ཞེས་གསུངས་པའོ། །ལོག་པའི་འདོད་ཆགས་ལ་སོགས་པ་འགྲིབ་པར་བྱ་བ་མ་ཡིན་པར་སྤོང་བར་འགྱུར་ཞེས་བྱ་བ་ལ་མི་དགེ་བའི་རྩ་བ་རྣམས་ཀྱི་བག་ལ་ཉལ་སྤོང་བ་ཡིན་གྱི། སྔར་བསལ་བའི་ཕྱིར་ཀུན་དུ་འབྱུང་བ་སེལ་བར་ནི་མ་ཡིན་ཏེ། གནག་གི་ཕྱིར་བྱང་ཆུབ་སེམས་དཔའི་ས་འོད་བྱེད་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་བསྐལ་པ་བརྒྱ་ཕྲག་དུ་མ་ནས། བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མར་ལོག་པའི་འདོད་ཆགས་འགྲིབ་པར་བྱ་བ་མ་ཡིན་པར་སྤོང་བར་འགྱུར་རོ། །ལོག་པའི་ཞེ་སྡང་འགྲིབ་པར་བྱ་བ་མ་ཡིན་པ་དང༌། ལོག་པའི་གཏི་མུག་འགྲིབ་པར་བྱ་བ་མ་ཡིན་པར་སྤོང་བར་འགྱུར་རོ་ཞེས་གསུངས་སོ། །གསེར་གྱི་ས་ལེ་སྦྲམ་གྱི་དཔེས་ནི་གྲོན་མེད་དེ་སྲང་ཀ་ཐུབ་པས་ས་འོག་མ་ལ་དབང་བྱེད་དེ། ས་འདི་ལ་འདོད་ཆགས་དང་བྲལ་བར་འགྲོ་བ་ཉམས་པ་མེད་པར་ཡོངས་སུ་སྟོན་ཏེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དཔེར་ན་གསེར་གྱི་ས་ལེ་སྦྲམ་དེ་ཉིད་མགར་བ་མཁས་པའི་ལག་ན་བསྲེལ་ན་སྲང་གྲངས་ཀྱི་ཚད་བཞིན་དུ་འདུག་གོ །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་འོད་བྱེད་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང༌། བསྐལ་པ་བརྒྱ་ཕྲག་དུ་མ་ནས་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མའི་བར་དུ་ལོག་པའི་འདོད་ཆགས་འགྲིབ་པར་བྱ་བ་མ་ཡིན་པར་སྤོང་བར་འགྱུར་རོ་ཞེས་གསུངས་པ་སྟེ་སྔ་མ་བཞིན་ནོ། །དེ་གནོད་པ་བྱེད་པ་ལ་མི་འཁྲུགས་པ་དང༌། གཞན་གྱི་སེམས་རྗེས་སུ་སྲུང་བའི་ཕྱིར། བཟོད་པ་དང་དེས་པའི་བསམ་པ་ཤས་ཆེར་ཡོངས་སུ་དག་པ་ཡིན་ཏེ། གང་གི་ཕྱིར་དེའི་བཟོད་པ་དང་དེས་པའི་བསམ་པ་ཡང་དེ་བས་ཤས་ཆེར་ཡོངས་སུ་དག་པར་འགྱུར་ཞེས་གསུངས་པའོ། །དེ་ནི་གནོད་པ་བྱེད་པའི་བྱེ་བྲག་གིས་ཐ་དད་པར་ཡོངས་སུ་སྟོན་ཏེ། གནོད་པ་བྱེད་དུ་དོགས་པ་ལ་ནི་བཤེས་པ་ཉིད་སྙན་པའི་ཚིག་གིས་སྦྱོར་ཏེ་གང་གི་ཕྱིར་བཤེས་ཤིང་འཇམ་པའི་བསམ་པ་ཉིད་ཅེས་གསུངས་པའོ། །གནོད་པ་བྱེད་པ་ལ་ནི་མི་འཁྲུགས་པ་དང༌། ཕྱིར་མི་གཤེ་བ་ལ་སོགས་པ་དང་ཡིད་མི་བདེ་བ་མི་བསྐྱེད་པ་ནི་གནག་གི་ཕྱིར་མི་གཡོ་བའི་བསམ་པ་ཉིད་དང་མི་འཁྲུགས་


DTG113_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསམ་པ་ཉིད་དང་གཡོ་བ་མེད་པའི་བསམ་པ་ཉིད་ཅེས་གསུངས་པའོ། །འདས་པ་ལ་ང་རྒྱལ་མེད་པས་བདག་གིས་བཤད་ཀྱིས་འཆགས་པ་ནི་གནག་གི་ཕྱིར། མཐོ་དམན་མེད་པའི་བསམ་པ་ཉིད། །ཅེས་གསུངས་པའོ། །གཞན་ལས་འདུད་པའི་བྱ་བ་ལ་མི་སྨོན་པ་ནི་གང་གི་ཕྱིར་སེམས་ཅན་གྱིས་བྱས་པ་ལ་འདོད་པ་མེད་པའི་བསམ་པ་ཉིད་ཅེས་གསུངས་པའོ། །ལན་དུ་ཕན་འདོགས་པར་བྱེད་པར་སྨོན་པ་ནི་གནག་གི་ཕྱིར་བྱས་པ་ལ་ཕྱིར་བྱེད་པར་རེ་བ་མེད་པའི་བསམ་པ་ཉིད་ཅེས་གསུངས་པའོ། །བཅོས་པ་མ་ཡིན་པར་ཕན་གདགས་པར་སྤྱོད་པ་སྦྱོར་བ་དང༌། ཉེ་མགོན་མེད་དེ་མཉམ་པར་ཕན་འདོགས་པར་འཇུག་པ་ནི་གང་གི་ཕྱིར་གཡོ་མེད་ཅིང་སྒྱུ་མེད་པའི་བསམ་པ་ཉིད་ཅེས་གསུངས་པའོ། །མི་དགའ་བ་ཆུང་དུ་དང་ཡང་འབྲེལ་པ་མེད་པ་ནི་གནག་གི་ཕྱིར། ཐིབས་པོ་མེད་པའི་བསམ་པ་ཉིད། །ཅེས་གསུངས་པའོ། །ས་འདིའི་ལྷག་མ་ནི་སྔ་མའི་ཚུལ་བཞིན་དུ་རིག་པར་བྱའོ། །འཕགས་པ་ས་བཅུ་པ་ལས། ས་གསུམ་པའི་རྣམ་པར་བཤད་པ་རྫོགས་སོ།། །།བམ་པོ་བདུན་པ། ས་བཞི་པ་ནི་ཏིང་ངེ་འཛིན་རྣམ་པར་དག་པ་ལ་བརྟེན་ནས། ཐོས་པ་གཟུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་རྣམ་པར་དག་པས་རབ་ཏུ་ཕྱེ་བའོ། །དེ་ཡང་རྣམ་པ་བཞིས་རྣམ་པར་གཞག་པར་རིག་པར་བྱ་སྟེ། རྣམ་པར་དག་པ་དང་གཉེན་པོ་བསྒོམ་པ་འཕེལ་བའི་རྒྱུ་རྣམ་པར་གཞག་པ་དང༌། རྣམ་པར་དག་པ་འཕེལ་བ་རྣམ་པར་གཞག་པ་དང༌། གཉེན་པོ་བསྒོམ་པ་འཕེལ་བ་རྣམ་པར་གཞག་པ་དང༌། དེའི་འབྲས་བུ་རྣམ་པར་གཞག་པས་སོ། །དེ་ལ་རྣམ་པར་དག་པ་དང་གཉེན་པོ་བསྒོམ་པ་འཕེལ་བའི་རྒྱུ་ནི་ཆོས་ལ་སྣང་བས་འཇུག་པ་བཅུ་སྟེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་གསུམ་པ་ལ་སྣང་བ་ཤིན་ཏུ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་ས་བཞི་པ་ནོན་ཏེ། དེས་ཆོས་ལ་སྣང་བའི་འཇུག་པ་བཅུས་གནོན་ཏོ་ཞེས་གསུངས་པའོ། །སྣང་བ་ན་རྟོགས་པའི་ཡེ་ཤེས་ཏེ་དེས་དེར་རྟོགས་པ་ལ་དེ་བཞིན་གཤེགས་པས་བསྟན་པའི་ཆོས་རྣམས་ལ་འཇུག་པས་ཡེ་ཤེས་དེ་ནི་ཆོས་ལ་སྣང་བས་འཇུག་པའོ། །དེ་དག་དང་དེ་མཚུངས་པར་རྟོག་པ་སྟེ། ཤེས་བྱ་ཇི་ལྟ་བ་བཞིན་དུ་གཉི་ག་འབྱུང་བའི་ཕྱིར་རོ། །དེ་ནི་རྣམ་པར་དཔྱད་པའི་བྱེ་བྲག་


DTG113_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་བཅུས་རིག་པར་བྱ་སྟེ། རྣམ་པར་དཔྱད་པའི་བྱེ་བྲག་ལ་སེམས་ཅན་རྣམས་གདགས་པའི་བྱེ་བྲག་ནི། གང་གི་ཕྱིར་སེམས་ཅན་གྱི་ཁམས་རྣམ་པར་དཔྱད་པ་ལ་སྣང་བས་འཇུག་པ་ཞེས་གསུངས་པའོ། །གནས་ཀྱི་བྱེ་བྲག་ནི་གནག་གི་ཕྱིར་འཇིག་རྟེན་གྱི་ཁམས་རྣམ་པར་དཔྱད་པ་ལ་སྣང་བས་འཇུག་པ་ཞེས་གསུངས་པའོ། །རང་བཞིན་གྱི་བྱེ་བྲག་ནི་གནག་གི་ཕྱིར་ཆོས་ཀྱི་དབྱིངས་རྣམ་པར་དཔྱད་པ་ལ་སྣང་བས་འཇུག་པ་ཤེས་གསུངས་པའོ། །མཐའི་བྱེ་བྲག་ནི་གང་གི་ཕྱིར་ནམ་མཁའ་རྣམ་པར་དཔྱད་པ་ལ་སྣང་བས་འཇུག་པ་ཞེས་གསུངས་པའོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་གནས་ཀྱི་བྱེ་བྲག་ནི་གང་གི་ཕྱིར་རྣམ་པར་ཤེས་པའི་ཁམས་རྣམ་པར་དཔྱད་པ་ལ་སྣང་བས་འཇུག་པ་ཞེས་གསུངས་པའོ། །ཀུན་ནས་ཉོན་མོངས་པའི་བྱེ་བྲག་ནི་གནག་གི་ཕྱིར་འདོད་པའི་ཁམས་རྣམ་པར་དཔྱད་པ་ལ་སྣང་བས་འཇུག་པ་དང༌། གཟུགས་ཀྱི་ཁམས་རྣམ་པར་དཔྱད་པ་ལ་སྣང་བས་འཇུག་པ་དང༌། གཟུགས་མེད་པའི་ཁམས་རྣམ་པར་དཔྱད་པ་ལ་སྣང་བས་འཇུག་པ་ཞེས་གསུངས་པའོ། །རྣམ་པར་བྱང་བའི་བྱེ་བྲག་ནི་གང་གི་ཕྱིར་བསམ་པ་རླབས་པོ་ཆེའི་མོས་པའི་རྣམ་པར་དཔྱད་པ་ལ་སྣང་བས་འཇུག་པ་དང༌། ཆེ་བ་ཉིད་ཀྱི་བསམ་པ་མོས་པའི་ཁམས་རྣམ་པར་དཔྱད་པ་ལ་སྣང་བས་འཇུག་པ་ཞེས་གསུངས་པའོ། །དེ་ལ་ཀུན་ནས་ཉོན་མོངས་པ་ནི་ཁམས་གསུམ་པོ་དག་གོ །རྣམ་པར་བྱང་བ་ནི་རྣམ་པ་གཉིས་ཏེ། ཀུན་ནས་ཉོན་མོངས་པ་མེད་པ་དང་སེམས་ཅན་ཡོངས་སུ་མི་གཏོང་བའི་དབང་དུ་བྱས་ནས། ཉན་ཐོས་ལ་སོགས་པ་དང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །དེ་ལ་རྣམ་པར་དག་པ་འཕེལ་བ་ནི་དེ་བཞིན་གཤེགས་པའི་རིགས་སུ་ཡང་དག་པར་འགྲུབ་པ་སྟེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་དག་དེ་ལ་བྱང་ཆུབ་སེམས་དཔའི་ས་འོད་འཕྲོ་བ་ཅན་ཐོབ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རིགས་སུ་དེའི་བདག་ཉིད་ཀྱི་ཆོས་ཐོབ་པའི་ཕྱིར་ཡེ་ཤེས་ཡོངས་སུ་སྨིན་པར་བྱེད་པའི་ཆོས་བཅུས་ཡང་དག་པར་འགྲུབ་པ་ཡིན་ནོ་ཞེས་གསུངས་པའོ། །ཇི་ལྟར་ན་དེ་བཞིན་གཤེགས་པའི་རིགས་སུ་ཡང་དག་པར་གྲུབ་པ་ཡིན་ཞེ་ན། མང་དུ་ཐོས་པའི་གནས་ཀྱིས་ཡེ་ཤེས་ཁྱད་ཞུགས་པར་གྱུར་པས། ཤེས་བྱའི་སྒྲིབ་པ་སྤོང་བ་ཡོངས་སུ་འཛིན་པའི་ཁྱད་པར་གྱི་ཕྱིར་


DTG113_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། རྣམ་པར་དག་པའི་ཁྱད་པར་དེ་འདྲ་བ་དེ་ནི་དེ་བཞིན་གཤེགས་པའི་རིགས་སོ། །དེ་བས་ན་དེའི་བདག་ཉིད་ཀྱི་ཆོས་ཐོབ་པའི་ཕྱིར་ཞེས་གསུངས་པ་སྟེ། དེ་བཞིན་གཤེགས་པའི་བདག་ཉིད་ཀྱི་ཆོས་གང་དག་ཡིན་པ་ནི་གནག་དག་གིས་དེ་བཞིན་གཤེགས་པས་རབ་ཏུ་ཕྱེ་བའོ། །ཡེ་ཤེས་ཡོངས་སུ་སྨིན་པར་བྱེད་པའི་ཆོས་བཅུས་ཞེས་བྱ་བ་ནི་ཆོས་ལ་སྣང་བས་འཇུག་པ་དང༌། དུས་མཉམ་དུ་ཐོས་པ་དག་གིས་ཞེས་བྱ་བར་རིག་པར་བྱའོ། །དེ་དག་ནི་ཡེ་ཤེས་རྣམ་པ་བཞིས་ཡོངས་སུ་སྨིན་པར་བྱེད་པས་ཡེ་ཤེས་ཡོངས་སུ་སྨིན་པར་བྱེད་པ་སྟེ། ཡེ་ཤེས་རྣམ་པ་བཞི་ལ་རང་གི་གནས་ལ་གནས་པ་ནི་གང་གི་ཕྱིར། ཕྱིར་མི་ལྡོག་པའི་བསམ་པ་ཉིད་ཅེས་གསུངས་པའོ། །དཀོན་མཆོག་གསུམ་ལ་དད་པ་དང་ལྡན་པ་ནི་གང་གི་ཕྱིར། དཀོན་མཆོག་གསུམ་ལ་དད་པ་མི་ཕྱེད་པའི་མཐར་ཐུག་པར་འགྲོ་བ་ཞེས་གསུངས་པའོ། །དེ་བཞིན་ཉིད་ཤེས་པ་ནི་གནག་གི་ཕྱིར། འདུ་བྱེད་ཀྱི་སྐྱེ་བ་དང་འཇིག་པ་ལ་རྣམ་པར་འཇིག་པ་དང་རང་བཞིན་གྱིས་མ་སྐྱེས་པར་རྣམ་པར་འཇིག་པ་ཞེས་གསུངས་པའོ། །རྣམ་པར་གཞག་པ་ཤེས་པ་ནི་གང་གི་ཕྱིར་འཇིག་རྟེན་འབྱུང་བ་ལ་རྣམ་པར་འཇིག་པ་དང༌། ལས་ཀྱི་སྲིད་པ་སྐྱེ་བ་ལ་རྣམ་པར་འཇིག་པ་དང༌། འཁོར་བ་དང་མྱ་ངན་ལྡས་འདས་པ་ལ་རྣམ་པར་འཇིག་པ་དང༌། ཞིང་དུ་ལས་ཀྱིས་སེམས་ཅན་ལ་རྣམ་པར་འཇིག་པ་དང༌། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ལ་རྣམ་པར་འཇིག་པ་དང༌། དངོས་པོ་མེད་པ་དང་ཟད་པ་མེད་པར་རྣམ་པར་འཇིག་པ་ཞེས་གསུངས་པའོ། །རང་གི་གནས་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ཡིན་པར་རིག་པར་བྱའོ། །དེ་ལ་ཆོས་དང་པོ་གཉིས་པོ་ཕྱིར་མི་ལྡོག་པའི་བསམ་པ་ཉིད་དང༌། དཀོན་མཆོག་གསུམ་ལ་དད་པ་མི་ཕྱེད་པ་མཐར་ཐུག་པར་འགྲོ་བ་ནི་ཤེས་པ་གོང་མ་གཉིས་པོ་རང་གི་གནས་ལ་གནས་པ་དང་དཀོན་མཆོག་གསུམ་ལ་དད་པ་དང་ལྡན་པ་ཡོངས་སུ་སྨིན་པར་བྱེད་པའོ། །ཆོས་གཉིས་པོ་འདུ་བྱེད་ཀྱི་སྐྱེ་བ་དང༌། འཇིག་པ་ལ་རྣམ་པར་འཇིག་པ་དང༌། རང་བཞིན་གྱིས་མ་སྐྱེས་པར་རྣམ་པར་འཇིག་པ་ནི་དེ་བཞིན་ཉིད་ཤེས་པ་གནག་ཟག་དང༌། ཆོས་ལ་བདག་མེད་པ་ལ་དམིགས་པ་ཡོངས་སུ་སྨིན་པ་སྟེ་གོ་རིམས་བཞིན་ནོ། །རྣམ་པར་འཇིག་པ་ནི་རྟོག་པ་ཡིན་པར་རིག་པར་བྱའོ། །ལྷག་མ་རྣམས་ནི་རྣམ་པར་གཞག་པའི་ཤེས་པ་ཡོངས་སུ་སྨིན་པར་བྱ་སྟེ། དེ་


DTG113_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀྱང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དབང་དུ་བྱས་ནས། ཇི་ལྟར་ཀུན་ནས་ཉོན་མོངས་པ་དང༌། ཀུན་ནས་ཉོན་མོངས་པ་གང་ཡིན་པ་དང༌། རྣམ་པར་བྱང་བ་གང་ཡིན་པ་དང༌། ཇི་ལྟར་རྣམ་པར་བྱང་བ་དེ་ཐ་དད་པས་རིག་པར་བྱའོ། །ཇི་ལྟར་ཀུན་ནས་ཉོན་མོངས་ཤེ་ན། སྣོད་ཀྱི་འཇིག་རྟེན་འབྱུང་བའི་ཕྱིར་ཏེ། འཇིག་རྟེན་འབྱུང་བ་ལ་རྣམ་པར་འཇིག་པ་ཞེས་བྱ་བའི་ཚིག་འདིས་སྟོན་ཏོ། །སེམས་ཅན་གྱི་འཇིག་རྟེན་འབྱུང་བའི་ཕྱིར་ཡང་ཡིན་ཏེ་རྒྱུ་དང་བཅས་པའི་སྐྱེ་བ་ཡོངས་སུ་སྨོས་པའི་ཕྱིར་དང༌། ལས་ཀྱི་སྲིད་པ་སྐྱེ་བ་ལ་རྣམ་པར་འཇིག་པ་ཞེས་བྱ་བ་འདིས་སྟོན་ཏོ། །ཀུན་ནས་ཉོན་མོངས་པ་གནག་ཡིན་ཞེ་ན། འཁོར་བའོ། །རྣམ་པར་བྱང་བ་གང་ཡིན་ཞེ་ན། མྱ་ངན་ལས་འདས་པའོ། །དེ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལ་རྣམ་པར་འཇིག་པ་ཞེས་བྱ་པའི་ཚིག་འདིས་སྟོན་ཏོ། །ཇི་ལྟར་རྣམ་པར་བྱང་ཞེ་ན། སངས་རྒྱས་ཀྱི་ཞིང་རྣམས་སུ་ལས་རྣམས་ཀྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་སྟེ། ཞིང་དུ་ལས་ཀྱིས་སེམས་ཅན་ལ་རྣམ་པར་འཇིག་པ་ཞེས་བྱ་བ་འདིས་སྟོན་ཏོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ནི་སྔ་ཕྱི་སྟེ། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ལ་རྣམ་པར་འཇིག་པ་ཞེས་བྱ་བ་འདིས་སྟོན་ཏོ། །དེ་དག་ཉིད་སྔོན་གྱི་མཐའ་དང་ཕྱི་མའི་མཐའོ། །གཞག་པ་མེད་པ་དང༌། དོར་བ་མེད་པ་ནི་དངོས་པོ་མེད་པ་དང༌། ཟད་པ་མེད་པར་རྣམ་པར་འཇིག་པ་ཞེས་བྱ་བ་འདིས་སྟོན་ཏེ། རྣམ་པར་བྱང་བ་ལ་འཕེལ་བའི་ཚུལ་གྱིས་དངོས་པོར་མི་མཐོང་ལ། ཀུན་ནས་ཉོན་མོངས་པ་ལ་འབྲི་བའི་ཚུལ་གྱིས་ཟད་པར་མི་མཐོང་ངོ༌། །དེ་ལ་གཉེན་པོ་བསྒོམ་པ་འཕེལ་བ་ནི་ཀུན་ནས་ཉོན་མོངས་པ་ལས་ཀུན་དུ་བསྲུང་བའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་སྒོམ་པ་སྟེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་འོད་འཕྲོ་བ་ཅན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་བརྟུན་པ་དང༌། ཤེས་བཞིན་དང་དྲན་པ་དང་ལྡན་པར་གྱུར་ནས་འཇིག་རྟེན་ལ་བརྣབ་སེམས་དང་ཡིད་མི་བདེ་བ་རྣམ་པར་སྤངས་ཏེ། ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །བརྟུན་པ་དང༌། ཤེས་བཞིན་དང༌། དྲན་པ་དང་ལྡན་པར་གྱུར་ནས། འཇིག་རྟེན་ལ་བརྣབ་སེམས་དང་ཡིད་མི་བདེ་བ་རྣམ་པར་སྤངས་ཏེ། ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །


DTG113_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བརྟུན་པ་དང༌། ཤེས་བཞིན་དང་དྲན་པ་དང་ལྡན་པར་གྱུར་ནས། འཇིག་རྟེན་ལ་བརྣབ་སེམས་དང་ཡིད་མི་བདེ་བ་རྣམ་པར་སྤངས་ཏེ། ནང་དང་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །དེ་བཞིན་དུ་བརྟུན་པ་དང༌། ཤེས་བཞིན་དང་དྲན་པ་དང་ལྡན་པར་གྱུར་ནས་འཇིག་རྟེན་ལ་བརྣབ་སེམས་དང༌། ཡིད་མི་བདེ་བ་རྣམ་པར་སྤངས་ཏེ། ནང་གི་ཚོར་བ་རྣམས་དང༌། ཕྱིའི་ཚོར་བ་རྣམས་དང༌། དེ་བཞིན་དུ་ནང་དང་ཕྱིའི་ཚོར་བ་རྣམས་དང༌། དེ་བཞིན་དུ་ནང་གི་སེམས་དང༌། ཕྱིའི་སེམས་དང༌། ནང་དང་ཕྱིའི་སེམས་དང༌། དེ་བཞིན་དུ་ནང་གི་ཆོས་རྣམས་དང༌། ཕྱིའི་ཆོས་རྣམས་དང༌། ནང་དང་ཕྱིའི་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །དེ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ །སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤངས་པའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ །དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ །དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང༌། མི་ཉམས་པ་དང༌། རྒྱས་པར་འགྱུར་པ་དང༌། ཕྱིར་ཞིང་འབྱུང་བ་དང་རབ་ཏུ་རྫོགས་པར་བྱ་བའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ །དེ་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་མོ། །བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་མོ། །སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་


DTG113_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཡོངས་སུ་བསྒྱུར་བ་བསྒོམ་མོ། །དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་མོ། །དེ་དད་པའི་དབང་པོ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་པ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་མོ། །བརྩོན་འགྲུས་ཀྱི་དབང་པོ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་མོ། །དྲན་པའི་དབང་པོ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་མོ། །ཏིང་ངེ་འཛིན་གྱི་དབང་པོ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་མོ། །ཤེས་རབ་ཀྱི་དབང་པོ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་མོ། །དེ་དད་པའི་སྟོབས་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་པས་ཡོངས་སུ་བསྒྱུར་བ་བསྒོམ་མོ། །བརྩོན་འགྲུས་ཀྱི་སྟོབས་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་མོ། །དྲན་པའི་སྟོབས་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་མོ། །ཏིང་ངེ་འཛིན་གྱི་སྟོབས་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་མོ། །ཤེས་རབ་ཀྱི་སྟོབས་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་མོ། །དེ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་


DTG113_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་བསྒྱུར་བ་བསྒོམ་མོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་མོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་མོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་མོ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་མོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་མོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་མོ། །ཡང་དག་པའི་ལྟ་བ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་མོ། །ཡང་དག་པའི་རྟོག་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་མོ། །ཡང་དག་པའི་ངག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་མོ། །ཡང་དག་པའི་ལས་ཀྱི་མཐའ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་མོ། །ཡང་དག་པའི་འཚོ་བ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་མོ། །ཡང་དག་པའི་རྩོལ་བ་དབེན་པ་ལ་གནས་པ། འདོད་ཆགས་


DTG113_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་མོ། །ཡང་དག་པའི་དྲན་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་མོ། །ཡང་དག་པའི་ཏིང་ངེ་འཛིན་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་མོ་ཞེས་གསུངས་པའོ། །ཐེག་པ་ཆུང་དུ་ལས་ཀུན་དུ་བསྲུང་བའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་པ་དེ་དག་སེམས་ཅན་ཐམས་ཅད་ལ་ལྟ་བ་དང་བཅས་པས་བསྒོམ་པར་ཡོངས་སུ་སྟོན་ཏེ། གང་གི་ཕྱིར་དེ་དག་ཀྱང་སེམས་ཅན་ཐམས་ཅད་ལ་ལྟ་བ་དང་བཅས་པ་ཞེས་གསུངས་པའོ། །སེམས་ཅན་ཐམས་ཅད་ལ་ལྟ་བ་དང་བཅས་པ་དེ་ཡང་འཕངས་པ་ནི། གང་གི་ཕྱིར་སྔོན་སྨོན་ལམ་མངོན་པར་བསྒྲུབས་པས་ཉེ་བར་བསྟན་པ་དེ་ཡང་གསུངས་པའོ། །སྙིང་བརྩེ་བ་ནི་གང་གི་ཕྱིར་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་དང༌། བྱམས་པ་ཆེན་པོ་དང་ལྡན་པ་ཞེས་གསུངས་པའོ། །འདུན་པ་ནི་གང་གི་ཕྱིར། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ལྷག་པར་དམིགས་པ་ཞེས་གསུངས་པའོ། །སྒྲུབ་པ་ནི་གང་གི་ཕྱིར་སངས་རྒྱས་ཀྱི་ཞིང་གི་རྒྱན་རྣམ་པར་སྒྲུབ་པ་མངོན་པར་སྒྲུབ་པ་དང༌། དེ་བཞིན་གཤེགས་པའི་སྟོབས་དང༌། མི་འཇིགས་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང༌། མཚན་དང་དཔེ་བྱད་བཟང་པོ་དང༌། གསུང་དབྱངས་ཕུན་སུམ་ཚོགས་པ་མངོན་པར་སྒྲུབ་པ་དང༌། གོང་ནས་གོང་དུ་ཁྱད་པར་ཅན་གྱི་ཆོས་ཡོངས་སུ་ཚོལ་བ་དང༌། སངས་རྒྱས་ཀྱི་ཆོས་ཟབ་མོ་རྣམ་པར་ཐར་པ་མཉན་པའི་རྗེས་སུ་འགྲོ་བ་དང༌། ཐབས་ལ་མཁས་པ་ཆེན་པོས་རྣམ་པར་སྤྱོད་པས་སོ་ཞེས་གསུངས་པའོ། །དེ་ལྟར་སེམས་ཅན་ཐམས་ཅད་ལ་ལྟ་བ་དང་བཅས་པ་ཉིད་དེ་ནི་ཀུན་ནས་ཉོན་མོངས་པ་ལས་ཀུན་དུ་བསྲུང་བ་དང༌། ཐེག་པ་དམན་པ་ལས་ཀུན་དུ་བསྲུང་བས་བྱང་ཆུབ་ཀྱི་ཕྱོགས་པ་བསྒོམ་པ་ལ་གཉེན་པོ་བསྒོམ་པ་འཕེལ་བ་ནི་འཕངས་པ་དང༌། སྙིང་བརྩེ་བ་དང༌། འདུན་པ་དང་སྒྲུབ་པས་ཡོངས་སུ་བསྟན་ཏེ། དེ་ལ་བྱམས་པ་དང་སྙིང་རྗེ་གཉིས་ཀྱིས་ནི་སྙིང་བརྩེ་བའོ། །སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་མངོན་པར་འདོད་པས་ནི་འདུན་པའོ། །སྒྲུབ་པ་ནི་རྣམ་པ་ལྔ་སྟེ། ཞིང་ཡོངས་


DTG113_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དག་པར་བྱེད་པའི་སྒྲུབ་པ་དང༌། སངས་རྒྱས་ཀྱི་ཆོས་མངོན་པར་སྒྲུབ་པའི་སྒྲུབ་པ་དང༌། དེའི་ཐབས་ཀྱི་དབང་དུ་བྱས་ནས་ས་ལ་ཆོག་པར་མི་འཛིན་པར་སྒྲུབ་པ་དང༌། ཕྱིར་མི་ལྡོག་པའི་ས་གནོན་པའི་སྒྲུབ་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྒྲུབ་པ་སྟེ། གསུང་དབྱངས་ནི་ཆོས་ཀྱི་དུང་ཡིན་པར་རིག་པར་བྱའོ། །དེ་ལ་གཉེན་པོ་བསྒོམ་པ་འཕེལ་བའི་འབྲས་བུ་ནི་བདག་གིས་ཤེས་སོ། །བདག་གི་ཤེས་པའོ། །བདག་སྒོམ་པར་བྱེད་དོ། །བདག་གི་བསྒོམ་པའོ་ཞེས་བྱ་བ་ལ་སོགས་པས་ལྷག་པར་གཡོ་བ་དང༌། འབྲལ་བར་གཡོ་བ་རྣམས་སྤངས་པ་སྟེ། ཏིང་ངེ་འཛིན་ལས་ལྡང་བར་བྱེད་པའི་ཕྱིར་ལྷག་པར་གཡོ་བ་རྣམས་སོ། །ཏིང་ངེ་འཛིན་དང་འགལ་བར་བྱེད་པའི་ཕྱིར་འབྲལ་བར་གཡོ་བ་རྣམས་སོ། །དེ་དག་གིས་འཕངས་པ་རྣམས་དང༌། མངོན་པར་འདུ་བྱེད་པ་དང༌། སྦྱོར་བ་དང༌། ཡོངས་སུ་འཛིན་པ་དང་ཉེས་དམིགས་ཀྱིས་བསྟན་པར་རིག་པར་བྱའོ།། དེ་ལ་འཕངས་པ་ནི་འཇིག་ཚོགས་ལ་ལྟ་བ་ལ་གནས་ཏེ། སྔོན་གང་ཟག་དང་ཆོས་ལ་མངོན་པར་ཞེན་པས་འཕངས་པ་སྟེ། གང་གི་ཕྱིར་དེ་འཇིག་ཚོགས་ལ་ལྟ་བ་སྔོན་དུ་འགྲོ་བའི་བདག་དང༌། སེམས་ཅན་དང༌། སྲོག་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་ལ་མངོན་པར་ཞེན་པས་ཀུན་ནས་བསླང་བའི་གཡོ་བའི་ལྷག་པར་གཡོ་བ་དང་འབྲལ་བར་གཡོ་བ་རྣམས་ཞེས་གསུངས་པའོ། །ཡང་དག་པ་མ་ཡིན་པར་བསམ་པའི་ཕྱིར་མངོན་པར་འདུ་བྱེད་དེ། གང་གི་ཕྱིར་རྣམ་པར་བརྟགས་པ་ཞེས་གསུངས་པའོ། །གཞན་གོ་བར་བྱ་བ་ལ་རྣམ་པར་དཔྱོད་པས་སྦྱོར་བ་སྟེ། གང་གི་ཕྱིར་རྣམ་པར་དཔྱད་པ་རྣམས་ཞེས་གསུངས་པའོ། །ཡང་དང་ཡང་སོ་སོར་རྟོག་པའི་ཕྱིར་དང༌། བདག་གི་ཉིད་དུ་ཁས་ལེན་པའི་ཕྱིར་དང༌། འཛིན་པའི་ཕྱིར་ཡོངས་སུ་འཛིན་པ་སྟེ། གང་གི་ཕྱིར་རྟག་པར་འཛིན་པ་རྣམས་དང༌། བདག་གིར་འཛིན་པ་རྣམས་དང༌། ནོར་དུ་འཛིན་པ་རྣམས་ཞེས་གསུངས་པའོ། །སེམས་འདོགས་པའི་གནས་ཡིན་པས་ཉེས་དམིགས་ཏེ། གང་གི་ཕྱིར་རྟེན་གྱི་གནས་རྣམས་ཞེས་གསུངས་པའོ། །དེ་ལྷག་པར་གཡོ་བ་དང༌། འབྲལ་བར་གཡོ་བ་རྣམ་པ་དེ་ལྟ་བུ་དེ་དག་སྤངས་པ་ཡིན་ཏེ། གང་གི་ཕྱིར་དེ་དག་ཐམས་ཅད་དང་བྲལ་བ་ཡིན་


DTG113_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ནོ་ཞེས་གསུངས་པའོ། །འདི་ནི་རེ་ཞིག་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་རྣམ་པར་སྤངས་པའི་དབང་དུ་བྱས་པའི་འབྲས་བུའོ། །དེ་བྱ་བའི་ཆ་མ་ཡིན་པའི་ལས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྨད་པ། ཀུན་ནས་ཉོན་མོངས་པ་དང་ལྡན་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་སྤོང་ངོ༌། །ལས་གང་དག་བྱ་བར་འོས་པ་བྱང་ཆུབ་སེམས་དཔའི་ལམ་གྱི་ཚོགས་དང་མཐུན་པ་དེ་བཞིན་གཤེགས་པས་བསྔགས་པ་དེ་དག་ཡང་དག་པར་བླངས་ཏེ་གནས་སོ་ཞེས་བྱ་བ་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པའི་རྣམ་པར་སྤངས་པའི་དབང་དུ་བྱས་པའོ། །དེ་དག་ཀྱང་རྣམ་པ་གཉིས་ཀྱིས་བྱ་བའི་ཆ་མ་ཡིན་པ་རྣམས་ཞེས་བྱ་སྟེ། སངས་རྒྱས་ཀྱིས་སྨད་པའི་ཕྱིར་སྟོན་པ་ལ་གུས་པ་དང༌། ཀུན་ནས་ཉོན་མོངས་པ་དང་ལྡན་པའི་ཕྱིར། ཁ་ན་མ་ཐོ་བས་འཇིགས་པའོ། །རྣམ་པ་གཉིས་ཀྱིས་ན་བྱ་བར་འོས་པ་སྟེ། བྱང་ཆུབ་སེམས་དཔའི་ལམ་གྱི་ཚོགས་དང་མཐུན་པའི་ཕྱིར། ཁ་ན་མ་ཐོ་བ་མེད་པའི་ཕན་ཡོན་མཐོང་བ་དང༌། དེ་བཞིན་གཤེགས་པས་བསྔགས་པའི་ཕྱིར་སྟོན་པ་ལ་གུས་པས་སོ། །དེ་དེ་བས་ཀྱང་ཇི་ལྟ་ཇི་ལྟར་ཐབས་དང་ཤེས་རབ་ཀྱིས་མངོན་པར་སྒྲུབ་པའི་ལམ་ཡང་དག་པར་བསྒྲུབ་པའི་ཕྱིར། ལམ་གྱི་ཡན་ལག་རྣམས་བསྒོམས་པ་དེ་ལྟ་དེ་ལྟར་འཇམ་པའི་སེམས་དང་ལྡན་པ་ཡིན་ཞེས་བྱ་བ་བཅུ་པ་ཕྲག་བཞིས་འབྲས་བུ་རྣམ་པ་བཞི་ཡོངས་སུ་སྟོན་ཏེ། ཁྱད་པར་ཐོབ་པར་བྱ་བའི་ཕྱིར་འདུན་པ་དྲག་པོ་དང༌། དེ་སྟོན་པའི་སྟོན་པ་ལ་བྱས་པ་གཟོ་བ་དང༌། དེའི་ཐབས་ལ་སྦྱོར་བ་ལ་བརྩོན་འགྲུས་བརྩམས་པ་དང༌། དེ་སྔོན་དུ་འགྲོ་བའི་ཁམས་བརྟས་པའོ། །དེ་ལ་ཇི་ལྟ་ཇི་ལྟར་ཐབས་དང་ཤེས་རབ་ཀྱིས་མངོན་པར་བསྒྲུབས་པ་ནི། སེམས་ཅན་ཐམས་ཅད་ལ་ལྟ་བ་དང་བཅས་པས་བསྒོམ་པ་སྟེ། སྔར་ཇི་སྐད་བསྟན་པ་བཞིན་ནོ། །ལམ་གྱི་ཡན་ལག་རྣམས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་པ་ཐམས་ཅད་ལ་ལམ་གྱི་ཡན་ལག་རྣམས་ཞེས་བྱའོ། །དེ་ལྟ་དེ་ལྟར་འཇམ་པའི་སེམས་དང་ལྡན་པ་ཡིན་ཞེས་བྱ་བ་ནི་འདུན་པ་དང༌། ཆགས་པ་དང༌། དགའ་བ་དང༌། དད་པ་དྲག་པོས་སོ། །འཇམ་པའི་སེམས་ཉིད་དེ་ཡང་རྒྱུ་གསུམ་གྱིས་སྟོན་ཏེ། བདེ་བར་གནས་པའི་ཁྱད་པར་ནི་གང་གི་ཕྱིར་མཉན་པའི་སེམས་དང་ལྡན་པ་ཞེས་གསུངས་


DTG113_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཏིང་ངེ་འཛིན་ལ་དབང་པའི་ཁྱད་པར་ནི་གང་གི་ཕྱིར་ལས་སུ་རུང་བའི་སེམས་དང་ལྡན་པ་ཡིན་ཞེས་གསུངས་པའོ། །ཉེས་པ་རྣམ་པར་འབྲི་ཞིང་སྤོང་བའི་གཉེན་པོའི་ཁྱད་པར་ནི་གང་གི་ཕྱིར་ཕན་པ་དང་བདེ་བ་སྐྱེད་པའི་སེམས་དང་ལྡན་པ་ཡིན་ཞེས་གསུངས་པའོ། །ཉེས་པ་དེ་ཡང་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། ཆོས་བསྟན་པའི་དུས་ན་ཟང་ཟིང་དང་བཅས་པ་ལ་ཉོན་མོངས་པའམ་ཀླན་ཀ་ཚོལ་བ་ལ་ཉོན་མོངས་པ་སྟེ། དེའི་གཉེན་པོར་ཡོངས་སུ་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་དང་ལྡན་པ་ཡིན་ཞེས་གསུངས་པའོ། །སྦྱིན་པ་ལ་སོགས་པ་དང་འདོད་པ་ཆུང་བ་ལ་སོགས་པའི་ཡོན་ཏན་རྣམས་དང་ཡེ་ཤེས་ཀྱིས་ཆོག་པར་འཛིན་པ་ནི་ཉེས་པ་སྟེ། དེའི་གཉེན་པོར་གོང་ནས་གོང་དུ་ཁྱད་པར་ཡོངས་སུ་ཚོལ་བའི་སེམས་དང་ལྡན་པ་ཡིན། ཡེ་ཤེས་ཀྱི་ཁྱད་པར་མངོན་པར་འདོད་པའི་སེམས་དང་ལྡན་པ་ཡིན་ཞེས་གསུངས་པའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ན་སྐྱོ་བ་ནི་ཉེས་པ་སྟེ། དེའི་གཉེན་པོར་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པའི་སེམས་དང་ལྡན་པ་ཡིན་ཞེས་བྱ་བ་གསུངས་སོ། །བླ་མས་ལུང་ཕོག་པ་ན་རང་གི་ལྟ་བ་མཆོག་ཏུ་འཛིན་པ་ནི་ཉེས་པ་སྟེ། དེའི་གཉེན་པོར་བླ་མ་ལ་གུས་པ་དང་མཐུན་པའི་སེམས་དང་ལྡན་པ་ཡིན་ཞེས་བྱ་བ་གསུངས་སོ། །སྒྲུབ་པ་ན་བརྩོན་པ་འདོར་བ་ནི་ཉེས་པ་སྟེ། དེའི་གཉེན་པོར་ཇི་སྐད་ཐོས་པའི་ཆོས་སྒྲུབ་པའི་སེམས་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ། དེ་ལྟ་བུ་ནི་རེ་ཞིག་འཇམ་པའི་སེམས་དང་ལྡན་པ་ཡིན་ནོ། །ཇི་སྐད་ཐོས་པའི་ཆོས་སྒྲུབ་པའི་སེམས་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་བར་གྱི་བཅུ་པ་འདིས་ནི་འབྲས་བུ་ཁྱད་པར་ཐོབ་པར་བྱ་བའི་ཕྱིར་འདུན་པ་དྲག་པོ་ཉིད་ཡང་དག་པར་བསྟན་ཏོ། །དེ་ནི་དེ་བྱས་པ་གཟོ་བ་ཉིད་ཡིན་ཞེས་བྱ་བ་བཅུ་པ་གཉིས་པས་དེ་སྟོན་པའི་སྟོན་པ་ལ་བྱས་པ་གཟོ་བ་ཉིད་སྟོན་ཏོ། །དེ་ལ་དེ་བྱས་པ་གཟོ་བ་ཉིད་ཡིན་ཞེས་བྱ་བ་ནི། ལན་དུ་ཕན་འདོགས་པར་ཞུགས་པ་ཉིད་ཡིན་ནོ། །བྱས་པ་གཟོ་བ་ཉིད་དེ་ཡང་རྣམ་པ་དགུས་སྟོན་ཏེ། སྟོན་པའི་དབང་དུ་བྱས་ནས་ཕན་གདགས་པ་ཡིད་ལ་བྱེད་པ་ནི་གང་གི་ཕྱིར་བྱས་པ་ཚོར་བ་ཞེས་གསུངས་པའོ། །ཆོས་མཐུན་པའི་དབང་དུ་བྱས་ནས་སེམས་སྲུང་བ་ནི་གང་གི་ཕྱིར་དེས་པ་ཞེས་གསུངས་པའོ། །ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་དབང་དུ་བྱས་ནས་ཇི་སྐད་བསྟན་


DTG113_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན་དུ་སྒྲུབ་པ་ནི་གང་གི་ཕྱིར་འགྲོགས་ན་བདེ་བ་ཞེས་གསུངས་པའོ། །ཉེས་པ་གླེང་བ་དང་དྲིས་པས་འཁྲུག་པ་བཟོད་པར་བྱེད་པ་ནི་གང་གི་ཕྱིར་དྲང་བ་དང་མཉན་པ་ཞེས་གསུངས་པའོ། །ཟང་ཟིང་ལ་རྫོགས་པར་ལོངས་སྤྱོད་པའི་དབང་དུ་བྱས་ནས། སྦྱིན་བདག་རྣམས་རང་གི་ཉེས་པ་ཡང་དག་པར་མི་འཆབ་པ་དང༌། ཡང་དག་པ་མ་ཡིན་པའི་ཡོན་ཏན་མི་བརྗོད་པ་ནི་གང་གི་ཕྱིར་ཐིབས་པོ་མེད་པར་སྤྱོད་པ་དང་སྒྱུ་མེད་པ་ཞེས་གསུངས་པའོ། །རང་གི་ཡོན་ཏན་གྱི་ཁྱད་པར་གྱི་དབང་དུ་བྱས་ནས་ཁེངས་པར་མི་འགྱུར་བ་ནི་གང་གི་ཕྱིར་ང་རྒྱལ་མེད་པ་ཞེས་གསུངས་པའོ། །རྗེས་སུ་བསྟན་པའི་དབང་དུ་བྱས་ནས་ཚིག་བརྗོད་པ་ནི་གང་གི་ཕྱིར་བཀའ་བློ་བདེ་བ་ཞེས་གསུངས་པའོ། །གདམས་ངག་གི་དབང་དུ་བྱས་ནས་མ་ནོར་བར་འཛིན་པ་ནི་གང་གི་ཕྱིར་མཐུན་པར་འཛིན་པ་ཡིན་ནོ་ཞེས་གསུངས་པའོ། །དེ་ལྟར་ན་དེ་སྟོན་པ་ལ་ལན་དུ་ཕན་འདོགས་པར་ཞུགས་པ་ཡིན་ནོ། །དེ་དེ་ལྟར་དུལ་བ་དང་ལྡན་པ་ཡིན་ཞེས་བྱ་བ་ན་གཉེན་པོ་བསྒོམ་པ་འཕེལ་བ་དང་ལྡན་པའི་ཕྱིར་རོ། །དེ་ལྟར་ཞིབ་དང་ལྡན་ཞེས་བྱ་བ་ནི་དེའི་འབྲས་བུ་གོང་མ་དང་ལྡན་པའི་ཕྱིར་རོ། །དེ་ལྟར་དུལ་བ་དང་ཞི་བ་དང་ལྡན་པ་ཞེས་བྱ་བ་ནི་དེའི་འབྲས་བུ་འོག་མ་རྣམས་དང་ལྡན་པའི་ཕྱིར་ཏེ། དེ་དག་ནི་གཉི་གས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དེ་ལྟར་བཅུ་པ་གཉིས་པས་དེ་སྟོན་པའི་སྟོན་པ་ལ་བྱས་པ་གཟོ་བ་ཉིད་བསྟན་ནས། རྒྱུན་མི་གཅོད་པའི་བརྩོན་འགྲུས་དང་ལྡན་པ་ཡིན་ཞེས་བྱ་བ་བཅུ་པ་གསུམ་པས་དེའི་ཐབས་ལ་སྦྱོར་བ་ལ་བརྩོན་འགྲུས་བརྩམས་པ་ཉིད་སྟོན་ཏོ། །རྒྱུན་མི་གཅོད་པའི་བརྩོན་འགྲུས་དང་ལྡན་པ་ཞེས་བྱ་བ་ནི་བརྩོན་འགྲུས་མི་ཉམས་པའོ། །རྒྱུན་མི་གཅོད་པའི་བརྩོན་འགྲུས་དེ་ཡང་རྣམ་པ་དགུས་ཡང་དག་པར་སྟོན་ཏེ། བརྩོན་འགྲུས་དེ་མཚུངས་པ་ཉིད་དུ་འཇུག་པ་ནི་གང་གི་ཕྱིར་ཡོངས་སུ་ཉོན་མོངས་པ་ཅན་མ་ཡིན་པའི་བརྩོན་འགྲུས་དང་ལྡན་པ་ཡིན་ཞེས་གསུངས་པ་སྟེ། ཡོངས་སུ་ཉོན་མོངས་པ་ཅན་ཞེས་བྱ་བ་ནི། ཧ་ཅང་བརྟུན་པ་དང༌། ཧ་ཅང་གཡེལ་བ་གཉིས་ཀྱིས་དུབ་པ་དང་བཅས་པ་དང༌། ཉེ་བའི་ཉོན་མོངས་པ་དང་བཅས་པའོ། །རང་གི་ཐེག་པ་ལས་མི་གཡོ་བ་ཉིད་ནི་གང་གི་ཕྱིར་ཕྱིར་མི་ལྡོག་པའི་བརྩོན་འགྲུས་དང་ལྡན་པ་ཡིན་ཞེས་གསུངས་པའོ། །ཤིན་ཏུ་རྒྱས་པ་ལ་དམིགས་པ་


DTG113_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནི་གང་གི་ཕྱིར་ཤིན་ཏུ་རྒྱས་པའི་བརྩོན་འགྲུས་དང་ལྡན་པ་ཡིན་ཞེས་གསུངས་པའོ། །སེམས་ཅན་དཔག་ཏུ་མེད་པའི་དོན་བྱ་བའི་སྨོན་ལམ་ཡོངས་སུ་འཛིན་པ་ཉིད་ནི་གང་གི་ཕྱིར་མཐའ་ཡས་པའི་བརྩོན་འགྲུས་དང་ལྡན་པ་ཡིན་ཞེས་གསུངས་པའོ། །རྟག་ཏུ་གུས་པས་འཇུག་པ་ཉིད་ནི་གང་གི་ཕྱིར་ཤིན་ཏུ་སྦྱངས་པའི་བརྩོན་འགྲུས་དང་ལྡན་པ་ཡིན་ཞེས་གསུངས་པའོ། །དེ་ལས་གཞན་པའི་བརྩོན་འགྲུས་ཟིལ་གྱིས་གནོན་པ་ཉིད་ནི་གང་གི་ཕྱིར་མཚུངས་པ་མེད་པའི་བརྩོན་འགྲུས་དང་ལྡན་པ་ཡིན་ཞེས་གསུངས་པའོ། །བདུད་དང་ཉོན་མོངས་པ་ཀུན་དུ་འབྱུང་བ་ཐམས་ཅད་ཀྱིས་རྒྱུན་མི་ཆོད་པ་ཉིད་ནི་གང་གི་ཕྱིར་མི་འཕྲོགས་པའི་བརྩོན་འགྲུས་དང་ལྡན་པ་ཡིན་ཞེས་གསུངས་པའོ། །ཡང་དག་པར་སྡུད་པར་བྱེད་པ་ཉིད་ནི་གང་གི་ཕྱིར་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའི་བརྩོན་འགྲུས་དང་ལྡན་པ་ཡིན་ཞེས་གསུངས་པའོ། །ཐེ་ཚོམ་གཅོད་པ་དང་ཕས་ཀྱི་རྒོལ་བ་ཚར་གཅོད་པ་དང་ཤིན་ཏུ་ལྡན་པ་ཉིད་ནི་གང་གི་ཕྱིར་ཚུལ་དང་ཚུལ་མ་ཡིན་པ་རྣམ་པར་འབྱེད་པའི་བརྩོན་འགྲུས་དང་ལྡན་པ་ཡིན་ཞེས་གསུངས་པའོ། །དེ་ལྟར་བཅུ་པ་གསུམ་པས་དེའི་ཐབས་ལ་སྦྱོར་བ་ལ་བརྩོན་འགྲུས་བརྩམ་པ་བསྟན་ནས། དེ་དེ་བས་ཀྱང་ཤས་ཆེར་བསམ་པའི་ཁམས་ཡོངས་སུ་དག་པར་འགྱུར་རོ་ཞེས་བྱ་བ་བཅུ་པ་བཞི་པས་དེ་སྔོན་དུ་འགྲོ་བའི་ཁམས་བརྟས་པ་སྟོན་ཏོ། །ཁམས་བརྟས་པ་བྱང་ཆུབ་ཀྱི་བསམ་པའི་དབང་དུ་བྱས་པ་ནི་ཚིག་དང་པོ་ཡོངས་སུ་བསྟན་ཏོ། །དེའི་ལམ་སྒྲུབ་པའི་བསམ་པ་ནི་གང་གི་ཕྱིར་ལྷག་པའི་བསམ་པའི་ཁམས་དང་མི་འབྲལ་ལོ་ཞེས་གསུངས་པའོ། །ཁྱད་པར་རྟོགས་པར་བྱ་བ་ལ་ངེས་པ་ཤིན་ཏུ་གསལ་བ་འབྱུང་བ་ནི་གང་གི་ཕྱིར་མོས་པའི་ཁམས་ཤིན་ཏུ་བྱང་བར་འགྱུར་རོ། །རྒྱུ་དེ་ལས་བྱུང་བའི་གཉེན་པོ་འཕེལ་བ་ནི་གང་གི་ཕྱིར་དགེ་བའི་རྩ་བ་རྣམ་པར་འཕེལ་བ་ཡང་ཀུན་དུ་སྐྱེའོ་ཞེས་གསུངས་པའོ། །མི་མཐུན་པའི་ཕྱོགས་རྣམ་པར་འབྲི་བ་ནི་གང་གི་ཕྱིར་འཇིག་རྟེན་གྱི་དྲི་མའི་ནག་ནོག་དང་ཡང་བྲལ་བར་འགྱུར་རོ་ཞེས་གསུངས་པའོ། །ས་དེའི་གསང་བ་ལ་ཐེ་ཚོམ་ཟ་བ་ལྡོག་པ་ནི་གང་གི་ཕྱིར་ཐེ་ཚོམ་དང༌། ཡིད་གཉིས་དང༌། ནེམ་ནུར་ཡང་རྒྱུན་འཆད་པར་འགྱུར་རོ་ཞེས་གསུངས་པའོ། །དེ་ལོག་ན་ཐེ་ཚོམ་གྱི་གནས་གཞན་ལ་ཡང་མོས་


DTG113_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་གང་གི་ཕྱིར་སོམ་ཉི་མེད་པ་མངོན་དུ་འགྱུར་བ་ཡང་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་གསུངས་པའོ། །བདེ་བར་གནས་པའི་ཁྱད་པར་ནི་གང་གི་ཕྱིར་དགའ་བ་དང་ཤིན་ཏུ་སྦྱངས་པ་ཡང་ཡང་དག་པར་འགྲུབ་པོ་ཞེས་གསུངས་པའོ། །སེམས་ཅན་གྱི་དོན་ཡོངས་སུ་སྨིན་པར་བྱེད་ནུས་པ་ནི་གང་གི་ཕྱིར་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱང་མངོན་སུམ་དུ་འགྱུར་རོ་ཞེས་གསུངས་པའོ། །ཤེས་བྱའི་སྒྲིབ་པ་རྣམ་པར་དག་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་དཔག་ཏུ་མེད་པ་མངོན་པར་སྒྲུབ་པའི་བསམ་པའི་དབང་དུ་བྱས་པ་ནི་གང་གི་ཕྱིར། སེམས་ཀྱི་བསམ་པ་ཚད་མེད་པ་ཡང་ཡང་དག་པར་འགྲུབ་པོ་ཞེས་གསུངས་པའོ། །དེ་དེ་བས་ཀྱང་ཤས་ཆེར་བསམ་པ་དང༌། ལྷག་པའི་བསམ་པ་དང༌། མོས་པ་མཉམ་པ་ཉིད་དུ་རྣམ་པར་དག་པར་འགྱུར་བ་ནི་ཡོངས་སུ་དག་པ་དེའི་ས་པ་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་རྣམས་དང་མཚུངས་པ་ཉིད་དུ་རྣམ་པར་དག་པར་འགྱུར་བའོ། །གསེར་གྱི་ས་ལེ་སྦྲམ་རྒྱན་དུ་བྱས་པའི་དཔེས་ནི་ལུང་གིས་ཁོང་དུ་ཆུད་པར་བྱེད་པས་རྟོགས་པའི་ཡེ་ཤེས་མངོན་པར་འདུས་བྱས་པ་ཉིད་དུ་སྟོན་ཏེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ་དཔེར་ན་གསེར་གྱི་ས་ལེ་སྦྲམ་དེ་ཉིད་མགར་བ་མཁས་པས་རྒྱན་དུ་བྱས་པ་ནི་དེ་མ་ཡིན་པའི་གསེར་གྱི་ས་ལེ་སྦྲམ་རྒྱན་དུ་མ་བྱས་པ་རྣམས་ཀྱིས་མི་འཕྲོགས་པ་ཡིན་ནོ་ཞེས་གསུངས་པའོ། །ནོར་བུ་རིན་པོ་ཆེ་འོད་འབྱུང་བའི་དཔེས་ནི་ཆོས་ཀྱི་སྒོ་དུ་མའི་དོན་ལ་འཇུག་པས་རྟོགས་པའི་ཡེ་ཤེས་ཆོས་ལ་སྣང་བ་ནོར་བུ་རིན་པོ་ཆེ་ལྟ་བུ་ལུང་གི་སྣང་བ་རབ་ཏུ་གཏོང་བ་དེ་འོད་ལྟ་བུའི་ཡེ་ཤེས་རྒྱས་པ་དང་ལྡན་པར་ཡོངས་སུ་སྟོན་ཏེ། དེ་དང་ལྡན་པས་ས་འདི་འོད་འཕྲོ་བ་ཅན་ནོ་ཞེས་ངེས་པའི་ཚིག་ཡོངས་སུ་བསྟན་པའི་ཕྱིར་ཏེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ་དཔེར་ན་ནོར་བུ་རིན་པོ་ཆེ་འོད་འབྱུང་བ་འོད་ཟེར་གྱི་དཀྱིལ་འཁོར་ཡོངས་སུ་དག་པ་ཅན་སྣང་བ་རབ་ཏུ་གཏོང་བ་ནི་དེ་ལས་གཞན་པའི་རིན་པོ་ཆེའི་རྣམ་པ་འོད་ཡོངས་སུ་མ་དག་པ་རྣམས་ཀྱིས་མི་འཕྲོགས་པ་ཞེས་གསུངས་པའོ། །དེ་ལ་འོད་འབྱུང་བ་ནི་འོད་དང་ལྡན་པའི་ཕྱིར་རོ། །འོད་ཟེར་གྱི་དཀྱིལ་འཁོར་ཡོངས་སུ་དག་པ་ཅན་ནི་འོད་ཀྱི་དཀྱིལ་འཁོར་དྲི་མ་མེད་པའི་ཕྱིར་རོ། །སེམས་ཅན་རྣམས་ཀྱི་འཇིག་ཚོགས་


DTG113_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྟ་བ་ཡང་དག་པར་འཇོམས་པ་ལ་མཁས་པ་དང༌། གཙོ་བོ་ཡིན་ཞིང་ཞེས་བྱ་བ་ལ་མཁས་པ་ནི་འདིར་བྱེད་པ་ལ་བྱའོ། །གཙོ་བོ་ནི་མཐུའོ། །ལྷག་མ་རྣམས་ནི་སྔ་མ་བཞིན་དུ་ཅི་རིགས་སུ་ཁོང་དུ་ཆུད་པར་བྱའོ། །འཕགས་པ་ས་བཅུ་པ་ལས་ས་བཞི་པའི་རྣམ་པར་བཤད་པ་རྫོགས་སོ།། ས་ལྔ་པ་ནི་རྣམ་པ་གསུམ་གྱིས་རྣམ་པར་གཞག་པར་རིག་པར་བྱ་སྟེ། ང་རྒྱལ་གྱི་གཉེན་པོ་རྣམ་པར་གཞག་པ་དང༌། མི་གནས་པའི་ལམ་སྒྲུབ་པའི་ཁྱད་པར་རྣམ་པར་གཞག་པ་དང༌། དེའི་འབྲས་བུ་རྣམ་པར་གཞག་པས་སོ། །དེ་ལ་ང་རྒྱལ་གྱི་ཁྱད་པར་གྱི་གཉེན་པོ་ནི་རྣམ་པར་དག་པ་ལ་སེམས་ཀྱི་བསམ་པ་མཉམ་པ་ཉིད་བཅུ་པོ་ཡིད་ལ་བྱ་བ་ཕྱིར་མི་ལྡོག་པ་དང་བཅས་པའོ། །སྔར་ནི་ཆོས་རྟོགས་པའི་ང་རྒྱལ་གྱི་གཉེན་པོར་བསྟན་གྱི། ས་འདི་ལ་ནི་སེམས་ཀྱི་རྒྱུད་རྣམ་པར་དག་པ། ཐ་དད་པའི་མངོན་པའི་ང་རྒྱལ་གྱི་གཉེན་པོ་སྟོན་ཏོ། །དེ་ལ་རྣམ་པར་དག་པ་ལ་སེམས་ཀྱི་བསམ་པ་མཉམ་པ་ཉིད་ནི་རྣམ་པར་དག་པ་ལ་སེམས་ཀྱི་བསམ་པ་མཉམ་པ་ཉིད་དོ། །དེ་ཡང་རྣམ་པར་དག་པའི་བྱེ་བྲག་གིས་རྣམ་པ་བཅུར་རིག་པར་བྱ་སྟེ། རྣམ་པར་དག་པ་བཅུ་ནི་སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་དག་དང༌། ཇི་ལྟར་སངས་རྒྱས་ཀྱི་ཆོས་རྣམས་སུ་འགྱུར་བ་དེའི་བྱེ་བྲག་གིས་རིག་པར་བྱའོ། །སངས་རྒྱས་ཀྱི་ཆོས་རྣམས་གང་དག་ཡིན་ཞེ་ན། དུས་གསུམ་གྱི་སྟོབས་ལ་སོགས་པ་སྟེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་བཞི་པ་ལ་ལམ་ཡོངས་སུ་རྫོགས་པར་བྱས་པའི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་ས་ལྔ་པ་ལ་འཇུག་སྟེ། དེ་རྣམ་པར་དག་པ་ལ་སེམས་ཀྱི་བསམ་པ་མཉམ་པ་ཉིད་བཅུས་འཇུག་གོ །བཅུ་གང་ཞེ་ན། འདི་ལྟ་སྟེ། འདས་པའི་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང༌། མ་བྱོན་པའི་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང༌། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་ཅེས་གསུངས་པའོ། །དེ་ལྟར་དུས་གསུམ་གྱི་སྟོབས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་དེ་དག་བསྟན་ནས། ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་བཅས་པ་རྣམས་ཀྱིས་ཇི་


DTG113_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སངས་རྒྱས་ཀྱི་ཆོས་སུ་འགྱུར་བ་དེ་དག་སྟོན་ཏོ། །དེ་ལ་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ན་ཚུལ་ཁྲིམས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་ཅེས་གསུངས་པའོ། །ཏིང་ངེ་འཛིན་གྱི་དབང་དུ་བྱས་ན་སེམས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་ཅེས་བྱ་བ་གསུངས་སོ། །ཤེས་རབ་ཀྱི་དབང་དུ་བྱས་ན་ལྟ་བ་དང་སོམ་ཉི་དང༌། ཡིད་གཉིས་དང་འགྱོད་པ་སེལ་བ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང༌། ལམ་དང་ལམ་མ་ཡིན་པ་ཤེས་པ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང༌། ལམ་ཤེས་པ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང༌། བྱང་ཆུབ་ཀྱི་ཕྱོགས་པའི་ཆོས་ཐམས་ཅད་གོང་མ་གོང་མས་རྣམ་པར་འཇིག་པ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་ཅེས་བྱ་བ་གསུངས་སོ། །དེ་ལ་ལམ་ནི་སྤོར་བར་ཤེས་པའོ། །བྱང་ཆུབ་ཀྱི་ཕྱོགས་པའི་ཆོས་ཐམས་ཅད་གོང་མ་གོང་མས་རྣམ་པར་འཇིག་པ་ལ་ནི་ཡིད་ཙམ་སྤོང་བའི་དོན་དུ་བསྟན་ཏོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་དབང་དུ་བྱས་ན་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་ཅེས་བྱ་བ་གསུངས་སོ། །ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་ས་ལྔ་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་ལམ་གྱི་ཡན་ལག་བྱང་ཆུབ་ཀྱི་ཕྱོགས་པ་དེ་དག་ཉིད་ཡོངས་སུ་སྦྱངས་པ་ཤིན་ཏུ་བྱས་པའི་ཕྱིར་དང༌། ལྷག་པའི་བསམ་པ་ཤིན་ཏུ་ཡོངས་སུ་སྦྱང་བའི་ཕྱིར་ཡང་དེའི་གོང་དུ་ལམ་གྱི་ཁྱད་པར་ཚོལ་ཞིང༌། དེ་བཞིན་ཉིད་ཀྱི་རྗེས་སུ་ཞུགས་པ་ཞེས་བྱ་བ་འདི་ལ་ཡོངས་སུ་སྦྱང་བ་ཤིན་ཏུ་བྱས་པའི་ཕྱིར་ཞེས་བྱ་བ་ནི་ས་བཞི་པ་ལ་བྱང་ཆུབ་ཀྱི་ཕྱོགས་པ་བསྒོམས་པའི་ཕྱིར་རོ། །ལྷག་པའི་བསམ་པ་ཤིན་ཏུ་ཡོངས་སུ་སྦྱངས་པའི་ཕྱིར་ཞེས་བྱ་བ་ནི་དེ་ཉིད་ན་བསམ་པའི་ཁམས་རྣམ་པར་དག་པ་ལ་སོགས་པས་སོ། །ལམ་གྱི་ཁྱད་པར་ཚོལ་ཞེས་བྱ་བ་ནི་མི་གནས་པའི་ལམ་སྒྲུབ་པའི་ཁྱད་པར་ཏེ། དེའི་ང་རྒྱལ་ཀུན་དུ་གཞོམ་པའི་ཕྱིར་རོ། །དེ་བཞིན་ཉིད་ཀྱི་རྗེས་སུ་ཞུགས་པས་རྣམ་པར་དག་པ་ལ་སེམས་ཀྱི་བསམ་པ་མཉམ་པ་ཉིད་དེ་མངོན་པར་བསྒྲུབ་པའི་ཕྱིར། ཡིད་ལ་བྱེད་པ་ཕྱིར་མི་ལྡོག་པར་འགྱུར་རོ། །རྣམ་པར་དག་པ་མཉམ་པ་ཉིད་དེ་ཇི་ལྟར་གནས་པ་དེ་བཞིན་དུ་དེ་ལ་སེམས་ཀྱི་བསམ་པ་འཇོག་པའི་ཕྱིར་དེ་བཞིན་ཉིད་ཀྱི་རྗེས་སུ་ཞུགས་


DTG113_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱའོ། །དེ་བཞིན་ཉིད་ཀྱི་རྗེས་སུ་ཞུགས་པ་དེ་ཡང་རྒྱུ་བརྒྱད་ཀྱིས་ཡོངས་སུ་བསྟན་ཏེ། བྱང་ཆུབ་ཀྱི་སེམས་གོམས་པར་བྱས་པ་ནི་གང་གི་ཕྱིར་སྨོན་ལམ་གྱི་སྟོབས་བསྐྱེད་པའི་ཕྱིར་ཞེས་གསུངས་པའོ། །ཐེག་པ་ལས་མི་གཡོ་བ་ནི་གང་གི་ཕྱིར་སྙིང་རྗེ་དང་བྱམས་པས་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་ཕྱིར་ཞེས་གསུངས་པའོ། །དགེ་བའི་རྩ་བས་སྟོབས་བསྐྱེད་པ་ནི་གང་གི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་ཕྱིར་ཞེས་གསུངས་པའོ། །བརྩོན་པ་མ་བོར་བ་ནི་གང་གི་ཕྱིར་རྒྱུན་མ་བཅད་པའི་ཕྱིར་ཞེས་གསུངས་པའོ། །ཡང་དག་པའི་སྦྱོར་བ་ནི་གང་གི་ཕྱིར་ཐབས་ལ་མཁས་པ་མངོན་པར་བསྒྲུབ་པའི་ཕྱིར་ཞེས་གསུངས་པའོ། །ཆོག་པར་མི་འཛིན་པ་ནི་གང་གི་ཕྱིར་གོང་མ་གོང་མའི་སའི་སྣང་བ་ལ་བལྟ་བའི་ཕྱིར་ཞེས་གསུངས་པའོ། །མཐུའི་ཁྱད་པར་བླ་ཐབས་ཐོབ་པ་ནི་གང་གི་ཕྱིར་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཡང་དག་པར་བླངས་པའི་ཕྱིར་ཞེས་གསུངས་པའོ། །དྲན་པ་ལ་སོགས་པ་ཁྱད་པར་དུ་འཕགས་པའི་ཤེས་རབ་རྣམ་པ་གསུམ་གྱིས་སོ་སོ་རང་གི་མཐུའི་ཁྱད་པར་ཐོབ་པ་ནི། གང་གི་ཕྱིར་དྲན་པ་དང་བློ་གྲོས་དང་རྟོགས་པའི་བློའི་སྟོབས་སྐྱེད་པའི་ཕྱིར་ཡོད་ལ་བྱ་བ་ཕྱིར་མི་ལྡོག་པར་གྱུར་ནས་ཞེས་གསུངས་པ་སྟེ། དམིགས་པ་ལ་ཐོགས་པ་མེད་པའི་ཕྱིར་བསྒོམས་པ་ལས་བྱུང་བའི་ཤེས་རབ་ནི་རྟོགས་པའི་སྒྲས་བྱེ་བྲག་ཏུ་བྱས་སོ། །དེ་ལ་མི་གནས་པའི་ལམ་སྒྲུབ་པའི་ཁྱད་པར་ནི་ཤེས་བྱ་ལ་ཤེས་པ་རྣམ་པར་དག་པའི་ཁྱད་པར་དང༌། སེམས་ཅན་ལ་སྙིང་རྩེ་ནས་རྩོལ་བའི་ཁྱད་པར་དང༌། རྣམ་པ་གཉིས་ཀྱིས་ཡོངས་སུ་བསྟན་ཏེ། དེ་གཉིས་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་སོ། །ཤེས་པ་རྣམ་པར་དག་པ་དེ་ཡང་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། བདེན་པ་བཞི་རབ་ཏུ་ཤེས་པའི་ཕྱིར་བདེན་པའི་ཆོས་ཉིད་རྣམ་པར་གཞག་པ་ནི། གང་གི་ཕྱིར་དེས་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པའོ། །བདེན་


DTG113_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཅུ་ལ་མཁས་པའི་ཕྱིར་སེམས་ཅན་ཡོངས་སུ་དགྲོལ་བའི་ཐབས་རྣམ་པར་གཞག་པ་ནི་གང་གི་ཕྱིར། དེ་ཀུན་རྫོབ་ཀྱི་བདེན་པ་ལ་མཁས་པ་ཡིན། དོན་དམ་པའི་བདེན་པ་ལ་མཁས་པ་ཡིན། མཚན་ཉིད་ཀྱི་བདེན་པ་ལ་མཁས་པ་ཡིན། རྣམ་པར་དབྱེ་བའི་བདེན་པ་ལ་མཁས་པ་ཡིན། ཕྱེ་སྟེ་རྟོགས་པའི་བདེན་པ་ལ་མཁས་པ་ཡིན། དངོས་པོའི་བདེན་པ་ལ་མཁས་པ་ཡིན། རབ་ཏུ་སྐྱེ་བའི་བདེན་པ་ལ་མཁས་པ་ཡིན། ཟད་པ་དང་མི་སྐྱེ་བ་ཤེས་པའི་བདེན་པ་ལ་མཁས་པ་ཡིན། ལམ་ཤེས་པའི་བདེན་པ་ལ་མཁས་པ་ཡིན། བྱང་ཆུབ་སེམས་དཔའི་སའི་གོ་རིམས་ཐམས་ཅད་ཀྱི་མཚམས་སྦྱོར་བསྒྲུབ་པ་ནས། དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པར་འབྱུང་བའི་བར་གྱི་བདེན་པ་ལ་མཁས་པ་ཡིན་ཞེས་གསུངས་པའོ། །དེ་ལ་བདེན་པའི་ཆོས་ཉིད་ནི་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། འབྲས་བུ་དང་རྒྱུའི་བྱེ་བྲག་གི་བདེན་པ་གཉིས་ནི་ཀུན་ནས་ཉོན་མོངས་པའི་ཆོས་ཉིད་དོ། །གཉིས་ནི་རྣམ་པར་བྱང་བའི་ཆོས་ཉིད་དོ། །སེམས་ཅན་རྣམ་པར་དགྲོལ་བའི་ཐབས་རྣམ་པར་གཞག་པ་ཡང་གདུལ་བྱའི་བྱེ་བྲག་གིས་རིག་པར་བྱ་སྟེ། གདུལ་བྱ་དག་ནི་རྣམ་པ་བདུན་ནོ། །ཉན་ཐོས་ཀྱི་གདུལ་བྱ་ནི་རྣམ་པ་དྲུག་སྟེ། ཡོངས་སུ་མ་སྨིན་པ་དེའི་དོན་དུ་ཀུན་རྫོབ་ཀྱི་བདེན་པ་ལ་མཁས་སོ། །ཡོངས་སུ་སྨིན་པ་དེའི་དོན་དུ་དོན་དམ་པའི་བདེན་པ་ལ་མཁས་སོ། །ཆོས་ཉིད་ཟབ་མོ་ཉིད་ལ་ཀུན་དུ་རྨོངས་པ་དེའི་དོན་དུ་མཚན་ཉིད་ཀྱི་བདེན་པ་ལ་མཁས་སོ། །དགོངས་པ་ཟབ་མོ་ཉིད་ལ་ཀུན་དུ་རྨོངས་པ་དེའི་དོན་དུ་རྣམ་པར་དབྱེ་བའི་བདེན་པ་ལ་མཁས་སོ། །ཚུལ་བཞིན་ཡིད་ལ་བྱེད་པ་དང་མི་ལྡན་པ་དེའི་དོན་དུ་ཕྱེ་སྟེ་རྟོགས་པའི་བདེན་པ་ལ་མཁས་སོ། །ཡང་དག་པའི་ལྟ་བ་དང་བྲལ་བ་དེའི་དོན་དུ་དངོས་པོའི་བདེན་པ་ལ་མཁས། རབ་ཏུ་སྐྱེ་བའི་བདེན་པ་ལ་མཁས། ཟད་པ་དང་མི་སྐྱེ་བ་ཤེས་པའི་བདེན་པ་ལ་མཁས། ལམ་ཤེས་པ་ལ་འཇུག་པའི་བདེན་པ་ལ་མཁས་ཏེ། དངོས་པོའི་བདེན་པ་ལ་སོགས་པས་ནི་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་བསྡུས་སོ། །ཐེག་པ་ཆེན་པོས་གདུལ་བྱ་བདུན་པ་དེའི་དོན་དུ་བྱང་ཆུབ་སེམས་དཔའི་སའི་


DTG113_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

གོ་རིམས་ཐམས་ཅད་ཀྱི་མཚམས་སྦྱར་བ་སྒྲུབ་པ་ནས། དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པར་འབྱུང་བའི་བདེན་པའི་བར་ལ་མཁས་པ་བཅུ་པ་སྟེ། གང་གི་ཕྱིར་དེས་སེམས་ཅན་གཞན་དག་གི་བསམ་པ་ཇི་ལྟ་བ་བཞིན་དུ་ཚིམ་པར་བྱེད་པས་ཀུན་རྫོབ་ཀྱི་བདེན་པ་རབ་ཏུ་ཤེས་སོ། །བགྲོད་པ་ཐེག་པ་གཅིག་པུ་ལ་ཡང་དག་པར་གཞོལ་བས་དོན་དམ་པའི་བདེན་པ་རབ་ཏུ་ཤེས་སོ། །རང་དང་སྤྱིའི་མཚན་ཉིད་རྟོགས་པས་མཚན་ཉིད་ཀྱི་བདེན་པ་རབ་ཏུ་ཤེས་སོ། །ཆོས་རྣམ་པར་དབྱེ་བ་རྣམ་པར་གཞག་པ་རྟོགས་པས་རྣམ་པར་དབྱེ་བའི་བདེན་པ་རབ་ཏུ་ཤེས་སོ། །ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་རྣམ་པར་གཞག་པ་རྟོགས་པས་ཕྱེ་སྟེ་རྟོགས་པའི་བདེན་པ་རབ་ཏུ་ཤེས་སོ། །ལུས་དང་སེམས་ལ་ནོད་པ་ཉམས་སུ་འབབ་པས་དངོས་པོའི་བདེན་པ་རབ་ཏུ་ཤེས་སོ། །འགྲོ་བར་མཚམས་སྦྱོར་བ་རྟོགས་པས་རབ་ཏུ་སྐྱེ་བའི་བདེན་པ་རབ་ཏུ་ཤེས་སོ། །རིམས་ནད་ཀྱིས་ཡོངས་སུ་གདུང་བ་ཐམས་ཅད་ཤིན་ཏུ་ཞི་བས་ཟད་པ་དང༌། མི་སྐྱེ་བ་ཤེས་པའི་བདེན་པ་རབ་ཏུ་ཤེས་སོ། །མི་གཉིས་པ་མངོན་པར་བསྒྲུབས་པས་ལམ་ཤེས་པ་ལ་འཇུག་པའི་བདེན་པ་རབ་ཏུ་ཤེས་སོ། །རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་ཁོང་དུ་ཆུད་པས་བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ཀྱི་གོ་རིམས་མཚམས་སྦྱར་བས་སྒྲུབ་པ་ནས། དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པར་འབྱུང་བའི་བར་གྱི་བདེན་པ་རབ་ཏུ་ཤེས་ཏེ། དེ་ཡང་མོས་པས་ཤེས་པའི་སྟོབས་བསྐྱེད་པས་ཤེས་ཀྱི། མ་ལུས་པར་ཤེས་པ་ནི་མ་ཡིན་ནོ་ཞེས་གསུངས་པའོ། །དེ་ལ་ས་གཞན་གྱི་གོ་རིམས་ནི་རང་གི་ས་རྣམས་ལ་མཚམས་སྦྱོར་བ་ཡིན་པར་རིག་པར་བྱའོ། །སྐྱེ་བ་ཐམས་ཅད་དུ་ལུས་དང་སེམས་ལ་སྡུག་བསྔལ་ཉམས་སུ་འབབ་པས་དངོས་པོའི་བདེན་པ་རབ་ཏུ་ཤེས་ཏེ། ཚོར་བ་གང་ཅི་ཡང་རུང་བ་དེ་ནི་འདིར་སྡུག་བསྔལ་བའོ་ཞེས་འབྱུང་བའི་ཕྱིར་རོ། །མི་གཉིས་པ་མངོན་པར་བསྒྲུབས་པས་ཞེས་བྱ་བ་ནི་ལམ་གཅིག་ཏུ་བགྲོད་པ་ཡིན་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་ཁོང་དུ་ཆུད་པས་ཞེས་བྱ་བ་ནི་རིག་པའི་གནས་ལྔ་ལ་མཁས་པའི་ཕྱིར་རོ། །མོས་པའི་ཤེས་པའི་སྟོབས་བསྐྱེད་པས་ཞེས་བྱ་བ་ནི་གཟུགས་བརྙན་ལ་དམིགས་


DTG113_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤེས་པའི་སྟོབས་བསྐྱེད་པའི་ཕྱིར་ཡིན་གྱི། དགོས་པ་ཡོངས་སུ་གྲུབ་པ་ལ་དམིགས་པའི་ཤེས་པས་ནི་མ་ཡིན་པའི་ཕྱིར་རོ།། །།བམ་པོ་བརྒྱད་པ། དེ་ལྟར་ཤེས་བྱ་ལ་ཡེ་ཤེས་རྣམ་པར་དག་པ་བསྟན་ནས། འདུས་བྱས་ཐམས་ཅད་བརྫུན་པ་ལ་སོགས་པའི་མཚན་ཉིད་དུ་རིག་པས་སྙིང་བརྩེ་བའི་ཕྱིར། སེམས་ཅན་ལ་སྙིང་བརྩེ་བས་རྩོལ་བ་སྟོན་ཏེ། གང་གི་ཕྱིར་དེ་ལྟར་བདེན་པ་ལ་མཁས་པས་མངོན་པར་བསྒྲུབས་པའི་བློས་འདུས་བྱས་ཐམས་ཅད་བརྫུན་པ་དང༌། བསླུ་བའི་ཆོས་ཅན་དང༌། དཀུ་བྱེད་པ་དང༌། བྱིས་པ་འདྲིད་པར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ། དེ་དེ་བས་ཀྱང་ཤས་ཆེར་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་མངོན་དུ་འགྱུར་ཞིང༌། བྱམས་པ་ཆེན་པོའི་སྣང་བ་ཡང་རབ་ཏུ་འབྱུང་ངོ་ཞེས་གསུངས་པའོ། །དེ་ལ་ཀུན་བརྟགས་པ་རྟག་པ་ལ་སོགས་པའི་མཚན་ཉིད་མེད་པས་བརྫུན་པའོ། །རྟག་པ་ལ་སོགས་པར་མངོན་པར་ཞེན་པའི་གཞི་ཡིན་པས་བསླུ་བའི་ཆོས་ཅན་ནོ། །དར་བའི་མཐའ་ནི་རྒུད་པ་ཡིན་པས་དཀུ་བྱེད་པའོ། །ཕུན་སུམ་ཚོགས་པས་སྐྱེ་བོ་བླུན་པོ་འཕྲོགས་པའི་ཕྱིར་བྱིས་པ་འདྲིད་པའོ། །དེ་ལྟར་རྟག་པ་ལ་སོགས་པའི་མཚན་ཉིད་མེད་པས་བརྫུན་ཉིད་དེ། མཚན་ཉིད་དང་རྟག་པ་ལ་སོགས་པར་མངོན་པར་ཞེན་པའི་གཞི་ཡིན་པས་སླུ་བའི་ཆོས་ཅན་ཏེ། མངོན་པར་ཞེན་པ་དང༌། དར་བའི་མཐའ་ནི་རྒུད་པ་ཡིན་པས་དཀུ་བྱེད་པ་སྟེ། ཉིས་དམིགས་དང་ཕུན་སུམ་ཚོགས་པས་སྐྱེ་བོ་བླུན་པོ་ཕྲོགས་པའི་ཕྱིར་བྱིས་པ་འདྲིད་པ་སྟེ། གནས་ཀྱི་ཚིག་དེ་དག་གི་དོན་རིག་པར་བྱ་སྟེ། བྱིས་པ་ནི་དེ་ལ་མངོན་པར་ཞེན་པའི་གནས་ཡིན་ནོ། །སྙིང་རྗེ་ཆེན་པོ་དང་བྱམས་པ་ཆེན་པོའི་སྣང་བས་ནི་སྙིང་བརྩེ་བ་དེའི་ཁྱད་པར་སྟོན་ཏོ། །ས་སྔ་མ་ལས་སྙིང་རྗེ་ཁྱད་པར་དུ་འཕགས་པའི་ཕྱིར་སྙིང་རྗེ་ཆེན་པོའོ། །མི་གནས་པའི་ལམ་སྒྲུབ་པའི་ཁྱད་པར་གྱིས་ཡོངས་སུ་བསྐྱབ་པའི་ཐབས་ཤེས་པ་དང་ལྡན་པའི་ཕྱིར་བྱམས་པ་ཆེན་པོའི་སྣང་བ་ཞེས་བྱའོ། །དེ་དེ་ལྟར་ཡེ་ཤེས་ཀྱི་སྟོབས་བསྐྱེད་པ་ཐོབ་སྟེ་ཞེས་བྱ་བ་ནི་ཇི་སྐད་བསྟན་མ་ཐག་པའོ། །སེམས་ཅན་ཐམས་ཅད་ལ་ལྟ་བ་དང་བཅས་པ་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོ་དང་བྱམས་པ་ཆེན་པོའི་སྣང་བས་སོ། །སངས་རྒྱས་ཀྱི་


DTG113_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མངོན་པར་འདོད་པས་ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་བསྐྱབ་པའི་ཕྱིར་རོ། །འདུ་བྱེད་དུ་གྱུར་པ་ཐམས་ཅད་ཀྱི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ལ་སོ་སོར་རྟོག་སྟེ་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོ་དེ་ཇི་ལྟར་འབྱུང་བ་དེ་ཡོངས་སུ་སྟོན་ཏེ། རྣམ་པ་གཉིས་ཀྱིས་སྟོན་ཏོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོ་སོར་རྟག་པས་སྡུག་བསྔལ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་དམིགས་པ་ནི་སྔོན་གྱི་མཐའ་མ་རིག་པ་དང་སྲེད་པ་ལས་བྱུང་བའི་སེམས་ཅན་འཁོར་བའི་རྒྱུན་གྱི་རྗེས་སུ་ཞུགས་པ་ཕུང་པོའི་གནས་ལས་མ་བསྐྱོད་པ་རྣམས་ཀྱི་སྡུག་བསྔལ་གྱི་ཕུང་པོ་བདག་མེད་པ། སྲོག་མེད་པ། གང་ཟག་མེད་པ། བདག་དང་བདག་གི་དང་བྲལ་བ་ཇི་ལྟར་འགྲུབ་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མ་འོངས་པ་མེད་པ་ལ་རྨོངས་པ་དང་མངོན་པར་འདོད་པ་དེ་ཉིད་ཇི་ལྟར་རྒྱུན་ཆད་པ་དང༌། མཐར་འགྱུར་བ་དང༌། ངེས་པར་འབྱུང་བ་མེད་པ་དང༌། ཡོད་པ་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ་ཞེས་གསུངས་སོ། །དེ་ལ་སྔོན་གྱི་མཐའ་མ་རིག་པ་དང་སྲེད་པ་ལས་བྱུང་བ་ཞེས་བྱ་བའི་བྱེ་བྲག་ནི་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་བྱ་བའི་ཐ་ཚིག་སྟེ། དེ་དག་ནི་ཐབས་མཁས་པ་ལས་བྱུང་བའོ། །མ་རིག་པ་དང༌། སྲེད་པ་སྨོས་པས་ནི་སྲིད་པའི་ཡན་ལག་གི་རྩ་བ་ཡིན་པའི་ཕྱིར་རོ། །དེ་ལས་བྱུང་བ་ལ་སོགས་པས་སེམས་ཅན་རྣམ་པ་གསུམ་བསྟན་པ་ནི་འདོད་པ་ཚོལ་བར་གྱུར་པ་རྣམས་དང༌། ལོག་པའི་ཚངས་པར་སྤྱོད་པ་ཚོལ་བར་གྱུར་པ་རྣམས་དང༌། སྲིད་པའི་རྩེ་མོའི་བར་དག་ཐོབ་པ་སྲིད་པ་ཚོལ་བར་གྱུར་པ་རྣམས་ཀྱི་དབང་དུ་བྱས་པའོ། །སྡུག་བསྔལ་གྱི་ཕུང་པོ་བདག་མེད་པ་ཉིད་ནི་དོན་དམ་པར་དེ་ལ་ཡང་བདག་མེད་པ་དང༌། དེ་ཡང་བདག་མ་ཡིན་པའི་ཕྱིར་རོ། །དེ་ལྟར་བདག་མེད་དུ་ཟིན་ཀྱང༌། སྲོག་གི་དབང་པོའི་དབང་གིས་གནས་པ་དང༌། ཡང་དང་ཡང་འགྲོ་བར་འགྲོ་བས་སེམས་ཅན་གྱི་རྒྱུན་ལ་རྟག་པ་དང་ཆད་པ་མེད་པར་ཡོངས་སུ་བསྟན་པའི་ཕྱིར་དེ་ལ་སྲོག་དང་གང་ཟག་ཏུ་འདོགས་པར་བྱེད་དེ། དེ་ལ་མངོན་པར་ཞེན་པ་སྤང་པའི་ཕྱིར། སྲོག་མེད་པ། གང་ཟག་མེད་པ་ཞེས་གསུངས་སོ། །ཟ་བ་པོ་དང་བཟའ་བར་འདོགས་པ་ལ་མངོན་པར་ཞེན་པ་སྤང་བའི་ཕྱིར། བདག་དང་བདག་གི་དང་བྲལ་བ་ཞེས་གསུངས་སོ། །རྒྱུ་གང་


DTG113_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྔོན་གྱི་མཐའ་ལས་སེམས་ཅན་ཅི་འདྲ་བ་རྣམས་ཀྱི་སྡུག་བསྔལ་ཅི་འདྲ་བ་འབྱུང་བ་དེ་སོ་སོར་བརྟགས་ནས་མ་འོངས་པའི་སྡུག་བསྔལ་གྱི་རྒྱུ་མ་རིག་པ་དང་སྲེད་པ་ཞེས་བྱ་བ་འདི་ཉིད་ཇི་ལྟར་འགག་པ་འཇིག་རྟེན་པའི་འགོག་པ་ལས་ཁྱད་པར་དུ་འཕགས་པ་དང༌། སྡུག་བསྔལ་དེ་ལས་ངེས་པར་འབྱུང་བའི་ལམ་མེད་པ་ནི་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པའི་ཕྱིར་རོ། །ཡོད་པ་ནི་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར་ཏེ། དེ་ལྟར་སོ་སོར་རྟོག་གོ །རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྟོག་པ་རྣམ་པ་འདི་གཅིག་གིས་སྙིང་རྗེ་དེ་སྡུག་བསྔལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་དམིགས་པ་ཉིད་དུ་ཡོངས་སུ་བསྟན་ཏོ། །ད་ནི་དུས་རིང་པོ་ནས་འབྲེལ་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ལ་སོ་སོར་རྟོག་པ་རྣམ་པ་གཉིས་པས་སྡུག་བསྔལ་བཟོད་བརླག་པ་ལ་དམིགས་པ་ཉིད་དུ་ཡོངས་སུ་སྟོན་ཏེ། གང་གི་ཕྱིར་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བྱིས་པ་སོ་སོའི་སྐྱེ་བོ་འདི་དག་ནི་མི་ཤེས་པ་རྨོངས་པ་དག་སྟེ། དེ་དག་གི་ལུས་གྲངས་མེད་པ་འགགས་ལ། འགག་པར་འགྱུར་ཞིང་འགག་བཞིན་ཏེ། དེ་ལྟར་འཆི་ཡང་ལུས་ལ་ཡིད་འབྱུང་བ་མི་སྐྱེད་ཅིང་སྡུག་བསྔལ་གྱི་འཁྲུལ་འཁོར་ཇེ་བས་ཇེ་འཕེལ་དུ་བྱེད། འཁོར་བའི་རྒྱུད་ལ་མི་ལྡོག །ཕུང་པོའི་གནས་མི་འདོར། ཁམས་ཀྱི་སྤྲུལ་དག་གིས་སྐྱོ་བར་མི་འགྱུར། ང་རྒྱལ་དང་ལྟ་བའི་ཟུག་རྡུ་མི་འབྱིན། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་མེ་ལྕེ་འབར་བཞི་པར་མི་བྱེད། མ་རིག་པའི་མུན་པ་མི་སེལ། སྲེད་པའི་རྒྱ་མཚོ་མི་སྐེམས་སྟོབས་བཅུའི་དེད་དབོན་ཡོངས་སུ་མི་ཚོལ་ཞིང་བདུད་ཀྱི་བསམ་པ་ཐིབས་པོའི་རྗེས་སུ་སོང་སྟེ། འཁོར་བའི་རྒྱ་མཚོ་མི་དགེ་བའི་རྣམ་པར་རྟོག་པ་སྣ་ཚོགས་ཀྱི་ཆུ་སྲིན་འཛིན་ཁྲིས་དཀྲུགས་པས་ཡོངས་སུ་གཡེངས་ཤིང༌། རྟོན་པ་མེད་ཀྱང་ཡིད་འབྱུང་བར་མི་བྱེད་ལ་འདི་ལྟ་སྟེ། སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང་འཁྲུགས་པའི་སྡུག་བསྔལ་རྣམ་པ་མང་པོ་ཉམས་སུ་མྱོང་བ་ངོ་མཚར་ཆེ་ཞེས་གསུངས་པའོ། །དེ་ལ་དུས་རིང་པོ་ནས་འབྲེལ་པ་དང་སྣ་ཚོགས་


DTG113_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྙིང་རྗེ་སྡུག་བསྔལ་བཟོད་བརླག་པ་ལ་དམིགས་པ་ཉིད་དུ་ཡོངས་སུ་བསྟན་ཏོ། །ལུས་གྲངས་མེད་པ་འགགས་ཞེས་བྱ་བས་ནི་ཡུན་རིང་པོ་ནས་འབྲེལ་པའི་ཕྱིར་རོ། །སྣ་ཚོགས་ཀྱིས་ཇི་ལྟ་བུ་ཞེ་ན། སྐྱེ་བའི་སྡུག་བསྔལ་དང༌། དེའི་ཀུན་འབྱུང་བ་དང༌། དེ་འགོག་པ་དང་ལམ་དང་བྲལ་བས་སྡུག་བསྔལ་བ་ཉིད་དུ་སོ་སོར་རྟོག་པའི་ཕྱིར་དང༌། ན་བ་དང༌། རྒ་བ་དང༌། འཆི་བའི་སྡུག་བསྔལ་དང༌། དེའི་ཀུན་འབྱུང་བ་དང༌། དེ་འགོག་པ་དང་བྲལ་བ་དང༌། དེའི་ལམ་དང་བྲལ་བས་སྡུག་བསྔལ་བ་ཉིད་དུ་སོ་སོར་རྟོག་པའི་ཕྱིར་རོ། །དེ་ལ་ལུས་ནི་རྐྱེན་གྱི་ཁ་ན་ལས་ཏེ་འགྲུབ་པས་སྡུག་བསྔལ་གྱི་འཁྲུལ་འཁོར་ཏེ། ཚིག་དེས་སྐྱེ་བའི་སྡུག་བསྔལ་ཡོངས་སུ་སྟོན་ཏོ། །འཁོར་བའི་རྒྱུད་ལས་མི་ལྡོག་ཅེས་བྱ་བ་ནི་ཀུན་འབྱུང་བ་སྟེ་སྲིད་པའོ། །ཕུང་པོའི་གནས་མི་འདོར་ཞེས་བྱ་བའི་ཚིག་གིས་ནི་འགོག་པ་དང་ལམ་དང་བྲལ་བའོ། །ཁམས་ཀྱི་སྦྲུལ་དག་གིས་སྐྱོ་བར་མི་འགྱུར་ཞེས་བྱ་བ་ནི། རྒ་བ་དང་ན་བ་དང་འཆི་བའི་སྡུག་བསྔལ་ཏེ། དེ་མི་མཉམ་པ་ལས་འབྱུང་བའི་ཕྱིར་རོ། །ལོག་པའི་ཚངས་པར་སྤྱོད་པ་ཚོལ་བར་གྱུར་པ་རྣམས་དང༌། འདོད་པ་ཚོལ་བར་གྱུར་པ་འདོད་པ་ལ་ཉེ་བར་སྤྱོད་པ་རྣམས་དང༌། ཉེ་བར་སྤྱད་པ་སྤྱོད་པ་རྣམས་དང༌། སྲིད་པ་ཚོལ་བར་གྱུར་པ་རྣམས་ནི་ང་རྒྱལ་དང༌། ལྟ་བའི་ཟུག་ངུ་མི་འབྱིན། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་མེ་ལྕེ་འབར་བ་ཞི་བར་མི་བྱེད། མ་རིག་པའི་མུན་པ་མི་སེལ། སྲིད་པའི་རྒྱ་མཚོ་མི་སྐེམས་ཞེས་བྱ་བའི་ཚིག་རྣམས་དང་གོ་རིམས་བཞིན་ཏེ། དེའི་ཀུན་འབྱུང་བ་ཡོངས་སུ་སྟོན་ཏོ། །ཞི་བའི་ཕྱོགས་སུ་ཕྱིན་པར་བྱེད་པ་སྟོབས་བཅུའི་དེད་དབོན་ཡོངས་སུ་མི་ཚོལ་ཞེས་བྱ་བའི་ཚིག་གིས་ནི་དེ་འགོག་པ་དང་བྲལ་བའོ། །བདུད་ཀྱི་ཐིབས་པོ་ཞེས་བྱ་བའི་ཕྱིར་རྒོལ་བའི་ལམ་དུ་འགྲོ་བའི་ཚིག་གིས་ནི་ལམ་དང་བྲལ་བའོ། །རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་ཀྱི་ཆུ་སྲིན་འཛིན་ཁྲིས་དཀྲུགས་པས་ཞེས་བྱ་བ་ལ་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བའི་མཚན་ཉིད་ནི་རྣམ་པར་རྟོག་པ་ཡིན་པར་རིག་པར་བྱའོ། །འདི་མན་ཆད་ནི་བྱམས་པ་ཆེན་པོའི་སྣང་བ་ཇི་ལྟར་འབྱུང་བ་དེ་རབ་ཏུ་སྟོན་ཏེ། གང་གི་ཕྱིར་སེམས་ཅན་དེ་ལྟར་སྡུག་བསྔལ་གྱིས་ཉམ་ཐག་པ་མགོན་མེད་


DTG113_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

པ། དཔུང་གཉེན་མེད་པ། སྐྱབས་མེད་པ། གནས་མེད་པ། གཞི་མེད་པ། རྟེན་མེད་པ། ལོང་པར་གྱུར་པ། མ་རིག་པའི་སྒོ་ངའི་སྦུབས་དང༌། སྤྲིས་ཡོག་པ་མུན་པས་ཟིལ་གྱིས་གནོན་པ་དེ་དག་གི་དོན་དུ་གཅིག་པུ་གཉིས་སུ་མེད་པར་གྱུར་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསག་པར་བྱ་བ་རྣམས་ཇི་ལྟ་བུས་སེམས་ཅན་དེ་དག་ཤིན་ཏུ་རྣམ་པ་དག་པ་ཐོབ་པར་འགྱུར་བ་ནས། སྟོབས་བཅུའི་སྟོབས་ཀྱི་ཡེ་ཤེས་ཆགས་པ་མེད་པའི་བར་གྱི་མཐའ་ཐུག་པ་ཐོབ་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསག་པར་བྱའོ་སྙམ་མོ་ཞེས་གསུངས་སོ། །དེ་ལ་དེ་ལྟར་སྡུག་བསྔལ་གྱིས་ཉམ་ཐག་ཅེས་བྱ་བ་ནི་ཇི་སྐད་སྨོས་པའོ། །མགོན་མེད་པ་ཞེས་བྱ་བ་ནི་དེ་ལས་ཡོངས་སུ་ཐར་བར་བྱེད་པ་མེད་པའི་ཕྱིར་རོ། །མགོན་མེད་པ་དེ་ཡང་སྡུག་བསྔལ་བར་གྱུར་པ་དང་མ་གྱུར་པ་ལ་དཔུང་གཉེན་མེད་པ། སྐྱབས་མེད་པ་གཉིས་སུ་རིག་པར་བྱའོ། །སྐྱེས་བུ་དམ་པ་ལ་བརྟེན་པ་དང་བྲལ་བའི་ཕྱིར་གནས་མེད་པའོ། །དམ་པའི་ཆོས་མཉན་པ་དང་བྲལ་བའི་ཕྱིར་གཞི་མེད་པའོ། །ཚུལ་བཞིན་ཡིད་ལ་བྱེད་པ་དང་བྲལ་བའི་ཕྱིར་རྟེན་མེད་པའོ། །ཡང་དག་པའི་ལྟ་བ་དང་བྲལ་བའི་ཕྱིར་ལོང་བར་གྱུར་པའོ། །དེ་དག་གི་མི་མཐུན་པའི་ཕྱོགས་གཉུག་མ་དང༌། གློ་བུར་བའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། དམ་པའི་ཆོས་མ་ཡིན་པ་ཉན་པ་དག་དང་ལྡན་པས། མ་རིག་པའི་སྒོ་ངའི་སྦུབས་དང༌། ཕྲིས་ཡོག་པ་མུན་པས་ཟིལ་གྱིས་ནོན་པ་དེ་དག་གི་དོན་དུ་ཞེས་བྱའོ། །གཅིག་པུ་གཉིས་སུ་མེད་ཅེས་རྒྱ་ཆེར་འབྱུང་བ་ནི་རྩོལ་བའི་ཁྱད་པར་དེ་སྟོན་ཏོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ཞེས་བྱ་བ་ནི་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་རྒྱུ་བསྟན་པའི་ཕྱིར་རོ། །ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་ནི་འཇིག་རྟེན་པའི་རྣམ་པར་དག་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །སྟོབས་བཅུའི་སྟོབས་ཞེས་བྱ་བ་ནི་དེའི་དགྲས་བདུད་ཕམ་པའི་ཕྱིར་རོ། །ཡེ་ཤེས་ཆགས་པ་མེད་པའི་མཐར་ཐུག་པ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་རྣམ་པར་དག་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །དེ་དེ་ལྟར་ཤིན་ཏུ་བརྟགས་པའི་ཡེ་ཤེས་པས་མངོན་པར་སྒྲུབ་པའི་བློས་སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་


DTG113_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་དང༌། དོན་མཐུན་པ་དང་དགེ་བའི་རྩ་བ་གང་ཅི་རྩོམ་ཡང་དེ་དག་ཀུན་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར། རྩོམ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་དེ་ལ་ཤིན་ཏུ་བརྟགས་པ་ཤེས་པས་མངོན་པར་སྒྲུབ་པ་ཞེས་བྱ་བ་ནི་ཤིན་ཏུ་སོ་སོར་བརྟགས་པའི་ཤེས་པས་དབང་བྱས་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་ཞེས་བྱ་བ་ནི་སྡུག་བསྔལ་ལས་མངོན་པར་གདོན་པའི་ཕྱིར་རོ། །ཡོངས་སུ་བསྐྱབ་པ་དེ་ཡང་རྣམ་པ་དགུར་རིག་པར་བྱ་སྟེ། མི་དགེ་བ་ལ་གནས་པ་རྣམས་དགེ་བ་ལ་དགོད་པར་འདོད་པ་ནི། གང་གི་ཕྱིར་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པ་ཞེས་གསུངས་པའོ། །དགེ་བ་ལ་གནས་པ་རྣམས་དེའི་འབྲས་བུ་ཐོབ་པར་འདོད་པ་ནི་གང་གི་ཕྱིར་སེམས་ཅན་ཐམས་ཅད་ལ་བདེ་བར་འདོད་པ་ཞེས་གསུངས་པའོ། །ཕོངས་པ་རྣམས་ལ་ཡོ་བྱད་ཀྱིས་སྡུད་པ་ནི་གང་གི་ཕྱིར་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་ཞེས་གསུངས་པའོ། །ནད་དང་གཞན་གྱིས་གཏང་བའི་ནད་དང༌། འདྲེས་པ་རྣམས་ལ་དེ་ཞི་བར་བྱ་བ་ནི་གང་གི་ཕྱིར་སེམས་ཅན་ཐམས་ཅད་ལ་བརྩེ་བ་མེད་པ་ཞེས་གསུངས་པའོ། །འཁོར་བར་བཅིངས་པ་རྣམས་དེ་ལས་ཐར་བར་བྱ་བ་ནི་གང་གི་ཕྱིར་སེམས་ཅན་ཐམས་ཅད་ཡོངས་སུ་དགྲོལ་བ་ཞེས་གསུངས་པ་རྣམ་པ་བཞི་སྟེ། མུ་སྟེགས་ཅན་རྣམས་དམ་པའི་ཆོས་ལ་གཟུད་པ་ནི་གང་གི་ཕྱིར་སེམས་ཅན་ཐམས་ཅད་གྲང་བ་ཞེས་གསུངས་པའོ། །དོགས་པ་ཅན་རྣམས་ངེས་པ་བསྐྱེད་པ་ནི་གང་གི་ཕྱིར་སེམས་ཅན་ཐམས་ཅད་དད་པར་བྱ་བ་ཞེས་གསུངས་པའོ། །དོགས་པ་མེད་པ་རྣམས་བསླབ་པ་གསུམ་ལ་གཟུད་པ་ནི་གང་གི་ཕྱིར། སེམས་ཅན་ཐམས་ཅད་གདུལ་བ་ཞེས་གསུངས་པའོ། །དེར་བཙུད་པ་རྣམས་མྱ་ངན་ལས་འདས་པ་རྣམ་པ་གཉིས་ཐོབ་པར་བྱ་བ་ནི་གང་གི་ཕྱིར་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་པའི་ཕྱིར་རྩོམ་སྟེ་ཞེས་གསུངས་པའོ། །དེ་ལ་སྡུག་བསྔལ་ལས་ཡོངས་སུ་བསྐྱབ་པའི་ཚིག་དགུ་པོ་དེ་དག་ལས། དང་པོ་གཉིས་ནི་ཚེ་རབས་གཞན་གྱི་དོན་ཏོ། །ལྷག་མ་རྣམས་ནི་ཚེ་འདིའི་དོན་ཏོ། །འདི་མན་ཆད་ནི་མི་གནས་པའི་ལམ་སྒྲུབ་པའི་ཁྱད་པར་གྱི་འབྲས་བུ་སྟེ། ཡོན་ཏན་ཡོངས་སུ་འཛིན་པའི་ཁྱད་པར་རྣམ་པར་གཞག་པ་དང༌། སྒྲུབ་པའི་ཁྱད་པར་རྣམ་པར་གཞག་པ་དང༌། སེམས་


DTG113_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཡོངས་སུ་སྨིན་པར་བྱེད་པ་རྣམ་པར་གཞག་པ་དང༌། དེ་དང་མཐུན་པར་འཇིག་རྟེན་པའི་ཤེས་པ་མངོན་པར་སྒྲུབ་པའི་ཁྱད་པར་རྣམ་པར་གཞག་པ་རྣམ་པ་བཞིར་རིག་པར་བྱའོ། །དེ་ལ་ཡོན་ཏན་ཡོངས་སུ་འཛིན་པའི་ཁྱད་པར་ནི་ཐོས་པ་དང༌། ཚུལ་ཁྲིམས་དང་ཤེས་པ་ཡོངས་སུ་འཛིན་པའི་ཁྱད་པར་རིག་པར་བྱའོ། །ཐོས་པ་ཡོངས་སུ་འཛིན་པའི་ཁྱད་པར་ནི་ཐོས་པ་དང༌། བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཁྱད་པར་ཅན་ནོ། །ཤེས་རབ་ཀྱི་ཁྱད་པར་དེ་ཡང་ཇི་ལྟར་ཡོངས་སུ་བསྟན་ཞེ་ན། གང་གི་ཕྱིར་བྱང་ཆུབ་སེམས་དཔའི་ས་ལྔ་པ་ཤིན་ཏུ་སྤྱང་དཀའ་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་དེ་བས་ཀྱང་ཤས་ཆེར་བརྗེད་པར་མི་འགྱུར་བའི་ཆོས་ཉིད་ཀྱིས་དྲན་པ་དང་ལྡན་པ་ཡིན། ཤིན་ཏུ་ངེས་པའི་ཤེས་པས་བློ་གྲོས་དང་ལྡན་པ་ཡིན། མདོའི་ཚུལ་དགོངས་ཏེ་གསུངས་པ་ཁོང་དུ་ཆུད་པར་རྟོགས་པ་དང་ལྡན་པ་ཡིན་ཞེས་གསུངས་པའོ། །དེ་ལ་དྲན་པ་དང་ལྡན་པ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་ཁྱད་པར་དུ་འཕགས་སོ། །བློ་གྲོས་དང་ལྡན་པས་ནི་བསམས་པ་ལས་བྱུང་བའི་ཤེས་རབ་བོ། །རྟོགས་པ་དང་ལྡན་པས་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་བོ། །རྣམ་གྲངས་གཞན་དུན་དྲན་པ་དང་ལྡན་པས་ནི་ཐོས་པ་འཛིན་པ་ཁྱད་པར་དུ་འཕགས། བློ་གྲོས་དང་ལྡན་པས་ནི་ཆོས་ཉིད་ཟབ་མོ་ཁྱད་པར་དུ་འཕགས། རྟོགས་པ་དང་ལྡན་པས་ནི་དགོངས་པ་ཟབ་མོ་ཁྱད་པར་དུ་འཕགས་ཏེ། ཚིག་འདི་དག་གོ་རིམས་བཞིན་ནོ། །འདི་ནི་ཆོས་ལ་མཁས་པ་དང༌། དོན་ལ་མཁས་པ་མདོར་བསྡུས་པ་ཡིན་ནོ། །ཚུལ་ཁྲིམས་ཡོངས་སུ་འཛིན་པའི་ཁྱད་པར་ནི་བཟོད་པ་དང་ངེས་པའི་ཁྱད་པར་དང༌། ཚུལ་ཁྲིམས་ལས་མི་འདའ་བའི་ཁྱད་པར་དང་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། གང་གི་ཕྱིར་བདག་དང་གཞན་རྗེས་སུ་བསྲུངས་པས་ངོ་ཚ་ཤེས་པ་དང་ལྡན་པ་ཡིན། སྔོམ་པའི་ཆོ་ག་མི་འདོར་བས་བརྟུན་པ་དང་ལྡན་པ་ཡིན་ཞེས་གསུངས་པའོ། །ཤེས་པ་ཡོངས་སུ་འཛིན་པའི་ཁྱད་པར་ནི་རྣམ་པ་ལྔས་ཡོངས་སུ་འཛིན་པའི་ཁྱད་པར་ཏེ། ཤེས་པ་རྣམ་པ་ལྔ་ལ་རྒྱུ་མེད་པ་དང༌། མི་འདྲ་བ་རྒྱུར་ལྟ་བའི་གཉེན་པོར་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པ་ནི། གནས་དང་གནས་མ་ཡིན་པ་ལ་མཁས་པས་རྣམ་པར་དཔྱད་


DTG113_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

པས་བློ་དང་ལྡན་པ་ཡིན་ཞེས་གསུངས་པའོ། །བདུད་ཀྱི་ལས་ཀྱི་གཉེན་པོར་རྟོག་པའི་ཤེས་པ་ནི། གང་གི་ཕྱིར་གཞན་གྱིས་མི་བཀྲི་བའི་ཤེས་པ་དང་ལྡན་པ་ཡིན་ནོ་ཞེས་གསུངས་པའོ། །ནག་པོ་བསྟེན་པའི་གཉེན་པོར་ལྷད་བཅུག་པ་ཤེས་ཤིང༌། དོན་གྱི་ཚིག་དང༌། དོན་མ་ཡིན་པའི་ཚིག་དང། འདྲེས་པའི་ཚིག་ལ་མཁས་པ་ནི་གང་གི་ཕྱིར་དོན་དང་དོན་མ་ཡིན་པ་དང་འདྲེས་པའི་ཚིག་ལ་མཁས་པས་ཤེས་རབ་དང་ལྡན་པ་ཡིན་ཞེས་གསུངས་པའོ། །སྐྱབས་ངན་པ་བསྒྲུབ་པའི་གཉེན་པོར་མཐུ་ཤེས་པ་ནི་གང་གི་ཕྱིར། བསྒོམ་པ་སྒྲུབ་པ་ལ་མཁས་པས་མངོན་པར་ཤེས་པ་མངོན་པར་སྒྲུབ་པ་ཐོབ་པ་ཡིན་ཞེས་གསུངས་པའོ། །བསྡུ་བའི་དངོས་པོ་ལ་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཤེས་པ་ནི། གང་གི་ཕྱིར་འཇིག་རྟེན་དང་མཐུན་པར་འཇུག་པས་ཐབས་ལ་མཁས་པ་ཡིན་ཞེས་གསུངས་པའོ། །དེ་ལ་སྒྲུབ་པའི་ཁྱད་པར་ནི་སྒྲུབ་པ་རྣམ་པ་བཅུའི་ཁྱད་པར་དུ་རིག་པར་བྱ་སྟེ། སྒྲུབ་པ་རྣམ་པ་བཅུ་ལ་མངོན་པར་མཐོ་བའི་རྒྱུ་སྒྲུབ་པ་ནི་གང་གི་ཕྱིར་བསོད་ནམས་ཀྱི་ཚོགས་བསགས་པས་ངོམས་མི་ཤེས་པ་ཡིན་ཞེས་གསུངས་པའོ། །ངེས་པར་ལེགས་པའི་རྒྱུ་སྒྲུབ་པ་ནི་གང་གི་ཕྱིར་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཚོལ་བས་བརྩོན་འགྲུས་རྒྱུན་མི་འཆད་པ་ཡིན་ཞེས་གསུངས་པའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་ཡོངས་སུ་མི་སྐྱོ་བར་སྒྲུབ་པ་ནི་གང་གི་ཕྱིར་བྱམས་པ་དང་སྙིང་རྗེ་ཆེན་པོའི་ཚོགས་བསགས་པས་ཡོངས་སུ་མི་སྐྱོ་བའི་བསམ་པ་དང་ལྡན་པ་ཡིན་ནོ་ཞེས་གསུངས་པའོ། །སངས་རྒྱས་ཀྱི་ཆོས་མངོན་པར་བསྒྲུབ་པ་སྒྲུབ་པ་ནི་གང་གི་ཕྱིར་དེ་བཞིན་གཤེགས་པའི་སྟོབས་དང༌། མི་འཇིགས་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡོངས་སུ་ཚོལ་བས་སྙོམ་ལས་མེད་པར་ཡོངས་སུ་ཚོལ་བ་ལ་བརྩོན་པ་ཡིན་ཞེས་གསུངས་པའོ། །ཞིང་ཡོངས་སུ་དག་པར་བྱ་བ་མངོན་པར་བསྒྲུབ་པ་སྒྲུབ་པ་ནི་གང་གི་ཕྱིར་སངས་རྒྱས་ཀྱི་ཞིང་གི་རྒྱན་རྣམ་པར་སྒྲུབ་པ་མངོན་པར་སྒྲུབས་པས་ལེགས་པར་མངོན་པར་བསྒྲུབ་པའི་ཡིད་ལ་བྱེད་པ་དང་ལྡན་པ་ཡིན་ཞེས་གསུངས་པའོ། །དེའི་རྒྱན་ནི་ཀུན་ནས་ཉོན་མོངས་པ་མེད་པའི་དངོས་པོ་དང༌། ཡེ་ཤེས་གྱི་ཁྱད་ཞུགས་པ་ཐོབ་པའི་སེམས་ཅན་གྱི་གནས་དང༌། སངས་རྒྱས་


DTG113_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆོས་རྣམས་ཀྱིས་སྤུད་པའོ། །སངས་རྒྱས་ཀྱི་ཆོས་ལ་གནས་པ་མངོན་པར་བསྒྲུབ་པ་སྒྲུབ་པ་ནི་གང་གི་ཕྱིར་མཚན་དང་དཔེ་བྱད་བཟང་པོ་ཡང་དག་པར་བསྒྲུབས་པས་དགེ་བ་སྣ་ཚོགས་བྱ་བ་ལ་བརྩོན་པ་ཡིན་ཞེས་གསུངས་པའོ། །སངས་རྒྱས་ཀྱི་ཆོས་ལ་གནས་པར་བྱ་བ་མངོན་པར་བསྒྲུབ་པ་སྒྲུབ་པ་ནི་གང་གི་ཕྱིར་དེ་བཞིན་གཤེགས་པའི་སྐུ་དང༌། གསུང་དང་ཐུགས་ཀྱི་རྒྱན་ཡོངས་སུ་ཚོལ་བས་རྟག་ཏུ་རྒྱུན་མི་འཆད་པར་ཤིན་ཏུ་མངོན་པར་བརྩོན་པ་ཡིན་ཞེས་གསུངས་པའོ། །ཆོས་ལ་གུས་པའི་སྒྲུབ་པ་ནི་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་དང་ཆོས་སྨྲ་བ་ཐམས་ཅད་ལ་རིམ་གྲོ་བྱེད་པས་བསྙེན་བཀུར་དང་སྲི་ཞུ་ཆེན་པོའི་དང་ཚུལ་ཅན་ཡིན་ཞེས་གསུངས་པའོ། །ཆེད་དུ་བསམ་སྟེ་སྲིད་པ་ཡོངས་སུ་འཛིན་པའི་སྒྲུབ་པ་ནི་གང་གི་ཕྱིར་ཐབས་ལ་མཁས་པ་ཆེན་པོས་འཇིག་རྟེན་དུ་མཚམས་སྦྱོར་བར་འཇུག་པས་སྨོན་ལམ་ཤིན་ཏུ་བཏབ་པའི་སེམས་དང་ལྡན་པ་ཡིན་ཞེས་གསུངས་པའོ། །ཐེག་པ་ཆུང་དུས་རྣམ་པར་གཡེངས་པ་མེད་པའི་སྒྲུབ་པ་ནི་གང་གི་ཕྱིར་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་ལ་བརྩོན་པས་ཉིན་མཚན་དུ་སེམས་ཅན་གཞན་ཡོངས་སུ་སྤངས་པ་ཡིན་ཏེ་ཞེས་གསུངས་པའོ། །དེ་ལ་བསྡུ་བའི་དངོས་པོ་བཞི་པོ་དག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཁྱད་པར་ནི་གང་གི་ཕྱིར་དེ་དེ་ལྟར་མངོན་པར་བརྩོན་པས་སྦྱིན་པས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སྙན་པར་སྨྲ་བ་དང༌། དོ་ན་སྤྱོད་པ་དང་དོན་མཐུན་པ་ཞེས་གསུངས་པའོ། །རང་གི་རིགས་ལ་ཆགས་པ་རྣམས་ལ་སྤྲུལ་པ་རྣམས་ཀྱིས་སྐལ་བ་འདྲ་བར་མཐུན་པར་འཇུག་པ་ནི། གང་གི་ཕྱིར་གཟུགས་ཀྱི་ལུས་ཀུན་དུ་བསྟན་པ་ཞེས་གསུངས་པའོ། །ཐེ་ཚོམ་ཟ་བ་རྣམས་ལ་རིགས་པ་ཡོངས་སུ་བརྗོད་པ་ནི་གང་གི་ཕྱིར་ཆོས་བཤད་པ་ཞེས་གསུངས་པའོ། །བྱང་ཆུབ་ལ་ཐབས་འཁྲུལ་པ་རྣམས་ལ་ནི་གང་གི་ཕྱིར། བྱང་ཆུབ་སེམས་དཔའི་སྤྱོད་པ་བརྗོད་པ་ཞེས་གསུངས་པའོ། །ཐེག་པ་ཆེན་པོས་ཡོངས་སུ་སྐྱོ་བ་རྣམས་ནི་གང་གི་ཕྱིར་དེ་བཞིན་གཤེགས་པའི་ཆེ་བ་ཉིད་སྨོས་པ་ཞེས་གསུངས་པའོ། །འཁོར་བ་ལ་མངོན་པར་དགའ་བ་རྣམས་ལ་ནི་གང་གི་ཕྱིར་འཁོར་བའི་ཉེས་པ་བསྟན་པ་ཞེས་གསུངས་པའོ། །ཐེག་


DTG113_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོ་ལ་མི་འཇུག་པ་རྣམས་ལ་ནི་གང་གི་ཕྱིར། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཕན་ཡོན་ཡོངས་སུ་བསྙད་པ་ཞེས་གསུངས་པའོ། །བློ་ཆུང་བ་མཐུ་ལ་མོས་པ་རྣམས་ལ་གཅིག་ཏུ་གྱུར་ནས་ཀྱང་རྣམ་པ་དུ་མར་འགྱུར་ཞེས་བྱ་བ་ལ་སོགས་པ་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཆེན་པོ་མངོན་པར་བསྒྲུབས་པས། ཉེ་བར་སྤྱད་པ་སྣ་ཚོགས་ཀྱི་བྱ་བ་སྦྱོར་བ་ནི་གང་གི་ཕྱིར་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཆེན་པོ་མངོན་པར་བསྒྲུབས་པས་ཉེ་བར་སྤྱད་པའི་བྱ་བ་ལ་སྦྱོར་བ་རྣམས་ཀྱིས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ་ཞེས་གསུངས་པའོ། །དེ་དེ་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མངོན་པར་བརྩོན་པས་ཞེས་བྱ་བ་ནི་ཇི་སྐད་དུ་བསྟན་པ་དེའོ། །སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྗེས་སུ་སོང་བའི་སེམས་ཀྱི་རྒྱུད་དང་ལྡན་ཞིང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་སྨིན་པར་བྱེད་ནུས་པའི་ཁྱད་པར་འདོད་པའི་ཕྱིར་རོ། །དགེ་བའི་རྩ་བ་ལ་སྦྱོར་བ་ཕྱིར་མི་ལྡོག་པ་ཡིན་ཏེ་ཞེས་བྱ་བ་ནི་ཡོན་ཏན་གང་དག་ལ་ཞུགས་པའོ། །ཁྱད་པར་ཅན་གྱི་ཆོས་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་པས་ཞེས་བྱ་བ་ནི་ཁྱད་པར་དེ་འདོད་པའི་ཕྱིར་རོ། །འདི་མན་ཆད་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང༌། མཐུན་པ་འཇིག་རྟེན་པའི་ཤེས་པ་མངོན་པར་སྒྲུབ་པའི་ཁྱད་པར་དུ་རིག་པར་བྱ་སྟེ། གནོད་པ་དང་ཉེ་བའི་ཉོན་མོངས་པའི་གཉེན་པོར་གང་གི་ཕྱིར་དེ་སེམས་ཅན་ལ་ཕན་པར་བྱ་བའི་ཕྱིར། འཇིག་རྟེན་ནི་ཡི་གེ་དང༌། བསྟན་བཅོས་དང༌། རྒྱ་དང༌། རྩིས་དང༌། ཤོད་ཐབས་ལ་སོགས་པ་གང་དག་ཡོད་པ་དེ་དག་མངོན་པར་བསྒྲུབ་བོ་ཞེས་གསུངས་པ་སྟེ། དེ་ལ་ཡི་གེ་ལ་སོགས་པ་ནི་གནོད་པ་རྣམ་པ་བཞིའི་གཉེན་པོར་མངོན་པར་བསྒྲུབ་སྟེ། གནོད་པ་རྣམ་པ་བཞི་ལ་དོན་དང་བྱ་བ་བརྗེད་པའི་གནོད་པ་སྟེ། བྱིན་པ་དང་བླངས་པ་སྟེ། གཞག་པ་དང་ཐོས་པ་དང༌། བསམ་པའི་དོན་དང༌། བྱས་པ་དང༌། མ་བྱས་པ་དང༌། བྱ་བ་དང་བྱ་བ་མ་ཡིན་པའི་ཕྱིར་དེའི་གཉེན་པོར་ཡི་གེའོ། །ལྟ་བ་ངན་པ་དང་བློ་ཆུང་བའི་གནོད་པ་དེ་གཉིས་གཏན་ཚིགས་དང༌། སྒྲའི་བསྟན་བཅོས་གཉིས་ཀྱིས་གསལ་བའི་ཕྱིར་བསྟན་བཅོས་སོ། །ཡོངས་སུ་བླངས་པའི་ནོར་མ་སྦས་པ་དེའི་གཉེན་པོར་རྒྱའོ། །འདུ་བ་དང་འགོད་པ་ལ་


DTG113_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

རྨོངས་པ་དེའི་གཉེན་པོར་རྩིས་དང་ཤོད་ཐབས་ཏེ། དེ་ལ་རྩིས་ནི་གཉིས་གཉིས་བཞི་ཞེས་བྱ་བ་ལ་སོགས་པའོ། །ཤོད་ཐབས་ནི་གཞག་པའོ། །ནོར་བསྒྱུར་བའི་དཔྱད་ནི་དབུལ་བའི་གནོད་པའི་གཉེན་པོའོ། །གསོ་བའི་དཔྱད་རྣམས་ནི་ཁམས་མི་མཉམ་པ་དང༌། སེམས་ཅན་དང༌། དུག་དང༌། རྒྱུ་ལས་བྱུང་བའི་ནད་ཀྱི་གནོད་པའི་གཉེན་པོ་སྟེ། གང་གི་ཕྱིར་ནོར་བསྒྱུར་བའི་དཔྱད་དང༌། གསོ་བའི་དཔྱད་སྐེམ་པ་དང༌། བརྗེད་བྱེད་དང༌། འབྱུང་པོའི་གདོན་བསལ་བ་དང༌། དུག་དང༌། རོ་ལངས་ཀྱི་སྦྱོར་བ་བསལ་བ་ཞེས་གསུངས་པའོ། །དེ་ལ་སྐེམ་པ་དང་བརྗེད་བྱེད་ནི་ཁམས་མི་མཉམ་པའི་གནོད་པའོ། །འབྱུང་པོའི་གདོན་ནི་སེམས་ཅན་གྱི་གནོད་པའོ། །དུག་སྦྱོར་བ་ནི་དུག་གི་གནོད་པའོ། །རྒྱུ་ལས་བྱུང་བའི་གནད་ཀྱི་གནོད་པ་ནི་རོ་ལངས་ཀྱི་སྦྱོར་བའོ། །སྙན་དངགས་དང༌། གར་ཐབས་དང༌། གཏམ་རྒྱུད་དང༌། རོལ་མོ་དང་སྔོན་བྱུང་བས་རབ་ཏུ་དགའ་བར་བྱ་བ་ནི་ཡིད་མི་བདེ་བའི་གནོད་པའི་གཉེན་པོའོ། །གྲོང་དང་གྲོང་ཁྱེར་དང༌། སྐྱེད་མོས་ཚལ་དང༌། འབབ་ཆུ་དང༌། མཚོ་དང༌། མཚེའུ་དང༌། རྫིང་དང༌། མེ་ཏོག་དང༌། འབྲས་བུ་དང༌། སྨན་དང་ནགས་ཚལ་མངོན་པར་སྒྲུབ་པ་ནི་གནས་ལ་མངོན་པར་མི་དགའ་བའི་གནོད་པའི་གཉེན་པོའོ། །གསེར་དང༌། དངུལ་དང༌། ནོར་བུ་དང༌། མུ་ཏིག་དང༌། བཻ་ཌཱུཪྻ་དང༌། དྷ་ཀ་ཤི་ལ་དང༌། བྱི་རུ་དང༌། རིན་པོ་ཆེའི་འབྱུང་ཁུངས་བསྟན་པ་ནི་གསད་པ་དང༌། བཅིང་བ་དང་ཆད་པ་ལ་སོགས་པའི་གནོད་པའི་གཉེན་པོའོ། །ཟླ་བ་དང༌། ཉི་མ་དང། གཟའ་དང༌། སྐར་མ་དང༌། རྒྱུ་སྐར་དང༌། ས་གཡོ་བ་དང༌། གཅན་གཟན་གྱི་ལ་ཉེ་དང༌། བྱའི་ལ་ཉེ་དང༌། རྨི་ལྟས་ཀྱི་ལྟས་སྟོན་པ་ཤེས་པ་དང༌། ཡན་ལག་དང་ཉིད་ལག་ཐམས་ཅད་ཀྱི་མཚན་དང་སྤྱོད་ཚུལ་གྱི་སྦྱོར་བ་ནི་མཐོང་བ་དང༌། རྣམ་པར་སྨིན་པས་ཐོབ་པའི་ཡན་ལག་གི་ཉེས་པ་ལས་གྱུར་པའི་རྣམ་པར་འཚེ་བའི་གནོད་པའི་གཉེན་པོའོ། །ཟླ་བ་ལ་སོགས་པ་རྨི་ལམ་ཡན་ཆད་དང༌། གཟའ་ལ་སོགས་པའི་ལྟས་མཐོང་བས་མི་འདོད་པ་དང༌། འདོད་པའི་ལས་ཀྱི་འབྲས་བུ་ཤེས་པར་འགྱུར་བའི་ཕྱིར་རོ། །ཡན་ལག་དང་ཉིད་ལག་ཐམས་


DTG113_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་མཚན་གྱིས་ཀྱང་མི་འདོད་པ་དང༌། འདོད་པའི་འབྲས་བུ་ཤེས་པའི་ཕྱིར་རོ། །སྡོམ་པའི་མཆོག་དང་གནས་པ་དང༌། བསམ་གཏན་དང༌། མངོན་པར་ཤེས་པ་དང༌། ཚད་མེད་པ་དང་གཟུགས་མེད་པའི་གནས་རྣམས་ནི་ཉེ་བའི་ཉོན་མོངས་པ་ལྔའི་གཉེན་པོ་སྟེ། ཉེ་བའི་ཉོན་མོངས་པ་རྣམ་པ་ལྔ་ནི། འཆལ་པའི་ཚུལ་ཁྲིམས་ཉེ་བའི་ཉོན་མོངས་པ་དང༌། འདོད་པ་ལ་འདོད་ཆགས་ཉེ་བའི་ཉོན་མོངས་པ་དང༌། སྐྱབས་ངན་པ་ཉེ་བའི་ཉོན་མོངས་པ་དང༌། ལོག་པའི་བསོད་ནམས་ལ་སྦྱོར་བ་ཉེ་བའི་ཉོན་མོངས་པ་དང༌། ལོག་པའི་ཐར་པ་ལ་སྦྱོར་བ་ཉེ་བའི་ཉོན་མོངས་པའོ། །འཇིག་རྟེན་པའི་ཤེས་པ་མངོན་པར་སྒྲུབ་པ་དེ་ཡང་རྒྱུ་བཞི་དང་ལྡན་པར་ཡོངས་སུ་སྟོན་ཏེ། གནོད་པ་གཞན་གྱིས་གནོད་པ་བྱ་བ་མེད་པ་ནི་གང་གི་ཕྱིར། གཞན་ཡང་གང་རྣམ་པར་ཐོ་འཚམས་པ་མེད་པ་དང་ལྡན་པ་ཞེས་གསུངས་པའོ། །ཁ་ན་མ་ཐོ་བ་མེད་པའི་བདེ་བ་སྐྱེད་པ་ནི་གང་གི་ཕྱིར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་འགྱུར་བ་དེ་དག་ཅེས་གསུངས་པའོ། །འབྱུང་བར་བྱེད་པར་རྣམ་པར་དག་པ་ནི་གང་གི་ཕྱིར་སྙིང་རྗེ་དང་ལྡན་པ་ཞེས་གསུངས་པའོ། །དགོས་པ་རྣམ་པར་དག་པ་ནི་གང་གི་ཕྱིར་མཐར་གྱིས་སངས་རྒྱས་ཀྱི་ཆོས་ལ་དགོད་པའི་ཕྱིར་མངོན་པར་སྒྲུབ་པའོ་ཞེས་གསུངས་པའོ། །དེ་དེ་བས་ཀྱང་ཤས་ཆེར་ཐོས་པའི་རྣམ་པའི་གཟུངས་ཐོབ་པའི་ཆོས་སྨྲ་བར་འགྱུར་རོ་ཞེས་བྱ་བ་ནི་དོན་གྱི་གཟུངས་ཐོབ་པ་མ་ཡིན་པའོ། །རྣམ་པར་དག་པ་ལ་སེམས་ཀྱི་བསམ་པ་མཉམ་པ་ཉིད་རྣམས་བྱ་བར་ཤིན་ཏུ་དགའ་བའི་ཕྱིར་དང༌། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་ཡང་མངོན་པར་དགའ་ལ། འཇིག་རྟེན་པའི་ཤེས་པ་ལ་ཡང་མངོན་པར་ཕྱོགས་པར་བྱ་བ་དང༌། ཐོས་པའི་གཟུངས་ཐོབ་པར་ཤིན་ཏུ་དགའ་བའི་ཕྱིར་ས་འདི་ནི་ཤིན་ཏུ་སྦྱང་དཀའ་བ་ཡིན་པར་རིག་པར་བྱའོ། །གསེར་གྱི་ས་ལེ་སྦྲམ་སྤུག་གིས་ཕྱིས་པའི་དཔེས་ནི་འཇིག་རྟེན་པའི་ཤེས་པ་མངོན་པར་སྒྲུབ་པ་དང་ལྡན་པས་ས་ཡེ་ཤེས་ཆེས་བྱང་བར་ཡོངས་སུ་སྟོན་ཏེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དཔེར་ན་གསེར་གྱི་ས་ལེ་སྦྲམ་དེ་ཉིད་སྤུག་གིས་ཕྱིས་ན། དེ་བས་ཀྱང་ཆེས་རབ་ཏུ་བྱང་བ་དང༌། ཡོངས་སུ་དག་པ་དང༌། ཤིན་ཏུ་


DTG113_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་ཤིན་ཏུ་སྦྱང་དཀའ་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཐབས་དང་ཤེས་རབ་ཀྱིས་རྣམ་པར་དཔྱད་པ་དེ་དག་ཀྱང་ཆེས་རབ་ཏུ་བྱང་བ་དང༌། ཡོངས་སུ་དག་པ་དང༌། ཤིན་ཏུ་འོད་གསལ་བ་ཡིན་ནོ་ཞེས་གསུངས་པའོ། །ཟླ་བ་དང་ཉི་མ་ལ་སོགས་པའི་དཀྱིལ་འཁོར་གྱི་དཔེས་ནི་ལུང་ལ་བརྟེན་པའི་ཤེས་པ་རབ་ཏུ་འཕེལ་བས་ས་སྔ་མའི་ཤེས་པ་ལས་མཆོག་ཏུ་གྱུར་པ་ཡོངས་སུ་སྟོན་ཏེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དཔེར་ན་ཉི་མ་དང༌། ཟླ་བ་དང༌། གཟའ་དང༌། སྐར་མ་དང་རྒྱུ་སྐར་རྣམས་ཀྱི་གཞལ་མེད་ཁང་གི་འོད་སྣང་བ་ནི་རླུང་གི་དཀྱིལ་འཁོར་རྣམས་ཀྱིས་མི་འཕྲོགས་ཤིང༌། རླུང་དམར་དང་ཐུན་མོང་མ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་ཤིན་ཏུ་སྦྱང་དཀའ་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཐབས་དང་ཤེས་རབ་ཀྱིས་རྣམ་པར་དཔྱད་པ་དེ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་ཤིང༌། འཇིག་རྟེན་ཐམས་ཅད་དང་ཐུན་མོང་མ་ཡིན་ནོ་ཞེས་གསུངས་པའོ། །འཕགས་པ་ས་བཅུ་པ་ལས། ས་ལྔ་པའི་རྣམ་པར་བཤད་པ་རྫོགས་སོ།། །།ང་རྒྱལ་གྱི་ཁྱད་པར་གྱི་གཉེན་པོ་རྣམ་པར་གཞག་པ་དང༌། མི་གནས་པའི་ལམ་སྒྲུབ་པའི་ཁྱད་པར་རྣམ་པར་གཞག་པ་དང༌། དེའི་འབྲས་བུ་རྣམ་པར་གཞག་པ་རྣམ་པ་གསུམ་པོ་གང་དག་ཁོ་ནས་ས་ལྔ་པ་རྣམ་པར་གཞག་པ་དེ་དག་ཉིད་ཀྱིས་དྲུག་པ་ཡང་རྣམ་པར་གཞག་པར་རིག་པར་བྱ་སྟེ། ཁྱད་པར་དུ་ན་ས་བཞི་པ་དང་ལྔ་པ་ལ་ནི་གང་ཟག་ལ་མངོན་པར་ཞེན་པས་འཕངས་པའི་ཆོས་ཁོང་དུ་ཆུད་པའི་མངོན་པའི་ང་རྒྱལ་དང༌། རྣམ་པར་དག་པ་ལ་རྒྱུད་ཐ་དད་པའི་མངོན་པའི་ང་རྒྱལ་གྱི་གཉེན་པོ་བསྟན་གྱི། ས་འདི་ལ་ནི་ཆོས་ལ་མངོན་པར་ཞེན་པ་ལས་གྱུར་པའི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ལ་ཐ་དད་པའི་མངོན་པའི་ང་རྒྱལ་གྱི་གཉེན་པོ་ཆོས་མཉམ་པ་ཉིད་བཅུ་སྟོན་ཏེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་ལྔ་པ་ལ་ལམ་ཤིན་ཏུ་ཡོངས་སུ་རྫོགས་


DTG113_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་ས་དྲུག་པ་ལ་འཇུག་སྟེ། དེ་ཆོས་མཉམ་པ་ཉིད་བཅུས་འཇུག་གོ །བཅུ་གང་ཞེ་ན་འདི་ལྟ་སྟེ། ཆོས་ཐམས་ཅད་མཚན་མ་མེད་པས་མཉམ་པ་ཉིད་ཅེས་གསུངས་པའོ། །དེ་ལ་སྐྱེ་མཆེད་བཅུ་གཉིས་པོ་རྣམས་ཀྱི་ཀུན་བརྟགས་པའི་ངོ་བོ་ཉིད་མེད་པར་མཉམ་པ་ཉིད་ནི་ཆོས་ཐམས་ཅད་མཚན་མ་མེད་པར་མཉམ་པ་ཉིད་དོ། །དེ་ཡང་མཚན་མ་ཐ་དད་པའི་གཉེན་པོར་རྣམ་པ་དགུར་དབྱེ་སྟེ། སྐྱེ་མཆེད་བཅུ་གཉིས་པོ་རྣམས་ཀྱི་མཚན་མ་རྣམ་པ་དགུ་ལ། རང་གི་མཚན་ཉིད་ཀྱི་མཚན་མ་ནི་གང་གི་ཕྱིར་ཆོས་ཐམས་ཅད་མཚན་ཉིད་མེད་པར་མཉམ་པ་ཉིད་ཅེས་གསུངས་པའོ། །སྐད་ཅིག་གཅིག་ནས་གཅིག་ཏུ་འབྱུང་བའི་མཚན་མ་ནི་གང་གི་ཕྱིར་ཆོས་ཐམས་ཅད་འབྱུང་བ་མེད་པར་མཉམ་པ་ཞེས་གསུངས་པའོ། །སྐྱེ་བ་གཅིག་ནས་གཅིག་ཏུ་འབྱུང་བའི་མཚན་མ་ནི་གང་གི་ཕྱིར་ཆོས་ཐམས་ཅད་སྐྱེ་བ་མེད་པར་མཉམ་པ་ཉིད་ཅེས་གསུངས་པའོ། །ཀུན་ནས་ཉོན་མོངས་པའི་མཚན་མ་ནི་གང་གི་ཕྱིར་ཆོས་ཐམས་ཅད་དཔེན་པར་མཉམ་པ་ཉིད་ཅེས་གསུངས་པའོ། །རྣམ་པར་བྱང་བའི་མཚན་མ་ནི་གང་གི་ཕྱིར་ཆོས་ཐམས་ཅད་གཟོད་མ་ནས་རྣམ་པར་དག་པར་མཉམ་པ་ཉིད་ཅེས་གསུངས་པའོ། །ཐ་སྙད་ཀྱི་མཚན་མ་ནི་གང་གི་ཕྱིར་ཆོས་ཐམས་ཅད་སྤྲོས་པ་མེད་པར་མཉམ་པ་ཉིད་ཅེས་གསུངས་པའོ། །སྐྱེ་བ་དང་འཆི་འཕོ་བའི་མཚན་མ་ནི་གང་གི་ཕྱིར་ཆོས་ཐམས་ཅད་བླང་བ་མེད་པ་དང་དོར་བ་མེད་པར་མཉམ་པ་ཉིད་ཅེས་གསུངས་པའོ། །གང་ཟག་ལ་མངོན་པར་ཞེན་པའི་མཚན་མ་ནི་གང་གི་ཕྱིར་ཆོས་ཐམས་ཅད་སྒྱུ་མ་དང༌། རྨི་ལམ་དང༌། མིག་ཡོར་དང༌། བྲག་ཅ་དང༌། ཆུ་ཟླ་དང༌། གཟུགས་བརྙན་དང༌། སྤྲུལ་པ་ལྟ་བུར་མཉམ་པ་ཉིད་ཅེས་གསུངས་པའོ། །དར་བ་དང་རྒུད་པའི་མཚན་མ་ནི་གང་གི་ཕྱིར་ཆོས་ཐམས་ཅད་དངོས་པོ་དང་དངོས་པོ་མེད་པ་གཉིས་སུ་མེད་པར་མཉམ་པ་ཉིད་ཅེས་གསུངས་པའོ། །དེ་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ལྟར་རབ་ཏུ་རྟོག་པ་ན་རྣོ་ཞིང་རྗེས་སུ་མཐུན་པའི་བཟོད་པས་བྱི་དོར་བྱེད། རྗེས་སུ་མཐུན་པར་བྱེད་དེ། མི་མཐུན་པར་མི་བྱེད་པས་བྱང་ཆུབ་སེམས་དཔའི་ས་དྲུག་པ་མངོན་དུ་གྱུར་པ་རྗེས་སུ་ཐོབ་སྟེ། དེ་ཙམ་གྱིས་མི་སྐྱེ་བའི་ཆོས་


DTG113_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཟོད་པའི་སྒོ་རྗེས་སུ་ཐོབ་པ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལ་རྣོ་བ་ཞེས་བྱ་བ་ནི་ང་རྒྱལ་ཆ་ཕྲ་བའི་གཉེན་པོ་ཡིན་པའི་ཕྱིར་ཏེ། ས་སྔ་མ་གཉིས་ནི་རགས་པ་དང༌། འབྲིང་གི་གཉེན་པོ་བཟོད་པ་ཆུང་དུ་དང་འབྲིང་གིས་རབ་ཏུ་ཕྱེ་བའོ། །རྗེས་སུ་མཐུན་པ་ཞེས་བྱ་བ་ནི་དེ་མ་ཐོབ་བོ་ཞེས་བྱ་བའི་ཚིག་གིས་ན་མི་སྐྱེ་བའི་ཆོས་ལ་བཟོད་པའི་སྒོ་དང་མཐུན་པ་སྟེ། འདི་ཉིད་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཡིན་པར་ཤེས་པར་འགྱུར་དུ་འོང་བའི་ཕྱིར་རོ། །བྱི་དོར་བྱེད་ཅེས་བྱ་བ་ནི་དེའི་མི་མཐུན་པའི་ཕྱོགས་ཀྱི་དྲི་མ་སེལ་བའི་ཕྱིར་རོ། །རྗེས་སུ་མཐུན་པར་བྱེད་ཅེས་བྱ་བ་ནི་མཉམ་པ་ཉིད་དུ་མོས་པའི་ཕྱིར་རོ། །མི་མཐུན་པར་མི་བྱེད་ཅེས་བྱ་བ་ནི་དེ་ལ་རྣམ་པར་མི་རྟོག་པའི་ཕྱིར་རོ། །འདི་ཡན་ཆད་ནི་རེ་ཞིག་ང་རྒྱལ་གྱི་ཁྱད་པར་གྱི་གཉེན་པོ་ཡོངས་སུ་སྟོན་ཏོ། །དེ་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ལྟར་རྟོག་པ་ན་ཞེས་བྱ་བ་ནི་ཁྱད་པར་དུ་འགྲོ་བ་སྟེ། འདི་ནས་བཟུང་ནས་སེམས་ཅན་ཐམས་ཅད་ལ་ལྟ་བ་དང་བཅས་པས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་སྙིང་རྗེའི་ཁྱད་པར་ཡོངས་སུ་འཛིན་པས། སེམས་ཅན་ལ་ལྟ་བ་དང་བཅས་པ་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ཆ་ཕྲ་བའི་རྣམ་པ་ཐམས་ཅད་ལ་སོ་སོར་རྟོག་པའི་ཕྱིར་ཤེས་བྱ་ལ་ཡེ་ཤེས་རྣམ་པར་དག་པས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཕྱིར། མི་གནས་པའི་ལམ་སྒྲུབ་པའི་ཁྱད་པར་ཡོངས་སུ་སྟོན་ཏོ། །གང་གི་ཕྱིར་དེ་དེ་བས་ཀྱང་ཤས་ཆེར་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་དང༌། སྙིང་རྗེ་ཆེན་པོ་ལ་དབང་བྱ་བ་དང༌། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། འཇིག་རྟེན་གྱི་འབྱུང་བ་དང་འཇིག་པ་ལ་རྣམ་པར་ལྟ་བའོ། །དེའི་འཇིག་རྟེན་གྱི་འབྱུང་བ་དང་འཇིག་པ་ལ་རྣམ་པར་ལྟ་བའི་ཚེ། འདི་སྙམ་དུ་སེམས་ཏེ་འཇིག་རྟེན་དུ་འདོགས་པ་འབྱུང་བ་ཇི་སྙེད་པ་དེ་དག་ཐམས་ཅད་ནི། བདག་ཏུ་མངོན་པར་ཞེན་པ་ལས་འབྱུང་སྟེ། བདག་ཏུ་མངོན་པར་ཞེན་པ་དང་བྲལ་ན་འབྱུང་བ་ཡང་མེད་པར་འགྱུར་རོ་སྙམ་མོ་ཞེས་གསུངས་པའོ། །དེ་ལ་འཇིག་རྟེན་དུ་འདོགས་སུ་འབྱུང་བ་ཞེས་བྱ་བ་ནི་འགྲོ་བ་ལྔར་འབྱུང་བ་གང་ཡིན་པ་དག་ལ་འཇིག་རྟེན་ཞེས་འདོགས་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཡང་སྒྲུབ་པ་དང༌། བརྒལ་བའི་ལན་དང༌། མཚན་ཉིད་


DTG113_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གཞག་པ་དང༌། དོན་དམ་པའི་བདེན་པ་རྣམ་པར་གཞག་པ་དང༌། ཀུན་རྫོབ་ཀྱི་བདེན་པ་རྣམ་པར་གཞག་པ་དང༌། སྒོ་གསུམ་ནས་ཡོངས་སུ་བརྟག་པར་རིག་པར་བྱའོ། །སྒྲུབ་པ་རྣམ་པར་གཞག་པ་ཇི་ལྟ་བུ་ཞེ་ན། ཐོག་མ་ཁོ་ནར་རེ་ཞིག་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་བདག་མེད་པར་བསྒྲུབ་པར་བྱ་བའོ། །དེ་ནི་འཇིག་རྟེན་འབྱུང་བ་ཐམས་ཅད་བདག་ཏུ་མངོན་པར་ཞེན་པ་ལས་འབྱུང་ལ། དེ་དང་བྲལ་ནས་འབྱུང་བ་མེད་པར་སྒྲུབ་བོ། །བདག་དོན་དམ་པར་ཡོད་དུ་ཟིན་ན་ནི་བདག་ཏུ་མངོན་པར་ཞེན་པ་ཡང་དོན་དམ་པའི་ཡེ་ཤེས་ཡིན་པས། དེ་ལས་འཇིག་རྟེན་འབྱུང་བར་མི་འགྱུར་ལ། དེ་དང་བྲལ་ནས་ཡང་འབྱུང་བ་མེད་པར་མི་འགྱུར་བ་ཞིག་ན་བཟློག་པ་ཉིད་དུ་གྱུར་ཏེ། གང་གི་ཕྱིར་འཇིག་རྟེན་དུ་འདོགས་པ་འབྱུང་བ་ཇི་སྙེད་པ་དེ་དག་ཐམས་ཅད་ནི་བདག་ཏུ་མངོན་པར་ཞེན་པ་ལས་འབྱུང་སྟེ། བདག་ཏུ་མངོན་པར་ཞེན་པ་དང་བྲལ་བ་ན་འབྱུང་བ་ཡང་མེད་པར་འགྱུར་རོ་ཞེས་གསུངས་ཏེ། དོན་འདི་ཡོངས་སུ་སྟོན་ཏོ། །བརྒལ་བའི་ལན་རྣམ་པར་གཞག་པ་ཇི་ལྟ་བུ་ཞེ་ན། བདག་མེད་དུ་ཟིན་ན་བདག་ཏུ་མངོན་པར་ཞེན་པ་ཇི་ལྟར་འབྱུང་ཞེས་རྒོལ་བར་གྱུར་པ་ལ་ལན་འདེབས་པ་ནི་བྱིས་པའི་བློ་ཅན་དུ་གྱུར་པས་བདག་ཏུ་མངོན་པར་ཞེན་ཏོ་ཞེས་སྟོན་ཏེ། གང་གི་ཕྱིར་དེ་འདི་སྙམ་དུ་སེམས་ཏེ། བྱིས་པའི་བློ་ཅན་བདག་ཏུ་མངོན་པར་ཞེན་པ་ཞེས་གསུངས་པའོ། །དེའི་འོག་ཏུ་བདག་མེད་དུ་ཟིན་ཀྱང་ཚུལ་གང་གིས་ན་བདག་ཏུ་མངོན་པར་ཞེན་པ་ལས་འཇིག་རྟེན་འབྱུང་བ་ཡོད་པ་དེ་སྟོན་ཏོ། །མི་ཤེས་པའི་རབ་རིབ་ཀྱིས་སྒྲིབ་པ་ཡོད་པ་དང་མེད་པ་ལ་མངོན་པར་འདོད་པ་ཅན་ཞེས་བྱ་བ་དེ་ལྟ་བུ་ནི་བརྒལ་བའི་ལན་རྣམ་པར་གཞག་པའོ། །དེ་ལ་མི་ཤེས་པ་དང་རྟག་པ་དང་ཆད་པ་ལ་མངོན་པར་འདོད་པ་སྨོས་པ་ནི་མ་རིག་པ་དང༌། སྲེད་པ་སྲིད་པའི་ཡན་ལག་གི་རྩ་བ་ཡིན་པའི་ཕྱིར་རོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བྱུང་བ་ལམ་ལོག་པར་ཞུགས་པ། ལོག་པའི་རྗེས་སུ་འབྲང་བ་དེ་དག་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང༌། མི་གཡོ་བའི་འདུ་བྱེད་རྣམས་ཀྱང་སོགས་ཏེ་ཞེས་བྱ་བ་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་སྨོས་པ་ནི་མ་རིག་པའི་རྒྱུ་ཡོངས་སུ་བསྟན་


DTG113_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །ལམ་ལོག་པར་ཞུགས་པ་ནི་ཐར་པ་དང་མི་མཐུན་པར་འགྲོ་བའི་ཕྱིར་རོ། །ལོག་པའི་རྗེས་སུ་འབྲང་བ་ཞེས་བྱ་བ་ནི་བྱེ་བྲག་སྟེ། བྱང་ཆུབ་སེམས་དཔའ་མ་རྟོགས་པའི་དོན་ཏེ། དེ་དག་ནི་སྲིད་པ་འཛིན་ཀྱང་ལོག་པའི་རྗེས་སུ་འབྲང་བ་མ་ཡིན་ནོ། །འདུ་བྱེད་དེ་དག་གིས་ཡོངས་སུ་བསྒོས་པའི་སེམས་ཀྱི་ས་བོན་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་ནི་ཕྱི་མ་ལ་སྐྱེ་བ་དང་རྒ་ཤིའི་རང་བཞིན་ཡང་སྲིད་པ་དང༌། མངོན་པར་འགྲུབ་པས་འབྱུང་བར་འགྲོ་བ་ཡིན་ཏེ། ལས་ཀྱི་ཞིང་གི་གཞི་དང༌། མ་རིག་པའི་མུན་པ་དང༌། སྲིད་པའི་རླན་དང་ངའོ་སྙམ་པའི་ང་རྒྱལ་གྱིས་བརླན་པ་དང༌། ལྟ་བར་གྱུར་པའི་དྲ་བ་རབ་ཏུ་འཕེལ་བས། མིང་དང་གཟུགས་ཀྱི་མྱུ་གུ་འབྱུང་སྟེ། བྱུང་ནས་རྣམ་པར་འཕེལ་ལོ། །མིང་དང་གཟུགས་ཀྱི་མྱུ་གུ་རྣམ་པར་འཕེལ་ནས། དབང་པོ་ལྔ་འབྱུང་བར་འགྱུར་རོ། །དབང་པོ་ལྔ་བྱུང་ནས་ཕན་ཚུན་འདུས་པས་རེག་པར་འགྱུར་རོ། །རེག་པ་འདུས་པས་ཚོར་བ་འབྱུང་ངོ༌། །ཚོར་ནས་དེའི་འོག་ཏུ་མངོན་པར་དགའ་བས་སྲེད་པ་འབྱུང་ངོ༌། །སྲེད་པས་ནི་ལེན་པ་རྣམ་པར་འཕེལ་བར་བྱེད་དོ། །ལེན་པ་རྣམ་པར་འཕེལ་བས་སྲིད་པ་འབྱུང་བར་འགྱུར་རོ། །སྲིད་པ་བྱུང་ནས་ཕུང་པོ་ལྔ་འབྱུང་བར་འགྱུར་ཏེ། ཕུང་པོ་ལྔ་བྱུང་ནས་འགྲོ་བ་ལྔར་རིམ་གྱིས་དེངས་པར་འགྱུར་རོ། །དེངས་ནས་བྲལ་བར་འགྱུར་རོ། །དེངས་ཤིང་བྲལ་ནས་རིམས་ནད་ཀྱིས་ཡོངས་སུ་གདུང་བར་འགྱུར་རོ། །རིམས་ནད་ཀྱིས་ཡོངས་སུ་གདུངས་པ་ལས་མྱ་ངན་དང༌། སྨྲེ་སྔགས་འདོན་བ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང་འཁྲུགས་པ་ཐམས་ཅད་འབྱུང་བར་འགྱུར་ཡང་དེ་དག་ལ་སུ་ཡང་འབྱུང་བར་བྱེད་པ་མེད་དོ། །རང་བཞིན་དང་བསལ་བ་མེད་པར་འཇིག་པར་འགྱུར་ཡང་དེ་དག་ལ། འཇིག་པར་བྱེད་པ་སུ་ཡང་མེད་དོ་ཞེས་དེ་ལྟར་བྱང་ཆུབ་སེམས་དཔའ་ལུགས་སུ་འབྱུང་བའི་རྣམ་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོ་སོར་རྟོག་གོ་ཞེས་བྱ་བ་དེ་ལ་སེམས་ཀྱི་ས་བོན་ནི་སྐྱེ་བ་དང་རྒ་ཤིའི་རང་བཞིན་ཡང་སྲིད་པ་དང་བར་མ་དོའི་སྲིད་པ་འབྱུང་བས་བསྡུས་པ་ལ་ཉེ་བར་འགྲོ་བའི་ཕྱིར་དེ་ལ་ཉེ་བར་སོང་བ་ཡིན་ནོ། །བསོད་ནམས་ལ་སོགས་པའི་འདུ་བྱེད་རྣམས་ནི་ལས་


DTG113_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཞིང་ངོ༌། །གོང་དུ་སྨོས་པའི་མི་ཤེས་པ་ནི་མ་རིག་པའི་མུན་པའོ། །ཡོད་པ་དང་མེད་པ་ལ་མངོན་པར་འདོད་པ་ནི་སྲིད་པའི་རླན་ཏོ། །དེ་ལྟར་གྱུར་པའི་ངའོ་སྙམ་དུ་དེ་ལྟར་སེམས་པ་གང་ཡིན་པ་དེ་ནི་ང་རྒྱལ་ལོ། །འབྱུང་བར་འགྱུར་རམ། འབྱུང་བར་མི་འགྱུར་ཞིག་གུ་སྙམ་དུ་སེམས་པ་ལ་སོགས་པ་ནི་ལྟ་བར་གྱུར་པའི་དྲ་བའོ། །རང་བཞིན་དང་བསལ་བ་མེད་པར་འཇིག་ཅེས་བྱ་བ་ནི་བདག་ཉིད་དང་བློ་སྔོན་དུ་གཏོང་བ་མེད་པའོ། །དེ་ལྟ་བུ་ནི་བརྒལ་བའི་ལན་ཡིན་ནོ། །མཚན་ཉིད་རྣམ་པར་གཞག་པ་ཇི་ལྟ་བུ་ཞེ་ན། བརྒལ་བའི་ལན་དང་བཅས་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་བདག་མེད་པར་བསྒྲུབས་ནས་མཚན་ཉིད་གང་གིས་གནས་ཤིང་འབྱུང་བ་དེ་རྣམ་པར་འཇོག་སྟེ། དེ་འདི་སྙམ་དུ་སེམས་ཏེ། བདེན་པ་རྣམས་མི་ཤེས་པ་ནི་དོན་དམ་པར་མ་རིག་པའོ། །མ་རིག་པས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་ནི་འདུ་བྱེད་རྣམས་སོ། །འདུ་བྱེད་ལ་བརྟེན་པའི་སེམས་དང་པོ་ནི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པ་ཉེ་བར་ལེན་པའི་ཕུང་པོ་བཞི་ནི་མིང་དང་གཟུགས་སོ། །མིང་དང་གཟུགས་རྣམ་པར་འཕེལ་བ་ནི་སྐྱེ་མཆེད་དྲུག་གོ །དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་ཕྲད་པ་ཟག་པ་དང་བཅས་པ་ནི་རེག་པའོ། །རེག་པ་དང་ལྷན་ཅིག་སྐྱེས་པ་ནི་ཚོར་བའོ། །ཚོར་བ་ལ་ཆགས་པ་ནི་སྲེད་པའོ། །སྲེད་པ་རྣམ་པར་འཕེལ་བ་ནི་ལེན་པའོ། །ལེན་པ་ལས་བྱུང་བའི་ལས་ཟག་པ་དང་བཅས་པ་ནི་སྲིད་པའོ། །ལས་ཀྱི་རྒྱུ་མཐུན་པ་ནི་སྐྱེ་བ་སྟེ་ཕུང་པོ་འབྱུང་བའོ། །ཕུང་པོ་ཡོངས་སུ་སྨིན་པ་ནི་རྒ་བའོ། །རྒས་ནས་ཕུང་པོ་འཇིག་པ་ནི་འཆི་བའོ། །འཆི་ཞིང་འབྲལ་བའི་ཚེ་མྱོས་ཤིང་ཆགས་པར་གྱུར་ནས་སེམས་ཡོངས་སུ་གདུང་བ་ནི་མྱ་ངན་ནོ། །མྱ་ངན་ལས་བྱུང་བའི་ཚིག་ཏུ་བརྗོད་པ་ནི་སྨྲེ་སྔགས་འདོན་པའོ། །དབང་པོ་ལྔའི་ཉམས་སུ་བབ་པ་ནི་སྡུག་བསྔལ་ལོ། །ཡིད་ཀྱི་ལྟ་བའི་ཉམས་སུ་བབ་པ་ནི་ཡིད་མི་བདེ་བའོ། །སྡུག་བསྔལ་བ་དང་ཡིད་མི་བདེ་བ་མང་པོ་འབྱུང་བ་ནི་འཁྲུགས་པ་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ལྗོན་པ་བྱེད་པ་པོ་མེད་པ་འབའ་ཞིག་པོ་འདི་མངོན་པར་འགྲུབ་པར་འགྱུར་རོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། བྱེད་


DTG113_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

པ་པོ་ལ་མངོན་པར་ཞེན་པས་བྱ་བ་རྣམས་མངོན་པར་གྱུར་ཏོ། །གོང་ན་བྱེད་པ་པོ་མེད་པ་དེ་ན་དོན་དམ་པར་བྱ་བ་ཡང་མི་དམིགས་སོ་སྙམ་མོ་ཞེས་བྱ་བ་དེ་ལ། མ་རིག་པས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་ནི་འདུ་བྱེད་རྣམས་སོ་ཞེས་བྱ་བ་ནི་མིང་དང་གཟུགས་སུ་སྟོན་ཏོ། །དེའི་འོག་ཏུ་དེ་ལ་རྣམ་པར་ཤེས་པ་བརྟེན་པ་དང༌། མིང་དང་གཟུགས་དང་རྣམ་པར་ཤེས་པ་ལྷན་ཅིག་བྱུང་བར་ཡོངས་སུ་བསྟན་པས་རྣམ་པར་ཤེས་པ་དང༌། མིང་དང་གཟུགས་གཅིག་ལ་གཅིག་བརྟེན་པ་ཉིད་དུ་སྟོན་ཏོ། །གང་ན་བྱེད་པ་པོ་མེད་པ་དེ་ན་དོན་དམ་པར་བྱ་བ་ཡང་མི་དམིགས་སོ་སྙམ་མོ་ཞེས་བྱ་བ་ནི་སྲིད་པའི་ཡན་ལག་འདི་དག་བདག་ཉིད་ཀྱིས་བྱ་བ་མེད་པར་ཡོངས་སུ་སྟོན་ཏེ། འདི་ནི་སྲིད་པའི་ཡན་ལག་རྗེས་སུ་འབྲེལ་པས། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ཡོངས་སུ་བརྟག་པར་རིག་པར་བྱའོ།། །།བམ་པོ་དགུ་པ། དོན་དམ་པའི་བདེན་པ་རྣམ་པར་གཞག་པ་ཇི་ལྟ་བུ་ཞེ་ན། ཇི་ལྟར་དེ་ཡོངས་སུ་ཤེས་པས་གྲོལ་བར་འགྱུར་བ་དེ་ཡོངས་སུ་བརྟགས་པ་སྟེ། གང་གི་ཕྱིར་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ཁམས་གསུམ་པ་འདི་ནི་སེམས་ཙམ་སྟེ་ཞེས་གསུངས་པ་སྟེ། ཁམས་གསུམ་པ་ནི་སེམས་གྱུར་པ་ཙམ་དུ་ཟད་པའི་ཕྱིར་རོ། །ཀུན་རྫོབ་ཀྱི་བདེན་པ་རྣམ་པར་གཞག་པ་ཇི་ལྟ་བུ་ཞེ་ན། ཇི་ལྟར་ཡོངས་སུ་རྟོགས་པས་དོན་དམ་པའི་བདེན་པ་ལ་འཇུག་པའོ། །དེ་ཡང་རྣམ་པ་དྲུག་ཏུ་ཡོངས་སུ་བརྟག་པར་རིག་པར་བྱ་སྟེ། འདིས་གང་ཀུན་ནས་ཉོན་མོངས་པ་ཤེས་ནས་ཀུན་ནས་ཉོན་མོངས་པའི་གནས་ཡོངས་སུ་བརྟག་པ་དང༌། རྒྱུ་ཉིད་དུ་ཡོངས་སུ་བརྟག་པ་དང༌། ཉེས་དམིགས་བསྡུས་པར་ཡོངས་སུ་བརྟག་པ་དང༌། ཉེས་པ་སྤང་བར་ཡོངས་སུ་བརྟག་པ་དང༌། ཡིད་མི་འབྱུང་བ་དང༌། ཡིད་འབྱུང་བའི་རྒྱུ་ཡོངས་སུ་བརྟག་པ་དང༌། ཟབ་པ་ཉིད་དུ་ཡོངས་སུ་བརྟག་པའོ།། དེ་ལ་ཀུན་ནས་ཉོན་མོངས་པའི་གནས་ཡོངས་སུ་བརྟག་པ་ནི་སྲིད་པའི་ཡན་ལག་རྣམས་བདག་དང་བྲལ་བའི་སེམས་ཙམ་ལ་བརྟེན་པས་སེམས་གཅིག་ལ་བརྟེན་པའི་ཕྱིར་ཏེ། གང་གི་ཕྱིར་སྲིད་པའི་ཡན་ལག་བཅུ་གཉིས་པོ་གང་དག་དེ་བཞིན་གཤེགས་པས་རབ་ཏུ་ཕྱེ་སྟེ་བཀའ་སྩལ་པ་དེ་


DTG113_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཐམས་ཅད་ཀྱང་སེམས་གཅིག་ལ་གནས་པ་དག་གོ །དེ་ཅིའི་ཕྱིར་ཞེ་ན། གཞི་གང་ལ་འདོད་ཆགས་དང་ལྡན་པའི་སེམས་སྐྱེས་པ་དེ་ནི་རྣམ་པར་ཤེས་པའོ། །གཞི་ནི་འདུ་བྱེད་རྣམས་སོ། །འདུ་བྱེད་ལ་ཀུན་དུ་རྨོངས་པ་གང་ཡིན་པ་དེ་ནི་མ་རིག་པའོ། །མ་རིག་པའི་སེམས་དང་ལྷན་ཅིག་སྐྱེས་པ་དེ་ནི་མིང་དང་གཟུགས་སོ། །མིང་དང་གཟུགས་རྣམ་པར་འཕེལ་བ་ནི་སྐྱེ་མཆེད་དྲུག་གོ །སྐྱེ་མཆེད་དྲུག་གི་ཆ་དང་མཐུན་པ་ནི་རེག་པའོ། །རེག་པ་དང་ལྷན་ཅིག་སྐྱེས་པ་ནི་ཚོར་བའོ། །ཚོར་བ་ལ་མི་ངོམས་པ་ནི་སྲིད་པའོ། །སྲེད་པས་གཡེན་སྤྱོ་ནས་སྡུད་ཅིང་ཡོངས་སུ་མི་གཏོང་བ་ནི་ལེན་པའོ། །སྲིད་པའི་ཡན་ལག་འདི་དག་འབྱུང་བ་ནི་སྲིད་པའོ། །སྲིད་པ་འབྱུང་བ་ནི་སྐྱེ་བའོ། །སྐྱེ་བ་ཡོངས་སུ་སྨིན་པ་ནི་རྒ་བའོ། །རྒ་བ་ཡོངས་སུ་འགྱུར་བ་ནི་འཆི་བའོ་ཞེས་གསུངས་པ་སྟེ། འདི་ནི་བདེན་པ་གཉིས་རྣམ་པར་གཞག་པས། སེམས་གཅིག་ཏུ་ཡང་དག་པར་འདུ་བར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡོངས་སུ་བརྟག་པར་རིག་པའོ། །རྒྱུ་ཉིད་དུ་ཡོངས་སུ་བརྟག་པ་ནི་རྣམ་པ་གཉིས་ཏེ། རང་གི་བྱ་བ་བྱེད་པས་ཡན་ལག་གཞན་གྱི་རྒྱུ་ཉིད་དུ་ཡོངས་སུ་བརྟག་པའི་ཕྱིར་གཞན་གྱི་རྒྱུར་ཡོངས་སུ་བརྟག་པ་ནི་གང་གི་ཕྱིར། དེ་ལ་མ་རིག་པ་ནི་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། སེམས་ཅན་རྣམས་ཀྱང་དམིགས་པ་ལ་རྨོངས་པར་བྱེད་པ་དང༌། འདུ་བྱེད་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའོ། །འདུ་བྱེད་རྣམས་ཀྱང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། མ་འོངས་པའི་རྣམ་པར་སྨིན་པ་ཡང་མངོན་པར་འགྲུབ་པར་བྱེད་པ་དང༌། རྣམ་པར་ཤེས་པ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའོ། །རྣམ་པར་ཤེས་པ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། སྲིད་པའི་ཉིང་མཚམས་སྦྱོར་བར་ཡང་བྱེད་པ་དང༌། མིང་དང་གཟུགས་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའོ། །མིང་དང་གཟུགས་ཀྱང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། ཕན་ཚུན་རྟོག་པར་ཡང་བྱེད་པ་དང༌། སྐྱེ་མཆེད་དྲུག་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའོ། །སྐྱེ་མཆེད་དྲུག་ཀྱང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། རང་གི་ཡུལ་རྣམ་པར་ཕྱེ་བ་ཡང་སྟོན་པ་དང༌། རེག་པ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའོ། །རེག་པ་


DTG113_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། དམིགས་པ་ལ་རེག་པར་ཡང་བྱེད་པ་དང༌། ཚོར་བ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའོ། །ཚོར་བ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། ཡིད་དུ་འོང་བ་དང༌། ཡིད་དུ་མི་འོང་བ་དང༌། གཉིས་ཀ་ལས་རྣམ་པར་གྲོལ་བ་མྱོང་བར་བྱེད་པ་དང༌། སྲེད་པ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའོ། །སྲེད་པ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། ཆགས་པར་འགྱུར་བའི་དངོས་པོ་ལ་ཀུན་དུ་ཆགས་པར་ཡང་བྱེད་པ་དང༌། ལེན་པ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའོ། །ལེན་པ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པ་དང་འབྲེལ་པར་ཡང་བྱེད་པ་དང༌། སྲིད་པ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའོ། །སྲིད་པ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། སྲིད་པའི་རྒྱུ་གཞན་ཡང་གནས་པར་བྱེད་པ་དང༌། སྐྱེ་བ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའོ། །སྐྱེ་བ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། ཕུང་པོ་འབྱུང་བར་ཡང་བྱེད་པ་དང༌། རྒ་བ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའོ། །རྒ་བ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། དབང་པོ་ཡོངས་སུ་འགྱུར་བར་ཡང་བྱེད་པ་དང༌། འཆི་བ་དང་ཕྲད་པ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའོ། །འཆི་བ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། འདུ་བྱེད་འཇིག་པར་ཡང་བྱེད་པ་དང་ཡོངས་སུ་མི་ཤེས་པས་རྒྱུན་མི་འཆད་པའི་རྒྱུ་ཡང་འབྱིན་པའོ་ཞེས་གསུངས་པ་སྟེ། ཚེ་རབས་གཞན་གྱི་རྒྱུ་ཡིན་པའི་ཕྱིར་རོ། །ཡོངས་སུ་མི་ཤེས་པ་ནི་འདུ་བྱེད་ཞིག་ནས་ཚེ་རབས་གཞན་གྱི་རྒྱུར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ །མ་རིག་པ་ལ་སོགས་པ་རང་གི་རིགས་རྒྱུའི་དངོས་པོར་རྐྱེན་དུ་ཡོངས་སུ་བརྟག་པའི་ཕྱིར་བདག་རྒྱུ་ཉིད་དུ་ཡོངས་སུ་བརྟག་པ་ནི་འདུ་བྱེད་རྣམས་ཇི་ལྟར་མ་རིག་པའི་རྐྱེན་ཅན་ཉིད་ཡིན་ཞེ་ན། རྒྱུན་མི་འཆད་པ་དང་སྟོན་པ་སྟེ། གང་གི་ཕྱིར་དེ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ་ཞེས་བྱ་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་རྒྱུན་མི་འཆད་པ་དང་རྟོན་པའོ་ཞེས་གསུངས་པ་སྟེ། མ་རིག་པ་ནི་ས་བོན་གྱི་གནས་སྐབས་དང༌། འབྲས་བུའི་གནས་སྐབས་རྣམ་པ་གཉིས་སོ། །དེ་ལ་ས་བོན་


DTG113_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གནས་སྐབས་ཀྱིས་ནི་འདུ་བྱེད་རྒྱུན་མི་འཆད་པར་བྱེད་དེ། དེ་མ་སྤངས་པར་མི་སྤོངས་པའི་ཕྱིར་རོ། །འབྲས་བུའི་གནས་སྐབས་ཀྱིས་ནི་སྟོན་པར་བྱེད་དེ། དེ་སྐྱེས་པས་དེ་སྐྱེ་བའི་ཕྱིར་རོ། །འདི་གཉིས་ཀྱིས་ནི་འདི་ཡོད་པས་འདི་འབྱུང་ངོ༌། །འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་ཞེས་བྱ་བ་དོན་རྣམ་པ་གཉིས་ཀྱིས་དེའི་རྐྱེན་ཉིད་དུ་ཡོངས་སུ་སྟོན་ཏེ། ཡན་ལག་ལྷག་མ་རྣམས་ཀྱི་རང་གི་རིགས་ཀྱི་རྒྱུས་དོན་རྣམ་པ་གཉིས་ཀྱིས་རྐྱེན་ཉིད་དུ་འགྱུར་བ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཡན་ལག་སྔ་མ་མེད་ན་ཡན་ལག་ཕྱི་མ་མི་འབྱུང་བར་ཡོངས་སུ་བརྟགས་པས་ཐ་དད་པ་མ་ཡིན་པའི་ཕྱིར་བདག་རྒྱུར་ཡོངས་སུ་བརྟག་སྟེ། ཡན་ལག་སྔ་མ་མེད་པར་ཡན་ལག་ཕྱི་མ་མི་འབྱུང་བར་ཡོངས་སུ་བརྟག་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། མ་རིག་པ་མེད་པར་འདུ་བྱེད་རྣམས་རྟག་ཏུ་ཡོད་པར་མི་འགྱུར་རོ། །གལ་ཏེ་འགྱུར་ན་ནི་མ་རིག་པ་འདུ་བྱེད་རྣམས་ཀྱི་རྐྱེན་དུ་མི་འགྱུར་རོ། །གང་དག་གང་མེད་པར་མི་འབྱུང་བ་དེ་དག་དེ་ལས་གཞན་མ་ཡིན་ཏེ། དཔེར་ན། གང་ལས་བརྟེན་ཏེ་གང་འབྱུང་བ། །དེ་ནི་དེ་ཉིད་མ་ཡིན་ལ། །དེ་ལས་གཞན་པའང་མ་ཡིན་ཏེ། །དེ་བས་ཆད་མིན་རྟག་མ་ཡིན། །ཞེས་བཤད་པ་ལྟ་བུའོ། །རང་གི་རིགས་སུ་འདུས་པའི་རྐྱེན་དུ་ཡོངས་སུ་བརྟགས་པས་ཞེས་བྱ་བ་ནི་ཇི་སྐད་སྔར་སྨོས་པ་མ་རིག་པ་ནི་ས་བོན་གྱི་གནས་སྐབས་དང༌། འབྲས་བུའི་གནས་སྐབས་དང༌། བྱ་བ་རྣམ་པ་གཉིས་སོ་ཞེས་བྱ་བའོ། །འདུ་བྱེད་ལ་སོགས་པ་ལའང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་ལ་སྡུག་བསྔལ་གྱི་རྒྱུ་དང༌། སྡུག་བསྔལ་གྱིས་བསྡུས་པའི་ལམ་གསུམ་གྱི་ཉེས་དམིགས་བསྡུས་པས་ཡོངས་སུ་བརྟག་པ་ནི། གང་གི་ཕྱིར་དེ་ལམ་རིག་པ་དང༌། སྲེད་པ་དང་ལེན་པ་ནི་ཉོན་མོངས་པའི་ལམ་གྱི་རྒྱུན་མི་འཆད་པའོ། །འདུ་བྱེད་དང་སྲིད་པ་ནི་ལམ་གྱི་རྒྱུན་མི་འཆད་པའོ། །ལྷག་མ་རྣམས་ནི་སྡུག་བསྔལ་གྱི་ལམ་གྱི་རྒྱུན་མི་འཆད་པར་རབ་ཏུ་རྣམ་པར་ཕྱེ་བའོ། །སྔོན་གྱི་མཐའ་དང༌། ཕྱི་མའི་མཐའ་འགགས་ན་ལམ་རྒྱུན་ཡང་འཆད་དོ་ཞེས་གསུངས་པ་སྟེ། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་འགགས་པས་ད་ལྟར་བྱུང་བ་ཡང་མེད་དེ། དེ་བས་ན་དེ་མ་སྨོས་ཏེ། དེ་ལྟར་ལམ་འདི་གསུམ་ནི་བདག་མེད་པ་དང༌།


DTG113_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་བདག་གི་དང་བྲལ་བ་འབྱུང་ཞིང་འཇིག་པ་སྟེ། རང་བཞིན་གྱིས་མདུང་ཁྱིམ་ལྟ་བུའོ་ཞེས་བྱ་བའོ། །དེ་ལ་ཉེས་པ་ཡོངས་སུ་སྤངས་པར་བརྟག་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྨྲ་བ་ལ་ཉེས་པ་རྣམ་པ་གསུམ་ཡོངས་སུ་རྟོག་སྟེ། རྒྱུ་བྱེ་བྲག་མེད་པའི་ཕྱིར་ཐམས་ཅད་ཀྱི་ལུས་ཅིག་ཅར་མངོན་པར་འགྲུབ་པའི་ཉེས་པ་དང༌། བྱེད་པ་པོ་མེད་པས་ལས་བདག་གིར་བྱ་བ་མེད་པར་འགྱུར་བའི་ཉེས་པ་དང༌། འབྲས་བུ་མ་བསྐྱེད་པར་འགགས་པས་ལས་རྣམས་ཆུད་ཟ་བའི་ཉེས་པའོ། །ཉེས་པ་རྣམ་པ་དེ་གསུམ་ཡང་སྔོན་གྱི་མཐའ་ལ་སོགས་པའི་རྒྱུའི་ཁྱད་པར་ལ་ལྟོས་པས་སྐྱེས་ནས་མྱོང་བར་འགྱུར་བ་ལ་སོགས་པ་ཐ་དད་པའི་ཕྱིར་ཡོངས་སུ་སྤོང་སྟེ། གང་གི་ཕྱིར་ཡང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་གང་ཡིན་པ་དེ་ནི་སྔོན་གྱི་མཐའ་པའི་ལྟོས་པའོ། །རྣམ་པར་ཤེས་པ་ནས་ཚོར་བ་ཞེས་བྱ་བའི་བར་དེ་ནི་ད་ལྟར་བྱུང་བའི་ལྟོས་པའོ། །སྲེད་པ་ནས་སྲིད་པ་ཞེས་བྱ་བའི་བར་དེ་ནི་ཕྱི་མའི་མཐའ་པའི་ལྟོས་པ་སྟེ། དེ་ཡན་ཆད་དུ་ཡང་དེ་དག་རབ་ཏུ་འབྱུང་ངོ༌། །མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་ཅེས་བྱ་བ་དེ་ནི་ལྟོས་པ་རྒྱུན་ཆད་པ་སྟེ་ཞེས་གསུངས་པའོ། །དེ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་དེ་ནི་སྔོན་གྱི་མཐའ་པའི་ལྟོས་པ་ཞེས་བྱ་བ་ནི་ཚེ་འདིའི་ཕྱིར་སྔར་བྱས་པའི་ཕྱིར་རོ། །ད་ལྟར་བྱུང་བ་ནི་མ་འོངས་པའི་སྔོན་གྱི་མཐའོ། །ལྟོས་པའི་དོན་རྒྱུའི་དོན་དུ་རིག་པར་བྱའོ། །རྣམ་པར་ཤེས་པ་ནས་ཚོར་བ་ཞེས་བྱ་བའི་བར་དེ་ནི་ད་ལྟར་བྱུང་བའི་ལྟོས་པའོ་ཞེས་བྱ་བ་ནི་དོན་གང་ལ་ཚེ་རབས་སྔ་མའི་ལས་གང་ཡིན་པ་དེའི་འབྲས་བུ་རྣམ་པར་ཤེས་པ་ལ་སོགས་པ་དེ་དག་འདིར་འབྲས་བུ་སྐྱེས་ཟིན་པས་ཕྱི་མ་ལ་འབྲས་བུར་བསྐྱེད་པའི་མཐུ་མེད་པའི་ཕྱིར་རོ། །སྲེད་པ་ནས་སྲིད་པ་ཞེས་བྱ་བའི་བར་དེ་ནི་ཕྱི་མའི་མཐའ་པའི་ལྟོས་པ་སྟེ་ཞེས་བྱ་བ་ནི་ཡང་སྲིད་པ་མངོན་པར་འགྲུབ་པར་གཅིག་ཏུ་ངེས་པར་བྱེད་པའི་ཕྱིར་རོ། །དེ་ཕན་ཆད་དུ་ཡང་དེ་དག་རབ་ཏུ་འབྱུང་ངོ་ཞེས་བྱ་བ་ནི་ལྟོས་པ་ལས་ཡང་སྲིད་པ་མངོན་པར་འགྲུབ་པའི་ཕྱིར་རོ། །འདི་ཅི་ཞིག་ཡོངས་སུ་སྟོན་ཞེ་ན། བྱས་པར་མི་འགྱུར་བ་དང༌། འབྲས་བུ་བསྐྱེད་ཟིན་པ་དང༌། གཉེན་པོ་རྙེད་པས་སྤངས་ཟིན་པ་དང༌།


DTG113_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་གསུམ་གྱིས་ཡང་སྲིད་པའི་ལས་རྣམ་པར་སྨིན་པ་མི་སྐྱེད་པར་སྟོན་ཏེ། དེ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བས་ནི་བྱས་པ་ཉིད་དང་འབྲས་བུ་མ་རྙེད་པ་ཉིད་དུ་སྟོན་ཏོ། །རྣམ་པར་ཤེས་པ་ལ་སོགས་པས་ནི་བྱས་པ་ཉིད་དང་འབྲས་བུ་བསྐྱེད་ཟིན་པ་ཉིད་སྟོན་ཏོ། །སྲིད་པ་ལ་སོགས་པས་མ་སྤངས་པར་སྟོན་ཏོ། །སྲེད་པ་དང་ལེན་པ་ཟད་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་བྱས་ཀྱང་སྲིད་པ་འབྱུང་བར་མི་འགྱུར་རོ། །འདི་ལྟར་གང་གི་ཕྱིར་ལ་ལ་ནི་བྱས་པ་ལ་ནི་མ་བྱས། ལ་ལ་ནི་འབྲས་བུ་བསྐྱེད་ཟིན། ལ་ལ་ནི་མ་བསྐྱེད། ལ་ལ་ནི་སྤངས། ལ་ལ་ནི་མ་སྤངས་པ་དེའི་ཕྱིར། ལུས་ཐམས་ཅད་ཅིག་ཅར་མངོན་པར་འགྲུབ་པའི་ཉེས་པ་མི་འགྱུར་ཏེ། ལས་ཐམས་ཅད་སྐྱེས་ནས་མྱོང་བར་འགྱུར་བའམ། མྱོང་བར་མི་འགྱུར་བར་ཅིག་ཅར་དུ་ཡང་མི་འགྱུར་རོ། །གང་གི་ཕྱིར་མ་བྱས་པ་རྣམ་པར་སྨིན་པར་མི་འགྱུར་བ་དེའི་ཕྱིར། གཞན་གྱི་རྒྱུད་ལ་ལས་དེའི་རྣམ་པར་སྨིན་པ་མེད་པས་ལས་བདག་གིར་བྱ་བ་མེད་པའི་ཉེས་པ་མེད་དེ། གཞན་གྱི་སེམས་ཀྱི་རྒྱུད་ལ་དེ་མ་བྱས་པའི་ཕྱིར་རོ། །རྒྱུ་གསུམ་པོ་མེད་ན་གདོན་མི་ཟ་བར་འབྲས་བུ་བསྐྱེད་པས་ལས་རྣམས་ཆུད་ཟ་བའི་ཉེས་པ་ཡང་མེད་དེ། དེ་ལྟར་ཉེས་པ་རྣམ་པ་གསུམ་པོ་ཡོངས་སུ་སྤངས་པར་གྱུར་པ་ཡིན་ནོ། །དེ་ལ་ཡིད་མི་འབྱུང་བ་དང༌། ཡིད་འབྱུང་བའི་རྒྱུར་ཡོངས་སུ་བརྟག་པ་ལ། སྡུག་བསྔལ་ཆ་ཕྲ་བ་ཉིད་ཀྱི་རྣམ་པ་ནི་ཡིད་འབྱུང་བར་མི་འགྱུར་བ་སྟེ། ཚོར་བ་གང་ཅི་ཡང་རུང༌། དེ་ནི་འདིར་སྡུག་བསྔལ་བའོ་ཞེས་འབྱུང་བའི་ཕྱིར་རོ། །སྡུག་བསྔལ་ཉིད་རགས་པའི་རྣམ་པ་ནི་ཡིད་ལས་འབྱུང་བར་འགྱུར་བ་སྟེ། གང་གི་ཕྱིར་ཡང་སྲིད་པའི་ཡན་ལག་བཅུ་གཉིས་པོ་དག་གི་རྒྱུས་སྡུག་བསྔལ་ཉིད་གསུམ་འབྱུང་སྟེ། དེ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས་སྐྱེ་མཆེད་དྲུག་ཅེས་བྱ་བའི་བར་དེ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དོ། །རེག་པ་དང་ཚོར་བ་ཞེས་བྱ་བ་དེ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དོ། །སྲིད་པའི་ཡན་ལག་ལྷག་མ་དེ་དག་ནི་འགྱུར་བའི་སྡུག་བསྔལ་ཉིད་དོ། །མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་དེ་ནི་སྡུག་བསྔལ་བ་གསུམ་གྱི་རྒྱུན་འཆད་པའོ་ཞེས་གསུངས་པའོ། །དེ་ལ་ཟབ་པ་ཉིད་ཡོངས་སུ་


DTG113_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བརྟག་པ་ནི་རྣམ་པ་བཞི་སྟེ། རང་གི་རྒྱུད་ལས་བྱུང་བའི་སྲིད་པའི་ཡན་ལག་རྣམས་གཞན་གྱིས་མ་བྱས་པ་དང༌། རྐྱེན་ལས་བྱུང་བའི་ཕྱིར་བདག་ཉིད་ཀྱིས་མ་བྱས་པ་ནི་གང་གི་ཕྱིར། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནི་འདུ་བྱེད་རྣམས་རྒྱུ་དང་རྐྱེན་ལས་བྱུང་བ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ནི་འདུ་བྱེད་རྣམས་མེད་པ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ་ཞེས་གསུངས་པའོ། །བྱ་བའི་དུས་ན་མི་གནས་པས་བྱེད་པ་མེད་པའི་ཕྱིར། སྐྱེ་བ་ཙམ་དང་འབྲེལ་པའི་ཕྱིར་གཉི་གས་མ་བྱས་པ་ནི་གང་གི་ཕྱིར། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་དེ་ནི་སྐྱེ་བ་དང་འབྲེལ་བ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་དེ་ནི་འཇིག་རྟེན་དང་འབྲེལ་པ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ་ཞེས་གསུངས་པའོ། །སྲིད་པའི་ལུགས་དང་མཐུན་པའི་ཕྱིར། རྒྱུ་མེད་པ་ལས་འབྱུང་བའང་མ་ཡིན་པ་ནི་གང་གི་ཕྱིར། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་དེ་ནི་སྲིད་པའི་ལུགས་སུ་འབྱུང་བར་ཡོངས་སུ་བརྟག་པ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་དེ་ནི་ཟད་པའི་རྗེས་སུ་མཐུན་པར་ཡོངས་སུ་བརྟག་པ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ་ཞེས་གསུངས་པའོ། །རྒྱུ་མེད་པ་ཡིན་དུ་ཟིན་ན་ནི་འབྱུང་བ་དང་མི་འབྱུང་བ་གཉི་ག་རྒྱུ་མེད་པ་ལས་བྱུང་བའི་ཕྱིར། ངེས་པའི་རྒྱུ་མེད་པས་འབྱུང་བར་འགྱུར་གྱི་མི་འབྱུང་བར་མི་འགྱུར་བ་དེ་དག་ལ་ཡོད་དེ་དེ་ནི་མི་འདོད་དོ། །དེ་བས་ན་རྒྱུ་ཡོད་པ་ལས་སྲིད་པའི་ལུགས་སུ་འབྱུང་བར་འགྱུར་གྱི། གཞན་དུ་ན་སྲིད་པའི་རྗེས་སུ་མཐུན་པར་མི་འགྱུར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པ་བཅུར་སོ་སོར་རྟོག་པ་འདི་ནི་མཚན་ཉིད་དང༌། བདེན་པ་རྣམ་པར་གཞག་པས་ཡོངས་སུ་བརྟག་པས་བསྟན་ཏེ། གང་གི་ཕྱིར་དེ་འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ལུགས་སུ་འབྱུང་བ་དང༌། ལུགས་སུ་འབྱུང་བ་མ་ཡིན་པར་སོ་སོར་རྟོག་སྟེ། འདི་ལྟར་སྲིད་པའི་ཡན་ལག་རྗེས་སུ་འབྲེལ་པ་དང༌། སེམས་གཅིག་ཏུ་ཡང་དག་པར་འདུ་བ་དང༌། རང་གི་


DTG113_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མ་འདྲེས་པ་དང༌། ཐ་དད་པ་མ་ཡིན་པ་དང༌། ལམ་གསུམ་གྱི་རྒྱུད་དུ་འབྲང་བ་དང༌། སྔོན་གྱི་མཐའ་དང༌། ད་ལྟར་བྱུང་བ་དང༌། ཕྱི་མའི་མཐའ་བའི་ལྟོས་པ་དང༌། སྡུག་བསྔལ་གསུམ་ཀུན་འབྱུང་བ་དང༌། རྒྱུ་དང་རྐྱེན་ལས་བྱུང་བའོ། །སྐྱེ་བ་དང་འཇིག་པ་དང་འབྲེལ་པ་དང་མེད་པས་ཟད་པར་སོ་སོར་རྟོག་པ་ཞེས་གསུངས་པའོ། །ཡང་རྣམ་གྲངས་གཞན་གཉིས་ཀྱིས་ཏེ། སྙིང་རྗེ་དང་མཐུན་པར་ཡོངས་སུ་རྟོག་པ་དང༌། རྣམ་པ་ཐམས་ཅད་ཡོངས་སུ་རྟོག་པས་འདི་སོ་སོར་རྟོག་པར་རིག་པར་བྱའོ། །དེ་ལ་སྙིང་རྗེ་དང་མཐུན་པར་ཡོངས་སུ་བརྟག་པ་ནི་རྣམ་པ་བཞི་སྟེ། ཀུན་དུ་རྨོངས་པ་དང༌། ཕྱིན་ཅི་ལོག་པ་དང༌། གཞན་ལས་ཐར་པ་ཡོངས་སུ་ཚོལ་བ་དང༌། རྣམ་པ་གཞན་གྱིས་ཡོངས་སུ་ཚོལ་བ་དང༌། ཐར་པ་གཞན་ཡོངས་སུ་ཚོལ་བའོ། །ཀུན་དུ་རྨོངས་པ་དང༌། ཕྱིན་ཅི་ལོག་ཇི་ལྟ་བུ་ཞེ་ན། ཇི་ལྟར་གང་ལ་ཀུན་དུ་རྨོངས་པ་དང༌། ཕྱིན་ཅི་ལོག་དེ་ལ་སོ་སོར་རྟོག་པ་སྟེ། བདག་ཏུ་མངོན་པར་ཞེན་པ་ལ་སྲིད་པ་ཐམས་ཅད་འབྱུང་གི །དེ་དང་བྲལ་ན་འབྱུང་བ་ཡང་མེད་པར་མི་ཤེས་པའི་ཕྱིར། ཀུན་དུ་རྨོངས་པ་དང་གང་གི་ཕྱིར། དེ་འཇིག་རྟེན་གྱི་འབྱུང་བ་དང་འཇིག་པ་ལ་རྣམ་པར་ལྟ་བའི་ཚེ་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་དུ་འདོགས་པ་འབྱུང་བ་ཇི་སྙེད་པ་དེ་དག་ཐམས་ཅད་ནི་བདག་ཏུ་མངོན་པར་ཞེན་པ་ལས་འབྱུང་སྟེ། བདག་ཏུ་མངོན་པར་ཞེན་པ་དང་བྲལ་ན། འབྱུང་བ་ཡང་མེད་པར་འགྱུར་རོ་སྙམ་མོ་ཞེས་གསུངས་པའོ། །བྱིས་པའི་བློ་ཅན་བདག་ཏུ་མངོན་པར་ཞེན་པ་ཞེས་བྱ་བ་དེ་ལྟ་བུ་ནི་ཕྱིན་ཅི་ལོག་གོ །སྲིད་པའི་ཡན་ལག་གི་མཚན་ཉིད་ལ་ཀུན་དུ་རྨོངས་པ་དང༌། ཕྱིན་ཅི་ལོག་ནི་གང་གི་ཕྱིར་དེ་འདི་སྙམ་དུ་སེམས་ཏེ། བྱིས་པའི་བློ་ཅན་བདག་ཏུ་མངོན་པར་ཞེན་པ་ཞེས་གསུངས་པ་ལ་སོགས་པའོ། །གཞན་ལས་ཐར་པ་ཡོངས་སུ་ཚོལ་བ་ཇི་ལྟ་བུ་ཞེ་ན། ཀུན་གཞི་དང་འཇུག་པའི་རྣམ་པར་ཤེས་པ་རྣམས་ལས་ཐར་པ་ཡོངས་སུ་བཙལ་བར་བྱ་བའི་རིག་པ་ལས། དེ་ལྟར་ཀུན་དུ་རྨོངས་ཤིང་ཕྱིན་ཅི་ལོག་ཏུ་གྱུར་པ་དེ་དག་གཞན་དུ་བདག་ལས་ཡོངས་སུ་ཚོལ་ཏེ། དེའི་གཉེན་པོར་འདི་ལྟར་ཁམས་གསུམ་པོ་འདི་ནི་སེམས་ཙམ་པ་སྟེ།


DTG113_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་ཡན་ལག་བཅུ་གཉིས་གང་དག་དེ་བཞིན་གཤེགས་པས་རབ་ཏུ་ཕྱེ་སྟེ་བཀའ་སྩལ་པ་དེ་དག་ཐམས་ཅད་ཀྱང༌། སེམས་གཅིག་ལ་གནས་པ་དག་གོ་ཞེས་གསུངས་པ་ལ་སོགས་པའོ། །རྣམ་པ་གཞན་གྱིས་ཡོངས་སུ་ཚོལ་བ་ཇི་ལྟ་བུ་ཞེ་ན། མི་འདྲ་བའི་རྒྱུ་རྣམ་པ་གསུམ་སྟེ། རང་བཞིན་དང༌། དབང་ཕྱུག་དང༌། བརྟུལ་ཞུགས་དྲག་པོའི་རྒྱུད་དང་རྒྱུ་མེད་པས་ཚོལ་བ་སྟེ། དེ་ལྟར་ཡོངས་སུ་བཙལ་བར་ནི་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྲིད་པའི་ཡན་ལག་རྣམས་ནི་ལས་རྣམ་པ་གཉིས་སུ་ཉེ་བར་གནས་པའི་ཕྱིར་ཏེ་གང་གི་ཕྱིར་དེ་ལ་མ་རིག་པ་ནི་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། སེམས་ཅན་རྣམས་ཀྱང་དམིགས་པ་ལ་རྨོངས་པར་བྱེད་པ་དང༌། འདུ་བྱེད་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའོ་ཞེས་གསུངས་པ་ལ་སོགས་པའོ། །རང་གི་རིགས་ཀྱི་རྒྱུ་ལས་བྱུང་བ་ནི་གང་གི་ཕྱིར་དེ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ་ཞེས་བྱ་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་རྒྱུན་མི་འཆད་པ་དང་རྟོན་པའོ་ཞེས་གསུངས་པ་ལ་སོགས་པའོ། །ཉོན་མོངས་པ་དང་ལས་ཀྱིས་ཀུན་ནས་ཉོན་མོངས་པའི་རྒྱུ་ལས་བྱུང་བའི་ཕྱིར། བདེ་བའི་རྒྱུ་ལས་བྱུང་བ་མ་ཡིན་པ་ནི་གང་གི་ཕྱིར་དེ་ལ་མ་རིག་པ་དང། སྲེད་པ་དང༌། ལེན་པ་ནི་ཉོན་མོངས་པའི་ལམ་གྱི་རྒྱུན་མི་འཆད་པའོ། །འདུ་བྱེད་དང་སྲིད་པ་ནི་ལས་ཀྱི་ལམ་གྱི་རྒྱུན་མི་འཆད་པའོ། །ལྷག་མ་རྣམས་ནི་སྡུག་བསྔལ་གྱི་ལམ་གྱི་རྒྱུན་མི་འཆད་ཅེས་གསུངས་པ་ལ་སོགས་པའོ། །སྔོན་གྱི་མཐའི་བར་དང༌། ཕྱི་མའི་མཐའ་གཉིས་ནི་སྔོན་དང་ཕྱི་མའི་མཐའི་བར་གྱི་རྒྱུ་ལས་བྱུང་བ་སྟེ། གང་གི་ཕྱིར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་གང་ཡིན་པ་དེ་ནི་སྔོན་གྱི་མཐའ་པའི་ལྟོས་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། གཞན་དུ་ནི་སེམས་ཅན་སྣ་ཚོགས་སུ་མི་འགྱུར་རོ། །ཐར་པ་གཞན་ཡོངས་སུ་ཚོལ་བ་ཇི་ལྟ་བུ་ཞེ་ན། ཐར་པ་ནི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་དང༌། འདུས་མ་བྱས་པའི་མཚན་ཉིད་དང༌། ཀུན་ནས་ཉོན་མོངས་པ་དང་བྲལ་བའི་མཚན་ཉིད་དང༌། འཇིག་རྟེན་ལས་འདས་པའི་མཚན་ཉིད་ཡིན་ན་དེ་དག་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དང་འབྲེལ་པའི་རྒྱུ་དང་རྐྱེན་ལས་


DTG113_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་སྐྱེ་བ་ཡང་ཀུན་ནས་ཉོན་མོངས་པ་འབྱུང་བ་དང༌། འབྲེལ་པ་སྲིད་པའི་རྗེས་སུ་མཐུན་པ། གཟུགས་མེད་པའི་སྲིད་པ་ལས་ཐར་པ་ཡོངས་སུ་ཚོལ་ཏེ། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དང་འབྲེལ་པའི་གཟུགས་མེད་པའི་སྲིད་པ་ལས་ཐར་པ་ཡོངས་སུ་ཚོལ་བ་ནི་གང་གི་ཕྱིར། དེ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས། སྐྱེ་མཆེད་དྲུག་ཅེས་བྱ་བའི་བར་དེ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དོ་ཞེས་གསུངས་པའི་ཕྱིར་རོ། །རྒྱུ་དང་རྐྱེན་ལས་རབ་ཏུ་སྐྱེ་བ་དེ་ཡང་དེ་བཞིན་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་དེ་ནི་འདུ་བྱེད་རྣམས་རྒྱུ་དང་རྐྱེན་ལས་འབྱུང་བ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ་ཞེས་གསུངས་པའི་ཕྱིར་རོ། །ཡང་ཀུན་ནས་ཉོན་མོངས་པ་འབྱུང་བ་དང་འབྲེལ་པ་ཡང་དེ་བཞིན་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་དེ་ནི་སྐྱེ་བ་དང་འབྲེལ་པ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ་ཞེས་གསུངས་པའི་ཕྱིར་རོ།། སྲིད་པའི་ལུགས་སུ་འབྱུང་བ་གཟུགས་མེད་པའི་སྲིད་པའི་ཐར་པ་ཡོངས་སུ་ཚོལ་བ་ཡང་དེ་བཞིན་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་དེ་ནི་སྲིད་པའི་ལུགས་སུ་འབྱུང་བར་ཡོངས་སུ་བརྟག་པ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་སྙིང་རྗེ་དང་མཐུན་པར་ཡོངས་སུ་བརྟགས་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོ་སོར་རྟོག་པ་བསྟན་ནས། རྣམ་པ་ཐམས་ཅད་ཡོངས་སུ་བརྟག་པ་སྟོན་ཏོ། །དེ་ལ་རྣམ་པ་ཐམས་ཅད་ཡོངས་སུ་བརྟག་པ་ནི་རྣམ་པ་དགུ་སྟེ། བདག་ཏུ་མངོན་པར་ཞེན་པ་དང་མངོན་པར་མ་ཞེན་པ་གཉིས་ཀྱིས་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བར་འགྱུར་བའི་ཕྱིར་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་རབ་ཏུ་དབྱེ་བར་ཡོངས་སུ་བརྟག་པ་ནི་གང་གི་ཕྱིར། འཇིག་རྟེན་གྱི་འབྱུང་བ་དང༌། འཇིག་པ་ལ་རྣམ་པར་ལྟ་བའི་ཚེ་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་དུ་འདོགས་པ་འབྱུང་བ་ཇི་སྙེད་པ་དེ་དག་ཐམས་ཅད་ནི་བདག་ཏུ་མངོན་པར་ཞེན་པ་ལས་འབྱུང་སྟེ། མངོན་པར་ཞེན་པ་དང་བྲལ་ན་འབྱུང་བ་ཡང་མེད་དོ་ཞེས་གསུངས་པ་ལ་སོགས་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཅི་ལ་བརྟེན་ཏེ་འབྱུང་ཞེས་རྟེན་ཡོངས་སུ་བརྟག་པ་ནི་གང་གི་ཕྱིར་དེ་འདི་སྙམ་དུ་སེམས་ཏེ། ཁམས་གསུམ་པ་འདི་


DTG113_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སེམས་ཙམ་སྟེ། སྲིད་པའི་ཡན་ལག་བཅུ་གཉིས་གང་དག་དེ་བཞིན་གཤེགས་པས་རབ་ཏུ་ཕྱེ་སྟེ་བཀའ་སྩལ་པ་དེ་དག་ཐམས་ཅད་ཀྱང་སེམས་གཅིག་ལ་གནས་པ་དག་གོ་སྙམ་མོ་ཞེས་གསུངས་པ་ལ་སོགས་པའོ། །སྲིད་པའི་ཡན་ལག་རྣམས་ལས་རྣམ་པ་གཉིས་སུ་ཉེ་བར་གནས་པའི་ཕྱིར་ཐབས་ཡོངས་སུ་བརྟག་པ་ནི་དེ་ལ་མ་རིག་པ་ནི་བྱ་བ་གཉིས་ཉེ་བར་གནས་པ་ཡིན་ཏེ། སེམས་ཅན་རྣམས་ཀྱང་དམིགས་པ་ལ་རྨོངས་པར་བྱེད་པ་དང༌། འདུ་བྱེད་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའོ་ཞེས་གསུངས་པ་ལ་སོགས་པའོ། །སྲིད་པའི་ཡན་ལག་རྣམས་གཡོ་བ་མེད་པའི་ཕྱིར། རྐྱེན་གྱི་མཚན་ཉིད་ཡོངས་སུ་བརྟག་པ་ནི་དེ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ་ཞེས་བྱ་བ་ནི། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་རྒྱུན་མི་འཆད་པ་དང༌། རྟོན་པའོ་ཞེས་གསུངས་པ་ལ་སོགས་པའོ། །ལམ་གསུམ་གྱི་སྡུག་བསྔལ་དང༌། ཀུན་འབྱུང་བའི་བདེན་པར་འགྱུར་བའི་ཕྱིར་བདེན་པ་ལ་འཇུག་པ་ཡོངས་སུ་རྟོག་པ་ནི་དེ་ལ་མ་རིག་པ་དང༌། སྲེད་པ་དང༌། ལེན་པ་ནི་ཉོན་མོངས་པའི་ལམ་གྱི་རྒྱུན་མི་འཆད་པའོ། །འདུ་བྱེད་དང་སྲིད་པ་ནི་ལས་ཀྱི་ལམ་གྱི་རྒྱུན་མི་འཆད་པའོ། །ལྷག་མ་རྣམས་ནི་སྡུག་བསྔལ་གྱི་ལམ་གྱི་རྒྱུན་མི་འཆད་ཅེས་གསུངས་པ་ལ་སོགས་པའོ། །སྔོན་དང་མཐའི་བར་དང༌། ཕྱི་མའི་མཐའ་ཡོངས་སུ་སྨིན་པར་བྱ་བའི་ཁྱད་པར་གྱི་ཕྱིར་ནུས་པ་དང༌། མི་ནུས་པའི་གནས་ལ་འཇུག་པར་ཡོངས་སུ་བརྟག་པ་ནི་གང་གི་ཕྱིར། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་དེ་ནི་སྔོན་གྱི་མཐའི་ལྟོས་པའོ། །རྣམ་པར་ཤེས་པ་ནས་ཚོར་བ་ཞེས་བྱ་བའི་བར་དེ་ནི་དེ་ལྟར་བྱུང་བའི་ལྟོས་པའོ། །སྲེད་པ་ནས་སྲིད་པ་ཞེས་བྱ་བའི་བར་དེ་ནི་ཕྱི་མའི་མཐའི་ལྟོས་པ་སྟེ་ཞེས་གསུངས་པ་ལ་སོགས་པའོ། །སྡུག་བསྔལ་ཉིད་ཆ་ཕྲ་བ་ཡོངས་སུ་མི་ཤེས་པ་དང༌། ཡོངས་སུ་ཤེས་པ་མངོན་པའི་ང་རྒྱལ་བྱེད་པའི་ཕྱིར་མངོན་པའི་ང་རྒྱལ་ཅན་མངོན་པའི་ང་རྒྱལ་མེད་པ་ལ་འཇུག་པ་ཡོངས་སུ་བརྟག་པ་ནི་གང་གི་ཕྱིར་དེ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས། སྐྱེ་མཆེད་དྲུག་གི་བར་དེ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དོ་ཞེས་གསུངས་པ་


DTG113_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའོ། །མཐའི་བར་ཡང་རྒྱུ་རྐྱེན་ལས་བྱུང་བའི་ཕྱིར་ལ། ཕྱི་མའི་མཐའ་ཡང་སྐྱེ་བ་དང་འབྲེལ་པའི་ཕྱིར་ཐོག་མ་མེད་པ་ཉིད་དུ་ཡོངས་སུ་བརྟག་པ་ནི་གང་གི་ཕྱིར། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནི་འདུ་བྱེད་རྣམས་རྒྱུ་དང་རྐྱེན་ལས་འབྱུང་བ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ་ཞེས་བྱ་བ་དང༌། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་དེ་ནི་སྐྱེ་བ་དང་འབྲེལ་པ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པའོ། །འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའི་སྲེད་པ་རྣམས་ཀྱིས་སྲིད་པའི་ལུགས་སུ་འབྱུང་བའི་ཕྱིར་སྣ་ཚོགས་ཉིད་དུ་ཡོངས་སུ་བརྟག་པ་ནི། གང་གི་ཕྱིར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་དེ་ནི་སྲིད་པའི་ལུགས་སུ་འབྱུང་བར་ཡོངས་སུ་བརྟག་པ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ་ཞེས་གསུངས་པ་ལ་སོགས་པའོ། །དེ་ལྟར་མི་གནས་པའི་ལམ་སྒྲུབ་པའི་ཁྱད་པར་བསྟན་ནས། གཉེན་པོའི་ཁྱད་པར་ཐོབ་པ་དང༌། མི་མཐུན་པའི་ཕྱོགས་ཉམས་པའི་ཁྱད་པར་དང༌། སྒྲུབ་པ་དང་གནས་པའི་ཁྱད་པར་ཐོབ་པ་དང༌། ཏིང་ངེ་འཛིན་གྱི་ཁྱད་པར་ཐོབ་པ་དང༌། བསམ་པའི་ཁྱད་པར་ཐོབ་པ་དང༌། ནུས་པའི་ཁྱད་པར་ཐོབ་པ་དང༌། རྣམ་པ་ལྔས་དེའི་འབྲས་བུའི་ཁྱད་པར་ཡོངས་སུ་སྟོན་ཏེ། དེ་ལ་གཉེན་པོའི་ཁྱད་པར་ནི་རྣམ་པར་ཐར་པའི་སྒོ་གསུམ་མོ། །དེ་ལ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ནི་གང་ཟག་ལ་བདག་མེད་པར་མཐོང་བ་དང༌། ཆོས་ལ་བདག་མེད་པར་མཐོང་བ་དང༌། དེ་གཉི་གའི་བྱ་བ་མེད་པས་བྱེད་པ་པོ་མེད་པར་མཐོང་བ་དང༌། རྣམ་པ་གསུམ་གྱིས་ཡོངས་སུ་སྟོན་ཏེ། གང་གི་ཕྱིར་དེ་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པ་བཅུར་སོ་སོར་རྟོག་ཅིང་བདག་མེད་པ་དང༌། སྲོག་མེད་པ་དང༌། གང་ཟག་མེད་པ་དང༌། ངོ་བོ་ཉིད་ཀྱིས་སྟོང་པ་དང༌། བྱེད་པ་པོ་དང༌། ཚོར་བ་པོ་མེད་པར་སོ་སོར་རྟོག་པའི་ཚེ། སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་སྐྱེས་བ་ཡིན་ནོ་ཞེས་གསུངས་པའོ། །དེ་ལ་གང་ཟག་ལ་བདག་མེད་པར་མཐོང་བ་ནི་བདག་མེད་པ་དང༌། སྲོག་མེད་པ་དང་གང་ཟག་མེད་པ་ཞེས་གསུངས་པའི་ཕྱིར་རོ། །ཆོས་ལ་བདག་མེད་པར་མཐོང་བ་ནི་ངོ་བོ་ཉིད་ཀྱི་སྟོང་པ་ཞེས་གསུངས་པའི་ཕྱིར་རོ། །གང་ཟག་དང་ཆོས་དེ་གཉིས་ཀ་ཡང་གཡོ་བ་མེད་དེ།


DTG113_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་མེད་པས་བྱེད་པ་པོ་མེད་པར་མཐོང་བ་ནི་བྱེད་པ་པོ་དང༌། ཚོར་བ་པོ་མེད་པ་ཞེས་གསུངས་པའི་ཕྱིར་རོ། །མཚན་མ་མེད་པ་ནི་མི་མཐུན་པའི་ཕྱོགས་ཡིད་ཙམ་ཉམས་པ་དང༌། གཉེན་པོ་རྙེད་པ་དང༌། མཚན་མ་ཀུན་དུ་མི་འབྱུང་བ་དང་རྣམ་པ་གསུམ་གྱིས་ཡོངས་སུ་སྟོན་ཏེ། གང་གི་ཕྱིར་དེ་སྲིད་པའི་ཡན་ལག་དེ་དག་གི་རང་བཞིན་འགགས་ཤིང་རྣམ་པར་ཐར་པ་ལས་ཤིན་ཏུ་ཉེ་བར་གནས་པས་ཆོས་ཀྱི་མཚན་མ་གང་ཡང་མི་སྐྱེ་སྟེ། དེའི་ཕྱིར་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོ་སྐྱེ་བ་ཡིན་ནོ་ཞེས་གསུངས་པའོ། །དེ་ལ་མི་མཐུན་པའི་ཕྱོགས་ཡིད་ཙམ་ཉམས་པ་ནི་སྲིད་པའི་ཡན་ལག་རྣམས་ཀྱི་རང་བཞིན་འགག་ཅེས་གསུངས་པའི་ཕྱིར་རོ། །གཉེན་པོ་རྙེད་པ་ནི་རྣམ་པར་ཐར་པ་ཤིན་ཏུ་ཉེ་བར་གནས་པས་ཞེས་གསུངས་པའི་ཕྱིར་རོ། །མཚན་མ་ཀུན་དུ་མི་འབྱུང་བ་ནི་ཆོས་ཀྱི་མཚན་མ་གང་ཡང་མི་སྐྱེ་ཞེས་གསུངས་པའི་ཕྱིར་རོ། །སྨོན་པ་མེད་པ་ནི་གནས་དང༌། རང་བཞིན་དང༌། ཁྱད་པར་དང་རྣམ་པ་གསུམ་གྱིས་རིག་པར་བྱ་སྟེ། གང་གི་ཕྱིར་དེ་དེ་ལྟར་སྟོང་པ་ཉིད་དང༌། མཚན་མ་མེད་པ་ལ་ཞུགས་པས་སྙིང་རྗེ་ཆེན་པོ་སྔོན་དུ་གཏོང་ཞིང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་མ་གཏོགས་པར་འདོད་པ་གང་ཡང་མི་སྐྱེ་སྟེ། དེ་ལྟར་དེའི་སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་སྐྱེས་པ་ཡིན་ནོ་ཞེས་གསུངས་པའོ། །དེ་ལ་སྟོང་པ་ཉིད་དང་མཚན་མ་མེད་པ་ལ་འཇུག་པའི་གནས་ཀྱི་སྨོན་པ་མེད་པ་སྒྲུབ་པའི་ཕྱིར། སྟོང་པ་ཉིད་དང་མཚན་མ་མེད་པ་ལ་འཇུག་པ་ནི་གནས་སོ། །མངོན་པར་འདོད་པ་མི་སྐྱེ་བ་ནི་རང་བཞིན་ཏེ་སྨོན་པ་མེད་པའི་རང་བཞིན་ནི་མངོན་པར་འདོད་པ་མེད་པའོ། །སྙིང་རྗེ་ཆེན་པོ་སྔོན་དུ་གཏོང་ཞིང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནི་མངོན་པར་འདོད་པ་ཁྱད་པར་ཅན་ཏེ་ཉན་ཐོས་ཀྱི་སྨོན་པ་མེད་པའི་རང་བཞིན་ཡང་མངོན་པར་འདོད་པ་མེད་པ་ཡིན་མོད་ཀྱི། དེ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་མངོན་པར་འདོད་པ་སྤངས་པའོ། །དེ་ལ་མི་མཐུན་པའི་ཕྱོགས་ཉམས་པའི་ཁྱད་པར་ནི་འདུ་ཤེས་རྣམ་པ་གསུམ་དང་བྲལ་བ་སྟེ། གང་གི་ཕྱིར་དེ་རྣམ་པར་ཐར་པའི་སྒོ་གསུམ་པོ་འདི་དག་བསྒོམས་པས་བདག་དང་གཞན་གྱི་འདུ་ཤེས་དང་བྲལ་བ་དང༌། བྱེད་པ་པོ་དང་ཚོར་བ་པོའི་འདུ་ཤེས་དང་བྲལ་བ་


DTG113_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཡོད་པ་དང་མེད་པའི་འདུ་ཤེས་དང་བྲལ་བས་ཞེས་གསུངས་པ་སྟེ། དེ་ཡང་ས་ལྔ་པ་ལ་སེམས་ཀྱི་བསམ་པ་མཉམ་པ་ཉིད་རྣམས་དང༌། ས་བཞི་པ་ལས་ལྷག་པར་གཡོ་བ་ལ་སོགས་པ་དང་བྲལ་བ་དང༌། ས་དྲུག་པ་འདི་ལ་ཆོས་མཉམ་པ་ཉིད་རྣམས་དང་གོ་རིམས་བཞིན་དུ་རིག་པར་བྱའོ། །དེ་ལ་སྒྲུབ་པའི་ཁྱད་པར་ནི་རྣམ་པ་གཉིས་ཏེ། གོ་ཆའི་སྒྲུབ་པ་དང་སྐྱེས་བུའི་བྱེད་པའི་སྒྲུབ་པའོ། །གོ་ཆའི་སྒྲུབ་པ་འདུས་བྱས་ལ་ཉེས་པ་མང་པོའི་སྐྱོན་ཆགས་པར་ཡོངས་སུ་ཤེས་པས་ལས་དང་ཉོན་མོངས་པའི་འཆིང་བ་དང༌། སྐྱེ་བའི་ཚོགས་པ་སྤོང་བ་སེམས་ཅན་གྱི་དོན་བྱེད་པ་ཁྱད་པར་ཅན་ཏེ། གང་གི་ཕྱིར་དེ་བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་མ་གྲུབ་པ་རྣམས་ཡོངས་སུ་གྲུབ་པར་བྱ་བའི་ཕྱིར་དང༌། སྙིང་རྗེ་ཆེན་པོ་སྔོན་དུ་བཏང་སྟེ། དེ་བས་ཀྱང་ཤས་ཆེར་ཤིན་ཏུ་བརྩོན་པར་བྱེད་དོ། །དེ་འདི་སྙམ་དུ་སེམས་ཏེ། ཀུན་དུ་སྦྱོར་བ་ལས་ནི་འདུས་བྱས་འབྱུང་ངོ༌། །བྲལ་བ་ལས་ནི་འདུས་བྱས་མི་འབྱུང་ངོ༌། །ཚོགས་པ་ལས་ནི་འདུས་བྱས་འབྱུང་ངོ༌། །མ་ཚོགས་པ་ལས་ནི་འདུས་བྱས་མི་འབྱུང་ངོ༌། །དེ་ལྟས་བདག་གིས་འདུས་བྱས་པ་ཉེས་པ་མང་པོའི་སྐྱོན་ཆགས་པ་དེ་ལྟ་བུ་འདི་ཤེས་པར་བྱས་ལ་ཀུན་དུ་སྦྱོར་བ་འདི་དང་ཚོགས་པ་འདིའི་རྒྱུན་གཅད་པར་ཡང་མི་བྱ་ཞིང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདུ་བྱེད་རྣམས་ཤིན་ཏུ་ཞི་བ་ཐོབ་པར་ཡང་མི་བྱའོ་སྙམ་མོ་ཞེས་གསུངས་པའོ། །སྐྱེས་བུའི་བྱེད་པའི་སྒྲུབ་པ་ནི་རྣམ་པར་སུན་འབྱིན་པའི་གཉེན་པོས་ཉེས་པ་མང་པོའི་སྐྱོན་ཆགས་པར་སོ་སོར་རྟོག་པ་དང༌། སྤོང་བའི་གཉེན་པོས་རང་དང་སྤྱིའི་མཚན་ཉིད་རང་བཞིན་གྱིས་མེད་པ་སོ་སོར་རྟོག་པར་རིག་པར་བྱ་སྟེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་དག་དེ་དེ་ལྟར་འདུ་བྱེད་དུ་གྱུར་པ་ཉེས་པ་མང་པོའི་སྐྱོན་ཆགས་ཤིང་རང་བཞིན་གྱི་ངོ་བོ་ཉིད་མེད་པ་དང༌། མ་སྐྱེས་མ་འགགས་པར་སོ་སོར་རྟོག་པ་ན་ཞེས་གསུངས་པའོ། །དེ་ལ་གནས་པའི་ཁྱད་པར་ནི་ཡེ་ཤེས་དང༌། སྙིང་རྗེའི་ཁྱད་པར་དང་ལྡན་པས་མི་གནས་པའི་ལམ་ལ་བརྟེན་ནས་ཆགས་པ་མེད་པའི་ཡེ་ཤེས་མངོན་དུ་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མངོན་དུ་གྱུར་བ་ཡིན་པ་དང༌། འདུས་བྱས་དང་མྱ་ངན་ལས་འདས་པ་གཉིས་མཉམ་པ་ཉིད་དུ་རྟོགས་པ་ཡིན་པར་རིག་


DTG113_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་སྟེ། དེ་དང་མི་འགྲོགས་ཤིང་མི་གནས་ཏེ། དེའི་ཚོགས་ཡོངས་སུ་མ་རྫོགས་པའི་ཕྱིར་ཏེ། གང་གི་ཕྱིར་སྙིང་རྗེ་ཆེན་པོ་མངོན་པར་སྒྲུབ་པ་དང༌། སེམས་ཅན་གྱི་ཚོགས་ཡོངས་སུ་མི་གཏོང་བས་ཆགས་པ་མེད་པའི་ཡེ་ཤེས་ལ་མངོན་པར་ཕྱོགས་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གནས་པ་སྣང་བའི་ཚུལ་གྱིས་མངོན་སུམ་དུ་འགྱུར་རོ། །དེ་ཡེ་ཤེས་དེ་ལྟ་བུ་དང་ལྡན་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་སྣང་བར་གྱུར་ནས་བྱང་ཆུབ་ཀྱི་ཡན་ལག་སྡུད་པའི་རྐྱེན་རྣམས་ཀྱང་ཉེ་བར་བསྒྲུབས་ལ་འདུས་བྱས་དང་འགྲོགས་པར་ཡང་མི་གནས་སོ། །འདུ་བྱེད་རྣམས་ལ་རང་བཞིན་གྱིས་ཞི་བར་ཡང་སོ་སོར་རྟོག་ལ། བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་མ་རྫོགས་པའི་ཕྱིར། དེ་ལ་ཡང་མི་གནས་ཏེ་ཞེས་གསུངས་པའོ། །དེ་ལ་ཆགས་པ་མེད་པའི་ཡེ་ཤེས་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་སུ་རིག་པར་བྱའོ། །ཡོངས་སུ་མ་གྲུབ་པའི་ཕྱིར་སྣང་བའི་ཚུལ་གྱིས་ཞེས་བྱའོ། །དེ་ལ་ཏིང་ངེ་འཛིན་གྱི་ཁྱད་པར་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དེའི་འཁོར་དང་བཅས་པ་རྣམ་པ་བཅུ་སྟེ། བྱང་ཆུབ་སེམས་དཔའི་ས་མངོན་དུ་གྱུར་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་འདི་ལ་འཇུག་པ་སྟོང་པ་ཞེས་བྱ་བའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་དང་དོན་དམ་པ་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང་མཚུངས་པར་ལྡན་པ་སྟོང་པ་ཉིད་དང༌། མངོན་པར་སྒྲུབ་པ་སྟོང་པ་ཉིད་དང༌། ཇི་ལྟ་བ་བཞིན་དུ་རྣམ་པར་མི་རྟོག་པ་སྟོང་པ་ཉིད་དང༌། ལྟ་བ་དང་བཅས་པ་སྟོང་པ་ཉིད་དང༌། བྲལ་བ་དང་མ་བྲལ་བ་སྟོང་པ་ཉིད་དང་ཞེས་བྱ་བའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་ཏེ། དེ་དག་ལ་སོགས་པ་སྟོང་པ་ཉིད་ཀྱི་སྒོའི་ཏིང་ངེ་འཛིན་ས་ཡ་དག་དེ་ལ་མངོན་སུམ་དུ་འགྱུར་རོ། །དེ་བཞིན་དུ་མཚན་མ་མེད་པའི་སྒོའི་ཏིང་ངེ་འཛིན་ས་ཡ་དག་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་ས་ཡ་དག་མངོན་དུ་འགྱུར་རོ་ཞེས་གསུངས་པའོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དེ་ཡང་རྒྱུ་བཞིས་རྣམ་ལར་གཞག་པར་རིག་པར་བྱ་སྟེ། དམིགས་པས་ནི་བཞི་པ་མ་གཏོགས་པ་ལྔ་པོ་དག་སྟེ། གང་ཟག་ལ་བདག་མེད་པ་ལ་དམིགས་པས་འཇུག་པ་སྟོང་པ་ཉིད་དོ། །ཆོས་ལ་བདག་མེད་པ་ལ་དམིགས་པས་རང་བཞིན་སྟོང་པ་ཉིད་དོ། །དེ་ལ་འཛིན་པ་སྟོང་པ་ཉིད་ལ་


DTG113_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པས་དོན་དམ་པ་སྟོང་པ་ཉིད་དོ། །དེའི་གནས་ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་པས་ཆེན་པོ་སྟོང་པ་ཉིད་དོ། །འཇུག་པའི་རྣམ་པར་ཤེས་པ་ལ་དམིགས་པས་མཚུངས་པར་ལྡན་པ་སྟོང་པ་ཉིད་དོ། །བག་ཡོད་པ་ཡོངས་སུ་འཛིན་པས་བཞི་པ་རྣམ་པར་གཞག་སྟེ། ཤིན་ཏུ་བསྒོམ་པའི་ཕྱིར་བསྒོམས་པས་ཆོག་མི་ཤེས་པས་དམ་པ་སྟོང་པ་ཉིད་དོ། །ཁྱད་པར་ཞུགས་པ་ཐོབ་པས་ནི་བདུན་པ་སྟེ། ཡོན་ཏན་ཁྱད་པར་ཞུགས་པས་ཐོབ་པར་བྱེད་པས་མངོན་པར་སྒྲུབ་པ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །རྒྱུ་ཉིད་ཀྱིས་ནི་ལྷག་མ་རྣམས་ཏེ་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་རྒྱུར་གྱུར་པས་ཇི་ལྟ་བ་བཞིན་དུ་རྣམ་པར་དག་པའི་མི་རྟོག་པ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་རྒྱུར་གྱུར་པས་ལྟ་བ་དང་བཅས་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །བསམས་བཞིན་དུ་སྲིད་པ་ཡོངས་སུ་འཛིན་པའི་རྒྱུར་གྱུར་པས་བྲལ་བ་དང༌། མ་བྲལ་བ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏེ་སྲིད་པ་ཡོངས་སུ་འཛིན་པ་དེ་ལྟ་བུ་དེ་ནི་ཀུན་ནས་ཉོན་མོངས་པ་དང་མི་ལྡན་པ་དང༌། སྲིད་པའི་མཚན་ཉིད་དང་མི་ལྡན་པ་མ་ཡིན་པས། དེའི་ཕྱིར་བྲལ་བ་དང་མ་བྲལ་བས་རབ་ཏུ་ཕྱེའོ། །དེ་ལ་བསམ་པའི་ཁྱད་པར་ནི་བརྟན་པའི་ཕྱིར་མི་ཕྱེད་པའི་བསམ་པ་སྟེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའི་ས་མངོན་དུ་གྱུར་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་བས་ཀྱང་ཤེས་ཆེར་མི་ཕྱེད་པའི་བསམ་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་གསུངས་པའོ། །མི་ཕྱེད་པའི་བསམ་པ་ཉིད་དེ་ཡང་དོན་རྣམ་པ་དགུར་རིག་པར་བྱ་སྟེ། དམིགས་པ་ལ་མོས་པ་ངེས་པ་ནི་གང་གི་ཕྱིར་ངེས་པའི་བསམ་པ་ཉིད་ཅེས་གསུངས་པའོ། །འཁྲུག་པ་ལ་མི་བརྗེད་པ་ནི་གང་གི་ཕྱིར་དགེ་བའི་བསམ་པ་ཉིད་ཅེས་གསུངས་པའོ། །གསང་བའི་གནས་ལ་མི་སྐྲག་པ་ནི་གང་གི་ཕྱིར་ཟབ་པའི་བསམ་པ་ཉིད་ཅེས་གསུངས་པའོ། །ཐེག་པ་ལས་མི་གཡོ་བ་ནི་གང་གི་ཕྱིར་ཕྱིར་མི་ལྡོག་པའི་བསམ་པ་ཉིད་ཅེས་གསུངས་པའོ། །བརྩོན་འགྲུས་རྩོམ་པ་ནི་གང་གི་ཕྱིར་རྒྱུན་མི་འཆད་པའི་བསམ་པ་ཉིད་ཅེས་གསུངས་པའོ། །སེར་སྣ་དང་འཆལ་བའི་ཚུལ་ཁྲིམས་གྱི་དྲི་མ་དང་བྲལ་བ་ནི་གང་གི་ཕྱིར་དྲི་མ་མེད་པའི་བསམ་པ་ཉིད་ཅེས་


DTG113_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའོ། །སེམས་ཅན་གྱི་དོན་བྱེད་པ་ནི་གང་གི་ཕྱིར་མཐའ་ཡས་པའི་བསམ་པ་ཉིད་ཅེས་གསུངས་པའོ། །རྣམ་པར་ཐར་པ་མཆོག་འདོད་པ་ནི་གང་གི་ཕྱིར་ཡེ་ཤེས་ལ་མངོན་པར་དད་པའི་བསམ་པ་ཉིད་ཅེས་གསུངས་པའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྦྱོར་བ་ནི་གང་གི་ཕྱིར་ཐབས་དང་ཤེས་རབ་དང་ལྡན་པའི་བསམ་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་ཏེ་ཞེས་གསུངས་པའོ། །དེ་ནི་བྱང་ཆུབ་སེམས་དཔའི་བསམ་པ་དེ་དག་ནི་དེ་བཞིན་གཤེགས་པའི་བྱང་ཆུབ་ལ་ཤིན་ཏུ་སོང་བ་ཡིན་ནོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་ཁྱད་པར་ཐོབ་པས་རིང་དུ་ཞུགས་པའི་ཕྱིར་རོ། །དེ་ལ་ནུས་པའི་ཁྱད་པར་ནི་རྣམ་པ་དགུར་རིག་པར་བྱ་སྟེ་ནུས་པ་རྣམ་པ་དགུ་ལ་ཕས་ཀྱི་རྒོལ་བ་ཚར་གཅོད་པའི་ནུས་པ་ནི་གང་གི་ཕྱིར་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཕྱིར་མི་ལྡོག་པའི་ཕྱིར་བརྩོན་འགྲུས་དང་ལྡན་པ་ཡིན་ཞེས་གསུངས་པའོ། །ཐེ་ཚོམ་གཅོད་པའི་ནུས་པ་ནི་གང་གི་ཕྱིར་ཡེ་ཤེས་ཀྱི་ས་ལ་ཡང་དག་པར་ཞུགས་པ་ཡིན་ཞེས་གསུངས་པའོ། །ཐེག་པ་ལས་མི་གཡོ་བའི་ནུས་པ་ནི་གང་གི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་རྣམས་ལས་ལོག་པ་ཡིན་ཞེས་གསུངས་པའོ། །གསང་བའི་གནས་ལ་མོས་པའི་ནུས་པ་ནི་གང་གི་ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་ལ་མངོན་དུ་ཕྱོགས་པར་གཅིག་ཏུ་ངེས་པ་ཡིན་ཞེས་གསུངས་པའོ། །རྣམ་པར་མི་འདོར་བའི་ནུས་པ་ནི་གང་གི་ཕྱིར་བདུད་དང་ཉོན་མོངས་པ་ཀུན་དུ་འབྱུང་བ་ཐམས་ཅད་ཀྱིས་མི་འཕྲོགས་པ་ཡིན་ཞེས་གསུངས་པའོ། །ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་དབང་དུ་བྱས་ནས་གཉེན་པོ་བརྟན་པའི་ནུས་པ་ནི་གང་གི་ཕྱིར། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་སྣང་བ་ལ་ཤིན་ཏུ་གནས་པ་ཡིན་ཞེས་གསུངས་པའོ། །གཉེན་པོ་ཤིན་ཏུ་རྒྱས་པའི་ནུས་པ་ནི་གང་གི་ཕྱིར་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཆོས་ཀུན་དུ་སྤྱད་པ་རྣམས་ཤིན་ཏུ་ཡོངས་སུ་བསྒོམ་པ་ཡིན་ཞེས་གསུངས་པའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ནུས་པ་ནི་གང་གི་ཕྱིར་ཐབས་དང་ཤེས་རབ་ཀྱིས་རྣམ་པར་དཔྱད་པ་རྣམས་དང་ལྡན་པ་ཡིན་ཞེས་གསུངས་པའོ། །ཤེས་བྱའི་སྒྲིབ་པ་རྣམ་པར་དག་


DTG113_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནུས་པ་ནི་གང་གི་ཕྱིར། བྱང་ཆུབ་ཀྱི་ཕྱོགས་པའི་ཆོས་རྣམས་མངོན་པར་བསྒྲུབས་པས་རྣམ་པར་རྒྱས་པ་ཡིན་ནོ་ཞེས་གསུངས་པའོ། །བྱང་ཆུབ་སེམས་དཔའི་ས་མངོན་དུ་གྱུར་པ་འདི་ལ་གནས་པ་དེ་ཆོས་དེ་དག་ལ་ཇི་ལྟ་བ་བཞིན་དུ་མཐུན་པར་མི་བྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཆེས་ཤས་ཆེ་ཞིང༌། རྗེས་སུ་མཐུན་པའི་བཟོད་པ་རྣོན་པོ་གཉིས་པ་སྐྱེས་པ་ཡིན་ནོ་ཞེས་བྱ་བ་དེ་ལ་ཆོས་དེ་དག་ཅེས་བྱ་བ་ནི་ནུས་པའི་ཁྱད་པར་གྱིས་བསྡུས་པ་བསྟན་མ་ཐག་པ་རྣམས་སོ། །བྱང་ཆུབ་སེམས་དཔའི་ས་མངོན་དུ་གྱུར་པ་འདི་ལ་གནས་པ་དེ་ལ་སངས་རྒྱས་མང་པོ་སྣང་བར་འགྱུར་ཞེས་བྱ་བ་ཐམས་ཅད་སྔ་མ་བཞིན་ནོ། །དེ་དག་ལས་ཆོས་བསྟན་པ་ཉན་ཏོ། །ཐོས་ནས་ཀྱང་ཇི་ལྟ་བ་བཞིན་དུ་སྙོམས་པར་འཇུག་པ་དང༌། ཤེས་རབ་དང་ཡེ་ཤེས་ཀྱི་སྣང་བས་རབ་ཏུ་སྦྱོར་རོ་ཞེས་བྱ་བ་ནི་དོན་གྱི་གཟུངས་ཐོབ་པར་ཡོངས་སུ་སྟོན་ཏེ། དེའི་རྒྱུ་བསྟན་པའི་ཕྱིར་རོ། །གཟུངས་དེ་ནི་ཏིང་ངེ་འཛིན་གྱི་ཁྱད་པར་ལ་བརྟེན་པའི་ལྷག་མཐོང་དང༌། ཞི་གནས་ཀྱི་སྣང་བ་ལ་སྦྱོར་བས་ཐོབ་བོ། །ནན་ཏན་གྱིས་ཀྱང་འཛིན་ཏེ་ཞེས་བྱ་བ་ནི་དེའི་སྒྲིབ་པ་ལས་རྣམ་པར་གྲོལ་ནས་དོན་དེ་ལ་རེག་པའོ། །གསེར་གྱི་ས་ལེ་སྦྲམ་བཻ་ཌཱུཪྻས་ཕྱིས་པའི་དཔེས་ནི་ས་འདི་ལ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་འཕེལ་བར་གྱུར་ནས་ཆེས་འོད་གསལ་བ་ཡོངས་སུ་སྟོན་ཏེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན་གསེར་གྱི་ས་ལེ་སྦྲམ་དེ་ཉིད་བཻ་ཌཱུཪྻས་ཕྱིས་ནས་དེ་བས་ཀྱང་ཤས་ཆེར་རབ་ཏུ་བྱང་ཞིང་ཤིན་ཏུ་འོད་གསལ་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་མངོན་དུ་གྱུར་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཐབས་དང་ཤེས་རབ་ཀྱིས་རྣམ་པར་དཔྱད་པ་དེ་དག་ཀྱང༌། དེ་བས་ཤས་ཆེར་རབ་ཏུ་བྱང་ཞིང་ཤིན་ཏུ་འོད་གསལ་བར་འགྱུར་རོ་ཞེས་གསུངས་པའོ། །ཆགས་པ་མེད་པའི་ཡེ་ཤེས་ལ་མངོན་པར་ཕྱོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མངོན་དུ་གྱུར་ཞེས་བྱའོ། །ཐབས་དང་ཤེས་རབ་ཀྱིས་རྣམ་པར་དཔྱད་པ་ཞེས་བྱ་བ་ནི་མི་གནས་པའི་ལམ་གྱིས་བསྡུས་པའི་ཤེས་རབ་ཀྱིས་སོ། །ཟླ་བའི་འོད་ཀྱི་དཔེས་ནི་འོད་ཀྱི་དཀྱིལ་འཁོར་གྱི་དཔེས་བསྟན་པས་སྔ་མའི་ཡེ་ཤེས་


DTG113_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྒྱ་ཆེ་བའི་ཕྱིར་བྱེ་བྲག་སྟོན་ཏེ། འོད་ཆུང་བ་ནི་དཀྱིལ་འཁོར་རོ། །ཆེ་བ་ནི་འོད་དེ། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ་དཔེར་ན། ཟླ་བའི་འོད་དེ་ནི་སེམས་ཅན་གྱི་ལུས་རྣམས་ཀྱང་སིམ་པར་བྱེད་ལ། རླུང་གི་དཀྱིལ་འཁོར་བཞིས་ཀྱང་མི་འཕྲོགས་པ་ཡིན་ནོ།། ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་མངོན་དུ་གྱུར་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་དེའི་དགེ་བའི་རྩ་བ་དེ་དག་ཀྱང་སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མའི་ཉོན་མོངས་པ་འབར་བ་རྣམས་ཀྱང་རབ་ཏུ་ཞི་བར་བྱེད་ཅིང༌། བདུད་བཞིའི་ལམ་གྱི་སྤྱོད་བ་ངན་པ་དག་གིས་ཀྱང་མི་འཕྲོགས་པ་ཡིན་ནོ་ཞེས་བྱ་བ་ལ་བདུད་བཞིའི་ལམ་གྱི་སྤྱོད་པ་ངན་པ་རྣམས་ནི་བདུད་ཀྱིས་འཇུག་པར་བྱེད་པ་དག་ཡིན་པར་ཤེས་པར་བྱའོ། །ལྷག་མ་རྣམས་ནི་སྔ་མའི་ཚུལ་གྱིས་ཅི་རིགས་པར་ཁོང་དུ་ཆུད་པར་བྱའོ། །འཕགས་པ་ས་བཅུ་པ་ལས་ས་དྲུག་པའི་རྣམ་པར་བཤད་པ་རྫོགས་སོ།། །།བམ་པོ་བཅུ་པ། ས་བདུན་པ་ནི་མངོན་པར་འདུ་བྱེད་པ་མེད་པ་མངོན་པར་དགའ་བའི་གཉེན་པོ་རྣམ་པར་གཞག་པ་དང༌། དེའི་རྣམ་པར་གཡེང་བའི་གཉེན་པོ་རྣམ་པར་གཞག་པ་དང༌། ཟུང་དུ་འབྲེལ་པའི་ལམ་འཐོབ་པ་རྣམ་པར་གཞག་པ་དང། ས་སྔ་ཕྱི་ལས་ཁྱད་པར་རྣམ་པར་གཞག་པ་དང༌། དེའི་འབྲས་བུ་རྣམ་པར་གཞག་པ་དང༌། རྣམ་པ་ལྔས་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་མངོན་པར་འདུ་བྱེད་པ་མེད་པ་ལ་མངོན་པར་དགའ་བའི་གཉེན་པོ་ནི་ཐབས་དང་ཤེས་རབ་ཀྱིས་ཡང་དག་པར་སྐྱེད་པའི་ལམ་གཞན་རྩོམ་པའི་ཁྱད་པར་བཅུ་པོ་དག་སྟེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་དྲུག་པ་ལ་ལམ་ཤིན་ཏུ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་ས་བདུན་པ་གནོན་ཏེ། དེ་ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་ཀྱིས་མངོན་པར་སྒྲུབ་པའི་ལམ་གཞན་རྩོམ་པའི་ཁྱད་པར་བཅུས་གནོན་ཏོ་ཞེས་གསུངས་པའོ། །བྱང་ཆུབ་སེམས་དཔའ་དེ་ནི་ཆགས་པ་མེད་པའི་ཡེ་ཤེས་ལ་མངོན་པར་ཕྱོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མངོན་དུ་གྱུར་པས་མངོན་པར་འདུ་བྱེད་པ་མེད་པ་ཉིད་ལ་སེམས་དགའ་བ་ཡིན་གྱི། མངོན་པར་མཐོ་བའི་


DTG113_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་འདུ་བྱེད་པ་ལ་ནི་མ་ཡིན་ཏེ། དེ་ལ་མངོན་པར་དགའ་བའི་གཉེན་པོར་དེ་དག་རྣམ་པར་གཞག་གོ །ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་ནི་ཆོས་ལ་བདག་མེད་པའི་ཡེ་ཤེས་སེམས་ཅན་ལ་ལྟ་བ་དང་བཅས་པའོ། །ལམ་གཞན་རྩོམ་པའི་ཁྱད་པར་ནི་གཉེན་པོས་ཡོངས་སུ་ཟིན་པ་མངོན་པར་མཐོ་བའི་ལམ་མོ། །དེ་ནི་འཇིག་རྟེན་ལས་འདས་པའི་གཞན་དང༌། འཇིག་རྟེན་པའི་མངོན་པར་མཐོ་བའི་ལམ་ལས་གཞན་དུ་གྱུར་པའོ། །ཡོན་ཏན་རྣམ་པ་བཞིས་ཁྱད་པར་དུ་འཕགས་པ་སྟེ། ཇི་ལྟར་འདོད་པ་དང༌། ཇི་སྲིད་འདོད་པའི་བར་དུ་ལོངས་སྤྱོད་དང༌། ལུས་ཀྱི་ཁྱད་པར་ཐོབ་པའི་རྒྱུ་བསོད་ནམས་སོགས་པས་ལོངས་སྤྱོད་དང༌། ལུས་ཀྱི་ཁྱད་པར་གྱི་རྒྱུ་ཉིད་ནི་གང་གི་ཕྱིར་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ཤིན་ཏུ་བསྒོམ་པའི་ཡིད་དང་ལྡན་ལ། བསོད་ནམས་ཀྱི་ཚོགས་ཆེན་པོ་བ་སོགས་པ་ཡིན་ཞེས་གསུངས་པའོ། །དེ་ལྟར་ཁྱད་པར་ཐོབ་པ་ཚད་མེད་པ་བསྒོམས་པས་སེམས་ཅན་རྣམས་ལ་ལོག་པར་མི་སྒྲུབ་པའི་ཕྱིར། ཉེས་པར་སྤྱོད་པ་ལས་ཀུན་དུ་བསྲུང་བའི་རྒྱུ་ཉིད་ནི་གང་གི་ཕྱིར་བདག་མེད་པ་དང༌། སྲོག་མེད་པ་དང་གང་ཟག་མེད་པའི་ཆོས་རྣམས་ལ་ཡང་འཇུག་ལ་ཚད་མེད་པ་བཞི་མངོན་པར་སྒྲུབ་པ་ཡང་མི་གཏོང་བ་ཡིན་ཞེས་གསུངས་པའོ། །བསོད་ནམས་ཀྱི་རང་བཞིན་གྱི་ཆོས་ཀྱི་ཚོགས་མངོན་པར་འདུ་བྱེད་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ལེགས་པར་བྱེད་པས། དེའི་ཁྱད་པར་འཐོབ་པའི་རྒྱུ་འཕེལ་བའི་ཕྱིར། དགེ་བའི་རྩ་བ་ཀུན་དུ་བསྲུང་བའི་རྒྱུ་ཉིད་ནི་གང་གི་ཕྱིར། བསོད་ནམས་ཀྱི་ཆོས་ཀྱི་ཚོགས་ཕ་རོལ་ཏུ་ཕྱིན་པ་མངོན་པར་འདུ་བྱ་བ་ཡང་མངོན་པར་འདུ་བྱེད་ལ། ཆོས་གང་ལ་ཡང་མངོན་པར་ཞེན་པ་མེད་པ་ཡིན་ཞེས་གསུངས་པའོ། །སེམས་ཅན་ལ་ཕན་འདོགས་པའི་རྒྱུ་ཉིད་ནི་སེམས་ཅན་ལ་ཕན་འདོགས་པ་དེ་ཡང་སྒོ་བདུན་ནས་རིག་པར་བྱ་སྟེ། གཙོ་བོ་དང་མཐུན་པར་བྱེད་པས་གཙོ་བོས་སེམས་ཅན་གཞན་འདུལ་བའི་ཕྱིར་བསམ་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་ནི། གང་གི་ཕྱིར་ཁམས་གསུམ་པ་ཐམས་ཅད་ལས་དབེན་པར་གྱུར་པ་ཡང་ཐོབ་ལ། ཁམས་གསུམ་པའི་རྒྱན་རྣམ་པར་སྒྲུབ་པ་མངོན་པར་བསྒྲུབ་པ་ཡང་མངོན་པར་སྒྲུབ་པ་ཡིན་ནོ་ཞེས་གསུངས་


DTG113_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཀུན་ནས་དཀྲིས་པ་དང༌། བག་ལ་ཉལ་འགགས་པས་ཤིན་ཏུ་ཞི་ཞིང་ཉེ་བར་ཞི་བས་ཉོན་མོངས་པ་རབ་ཏུ་ཞི་བར་བྱ་བའི་ཕྱིར་གཉེན་པོ་སྟོན་པ་ནི། གང་གི་ཕྱིར་ཉོན་མོངས་པ་དང་འབར་བ་ཐམས་ཅད་དང་བྲལ་བས་ཤིན་ཏུ་ཞི་ཞིང་ཉེ་བར་ཞི་བ་ཡང་ཡིན་ལ། སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་དང༌། ཞེ་སྡང་དང་གཏི་མུག་གི་ཉོན་མོངས་པ་འབར་བ་རབ་ཏུ་ཞི་བར་བྱ་བ་མངོན་པར་བསྒྲུབ་པ་ཡང་མངོན་པར་སྒྲུབ་པ་ཡིན་ཞེས་གསུངས་པའོ། །ས་ལྔ་པ་ལས་གནོད་པ་རྣམས་པ་བཞི་བསྟན་པ་གང་ཡིན་པའི་གནོད་པ་ཞི་བར་བྱེད་པ་ནི་གང་གི་ཕྱིར། སྒྱུ་མ་དང༌། རྨི་ལམ་དང༌། མིག་ཡོར་དང༌། སྒྲ་བརྙན་དང༌། ཆུ་ཟླ་དང༌། གཟུགས་བརྙན་དང་སྤྲུལ་པའི་རང་བཞིན་ལྟ་བུར་གཉིས་སུ་མེད་པར་ཡང་ཁོང་དུ་ཆུད་ལ། ལས་བྱ་བ་རྣམ་པར་ཕྱེ་བ་ཚད་མེད་པའི་བསམ་པ་མངོན་པར་བསྒྲུབ་པ་ཡང་མངོན་པར་སྒྲུབ་པ་ཡིན་ཞེས་གསུངས་པའོ། །ཆོས་མཉན་པའི་ཕྱིར་འཁོར་གྱི་དཀྱིལ་འཁོར་རྣམས་སུ་འདུ་བར་བྱེད་པ་ནི་གང་གི་ཕྱིར། ཞིང་གི་ཐ་གྲུ་ནམ་མཁའ་དང་མཉམ་པར་ཤིན་ཏུ་བསྒོམ་པའི་ཡིད་དང་ཡང་ལྡན་ལ། སངས་རྒྱས་ཀྱི་ཞིང་གི་རྒྱན་རྣམ་པར་སྒྲུབ་པ་མངོན་པར་བསྒྲུབ་པ་ཡང་མངོན་པར་སྒྲུབ་པ་ཡིན་ཞེས་གསུངས་པའོ། །ལྟ་བ་དང༌། མཉན་པ་དང༌། བསྙེན་བཀུར་བྱ་བ་དང་མཆོད་པར་སྦྱོར་བ་རྣམས་ཀྱི་བསོད་ནམས་འཕེལ་བར་བྱེད་པ་ནི། གང་གི་ཕྱིར་སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུའི་རང་བཞིན་དུ་ཡང་འཇུག་ལ། གཟུགས་དང༌། མཚན་དང་དཔེ་བྱད་བཟང་པོའི་རྒྱན་རྣམ་པར་བསྒྲུབ་པ་ཡང་མངོན་པར་སྒྲུབ་པ་ཡིན་ཞེས་གསུངས་པའོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་གང་གི་ཕྱིར། དེ་བཞིན་གཤེགས་པའི་གསུང་བརྗོད་དུ་མེད་ཅིང་སྒྲ་དབྱངས་དང་བྲལ་ཏེ། རང་བཞིན་གྱི་ཞི་བར་ཡང་མོས་ལ་དབྱངས་དང་ཡན་ལག་ཐམས་ཅད་རྣམ་པར་ཕྱེ་བས་རྣམ་པར་དག་པའི་རྒྱན་མངོན་པར་བསྒྲུབ་པ་ཡང་མངོན་པར་སྒྲུབ་པ་ཡིན་ཞེས་གསུངས་པའོ། །དྲིས་པ་ལུང་སྟོན་པ་ནི་གང་གི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་དུས་གསུམ་མཚན་ཉིད་གཅིག་ཏུ་ཐུགས་སུ་ཆུད་པ་ལ་ཡང་འཇུག་ལ་སེམས་ཅན་གྱི་བསམ་པ་བརྗོད་པའི་ཕྱིར། བསྐལ་པ་འགྲངས་པའི་མཚན་ཉིད་ཐ་དད་པ་ཤེས་པ་ལ་ཡང་འཇུག་པ་ཡིན་ཏེ་


DTG113_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པའོ། །དེ་དག་ནི་ལམ་གཞན་རྩོམ་པའི་ཁྱད་པར་བཅུ་པོ་གཉེན་པོ་ཡོངས་སུ་འཛིན་པ་དང་བཅས་པ་ཡིན་ནོ། །དེ་དག་གཉེན་པོ་ཡོངས་སུ་འཛིན་པ་ནི་སྟོང་པ་ཉིད་ལ་སོགས་པ་ཤིན་ཏུ་བསྒོམས་པ་དང༌། བདག་མེད་པའི་ཆོས་ལ་འཇུག་པ་ལ་སོགས་པས་ཅི་རིགས་པར་ཤེས་པར་བྱའོ། །འདི་དག་སྣང་བར་གྱུར་པས་ས་འདི་ལ་གནས་པ་ཡིན་ཏེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་དག་ཐབས་དང་ཤེས་རབ་ཀྱིས་མངོན་པར་སྒྲུབ་པའི་ལམ་གཞན་རྩོམ་པའི་ཁྱད་པར་བཅུ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ས་དྲུག་པ་ལས་རྣམ་པར་དབྱེ་བ་ཤིན་ཏུ་བྱས་པས་བྱང་ཆུབ་སེམས་དཔའི་ས་བདུན་པ་གནོན་ཏོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལམ་གྱི་ཚོགས་ཐབས་དང་ཤེས་རབ་ཀྱིས་མངོན་པར་སྒྲུབ་པའི་ལམ་གཞན་རྩོམ་པའི་ཁྱད་པར་བཅུ་པོ་སྣང་བར་གྱུར་པ་དེ་དག་མངོན་པར་བསྒྲུབས་པས། བྱང་ཆུབ་སེམས་དཔའི་ས་བདུན་པ་ནོན་ཞེས་བྱ་སྟེ་ཞེས་གསུངས་པའོ། །དེ་ལྟར་རེ་ཞིག་མངོན་པར་འདུ་བྱེད་པ་མེད་པ་ལ་མངོན་པར་དགའ་བའི་གཉེན་པོ་རྣམ་པར་གཞག་པས་ས་བདུན་པ་རྣམ་པར་གཞག་པར་རིག་པར་བྱའོ། །དེའི་འོག་ཏུ་དེའི་རྣམ་པར་གཡེང་བའི་གཉེན་པོ་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། ཚད་མེད་པའི་རྣམ་པ་བསྒོམ་པ་དང༌། མངོན་པར་འདུ་བྱེད་པ་མེད་པའི་ལམ་ལ་སྦྱར་བའོ། །དེ་ལ་ཚད་མེད་པའི་རྣམ་པ་བསྒོམ་པ་ནི། གང་གི་དོན་དུ་བྱེད་པ་དང༌། གནས་གང་ཡིན་པ་དང༌། གང་གི་དང༌། ཇི་ལྟ་བུ་དང༌། གང་དུ་དང༌། དེ་དག་ཐ་དད་པས་རྣམ་པ་བཅུར་རིག་པར་བྱའོ། །དེ་ལ་གང་དག་གི་དོན་དུ་བྱེད་པ་ཞེས་བྱ་བ་ནི་སེམས་ཅན་ཚད་མེད་པ་དེ་དག་ཡོངས་སུ་སྨིན་པར་བྱེད་པ་དང༌། གདུལ་བྱའི་ལས་ཚད་མེད་པ་བྱེད་པ་སྟེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའི་ས་བདུན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་སེམས་ཅན་གྱི་ཁམས་ཚད་མེད་པ་ལ་ཡང་འཇུག་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་དང༌། འདུལ་བའི་ཕྲིན་ལས་ཚད་མེད་པ་ལ་འཇུག་གོ་ཞེས་གསུངས་པའོ། །གནས་གང་ཡིན་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཚད་


DTG113_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དག་ན་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལ་བརྟེན་པ་སྟེ། གང་གི་ཕྱིར་འཇིག་རྟེན་གྱི་ཁམས་མང་པོ་ཚད་མེད་པ་ལ་ཡང་འཇུག་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཞིང་ཡོངས་སུ་དག་པ་ལ་ཡང་འཇུག་གོ་ཞེས་གསུངས་པའོ། །གང་གིས་ཞེས་བྱ་བ་ལ་ཆོས་ཐ་དད་པ་ཉིད་དང༌། ཡེ་ཤེས་ཚད་མེད་པ་མངོན་པར་རྟོགས་པ་ནི་གང་གི་ཕྱིར་ཆོས་ཐ་དད་པ་ཚད་མེད་པ་ལ་ཡང་འཇུག་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་མངོན་པར་རྫོགས་པར་ཐུགས་སུ་ཆུད་པ་ཚད་མེད་པ་ལ་ཡང་འཇུག་གོ་ཞེས་གསུངས་པའོ། །བསྐལ་པ་འགྲངས་པ་དང༌། དུས་གསུམ་ཚད་མེད་པར་རྟོགས་པས་ནི་གང་གི་ཕྱིར་བསྐལ་པ་འགྲངས་པ་ཚད་མེད་པ་རྟོགས་པ་ལ་ཡང་འཇུག་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དུས་གསུམ་ཐུགས་སུ་ཆུད་པ་ཚད་མེད་པ་ལ་ཡང་འཇུག་གོ་ཞེས་གསུངས་པའོ། །ཇི་ལྟ་བུ་ཞེས་བྱ་བ་ནི་རྣམ་པ་གསུམ་སྟེ། ལྷ་ཐ་དད་པ་ལ་མོས་པ་རྣམས་ལ་ལུས་དང་སེམས་འདྲ་བར་འཇུག་པས། དེ་དག་ལ་མོས་པ་བཟློག་པ་ནི་གང་གི་ཕྱིར། སེམས་ཅན་གྱི་མོས་པ་ཐ་དད་པའི་ཁྱད་པར་ཚད་མེད་པ་ལ་ཡང་འཇུག་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མིང་དང་གཟུགས་ཀྱི་སྐུ་ཐ་དད་པ་བསྟན་པ་ཚད་མེད་པ་ལ་ཡང་འཇུག་གོ་ཞེས་གསུངས་པའོ། །སྔོན་གྱི་བསམ་པ་ལས་བྱུང་བའི་དབང་པོ་རྟུལ་པོ་དང༌། འབྲིང་དང་རྣོན་པོ་རྣམས་ལ་ཅི་རིགས་པར་ཆོས་སྟོན་པ་ནི་གང་གི་ཕྱིར་སེམས་ཅན་རྣམས་ཀྱི་བསམ་པས་དབང་པོ་ཐ་དད་པ་ཚད་མེད་པ་ལ་ཡང་འཇུག་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་བརྗོད་པས་སེམས་ཅན་གཞན་ཚིམ་པར་མཛད་པ་ཚད་མེད་པ་ལ་ཡང་འཇུག་གོ་ཞེས་གསུངས་པའོ། །སེམས་ཅན་རྣམས་ཀྱི་སྤྱོད་པ་ཇི་ལྟ་བ་བཞིན་དུ་གཉེན་པོའི་གདམས་ངག་རྗེས་སུ་སྟོན་པ་ནི། གང་གི་ཕྱིར་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་ཐ་དད་པ་ཚད་མེད་པ་ལ་ཡང་འཇུག་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་རབ་འབྱམ་ཚད་མེད་པ་རྗེས་སུ་རྟོག་པ་ལ་ཡང་འཇུག་གོ་ཞེས་གསུངས་པའོ། །གང་དུ་ཞེས་བྱ་བ་ནི་ཐེག་པ་གསུམ་ལ་སྟེ། དེ་ལ་ཉན་ཐོས་ཀྱི་ཐེག་པ་ལ་ནི་གང་གི་ཕྱིར་ཉན་ཐོས་ཀྱི་ཐེག་པས་ངེས་པར་


DTG113_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ལ་མོས་པས་ཚད་མེད་པ་ལ་ཡང་འཇུག་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ལམ་བསྟན་པ་ཚད་མེད་པ་ལ་འཇུག་པ་ལ་ཡང་མོས་སོ་ཞེས་གསུངས་པའོ། །རང་སངས་རྒྱས་ཀྱི་ཐེག་པ་ལ་ནི་གང་གི་ཕྱིར་རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་སྒྲུབ་པ་འགྲུབ་པ་ལ་ཡང་འཇུག་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཟབ་མོའི་སྒོར་འཇུག་པ་བསྟན་པ་ཚད་མེད་པ་ལ་ཡང་འཇུག་གོ་ཞེས་གསུངས་པའོ། །ཐེག་པ་ཆེན་པོ་ལ་ནི་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བའི་ཚད་མེད་པ་ལ་ཡང་འཇུག་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐེག་པ་ཆེན་པོ་ཡང་དག་པར་སྒྲུབ་པ་ལ་འཇུག་པ་བསྟན་པ་ཚད་མེད་པ་ལ་ཡང་འཇུག་གོ་ཞེས་གསུངས་པའོ། །དེ་ལྟར་དེའི་རྣམ་པར་གཡེང་བའི་གཉེན་པོ་ཚད་མེད་པའི་རྣམ་པ་བསྒོམ་པ་བཅུ་བསྟན་ནས། མངོན་པར་འདུ་བྱེད་པ་མེད་པའི་ལམ་ལ་སྦྱོར་བ་སྟོན་ཏེ། གང་གི་ཕྱིར་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡུལ་དེ་ནི་དེ་ལྟར་ཚད་མེད་པ་སྟེ། དེ་ནི་བསྐལ་པ་བྱེད་བ་ཁྲག་ཁྲིག་འབུམ་ཕྲག་ཇི་སྙེད་པ་དེ་སྙེད་ཀྱིས་ཀྱང་བགྲང་བར་སླ་བ་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡུལ་དེ་བདག་གིས་ཡང་དག་པར་བསྐྱེད་པར་བྱའོ། །ལྷུན་གྱིས་གྲུབ་པ་དང༌། རྟོག་པ་མེད་པ་དང༌། རྣམ་པར་རྟོག་པ་མེད་པར་ཡོངས་སུ་རྫོགས་པར་བྱའོ་ཞེས་གསུངས་པའོ། །དེ་ལ་ངོ་བོ་ཉིད་དང་བྱེ་བྲག་ལ་རྣམ་པར་རྟོག་པ་མེད་པས་ལྷུན་གྱིས་གྲུབ་པ་ཉིད་དེ་རྟོག་པ་མེད་པ་དང༌། རྣམ་པར་རྟོག་པ་མེད་པ་ཞེས་བྱ་བའི་ཚིག་འོག་མ་གཉིས་ཀྱིས་སྟོན་ཏོ། །དེ་ལྟར་ལེགས་པར་སོ་སོར་བརྟག་པའི་ཡེ་ཤེས་དང༌། མངོན་པར་ཤེས་པ་དང་ལྡན་ཞིང་རྟག་པར་རྒྱུན་དུ་མངོན་པར་བརྩོན་པ་དེ། ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་བསྒོམ་པའི་ལམ་གཞན་རྩོམ་པའི་ཁྱད་པར་རྣམས་ལ་མི་གཡོ་བའི་ཚུལ་གྱིས་ཤིན་ཏུ་གནས་པ་ཡིན་ནོ་ཞེས་བྱ་བ་ནི་དེའི་རྣམ་པར་གཡེང་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །དེ་ལྟར་དེའི་རྣམ་པར་གཡེང་བའི་གཉེན་པོ་རྣམ་པར་གཞག་པས་ས་འདི་བསྟན་ནས་ཟུང་དུ་འབྲེལ་པའི་ལམ་འཐོབ་པ་རྣམ་པར་གཞག་པ་


DTG113_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་བཞིས་སྟོན་ཏེ། གཉིས་ཅིག་ཅར་དང༌། རྒྱུན་ཆགས་སུ་འབྱུང་བ་དང༌། མོས་པ་རྣམ་པར་དག་པའི་ཁྱད་པར་དང༌། དོན་ཆེན་པོ་བྱེད་པ་དང༌། བྱང་ཆུབ་ཀྱི་ཕྱོགས་རབ་ཏུ་དབྱེ་བའོ། །དེ་སྐད་ཅིག་གཅིག་ལ་ཞི་གནས་དང་ལྷག་མཐོང་གི་ལམ་མངོན་སུམ་དུ་བྱེད་པས་གཉིས་ཅིག་ཅར་འབྱུང་བར་རིག་པར་བྱའོ། །སྤྱོད་པའི་ལམ་ཐམས་ཅད་དུ་དེ་དང་ལྡན་པས་རྒྱུན་ཆགས་སུ་འབྱུང་བ་སྟེ། གང་གི་ཕྱིར་དེ་སྐད་ཅིག་གཅིག་ལ་ཡང་ལམ་མངོན་པར་སྒྲུབ་ཅིང་མི་ལྡང་སྟེ། དེ་འགྲོའམ། འགྲེང་ངམ། འདུག་གམ། ཉལ་ལམ། རྨི་ལམ་ན་ཡང་ཡེ་ཤེས་དེ་ལྟ་བུ་ལ་མངོན་པར་བརྩོན་པ་ཡིན་ཞེས་གསུངས་པའོ། །སྒྲིབ་པ་མེད་པས་མོས་པ་རྣམ་པར་དག་པའི་ཁྱད་པར་ནི་གང་གི་ཕྱིར་སྒྲིབ་པ་མེད་པས་སྤྱོད་ལམ་ཐམས་ཅད་ལ་གནས་ཤིང༌། འདུ་ཤེས་ཡིད་ལ་བྱ་བ་རྣམ་པ་དེ་ལྟ་བུ་དག་དང་མི་འབྲལ་པ་ཡིན་ནོ་ཞེས་གསུངས་པའོ། །དེ་ལ་ཡེ་ཤེས་ཚད་མེད་པ་དེ་དག་ལ་བཀྲ་བར་བྱེད་པའི་ཕྱིར་འདུ་ཤེས་སོ། །མངོན་དུ་འདུན་པར་བྱེད་པའི་ཕྱིར་ཡིད་ལ་བྱེད་པར་རིག་པར་བྱའོ། །སེམས་ཅན་རེ་རེ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་ཡང་དག་པར་སྒྲུབ་པའི་དོན་ཆེན་པོ་བྱེད་པ་སྟེ། གང་གི་ཕྱིར་དེའི་སེམས་བསྐྱེད་པ་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་བཅུ་དང༌། བྱང་ཆུབ་སེམས་དཔའི་ས་བཅུ་ཡང་དག་པར་སྒྲུབ་པ་ཡང་དག་པར་འགྲུབ་བོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་སྙིང་རྗེ་ཆེན་པོ་སྔོན་དུ་བཏང་བའི་སེམས་བསྐྱེད་པ་འབྱུང་བ་རེ་རེ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཆོས་ཡང་དག་པར་སྒྲུབ་པ་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་སུ་ཡོངས་སུ་བསྔོ་བའི་ཕྱིར་ཏེ། དེ་ལ་སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་ཚོལ་ཞིང༌། སེམས་ཅན་རྣམས་ལ་དགེ་བའི་རྩ་བ་གཏོང་བ་གང་ཡིན་པ་དེ་ནི་དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཉོན་མོངས་པའི་ཡོངས་སུ་གདུང་བ་ཐམས་ཅད་རབ་ཏུ་ཞི་བ་གང་ཡིན་པ་དེ་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྙིང་རྗེ་དང་བྱམས་པ་སྔོན་དུ་འགྲོ་བས་སེམས་ཅན་ཐམས་ཅད་ལ་གནོད་པར་མི་བྱེད་པ་གང་ཡིན་པ་དེ་ནི་དེའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །གོང་ནས་གོང་དུ་རྩོམ་པས་དགེ་བའི་ཆོས་ཀྱིས་མི་ངོམས་པ་གང་ཡིན་པ་དེ་ནི་དེའི་བརྩོན་


DTG113_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་སུམ་དུ་བྱ་བའི་ལམ་ལས་མི་འཕྱར་བ་གང་ཡིན་པ་དེ་ནི་དེའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །རང་བཞིན་གྱིས་སྐྱེ་བ་མེད་པ་མངོན་སུམ་དུ་བྱ་བར་བཟོད་པ་གང་ཡིན་པ་དེ་ནི་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཡེ་ཤེས་ཀྱིས་ཚད་མེད་པར་མངོན་པར་སྒྲུབ་པ་གང་ཡིན་པ་དེ་ནི་དེའི་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཡེ་ཤེས་ཀྱིས་གོང་ནས་གོང་དུ་མངོན་པར་སྒྲུབ་པ་གང་ཡིན་པ་དེ་ནི་དེའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཕས་ཀྱི་རྒོལ་བ་དང་བདུད་ཀྱི་ཚོགས་ཐམས་ཅད་ཀྱིས་ལམ་གྱི་རྒྱུན་མི་ཆོད་པ་གང་ཡིན་པ་དེ་ནི་དེའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ངེས་པར་རྟོག་པ་གང་ཡིན་པ་དེ་ནི་དེའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་གསུངས་པའོ། །དེ་ལ་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡེ་ཤེས་ཀྱི་ཚད་མེད་པར་མངོན་པར་སྒྲུབ་པ་སྟེ། ཡོངས་སུ་བསྔོ་བའི་ཁྱད་པར་གྱི་ཡེ་ཤེས་གང་གིས་སྦྱིན་པ་ལ་སོགས་པ་ཚད་མེད་པ་མངོན་པར་སྒྲུབ་བོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡེ་ཤེས་ཀྱིས་གོང་ནས་གོང་དུ་མངོན་པར་སྒྲུབ་པ་སྟེ། སྐྱེ་བའི་ཁྱད་པར་ཡོངས་སུ་འཛིན་པས་ཡེ་ཤེས་གང་གིས་སྦྱིན་པ་ལ་སོགས་པ་གོང་ནས་གོང་དུ་མངོན་པར་བསྒྲུབ་བོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕས་ཀྱི་རྒོལ་བ་དང༌། བདུད་ཀྱི་ཚོགས་ཐམས་ཅད་ཀྱིས་ལམ་གྱི་རྒྱུན་མི་ཆོད་པ་སྟེ། ལམ་གང་གིས་སྦྱིན་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཕམ་པར་བྱེད་པའོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་ལ་ཇི་ལྟ་བ་བཞིན་དུ་ངེས་པར་རྟོག་པ་སྟེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡེ་ཤེས་གང་གིས་སྦྱིན་པ་ལ་སོགས་པའི་རབ་ཏུ་དབྱེ་བ་རྣམ་པ་ཐམས་ཅད་ཤེས་པའོ། །བྱང་ཆུབ་ཀྱི་ཕྱོགས་པ་རབ་ཏུ་དབྱེ་བ་ཡང་རྣམ་པ་བཞིར་རིག་པར་བྱ་སྟེ། ཐེག་པ་ཆེན་པོར་གཏོགས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་རྣམས་སུ་དབྱེ་བ་ནི་གང་གི་ཕྱིར། ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་ན་བྱང་ཆུབ་སེམས་དཔའི་ས་རིང་དུ་སོང་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་ཕ་རོལ་ཏུ་ཕྱིན་པ་དེ་དག་སྐད་ཅིག་རེ་རེ་ལ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་གསུངས་པའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་གཏོགས་


DTG113_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་བསྡུ་བའི་དངོས་པོ་རྣམས་སུ་དབྱེ་བ་ནི་གང་གི་ཕྱིར། བསྡུ་བའི་དངོས་པོ་བཞི་ཡང་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་གསུངས་པའོ། །ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པར་བྱེད་པར་གཏོགས་པའི་ཕྱིར་གནས་དང་བྱང་ཆུབ་ཀྱིས་ཕྱོགས་པ་དང༌། རྣམ་པར་ཐར་བའི་སྐོ་རྣམས་སུ་དབྱེ་བ་ནི་གང་ལ་གནས་ནས་གང་ཞིག་བསྒོམས་ཏེ། སྒོ་གང་གིས་རྣམ་པར་དག་པར་འགྱུར་བྱ་སྟེ། གང་གི་ཕྱིར་གནས་བཞི་དང་བྱང་ཆུབ་ཀྱི་ཕྱོགས་པའི་ཆོས་སུམ་ཅུ་རྩ་བདུན་དང༌། རྣམ་པར་ཐར་བའི་སྒོ་གསུམ་ཡང་ཡོངས་སུ་རྫོགས་པར་འགྱུར་ཏོ་ཞེས་གསུངས་པའོ། །ཤེས་བྱའི་སྒྲིབ་བ་རྣམ་པར་དག་པར་བྱེད་པར་གཏོགས་པའི་ཕྱིར། བྱང་ཆུབ་ཀྱི་ཡན་ལག་གི་ཆོས་ཐམས་ཅད་དུ་དབྱེ་བ་ནི་གང་གི་ཕྱིར། མདོར་ན་བྱང་ཆུབ་ཀྱི་ཡན་ལག་གི་ཆོས་ཐམས་ཅད་སྐད་ཅིག་རེ་རེ་ལ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་གསུངས་པའོ། །དེ་ལྟར་ཟུང་དུ་འབྲེལ་པའི་ལམ་ཐོབ་པ་རྣམ་པར་གཞག་པ་བསྟན་ནས། ས་སྔ་ཕྱི་ལས་ཁྱད་པར་རྣམ་པར་གཞག་པ་ནི་ས་འོག་མ་དང༌། གོང་མ་བས་ཁྱད་ཞུགས་པ་དང༌། དམའ་བ་གཉིས་ཀྱིས་ས་བདུན་པའི་ཁྱད་པར་རྣམ་པར་གཞག་པར་རིག་པར་བྱའོ། །ཁྱད་ཞུགས་པ་ཇི་ལྟ་བུ་ཞེ་ན། སྦྱོར་བ་ལས་བྱུང་བའི་སྤྱོད་པ་ཡོངས་སུ་རྫོགས་པའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་ཡེ་ཤེས་དང༌། མངོན་པར་ཤེས་པའི་སྤྱོད་པ་གནོན་ཏེ། གང་གི་ཕྱིར་དེ་སྐད་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་ཅི་བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་ཡན་ལག་ཐམས་ཅད་སྐད་ཅིག་རེ་རེ་ལ་ཡོངས་སུ་རྫོགས་པར་འགྱུར་རམ། འོན་ཏེ་ས་བཅུ་པོ་ཐམས་ཅད་ལ་ཡང་དེ་བཞིན་དུ་ཡོངས་སུ་རྫོགས་པར་འགྱུར། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་བཅུ་པོ་ཐམས་ཅད་ལ་ཡང་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་ལྟ་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་ལྷག་པར་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་


DTG113_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ན། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་ནི་སྦྱོར་བ་ལས་བྱུང་བའི་སྤྱོད་པ་ཡོངས་སུ་རྫོགས་པར་བྱེད་བས་ཡེ་ཤེས་དང༌། མངོན་པར་ཤེས་པའི་སྤྱོད་པ་གནོན་པའི་ཕྱིར་རོ་ཞེས་གསུངས་པའོ། །དེ་ལ་མངོན་པར་ཤེས་པ་ནི་ལྔའོ། །ཡེ་ཤེས་ནི་ཇི་སྐད་དུ་བསྟན་པར་རིག་པར་བྱའོ། །ཇི་ལྟར་ནས་འདི་ལ་སྦྱོར་བ་ལས་བྱུང་བའི་སྤྱོད་པ་ཡོངས་སུ་རྫོགས་པ་ཡིན་ཞེ་ན། དེ་མ་ཡིན་པའི་འཇིག་རྟེན་ལས་འདས་པ་དང༌། འཇིག་རྟེན་པའི་ལམ་ལས་ཁྱད་པར་དུ་འཕགས་པའི་ལམ་མངོན་པར་སྒྲུབ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདི་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྐྱེད་པས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་བྱེད་དེ། གང་གི་ཕྱིར་ཀྱེ་རྒྱལ་པའི་སྲས་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་ནི་སྨོན་ལམ་ཐམས་ཅད་ལ་ལྷག་པར་དམིགས་པས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །གཉིས་པ་ལ་ནི་སེམས་ཀྱི་དྲི་མ་བསལ་བས་སོ། །གསུམ་པ་ལ་ནི་སྨོན་ལམ་རྣམ་པར་འཕེལ་བ་དང༌། ཆོས་ཀྱི་སྣང་བ་ཐོབ་པས་སོ། །བཞི་པ་ལ་ནི་ལམ་ལ་ཞུགས་པས་སོ། །ལྔ་པ་ལ་ནི་འཇིག་རྟེན་གྱི་བྱ་བ་དང་མཐུན་པར་འཇུག་པས་སོ། །དྲུག་པ་ལ་ནི་ཆོས་ཟབ་མོའི་སྒོར་འཇུག་ཕས་སོ། །བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྐྱེད་པས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་གསུངས་པའོ། །ད་ལྟར་ས་འོག་མ་ལས་ཁྱད་ཞུགས་པས་སྔ་ཕྱི་ལས་ཁྱད་པར་རྣམ་པར་གཞག་པར་རིག་པར་བྱའོ། །ས་འོག་མ་ལས་དམའ་བ་ཇི་ལྟ་བུ་ཞེ་ན། ཡེ་ཤེས་མངོན་པར་སྒྲུབ་པ་ལ་སྦྱོར་བའི་ཡན་ལག་རྣམས་འབད་པ་དང་བཅས་པས་ཡོངས་སུ་རྫོགས་པར་བྱེད་པ་སྟེ། གང་གི་ཕྱིར་དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་ས་དང་པོ་ནས་བཟུང་སྟེ། བྱང་ཆུབ་སེམས་དཔའི་ས་བདུན་པའི་བར་དུ་བྱང་ཆུབ་སེམས་དཔས་ཡེ་ཤེས་དང་མངོན་པར་ཤེས་པ་མངོན་པར་བསྒྲུབ་པ་ལ་སྦྱོར་བའི་ཡན་ལག་གང་དག་མངོན་པར་བསྒྲུབ་པ་དེ་དག་ནི་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ཡན་ཆད་ལྷུན་གྱིས་གྲུབ་པར་ཡོངས་སུ་འགྲུབ་པོ། །ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དཔེར་ན་ཀུན་ནས་ཉོན་མོངས་པ་ལ་


DTG113_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག་པའི་འཇིག་རྟེན་གྱི་ཁམས་དང༌། ཤིན་ཏུ་ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་གཉིས་ཀྱིས་འཇིག་རྟེན་གྱི་ཁམས་ཀྱི་བར་ནི་མངོན་པར་ཤེས་པའི་སྟོབས་བསྐྱེད་པ་ཆེན་པོ་མ་གཏོགས་པར་གྱ་ཆོམ་དུ་འདའ་བར་མི་ནུས་སོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་འདྲེས་པ་ལས་ཡོངས་སུ་དག་པ་ལ་ཡང་སྨོན་ལམ་དང༌། ཐབས་དང༌། ཤེས་རབ་དང་མངོན་པར་ཤེས་པའི་སྟོབས་བསྐྱེད་པ་ཆེན་པོ་མ་གཏོགས་པ་གྱ་ཚོམ་དུ་འདའ་བར་མི་ནུས་སོ་ཞེས་གསུངས་པའོ། །བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས་སྨྲས་པ། ཀྱེ་རྒྱལ་བའི་སྲས་ཅི་བྱང་ཆུབ་སེམས་དཔའི་ས་བདུན་པ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཉོན་མོངས་པའི་སྤྱོད་པས་ཀུན་ནས་ཉོན་མོངས་པར་ཤེས་པར་བྱ་བ་ཡིན་ནམ། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་དང་པོ་ཁོ་ན་ནས་བཟུང་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཇི་ལྟར་འཚམ་པའི་ལམ་དང་མཐུན་པ་ཉིད་དུ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་དབང་གིས་ཉོན་མོངས་པའི་སྐྱོན་དང་བྲལ་བར་ཤེས་པར་བྱ་སྟེ། དེ་ཙམ་གྱིས་ནས་བདུན་པོ་རྣམས་ལ་ཉོན་མོངས་པའི་སྤྱོད་པ་ལས་ཤིན་ཏུ་འདས་ཞེས་ནི་མི་བྱའོ་ཞེས་བྱ་བ་ནི་དེ་ལྟར་ས་འདི་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ཞེས་བྱ་སྟེ། ཉོན་མོངས་པ་སྤྱོད་པའི་ཕྱིར་ནི་མ་ཡིན་ནོ། །ཇི་ལྟར་འཚམ་པའི་ལམ་དང་མཐུན་པ་ཉིད་ཅེས་བྱ་བ་ནི་ས་དེ་དང་དེ་ནི་ཇི་ལྟར་འཚམ་པའི་ལམ་ལ་ལྟོས་པའི་ཕྱིར་རོ། །འཁོར་ལོས་སྒྱུར་བའི་དཔེས་ནི་ཚངས་པའི་འཇིག་རྟེན་དུ་སྐྱེས་པས་འཁོར་ལོས་སྒྱུར་བ་མི་ལུས་འདས་པ་ལྟར། ས་བརྒྱད་པ་ལ་རྣམ་པར་སྨིན་པ་ལས་བྱུང་བའི་ལམ་འཐོབ་པའི་ཕྱིར་ཀུན་ནས་ཉོན་མོངས་པའི་ཉེས་པ་ལས་ཤིན་ཏུ་འདས་པ་ཉིད་དུ་ཡོངས་སུ་སྟོན་ཏེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི། ལྷའི་གླང་པོ་རིན་པོ་ཆེ་ལ་ཞོན་ཞིང་གླིང་བཞི་དག་ཏུ་ཡང་འགྲོའོ། །མིའི་སྡུག་བསྔལ་དང༌། དབུལ་བ་དང་ཀུན་ནས་ཉོན་མོངས་པ་རྣམས་ཀྱང་རབ་ཏུ་ཤེས་ཏེ། ཉེས་པ་དེ་དག་གིས་གོས་པ་ཡང་མ་ཡིན་མོད་ཀྱི། དེ་ཙམ་གྱིས་མིའི་ལུས་ལས་ཤིན་ཏུ་འདས་པ་


DTG113_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་ཡིན་ཏེ། གང་གི་ཚེ་མའི་ལུས་སྤངས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་པར་གྱུར་པ་དེའི་ཚེ། ཚངས་པའི་གཞལ་མེད་ཁང་ན་གནས་ཏེ། སྟོང་གི་འཇིག་རྟེན་གྱི་ཁམས་ཀྱང་མཐོང་ཞིང་རྣམ་པར་རྒྱུ་ལ་ཚངས་པས་སྣང་བ་ཡང་སྟོན་ཏེ། མི་ཞེས་ཀྱང་མི་བརྗོད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་དང་པོ་ནས་བཟུང་སྟེ། བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་ཞོན་ཞིང་འགྲོ་བ་ཐམས་ཅད་དུ་རྒྱུ་བའི་ཚེ། ཀུན་ནས་ཉོན་མོངས་པའི་ཉེས་པ་རྣམས་ཀྱང་རབ་ཏུ་ཤེས་ཏེ་ཡང་དག་པའི་ལམ་དུ་ཞུགས་པས་ཀུན་ནས་ཉོན་མོངས་པ་དེ་དག་གིས་ཀྱང་མི་གོས་ཀྱི། དེ་ཙམ་གྱིས་ས་བདུན་པོ་རྣམས་ལ་ཉོན་མོངས་པའི་ཉེས་པ་རྣམས་ལས་ཡང་དག་པར་འདས་ཞེས་ནི་མི་བྱ་སྟེ། གང་གི་ཚེ་སྦྱོར་བ་ལས་བྱུང་བའི་སྤྱོད་པ་སྤངས་ནས་ས་བདུན་པ་ནས་ས་བདུན་པ་ནས་ས་བརྒྱད་པ་ནོན་པར་གྱུར་པ་དེའི་ཚེ་བྱང་ཆུབ་སེམས་དཔའི་ཐེག་པ་རྣམ་པར་དག་པ་ལ་ཞོན་ཏེ། འགྲོ་བ་ཐམས་ཅད་དུ་རྒྱུ་ཞིང་ཀུན་ནས་ཉོན་མོངས་པའི་ཉེས་པ་རྣམས་ཀྱང་རབ་ཏུ་ཤེས་ཏེ། ཤིན་ཏུ་འདས་པས་དེ་དག་གིས་གོས་པར་གྱུར་ཅེས་མི་བྱའོ་ཞེས་གསུངས་པའོ། །ས་འདི་ནི་རྣམ་པར་སྨིན་པ་ལ་མི་གནས་པའི་ཕྱིར་དང༌། ལམ་མངོན་པར་འདུ་བྱེད་པ་དང་བཅས་པས་བསམ་པ་ཡོངས་སུ་མ་རྫོགས་པའི་ཕྱིར། ཉོན་མོངས་པ་མེད་པ་ཞེས་བྱ་མི་བྱའོ། དེ་ལས་བཟློག་པའི་ཕྱིར་གོང་མ་རྣམས་ལ་ནི་མི་བརྗེད་དེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་བདུན་པའི་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ལྷག་པར་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཚོགས་ཐམས་ཅད་ལས་ཀྱང་ཤིན་ཏུ་འདས་ཏེ། བྱང་ཆུབ་སེམས་དཔའི་ས་རིང་དུ་སོང་བ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཉོན་མོངས་པ་དང་བས་པ་ཞེས་ཀྱང་མི་བྱ། ཉོན་མོངས་པ་མེད་པ་ཞེས་ཀྱང་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་རྣམས་ཀུན་དུ་མི་འབྱུང་བ་ཉོན་མོངས་པ་དང་བཅས་པ་ཞེས་མི་བྱའོ། །དེ་བཞིན་གཤེགས་པའི་ཡེ་ཤེས་མངོན་པར་འདོད་པ་དང༌། བསམ་པ་ཡོངས་སུ་མ་རྫོགས་པས་ཉོན་མོངས་པ་མེད་པ་ཞེས་ཀྱང་མི་བྱའོ་ཞེས་གསུངས་པའོ། །དེ་ལྟར་སྔ་ཕྱི་ལས་ཁྱད་པར་རྣམ་པར་གཞག་


DTG113_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྟན་ནས། ལས་རྣམ་པར་དག་པ་དང༌། ཏིང་ངེ་འཛིན་གྱི་ཁྱད་པར་འཐོབ་པ་དང༌། ས་ལས་ཡང་དག་པར་འདའ་བ་དང༌། གནས་པའི་ཁྱད་པར་འཐོབ་པ་དང༌། རྣམ་པ་བཞིས་ས་འདིའི་ཟུང་དུ་འབྲེལ་པའི་ལམ་གྱི་འབྲས་བུ་རྣམ་པར་གཞག་པ་ཡོངས་སུ་སྟོན་ཏོ། །དེ་ལ་ལས་རྣམ་པར་དག་པ་ནི་རྣམ་པ་བཞིས་ཡོངས་སུ་སྟོན་ཏེ། ཚུལ་ཁྲིམས་རྣམ་པར་དག་པའི་ཁྱད་པར་ནི་གང་གི་ཕྱིར། བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ལྷག་པའི་བསམ་པ་ཡོངས་སུ་དག་པའི་ལུས་ཀྱི་ལས་དང་ལྡན་པ་ཡིན། ལྷག་པའི་བསམ་པ་ཡོངས་སུ་དག་པའི་ངག་གི་ལས་དང་ལྡན་པ་ཡིན། ལྷག་པའི་བསམ་པ་ཡོངས་སུ་དག་པའི་ཡིད་ཀྱི་ལས་དང་ལྡན་པ་ཡིན་ནོ། །དེ་མི་དགེ་བའི་ལས་ཀྱི་ལམ་གང་དག་དེ་བཞིན་གཤེགས་པས་སྨད་པ་དེ་དག་ལས་ཐམས་ཅད་ཀྱི་ཐམས་ཅད་དུ་ཡང་དག་པར་འདས་པ་ཡིན། དགེ་བའི་ལས་ཀྱི་ལམ་གང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་པ་དེ་དག་ལ་རྟག་པར་རྒྱུན་དུ་རྗེས་སུ་འཇུག་པ་ཡིན་ནོ་ཞེས་གསུངས་པའོ། །འཇིག་རྟེན་པའི་ཤེས་པ་རྣམ་པར་དག་པའི་ཁྱད་པར་ནི་གང་གི་ཕྱིར་བྱང་ཆུབ་སེམས་དཔའི་ས་ལྔ་པ་ལ་འཇིག་རྟེན་པའི་བཟོའི་གནས་དང༌། ལས་ཀྱི་གནས་གང་དག་མངོན་པར་བསྒྲུབས་པ་དེ་དག་ཐམས་ཅད་ཀྱང་འདིར་ལྷུན་གྱིས་གྲུབ་པ་ཉིད་དུ་འབྱུང་ངོ༌། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ཡན་ཆད་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་མ་གཏོགས་པར་དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སློབ་དཔོན་དུ་གྲགས་པ་ཡིན་ཏེ་ཞེས་གསུངས་པའོ། །བསམ་པ་དང་སྦྱོར་བས་མཉམ་པ་མེད་པའི་ལུས་ཀྱི་ཁྱད་པར་འཐོབ་པ་ནི་གང་གི་ཕྱིར། དེ་དང་བསམ་པའམ་སྦྱོར་བ་མཉམ་པ་སུ་ཡང་མེད་དོ་ཞེས་གསུངས་པའོ། །བསམ་གཏན་ལ་སོགས་པ་མངོན་སུམ་དུ་བྱེད་པའི་ཁྱད་པར་གྱིས་ནུས་པའི་ཁྱད་པར་འཐོབ་པ་ནི། གང་གི་ཕྱིར་བསམ་གཏན་རྣམས་དང༌། ཏིང་ངེ་འཛིན་རྣམས་དང༌། སྙོམས་པར་འཇུག་པ་རྣམས་


DTG113_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

དང། མངོན་པར་ཤེས་པ་རྣམས་དང༌། རྣམ་པར་ཐར་པ་རྣམས་གང་ཡིན་པ་དེ་དག་ཀྱང་བསྒོམ་པའི་སྒོའི་ཚུལ་གྱིས་ཐམས་ཅད་ཀྱི་ཐམས་ཅད་དུ་དེ་ལ་མངོན་དུ་འགྱུར་རོ། །འོན་ཀྱང་དེ་ཙམ་གྱིས་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ལ་ཇི་ལྟ་བ་བཞིན་དུ་རྣམ་པར་སྨིན་པ་ཡོངས་སུ་གྲུབ་པ་ནི་མ་ཡིན་ནོ། །འདི་ལྟར་བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་སེམས་བསྐྱེད་པ་ཐམས་ཅད་ལ་ཤེས་རབ་དང་ཐབས་བསྒོམ་པའི་སྟོབས་ཡོངས་སུ་རྫོགས་པར་འགྱུར་ཏེ། དེ་བས་ཀྱང་ཤས་ཆེར་བྱང་ཆུབ་ཀྱི་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པ་འཐོབ་བོ་ཞེས་གསུངས་པའོ། །དེ་ལ་བསམ་གཏན་རྣམས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དང༌། ཞི་བའི་བདེ་བ་ལ་གནས་པར་བྱ་བའི་ཕྱིར་རོ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་རྣམས་ཀྱིས་མངོན་པར་ཤེས་པ་དང༌། རྣམ་པར་ཐར་པ་མངོན་པར་བསྒྲུབ་པའི་གནས་ཡིན་ཏེ། འགོག་པ་དང༌། སྙོམས་པར་འཇུག་པ་དང་གོ་རིམས་བཞིན་ནོ། །དེ་ལྟར་ཟུང་དུ་འབྲེལ་བའི་ལམ་གྱི་འབྲས་བུ་རྣམ་པ་བཞི་ལས་ཡང་དག་པར་འདས་པ་ཡོངས་སུ་བསྟན་ནས་ཏིང་ངེ་འཛིན་གྱི་ཁྱད་པར་འཐོབ་པ་ཏིང་ངེ་འཛིན་རྣམ་པ་བཅུས་ཡོངས་སུ་སྟོན་ཏེ། དེ་ཡང་རྣམ་པར་མི་རྟོག་པ་དང༌། རྣམ་པར་མི་རྟོག་པའི་དོན་ལས་བརྩམ་པ་ནི་གང་གི་ཕྱིར་དེ་བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་ཚེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྣམ་པར་དབྱེ་བ་ཤིན་ཏུ་རྣམ་པར་ཕྱེ་བ་ཞེས་བྱ་བ་ལ་སྙོམས་པར་འཇུག་པ་སྟེ། དོན་ཤིན་ཏུ་བསམ་པ་ཞེས་བྱ་བ་ཞེས་གསུངས་པའོ། །ཚིག་གཅིག་ལ་དོན་གྱི་ཁྱད་པར་དུ་མར་འབྱེད་པ་ནི་གང་གི་ཕྱིར། ཁྱད་པར་ནི་བློ་གྲོས་ཞེས་བྱ་བ་གསུངས་པའོ། །དོན་གཅིག་ལ་རྣམ་གྲངས་དུ་མར་སྟོན་པ་ནི་གང་གི་ཕྱིར། རབ་ཏུ་དབྱེ་བའི་དོན་གྱིས་མཛོད་ཅེས་བྱ་བ་གསུངས་པའོ། །རིག་པ་ཐམས་ཅད་ཀྱི་གནས་ཤེས་པ་ནི་གང་གི་ཕྱིར། དོན་ཇི་ལྟ་བ་བཞིན་དུ་རྣམ་པར་འབྱེད་པ་ཞེས་བྱ་བ་ཞེས་གསུངས་པའོ། །དེ་བཞིན་ཉིད་ལ་དམིགས་ཏེ། རྩ་བ་བསྟན་པས་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་ནི་གང་གི་ཕྱིར། རྩ་བ་ཤིན་ཏུ་གནས་པས་བརྟན་པ་ཞེས་བྱ་བ་ཞེས་གསུངས་པའོ། །སྒྲིབ་པ་རྣམ་པ་བཞི་རྣམ་པར་སྦྱོང་


DTG113_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པ་ལས་བརྩམས་པར་རིག་པར་བྱ་སྟེ། སྒྲིབ་པ་རྣམ་པ་བཞི་ལ་ཡོན་ཏན་ཁྱད་པར་ཅན་ལ་སྒྲིབ་པ་དེའི་གཉེན་པོར་ཡེ་ཤེས་དང་མངོན་པར་ཤེས་པའི་སྒོ་ཞེས་བྱ་བ་ཞེས་གསུངས་པའོ། །ཆགས་པ་མེད་པའི་ཡེ་ཤེས་ལ་སྒྲིབ་པ་དེའི་གཉེན་པོར་ཆོས་ཀྱི་དབྱིངས་ཡོངས་སུ་སྦྱོང་བར་བྱེད་པ་ཞེས་བྱ་བ་ཞེས་གསུངས་པའོ། །སངས་རྒྱས་ཀྱི་ཆོས་ཟབ་ཅིང་རྒྱ་ཆེ་བ་ལ་ཞུམ་པའི་སྒྲིབ་པ་དེའི་གཉེན་པོར་དེ་བཞིན་གཤེགས་པའི་ཕན་ཡོན་ཞེས་བྱ་བ་ཞེས་གསུངས་པའོ། །མི་གནས་པའི་ལམ་ལ་སྒྲིབ་པ་ནི་གང་གི་ཕྱིར། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དོན་སྣ་ཚོགས་ཀྱི་མཛོད་འཁོར་བ་དང་མྱ་ངན་ལས་འདས་པའི་སྒོ་ཞེས་བྱ་བ་ལ་སྙོམས་པར་འཇུག་སྟེ་ཞེས་གསུངས་པའོ། །དོན་སྣ་ཚོགས་ཀྱི་མཛོད་ཅེས་བྱ་བ་ནི་དགེ་བའི་རྩ་བ་སྣ་ཚོགས་སུ་རིག་པར་བྱའོ། །དེ་དག་ལ་སོགས་པ་ཡེ་ཤེས་དང་མངོན་པར་ཤེས་པ་ཆེན་པོའི་སྒོའི་ཏིང་ངེ་འཛིན་ས་ཡོངས་སུ་སྦྱོང་བར་བྱེད་པ་འབུམ་ཕྲག་བཅུ་ཚང་བ་ལ་སྙོམས་པར་འཇུག་གོ །དེ་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་སྦྱོང་བའི་ཏིང་ངེ་འཛིན་དེ་དག་ཐོབ་ནས་སྙིང་བརྩེ་བ་དང༌། སྙིང་རྗེའི་སྟོབས་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལས་ཡང་དག་པར་འདས་པ་ཡིན་ནོ། །ཤེས་རབ་དང་ཡེ་ཤེས་ཀྱིས་རྣམ་པར་དཔྱད་པའི་ས་ཡང་མངོན་དུ་གྱུར་པ་ཡིན་ནོ་ཞེས་བྱ་བ་དེ་ལ་ཉན་ཐོས་དང༌། རང་སངས་རྒྱས་ཀྱིས་ལས་ཡང་དག་པར་འདས་པ་ནི་ཐབས་དང་ཤེས་རབ་བསྒོམ་པའི་སྟོབས་དང༌། སྙིང་རྗེའི་སྟོབས་དང་རྣམ་པ་གཉིས་ཀྱིས་ཡོངས་སུ་སྟོན་ཏོ། །ཤེས་རབ་དང་ཡེ་ཤེས་ཀྱིས་རྣམ་པར་དཔྱད་པའི་ས་ཞེས་བྱ་བ་ནི་བརྒྱད་པའོ། །མངོན་དུ་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་ཉེ་བར་གྱུར་པའོ། །དེར་ནི་ཞི་གནས་དང་ལྷག་མཐོང་གི་ལམ་གྲུབ་པ་ཡིན་ཏེ། རྣམ་པར་དཔྱད་པ་འབའ་ཞིག་ཏུ་ཟད་དོ། །ཡང་དག་པར་འདས་པ་དེ་ཡང་ལས་ཀྱི་ཁྱད་པར་གྱིས་རབ་ཏུ་སྟོན་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་ལུས་ཀྱི་ལས་ཚད་མེད་པ་མཚན་མ་དང་བྲལ་བ་འབྱུང༌། དག་གི་ལས་ཚད་མེད་པ་མཚན་མ་དང་བྲལ་བ་འབྱུང༌། ཡིད་ཀྱི་ལས་ཚད་མེད་པ་མཚན་མ་དང་བྲལ་བ་ཤིན་ཏུ་ཡོངས་སུ་སྦྱངས་པ་མི་སྐྱེ་


DTG113_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆོས་ལ་བཟོད་པས་སྣང་བར་གྱུར་པ་འབྱུང་ངོ་ཞེས་གསུངས་པའོ། །དེ་ལ་མཉམ་པར་གཞག་པ་ཉིད་ཀྱི་མཚན་མ་དང་བྲལ་བའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལས་མཚན་མ་དང་བྲལ་བར་འབྱུང་དུ་ཟིན་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་བྱ་བ་མེད་པས་ཚད་མེད་པ་མ་ཡིན་ནོ།། དེའི་འོག་ཏུ་ཚད་མེད་པ་དེ་བྱང་ཆུབ་སེམས་དཔའི་ས་གཞན་ལས་ཁྱད་པར་དུ་འཕགས་པར་བསྟན་པའི་ཕྱིར་སྤྱོད་པའི་སྤྱོད་པ་ཡོངས་སུ་རྫོགས་པས་ཤིན་ཏུ་ཡོངས་སུ་སྦྱངས་པ་ཉིད་དང༌། མི་སྐྱེ་བའི་ཆོས་ལ་བཟོད་པས་སྣང་བར་གྱུར་པ་ཉིད་གསུངས་སོ། །རྒྱལ་པོའི་བུའི་དཔེས་ནི་ས་འདི་ཡང་དག་པར་འདས་པའི་ཁྱད་པར་སྟོན་ཏེ། སྦྱོར་བའི་སྤྱོད་པ་ཡོངས་སུ་རྫོགས་པར་སྦྱོར་བའི་མཐར་ཐུག་བའི་ཡིད་ལ་བྱེད་པ་ལ་གནས་པའི་ཕྱིར་རང་གི་ཡུལ་ཤེས་པ་ལ་གནས་པ་ཡིན་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས་སྨྲས་པ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལུས་དང་ངག་དང་ཡིད་ཀྱི་ལུས་ཚད་མེད་པ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་པ་ལས་ཡང་དག་པར་འདས་པ་མ་ཡིན་ནམ། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་ལྟ་ཡང་ཡིན་ཏེ། དེ་ནི་སངས་རྒྱས་ཀྱི་ཆོས་ལ་ལྷག་པར་དམིགས་པའི་ཆེ་བ་ཉིད་ཀྱིས་གྱུར་དུ་ཟད་ཀྱིས། རང་གི་བློས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་ནི་རང་གི་བློའི་སྤྱོད་ཡུལ་རྣམ་པར་དཔྱོད་པ་ཐོབ་པས་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་རྒྱལ་པོའི་རིགས་སུ་སྐྱེས་པའི་རྒྱལ་པོའི་བུའི་རྒྱལ་པོའི་མཚན་དང་ལྡན་པ་ནི་རྒྱལ་པོའི་བྱིན་གྱིས་བློན་པོའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་གྱི། རང་གི་བློས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །ནམ་དེ་ནར་སོན་པར་གྱུར་པ་དེའི་ཚེ། རང་གི་བློའི་སྟོབས་བསྐྱེད་པས་བློན་པོའི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་བསྐྱེད་མ་ཐག་ཏུ་ལྷག་པའི་བསམ་པའི་ཆེ་བ་ཉིད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་གྱི། རང་གི་བློས་


DTG113_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་ཡུལ་ཤེས་པ་ལ་གནས་པས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་བྱ་བ་ལས་ཤིན་ཏུ་འདས་པ་ཡིན་ནོ་ཞེས་གསུངས་པའོ། །ལུས་ཀྱི་ལས་ལ་སོགས་པ་ཚད་མེད་པ་སྨོས་པ་དེས་ན་མང་བ་ཉིད་ཀྱིས་ཚད་མེད་པར་མ་ཟད་ཀྱི་མཐུས་ཀྱང་ཚད་མེད་པར་རིག་པར་བྱའོ་ཞེས་བྱེ་བྲག་ཏུ་ཕྱེ་བའི་ཕྱིར། ཀྱེ་རྒྱལ་བའི་སྲས་དེ་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་ཚེ། ལུས་དང་ངག་དང་ཡིད་ཀྱི་ལས་ཟབ་ཅིང་དབེན་པ་རྒྱུ་བ་མེད་པ་ཡང་ཐོབ་པ་ཡིན་ཏེ། གོང་དུ་ཡོངས་སུ་ཚོལ་བའི་བརྩོན་པ་ཡང་མི་གཏོང་ངོ་ཞེས་གསུངས་པའོ། །དེ་ལ་རིང་དུ་སོང་བའི་ཕྱིར་ཟབ་པའོ། །དེའི་མི་མཐུན་པའི་ཕྱོགས་ཀྱི་སྒྲིབ་པ་སྤངས་པའི་ཕྱིར་དབེན་པའོ། །དེ་མ་ཡིན་པའི་འཇིག་རྟེན་ལས་འདས་པ་དང། འཇིག་རྟེན་པའི་ས་ལ་མི་རྒྱུ་བའི་ཕྱིར་རྒྱུ་བ་མེད་པའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལས་དེའི་མཚན་མ་དང་བྲལ་ཡང་དེ་ལྟ་བུ་ཡང་མ་ཡིན་ལ། གོང་དུ་ཡོངས་སུ་མི་ཚོལ་བས། དེ་ཙམ་ལ་གནས་པར་ཡང་ཟད་དོ། །དེ་ལྟར་ས་ལས་ཡང་དག་པར་འདས་པས་ཟུང་དུ་འབྲེལ་བའི་ལམ་གྱི་འབྲས་བུ་བསྟན་ནས། ཡང་དག་པའི་མཐའ་ལ་གནས་པའི་ཕྱིར་དང༌། འགོག་པ་མངོན་སུམ་དུ་མི་བྱེད་པའི་ཕྱིར་སྲིད་པ་མི་གཏོང་བས་གནས་པའི་ཁྱད་པར་སྟོན་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས་སྨྲས་པ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་གང་ཡན་ཆད་བྱང་ཆུབ་སེམས་དཔའ་འགོག་པ་ལ་སྙོམས་པར་འཇུག །བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་དྲུག་པ་ཡན་ཆད་བྱང་ཆུབ་སེམས་དཔའི་འགོག་པ་ལ་སྙོམས་པར་འཇུག་སྟེ། བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་ཡང་འགོག་པ་ལ་སྙོམས་པར་འཇུག་སྟེ། འགོག་པ་མངོན་སུམ་དུ་བྱས་ཞེས་ནི་མི་བྱའོ། །དེས་ན་དེ་ནི་བསམ་གྱིས་མི་ཁྱབ་པའི་ལུས་དང་ངག་དང་ཡིད་ཀྱི་ལས་དང་ལྡན་པ་ཞེས་བྱའོ།།


DTG113_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་རྒྱལ་བའི་སྲས་དེ་ལྟར་བྱང་ཆུབ་སེམས་དཔའ་ཡང་དག་པའི་མཐའ་ལ་གནས་པས་ཀྱང་གནས་ལ་འགོག་པ་ཡང་མངོན་སུམ་དུ་མི་བྱའོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན་མི་ཞིག་རྒྱ་མཚོ་ཆེན་པོའི་གྲུ་ཆེན་པོར་ཞུགས་ཏེ། རྒལ་བའི་ཐབས་ལ་མཁས་པས་རླུང་ལ་མཁས་པ་དང༌། ཆུ་ལ་མཁས་པ་ནི་རྒྱ་མཚོ་ཆེན་པོའི་ཆུའི་ཉེས་པས་མི་གོས་སོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་ཤིང་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་གྲུར་ཞུགས་པ་ཡང༌། ཡང་དག་པའི་མཐའ་ལ་གནས་པས་ཀྱང་གནས་ལ་འགོག་པ་ཡང་མངོན་སུམ་དུ་མི་བྱེད་དོ་ཞེས་གསུངས་པའོ། །དེ་ལྟར་སྙོམས་པར་འཇུག་པ་ཐོབ་པའི་གནས་པའི་ཁྱད་པར་བསྟན་ནས། སྦྱོར་བ་གཉེན་པོ་ཡོངས་སུ་འཛིན་པ་དང་བཅས་པ་རྣམ་པར་བརྒྱད་ཀྱིས་རྒྱུ་བ་ཐོབ་པའི་གནས་པའི་ཁྱད་པར་སྟོན་ཏོ། །སྦྱོར་བ་རྣམ་པ་བརྒྱད་ལ་དེ་འཁོར་བའི་སྒོ་ཡིན་བས་བསོད་ནམས་མངོན་པར་འདུ་བྱེད་པའི་སྦྱོར་བ་ནི་གང་གི་ཕྱིར། དེ་ལྟར་ཡེ་ཤེས་ཐོབ་པ་དེ་ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་སྟོབས་བསྒོམ་པ་མངོན་པར་བསྒྲུབ་པའི་ཕྱིར་བློ་དང་ཐབས་དང་ཤེས་རབ་ཀྱི་སྟོབས་སྐྱེད་པ་ཆེན་པོས་འཁོར་བའི་སྒོ་ཡང་སྟོན་ལ། བསམ་པ་མྱ་ངན་ལས་འདས་པ་ལ་གནས་པ་ཡང་ཡིན་ཞེས་གསུངས་པའོ། །ཕུང་པོ་ཡོངས་སུ་འཛིན་པའི་སྦྱོར་བ་ནི་གང་གི་ཕྱིར། འཁོར་མང་པོས་ཀུན་ནས་བསྐོར་བར་ཡང་སྣང་ལ། རྟག་པར་རྒྱུན་དུ་ཤིན་ཏུ་དབེན་པའི་སེམས་ཐོབ་བ་ཡང་ཡིན་ཞེས་གསུངས་པའོ། །བསམས་བཞིན་དུ་སྲིད་པ་ཡོངས་སུ་འཛིན་པའི་སྦྱོར་བ་ནི་གང་གི་ཕྱིར། སྨོན་ལམ་གྱི་དབང་གིས་ཁམས་གསུམ་དུ་སྐྱེ་བ་ཡང་མངོན་པར་སྒྲུབ་ལ། འཇིག་རྟེན་གྱི་ཉེས་པས་ཀྱང་མི་གོས་པ་ཡིན་ཞེས་གསུངས་པའོ། །འདོད་པ་ལ་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་དང༌། བག་ལ་ཉལ་ཡང་སྤངས་ལ་འཁྲིག་པ་བསྟེན་པ་ཡང་སྟོན་པས་རིགས་ཀྱི་རྒྱུད་ལ་སྦྱོར་བ་ནི་གང་གི་ཕྱིར། ཞི་ཞིང་རབ་ཏུ་ཞི་བ་ཡང་ཡིན་ལ། ཐབས་ཀྱིས་ཀྱང་རབ་ཏུ་འབར་ཏེ། དེ་ལྟར་འབར་ཡང་ཚིག་པར་མི་འགྱུར་བ་ཡིན་ཞེས་གསུངས་པའོ། །འཇུག་པར་བྱེད་པའི་སྦྱོར་བ་ནི་གང་གི་ཕྱིར། སངས་རྒྱས་ཀྱི་ཡེ་ཤེས་ལ་ཡང་ཡོངས་སུ་འཇུག་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་དག་


DTG113_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འགྲུབ་པ་ཡིན་ཞེས་གསུངས་པའོ། །ཟས་དང་ཉལ་བ་ནི་བདུད་ཀྱི་ཡུལ་ཡིན་པའི་ཕྱིར། སྟོན་པ་ལ་སྦྱོར་བ་ནི་གང་གི་ཕྱིར་སངས་རྒྱས་ཀྱི་ཡུལ་གྱི་ཐིལ་དུ་ཡང་སོན་ལ། བདུད་ཀྱི་ཡུལ་ན་འདུག་པར་སྣང་བ་ཡང་ཡིན་ཞེས་གསུངས་པའོ། །བདུད་ཀྱི་ཡུལ་ན་བ་དང། རྒ་བ་དང་འཆི་བ་འདི་གསུམ་སྟོན་པས་འཆི་འཕོའི་སྦྱོར་བ་ནི་གང་གི་ཕྱིར། བདུད་བཞིའི་ལམ་ལས་ཀྱང་ཡང་དག་པར་འདས་ལ། བདུད་ཀྱི་སྤྱོད་ཡུལ་གྱི་ཐིལ་དུ་ཡང་སྟོན་པ་ཡིན་ནོ་ཞེས་གསུངས་པའོ། །རྣམ་པར་བཟློག་པའི་སྦྱོར་བ་ནི་རྣམ་པ་གསུམ་སྟེ། ལྟ་བ་ངན་པ་ལ་ཆགས་པ་ལས་རྣམ་པར་བཟློག་པ་ནི་གང་གི་ཕྱིར། མུ་སྟེགས་ཅན་གྱི་གནས་ཐམས་ཅད་ན་འདུག་པ་ཡང་སྣང་ལ། སངས་རྒྱས་ཀྱི་མུའི་གནས་མི་འདོར་བའི་བསམ་པ་དང་ལྡན་པ་ཡང་ཡིན་ཞེས་གསུངས་པའོ། །གནོད་པ་ལས་རྣམ་པར་བཟློག་པ་ནི་གང་གི་ཕྱིར། འཇིག་རྟེན་གྱི་བྱ་བ་ཐམས་ཅད་དང་ལྡན་པར་ཡང་སྣང་ལ། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་ཚུལ་ལ་ཡང་དག་པར་གཞོལ་བ་ཡིན་ཞེས་གསུངས་པའོ། །ལྷ་ལ་སོགས་པ་དག་པས་ཀྱང་ལྷག་པའི་ལུས་ཡོངས་སུ་འཛིན་པས་དེ་དག་གི་ཆགས་པ་རྣམ་པར་བཟློག་པས་ཆགས་པ་རྣམ་པར་བཟློག་པ་ནི་གང་གི་ཕྱིར། ལྷ་དང། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། མི་དང༌། མི་མ་ཡིན་པ་དང༌། བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བ་ཐམས་ཅད་ལས་ལྷག་པའི་བཀོད་པ་རྣམ་པར་སྒྲུབ་པ་ཡང་ཐོབ་ལ། ཆོས་ལ་དགའ་བ་ཡིད་ལ་བྱ་བ་ཡང་མི་སྤོང་བ་ཡིན་ཞེས་གསུངས་པའོ། །བསྟན་པ་འཛིན་པར་ཡང་འགྱུར་རོ་ཞེས་བྱ་བ་ནི་སྦྱོར་བའི་སྤྱོད་པ་ཡོངས་སུ་རྫོགས་པའི་ཕྱིར། སློབ་དཔོན་དུ་གྲགས་པས་དེ་འཛིན་པའི་མཆོག་ཡིན་པའི་ཕྱིར་རོ། །ས་འདི་ནི་སེམས་ཅན་ལ་ཕན་འདོགས་པ་དང༌། ཆོས་ཀྱི་བཟོད་པས་རབ་ཏུ་ཕྱེ་བར་རིག་པར་བྱ་སྟེ། གང་གི་ཕྱིར་དེ་དེ་བས་ཀྱང་ཆེས་སེམས་ཅན་ལ་ཕན་འདོགས་པ་དང༌། ཆོས་ཀྱི་བཟོད་པ་རྣམ་པར་དག་པར་འགྱུར་རོ་ཞེས་གསུངས་པའོ། །ས་འདི་ནི་སྦྱོར་བའི་མཐར་ཕྱིན་པར་འགྲོ་བས་རིང་དུ་སོང་བ་ཞེས་བྱའོ། །གསེར་གྱི་ས་ལེ་སྦྲམ་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པའི་དཔེས་ནི་


DTG113_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་ཕྱོགས་པ་ལ་སོགས་པ་སྦྱོར་བའི་ལམ་ཐམས་ཅད་ཡོངས་སུ་རྫོགས་པས། ས་འདིའི་དགེ་བའི་རྩ་བ་རྣམས་ཤིན་ཏུ་འོད་གསལ་བར་ཡོངས་སུ་སྟོན་ཏེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དཔེར་ན་གསེར་གྱི་ས་ལེ་སྦྲམ་དེ་ཉིད་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་ན་དེ་བས་ཤིན་ཏུ་བཟང་ཞིང་འོད་གསལ་བར་འགྱུར་ཏེ། དེ་མ་ཡིན་པའི་རྒྱན་གྱི་རྣམ་པ་གཞན་དག་གིས་མི་འཕྲོགས་པར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་བདུན་པ་རིང་དུ་སོང་བ་འདི་ལ་གནས་པ་དེའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཐབས་དང་ཤེས་རབ་ཀྱིས་མངོན་པར་སྒྲུབ་པ་དེ་དག་ཀྱང་དེ་བས་ཆེས་ཤིན་ཏུ་རབ་ཏུ་བྱང་བ་དང༌། ཤིན་ཏུ་འོད་གསལ་བར་འགྱུར་ཏེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་པར་འགྱུར་རོ་ཞེས་གསུངས་པའོ། །ཉི་མའི་འོད་ཀྱི་དཔེས་ནི་སྔ་མ་བཞིན་དུ་ཁྱད་པར་ཡོངས་སུ་སྟོན་ཏེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དཔེར་ན་ཉི་མའི་འོད་ནི་སྐར་མའི་ཚོགས་ཐམས་ཅད་དང༌། ཟླ་བའི་འོད་རྣམས་ཀྱིས་མི་འཕྲོགས་ཤིང༌། འཛམ་བུའི་གླིང་ན་རླན་གྱི་བག་ཡོད་པ་ཐམས་ཅད་ཀྱང་ཤིན་ཏུ་སྐེམ་པར་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ས་རིང་དུ་སོང་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་དེ་དག་ཀྱང༌། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་ཤིང༌། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་རྙོག་པ་ཡང་ཡོངས་སུ་སྐེམས་སོ་ཞེས་གསུངས་པའོ། །ལྷག་མ་སྔ་མའི་ཚུལ་བཞིན་དུ་སྦྱར་བར་བྱའོ། །འཕགས་པ་ས་བཅུ་པ་ལས་ས་བདུན་པའི་རྣམ་པར་བཤད་པ་རྫོགས་སོ།། །།བམ་པོ་བཅུ་གཅིག་པ། ས་བརྒྱད་པ་ནི་ཡོངས་སུ་སྦྱང་བ་བྱས་པའི་ས་བསྡུ་བ་དང༌། རྣམ་པར་དག་པའི་བཟོད་པ་ཐོབ་པ་དང༌། གནས་པའི་ཁྱད་པར་ཐོབ་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་དང༌། དབང་ཐོབ་པ་དང་ཆེ་བ་ཉིད་ཀྱི་ཁྱད་པར་དང༌། ངེས་པའི་ཚིག་རབ་ཏུ་དབྱེ་བ་དང༌། རྣམ་པ་བདུན་གྱིས་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་ཡོངས་སུ་སྦྱང་བ་བྱ་བའི་ས་བསྡུ་བ་ནི་སྤྱི་དང་སོ་སོ་ནས་ས་བདུན་


DTG113_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའོ། །སྤྱིར་བསྡུ་བ་ཇི་ལྟ་བུ་ཞེ་ན། བདག་མེད་པ་རྣམ་པ་གཉིས་གོང་ནས་གོང་དུ་རབ་ཏུ་རྟོགས་པ་དང༌། དེའི་ཐབས་ཀྱིས་ཟིན་པའི་ཤེས་རབ་ཀྱིས་མི་གནས་པའི་ལམ་ཡོངས་སུ་སྦྱོང་བ་དང༌། སྦྱོར་བས་བསྡུས་པའི་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་སྟེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ས་བདུན་པོ་དག་ལ་རྣམ་པར་དབྱེ་བ་ལེགས་པར་བྱས་པ། ཤེས་རབ་དང་ཐབས་ཀྱི་ལམ་ཤིན་ཏུ་ཡོངས་སུ་སྦྱོངས་པ། ཚོགས་ཤིན་ཏུ་བསགས་པ་ཞེས་གསུངས་པའོ། །སོ་སོ་ནས་བསྡུ་བ་ཇི་ལྟ་བུ་ཞེ་ན། ས་དང་པོ་ལ་སོགས་པ་ལ་སྨོན་ལམ་ཤིན་ཏུ་བཏབ་པ་ལ་སོགས་པ་ནི་གང་གི་ཕྱིར། སྨོན་ལམ་ཆེན་པོ་ཤིན་ཏུ་བཏབ་པ་ཞེས་གསུངས་པའོ། །དེ་ལ་ས་གཉིས་པ་ལ་ནི་དེ་ལྟ་བས་ན་བདག་གིས་ས་རྣམ་པ་ཐམས་ཅད་ཡོངས་སུ་སྦྱང་ཞིང༌། མངོན་པར་སྒྲུབ་པ་ཉིད་ལ་བརྩོན་པར་བྱའོ་ཞེས་བྱ་བ་སྐབས་འདིར་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་སུ་རིག་པར་བྱ་སྟེ། གང་གི་ཕྱིར་དེ་བཞིན་གཤེགས་པའི་བྱིན་གྱིས་ཤིན་ཏུ་བརླབས་པ་ཞེས་གསུངས་པའོ། །ས་གསུམ་པ་ལ་ནི་འདོད་ཆགས་དང་བྲལ་བ་ལས་མི་ཉམས་པའི་བསམ་གཏན་ལ་སོགས་པ་ཐོབ་པའི་ཕྱིར། རང་གི་དགེ་བའི་རྩ་བ་སྟོབས་བསྐྱེད་པ་རྗེས་སུ་ཐོབ་པ་སྟེ། གང་གི་ཕྱིར་རང་གི་དགེ་བའི་རྩ་བའི་སྟོབས་བསྐྱེད་པ་རྗེས་སུ་ཐོབ་པ་ཞེས་གསུངས་པའོ། །ས་བཞི་པ་ནི་རྣམ་པར་གཞག་པའི་ཆོས་སྟོན་པས་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཁྱད་པར་གྱིས་སངས་རྒྱས་ཀྱི་ཆོས་ཡིད་ལ་བྱེད་པ་དང་ལྡན་པ་ཉིད་དེ། གང་གི་ཕྱིར་དེ་བཞིན་གཤེགས་པའི་སྟོབས་དང༌། མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡིད་ལ་བྱེད་པ་དང་ལྡན་པ་ཞེས་འདིར་གསུངས་པའོ། །ལྔ་པ་ལ་ནི་རྣམ་པར་དག་པ་ལ་སེམས་ཀྱི་བསམ་པ་མཉམ་པ་ཉིད་དག་གི་བསམ་པ་ལ་སོགས་པ་ཤིན་ཏུ་ཡོངས་སུ་སྦྱངས་པར་རིག་པར་བྱ་སྟེ། གང་གི་ཕྱིར་ལྷག་པའི་བསམ་པའི་བྲང་པ་ཤིན་ཏུ་ཡོངས་སུ་སྦྱངས་པ་ཞེས་འདིར་གསུངས་པའོ། །ས་དྲུག་པ་ལ་ནི་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་དང༌། དབང་བྱེད་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་སྤྱོད་པས་བསོད་ནམས་དང་ཡེ་ཤེས་ཀྱི་


DTG113_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཀྱིས་མངོན་པར་འཕགས་པ་དེ་ཉིད་གང་གི་ཕྱིར། བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་ཀྱིས་མངོན་པར་འཕགས་པ་ཞེས་འདིར་གསུངས་པའོ། །ས་བདུན་པ་ལ་ནི་ལམ་གཞན་རྩོམ་པའི་ཁྱད་པར་རྣམས་ཀྱིས་སེམས་ཅན་རྣམས་ལ་སྦྱོར་བ་མི་གཏོང་བ་ཉིད་དེ། གང་གི་ཕྱིར་སྙིང་རྗེ་དང་བྱམས་པ་ཆེན་པོས་སེམས་ཅན་ཐམས་ཅད་ལ་སྦྱོར་བ་མི་གཏོང་བ་ཞེས་གསུངས་པའོ། །སེམས་ཅན་གྱི་ཁམས་ཚད་མེད་པ་ལ་སོགས་པ་ལ་འཇུག་པ་རྣམས་ཀྱིས་ཡེ་ཤེས་ཀྱི་ལམ་ཚད་མེད་པ་དང་ལྡན་པ་ཉིད་དུ་རིག་པར་བྱ་སྟེ། གང་གི་ཕྱིར་ཡེ་ཤེས་ཀྱི་ལམ་ཚད་མེད་པ་དང་ལྡན་པ་དེ་ཞེས་གསུངས་པའོ། །དེ་ལྟར་ས་བརྒྱད་པའི་ཡོངས་སུ་སྦྱང་བ་བྱས་པའི་ས་བསྡུས་པ་རྣམ་པར་གཞག་པ་བྱས་ནས། རྣམ་པར་དག་པའི་བཟོད་པ་ཐོབ་པ་རྣམ་པར་གཞག་པ་ཡོངས་སུ་སྟོན་ཏེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་རྣམ་པར་དག་པའི་བཟོད་པ་འཐོབ་བོ། །དེ་རྣམ་པར་དག་པ་ཉིད་ལྷུན་གྱིས་གྲུབ་པར་རིག་པར་བྱ་སྟེ། བཟོད་པ་དེ་ཡང་མི་སྐྱེ་བ་རྣམ་པ་བཞི་ལ་རིག་པར་བྱའོ། །མི་སྐྱེ་བ་རྣམ་པ་བཞི་ནི་ཡོད་པ་མི་སྐྱེ་བ་དང༌། རང་བཞིན་གྱིས་མི་སྐྱེ་བ་དང༌། གྲངས་ཀྱི་བྱེ་བྲག་མི་སྐྱེ་བ་དང༌། ལས་ཀྱི་བྱེ་བྲག་མི་སྐྱེ་བའོ། །དེ་ལ་ཡོད་པ་མི་སྐྱེ་བ་ནི་རྣམ་པ་བདུན་མི་སྐྱེ་བ་སྟེ། ཡོད་པ་རྣམ་པ་བདུན་ལ་རྣམ་པར་བྱང་བའི་ཕྱོགས་ལ་ཆོས་རྣམ་པ་སྔ་ནས་ཡོད་པ་དེའི་གཉེན་པོར་ཆོས་ཐམས་ཅད་གཟོད་མ་ནས་མ་བྱུང་བ་ཉིད་ལ་འཇུག་གོ་ཞེས་གསུངས་སོ། །གསར་དུ་སྐྱེ་བ་དེའི་གཉེན་པོར་མ་སྐྱེས་པ་ཉིད་ཅེས་གསུངས་པའོ། །མཚན་ཉིད་ཡོད་པ་དེའི་གཉེན་པོར་མཚན་མེད་པ་ཉིད་ཅེས་གསུངས་སོ། །ཕྱི་མའི་མཐའ་ཡོད་པ་དེའི་གཉེན་པོར་བྱུང་བ་མེད་པ་ཉིད་ཅེས་གསུངས་པའོ། །ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་སྔོན་གྱི་མཐའ་ན་ཡོད་པ་དེའི་གཉེན་པོར་འཇིག་པ་མེད་པ་ཉིད་ཅེས་གསུངས་སོ། །སེམས་ཅན་རྣམས་རྫོགས་པ་ཡོད་པ་དེའི་གཉེན་པོར་ཐུག་པ་མེད་པ་ཉིད་ཅེས་གསུངས་སོ། །རྣམ་པར་བྱང་བའི་ཕྱོགས་ལ་ཀུན་ནས་ཉོན་མོངས་པ་ཅན་ཉིད་ཡོད་པ་དེའི་གཉེན་པོར་འཇུག་པ་མེད་པ་ཉིད་ཅེས་གསུངས་པའོ། །རང་བཞིན་གྱིས་སྐྱེ་བ་མེད་པ་ནི་ཆོས་ལ་བདག་མེད་པའོ། །དེ་ན་བདག་མེད་པའི་རང་བཞིན་ཏེ། གང་གི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་


DTG113_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའོ། །བཟོད་པ་འདི་ནི་དེ་ལ་དམིགས་པའི་ཕྱིར་དངོས་པོ་མེད་པ་ལ་དམིགས་པའི་ཕྱིར་ཡང་མ་ཡིན་ཏེ། བདག་མེད་པ་ནི་གཉིས་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །གྲངས་ཀྱི་བྱེ་བྲག་མི་སྐྱེ་བ་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་རྣམས་དུས་གསུམ་དུ་འབྲི་བའམ་འཕེལ་བ་མེད་པའི་ཕྱིར་ཏེ། གང་གི་ཕྱིར་ཐོག་མ་དང༌། དབུས་དང༌། ཐ་མ་མཉམ་པ་ཉིད་ཅེས་གསུངས་པའོ། །ལས་ཀྱི་བྱེ་བྲག་མི་སྐྱེ་བ་ནི་དེ་བཞིན་ཉིད་རྣམ་པར་དག་པ་ལྟར་སངས་རྒྱས་ཀྱི་ཡེ་ཤེས་ཐ་དད་དུ་བྱ་བ་མེད་པ་སྟེ། གང་གི་ཕྱིར་དེ་བཞིན་ཉིད་ལྟར་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་རྟོགས་པར་བྱ་བ་ཉིད་ལས་བརྩམས་ནས་འཇུག་གོ་ཞེས་གསུངས་པའོ། །དེ་ལྟར་མི་སྐྱེ་བའི་ཆོས་ལ་བཟོད་པའི་དམིགས་པ་བསྟན་ནས། རྣམ་པར་སྨིན་པ་དང༌། རློམ་སེམས་དང༌། ཡུལ་རྣམ་པར་རིག་པས་བསྡུས་པའི་རྣམ་པར་རྟོག་པའི་རང་བཞིན་གྱི་འདུ་ཤེས་དང་བྲལ་བས་འཇུག་པ་སྟོན་ཏེ། གང་གི་ཕྱིར་དེ་ཐམས་ཅད་དུ་སེམས་དང༌། ཡིད་དང༌། རྣམ་པར་ཤེས་པའི་རྣམ་པར་རྟོག་པའི་འདུ་ཤེས་དང་བྲལ་ཞིང་ཞེས་གསུངས་པའོ། །འདུ་ཤེས་སྨོས་པ་ནི་མི་མཐུན་པའི་ཕྱོགས་ཀྱི་འདུ་ཤེས་དགག་པའི་ཕྱིར་ཏེ། གཉེན་པོའི་འདུ་ཤེས་དེ་ལ་ཡོད་པའོ། །དེ་ནི་རྣམ་པ་གསུམ་གྱིས་ས་འོག་མ་ལས་ཁྱད་པར་དུ་འཕགས་པ་སྟེ། ལྷུན་གྱིས་གྲུབ་པས་ཁྱད་པར་དུ་འཕགས་པ་ནི་གང་གི་ཕྱིར་ཐོགས་པ་མེད་ཅེས་གསུངས་པའོ། །ཁྱབ་པས་ཁྱད་པར་དུ་འཕགས་པ་ནི་གང་གི་ཕྱིར་ནམ་མཁའ་འདྲ་ཞེས་གསུངས་པའོ། །རང་གི་ངང་གིས་དེ་བཞིན་ཉིད་དུ་ཞུགས་པའི་ཕྱིར་མི་གཡོ་བས་ཁྱད་པར་དུ་འཕགས་པ་ནི་གང་གི་ཕྱིར། བླ་གབ་མེད་པའི་རང་བཞིན་དུ་ཞུགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱའོ་ཞེས་གསུངས་པའོ། །དེ་ལྟར་ས་བརྒྱད་པའི་རྣམ་པར་དག་པའི་བཟོད་པ་འཐོབ་པ་རྣམ་པར་གཞག་པ་བསྟན་ནས། གནས་པའི་ཁྱད་པར་འཐོབ་པ་སྟོན་ཏོ། །དེ་ལ་གནས་པའི་ཁྱད་པར་འཐོབ་པ་ནི་གནས་པ་ཟབ་མོ་ཐོབ་པའོ། །དེ་ནི་ཟབ་པ་ཉིད་རྣམ་པ་བདུན་དུ་རིག་པར་བྱ་སྟེ། །རིང་བའི་ས་ལ་འཇུག་པས་ཟབ་པ་ཉིད་ནི་གང་གི་ཕྱིར། ཀྱེ་རྒྱལ་བའི་སྲས་དག་དེ་ལ་བཟོད་པ་དེ་ལྟ་བུ་དང་ལྡན་པའི་


DTG113_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་ཐོབ་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་གནས་པ་ཟབ་མོ་རིང་བའི་ཡེ་ཤེས་ཞེས་གསུངས་པའོ། །བྱང་ཆུབ་སེམས་དཔའ་ས་དག་པ་པ་རྣམས་དང༌། ཐུན་མོང་བའི་ཟབ་བ་ཉིད་ནི་གང་གི་ཕྱིར་ཐ་མི་དད་པ་ཞེས་གསུངས་པའོ། །གཟུང་བ་དང་འཛིན་པར་སྣང་བ་མེད་པར་གྱུར་པས་ཡུལ་ཟབ་པ་ཉིད་ནི་གང་གི་ཕྱིར། མཚན་མ་ཐམས་ཅད་དང་བྲལ་བ་འདུ་ཤེས་ཀྱི་འཛིན་པ་ངན་པ་ཐམས་ཅད་ལས་ཕྱིར་ལོག་པ་ཞེས་གསུངས་པ་སྟེ། མི་མཐུན་པའི་ཕྱོགས་ཀྱི་འདུ་ཤེས་དགག་པའི་ཕྱིར་འཛིན་པ་ངན་པ་སྨོས་སོ། །བདག་དང་གཞན་གྱི་དོན་ལ་ཞུགས་པས་སྒྲུབ་པ་ཟབ་པ་ཉིད་ནི་གང་གི་ཕྱིར་ཚད་མེད་པ་ཞེས་གསུངས་པའོ། །ཟིལ་གྱིས་མི་གནོན་པ་ཟབ་པ་ཉིད་ནི་གང་གི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་པ་ཞེས་གསུངས་པའོ། །མི་མཐུན་པའི་ཕྱོགས་སྲབ་པ་ཟབ་པ་ཉིད་ནི་གང་གི་ཕྱིར་དབེན་པ་ཞེས་གསུངས་པའོ། །གཉེན་པོ་ལ་མངོན་དུ་ཕྱོགས་པ་ཟབ་པ་ཉིད་ནི་གང་གི་ཕྱིར། ཐམས་ཅད་ལས་དབེན་པ་མངོན་དུ་གྱུར་པ་རྗེས་སུ་ཐོབ་པ་ཡིན་ནོ་ཞེས་གསུངས་པ་སྟེ། དེ་བཞིན་ཉིད་ནི་ཐམས་ཅད་ལས་དབེན་པའོ། །འགོག་པའི་སྙོམས་པར་འཇུག་པའི་དཔེས་ནི་གནས་པ་དེའི་ཞི་བ་ཉིད་ཡོངས་སུ་སྟོན་ཏེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ་དཔེར་ན་དགེ་སློང་རྫུ་འཕྲུལ་དང་ལྡན་པ། སེམས་ཀྱི་དབང་མཆོག་ཐོབ་པ་མཐར་གྱི་ས་དགུ་པ་འགོག་པ་ལ་སྙོམས་པར་ཞུགས་པ་ནི་གཡོ་བ་དང༌། རློམ་སེམས་ཐམས་ཅད་དང་བྲལ་བ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་མི་གཡོ་བ་འདི་ཐོབ་མ་ཐག་ཏུ་འབད་པ་ཐམས་ཅད་དང་བྲལ་ཏེ། ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཐོབ་ཅིང་ལུས་དང༌། ངག་དང༌། སེམས་ཀྱི་རྩོལ་བ་དང་བྲལ་ནས་རྣམ་པར་སྨིན་པ་ལ་གནས་པ་ཡིན་ནོ་ཞེས་གསུངས་པའོ། །དེ་ལ་གཡོ་བ་དང་རློམ་སེམས་ཐམས་ཅད་དང་བྲལ་བ་ནི་དེ་དག་གི་གནས་སེམས་མེད་པའི་ཕྱིར་རོ། །འབད་པ་ཐམས་ཅད་དང་བྲལ་བ་ནི་འབད་པ་དང་བཅས་པའི་ས་ལས་ཡང་དག་པར་འདས་པའི་ཕྱིར་རོ། །ལྷུན་གྱིས་གྲུབ་པའི་


DTG113_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་ཐོབ་པ་ནི་དེའི་གཉེན་པོ་རྙེད་པའི་ཕྱིར་རོ། །ད་ནི་ལྷུན་གྱིས་གྲུབ་ཅིང་རྩོལ་བ་མེད་པ་ཉིད་དང༌། རྣམ་པར་སྨིན་པ་ལས་གནས་པ་ཉིད་ཀྱི་ལྷུན་གྱིས་གྲུབ་པའི་ཆོས་འཐོབ་པ་དེ་ཡང་དག་པར་སྟོན་ཏེ། རྩོལ་བ་དང་མི་མཐུན་པའི་གནས་ཐོབ་པའི་ཕྱིར་རོ། །རྣམ་པར་སྨིན་པ་ལ་གནས་པ་ཉིད་ནི་ཀུན་གཞི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལ་ཤིན་ཏུ་གནས་པ་ཉིད་ཡིན་པར་རིག་པར་བྱའོ། །གཉིད་ཀྱིས་ལོག་པ་ལས་དཔའི་དཔས་ནི་གནས་པ་འདི་ལ་འདུ་ཤེས་འགོག་པའི་ཉེས་པ་སེལ་ཏོ། །འདུ་ཤེས་ཡོད་དུ་ཟིན་ཀྱང་བཟོད་པ་དེ་ནི་དེ་ཁོ་ན་ཤེས་པ་དང་ལྡན་པར་སྟོན་ཏོ། །གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དཔེར་ན་མི་ཞིག་གཉིད་ཀྱིས་ལོག་པའི་རྨི་ལམ་ན་བདག་ཆུ་བོ་ཆེན་པོས་ཁྱེར་བ་སྙམ་བྱེད་ལ། དེ་དེ་ནས་ཅི་ཕྱིན་དུ་འབད་ཅིང་རྩོལ་བ་ཆེན་པོ་རྩོལ་རྩོལ་བ་ལས། དེ་འབད་ཅིང་རྩོལ་བ་ཆེན་པོ་དེ་ཉིད་ཀྱིས་སད་ན་སད་མ་ཐག་ཏུ་འབད་ཅིང་རྩོལ་བ་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་གྱི་ཚོགས་ཆུ་བོ་ཆེན་པོ་བཞིས་ཁྱེར་བར་ཤེས་ནས་འབད་ཅིང་རྩོལ་བ་ཆེན་པོ་རྩོམ་མོ། །དེ་བརྩོན་འགྲུས་ཆེན་པོ་བརྩམས་པས་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་ཐོབ་མ་ཐག་ཏུ་འབད་པ་ཐམས་ཅད་དང་བྲལ་བར་འགྱུར་ཏེ། དེའི་གཉིས་སུ་ཀུན་དུ་སྤྱོད་པ་དང༌། མཚན་མ་ཀུན་དུ་སྤྱོད་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་སྣང་བར་འགྱུར་རོ་ཞེས་གསུངས་པའོ། །དེ་ལ་རྣམ་པར་དག་པའི་དབང་དུ་བྱས་ནས། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་ཀུན་དུ་སྤྱོད་པ་དང༌། ཡུལ་ལ་ཡོངས་སུ་སྤྱོད་པའི་དབང་དུ་བྱས་ནས་མཚན་མ་ཀུན་དུ་སྤྱོད་པ་སྣང་བར་མི་འགྱུར་རོ། །ཚངས་པའི་འཇིག་རྟེན་དུ་སྐྱེས་པའི་དཔེས་ནི་ས་འོག་མའི་དེ་དག་ཀུན་དུ་མི་འབྱུང་བས་རྣམ་པར་སྨིན་པ་ཐོབ་སྟེ། རྒྱང་རིང་བས་ཁྱད་པར་ཡོངས་སུ་སྟོན་ཏེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དཔེར་ན་ཚངས་པའི་འཇིག་རྟེན་དུ་སྐྱེས་ཤིང་གནས་པ་ལ་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀུན་དུ་མི་འབྱུང་ངོ༌། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་ལ་གནས་པའི་བྱང་ཆུབ་སེམས་


DTG113_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་ས་ལ་ཡང་སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་ཀུན་དུ་འབྱུང་བ་ཡང་ཀུན་དུ་མི་འབྱུང་སྟེ། དེ་སངས་རྒྱས་ལ་ཀུན་དུ་འབྱུང་བའམ། བྱང་ཆུབ་ལ་ཀུན་དུ་འབྱུང་བའམ། བྱང་ཆུབ་སེམས་དཔའ་ལ་ཀུན་དུ་འབྱུང་བའམ། བྱང་ཆུབ་ཀྱི་སྤྱོད་པ་ལ་ཀུན་དུ་འབྱུང་བའམ། རང་སངས་རྒྱས་ལ་ཀུན་དུ་འབྱུང་བའམ། ཉན་ཐོས་ལ་ཀུན་དུ་འབྱུང་བའམ། མྱ་ངན་ལས་འདས་པ་ལ་ཀུན་དུ་འབྱུང་བའམ། དགྲ་བཅོམ་པ་ལ་ཀུན་དུ་འབྱུང་བའམ། ཕྱིར་མི་འོང་བ་ལ་ཀུན་དུ་འབྱུང་བའམ། ལན་ཅིག་ཕྱིར་འོང་བ་ལ་ཀུན་དུ་འབྱུང་བའམ། རྒྱུན་ཏུ་ཞུགས་པ་ལ་ཀུན་དུ་འབྱུང་བ་ཐམས་ཅད་ཀྱང་ཀུན་དུ་མི་འབྱུང་ན། འཇིག་རྟེན་པ་ལ་ཀུན་དུ་འབྱུང་བ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་པའོ། །དེ་ལ་འཇུག་པ་དང༌། ལོག་པའི་ཕྱོགས་ལ་སེམས་ལ་སོགས་པ་དང༌། སངས་རྒྱས་ལ་སོགས་པ་ལ་ཀུན་དུ་འབྱུང་བ་མེད་པའི་ཕྱིར་རོ།། སངས་རྒྱས་ལ་སོགས་པ་ལ་ཀུན་དུ་འབྱུང་བ་ནི་ཐེག་པ་ཆེན་པོ་དང༌། ཉན་ཐོས་ཀྱི་ཐེག་པའི་བྱེ་བྲག་དང༌། ཐེག་པ་ཆེན་པོ་ལ་ཡང་གང་ཟག་དང༌། ཆོས་ཀྱི་བྱེ་བྲག་དང༌། ཉན་ཐོས་ཀྱི་ཐེག་པ་ལ་ཡང་ཆོས་དང༌། སློབ་པ་དང༌། མི་སློབ་པའི་བྱེ་བྲག་གིས་བསྟན་པར་རིག་པར་བྱའོ། །དེ་ལ་འཇུག་པ་དང་ལྡོག་པའི་ཕྱོགས་ལ་སེམས་ལ་སོགས་པ་དང༌། སངས་རྒྱས་ལ་སོགས་པ་ལ་ཀུན་དུ་འབྱུང་བ་མེད་ཅེས་བྱ་བ་དེ་ལ་འཇུག་པའི་ཕྱོགས་ལ་སེམས་ལ་སོགས་པ་ཀུན་དུ་འབྱུང་བ་མེད་པ་ནི་གང་གི་ཕྱིར་སེམས་དང༌། ཡིད་དང༌། རྣམ་པར་ཤེས་པའི་ཀུན་དུ་འབྱུང་བ་ཀུན་དུ་མི་འབྱུང་སྟེ་ཞེས་གསུངས་པའོ། །ལོག་པའི་ཕྱོགས་ལ་སངས་རྒྱས་ལ་སོགས་པ་ལ་ཀུན་དུ་འབྱུང་བ་མེད་པ་ནི་སངས་རྒྱས་ལ་ཀུན་དུ་འབྱུང་བའམ་ཞེས་བྱ་བ་ནས་བརྩམས་ཏེ། རྒྱུན་དུ་ཞུགས་པ་ལ་ཀུན་དུ་འབྱུང་བ་ཡང་ཀུན་དུ་མི་འབྱུང་ན་ཞེས་བྱ་བའི་བར་དུ་གསུངས་པའོ། །ཐེག་པ་ཆེན་པོ་དང་ཉན་ཐོས་ཀྱི་ཐེག་པའི་བྱེ་བྲག་དེ་ལ་ཐེག་པ་ཆེན་པོའི་བྱེ་བྲག་ནི་སངས་རྒྱས་དང༌། བྱང་ཆུབ་དང་བྱང་ཆུབ་སེམས་དཔའ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་བ་ལ་ཀུན་དུ་འབྱུང་བ་རྣམས་སོ། །ཉན་ཐོས་ཀྱི་ཐེག་པའི་བྱེ་བྲག་ནི་ཉན་ཐོས་དང༌། མྱ་ངན་ལས་འདས་པ་དང༌། དགྲ་བཅོམ་


DTG113_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པ་ལ་ཀུན་དུ་འབྱུང་བའོ། །ཐེག་པ་ཆེན་པོ་ལ་གང་ཟག་གི་བྱེ་བྲག་ནི་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ཀུན་དུ་འབྱུང་བའོ། །ཆོས་ཀྱི་བྱེ་བྲག་ནི་བྱང་ཆུབ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཀུན་དུ་འབྱུང་བའོ། །ཉན་ཐོས་ཀྱི་ཐེག་པའི་ཆོས་དང༌། སློབ་པ་དང་མི་སློབ་པའི་གང་ཟག་གི་བྱེ་བྲག་ལ་ཆོས་ཀྱི་བྱེ་བྲག་ནི་མྱ་ངན་ལས་འདས་པ་ལ་ཀུན་དུ་འབྱུང་བའོ། །མི་སློབ་པའི་བྱེ་བྲག་ནི་དགྲ་བཅོམ་པ་ལ་ཀུན་དུ་འབྱུང་བའོ། །སློབ་པའི་བྱེ་བྲག་ནི་ཕྱིར་མི་འོང་བ་ལ་སོགས་པ་ཀུན་དུ་འབྱུང་བའོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྔོན་གྱི་སྨོན་ལམ་གྱི་སྟོབས་བསྐྱེད་པ་དང༌། ཆོས་ཀྱི་སྒོའི་རྒྱུན་དེ་ལ་གནས་པ་དེ་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཉེ་བར་སྒྲུབ་པ་མཛད་དེ། དེ་ལ་འདི་སྐད་ཅེས་ཀྱང་བཀའ་སྩལ་ཏེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ་སངས་རྒྱས་ཀྱི་ཆོས་རྗེས་སུ་ཐོབ་པར་བྱ་བ་ལ། འདི་ནི་དོན་དམ་པའི་བཟོད་པ་ཡང་ཡིན་ན་འོན་ཀྱང་གང་ངེད་ཀྱི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་དེ་ཁྱོད་ལ་མེད་ཀྱིས་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་དེ་ཡོངས་སུ་བཙལ་བའི་ཕྱིར་བརྩོན་འགྲུས་རྩོམ་ཤིག །བཟོད་པའི་སྒོ་འདི་ཉིད་ཀྱང་མ་དོར་ཅིག་ཅེས་བྱ་བ་དེ་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་ཉེ་བར་སྒྲུབ་པ་འདིས་ནི་དེ་ལ་གནས་པས་མངོན་པར་དགའ་བ་ཙམ་གྱིས་ཆོག་པར་འཛིན་པ་ཟློག་པར་མཛད་དེ། བྱས་པ་བསྔགས་པ་དང༌། མི་བྱེད་པ་བསྐུལ་བ་དང༌། དེ་ལ་གནས་པ་མི་འདོར་བས་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་མ་ཐོབ་པ་ཐོབ་པར་བྱེད་ནུས་པའི་དབང་དུ་མཛད་ནས་ཟློག་པར་མཛད་དོ། །ཡང་ཁྱིམ་པ་དང༌། རབ་ཏུ་བྱུང་བའི་ཕྱོགས་དང༌། ཀུན་ནས་དཀྲིས་པ་དང༌། བག་ལ་ཉལ་གྱིས་ཀུན་ནས་ཉོན་མོངས་པར་གྱུར་པའི་སེམས་ཅན་རྣམས་ལ་སེམས་ཅན་གྱི་དོན་བྱ་བ་དོན་ཆེ་བ་ཉིད་ཀྱི་དབང་དུ་མཛད་ནས་ཟློག་པར་མཛད་དེ། གང་གི་ཕྱིར་རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་ཞི་བའི་རྣམ་པར་ཐར་པ་ཐོབ་ཀྱང༌། བྱིས་པ་སོ་སོའི་སྐྱེ་བོ་མ་ཞི་བ་རབ་ཏུ་མ་ཞི་བ་ཉོན་མོངས་པ་སྣ་


DTG113_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀུན་དུ་འབྱུང་བར་གྱུར་པ་རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་ཀྱིས་གཡེན་སྤྱོ་བ་འདི་དག་ལ་སོམས་ཤིག་ཅེས་གསུངས་པའོ། །དེ་ལ་མ་ཞི་བ་ནི་ཉོན་མོངས་པའི་ཀུན་ནས་དཀྲིས་པའོ། །རབ་ཏུ་མ་ཞི་བ་ནི་དེའི་བག་ལ་ཉལ་མ་སྤངས་པའོ། །ཉོན་མོངས་པ་སྣ་ཚོགས་ཀུན་དུ་འབྱུང་བར་འགྱུར་བ་ནི་ཁྱིམ་པའི་ཕྱོགས་སོ། །རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་ཀྱིས་གཡེན་སྤྱོ་བ་ནི་རབ་ཏུ་བྱུང་བའི་ཕྱོགས་སོ། །ཡང་སྨོན་ལམ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་ཡེ་ཤེས་ཀྱི་ཚོགས་འབྲས་བུ་མེད་པར་འགྱུར་བའི་དབང་དུ་མཛད་ནས་ཀྱང་ཟློག་པར་མཛད་དེ། གང་གི་ཕྱིར་ཡང་རིགས་ཀྱི་བུ་ཁྱོད་སྔོན་གྱི་སྨོན་ལམ་དང༌། སེམས་ཅན་གྱི་དོན་ཐོབ་པར་བྱ་བ་དང༌། ཡེ་ཤེས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་དྲན་པར་གྱིས་ཤིག་ཅེས་གསུངས་པའོ། །ཡང་ཐུན་མོང་མ་ཡིན་པའི་དོན་དུ་དུབ་པ་འབྲས་བུ་མེད་པའི་དབང་དུ་མཛད་ནས་ཀྱང་ཟློག་པར་མཛད་དེ། གང་གི་ཕྱིར་ཡང་རིགས་ཀྱི་བུ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་ཀྱི་དབྱིངས་འདི་ནི་གནས་པ་ཉིད་དེ། འདིས་ནི་དེ་བཞིན་གཤེགས་པ་རྣམས་ཉི་ཚེ་རབ་ཏུ་དབྱེ་བར་བྱ་བ་མ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང་རྣམ་པར་མི་རྟོག་པའི་ཆོས་ཉིད་འདི་འཐོབ་བོ་ཞེས་གསུངས་པའོ། །དེའི་འོག་ཏུ་སེམས་ཅན་གྱི་དོན་མཛད་པ་ལས་བརྩམས་ནས་ལུས་ཚད་མེད་པ་ལ་སོགས་པས་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་དེའི་ནུས་པ་ཡོངས་སུ་སྟོན་ཏེ། སེམས་ཅན་གྱི་དོན་མཛད་པ་དེ་ཡང་གནས་གང་གིས་མཛད་པ་ནི་གང་གི་ཕྱིར་ཡང་རིགས་ཀྱི་བུ་ཁྱོད་ངེད་ཀྱི་ལུས་ཚད་མེད་པ་ཉིད་ཅེས་གསུངས་པའོ། །ཀུན་རྫོབ་དང་དོན་དམ་པའི་ཡེ་ཤེས་གང་གིས་མཛད་པ་ནི་གང་གི་ཕྱིར་ཡེ་ཤེས་ཚད་མེད་པ་ཉིད་ཅེས་གསུངས་པའོ། །ཞིང་ཡོངས་སུ་དག་པ་གང་གིས་མཛད་པ་ནི་གང་གི་ཕྱིར་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཉིད་ཅེས་གསུངས་པའོ། །གདུལ་བྱའི་སྤྱོད་པ་མཁྱེན་པ་གང་གིས་མཛད་པ་ནི་གང་གི་ཕྱིར། ཡེ་ཤེས་མངོན་པར་སྒྲུབ་པ་ཚད་མེད་པ་ཉིད་ཅེས་གསུངས་པའོ། །གང་གིས་བསྡུས་ཏེ་མཛད་པ་ནི་གང་གི་ཕྱིར་འོད་ཀྱི་དཀྱིལ་འཁོར་ཚད་མེད་པ་ཉིད་ཅེས་གསུངས་པའོ། །བཤད་པ་གང་གིས་


DTG113_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་ནི་གང་གི་ཕྱིར། སྒྲ་སྐད་ཀྱི་ཡན་ལག་ཚད་མེད་པ་ཉིད་ལ་ལྟོས་ཏེ་ཞེས་གསུངས་པའོ། །ཁྱོད་ཀྱིས་ཀྱང་དེ་བཞིན་དུ་མངོན་པར་སྒྲུབ་པ་སྐྱེད་ཅིག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་སེམས་ཅན་གྱི་དོན་མཛད་པ་དེ་སྟོན་ཏོ། །ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་བདེ་བར་གནས་པའི་ཁྱད་པར་ཡང་སྟོན་ཏེ། གང་གི་ཕྱིར་རིགས་ཀྱི་བུ་གང་ཁྱོད་ཀྱིས་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་སྣང་བ་འདི་ནི་ཁྱོད་ཀྱི་སྣང་བ་གཅིག་པུར་ཟད་དོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་ལ་ནི་ཆོས་སྣང་བའི་སྒོ་འདི་འདྲ་བ་ཡོངས་སུ་མཐའ་ཡས་པར་སོང་བ་མཛད་པ་མཐའ་ཡས་ཤིང༌། འབྲེལ་པ་མཐའ་ཡས་པ་ཡིན་གྱིས་དེ་དག་ཐོབ་པར་བྱ་བའི་ཕྱིར་མངོན་པར་སྒྲུབ་པ་སྐྱེད་ཅིག་ཅེས་གསུངས་པའོ། །དེ་ལ་མཐའ་ཡས་པར་གྱུར་པ་དག་ནི་སྒོ་ཐ་དད་པའི་ཕྱིར་རོ། །མཛད་པ་མཐའ་ཡས་པ་དག་ནི་མཛད་པ་ཐ་དད་པའི་ཕྱིར་རོ། །འབྲེལ་པ་མཐའ་ཡས་པ་དག་ནི་གོང་ནས་གོང་དུ་རྟེན་པ་ཐ་དད་པའི་ཕྱིར་རོ། །ཡང་འཇིག་རྟེན་གྱི་ཁམས་དང༌། སེམས་ཅན་དང་ཆོས་རབ་ཏུ་དབྱེ་བ་ཇི་ལྟར་མཐོང་བ་རྣམས་ལ་ལྟ་བ་ཙམ་ཞིག་བྱ་བའི་ཕྱིར་ཚེགས་ཆུང་བའི་དབང་དུ་མཛད་ནས་ཟློག་པར་མཛད་དེ། གང་གི་ཕྱིར་ཡང་རིགས་ཀྱི་བུ་ཁྱོད་ཀྱིས་ཕྱོགས་བཅུའི་ཞིང་ཚད་མེད་པ་ཉིད་དང༌། སེམས་ཅན་ཚད་མེད་པ་ཉིད་དང༌། ཆོས་རྣམ་པར་དབྱེ་བ་ཚད་མེད་པ་ཉིད་ལ་ལྟོས་ཏེ། དེ་དག་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་གྱིས་ཤིག་ཅེས་བཀའ་སྩལ་ཏོ། །ཀྱི་རྒྱལ་བའི་སྲས་དེ་ལྟར་ས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཡེ་ཤེས་མངོན་པར་སྒྲུབ་པའི་སྒོ་ཚད་མེད་པ་དེ་དག་ལ་སོགས་པ་གང་དག་གིས་བྱང་ཆུབ་སེམས་དཔའ་ཡེ་ཤེས་རྣམ་པར་དབྱེ་བ་ཚད་མེད་པས་མངོན་པར་སྒྲུབ་པའི་ལས་མངོན་པར་སྒྲུབ་པར་མཛད་དོ། །ཀྱེ་རྒྱལ་བའི་སྲས་ཁྱོད་མོས་པར་བྱའོ། །ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་ལ་མངོན་པར་སྒྲུབ་པའི་སྒོ་རྣམས་སུ་གཞུག་པ་མ་མཛད་དུ་ཟིན་ན། དེའི་དེ་ཉིད་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་ཏེ། སེམས་


DTG113_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ཀྱི་བྱ་བ་ཡང་རྒྱུན་གཅད་པར་འགྱུར་རོ་ཞེས་གསུངས་པའོ། །དེ་ལ་དེ་ཉིད་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་ཏེ་ཞེས་བྱ་བ་ནི་ཡེ་ཤེས་ཉེ་བར་སྒྲུབ་པའི་དགོས་པ་སྟོན་ཏོ། །ཡང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ནི་བྱང་ཆུབ་སེམས་དཔའ་དེ་ལ་སྐད་ཅིག་གཅིག་ལ་ཡེ་ཤེས་ཀྱི་ལས་གང་མངོན་པར་སྒྲུབ་པ་ལ་དང་པོའི་སེམས་བསྐྱེད་པ་ནས་བཟུང་སྟེ། ས་བདུན་པ་ལ་གནས་པ་དང་ལྡན་པའི་བར་གྱི་རྩོམ་པ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང༌། འབུམ་གྱི་ཆ་དང༌། བྱེ་བའི་ཆ་དང༌། བྱེ་བ་བརྒྱའི་ཆ་དང༌། བྱེ་བ་སྟོང་གི་ཆ་དང༌། བྱེ་བ་འབུམ་གྱི་ཆ་དང༌། བྱེ་བ་ཁྲག་ཁྲིག་འབུམ་གྱི་ཆར་ཡང་ཉེ་བར་མི་འགྲོའོ། །གྲངས་དང༌། ཆ་དང༌། བགྲང་བ་དང༌། བསྐྲུན་པ་དང༌། རྒྱུར་ཡང་ཉེ་བར་མི་འགྲོ་བ་ནས་དཔེའི་བར་དུ་ཡང་མི་བཟོད་བ་དེ་སྙེད་དུ་ཚད་མེད་པའི་ཡེ་ཤེས་མངོན་པར་སྒྲུབ་པའི་ལས་ཉེ་བར་སྒྲུབ་པ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་འདི་ལྟར་སྔན་ཆད་ནི་ལུས་གཅིག་གིས་མངོན་པར་བསྒྲུབ་པས་སྤྱོད་པ་མངོན་པར་བསྒྲུབ་པར་གྱུར་གྱི། འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ལུས་རྣམ་པར་གཡོ་བ་ཚད་མེད་པ་དང༌། སྒྲ་སྐད་མངོན་པར་སྒྲུབ་པ་ཚད་མེད་པ་དང། ཡེ་ཤེས་མངོན་པར་སྒྲུབ་པ་ཚད་མེད་པ་དང༌། སྐྱེ་བ་མངོན་པར་སྒྲུབ་པ་ཚད་མེད་པ་དང༌། ཞིང་ཡོངས་སུ་དག་པར་བྱ་བ་ཚད་མེད་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཚད་མེད་པ་དང༌། སངས་རྒྱས་ལ་མཆོད་པ་དང་རིམ་གྲོ་བྱ་བ་ཚད་མེད་པ་དང༌། ཆོས་ཀྱི་ཚུལ་ཁོང་དུ་ཆུད་པ་ཚད་མེད་པ་དང༌། མངོན་པར་ཤེས་པ་མངོན་པར་སྒྲུབ་པའི་སྟོབས་སྐྱེད་པ་ཚད་མེད་པ་དང༌། འཁོར་གྱི་དཀྱིལ་འཁོར་རྣམ་པར་ཕྱེ་བ་ཚད་མེད་པས་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྟོབས་ཡང་དག་པར་འགྲུབ་སྟེ། ཚད་མེད་པ་དང་ལྡན་པའི་ལུས་དང༌། ངག་དང་ཡིད་ཀྱི་ལས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་སྟོབས་མི་གཡོ་བའི་ཚུལ་གྱིས་ཡང་དག་པར་འགྲུབ་བོ་ཞེས་བྱ་བ་དེ་ལ། དེ་སྙེད་དུ་ཚད་མེད་པའི་ཡེ་ཤེས་མངོན་པར་འགྲུབ་པའི་ལས་ཉེ་བར་སྒྲུབ་པ་མཛད་དོ་ཞེས་བྱ་བ་ནི་གནས་པ་དེའི་ཡོན་ཏན་ཡོངས་སུ་འཛིན་པའི་རྒྱུ་ཉིད་ཀྱི་ཁྱད་པར་ཏེ། རྒྱུ་དང་


DTG113_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པར་བརྗོད་པ་ཡོངས་སུ་སྟོན་ཏོ། །གྲངས་དང་ཆ་ལ་སོགས་པའི་བཤད་པ་ནི་མཚམས་སྦྱར་བར་རིག་པར་བྱའོ། །རྒྱུ་ནི་གཅིག་དང་གཅིག་ནི་གཉིས་ཀྱི་རྒྱུའོ། །གཉིས་དང་གཅིག་ནི་གསུམ་གྱི་རྒྱུའོ། །གཉིས་དང་གཉིས་ནི་བཞིའི་རྒྱུའོ་ཞེས་བྱ་བ་ལ་སོགས་པའོ།། དཔེར་ཡང་མི་བཟོད་ཅེས་བྱ་བ་ནི་ཆ་གང་གིས་དཔག་པའོ། །ལུས་རྣམ་པར་ཕྱེ་བ་ཚད་མེད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལུས་རྣམས་བདག་གི་ལུས་ཉིད་དུ་མོས་པའོ། །སྒྲ་སྐད་མངོན་པར་སྒྲུབ་པ་ལ་སོགས་པ་ཡང༌། དེ་བཞིན་དུ་ཚད་མེད་པ་ཉིད་དུ་རིག་པར་བྱའོ། །བཅུ་པ་འདི་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། ཚོགས་བསགས་པ་དང་སྒྲིབ་པ་རྣམ་པར་དག་པའི་དབང་དུ་བྱས་པར་རིག་པར་བྱ་སྟེ། ལུས་དང་ངག་ལ་གནས་བཤད་པ་གང་གིས། ཡེ་ཤེས་ལ་བརྟེན་པ་གང་གིས། སྐྱེ་བ་ཡོངས་སུ་འཛིན་པ་གང་གིས། ཞིང་གང་དུ། སེམས་ཅན་གང་ཡོངས་སུ་སྨིན་པར་བྱེད་པ་དང༌། སངས་རྒྱས་ལ་མཆོད་པ་དང༌། རིམ་གྲོ་བྱ་བ་དང༌། ཆོས་ཀྱི་ཚུལ་ཁོང་དུ་ཆུད་པ་གཉིས་ཀྱིས་ཇི་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་དང༌། ཇི་ལྟར་མངོན་པར་ཤེས་པ་ལ་སྒྲིབ་པ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་ལ་སྒྲིབ་པ་རྣམ་པར་སྦྱོང་བ་སྟེ། འདི་ཐམས་ཅད་དུ་ཡང་ཚད་མེད་པ་དང་ལྡན་པའི་ལུས་དང༌། ངག་དང་ཡིད་ཀྱི་ལས་སུ་རིག་པར་བྱའོ། །མི་གཡོ་བའི་ཚུལ་གྱིས་ཞེས་བྱ་བ་ནི་རྒྱུན་མི་འཆད་པར་སོགས་པའོ། །ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོར་འགྲོ་བའི་གྲུ་བོ་ཆེ་ནི་རྒྱ་མཚོ་ཆེན་པོ་ལ་མ་ཐུག་གི་བར་དུ་ཆེད་དུ་བསྐྱོད་ཅིང་འགྲོ་བར་བྱ་བ་ཡིན་ཏེ། རྒྱ་མཚོ་ཆེན་པོ་ལ་ཞེན་མ་ཐག་ཏུ་རླུང་གི་དཀྱིལ་འཁོར་གྱིས་བསྐྱོད་ནས་ཆེད་དུ་བསྐྱོད་མི་དགོས་པར་འགྲོ་སྟེ་དེས་ན་རྒྱ་མཚོ་ཆེན་པོ་ལ་ཉིན་གཅིག་གིས་ཅི་ཆོད་པ་དེ་ནི་སྔོན་ཆེད་དུ་བསྐྱོད་ཅིང་འགྲོ་བས། ལོ་བརྒྱར་ཡང་དེ་སྲིད་དུ་ཚད་མེད་པར་ཕྱིན་པར་མི་ནུས་སོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བའི་ཚོགས་ཤིན་ཏུ་བསགས་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་སྒྲུབ་པ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པའི་རྒྱ་མཚོ་ཆེན་པོར་ཕྱིན་ནས། ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས་ཡུད་


DTG113_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཅིག་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཇི་ཙམ་གནོན་པ་དེ་ནི་སྔོན་གྱི་ཆེད་དུ་བྱ་བའི་ལས་ཀྱི་བསྐལ་བ་འབུམ་དུ་ཡང་དེ་སྙེད་དུ་དཔག་ཏུ་མེད་པ་གནོད་པར་མི་ནུས་སོ་ཞེས་བྱ་བའི་གྲུ་བོ་ཆེའི་དཔེས་ནི་གནས་པ་དེའི་མངོན་པར་ཤེས་པ་མྱུར་བའི་རྒྱུ་ཉིད་ཀྱི་ཁྱད་པར་ཡོངས་སུ་སྟོན་ཏོ། །དགེ་པའི་རྩ་བའི་ཚོགས་ཤིན་ཏུ་བསགས་པ་ཞེས་བྱ་བ་ནི་ས་བདུན་པོ་རྣམས་ཀྱིས་ཐེག་པ་ཆེན་པོ་ཡང་དག་པར་བསྒྲུབས་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པའི་རྒྱ་མཚོར་ཕྱིན་ནས་ཞེས་བྱ་བ་ནི་ས་བརྒྱད་པའོ།། །།དེ་ལྟར་གནས་པའི་ཁྱད་པར་ཐོབ་པས་ས་བརྒྱད་བ་རྣམ་པར་གཞག་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པས་རྣམ་པར་འཇོག་སྟེ། དེ་ལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་བར་བྱེད་པ་ནི་སྣོད་ཀྱི་འཇིག་རྟེན་ལ་དབང་བའི་སྦྱོར་བ་དང༌། སེམས་ཅན་གྱི་འཇིག་རྟེན་ལ་དབང་བའི་སྦྱོར་བ་དང༌། ཡེ་ཤེས་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་དབང་བའི་སྦྱོར་བ་དང༌། དབང་བའི་སྦྱོར་བ་རྣམ་ལ་གསུམ་གྱིས་རིག་པར་བྱའོ། །དེ་ལ་སྣོད་ཀྱི་འཇིག་རྟེན་ལ་དབང་བ་ནི་རྣམ་པ་ལྔ་སྟེ། གང་འདོད་པ་དེ་ཀུན་དུ་སྟོན་པའམ། མི་སྣང་བར་བྱེད་པའམ། ཅི་འདྲ་བར་འདོད་པ་དེ་འདྲ་བ་སྟོན་པ་དང༌། དུས་ཇི་སྲིད་དུ་འདོད་པ་དུས་དེ་སྲིད་དུ་སྟོན་པ་དང༌། བསྡུས་པ་དང་རྒྱས་པ་ཇི་ལྟར་འདོད་པ་བཞིན་དུ་བྱེད་པ་དང༌། ཇི་སྙེད་འདོད་པ་དེ་སྲིད་སྟོན་པ་སྟེ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་ནི། ཐབས་མཁས་པའི་ཡེ་ཤེས་ཀྱིས་མངོན་པར་སྒྲུབ་པ་ལྷུན་གྱིས་གྲུབ་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའི་བློ་གྲོས་ཆེན་པོས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རྣམ་པར་དཔྱོད་ཅིང་འཇིག་རྟེན་གྱི་ཁམས་འབྱུང་བ་ལ་ཡང་རྣམ་པར་དཔྱོད་དོ། །འཇིག་རྟེན་གྱི་ཁམས་འཇིག་པ་ལ་ཡང་རྣམ་པར་དཔྱོད་དོ། །དེ་འཇིག་རྟེན་ཇི་ལྟར་འཇིག་པ་དེ་ཡང་རབ་ཏུ་ཤེས་སོ། །འཇིག་རྟེན་ཇི་ལྟར་འཆགས་པ་དེ་ཡང་རབ་ཏུ་ཤེས་སོ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་འབྱུང་བ་ལ་སོགས་པ་ཤེས་པ་དེ་ནི་སྣོད་ཀྱི་འཇིག་རྟེན་ལ་དབང་བའི་རྣམ་པ་དང་པོའི་སྦྱོར་བ་སྟེ་གང་འདོད་པ་དེ་སྟོན་པའམ། མི་སྣང་བར་བྱེད་ཅེས་བྱ་བ་དེའིའོ། །ལས་སོགས་པ་གང་གིས་འཇིག་རྟེན་འཇིག་པ་དེ་ཡང་རབ་ཏུ་ཤེས་སོ། །ལས་ཟད་པ་གང་གིས་འཇིག་


DTG113_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འཆགས་པ་དེ་ཡང་རབ་ཏུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་དང༌། ཟད་པ་ཤེས་པ་ནི་གཉིས་པ་སྟེ། ཅི་འདྲ་བར་འདོད་པ་དེ་འདྲ་བར་སྟོན་ཏོ་ཞེས་བྱ་བ་དེའིའོ། །དུས་ཇི་སྲིད་དུ་འཇིག་རྟེན་འཇིག་པ་དེ་ཡང་རབ་ཏུ་ཤེས་སོ། །དུས་ཇི་སྲིད་དུ་འཇིག་རྟེན་འཆགས་པ་དེ་ཡང་རབ་ཏུ་ཤེས་སོ། །འཇིག་རྟེན་ཞིག་ནས་དུས་ཇི་སྲིད་དུ་གནས་པ་དེ་ཡང་རབ་ཏུ་ཤེས་སོ། །འཇིག་རྟེན་འཆགས་ནས་དུས་ཇི་སྲིད་ཅིག་ཏུ་གནས་པ་དེ་ཡང་རབ་ཏུ་ཤེས་སོ་ཞེས་བྱ་བ་ལ་དུས་ཇི་སྲིད་དུ་འཇིག་པ་ལ་སོགས་པ་ཤེས་པ་ནི་གསུམ་པའི་སྟེ། དུས་ཇི་སྲིད་དུ་འདོད་པ་དེ་སྲིད་དུ་སྟོན་ཏོ་ཞེས་བྱ་བ་དེའིའོ། །དེ་སའི་ཁམས་ཆུང་བར་ཡང་རབ་ཏུ་ཤེས་སོ། །རྒྱ་ཆེན་པོར་གྱུར་པ་དང༌། ཚད་མེད་པ་དང༌། རྣམ་པར་ཆེ་བ་ཡང་རབ་ཏུ་ཤེས་སོ། །དེ་ཆུའི་ཁམས་ཆུང་བ་ཡང་རབ་ཏུ་ཤེས་སོ། །རྒྱ་ཆེན་པོར་གྱུར་པ་དང༌། ཚད་མེད་པ་དང༌། རྣམ་པར་ཕྱེ་བ་ཡང་རབ་ཏུ་ཤེས་སོ། །དེ་མེའི་ཁམས་ཆུང་བ་ཡང་རབ་ཏུ་ཤེས་སོ། །རྒྱ་ཆེན་པོར་གྱུར་པ་དང༌། ཚད་མེད་པ་དང༌། རྣམ་པར་ཕྱེ་བ་ཡང་རབ་ཏུ་ཤེས་སོ། །དེ་རླུང་གི་ཁམས་ཆུང་བ་ཡང་རབ་ཏུ་ཤེས་སོ། །རྒྱ་ཆེན་པོར་གྱུར་པ་དང༌། ཚད་མེད་པ་དང༌། རྣམ་པར་ཕྱེ་བ་ཡང་རབ་ཏུ་ཤེས་སོ། །དེ་རྡུལ་ཕྲ་རབ་ཀྱི་རྡུལ་ཕྲ་བ་ཡང་རབ་ཏུ་ཤེས་སོ། །རྣམ་པར་ཕྱེ་བ་ཡང་རབ་ཏུ་ཤེས་སོ། །རྡུལ་ཕྲ་རབ་ཀྱི་རྡུལ་ཚད་མེད་པ། རྣམ་པར་ཕྱེ་བ་ལ་མཁས་པ་ཡང་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་གང་ན་སའི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་ཡོད་པ་དེ་དག་ཀྱང་རབ་ཏུ་ཤེས་སོ། །ཆུའི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་ཡོད་པ་དེ་དག་ཀྱང་རབ་ཏུ་ཤེས་སོ། །མེའི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་ཡོད་པ་དེ་དག་ཀྱང་རབ་ཏུ་ཤེས་སོ། །རླུང་གི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་ཡོད་པ་དེ་དག་ཀྱང་རབ་ཏུ་ཤེས་སོ། །སེམས་ཅན་གྱི་ལུས་ལ་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་ཡོད་པ་དེ་དག་ཀྱང་རབ་ཏུ་ཤེས་སོ། །ཞིང་གི་ཚོགས་ལ་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་ཡོད་པ་དེ་དག་ཀྱང་རབ་ཏུ་ཤེས་སོ། །དེ་སེམས་ཅན་གྱི་ལུས་རགས་པ་དང༌། ལུས་ཕྲ་བ་དང༌། ལུས་རྣམ་པར་ཕྱེ་བ་ཡང་རབ་ཏུ་ཤེས་སོ། །སེམས་ཅན་དམྱལ་བ་པའི་ལུས་ཀྱི་གནས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་ཡོད་པ་དེ་དག་


DTG113_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རབ་ཏུ་ཤེས་སོ། །དུད་འགྲོའི་སྐྱེ་གནས་པའི་ལུས་ཀྱི་གནས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་ཡོད་པ་དེ་དག་ཀྱང་རབ་ཏུ་ཤེས་སོ། །གཤིན་རྗེའི་འཇིག་རྟེན་པའི་ལུས་ཀྱི་གནས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་ཡོད་པ་དེ་དག་ཀྱང་རབ་ཏུ་ཤེས་སོ། །ལྷ་མ་ཡིན་གྱི་འཇིག་རྟེན་གྱི་ལུས་ཀྱི་གནས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་ཡོད་པ་དེ་དག་ཀྱང་རབ་ཏུ་ཤེས་སོ། །ལྷའི་ལུས་ཀྱི་གནས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་ཡོད་པ་དེ་དག་ཀྱང་རབ་ཏུ་ཤེས་སོ། །མིའི་ལུས་ཀྱི་གནས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་ཡོད་པ་དེ་དག་ཀྱང་རབ་ཏུ་ཤེས་སོ་ཞེས་བྱའོ། །སའི་ཁམས་ཆུང་བ་ལ་སོགས་པ་ཤེས་པ་ནས་མིའི་ལུས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་གྱི་བར་དུ་ཤེས་པ་ནི་བཞི་པ་སྟེ། བསྡུས་པ་དང་རྒྱས་པ་ཇི་ལྟར་འདོད་པ་བཞིན་དུ་བྱེད་ཅེས་བྱ་བ་དེའིའོ། །དེ་ལྟར་རྡུལ་ཕྲ་རབ་ཀྱི་རྡུལ་རབ་ཏུ་དབྱེ་བ་ཤེས་པ་ལ་ཞུགས་པ་དེས་འདོད་པའི་ཁམས་འཇིག་པ་ཡང་རབ་ཏུ་ཤེས་སོ། །གཟུགས་ཀྱི་ཁམས་འཇིག་པ་དང༌། གཟུགས་མེད་པའི་ཁམས་འཇིག་པ་ཡང་རབ་ཏུ་ཤེས་སོ། །འདོད་པའི་ཁམས་འཆགས་པ་དང༌། གཟུགས་ཀྱི་ཁམས་འཆགས་པ་དང༌། གཟུགས་མེད་པའི་ཁམས་འཆགས་པ་ཡང་རབ་ཏུ་ཤེས་སོ། །འདོད་པའི་ཁམས་ཆུང་བ་ཡང་རབ་ཏུ་ཤེས་སོ། །རྒྱ་ཆེན་པོར་གྱུར་པ་དང༌། ཚད་མེད་པ་དང་རྣམ་པར་ཕྱེ་བ་ཡང་རབ་ཏུ་ཤེས་སོ། །གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་ཆུང་བ་ཡང་རབ་ཏུ་ཤེས་སོ། །རྒྱ་ཆེན་པོར་གྱུར་པ་དང༌། ཚད་མེད་པ་དང་རྣམ་པར་ཕྱེ་བ་ཡང་རབ་ཏུ་ཤེས་སོ། །ཁམས་གསུམ་པ་རྣམ་པར་དཔྱད་པ་ཞེས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ལེགས་པར་མངོན་པར་བསྒྲུབ་པའི་ཡེ་ཤེས་ཀྱི་སྣང་བ་དང་ལྡན་ཞིང་སེམས་ཅན་རྣམས་ཀྱི་ལུས་རབ་ཏུ་དབྱེ་བ་ཤེས་པ་ལ་མཁས་ལ། ལུས་རྣམ་པར་དབྱེ་བ་ཤེས་པ་ལ་མཁས་པས་སྐྱེ་བ་མངོན་པར་སྒྲུབ་པ་རྣམས་ལ་བློ་གཏོང་སྟེ། དེ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། སེམས་ཅན་རྣམས་ཀྱི་སྐྱེ་བ་དང༌། ལུས་ཡང་དག་པར་འགྲུབ་པ་ཅི་འདྲ་བ་དེ་ལྟ་བུར་རང་གི་ལུས་བྱིན་གྱིས་རློབ་བོ། །དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་རྒྱས་པར་བཀང་ནས། ཇི་ལྟར་སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་


DTG113_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་འགྱུར་བས། སེམས་ཅན་ལུས་ཐ་དད་པ་ལ་མོས་པ་རྣམས་ལ་སྣང་བ་དང་ཤེས་པའི་རྗེས་སུ་འགྲོ་བས་རང་གི་ལུས་དེ་ཁོ་ན་བཞིན་དུ་སྐྱེ་བར་མངོན་པར་སྒྲུབ་བོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཉིས་སམ། གསུམ་མམ། བཞིའམ། ལྔའམ། བཅུའམ། ཉི་ཤུའམ། སུམ་ཅུའམ། བཞི་བཅུའམ། ལྔ་བཅུ་ནས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་རྒྱས་པར་བཀང་སྟེ། སེམས་ཅན་ལུས་ཐ་དད་པ་ལ་མོས་པ་རྣམས་ལ་སྣང་བ་དང༌། ཤེས་པའི་རྗེས་སུ་འགྲོ་བས་རང་གི་ལུས་དེ་ཁོ་ན་བཞིན་དུ་སྐྱེ་བར་མངོན་པར་སྒྲུབ་བོ། །དེ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པས་སངས་རྒྱས་ཀྱི་ཞིང་གཅིག་ནས་ཀྱང་མི་གཡོ་ལ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་རྣམས་དང༌། འཁོར་གྱི་དཀྱིལ་འཁོར་རྣམས་ན་ཡང་སྣང་བར་གྱུར་པ་ཡིན་ནོ་ཞེས་བྱ་བ་འདོད་པའི་ཁམས་འཇིག་པ་ལ་སོགས་པ་ཤེས་ནས་སངས་རྒྱས་ཀྱི་ཞིང་གཅིག་ནས་ཀྱང་མི་གཡོ་བ་ལ་ཞེས་བྱ་བའི་བར་ལྔ་པའི་སྟེ། ཇི་སྙེད་པ་འདོད་པ་དེ་སྙེད་སྟོན་ཞེས་བྱ་བའི་དེའིའོ། །དེ་ལ་སའི་ཁམས་ལ་སོགས་པ་ནི་ཡུལ་དང་མཚན་ཉིད་ཀྱིས་ཤེས་པར་རིག་པར་བྱ་སྟེ། ཇི་ལྟར་ཡུལ་གྱིས་ཤེ་ན། ཆུང་བ་ནི་མཉམ་པར་མ་བཞག་པའི་ས་པའི་རྣམ་པར་སྨིན་པའི་རྣམ་པར་ཤེས་པའི་ཡུལ་ལོ། །རྒྱ་ཆེན་པོར་གྱུར་པ་ནི་མཉམ་པར་བཞག་པའི་ས་པའི་རྣམ་པར་སྨིན་པའི་རྣམ་པར་ཤེས་པའི་ཡུལ་ལོ། །ཚད་མེད་པ་ནི་དེ་བཞིན་གཤེགས་པའི་ཡུལ་ལོ། །ཇི་ལྟར་ན་མཚན་ཉིད་ཀྱིས་ཤེ་ན། རང་དང་སྤྱིའི་མཚན་ཉིད་རྣམ་པར་དབྱེ་བའི་སྒོ་ནས་ཏེ། ལུས་རགས་པ་དང༌། ཕྲ་བ་ནི་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་སེམས་ཅན་རྣམས་ཀྱི་ལུས་སུ་རིག་པར་བྱ་སྟེ་གོ་རིམས་བཞིན་ནོ། །འདོད་པའི་ཁམས་ལ་སོགས་པ་ཡང༌། ཡུལ་དང་མཚན་ཉིད་ཀྱིས་ཤེས་པར་བྱ་སྟེ། འདོད་པའི་ཁམས་ཀྱི་མི་རྣམས་ཀྱི་ཡུལ་ཇི་སྙེད་པ་ནི་ཆུང་བའོ། །ལྷ་རྣམས་ཀྱི་ཡུལ་ནི་རྒྱ་ཆེན་པོར་གྱུར་པའོ། །གཟུགས་ཀྱི་ཁམས་ཀྱི་རྟོག་པ་དང༌། དཔྱོད་པ་དང་བཅས་པའི་ཡུལ་ནི་ཆུང་བའོ། །རྟོག་པ་མེད་པ་དཔྱོད་པ་མེད་པའི་ཡུལ་ནི་རྒྱ་ཆེན་པོར་གྱུར་པའོ། །གཟུགས་མེད་པའི་ཁམས་ཀྱི་སྔར་ཆོས་འདི་པར་གྱུར་པའི་སོ་སོའི་སྐྱེ་


DTG113_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྣམས་ཀྱི་ཡུལ་ནི་ཆུང་བའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡུལ་ནི་རྒྱ་ཆེ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ནི་ཚད་མེད་པའོ། །སེམས་ཅན་རྣམས་ཀྱི་ལུས་རབ་ཏུ་དབྱེ་བ་ཤེས་པ་ལ་མཁས་པ་དང༌། ལུས་རྣམ་པར་དབྱེ་བ་ཤེས་པ་ལ་མཁས་པ་ལུས་མ་འདྲ་བ་དང་འདྲ་བ་ཤེས་པ་ལ་མཁས་པ་སྟེ། རིགས་གཞན་དང་རང་གི་རིགས་ཀྱི་བྱེ་བྲག་གིས་རིག་པར་བྱའོ། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་སྣང་བར་གྱུར་པ་ཡིན་ཞེས་བྱ་བ་ནི་དེ་འདྲ་བའི་ལུས་སྟོན་ཏོ།། །།དེ་ལྟར་སྣོད་ཀྱི་འཇིག་རྟེན་ལ་དབང་བའི་སྦྱོར་བས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བྱ་བ་བསྟན་ནས། སེམས་ཅན་གྱི་འཇིག་རྟེན་ལ་དབང་བའི་སྦྱོར་བ་སྟོན་ཏེ། དེ་ལ་སེམས་ཅན་གྱི་འཇིག་རྟེན་ལ་དབང་བ་ནི་དེ་འགུགས་པ་ལ་དབང་བའོ། །དེའི་སྦྱོར་པ་ནི་གདུལ་བྱའི་ལུས་དང་སེམས་དང་མཐུན་པའི་ལུས་དང་སེམས་སྟོན་པ་སྟེ། གང་གི་ཕྱིར་དེ་སེམས་ཅན་རྣམས་ཀྱི་ལུས་རྣམ་པར་དབྱེ་བ་དང༌། མོས་པ་དང༌། ལྷག་པའི་བསམ་པ་ཅི་འདྲ་བར་སངས་རྒྱས་ཀྱི་ཞིང་དེ་དང་དེ་དག་དང༌། འཁོར་གྱི་དཀྱིལ་འཁོར་དེ་དང་དེ་དག་ཏུ་དེ་ལྟ་དེ་ལྟར་རང་གི་ལུས་ཀུན་དུ་སྟོན་ཏེ། དེ་དགེ་སྦྱོང་གི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་དགེ་སྦྱོང་གི་ཁ་དོག་དང་གཟུགས་སྟོན་ཏོ། །བྲམ་ཟེའི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་བྲམ་ཟེའི་ཁ་དོག་དང་གཟུགས་སྟོན་ཏོ། །རྒྱལ་རིགས་ཀྱི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་རྒྱལ་རིགས་ཀྱི་ཁ་དོག་དང་གཟུགས་སྟོན་ཏོ། །རྗེའུ་རིགས་ཀྱི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་རྗེའུ་རིགས་ཀྱི་ཁ་དོག་དང་གཟུགས་སྟོན་ཏོ། །ཁྱིམ་བདག་གི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་ཁྱིམ་བདག་གི་ཁ་དོག་དང་གཟུགས་སྟོན་ཏོ། །རྒྱལ་ཆེན་བཞིའི་ལྷའི་རིས་ཀྱི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་རྒྱལ་ཆེན་བཞིའི་རིས་ཀྱི་ཁ་དོག་དང་གཟུགས་སྟོན་ཏོ། །སུམ་ཅུ་རྩ་གསུམ་གྱི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་སུམ་ཅུ་རྩ་གསུམ་གྱི་ཁ་དོག་དང་གཟུགས་སྟོན་ཏོ། །དེ་བཞིན་འཐབ་བྲལ་གྱི་འཁོར་གྱི་དཀྱིལ་འཁོར་རྣམས་དང༌། དགའ་ལྡན་གྱི་འཁོར་གྱི་དཀྱིལ་འཁོར་རྣམས་དང༌། འཕྲུལ་དགའ་བའི་འཁོར་གྱི་དཀྱིལ་འཁོར་རྣམས་དང༌། གཞན་འཕྲུལ་དབང་བྱེད་ཀྱི་འཁོར་གྱི་དཀྱིལ་འཁོར་རྣམས་དང༌། ཚངས་པའི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་ཚངས་པའི་ཁ་དོག་དང་གཟུགས་སྟོན་ཏོ། །དེ་ཉན་


DTG113_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་ཀྱི་གདུལ་བྱའི་སེམས་ཅན་རྣམས་ལ་ཉན་ཐོས་ཀྱི་ལུས་དང་ཁ་དོག་དང་གཟུགས་སྟོན་ཏོ། །རང་སངས་རྒྱས་ཀྱི་གདུལ་བྱའི་སེམས་ཅན་རྣམས་ལ་རང་སངས་རྒྱས་ཀྱི་ལུས་དང་ཁ་དོག་དང་གཟུགས་སྟོན་ཏོ། །བྱང་ཆུབ་སེམས་དཔའི་གདུལ་བྱའི་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་ལུས་དང་ཁ་དོག་དང་གཟུགས་སྟོན་ཏོ། །དེ་བཞིན་གཤེགས་པའི་གདུལ་བྱའི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྐུ་དང་ཁ་དོག་དང་གཟུགས་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་སེམས་ཅན་དེ་དག་གི་མོས་པ་རབ་འབྱམ་དེ་དང༌། དེ་དག་ཏུ་དེ་ཁོ་ན་བཞིན་དུ་རང་གི་ལུས་རྣམ་པར་ཕྱེ་བ་སྟོན་ཏོ་ཞེས་གསུངས་པའོ། །དེ་ལྟར་སེམས་ཅན་ལ་དབང་བའི་སྦྱོར་བ་བསྟན་ནས། དོན་དམ་པ་དང་ཀུན་རྫོབ་ཀྱི་ཡེ་ཤེས་གཉིས་ཀྱིས་ཡེ་ཤེས་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་དབང་བའི་སྦྱོར་བ་སྟོན་ཏོ། །དེ་ལ་དོན་དམ་པའི་ཡེ་ཤེས་ནི་རང་དང་གཞན་གྱི་རྒྱུད་ཡོངས་སུ་མི་གཅོད་པས། ལུས་སུ་རྣམ་པར་རྟོག་པ་ཐམས་ཅད་མེད་པ་དང༌། ལུས་མཉམ་པ་ཉིད་ཐོབ་པས་སྟོན་ཏོ། །གང་གི་ཕྱིར་དེ་ལུས་སུ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་ཞིང༌། ལུས་མཉམ་པ་ཉིད་ཐོབ་པས་ཞེས་གསུངས་པའོ། །འདིས་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་པའི་དོན་དམ་པའི་ཡེ་ཤེས་ཡོངས་སུ་བསྟན་པ་ཡིན་ནོ། །ཀུན་རྫོབ་ཀྱི་ཡེ་ཤེས་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། གཉིས་ཀ་མ་ཡིན་པའི་ཕྱོགས་ཤེས་པའི་ཕྱིར་སེམས་ཅན་གྱི་ལུས་ལ་སོགས་པ་ཞེས་བས་སྟོན་ཏེ། གང་གི་ཕྱིར་དེས་སེམས་ཅན་གྱི་ལུས་ཀྱང་རབ་ཏུ་ཤེས་སོ། །ཞིང་གི་ལུས་དང༌། ལས་རྣམ་པར་སྨིན་པའི་ལུས་དང༌། ཉན་ཐོས་ཀྱི་ལུས་དང༌། རང་སངས་རྒྱས་ཀྱི་ལུས་དང༌། བྱང་ཆུབ་སེམས་དཔའི་ལུས་དང༌། དེ་བཞིན་གཤེགས་པའི་སྐུ་དང༌། ཤེས་པའི་ལུས་དང༌། ཆོས་ཀྱི་ལུས་དང༌། ནམ་མཁའི་ལུས་ཀྱང་རབ་ཏུ་ཤེས་སོ་ཞེས་གསུངས་པའོ། །དེ་ལ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་དང༌། དེ་སྐྱེ་བའི་རྒྱུ་ལས་ཀྱིས་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་སུ་རིག་པར་བྱའོ། །ཐེག་པ་གསུམ་ནི་རྣམ་པར་བྱང་བའི་ཕྱོགས་ཏེ། དེ་ཡང་ཤེས་པ་གང་དང༌། ཆོས་གང་གིས་རབ་ཏུ་ཕྱེ་བའོ། །ནམ་མཁའི་ལུས་ནི་གཉིས་ཀ་མ་ཡིན་པའི་


DTG113_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སོ། །དེས་སེམས་ཅན་རྣམས་ཀྱི་སེམས་དང༌། བསམ་པ་མངོན་པར་སྒྲུབ་པ་ཀུན་དུ་ཤེས་ནས་འདོད་ན་སེམས་ཅན་གྱི་ལུས་རང་གི་ལུས་སུ་བྱིན་གྱིས་རློབ་བོ། །དེ་བཞིན་དུ་ཞིང་གི་ལུས་དང༌། ལས་རྣམ་པར་སྨིན་པའི་ལུས་དང༌། ཉན་ཐོས་ཀྱི་ལུས་དང༌། རང་སངས་རྒྱས་ཀྱི་ལུས་དང༌། བྱང་ཆུབ་སེམས་དཔའི་ལུས་དང༌། དེ་བཞིན་གཤེགས་པའི་སྐུ་དང༌། ཤེས་པའི་ལུས་དང༌། ཆོས་ཀྱི་ལུས་དང༌། ནམ་མཁའི་ལུས་ཀྱང་རང་གི་ལུས་སུ་བྱིན་གྱིས་རློབ་བོ། །དེ་སེམས་ཅན་གྱི་སེམས་དང་བསམ་པ་མངོན་པར་སྒྲུབ་པ་ཀུན་དུ་ཤེས་ནས། དེ་འདོད་ན་སེམས་ཅན་གྱི་ལུས་རང་གི་ལུས་སུ་བྱིན་གྱིས་རློབ་བོ། །དེ་བཞིན་དུ་ཞིང་གི་ལུས་དང༌། ལས་རྣམ་པར་སྨིན་པའི་ལུས་དང༌། ཉན་ཐོས་ཀྱི་ལུས་དང༌། རང་སངས་རྒྱས་ཀྱི་ལུས་དང༌། བྱང་ཆུབ་སེམས་དཔའི་ལུས་དང༌། དེ་བཞིན་གཤེགས་པའི་སྐུ་དང༌། ཤེས་པའི་ལུས་དང༌། ཆོས་ཀྱི་ལུས་དང༌། ནམ་མཁའི་ལུས་རང་གི་ལུས་སུ་བྱིན་གྱིས་རློབ་བོ་ཞེས་བྱ་བ་དེ་ལ། སེམས་ཅན་གྱི་ལུས་རང་གི་ལུས་སུ་བྱིན་གྱིས་རློབ་ཅེས་བྱ་བ་ནི། དབང་དེ་དང་དེ་ལ་བྱ་བ་སྒྲུབ་པའི་སྦྱོར་བ་མཚུངས་པ་ཉིད་ཡོངས་སུ་སྟོན་ཏོ། །དེ་ལ་སེམས་ཅན་གྱི་ལུས་རྣམས་ནི་ལས་དང༌། སྐྱེ་བ་དང་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་བྱེ་བྲག་དང༌། གཟུགས་ཅན་དང༌། གཟུགས་ཅན་མ་ཡིན་པའི་ཁམས་ཀྱི་བྱེ་བྲག་གིས་རབ་ཏུ་ཤེས་པ་སྟེ། གང་གི་ཕྱིར་དེ་སེམས་ཅན་རྣམས་ཀྱི་ལས་ཀྱི་ལུས་ཀྱང་རབ་ཏུ་ཤེས་སོ། །རྣམ་པར་སྨིན་པའི་ལུས་ཉིད་དང༌། ཉོན་མོངས་པའི་ལུས་ཉིད་དང༌། གཟུགས་ཀྱི་ལུས་ཉིད་དང༌། གཟུགས་མེད་པའི་ལུས་ཉིད་ཀྱང་རབ་ཏུ་ཤེས་སོ་ཞེས་གསུངས་པའོ། །ཞིང་གི་ལུས་རྣམས་ནི་སྟོང་ལ་སོགས་པའི་འཇིག་རྟེན་གྱི་ཁམས་ཀྱི་བྱེ་བྲག་དང༌། འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་བྱེ་བྲག་དང༌། ཆོལ་བ་ལ་སོགས་པའི་བྱེ་བྲག་གིས་ཤེས་ཏེ། གང་གི་ཕྱིར་ཞིང་གི་ལུས་རྣམས་ཀྱི་ཆུང་དུ་ཉིད་རབ་ཏུ་ཤེས་སོ། །རྒྱ་ཆེན་པོར་གྱུར་པ་ཉིད་དང༌། ཚད་མེད་པ་ཉིད་དང༌། ཀུན་ནས་ཉོན་མོངས་པ་ཅན་ཉིད་དང༌། རྣམ་པར་དག་པ་ཉིད་དང༌། ཆོལ་བ་ཉིད་དང༌། སྟེང་གཡོགས་མེད་པ་ཉིད་དང༌། ངོས་ཕྱལ་བ་ཉིད་དང༌། འཇུག་པའི་ཁྱིམ་ཅན་ཉིད་དང༌། ཕྱོགས་ཀྱི་དྲ་བ་


DTG113_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དབྱེ་བ་ཉིད་ཀྱང་རབ་ཏུ་ཤེས་སོ་ཞེས་གསུངས་པའོ། །ཆོལ་བ་ལ་སོགས་པའི་ཚིག་གི་དོན་ནི་ས་དང་པོར་བཤད་པ་བཞིན་ནོ། །ལས་ཀྱི་རྣམ་པར་སྨིན་པ་ཉིད་དང༌། ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་ལུས་རྣམས་ནི་རང་དང་སྤྱིའི་མཚན་ཉིད་ཀྱི་བྱེ་བྲག་དང༌། གང་ཟག་མེད་པས་བརྡ་ཙམ་དུ་ཟད་པ་ཉིད་ཀྱིས་ཤེས་ཏེ། གང་གི་ཕྱིར་ལས་རྣམ་པར་སྨིན་པའི་ལུས་རྣམས་ཀྱི་རྣམ་པར་ཕྱེ་བ་དང༌། བརྡ་ཡང་རབ་ཏུ་ཤེས་སོ། །ཉན་ཐོས་ཀྱི་ལུས་རྣམས་དང༌། རང་སངས་རྒྱས་ཀྱི་ལུས་རྣམས་དང༌། བྱང་ཆུབ་སེམས་དཔའི་ལུས་རྣམས་ཀྱི་རྣམ་པར་ཕྱེ་བ་དང༌། བརྡ་ཡང་རབ་ཏུ་ཤེས་སོ་ཞེས་གསུངས་པའོ། །དེ་བཞིན་གཤེགས་པའི་སྐུ་རྣམས་ནི་ཇི་ལྟར་མངོན་པར་རྫོགས་པར་བྱང་ཆུབ་པས་སྟོན་ཏེ། བྱང་ཆུབ་ཏུ་སྨོན་ལམ་བཏབ་ནས་དགའ་ལྡན་དུ་སྐྱེས་པ་གང་ཡིན་པ་དང༌། སངས་རྒྱས་སྤྲུལ་པ་གང་ཡིན་པ་དང༌། རང་གི་སྐུ་གདུང་གི་རིང་བསྲེལ་བྱིན་གྱིས་བརླབས་པ་གང་དག་ཡིན་པ་དང༌། རྣམ་པར་སྨིན་པའི་སྐུ་གང་ཡིན་པ་དང༌། འོད་ཟེར་གང་གིས་སེམས་ཅན་རྣམས་འགུགས་པ་དང༌། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་སེམས་རྣམ་པར་གྲོལ་བ་ཐུན་མོང་བ་གང་ཡིན་པ་དང༌། མངོན་པར་མཐོ་བའི་རྒྱུ་ཐུན་མོང་མ་ཡིན་པ་གང་ཡིན་པ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་ཟག་པ་མེད་པའི་དབྱིངས་གང་ཡིན་པ་དང༌། མ་ཆགས་པའི་ཡེ་ཤེས་གང་ཡིན་པ་སྟེ། གང་གི་དེ་དག་ཐམས་ཅད་མཛད་པ་དེ་དག་གི་བྱེ་བྲག་གིས་རབ་ཏུ་ཤེས་པ་སྟེ། གང་གི་ཕྱིར་དེ་བཞིན་གཤེགས་པའི་སྐུ་རྣམས་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་ཉིད་ཀྱང་རབ་ཏུ་ཤེས་སོ། །སྨོན་ལམ་གྱི་སྐུ་ཉིད་དང༌། སྤྲུལ་པའི་སྐུ་ཉིད་དང༌། བྱིན་གྱི་རླབས་ཀྱི་སྐུ་ཉིད་དང༌། གཟུགས་དང༌། མཚན་མ་དང༌། དཔེ་བྱད་བཟང་པོའི་རྒྱན་གྱི་སྐུ་ཉིད་དང༌། འོད་ཀྱི་སྐུ་ཉིད་དང༌། ཡིད་ཀྱི་སྐུ་ཉིད་དང༌། བསོད་ནམས་ཀྱི་སྐུ་ཉིད་དང༌། ཆོས་ཀྱི་སྐུ་ཉིད་དང༌། ཡེ་ཤེས་ཀྱི་སྐུ་ཉིད་ཀྱང་རབ་ཏུ་ཤེས་སོ་ཞེས་གསུངས་པའོ། །ཤེས་པའི་ལུས་རྣམས་ནི་ཐོས་པ་དང༌། བསམས་པ་ལས་བྱུང་བའི་ཤེས་པའི་བྱེ་བྲག་དང༌། བསྒོམས་པ་ལས་བྱུང་བའི་ཤེས་པའི་བྱེ་བྲག་དང༌། འབྲས་བུ་དང༌། ཞུགས་པའི་ཤེས་པའི་


DTG113_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བྲག་དང༌། འཇིག་རྟེན་པ་ལ་སོགས་པའི་བྱེ་བྲག་གིས་རབ་ཏུ་ཤེས་ཏེ། གང་གི་ཕྱིར་ཤེས་པའི་ལུས་རྣམས་ཀྱི་ཤིན་ཏུ་དཔྱད་པ་ཉིད་ཀྱང་རབ་ཏུ་ཤེས་སོ། །ཇི་ལྟ་བ་བཞིན་དུ་ངེས་པར་རྟོགས་པ་ཉིད་དང༌། འབྲས་བུ་དང༌། སྦྱོར་བས་བསྡུས་པ་ཉིད་དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་རྣམ་པར་དབྱེ་བ་ཉིད་དང༌། ཐེག་པ་གསུམ་རྣམ་པར་དགོད་པ་ཉིད་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པ་ཉིད་དང༌། ངེས་པར་འབྱིན་པ་ཉིད་དང༌། ངེས་པར་འབྱིན་པ་མ་ཡིན་པ་དང༌། སློབ་པ་དང༌། མི་སློབ་པ་ཉིད་ཀྱང་རབ་ཏུ་ཤེས་སོ་ཞེས་གསུངས་པའོ། །ཆོས་ཀྱི་ལུས་རྣམས་ནི་ཆོས་ཉིད་གཅིག་བརྗོད་པ་དང༌། ཇི་སྐད་ཐོས་པ་བཞིན་དུ་འཛིན་པ་དང༌། གདུལ་བྱ་རྣམས་ཀྱི་དབང་པོ་ལ་སོགས་པའི་གནས་སྐབས་དང་མཐུན་པའི་འདུ་ཤེས་དང༌། འཆད་པ་རྣམ་པར་གཞག་པ་དང༌། དབང་པོ་དང་བཅས་པ་དང༌། དབང་པོ་མེད་པའི་མཚན་ཉིད་རྣམ་པར་གཞག་པ་དང༌། མཆོག་གི་མཚན་ཉིད་རྣམ་པར་གཞག་པས་རབ་ཏུ་ཤེས་པ་སྟེ། གང་གི་ཕྱིར་ཆོས་ཀྱི་ལུས་རྣམས་ཀྱི་མཉམ་པ་ཉིད་ཀྱང་རབ་ཏུ་ཤེས་སོ། །མི་འཁྲུགས་པ་ཉིད་དང༌། གནས་སྐབས་དང༌། བརྡ་ཀུན་རྫོབ་ཏུ་རྣམ་པར་གཞག་པ་དང༌། སེམས་ཅན་དང༌། སེམས་ཅན་མ་ཡིན་པའི་ཆོས་རྣམ་པར་གཞག་པ་ཉིད་དང། སངས་རྒྱས་དང༌། ཆོས་དང༌། འཕགས་པའི་དགེ་འདུན་རྣམ་པར་གཞག་པ་ཉིད་ཀྱང་རབ་ཏུ་ཤེས་སོ་ཞེས་གསུངས་པའོ། །ནམ་མཁའི་ལུས་རྣམས་ནི་མཐའ་ཡས་པའི་མཚན་ཉིད་དང༌། ཁྱབ་པའི་མཚན་ཉིད་དང༌། བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་མཚན་ཉིད་དང༌། འདུས་མ་བྱས་པའི་མཚན་ཉིད་དང༌། གཟུགས་ཀྱི་སྒོ་འབྱེད་པའི་མཚན་ཉིད་ཡིན་པས། གཟུགས་ཀྱི་དེ་མངོན་པའི་ཕྱིར་དང༌། རང་གི་མཚན་ཉིད་དུ་རབ་ཏུ་ཤེས་པ་སྟེ། གང་གི་ཕྱིར་ནམ་མཁའི་ལུས་རྣམས་ཀྱི་ཚད་མེད་པ་ཉིད་ཀྱང་རབ་ཏུ་ཤེས་སོ། །ཐམས་ཅད་དུ་སོང་བ་ཉིད་དང༌། ལུས་མེད་པ་ཉིད་དང༌། ནོར་བ་མེད་པ་ཉིད་དང༌། གཟུགས་ཀྱི་ལུས་ཀྱིས་མངོན་པར་གསལ་བར་བྱེད་པ་ཉིད་ཀྱང་རབ་ཏུ་ཤེས་སོ་ཞེས་གསུངས་པའོ། །དེ་ལྟར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པས། ས་བརྒྱད་པའི་རྣམ་པར་གཞག་པ་བསྟན་ནས་དབང་ཐོབ་པས་སྟོན་ཏོ། །དེ་ལ་དབང་ཐོབ་པས་ནི་དེ་ལྟ་དེ་ལྟར་སྣོད་ཀྱི་འཇིག་རྟེན་


DTG113_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

དང། སེམས་ཅན་གྱི་འཇིག་རྟེན་དང༌། ཡེ་ཤེས་མངོན་པར་རྫོགས་པར་བྱང་ཆུབ་པ་དབང་བ་རྣམ་པ་གསུམ་གྱི་སྦྱོར་བས་དབང་བཅུ་རབ་ཏུ་འཐོབ་སྟེ། གང་གི་ཕྱིར་དེས་ལུས་དང་ཤེས་པ་མངོན་པར་སྒྲུབ་པ་དེ་ལྟ་བུ་ཐོབ་པས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་ཚེ་བྱིན་གྱིས་རློབ་པས་ཚེ་ལ་དབང་བ་འཐོབ་བོ། །ཏིང་ངེ་འཛིན་ངེས་པར་སེམས་དཔག་ཏུ་མེད་པ་གྲངས་མེད་པའི་ཡེ་ཤེས་ཀྱིས་འཇུག་པས་སེམས་ལ་དབང་བ་འཐོབ་བོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱན་བཀོད་པ་དུ་མས་རབ་ཏུ་བརྒྱན་པའི་བྱིན་གྱི་རླབས་ཀུན་དུ་སྟོན་པས་ཡོ་བྱད་ལ་དབང་བ་འཐོབ་བོ། །ལས་ཀྱི་རྣམ་པར་སྨིན་པས་བྱིན་གྱི་རླབས་ཀྱིས་དུས་ཇི་ལྟ་བ་བཞིན་དུ་སྟོན་པས་ལས་ལ་དབང་བ་འཐོབ་བོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐྱེ་བ་ཀུན་དུ་སྟོན་པས་སྐྱེ་བ་ལ་དབང་བ་འཐོབ་བོ། །སངས་རྒྱས་ཀྱི་ཞིང་དང༌། དུས་གང་དུ་ཅི་དགའ་བར་མངོན་པར་རྫོགས་པར་བྱང་ཆུབ་པ་ཀུན་དུ་སྟོན་པས་སྨོན་ལམ་ལ་དབང་བ་འཐོབ་བོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱིས་གང་བ་རབ་ཏུ་སྟོན་པས་མོས་པ་ལ་དབང་བ་འཐོབ་བོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཀུན་དུ་སྟོན་པས་རྫུ་འཕྲུལ་ལ་དབང་བ་འཐོབ་བོ། །དེ་བཞིན་གཤེགས་པའི་སྟོབས་དང་མི་འཇིགས་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང༌། མཚན་དང་དཔེ་བྱད་བཟང་པོ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་ཀུན་དུ་སྟོན་པས་ཡེ་ཤེས་ལ་དབང་བ་འཐོབ་བོ། །མཐའ་དང་དཔུང་མེད་པའི་ཆོས་ཀྱི་སྒོ་སྣང་བ་ཀུན་དུ་སྟོན་པས་ཆོས་ལ་དབང་བ་འཐོབ་བོ་ཞེས་གསུངས་པའོ། །དབང་འདི་བཅུ་ནི་གནོད་པ་བཅུའི་གཉེན་པོར་གོ་རིམས་བཞིན་དུ་རིག་པར་བྱ་སྟེ། གནོད་པ་བཅུ་ནི། འཆི་བའི་གནོད་པ་དང༌། ཀུན་ནས་ཉོན་མོངས་པའི་གནོད་པ་དང༌། དབུལ་བའི་གནོད་པ་དང༌། ཉེས་པར་སྤྱད་པའི་གནོད་པ་དང༌། ངན་འགྲོའི་གནོད་པ་དང༌། འདོད་པ་མི་འགྲུབ་པའི་གནོད་པ་དང༌། ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་ཀྱི་སྒྲིབ་པའི་གནོད་པ་དང༌། ཀུན་དུ་ཚོལ་བ་ལ་འབད་པའི་གནོད་པ་དང༌། ཐེ་ཚོམ་གྱི་གནོད་པ་དང༌། བག་ཚ་བའི་གནོད་པའོ། །དེ་ལྟར་དབང་ཐོབ་པས་ས་རྣམ་པར་གཞག་པ་བསྟན་ནས། ཆེ་བ་ཉིད་ཀྱི་ཁྱད་པར་གྱིས་སྟོན་ཏོ། །དེ་ལ་ཆེ་བ་ཉིད་ཀྱི་


DTG113_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ནི་ཆེ་བ་ཉིད་རྣམ་པ་གསུམ་སྟེ། ཡེ་ཤེས་ཀྱིས་ཆེ་བ་ཉིད་དང༌། ལས་ཀྱིས་ཆེ་བ་ཉིད་དང༌། དེ་གཉི་གའི་གནས་ཡོན་ཏན་གྱིས་ཆེ་བ་ཉིད་དོ། །དེ་ལ་ཡེ་ཤེས་ཀྱིས་ཆེ་བ་ཉིད་ནི་འཁོར་པ་དང་མྱ་ངན་ལས་འདས་པ་ལ། མི་གནས་པས་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཉིད་དེ། གང་གི་ཕྱིར་དེ་བྱང་ཆུབ་སེམས་དཔའི་དབང་བཅུ་པོ་དེ་དག་ཐོབ་མ་ཐག་ནས། ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ཞེས་གསུངས་པའོ། །བསམ་གྱིས་མི་ཁྱབ་པ་དེ་ཉིད་དེ་ཡང་བསྒོམ་པ་ཁྱད་ཞུགས་པ་བསམ་གྱིས་མི་ཁྱབ་པ་ཉིད་དང༌། ཤེས་བྱ་རྟོགས་པ་བསམ་གྱིས་མི་ཁྱབ་པ་ཉིད་དང༌། མི་མཐུན་པའི་ཕྱོགས་བསལ་བ་བསམ་གྱིས་མི་ཁྱབ་པ་ཉིད་དང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། གང་གི་ཕྱིར་ཡེ་ཤེས་དཔག་ཏུ་མེད་པ་དང༌། ཡེ་ཤེས་ཤིན་ཏུ་རྒྱས་པ་དང༌། ཡེ་ཤེས་མི་འཕྲོགས་པ་དང་ལྡན་པ་ཡིན་ནོ་ཞེས་གསུངས་པའོ། །དེ་དེ་ལྟ་བུའི་རྗེས་སུ་སོང་ཞིང་ཡེ་ཤེས་དེ་ལྟ་བུ་དང་ལྡན་པས། ལུས་ཀྱི་ལས་ཁ་ན་མ་ཐོ་བ་ཤིན་ཏུ་མེད་པ་ཀུན་དུ་འབྱུང་བ་རབ་ཏུ་འབྱུང༌། ངག་གི་ལས་ཁ་ན་མ་ཐོ་བ་ཤིན་ཏུ་མེད་པ་ཀུན་དུ་འབྱུང་བ་རབ་ཏུ་འབྱུང༌། ཡིད་ཀྱི་ལས་ཁ་ན་མ་ཐོ་བ་ཤིན་ཏུ་མེད་པ་ཞེས་གསུངས་པའོ། །དེ་དེ་ལྟ་བུའི་རྗེས་སུ་སོང་ཞིང་ཞེས་བྱ་བ་ནི་སྔར་ཇི་སྐད་བསྟན་པའོ། །ཡེ་ཤེས་དེ་ལྟ་བུ་དང་ལྡན་པས་ཞེས་བྱ་བ་ནི་ཇི་སྐད་བསྟན་པ་དེའོ། །ལུས་ལ་སོགས་པའི་ལས་ཁ་ན་མ་ཐོ་བ་ཤིན་ཏུ་མེད་པ་ཀུན་དུ་འབྱུང་བ་རབ་ཏུ་འབྱུང་ཞེས་བྱ་བ་ནི་ལས་ཀྱིས་ཆེ་བ་ཉིད་དོ། །ཁ་ན་མ་ཐོ་བ་ཤིན་ཏུ་མེད་པ་དེ་ཡང་རྣམ་པ་བཞི་ས་ཡོངས་སུ་སྟོན་ཏེ། ཀུན་དུ་འབྱུང་བ་ནི་ཀུན་དུ་འབྱུང་བར་བྱེད་པ་དང༌། ཀུན་དུ་འབྱུང་བའི་དུས་ན་སྟེ། གང་གི་ཕྱིར་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་གསུངས་པའོ། །ཀུན་ནས་ཉོན་མོངས་པ་མེད་པ་དང༌། སེམས་ཅན་གྱི་དོན་བྱེད་པའི་ལས་གཉིས་ཀྱིས་ལམ་ཡོངས་སུ་འཛིན་པ་ནི་གང་གི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དབང་བྱེད་པ། སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་ཐབས་མཁས་པས་ཤིན་ཏུ་རྣམ་པར་ཕྱེ་བ་ཞེས་གསུངས་པའོ། །བདག་དང་གཞན་གྱི་སྦྱོར་བའི་རྒྱུ་གཉིས་ཀྱིས་རྒྱུ་ཡོངས་སུ་འཛིན་པ་ནི་གང་གི་ཕྱིར། སྨོན་ལམ་གྱིས་ཤིན་ཏུ་མངོན་པར་བསྒྲུབས་པ། དེ་བཞིན་གཤེགས་པའི་བྱིན་གྱི་


DTG113_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཀྱིས་ཤིན་ཏུ་བྱིན་གྱིས་བརླབས་པ་ཞེས་གསུངས་པའོ། །སེམས་ཅན་གྱི་དོན་དང༌། ཞིང་ཡོངས་སུ་དག་པར་བྱ་བ་དང༌། སངས་རྒྱས་ཀྱི་ཆོས་ཡང་དག་པར་སྒྲུབ་པའི་བྱ་བ་སྟེ། བྱ་བ་སྒྲུབ་པ་ནི་གང་གི་ཕྱིར། སེམས་ཅན་གྱི་དོན་ལ་སྦྱོར་བ་རྒྱུན་མ་བཅད་པ། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམ་པར་ཕྱེ་བར་གྱུར་པ། ཀུན་དུ་འབྱུང་བ་རབ་ཏུ་འབྱུང་ངོ༌། །ཀྱེ་རྒྱལ་བའི་སྲས་མདོར་ན་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་འདི་ཐོབ་པའི་བྱང་ཆུབ་སེམས་དཔའི་ལུས་དང༌། ངག་དང་ཡིད་ཀྱི་ལས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་ཐོབ་པར་བྱ་བའི་ཕྱིར། ཀུན་དུ་འབྱུང་བ་རབ་ཏུ་འབྱུང་ངོ་ཞེས་གསུངས་པའོ། །དེ་ལ་ཡོན་ཏན་གྱིས་ཆེ་བ་ཉིད་ནི་བསམ་པའི་སྟོབས་ལ་ཤིན་ཏུ་གནས་པ་ལ་སོགས་པས་ཡོངས་སུ་སྟོན་ཏོ། །དེ་ནི་ཡོན་ཏན་རྣམ་པ་བདུན་གྱིས་དབང་དུ་བྱས་པ་སྟེ། མི་གནས་པའི་ལམ་གྱི་ཡོན་ཏན་ནི་གང་གི་ཕྱིར། དེ་དེ་ལྟར་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་འདི་ཐོབ་པས་ཉོན་མོངས་པ་ཀུན་དུ་འབྱུང་བ་ཐམས་ཅད་དང་བྲལ་བའི་ཕྱིར། བསམ་པའི་སྟོབས་ལ་ཤིན་ཏུ་གནས་པ་ཡིན། ལས་དང་མི་བྲལ་བའི་ཕྱིར་ལྷག་པའི་བསམ་པའི་སྟོབས་ལ་ཤིན་ཏུ་གནས་པ་ཡིན། སེམས་ཅན་གྱི་དོན་མི་གཏོང་བའི་ཕྱིར། སྙིང་རྗེ་ཆེན་པོའི་སྟོབས་ལ་ཤིན་ཏུ་གནས་པ་ཡིན། འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པའི་ཕྱིར། བྱམས་པ་ཆེན་པོའི་སྟོབས་ལ་ཤིན་ཏུ་གནས་པ་ཡིན་ཞེས་གསུངས་པའོ། །དེ་ལ་མི་གནས་པའི་ལམ་ཉིད་ནི་མི་མཐུན་པའི་ཕྱོགས་རྣམ་པར་ཉམས་ཤིང་གཉེན་པོ་བསྟེན་པ་དང་སེམས་ཅན་ལ་ལྟ་བ་རྣམ་པ་གཉིས་ཀྱིས་རིག་པར་བྱའོ། །བརྗོད་པ་མེད་པ་ཉིད་ཀྱི་ཡོན་ཏན་ནི་གང་གི་ཕྱིར། བརྗེད་པ་མེད་པའི་ཆོས་དང་ལྡན་པའི་ཕྱིར། གཟུགས་ཀྱི་སྟོབས་ལ་ཤིན་ཏུ་གནས་པ་ཡིན་ཞེས་གསུངས་པའོ། །ངག་ཕུན་སུམ་ཚོགས་པའི་ཡོན་ཏན་ནི་གང་གི་ཕྱིར། སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པའི་བྱེ་བྲག་ལ་མཁས་པའི་ཕྱིར། སྤོབས་པའི་སྟོབས་ལ་ཤིན་ཏུ་གནས་པ་ཡིན་ཞེས་གསུངས་པའོ། །སེམས་ཕུན་སུམ་ཚོགས་པའི་ཡོན་ཏན་ནི་གང་གི་ཕྱིར། འཇིག་རྟེན་གྱི་ཁམས་མཐའ་ཡས་པའི་སྤྱོད་པ་རྣམ་པར་དབྱེ་བ་ལ་མཁས་པའི་ཕྱིར་མངོན་པར་ཤེས་པའི་སྟོབས་ལ་


DTG113_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་གནས་པ་ཡིན་ཞེས་གསུངས་པའོ། །རྒྱུའི་ཡོན་ཏན་ནི་གང་གི་ཕྱིར། བྱང་ཆུབ་སེམས་དཔའི་བྱ་བ་ཐམས་ཅད་མི་གཏོང་བའི་ཕྱིར་སྨོན་ལམ་གྱི་སྟོབས་ལ་ཤིན་ཏུ་གནས་པ་ཡིན་ཞེས་གསུངས་པའོ། །སྦྱོར་བའི་ཡོན་ཏན་ནི་གང་གི་ཕྱིར། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་སྟོབས་ལ་ཤིན་ཏུ་གནས་པ་ཡིན་ཞེས་གསུངས་པའོ། །ཉེ་བར་སྒྲུབ་པའི་ཡོན་ཏན་ནི་གང་གི་ཕྱིར། རྣམ་པ་ཐམས་ཅད་ཀུན་མཁྱེན་པའི་ཡེ་ཤེས་མངོན་དུ་གྱུར་པའི་ཕྱིར། དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་ཀྱི་སྟོབས་ལ་ཤིན་ཏུ་གནས་པ་ཡིན་ཞེས་གསུངས་པའོ། །དེ་དེ་ལྟ་བུའི་སྟོབས་བསྐྱེད་པ་ཐོབ་པས་བྱ་བ་ཐམས་ཅད་ཀྱང་ཀུན་དུ་སྟོན་ལ་ཞེས་བྱ་བ་ནི་རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བ་ལ་སོགས་པ་དང་ལྡན་པ་ཉོན་མོངས་པ་དང་བཅས་པ་རྣམས་ཀྱིས་ཀུན་དུ་སྤྱད་པ་རྣམས་སོ། །བྱ་བ་ཐམས་ཅད་ལ་ཡང་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་ཡོན་ཏན་དེ་དག་གིས་སོ། །དེ་ལྟར་ཆེ་བ་ཉིད་ཀྱི་ཁྱད་པར་གྱིས་ས་འདིའི་རྣམ་པར་གཞག་པ་བསྟན་ནས། ངེས་པའི་ཚིག་རབ་ཏུ་དབྱེ་བས་སྟོན་ཏོ། །དེ་ལ་ངེས་པའི་ཚིག་རབ་ཏུ་དབྱེ་བ་ནི་རྣམ་པ་གཉིས་ཏེ། སའི་ངེས་པའི་ཚིག་རབ་ཏུ་དབྱེ་བ་དང༌། གང་ཟག་གི་ངེས་པའི་ཚིག་རབ་ཏུ་དབྱེ་བའོ། །དེ་ལ་སའི་ངེས་པའི་ཚིག་རབ་ཏུ་དབྱེ་བ་ནི་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། ཉེ་བའི་ཉོན་མོངས་པའི་གཉེན་པོ་ནི་ཉེ་བའི་ཉོན་མོངས་པ་དེ་ཡང་རྣམ་པ་གཉིས་ཏེ། ས་འོག་མ་པའི་མངོན་པར་འདུ་བྱེད་པ་དང༌། ཐེག་པ་དམན་པར་སྨོན་ལམ་འདེབས་པ་དང༌། བདུད་ཀྱི་ལས་དང། ཉོན་མོངས་པ་ཀུན་དུ་འབྱུང་བ་སྟེ། དེའི་གཉེན་པོར་ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱིས་འདི་ནི་མི་འཕྲོགས་པའི་ཕྱིར་མི་གཡོ་བ་ཞེས་བྱའོ། །ཡེ་ཤེས་མི་བཟློག་པའི་ཕྱིར་མི་བཟློག་པའི་ས་ཞེས་གསུངས་པའོ། །ཟབ་པ་ཉིད་གང་གི་ཕྱིར་འགྲོ་བ་ཐམས་ཅད་ཀྱིས་ཤེས་པར་དཀའ་བའི་ཕྱིར་རྙེད་པར་དཀའ་བའི་ས་ཞེས་བྱའོ་ཞེས་གསུངས་པའོ། །སྤྱོད་པ་དང་གནས་པ་རྣམ་པར་དག་པ་ནི་གང་གི་ཕྱིར་ཁ་ན་མ་ཐོ་བ་མེད་པའི་ཕྱིར་གཞོན་ནུའི་ས་ཞེས་བྱའོ། །བསམ་པ་ཇི་ལྟ་བ་བཞིན་དུ་དབང་བྱེད་པའི་ཕྱིར་སྐྱེ་བའི་ས་ཞེས་བྱའོ་ཞེས་གསུངས་པའོ། །


DTG113_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་སྤྱོད་པ་རྣམ་པར་དག་པ་ནི་བྱ་བ་ཐམས་ཅད་ལ་ཉེས་པ་མེད་པས་གཞོན་ནུའི་དང་འདྲའོ། །གནས་པ་རྣམ་པར་དག་པ་ནི་བསམ་པ་འབྱོར་པས་སྐྱེ་སྐྱེ་བའི་ས་ལ་གནས་པ་དང་འདྲ་བའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་འདུས་བྱས་རྣམ་པར་དག་པའི་ཁྱད་པར་ནི་གང་གི་ཕྱིར་ཡང་བྱ་བ་མེད་པའི་ཕྱིར་ཡོངས་སུ་གྲུབ་པའི་ས་ཞེས་བྱའོ། །ཡེ་ཤེས་ཀྱིས་རྣམ་པར་དབྱེ་བ་ཤིན་ཏུ་བྱས་པའི་ཕྱིར། ཡོངས་ཀྱི་མཐར་ཐུག་པའི་ས་ཞེས་བྱའོ་ཞེས་གསུངས་པའོ། །དེ་ལ་འཇིག་རྟེན་ལས་འདས་པའི་འདུས་བྱས་རྣམ་པར་དག་པའི་ཁྱད་པར་ནི་ཡེ་ཤེས་ཀྱིས་རྣམ་པར་དབྱེ་བ་ཤིན་ཏུ་བྱས་པས་ཤེས་བྱའི་སྒྲིབ་པ་རྣམ་པར་སྦྱོང་བའི་ཕྱིར་རོ། །དེ་གཉི་གའི་འདུས་མ་བྱས་རྣམ་པར་དག་པའི་ཁྱད་པར་ནི་གང་གི་ཕྱིར། སྨོན་ལམ་ཤིན་ཏུ་མངོན་པར་བསྒྲུབས་པའི་ཕྱིར་མྱ་ངན་ལས་འདས་པའི་ས་ཞེས་བྱའོ་ཞེས་གསུངས་པའོ། །སྔོན་གྱི་སྨོན་ལམ་གྱི་དབང་གིས་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བ་དང༌། བྱང་ཆུབ་སེམས་དཔའི་སའི་ཁྱད་པར་གྱི་འདུས་མ་བྱས་རྣམ་པར་དག་པའི་ཁྱད་པར་ནི་གང་གི་ཕྱིར། གཞན་གྱིས་རྣམ་པར་མི་འཁྲུགས་པས་བྱིན་གྱི་རླབས་ཀྱི་ས་ཞེས་བྱའོ། །སྔོན་གྱི་མཐར་མངོན་པར་བསྒྲུབས་པས་ལྷུན་གྱིས་གྲུབ་པའི་ས་ཞེས་བྱའོ་ཞེས་གསུངས་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་སའི་ཁྱད་པར་ནི་ས་དྲུག་པ་དང༌། བདུན་པ་ལ་ཁྱད་ཞུགས་པ་སྟེ། ས་དྲུག་པ་ལ་ནི་ལམ་གཞན་རྩོམ་པའི་ཁྱད་པར་གྱི་གཞན་གྱིས་རྣམ་པར་འཁྲུགས་སོ། །བདུན་པ་ནི་འབད་པ་དང་བཅས་པའོ། །འདི་ནི་ཐམས་ཅད་མངོན་པར་བསྒྲུབས་པས་ལྷུན་གྱིས་གྲུབ་པར་འཇུག་པའོ། །དེ་ལ་གང་ཟག་གི་ངེས་པའི་ཚིག་རབ་ཏུ་དབྱེ་བ་ནི། བྱང་ཆུབ་སེམས་དཔའ་དོན་གང་གིས་ན་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་ཐོབ་ཅེས་བྱ་བ་དེ་སྟོན་པ་ལས་རིག་པར་བྱའོ། །དེ་ནི་དོན་རྣམ་པ་གཉིས་ཀྱིས་བརྗོད་དེ། གཅིག་ཏུ་མི་གཡོ་བ་དང༌། གཅིག་པ་ཉིད་ལས་མི་གཡོ་བ་ནི་སངས་རྒྱས་ཀྱི་རིགས་ཀྱི་རྗེས་སུ་སོང་བའི་རྒྱུ་སྟེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་དེ་ལྟར་བྱང་ཆུབ་སེམས་དཔའ་ཡེ་ཤེས་དེ་ལྟ་བུ་མངོན་པར་བསྒྲུབས་པ་དང་ལྡན་ཞིང༌། སངས་རྒྱས་ཀྱི་རིགས་ཀྱི་རྗེས་སུ་སོང་བ་ཞེས་


DTG113_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའོ། །དེ་ལ་སངས་རྒྱས་ཀྱི་རིགས་ནི་ཁམས་བརྟས་པའི་ཁྱད་པར་རོ། །དེའི་རྗེས་སུ་སོང་བ་ནི་ཡོན་ཏན་ཡོངས་སུ་འཛིན་པ་དང༌། སྒྲུབ་པ་དང༌། ཉེ་བ་དང༌། རྣམ་པ་གསུམ་གྱིས་རབ་ཏུ་ཕྱེ་བ་སྟེ། གང་གི་ཕྱིར་སངས་རྒྱས་ཀྱི་ཡོན་ཏན་ཤིན་ཏུ་སྣང་བར་གྱུར་བ། དེ་བཞིན་གཤེགས་པའི་སྤྱོད་ལམ་དང༌། སྤྱོད་པ་སྤྱད་པའི་རྗེས་སུ་སོང་བ། སངས་རྒྱས་ཀྱི་ཞིང་མངོན་དུ་གྱུར་པ་ཞེས་གསུངས་པའོ། །དེ་ལ་ཤིན་ཏུ་སྣང་བར་གྱུར་པའི་དོན་ནི་ཤིན་ཏུ་སྦྱང་བའི་དོན་དུ་རིག་པར་བྱའོ། །གནས་པ་དང་སྤྱོད་པའི་སྤྱད་པ་ནི་སྤྱོད་ལམ་དང་སྤྱོད་པའི་སྤྱད་པའོ། །དེ་ལ་གཅིག་ཏུ་མི་གཡོ་བ་ནི་རྟག་པར་རྒྱུན་དུ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཤིན་ཏུ་བྱིན་གྱིས་བརླབས་པས་ཡོངས་སུ་སྟོན་ཏེ། གང་གི་ཕྱིར་རྟག་པར་རྒྱུན་དུ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཤིན་ཏུ་བྱིན་གྱིས་བརླབས་པ་ཡིན་ཞེས་གསུངས་པའོ། །དེ་ལ་ཡོན་ཏན་རྣམ་པ་ལྔའི་དབང་དུ་བྱས་པར་རིག་པར་བྱ་སྟེ། མཆོད་པའི་ཡོན་ཏན་ནི་གང་གི་ཕྱིར། བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བས་བསུ་བ་ཡིན་ཞེས་གསུངས་པའོ། །ཀུན་དུ་བསྲུངས་པའི་ཡོན་ཏན་ནི་གང་གི་ཕྱིར། ལག་ན་རྡོ་རྗེ་རྟག་པར་ཕྱི་བཞིན་འབྲང་བ་ཡིན་ཞེས་གསུངས་པའོ། །རྟེན་གྱི་ཡོན་ཏན་ནི་གང་གི་ཕྱིར་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཡོངས་སུ་མ་བཏང་བ་ཡིན་ཞེས་གསུངས་པའོ། །ཞིང་ཡོངས་སུ་དག་པའི་ཡོན་ཏན་ནི་གང་གི་ཕྱིར་ལུས་རྣམ་པར་ཕྱེ་བ་ཚད་མེད་པ་མངོན་པར་བསྒྲུབ་པ་ཡིན་ཞེས་གསུངས་པའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཡོན་ཏན་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཡོན་ཏན་དེ་རྣམ་པ་ལྔས་ཡོངས་སུ་བསྟན་ཏེ། བསམས་བཞིན་དུ་སྐྱེ་བ་ཡོངས་སུ་འཛིན་པ་ནི་གང་གི་ཕྱིར་ལུས་ཐམས་ཅད་ཀྱི་སྤྱོད་པའི་སྟོབས་དང་ལྡན་པ་ཡིན་ཞེས་གསུངས་པའོ། །དབང་པོ་དང༌། བསམ་པ་དང༌། བག་ལ་ཉལ་ཤེས་པར་ནུས་པ་ནི་གང་གི་ཕྱིར་མངོན་པར་ཤེས་པ་ཆེན་པོའི་རྣམ་པར་སྨིན་པ་ཡོངས་སུ་གྲུབ་པ་ཡིན་ཞེས་གསུངས་པའོ། །ཆོས་ཀྱི་ཚུལ་ལ་གཟུད་པའི་ཕྱིར། ཆོས་མཐའ་ཡས་པ་འཛིན་པར་ནུས་པ་ནི་གང་གི་ཕྱིར་ཏིང་ངེ་འཛིན་མཐའ་ཡས་པ་ལ་དབང་བྱེད་པ་ཡིན་ཞེས་གསུངས་པའོ། །ལེན་པར་ནུས་པ་ནི་


DTG113_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཕྱིར་ལུང་བསྟན་པ་ཚད་མེད་པ་ཡང་དག་པར་ནོད་པ་ཡིན་ཞེས་གསུངས་པའོ། །བཤད་པར་ནུས་པ་ནི་གང་གི་ཕྱིར་འགྲོ་བ་ཇི་ལྟར་ཡོངས་སུ་སྨིན་པ་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་སྟོན་པར་བྱེད་པ་ཡིན་ཞེས་གསུངས་པའོ། །དེ་ལྟ་བུ་དང་ལྡན་ཞིང་ཞེས་བྱ་བ་ནི་གཅིག་ཏུ་མི་གཡོ་བའོ། །དེ་ལ་གཅིག་པ་ཉིད་ལས་མི་གཡོ་བ་ནི། ཐེག་པ་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་པས་ཡོངས་སུ་བསྟན་ཏེ། གང་གི་ཕྱིར་དེ་ལྟ་བུ་དང་ལྡན་ཞིང་ཐེག་པ་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་པ་ཞེས་གསུངས་པའོ། །དཀྱིལ་འཁོར་གྱི་དོན་ནི་མི་ཕྱེད་པའི་དོན་ཏོ། །དེ་ཡང་རྣམ་པ་དགུར་རིག་པར་བྱ་སྟེ། ཡེ་ཤེས་མི་ཕྱེད་པ་ནི་གང་གི་ཕྱིར་ཤིན་ཏུ་རྣམ་པར་དཔྱད་པའི་ཡེ་ཤེས་ཀྱི་མངོན་པར་ཤེས་པ་ཆེན་པོ་དང་ལྡན་པ་ཞེས་གསུངས་པའོ། །བཤད་པ་མི་ཕྱེད་པ་ནི་གང་གི་ཕྱིར་རྟག་པར་རྒྱུན་དུ་ཤེས་རབ་ཀྱི་སྣང་བའི་འོད་ཟེར་རབ་ཏུ་གཏོང་བ་ཞེས་གསུངས་པའོ། །རྣམ་པར་གྲོལ་བ་མི་ཕྱེད་པ་ནི་གང་གི་ཕྱིར་ཆོས་ཀྱི་དབྱིངས་ཆགས་པ་མེད་པའི་ལམ་དུ་ཞུགས་པ་ཞེས་གསུངས་པའོ། ཞིང་ཡོངས་སུ་དག་པ་མི་ཕྱེད་པ་ནི་གང་གི་ཕྱིར་འཇིག་རྟེན་གྱི་ཁམས་ཀྱི་ལམ་རྣམ་པར་དབྱེ་བ་ལ་མཁས་པ་ཞེས་གསུངས་པའོ། །ཐེག་པ་ཆེན་པོ་ལ་འཇུག་པ་མི་ཕྱེད་པ་ནི་གང་གི་ཕྱིར་ཡོན་ཏན་གྱི་རྣམ་པ་ཐམས་ཅད་ཡང་དག་པར་སྟོན་པ་ཞེས་གསུངས་པའོ། །མངོན་པར་ཤེས་པ་མི་ཕྱེད་པ་ནི་གང་གི་ཕྱིར་རང་གིས་སེམས་བསྐྱེད་པ་ལ་དབང་བྱེད་པ་ཞེས་གསུངས་པའོ། །དྲི་བ་ལན་འདེབས་པར་ནུས་པ་མི་ཕྱེད་པ་ནི་གང་གི་ཕྱིར་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཤིན་ཏུ་རྟོགས་པའི་ཡེ་ཤེས་ཅན་ཞེས་གསུངས་པའོ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་མི་ཕྱེད་པ་ནི་གང་གི་ཕྱིར། བདུད་ཀྱི་ལམ་ཐམས་ཅད་ཀྱི་འཇུག་པ་དང༌། ལྡོག་པ་ཤེས་པ་དང་ལྡན་པ་ཞེས་གསུངས་པའོ། །མངོན་པར་རྫོགས་པར་བྱང་ཆུབ་པ་མི་ཕྱེ་དང་ནི་གང་གི་ཕྱིར། དེ་བཞིན་གཤེགས་པའི་ཡུལ་དང་སྤྱོད་ཡུལ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་ཞེས་གསུངས་པའོ། །འཇིག་རྟེན་གྱི་ཁམས་རབ་འབྱམ་མུ་མེད་པ་དག་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕྱིར་མི་ལྡོག་པའི་ཚུལ་གྱིས་སྤྱོད་པས་ཞེས་བྱ་བ་ནི་སྦྱོར་བ་དོན་ཡོད་པའོ། །དེ་བཞིན་གཤེགས་


DTG113_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དག་ལ་བསྙེན་བཀུར་བྱེད་ཅིང༌། འཇིག་རྟེན་གྱི་ཁམས་རྣམ་པར་དབྱེ་བ་སྔོན་དུ་འགྲོ་བ་ཆོས་སྣང་བར་སྒྲུབ་པ་ཡང་དག་པར་ལེན་ཏོ་ཞེས་བྱ་བ་ནི་དེའི་ཕྱིར་རོ། །གསེར་གྱི་ས་ལེ་སྦྲམ་འཛམ་བུའི་གླིང་གི་བདག་པོ་ལ་བཏགས་པའི་དཔེས་ནི། རྣམ་པར་དག་པའི་ས་ཐོབ་པས་གནས་ཁྱད་པར་ཅན་དུ་བྱས་པའི་དགེ་བའི་རྩ་བ་འོད་གསལ་བར་ཡོངས་སུ་སྟོན་ཏེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་གསེར་གྱི་ས་ལེ་སྦྲམ་དེ་ཉིད་མགར་བ་མཁས་པས་ཟིན་པར་བྱས་ཏེ། འཛམ་བུའི་གླིང་གི་བདག་པོའི་མགུལ་ལམ། མགོ་ལ་བཏགས་ན་འཛམ་བུའི་གླིང་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱན་གྱི་རྣམ་པ་རྣམས་ཀྱིས་མི་འཕྲོགས་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ནས་བྱང་ཆུབ་སེམས་དཔའི་ས་བདུན་པ་ལ་གནས་པའི་བར་དག་གིས་མི་འཕྲོགས་པ་ཡིན་ནོ་ཞེས་གསུངས་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །འཕགས་པ་ས་བཅུ་པ་ལས་ས་བརྒྱད་པའི་རྣམ་པར་བཤད་པ་རྫོགས་སོ།། །།ས་དགུ་པ་ནི། སྨྲ་བ་པོའི་རྩོལ་བ་ཕུན་སུམ་ཚོགས་པ་དང༌། ཡེ་ཤེས་ཕུན་སུམ་ཚོགས་པ་དང༌། སྤྱོད་པ་ལ་འཇུག་པ་ཕུན་སུམ་ཚོགས་པ་དང༌། བཤད་པ་ཕུན་སུམ་ཚོགས་པ་དང༌། རྣམ་པ་བཞིས་རྣམ་པར་གཞག་པར་རིག་པར་བྱའོ། །ས་བརྒྱད་པའི་ཡེ་ཤེས་ཀྱི་ལས་མངོན་པར་བསྒྲུབས་པ་རྣམས་ཀྱིས་ཞིང་ཡོངས་སུ་དག་པར་བྱ་བ་བསྒྲུབས་ནས། འདི་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་སྒྲུབ་སྟེ། འདི་ནི་དེའི་ཁྱད་པར་རོ། །དེ་ལ་སྨྲ་བ་པོའི་རྩོལ་བ་ཕུན་སུམ་ཚོགས་པ་ནི་གཞན་གྱི་དོན་དང༌། བདག་གི་དོན་གྱི་དབང་དུ་བྱས་ནས། ཚིག་གཅིག་དང༌། གཅིག་དང་ལྔ་དང་གསུམ་གྱིས་བསྟན་ཏེ། གཞན་གྱི་དོན་ནི་གཟུགས་མེད་པ་རྣམས་སུ་ཐར་པ་ཐོབ་པར་འགྱུར་བར་འདུ་ཤེས་པའི་གདུལ་བྱ་རྣམས་ཀྱི་དབང་དུ་བྱས་པ་སྟེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་དེ་དེ་ལྟར་ཡེ་ཤེས་ཚད་མེད་པས་རྣམ་པར་དཔྱད་པའི་བློས་ཡང་རྣམ་པར་ཐར་པ་ཞི་བ་གོང་མ་རྣམས་ཤེས་པར་བྱེད་ཅེས་


DTG113_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའོ། །བདག་གི་དོན་ནི་སངས་རྒྱས་ཀྱི་ཡེ་ཤེས་མ་ཐོབ་པའི་དབང་དུ་བྱས་པ་སྟེ། གང་གི་ཕྱིར་ཡང་དེ་བཞིན་གཤེགས་པའི་ཡེ་ཤེས་གོང་མ་མ་རྫོགས་པ་ལ་རྣམ་པར་དཔྱོད་ཅེས་གསུངས་པའོ། །ཡང་བྱང་ཆུབ་སེམས་དཔའ་ཡོངས་སུ་སྨིན་པ་དག་གི་དབང་དུ་བྱས་པ་དང༌། ཚུལ་བཞིན་མ་ཡིན་པ་སེམས་པ་ལ་སྦྱོར་བའི་གདུལ་བྱ་རྣམས་དང༌། མི་ཤེས་པ་དག་ཆོས་ཀྱི་ཚུལ་བསྟན་པར་ཤེས་པར་བྱ་བ་དང༌། སྐྱབས་ངན་པར་ཞུགས་པ་རྣམས་དང༌། མཐོ་རིས་ལ་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་ཚིག་ལྔས་གོ་རིམས་བཞིན་དུ་གཞན་གྱི་དོན་སྟོན་ཏེ། གང་གི་ཕྱིར་དེ་བཞིན་གཤེགས་པའི་གསང་བའི་རྗེས་སུ་འཇུག་པར་བྱ་བ་ལ་འཇུག །ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཆེ་བ་ཉིད་རབ་ཏུ་རྣམ་པར་འབྱེད། གཟུངས་དང་ཏིང་ངེ་འཛིན་རབ་ཏུ་རྣམ་པར་འབྱེད་པ་ཡོངས་སུ་སྦྱོང༌། མངོན་པར་ཤེས་པ་རྒྱ་ཆེན་པོ་མངོན་པར་སྒྲུབ། འཇིག་རྟེན་གྱི་ཁམས་རྣམ་པར་དབྱེ་བ་ཤེས་པར་བྱེད་ཅེས་གསུངས་པ་སྟེ། ཞིང་ཡོངས་སུ་དག་པ་ཀུན་དུ་སྟོན་པས་མཐོ་རིས་ལ་མོས་པ་ཟློག་པར་བྱེད་དོ། །མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ཀུན་དུ་བསྟན་པའི་དབང་དུ་བྱས་ནས་ཚིག་གསུམ་གྱིས་གོ་རིམས་བཞིན་དུ་བདག་གི་དོན་སྟོན་ཏེ། གང་གི་ཕྱིར་དེ་བཞིན་གཤེགས་པའི་སྟོབས་དང༌། མི་འཇིགས་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མི་འཕྲོགས་པ་ཡོངས་སུ་སྦྱོང་བར་བྱེད། དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཁྱུ་མཆོག་ཏུ་གྱུར་པའི་རྗེས་སུ་འཇུག །སྙིང་རྗེ་ཆེན་པོའི་བྱིན་གྱི་རླབས་ཐོབ་པ་མི་འདོར་ཞིང༌། བྱང་ཆུབ་སེམས་དཔའི་ས་དགུ་པ་གནོན་ཏེ་ཞེས་གསུངས་པ་སྟེ། སེམས་ཅན་གྱི་དོན་ལ་ལྟ་བ་དང་བཅས་པའི་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་པས་སྙིང་རྗེ་ཆེན་པོའི་བྱིན་གྱི་རླབས་ཐོབ་པ་མི་འདོར་བར་རིག་པར་བྱའོ། །དེ་ལྟར་ཆོས་སྨྲ་བ་པོའི་རྩོལ་བ་ཕུན་སུམ་ཚོགས་པས་ས་དགུ་པ་རྣམ་པར་གཞག་པ་བསྟན་ནས། ཡེ་ཤེས་ཕུན་སུམ་ཚོགས་པ་སྟོན་ཏོ། །དེ་ལ་ཡེ་ཤེས་ཕུན་སུམ་ཚོགས་པ་ནི་ཆོས་གང་ངག་བཤད་པར་བྱ་བ་དེ་དག་གི་དབང་དུ་བྱས་པར་རིག་པར་བྱའོ། །དེ་དག་ནི་


DTG113_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བྱང་བ་དང༌། ཀུན་ནས་ཉོན་མོངས་པ་དང༌། གཉི་ག་མ་ཡིན་པའི་ཆོས་རྣམས་ཏེ། གང་གི་ཕྱིར་དེ་བྱང་ཆུབ་སེམས་དཔའི་ས་འདི་ལ་གནས་པ་དེ་དགེ་བ་དང༌། མི་དགེ་བ་དང་ལུང་དུ་མི་སྟོན་པའི་ཆོས་མངོན་པར་འདུ་བྱ་བ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ་ཞེས་གསུངས་པའོ། །རྣམ་པར་བྱང་བའི་ཆོས་རྣམས་ཀྱང་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་དག་སྟེ། གང་གི་ཕྱིར་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་ཆོས་མངོན་པར་འདུ་བྱ་བ་ཞེས་གསུངས་པའོ། །ཟག་པ་མེད་པ་རྣམས་ཀྱང་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དག་སྟེ། གང་གི་ཕྱིར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་མངོན་པར་འདུ་བྱ་བ་ཞེས་གསུངས་པའོ། །དེ་རྣམས་ཀྱང་བསམ་དུ་ཡོད་པ་དང༌། བསམ་གྱིས་མི་ལང་བ་དག་སྟེ། གང་གི་ཕྱིར་བསམ་གྱིས་ཁྱབ་པ་དང༌། བསམ་གྱིས་མི་ཁྱབ་པའི་ཆོས་མངོན་པར་འདུ་བྱ་བ་ཞེས་གསུངས་པའོ། །བསམ་དུ་ཡོད་པ་རྣམས་ཀྱང་ངེས་པ་དང་མ་ངེས་པ་དག་སྟེ། གང་གི་ཕྱིར་ངེས་པ་དང་མ་ངེས་པའི་ཆོས་མངོན་པར་འདུ་བྱ་བ་ཞེས་གསུངས་པའོ། །དེ་རྣམས་ཀྱང་ཐེག་པ་གསུམ་པོ་དག་སྟེ། གང་གི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་མངོན་པར་འདུ་བྱ་བ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པའི་ཆོས་མངོན་པར་འདུ་བྱ་བ་དང༌། དེ་བཞིན་གཤེགས་པའི་སའི་ཆོས་མངོན་པར་འདུ་བྱ་བ་ཞེས་གསུངས་པའོ། །ཐེག་པ་གསུམ་པོའི་ཆོས་དེ་དག་ཀྱང༌། ལམ་དང་གནས་གྱུར་པས་རབ་ཏུ་ཕྱེ་བའི་ཕྱིར། འདུས་བྱས་དང་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་དག་སྟེ། གང་གི་ཕྱིར་འདུས་བྱས་ཀྱི་ཆོས་མངོན་པར་འདུ་བྱ་བ་དང༌། འདུས་མ་བྱས་ཀྱི་ཆོས་མངོན་པར་འདུ་བྱ་བ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པའོ། །དེ་ལྟར་ཡེ་ཤེས་ཕུན་སུམ་ཚོགས་པས། ས་རྣམ་པར་གཞག་པ་བསྟན་ནས་སྤྱོད་པ་ལ་འཇུག་པ་ཕུན་སུམ་ཚོགས་པ་སྟོན་ཏོ། །དེ་ལ་སྤྱོད་པ་ལ་འཇུག་པ་ཕུན་སུམ་ཚོགས་པ་ནི་ཉོན་མོངས་པ་དང༌། ལས་ཀྱི་ཀུན་ནས་ཉོན་མོངས་པ་རྟེན་དང་བཅས་པ་ལས་བརྩམས་པ་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ལ་བརྟེན་པ་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་གཉིས་སུ་ངེས་པ་དང་མ་ངེས་པའི་གནས་སྐབས་ལས་བརྩམས་


DTG113_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

པར་རིག་པར་བྱ་སྟེ། གང་གི་ཕྱིར་དེ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པའི་བློ་སེམས་ཅན་གྱི་སེམས་ཀྱི་རྒྱུ་བ་ཐིབས་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཉོན་མོངས་པའི་རྒྱུ་བ་ཐིབས་པོ་དང་ལས་ཀྱི་རྒྱུ་བ་ཐིབས་པོ་ཞེས་གསུངས་པའོ། །མོས་པ་ལ་སོགས་པ་ནི་དབང་པོ་ལ་སོགས་དང་མཐུན་པའི་ཕྱིར་ངེས་པ་དང་མ་ངེས་པའི་གནས་སྐབས་དེ་ནི་དབང་པོ་ལ་སོགས་པའི་རིམ་གྱིས་རིག་པར་བྱ་སྟེ། གང་གི་ཕྱིར་དབང་པོའི་རྒྱུ་བ་ཐིབས་པོ་དང༌། མོས་པའི་རྒྱུ་བ་ཐིབས་པོ་དང༌། ཁམས་ཀྱི་རྒྱུ་བ་ཐིབས་པོ་དང༌། བསམ་པ་དང་བག་ལ་ཉལ་གྱི་རྒྱུ་བ་ཐིབས་པོ་དང༌། སྐྱེ་བའི་རྒྱུ་བ་ཐིབས་པོ་དང༌། བག་ཆགས་ཀྱི་མཚམས་སྦྱོར་བའི་རྒྱུ་བ་ཐིབས་པོ་དང༌། ཕུང་པོ་གསུམ་གྱི་གནས་པའི་རྒྱུ་བ་ཐིབས་པོ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པའོ། །ཐིབས་པོ་ནི་མང་བའི་དོན་དང༌། སྤྱོད་པ་ཤེས་པར་མི་ནུས་པའི་དོན་དུ་རིག་པར་བྱའོ། །སེམས་ཅན་གྱི་རྒྱུ་བ་ཐིབས་པོ་ནི་སེམས་རྣམ་པ་ཐ་དད་པས་སྟོན་ཏེ། གང་གི་ཕྱིར་དེ་སེམས་ཅན་རྣམས་ཀྱི་སེམས་རྣམ་པ་ཐ་དད་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ་ཞེས་གསུངས་པའོ། །སེམས་རྣམ་པ་ཐ་དད་པ་དེ་ཡང་མཚན་ཉིད་རྣམ་པ་བརྒྱད་ཀྱིས་རབ་ཏུ་སྟོན་ཏེ། སེམས་དང་ཡིད་དང་རྣམ་པར་ཤེས་པ་རྣམ་པ་དྲུག་རབ་ཏུ་དབྱེ་བས་རབ་ཏུ་དབྱེ་བའི་མཚན་ཉིད་ཀྱིས་སྟོན་པ་ནི་གང་གི་ཕྱིར་སེམས་རྣམ་པ་སྣ་ཚོགས་ཉིད་ཅེས་གསུངས་པའོ། །གནས་པ་གཞན་དུ་འགྱུར་བ་དང༌། འཇིག་པ་དང་སྐྱེ་བར་འགྱུར་བས་འགྱུར་བའི་མཚན་ཉིད་སྟོན་པ་ནི་གང་གི་ཕྱིར། སེམས་སྐད་ཅིག་ཏུ་མྱུར་དུ་འགྱུར་བ་དང༌། འཇིག་པ་དང༌། མི་འཇིག་པ་ཉིད་ཅེས་གསུངས་པའོ། །དམིགས་པ་དེ་ལས་སེམས་ཀྱི་ལུས་གུད་ན་མེད་པས་དོན་དམ་པའི་མཚན་ཉིད་ཀྱིས་སྟོན་པ་ནི་གང་གི་ཕྱིར། སེམས་ལུས་མེད་པ་ཉིད་ཅེས་གསུངས་པའོ། །ཡུལ་མཐའ་ཡས་པ་ལ་འཇུག་པས་རང་གི་མཚན་ཉིད་ཀྱིས་སྟོན་པ་ནི་གང་གི་ཕྱིར། སེམས་མཐའ་ཡས་ཤིང་ཐམས་ཅད་དུ་མང་བ་ཉིད་ཅེས་གསུངས་པའོ། །རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མ་ཡིན་པའི་མཚན་ཉིད་ཀྱིས་སྟོན་པ་ནི་གང་གི་ཕྱིར། སེམས་འོད་གསལ་བ་ཉིད་ཅེས་གསུངས་པའོ། །ཀུན་ནས་དཀྲིས་པ་དང་བཅས་པ་དང༌།


DTG113_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ནས་དཀྲིས་པ་མེད་པའི་མཚན་ཉིད་ཀྱིས་སྟོན་པ་ནི་གང་གི་ཕྱིར། སེམས་ཉོན་མོངས་པ་དང་བཅས་པ་དང༌། ཉོན་མོངས་པ་མེད་པ་ཉིད་ཅེས་གསུངས་པའོ། །བག་ལ་ཉལ་དང་བཅས་པ་དང༌། བག་ལ་ཉལ་མེད་པའི་མཚན་ཉིད་ཀྱིས་སྟོན་པ་ནི་གང་གི་ཕྱིར། སེམས་བཅིངས་པ་དང་རྣམ་པར་ཐར་པ་ཉིད་ཅེས་གསུངས་པའོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་བསམས་བཞིན་དུ་སྐྱེ་བ་དང༌། དེ་མ་ཡིན་པ་སེམས་ཅན་རྣམས་རང་གི་ལས་དག་གི་སྐྱེ་བས་རྒྱུའི་མཚན་ཉིད་ཀྱིས་སྟོན་པ་ནི་གང་གི་ཕྱིར། སེམས་སྒྱུ་མ་ལྟ་བུར་རྣམ་པར་སྒྲུབ་པ་ཉིད་དང༌། སེམས་འགྲོ་བ་ཇི་ལྟ་བ་བཞིན་དུ་ཉེ་བར་གནས་པ་ཉིད་ནས། སེམས་ཐ་དད་པ་འབུམ་ཕྲག་དུ་མའི་བར་དག་ཀྱང་ཡང་དག་པ་ཇི་ལྟ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པའོ། །རང་བཞིན་གྱིས་འོད་གསལ་བ་ཡིན་དུ་ཟིན་ཀྱང༌། སེམས་ཉོན་མོངས་པ་དང་བཅས་པ་དང༌། ཉོན་མོངས་པ་མེད་པ་དང༌། སེམས་བཅིངས་པ་དང༌། རྣམ་པར་ཐར་པ་སྟེ། མཚན་ཉིད་དྲུག་པ་དང་བདུན་པས་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་སྟོན་ཏོ། །སེམས་འགྲོ་བ་ཇི་ལྟ་བ་བཞིན་དུ་ཉེ་བར་གནས་པ་སྟེ་བརྒྱད་པས་སྐྱེ་བའི་ཀུན་ནས་ཉོན་མོངས་པ་སྟོན་ཏོ། །ཉོན་མོངས་པའི་རྒྱུ་བ་ཐིབས་པོ་རབ་ཏུ་དབྱེ་བ་ནི་རྣམ་པ་གསུམ་གྱིས་བསྟན་ཏེ། སྲིད་པའི་རྩེ་མོའི་བར་དུ་རིང་དུ་སོང་བ་ནི་གང་གི་ཕྱིར། དེ་ཉོན་མོངས་པ་རྣམས་རིང་དུ་སོང་བ་ཉིད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ་ཞེས་གསུངས་པའོ། །དགེ་བ་ལ་སོགས་པ་ལ་སྦྱོར་བ་མཐའ་ཡས་པ་ཀུན་དུ་འབྱུང་བས་ཤེས་པར་དཀའ་བ་ནི་གང་གི་ཕྱིར་སྦྱོར་བ་མཐའ་ཡས་པ་ཉིད་ཅེས་གསུངས་པའོ། །ཉོན་མོངས་པ་དང༌། སྐྱེ་བ་དང་ལས་ཀྱི་ཀུན་ནས་ཉོན་མོངས་པ་རྣམས་ཀྱིས་ཉོན་མོངས་པར་བྱེད་པ་ནི་དེ་ལ་ཇི་ལྟར་འཆིང་བ་གང་གིས་གང་བཅིངས་པ་དེ་བསྟན་པའི་ཕྱིར་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པས་ཀུན་ནས་ཉོན་མོངས་པ་ཉིད་དུ་ཡོངས་སུ་སྟོན་ཏོ། །གང་གི་ཕྱིར་ལྷན་ཅིག་སྐྱེས་ཤིང་མི་འབྲལ་བ་ཉིད་དང༌། བག་ལ་ཉལ་དང༌། ཀུན་ནས་དཀྲིས་པ་དོན་གཅིག་པ་ཉིད་དང༌། སེམས་དང་མཚུངས་པར་ལྡན་པ་དང༌། མཚུངས་པར་ལྡན་པ་མ་ཡིན་པ་ཉིད་ཅེས་གསུངས་པའོ། །དེ་ལ་ཇི་ལྟར་ཞེས་བྱ་བ་ནི། གཅིག་གི་གྲོགས་སུ་གཅིག་


DTG113_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པས་གཅིག་གིས་གཅིག་བསྐྱེད་པ་སྟེ། ལྷན་ཅིག་སྐྱེས་ཤིང་ཐ་མི་དད་པའི་ཕྱིར་རོ། །འཆིང་བ་གང་གིས་ཞེས་བྱ་བ་ནི་བག་ལ་ཉལ་གྱིས་ཏེ། དེ་ཡོད་ན་དེ་ལས་མི་འགྲོལ་བའི་ཕྱིར་ཏེ། བག་ལ་ཉལ་དང་ཀུན་ནས་དཀྲིས་པ་དོན་གཅིག་པའི་ཕྱིར་རོ། །གང་བཅིངས་པ་ཞེས་བྱ་བ་ནི་སེམས་ཏེ། སེམས་དང་མཚུངས་པར་ལྡན་པ་དང༌། མཚུངས་པར་ལྡན་པ་མ་ཡིན་པའི་ཕྱིར་རོ། །མཚུངས་བར་ལྡན་པ་མ་ཡིན་པ་སྨོས་པ་ནི་ཐར་པའི་སྐབས་ཡོད་པར་བསྟན་པའི་ཕྱིར། ལུས་ཀྱི་འགྲོ་བ་དང༌། ཁམས་དང་རྒྱུས་སྐྱེ་བའི་ཀུན་ནས་ཉོན་མོངས་པས་ཀུན་ནས་ཉོན་མོངས་པ་ཉིད་དུ་ཡོངས་སུ་སྟོན་ཏེ། གང་གི་ཕྱིར་སྐྱེ་བའི་མཚམས་སྦྱོར་བའི་འགྲོ་བ་ཇི་ལྟ་བ་བཞིན་དུ་ཉེ་བར་གནས་པ་ཉིད་དང༌། ཁམས་གསུམ་པ་རྣམ་པར་ཕྱེ་བ་ཉིད་དང༌། སྲེད་པ་དང༌། མ་རིག་པ་དང༌། ལྟ་བའི་ཟུག་རྔུ་དང༌། ང་རྒྱལ་དང་གཏི་མུག་གི་ཁན་མཐོ་བ་ཆེན་པོ་ཉིད་ཅེས་གསུངས་པའོ། །ཕྱོགས་གསུམ་པོ་དག་ལ་ཐར་པའི་བར་དུ་གཅོད་པའི་ལས་ཀྱི་རྒྱུ་ཡིན་པའི་ཕྱིར་དང༌། ལུས་ལ་སོགས་པའི་ལས་འཁོར་བ་དང་མཐུན་པར་འབྱུང་བར་བྱེད་པ་ཚད་མེད་པའི་རྒྱུ་ཡིན་པའི་ཕྱིར། ལས་ཀྱི་ཀུན་ནས་ཉོན་མོངས་པས་ཉོན་མོངས་པར་བྱེད་པ་ཉིད་དུ་ཡོངས་སུ་སྟོན་ཏེ། གང་གི་ཕྱིར་ལས་རྣམ་པ་གསུམ་གྱི་གཞི་རྒྱུན་མི་འཆད་པ་ནས་མདོར་བསྡུ་ན་ཉོན་མོངས་པའི་སྤྱོད་པ་ཐ་དད་པ་བརྒྱད་ཁྲི་བཞི་སྟོང་གི་རྗེས་སུ་འཇུག་པ་ཉིད་ཀྱི་བར་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པའོ། །ཕྱོགས་གསུམ་ནི་འདོད་པ་ལ་ལོངས་སྤྱོད་པའི་ཕྱོགས་དང༌། སྡོམ་པ་མེད་པའི་ཕྱོགས་དང༌། མུ་སྟེགས་ཅན་གྱི་ཕྱོགས་སོ། །ལས་ཀྱི་རྒྱུ་བ་ཐིབས་པོ་རབ་ཏུ་དབྱེ་བ་ནི། འགྲོ་བའི་རྒྱུ་ཉིད་རབ་ཏུ་དབྱེ་བས་སྟོན་ཏེ། གང་གི་ཕྱིར་དེ་ལས་དགེ་བ་དང༌། མི་དགེ་བ་དང་ལུང་དུ་མི་སྟོན་པ་ཉིད་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ་ཞེས་གསུངས་པའོ། །རང་བཞིན་རབ་ཏུ་དབྱེ་བས་སྟོན་པ་ནི་གང་གི་ཕྱིར་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་ཉིད་ཅེས་གསུངས་པའོ། །ཐབས་རབ་ཏུ་དབྱེ་བས་སྟོན་པ་ནི་གང་གི་ཕྱིར་སེམས་དང་ལྷན་ཅིག་སྐྱེས་ཤིང་ཐ་མི་དད་པ་ཉིད་ཅེས་གསུངས་པའོ། །འབྲས་བུ་སོགས་པ་དང་མི་སོགས་པའི་རབ་ཏུ་དབྱེ་བས་སྟོན་པ་ནི་གང་གི་ཕྱིར། རྒྱུ་


DTG113_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ངང་གིས་སྐད་ཅིག་ཏུ་འཇིག་ཅིང༌། འཕེལ་བ་དང་འབྲས་བུ་ཆུད་མི་ཟ་ཞིང་མཚམས་སྦྱོར་བ་ཉིད་ཅེས་གསུངས་པའོ། །འབྲས་བུ་མ་སྨིན་པ་དང༌། སྨིན་ཟིན་པ་རབ་ཏུ་དབྱེ་བས་སྟོན་པ་ནི་གང་གི་ཕྱིར། རྣམ་པར་སྨིན་པ་དང་བཅས་པ་དང༌། རྣམ་པར་སྨིན་པ་མེད་པ་ཉིད་ཅེས་གསུངས་པའོ།། མི་མཐུན་པའི་ཕྱོགས་དང༌། གཉེན་པོ་རབ་ཏུ་དབྱེ་བས་སྟོན་པ་ནི་གང་གི་ཕྱིར། ནག་པོ་དང༌། དཀར་པོ་དང༌། ཐ་དད་པ་དང༌། སྣ་ཚོགས་ཀྱི་ལས་ཕྱོགས་དུ་མ་ཡང་དག་པར་ལེན་པ་ཉིད་ཅེས་གསུངས་པའོ། །རྐྱེན་རབ་ཏུ་དབྱེ་བས་སྟོན་པ་ནི་གང་གི་ཕྱིར་ལས་ཀྱི་ཞིང་ཚད་མེད་པ་ཉིད་ཅེས་གསུངས་པའོ། །ཁོར་ཟུག་མ་ཡིན་པ་དང༌། ཁོར་ཟུག་རབ་ཏུ་དབྱེ་བས་སྟོན་པ་ནི་གང་གི་ཕྱིར། འཕགས་པ་དང་འཇིག་རྟེན་རབ་ཏུ་རྣམ་པར་ཕྱེ་བ་ཉིད་ཅེས་གསུངས་པའོ། །ངེས་པ་དང་མ་ངེས་པ་རབ་ཏུ་དབྱེ་བས་སྟོན་པ་ནི་གང་གི་ཕྱིར། ཚེ་འདི་དང་སྐྱེས་པ་དང༌། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ཉིད་དང༌། ཐེག་པ་དང་ཐེག་པ་མ་ཡིན་པ་ལ་ངེས་པ་དང༌། མ་ངེས་པ་ནས་ལས་ཐ་དད་པ་སྟོང་ཕྲག་དུ་མའི་བར་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པའོ། །དེ་ལ་རང་བཞིན་རབ་ཏུ་དབྱེ་བ་ནི་ལས་རྣམ་པ་གཉིས་ཏེ། བསམ་པ་དང་སེམས་པའོ། །ཐབས་རབ་ཏུ་དབྱེ་བ་ནི་སེམས་དང་ལྷན་ཅིག་ཏུ་སྐྱེས་ནས་བག་ཆགས་ཀྱི་སེམས་དང༌། ཐ་མི་དད་པའི་འབྲས་བུ་མངོན་པར་འགྲུབ་པར་བྱེད་པའོ། །འབྲས་བུ་སོགས་པ་དང་མི་སོགས་པ་རབ་ཏུ་དབྱེ་བ་ནི་ཐོག་མ་མེད་པའི་དུས་ཀྱི་ལས་རང་གི་ངང་གིས་སྐད་ཅིག་ལ་འཇིག་ཅིང་འཕེལ་བ་དང༌། རྒྱུས་མངོན་པར་འདུས་བྱས་པའི་ལས་འཇིག་པ་དང་འཕེལ་བའོ། །ལན་གྲངས་གཞན་དང་སྐྱེས་ནས་མྱོང་བར་འགྱུར་བ་ཡང་རིག་པར་བྱའོ། །མི་མཐུན་པའི་ཕྱོགས་དང་གཉེན་པོ་རབ་ཏུ་དབྱེ་བ་ནི། ནག་པོ་དང༌། དཀར་པོ་དང༌། གཉི་ག་མ་ཡིན་པ་དང༌། གཉི་གའི་ཆའི་ལས་ཡང་དག་པར་ལེན་པ་རབ་ཏུ་དབྱེ་བར་རིག་པར་བྱའོ། །ངེས་པ་དང་མ་ངེས་པ་རབ་ཏུ་དབྱེ་བ་ནི་གནས་སྐབས་གསུམ་ལ་ངེས་པ་དང༌། མ་ངེས་པ་ཉིད་དང༌། ཐེག་པ་རྣམ་པ་གསུམ་ལ་ངེས་པ་དང༌། མ་ངེས་པ་ཉིད་དང༌། ཐེག་པ་མ་ཡིན་པར་འཁོར་བར་ངེས་པ་དང༌། མ་ངེས་པ་ཉིད་དུ་རིག་པར་བྱའོ། །དབང་པོ་རྣམས་ཀྱི་རྒྱུ་བ་


DTG113_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཐིབས་པོ་བཤད་པའི་སྣོད་རབ་ཏུ་དབྱེ་བས་སྟོན་པ་ནི་གང་གི་ཕྱིར། དེ་ལ་དབང་པོ་ཐ་མ་དང༌། འབྲིང་དང༌། རབ་ཉིད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ་ཞེས་གསུངས་པའོ། །དབང་པོ་འཕོ་བ་ནི་གང་གི་ཕྱིར། སྔོན་གྱི་མཐའ་དང༌། ཕྱི་མའི་མཐའ་དང༌། ཐ་དད་པ་དང༌། ཐ་དད་པ་མ་ཡིན་པ་ཉིད་ཅེས་གསུངས་པའོ། །རིགས་རབ་ཏུ་དབྱེ་བས་སྟོན་པ་ནི་གང་གི་ཕྱིར། རྒྱ་ཆེན་པོ་དང༌། འབྲིང་དང༌། ཐ་མ་ཉིད་ཅེས་གསུངས་པའོ། །ཀུན་ནས་ཉོན་མོངས་པ་རབ་ཏུ་དབྱེ་བས་སྟོན་པ་ནི་གང་གི་ཕྱིར། ཉོན་མོངས་པ་དང་ལྷན་ཅིག་སྐྱེས་ཤིང་ཐ་མི་དད་པ་ཉིད་ཅེས་གསུངས་པའོ། །ངེས་པ་དང་མ་ངེས་པ་རབ་ཏུ་དབྱེ་བས་སྟོན་པ་ནི་གང་གི་ཕྱིར། ཐེག་པ་དང་ཐེག་པ་མ་ཡིན་པ་ལ་ངེས་པ་དང་མ་ངེས་པ་ཉིད་དང༌། ཡོངས་སུ་སྨིན་པར་ངེས་པ་དང་མ་ངེས་པ་ཉིད་ཅེས་གསུངས་པའོ། །འབྱུང་བ་རབ་ཏུ་དབྱེ་བས་སྟོན་པ་ནི་གང་གི་ཕྱིར། དབང་པོའི་དྲ་བའི་རྗེས་སུ་འབྲང་བ་དང་མྱུར་དུ་འཇིག་པ་དང་མཚན་མར་འཛིན་པ་ཉིད་ཅེས་གསུངས་པའོ། །ཉན་ཐོས་ཀྱི་རྣམ་པར་དག་པ་རབ་ཏུ་དབྱེ་བས་སྟོན་པ་ནི་གང་གི་ཕྱིར། དབང་པོའི་དབང་གིས་མི་བརྫི་བ་ཉིད་ཅེས་གསུངས་པའོ། །བྱང་ཆུབ་སེམས་དཔའི་རྣམ་པར་དག་པ་རབ་ཏུ་དབྱེ་བས་སྟོན་པ་ནི་གང་གི་ཕྱིར། དབང་པོ་བཟློག་ཏུ་རུང་བ་དང༌། བཟློག་ཏུ་མི་རུང་བ་རབ་ཏུ་རྣམ་པར་དབྱེ་བ་ཉིད་ཅེས་གསུངས་པའོ། །དབང་པོ་ཐམས་ཅད་བསྡུ་བར་རབ་ཏུ་དབྱེ་བས་སྟོན་ཏེ་གང་གི་ཕྱིར། རིང་དུ་སོང་བ་དང་ལྷན་ཅིག་སྐྱེས་པ་རྣམ་པ་སྣ་ཚོགས་ཐ་དད་པ་ཉིད་ནས་མདོར་བསྡུ་ན་དབང་པོ་ཐ་དད་པ་ཉིད་སྟོང་ཕྲག་དུ་མའི་བར་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པའོ། །དེ་ལ་དབང་པོ་འཕོ་བ་རབ་ཏུ་དབྱེ་བ་ནི་སྔ་མ་འབོགས་པ་དང༌། སྔ་མ་རྣམས་ལས་ཕྱི་མ་རྣམས་དམའ་བ་དང༌། ཁྱད་པར་དུ་འཕགས་པ་ཉིད་དང་མཚུངས་པ་ཉིད་ཀྱིས་རིག་པར་བྱའོ། །རིགས་རབ་ཏུ་དབྱེ་བ་ནི་ཐེག་པ་གསུམ་གྱི་རིགས་རབ་ཏུ་དབྱེ་བའོ། །ཀུན་ནས་ཉོན་མོངས་པ་རབ་ཏུ་དབྱེ་བ་ནི། ཡིད་དང་བདེ་བ་ལ་སོགས་པའི་དབང་པོ་རྣམས་ཀྱི་ཉོན་མོངས་པ་ཀུན་ནས་དཀྲིས་པ་དང་བག་ལ་ཉལ་ཉིད་དོ། །ངེས་པ་དང་མ་ངེས་པ་རབ་ཏུ་དབྱེ་བ་ནི་ཐེག་པ་གསུམ་པོ་དག་དང༌། འཁོར་བར་ངེས་པ་དང་མ་ངེས་པ་ཉིད་དང༌། ཡོངས་སུ་སྨིན་པར་ངེས་པ་ཉིད་དོ། །


DTG113_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་སེམས་ཅན་ཐེག་པ་དམན་པར་མ་ངེས་པ་རྣམས་ཀྱི་དབང་པོ་དག་ནི་བྱང་ཆུབ་སེམས་དཔས་ཟློག་པར་བྱེད་དོ། །ཐེག་པ་ཆེན་པོར་མ་ངེས་པ་རྣམས་ནི་ངེས་པར་བྱེད་པའོ། །གཅིག་ཏུ་ཤིན་ཏུ་ངེས་པ་རྣམས་ནི་རྣམ་པར་གྲོལ་བར་བྱེད་དོ། །ཡོངས་སུ་སྨིན་པར་ངེས་པ་རྣམས་ལ་ནི་བཏང་སྙོམས་སུ་བྱེད་དོ། །འབྱུང་བ་རབ་ཏུ་དབྱེ་བ་ནི་འབྱུང་བ་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། རྟེན་འབྱུང་བ་ནི་སྐྱེ་མཆེད་དྲུག་པོ་དག་ཕན་ཚུན་འབྲེལ་པར་རྗེས་སུ་འབྲང་བའོ། །སྐྱེ་བ་དང་འཇིག་པ་འབྱུང་བ་ནི་མྱུར་དུ་འཇིག་པའོ། །དམིགས་པ་ལས་བྱུང་བ་ནི་མཚན་མར་འཛིན་པའོ། །ཉན་ཐོས་ཀྱི་རྣམ་པར་དག་པ་རབ་ཏུ་དབྱེ་བ་ནི་ལམ་གྱི་དབང་གིས་མི་མཐུན་པའི་ཕྱོགས་ལས་རྒྱལ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའི་རྣམ་པར་དག་པ་རབ་ཏུ་དབྱེ་བ་ནི་ཕྱིར་ལྡོག་པ་དང༌། ཕྱིར་མི་ལྡོག་པའི་ས་རབ་ཏུ་དབྱེ་བའོ། །དབང་པོ་ཐམས་ཅད་བསྡུས་པ་རབ་ཏུ་དབྱེ་བ་ནི་སྦྱོར་བ་ལས་བྱུང་བ་དང༌། རྣམ་པར་སྨིན་པའི་དབང་བོ་རབ་ཏུ་དབྱེ་བར་རིག་པར་བྱའོ། །མོས་པ་དང༌། ཁམས་དང༌། བསམ་པ་རྣམས་ཀྱི་ཆུང་དུ་དང༌། འབྲིང་དང་ཆེན་པོ་ལ་སོགས་རབ་ཏུ་དབྱེ་བ་མཐའ་ཡས་པས་ཀྱང་རབ་ཏུ་དབྱེ་བར་རིག་པར་བྱ་སྟེ། གང་གི་ཕྱིར་དེ་མོས་པ་རྣམས་ཀྱི་ཆུང་དུ་དང༌། འབྲིང་དང༌། རབ་ཉིད་རྣམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ནས་མོས་པ་ཐ་དད་པ་སྟོང་ཕྲག་དུ་མའི་བར་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པའོ། །ཁམས་རྣམས་དང་བསམ་པ་རྣམས་ཀྱང་དེ་བཞིན་དུ་བརྗོད་པར་བྱའོ། །དེ་ལ་བག་ལ་ཉལ་ནི་རྗེས་སུ་འབྲང་བའི་དོན་དུ་རིག་པར་བྱའོ།། དེ་དག་གི་རྒྱུ་བ་ཐིབས་པོའི་དབྱེ་བ་ནི་གང་དུ་རྗེས་སུ་འབྲང་བ་དང༌། ཇི་ལྟར་རྗེས་སུ་འབྲང་བ་དེའི་རབ་ཏུ་དབྱེ་བས་སྟོན་ཏོ། །གང་དུ་རྗེས་སུ་འབྲང་ཞེ་ན། རྣམ་པར་སྨིན་པ་དང༌། རྣམ་པར་སྨིན་པ་མ་ཡིན་པའི་སེམས་ལ་སྟེ། གང་གི་ཕྱིར་དེ་ལ་བག་ལ་ཉལ་རྣམས་ཀྱི་བསམ་པ་དང༌། ལྷན་ཅིག་སྐྱེས་པ་དང༌། སེམས་དང་ལྷན་ཅིག་སྐྱེས་པ་ཉིད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ་ཞེས་གསུངས་པའོ། །ཇི་ལྟར་རྗེས་སུ་འབྲང་ཞེ་ན། རྗེས་སུ་འབྲང་བ་རྣམ་པ་དྲུག་སྟེ། རྗེས་སུ་འབྲང་བ་རྣམ་པ་དྲུག་ལ་བར་མེད་པར་རྣམ་པ་སྣ་ཚོགས་ཡུན་རིང་པེ་ནས་རྗེས་སུ་འབྲང་


DTG113_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་གང་གི་ཕྱིར། སེམས་དང་མཚུངས་པར་ལྡན་པ་དང༌། མཚུངས་པར་ལྡན་པ་མ་ཡིན་པ་རྣམ་པར་དབྱེ་བ་དང༌། རིང་ནས་རྗེས་སུ་ཞུགས་པ་ཉིད་ཅེས་གསུངས་པའོ། །དང་པོ་ཉིད་དུ་རྗེས་སུ་འབྲང་བ་ནི་ཚིག་གཉིས་ཀྱིས་སྟོན་ཏེ། གང་གི་ཕྱིར་ཐོག་མ་མེད་པའི་དུས་ནས་མ་བསལ་བ་ཉིད་དང༌། བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམ་པར་འཇུག་པ་དང༌། མངོན་པར་ཤེས་པ་ཐམས་ཅད་ཀྱིས་མི་མཇེད་པ་ཉིད་ཅེས་གསུངས་པའོ། །ཁམས་དང་སེམས་དང་ཡུལ་ཐམས་ཅད་དུ་སོང་བས་རྗེས་སུ་འབྲང་བ་ནི་ཚིག་གསུམ་གྱིས་སྟོན་ཏེ། གང་གི་ཕྱིར་ཁམས་གསུམ་པའི་མཚམས་སྦྱར་བར་མཚམས་སྦྱོར་བས་ཤིན་ཏུ་འབྲེལ་པ་ཉིད་དང༌། ཐོག་མ་མེད་པའི་དུས་ནས་སེམས་བཅིངས་པར་ཀུན་དུ་འབྱུང་བ་ཉིད་དང༌། སྐྱེ་མཆེད་ཀྱི་སྒོ་ནས་རྣམ་པར་རིག་པ་འབྱུང་བ་ཉིད་ཅེས་གསུངས་པའོ། །གཉེན་པོ་ཡོད་པའི་དོན་ཡིན་པས་མེད་པའི་དོན་གྱི་རྗེས་སུ་འབྲང་བ་ནི་གང་གི་ཕྱིར། གཉེན་པོ་ཐོབ་པ་རྗེས་སུ་གྱུར་པ་ཉིད་ཅེས་གསུངས་པའོ། །ཉོན་མོངས་པའི་བདག་ཉིད་དང༌། ཀུན་ནས་དཀྲིས་པའི་མཚན་ཉིད་དུ་ཕྲད་པ་དང༌། མ་ཕྲད་པས་ས་དགུ་པོ་རྣམས་དང༌། སྐྱེ་མཆེད་དྲུག་ལ་ཕྲ་བ་རྗེས་སུ་འབྲང་བ་ནི་གང་གི་ཕྱིར། ས་དང་སྐྱེ་མཆེད་དང་ཕྲད་པ་དང༌། མ་ཕྲད་པ་ཉིད་ཅེས་གསུངས་པའོ། །འཇིག་རྟེན་ལས་འདས་པ་མ་ཡིན་པའི་ལམ་གྱིས་སྤང་བར་བྱ་བ་མ་ཡིན་པས་སྤང་བ་བསྒྲུབ་དཀའ་བར་རྗེས་སུ་འབྲང་བ་ནི་གང་གི་ཕྱིར། གཞན་མ་ཡིན་པ་འཕགས་པའི་ལམ་གྱིས་བསལ་བ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པའོ། །སྐྱེ་བའི་རྒྱུ་བ་ཐིབས་པོ་རབ་ཏུ་དབྱེ་བ་ལས་ལུས་རྣམ་པ་སྣ་ཚོགས་ཀྱིས་སྟོན་པ་ནི་གང་གི་ཕྱིར། དེ་སྐྱེས་པ་ཐ་དད་པ་རྣམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ་ཞེས་གསུངས་པའོ། །ལས་རྣམ་པ་སྣ་ཚོགས་ཀྱིས་སྟོན་པ་ནི་གང་གི་ཕྱིར། ལས་ཇི་ལྟ་བ་བཞིན་དུ་རབ་ཏུ་སྐྱེ་བ་ཞེས་གསུངས་པའོ། །གནས་རྣམ་པ་སྣ་ཚོགས་ཀྱིས་སྟོན་པ་ནི་གང་གི་ཕྱིར། སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་དང༌། ལྷ་མ་ཡིན་དང༌། མི་དང་ལྷའི་གནས་ཞེས་གསུངས་པའོ། །གཟུགས་དང་


DTG113_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ཤེས་ཡར་སྐྱེ་བ་དང༌། མར་འགྲིབ་པ་སྣ་ཚོགས་ཀྱིས་སྟོན་པ་ནི་གང་གི་ཕྱིར། གཟུགས་དང་གཟུགས་མེད་པར་སྐྱེ་བ་དང༌། འདུ་ཤེས་ཡོད་པ་དང་འདུ་ཤེས་མེད་པར་སྐྱེ་བ་ཞེས་གསུངས་པའོ། །ཕྱི་རོལ་དང་འདྲ་བའི་རྒྱུ་རྣམ་པ་སྣ་ཚོགས་ཀྱིས་སྟོན་པ་ནི་གང་གི་ཕྱིར། ལས་ཀྱི་ཞིང་དང། སྲེད་པའི་རླན་དང༌། མ་རིག་པས་མུན་པར་གྱུར་པའི་རྣམ་པར་ཤེས་པའི་ས་བོན་གྱིས་ཡང་སྲིད་པ་རབ་ཏུ་འབྱུང་བ་ཞེས་གསུངས་པའོ། །རང་གི་མཚན་ཉིད་རྣམ་པ་སྣ་ཚོགས་ཀྱིས་སྟོན་པ་ནི་གང་གི་ཕྱིར། མིང་དང་གཟུགས་ལྷན་ཅིག་སྐྱེས་ཤིང་ཐ་མི་དད་པ་ཞེས་གསུངས་པའོ། །འཕེལ་བ་དང་མངོན་པར་འགྲུབ་པའི་རྒྱུ་རྣམ་པ་སྣ་ཚོགས་ཀྱིས་སྟོན་པ་ནི་གང་གི་ཕྱིར། སྲིད་པ་ལ་མགོ་རྨོངས་པ་དང༌། སྲིད་པས་མངོན་པར་འདོད་པས་མཚམས་སྦྱོར་བ་ཞེས་གསུངས་པའོ། །ཀུན་འབྱུང་བ་དང་སྡུག་བསྔལ་གྱི་བདེན་པ་རྣམ་པར་གཞག་པ་རྣམ་པ་སྣ་ཚོགས་ཀྱིས་སྟོན་པ་ནི་གང་གི་ཕྱིར། སྤྱོད་པ་འདོད་པ་དང༌། སྐྱེ་བར་འདོད་པ་དང༌། སེམས་ཅན་ལ་དགའ་བ་དང༌། ཐོག་མ་དང་ཐ་མ་མེད་པར་ཁམས་གསུམ་པ་འཛིན་པ་དང༌། འདུ་ཤེས་འདྲེན་པ་ཉིད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པའོ། །དེ་ལ་སྤྱོད་པར་འདོད་པ་ཉིད་ཀྱིས་ནི་དགའ་བ་ཅན་དང༌། འདོད་ཆགས་དང་ལྡན་པ་དང༌། དེ་དང་དེར་མངོན་པར་དགའ་བ་སྟོན་ཏོ། །སྐྱེ་བ་འདོད་པ་ཉིད་ཀྱིས་ནི་ཡང་སྲིད་པ་པ་སྟོན་ཏོ། །སེམས་ཅན་ལ་དགའ་བས་ནི་བདག་དང་གཞན་གྱི་རྒྱུད་ལ་ཆགས་པའི་མཚན་ཉིད་ཀྱི་སྲིད་པ་སྟོན་ཏོ། །འགྲོ་བ་དང༌། འོངས་པ་ཁམས་གོང་མ་དང༌། འོག་མ་འཛིན་པ་དང༌། ཆུང་བ་དང༌། རྒྱ་ཆེན་པོར་གྱུར་པ་དང༌། ཚད་མེད་པ་དང༌། ཅི་ཡང་མེད་པའི་འདུ་ཤེས་འདྲེན་པས་སྲིད་པའི་འཁོར་ལོ་ཡོངས་སུ་འཁོར་བས་སྡུག་བསྔལ་གྱི་བདེན་པ་རྣམ་པར་གཞག་པ་སྟོན་ཏོ། །བག་ཆགས་རྣམས་ཀྱི་རྒྱུ་བ་ཐིབས་པོ་རབ་ཏུ་དབྱེ་བ་ལས་འབྲས་བུ་འབྱིན་པར་ཉེ་བར་གནས་པ་དང༌། ཉེ་བར་མི་གནས་པའི་བྱེ་བྲག་གིས་སྟོན་པ་ནི་གང་གི་ཕྱིར། དེས་བག་ཆགས་རྣམས་ཀྱི་ཉེ་བར་བཏགས་པ་དང༌། ཉེ་བར་བཏགས་པ་མ་ཡིན་པ་ཉིད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ་ཞེས་གསུངས་པའོ། །འགྲོ་བའི་བག་ཆགས་ཀྱི་


DTG113_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བྲག་གིས་སྟོན་པ་ནི་གང་གི་ཕྱིར། འགྲོ་བ་བཞིན་དུ་བག་ཆགས་བསྒོས་པ་ཉིད་ཅེས་གསུངས་པའོ། །སེམས་ཅན་དང་བསྟེན་པའི་བག་ཆགས་ཀྱི་བྱེ་བྲག་གིས་སྟོན་པ་ནི་གང་གི་ཕྱིར། སེམས་ཅན་ཇི་ལྟ་བུ་དང༌། སྤྱོད་པ་སྤྱད་པས་བསྒོས་པ་ཉིད་ཅེས་གསུངས་པའོ། །བཟོའི་ལས་ཀྱི་ཉོན་མོངས་པའི་བག་ཆགས་ཀྱི་བྱེ་བྲག་གིས་སྟོན་པ་ནི་གང་གི་ཕྱིར། ལས་ཇི་ལྟ་བ་བཞིན་དུ་ཉོན་མོངས་པ་གོམས་པར་བྱས་པས་བསྒོས་པ་ཉིད་ཅེས་གསུངས་པའོ། །དགེ་བ་ལ་སོགས་པའི་ལས་ཀྱི་བག་ཆགས་ཀྱི་བྱེ་བྲག་གིས་སྟོན་པ་ནི་གང་གི་ཕྱིར། དགེ་བ་དང་མི་དགེ་བ་དང་ལུང་དུ་མི་སྟོན་པའི་ཕྱིར་གོམས་པར་བྱས་པས་བསྒོས་པ་ཉིད་ཅེས་གསུངས་པའོ། །བར་མ་དོའི་སྲིད་པའི་བག་ཆགས་ཀྱི་བྱེ་བྲག་གིས་སྟོན་པ་ནི་གང་གི་ཕྱིར། ཡང་སྲིད་པར་འགྲོ་བས་ལྷག་པར་བསྒོས་པ་ཉིད་ཅེས་གསུངས་པའོ། །འབྲས་བུ་འབྱིན་པའི་རིམ་གྱིས་བྱེ་བྲག་གིས་སྟོན་པ་ནི་གང་གི་ཕྱིར། མཐར་གྱིས་ལྷག་པར་བསྒོས་པ་ཉིད་ཅེས་གསུངས་པའོ། །རིང་དུ་སོང་བའི་བག་ཆགས་ཀྱི་ཉོན་མོངས་པའི་རྒྱུན་མི་འཆད་པས་ཉོན་མོངས་པ་འགྲིབ་པར་བྱེད་པའི་ཕྱིར། འཇིག་རྟེན་པའི་ངེས་པར་འབྱུང་བའི་བག་ཆགས་ཀྱི་བྱེ་བྲག་གིས་སྟོན་པ་ནི་གང་གི་ཕྱིར། རིང་དུ་སོང་བས་རྒྱུན་མི་འཆད་ལ་ཉོན་མོངས་པ་འགྲིབ་པར་བྱིད་པས་བསྒོས་པ་ཉིད་ཅེས་གསུངས་པའོ། །ཆོས་འདི་པ་དང་གཞན་མུ་སྟེགས་ཅན་གྱི་ཐར་པའི་ཚོགས་ཀྱི་བག་ཆགས་ཀྱི་བྱེ་བྲག་གིས་སྟོན་པ་ནི་གང་གི་ཕྱིར། རྫས་སུ་གྱུར་པ་དང་རྫས་སུ་མ་གྱུར་པས་བསྒོས་པ་ཉིད་ཅེས་གསུངས་པའོ། །ཐེག་པའི་བག་ཆགས་ཀྱི་བྱེ་བྲག་གིས་སྟོན་པ་ནི་གང་གི་ཕྱིར། ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་མཐོང་བ་དང༌། ཐོས་པ་དང་འགྲོགས་པས་བསྒོས་པ་ཉིད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པའོ། །སེམས་ཅན་གྱི་ཚོགས་གསུམ་གྱི་རྒྱུ་བ་ཐིབས་པོ་རབ་ཏུ་དབྱེ་བ་ལས་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་དང༌། ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཐེག་པ་གསུམ་ལ་གཅིག་ཏུ་ངེས་པ་དང༌། གཅིག་ཏུ་མ་ངེས་པའི་བྱེ་བྲག་གིས་སྟོན་པ་ནི་གང་གི་ཕྱིར། དེ་སེམས་ཅན་གྱི་ཚོགས་ཡང་དག་པ་


DTG113_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་ངེས་པ་ཉིད་དང༌། ལོག་པ་ཉིད་དུ་ངེས་པ་ཉིད་དང༌། དེ་གཉི་ག་དང་བྲལ་བས་ངེས་པ་མེད་པ་ཉེད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ་ཞེས་གསུངས་པའོ། །ལེགས་པར་སྤྱད་པ་དང༌། ཉེས་པར་སྤྱད་པའི་རྒྱུའི་བྱེ་བྲག་གིས་སྟོན་པ་ནི་གང་གི་ཕྱིར། ཡང་དག་པའི་ལྟ་བས་ཡང་དག་པ་ལ་ངེས་པ་ཉིད་དང༌། ལོག་པའི་ལྟ་བས་ལོག་པར་ངེས་པ་ཉིད་དང༌། དེ་གཉི་ག་དང་བྲལ་བས་ངེས་པ་མེད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པའོ། །ངན་འགྲོ་དང་བདེ་འགྲོའི་རྒྱུའི་བྱེ་བྲག་གིས་སྟོན་པ་ནི་གང་གི་ཕྱིར། མཚམས་མེད་པ་ལྔ་གང་ཡང་རུང་བ་ཞིག་ཏུ་ལོག་པར་ངེས་པ་ཉིད་དང༌། དབང་པོ་ལྔ་ལ་ཡང་དག་པར་ངེས་པ་ཉིད་དང༌། དེ་གཉི་ག་དང་བྲལ་བས་ངེས་པ་ཉིད་ཅེས་གསུངས་པའོ། །མུ་སྟེགས་ཅན་དང༌། འཕགས་པ་ཉན་ཐོས་ཀྱི་རྒྱུའི་བྱེ་བྲག་གིས་སྟོན་པ་ནི་གང་གི་ཕྱིར། ལོག་པ་བརྒྱད་དུ་ལོག་པར་ངེས་པ་ཉིད་དང༌། ཡང་དག་པ་ལ་ཡང་དག་པར་ངེས་པ་ཉིད་དང༌། ཡང་བྱར་མེད་པ་ཉིད་དང༌། དེ་གཉི་ག་དང་བྲལ་བར་ངེས་པ་མེད་པ་ཉིད་ཅེས་གསུངས་པའོ། །བྱང་ཆུབ་སེམས་དཔའི་བྱེ་བྲག་གིས་ཀྱང་སྟོན་པ་ནི་གང་གི་ཕྱིར། སེར་སྣ་དང༌། ཕྲག་དོག་དང༌། ངན་པ་སྤྱོད་པ་མ་བཟློག་པས་ལོག་པར་ངེས་པ་ཉིད་དང༌། འཕགས་པ་བླ་ན་མེད་པའི་ལམ་བསྒོམ་པ་ཉེ་བར་སྒྲུབ་པས་ཡང་དག་པར་ངེས་པ་ཉིད་དང༌། དེ་གཉི་ག་དང་བྲལ་བས་ངེས་པ་མེད་པའི་ཕུང་པོ་ལ་ལུང་འབོགས་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པའོ། །དེ་ལ་སེར་སྣས་དོན་དུ་གཉེར་བའི་སེམས་ཅན་ཡལ་བར་འདོར་བ་དང༌། ཕྲག་དོག་གི་ཉེས་པས་སེམས་ཅན་གཞན་སྦྱོར་བར་མི་འདོད་པ་དང༌། ངན་པ་ཉེ་བར་སྤྱོད་པ་མ་བཟློག་པས་གཞན་ལ་སྡུག་བསྔལ་ཉེ་བར་སྒྲུབ་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པས་བྱང་ཆུབ་སེམས་དཔའི་ལོག་པ་ཉིད་དུ་ངེས་པ་ཡིན་ནོ། །དེ་ལྟར་སྨྲ་བ་པོའི་རྩོལ་བ་ཕུན་སུམ་ཚོགས་པ་དང༌། ཡེ་ཤེས་ཕུན་སུམ་ཚོགས་པ་དང༌། སྤྱོད་པ་ལ་འཇུག་པ་ཕུན་སུམ་ཚོགས་པ་དང༌། རྒྱུ་རྣམ་པ་གསུམ་གྱིས་ས་འདི་ལ་རབ་ཏུ་གནས་པར་འགྱུར་རོ། །རབ་ཏུ་གནས་ནས་ཐར་པ་ཉེ་བར་སྒྲུབ་པའི་སྒོ་ནས་བཤད་པ་ཕུན་སུམ་ཚོགས་པར་འགྱུར་ཏེ། གང་གི་ཕྱིར་ཀྱེ་རྒྱལ་


DTG113_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྲས་དེ་ལྟར་བྱང་ཆུབ་སེམས་དཔའི་ཡེ་ཤེས་དེ་ལྟ་བུ་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའི་ས་ལེགས་པའི་བློ་གྲོས་ཅན་ལ་རབ་ཏུ་གནས་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའི་ས་ལེགས་པའི་བློ་གྲོས་ཅན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་སེམས་ཅན་རྣམས་ཀྱི་སྤྱོད་པ་རྣམ་པ་ཐ་དད་པ་དེ་ལྟ་བུ་དག་ཤེས་ནས་དེ་བཞིན་དུ་ཐར་པ་ཉེ་བར་སྒྲུབ་པ་ཉེ་བར་སྒྲུབ་བོ་ཞེས་གསུངས་པའོ། །བཤད་པ་ཕུན་སུམ་ཚོགས་པ་དེ་ཡང་ཤེས་པ་ཕུན་སུམ་ཚོགས་པ་དང༌། ངག་ཕུན་སུམ་ཚོགས་པ་དང༌། སྨྲ་བ་པོ་ཕུན་སུམ་ཚོགས་པ་དང་རྣམ་པ་གསུམ་གྱིས་ཡོངས་སུ་བསྟན་ཏོ། །ཤེས་པ་ཕུན་སུམ་ཚོགས་པ་དེ་ཡང་གང་ཞིག་ཤེས་པ་དང༌། གང་གི་དབང་དུ་བྱས་ནས་དེ་བསྟན་པས་སྟོན་པར་རིག་པར་བྱའོ། །ཅི་ཞིག་ཤེས་ནས་སྟོན་ཞེ་ན། ཡོངས་སུ་སྨིན་པར་གྱུར་པས་རྣམ་པར་གྲོལ་བའི་སྣོད་ཉིད་དང༌། འདུལ་བས་རྣམ་པར་གྲོལ་བའི་རང་བཞིན་དང་ཐེག་པ་གསུམ་ཐ་དད་པས་རྣམ་པར་གྲོལ་བ་རབ་ཏུ་དབྱེ་བ་སྟེ། གང་གི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། སེམས་ཅན་གདུལ་བ་དང༌། ཉན་ཐོས་ཀྱི་ཐེག་པ་བསྟན་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་བསྟན་པ་དང༌། བྱང་ཆུབ་སེམས་དཔའི་ཐེག་པ་བསྟན་པ་དང༌། དེ་བཞིན་གཤེགས་པའི་ས་བསྟན་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པའོ། །གང་གི་དབང་དུ་བྱས་ནས་སྟོན་ཞེ་ན། གཉེན་པོ་བསྟན་པའི་སྣོད་ཉིད་དེ། གདུལ་བྱའི་སྣོད་ལ་བརྟགས་ནས་གཉེན་པོ་སྟོན་ཞེས་བྱ་བའི་ཐ་ཆིག་སྟེ། ཚིག་གཉིས་དང༌། དབང་པོ་དང༌། མོས་པ་དང་མཐུན་པར་ཆོས་སྟོན་པས་ཆོས་སྟོན་པའི་སྣོད་ནི་ཚིག་གཉིས་ཀྱིས་སྟོན་ཏེ། གང་གི་ཕྱིར་དེ་དེ་ལྟར་ཤེས་ནས་སེམས་ཅན་རྣམས་ལ་དེ་ཁོ་ན་བཞིན་དུ་ཆོས་སྟོན་ཏེ། བསམ་པ་ཇི་ལྟ་བ་རྣམ་པར་དབྱེ་བ་དང༌། བག་ལ་ཉལ་ཇི་ལྟ་བ་རྣམ་པར་དབྱེ་བ་དང༌། དབང་པོ་ཇི་ལྟ་བ་རྣམ་པར་དབྱེ་བ་དང༌། མོས་པ་ཇི་ལྟ་བ་རྣམ་པར་དབྱེ་བ་ཞེས་གསུངས་པའོ། །དཔེ་ཇི་ལྟ་བུ་ཞེ་ན། ཉེ་བར་སྒྲུབ་པའི་སྣོད་ཉིད་ནི་གང་གི་ཕྱིར། སྤྱོད་ཡུལ་ཇི་ལྟ་བ་བཞིན་དབྱེ་བ་ཤེས་པ་ཉེ་བར་སྒྲུབ་པ་ཞེས་གསུངས་པའོ། །རྣམ་གྲངས་ཇི་ལྟ་བུའི་སྣོད་


DTG113_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནི་གང་གི་ཕྱིར། སྤྱོད་ཡུལ་ཐམས་ཅད་ཤེས་པ་ཁོང་དུ་ཆུད་པར་བྱ་བ་ཞེས་གསུངས་པའོ། །ཇི་སྙེད་ཐོབ་པའི་སྣོད་ཉིད་ནི་གང་གི་ཕྱིར། ཁམས་ཀྱི་ཐིབས་པོ་ཇི་ལྟ་བ་བཞིན་དུ་ཉེ་བར་སྤྱོད་པ་དང་ལྡན་པ་ཞེས་གསུངས་པའོ། །སྐྱེ་བ་དེར་ཉོན་མོངས་པ་དང༌། ལས་ཀྱི་བག་ཆགས་འདྲ་བས་ཚིག་གཟུང་བར་འོས་པ་ཉིད་ནི་གང་གི་ཕྱིར། སྐྱེ་བར་ཉོན་མོངས་པ་དང་ལས་ཀྱི་བག་ཆགས་ཇི་ལྟ་བ་བཞིན་དུ་རྗེས་སུ་འཇུག་པ་ཞེས་གསུངས་པའོ། །ངེས་པ་དང་མ་ངེས་པའི་དབང་པོ་རྣམ་པར་བཟློག་པ་ནི་གང་གི་ཕྱིར། ཚོགས་ཇི་ལྟ་བུ་ལ་གནས་པ་ཁོང་དུ་ཆུད་པར་བྱ་བ་ཞེས་གསུངས་པའོ། །ཐེག་པ་ཇི་ལྟ་བུས་ངེས་པར་འབྱིན་པའི་སྣོད་ཉིད་ནི་གང་གི་ཕྱིར། ཐེག་པ་ཇི་ལྟ་བུ་ལ་མོས་པའི་རྣམ་པར་གྲོལ་བ་ཐོབ་པར་བྱ་བ་ཆོས་སྟོན་ཏོ་ཞེས་གསུངས་པའོ། །བྱང་ཆུབ་སེམས་དཔའི་ས་ལེགས་པའི་བློ་གྲོས་ཅན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཆོས་སྨྲ་བ་ཆེན་པོ་བྱེད་ཅིང༌། དེ་བཞིན་གཤེགས་པའི་ཆོས་ཀྱི་མཛོད་བསྲུང་ངོ་ཞེས་བྱ་བས་ནི་འཆད་པ་པོ་ཉིད་དང༌། འཛིན་པ་པོ་ཉིད་དུ་ཡོངས་སུ་སྟོན་ཏོ། །དེ་ཆོས་སྨྲ་བའི་ཚུལ་དང་ལྡན་པ་ཞེས་བྱ་བ་ནི་རྣམ་པ་ཉི་ཤུས་གཏམ་བརྗོད་པའོ། །ཇི་ལྟ་བུ་ཞེ་ན། དུས་དང༌། གུས་པར་བྱེད་པ་དང༌། གོ་རིམས་དང༌། མཚམས་སྦྱར་བ་དང༌། མཐུན་པར་ལྡན་པ་དང༌། དགའ་བར་བྱེད་པ་དང༌། མོས་པར་བྱེད་པ་དང༌། ཚིམ་པར་བྱེད་པ་དང༌། བརྟུན་ངས་པར་མི་བྱེད་པ་དང༌། གཡེལ་བར་མི་བྱེད་པ་དང༌། རིགས་པ་དང་མཐུན་པ་དང༌། མ་འདྲེས་པ་དང༌། ཆོས་དང་ལྡན་པ་དང༌། འཁོར་ཇི་ལྟ་བ་དང༌། བྱམས་བའི་སེམས་དང་ལྡན་པ་དང༌། ཕན་པའི་སེམས་དང་ལྡན་པ་དང༌། སྙིང་རྗེའི་སེམས་དང་ལྡན་པ་དང༌། རྙེད་པ་དང༌། བཀུར་སྟི་དང༌། ཚིགས་སུ་བཅད་པ་རྣམས་ལ་མི་གནས་པ་དང༌། བདག་ལ་མི་སྟོད་ཅིང་གཞན་ལ་མི་སྨོད་པའོ། །དེ་ལ་དུས་ནི་མི་ཁོམ་པ་བརྒྱད་དང་མ་འབྲེལ་ཞེས་བྱ་བའི་ཐ་ཚིག་སྟེ། དཔེར་ན། མྱ་ངན་གྱིས་གདུངས་རིམས་བཏབ་འཁྲུགས་པ་ཡུལ་ལ་མངོན་ཕྱོགས་རྣམ་པར་ཉམ་ངར་གནས། །སྒོ་བ་མེད་ཅིང་སྲུང་མ་མེད་དང་ཕྲ་མ་ཞུགས་དང་སྒྲུབ་པ་མེད་པ་ཡི། །རྒྱལ་པོ་ལ་ནི་ཡུལ་དུས་ཤེས་པ་ཇི་ལྟར་རང་དོན་བརྗོད་པ་མི་འདོད་


DTG113_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། །སེམས་ཀྱི་རྒྱལ་པོ་མི་ཁོམ་བརྒྱད་དང་འབྲེལ་པ་ལ་ཡང་ཚུལ་ནི་དེ་ཉིད་དོ། །ཞེས་བཤད་པ་ལྟ་བུའོ། །གུས་པར་བྱེད་ཅེས་བྱ་བ་ནི་མཐུན་པའི་སྤྱོད་ལམ་གྱིས་གནས་པ་ལ་ཡིན་གྱི། མི་མཐུན་པས་མ་ཡིན་ཏེ། ཇི་ལྟ་བུ་ཞེ་ན། མིན་བར་འདུག་པ་འགྲེང་སྟེ། ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་སོ་སོར་ཐར་པའི་མདོ་ལས་བསླབ་པའི་ཆོས་རྣམས་ཀྱི་ནང་ནས་ཇི་ལྟར་རྒྱ་ཆེར་འབྱུང་བ་དེ་ལྟར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་གཙོ་བོར་མཛད་པའི་ཕྱིར་ཏེ། ཆོས་ལ་གུས་པར་བྱས་ན་གཞན་དག་ཀྱང་ཆོས་ལ་ཤིན་ཏུ་གུས་པ་སྐྱེ་བའོ། །ཉན་པ་དག་ཀྱང་གུས་པ་སྐྱེ་བར་འགྱུར་གྱི། བརྙས་པ་སྐྱེ་བར་མི་འགྱུར་རོ། །དེ་ལྟར་གུས་པར་བྱས་ནས་སྟོན་པ་དེ་ཆོས་ལ་སེར་སྣ་བྱེད་པའི་དྲི་མ་མེད་པས་ཐམས་ཅད་ལ་ཐམས་ཅད་སྟོན་ཏོ། །སློབ་དཔོན་གྱིས་དཔེ་མཁྱུད་བྱེད་པས་རྒྱུན་ཆགས་སུ་སྟོན་ཏོ། །གོ་རིམས་ཞེས་བྱ་བ་ནི་ཚིག་དན་གྱི་གེ་གོ་རིམས་ཇི་ལྟ་བ་བཞིན་དུ་སྟོན་པའོ། །མཚམས་སྦྱར་བ་ཞེས་བྱ་བ་ནི་ཇི་ལྟར་ཚིག་དང་ཡི་གེ་གོ་རིམས་བཞིན་དུ་བསྟན་པའི་གོ་རིམས་བཞིན་དུ་དོན་རྣམ་པར་འབྱེད་པའོ། །མཐུན་པ་དང་ལྡན་པ་ཞེས་བྱ་བ་ནི་དོན་དང་ལྡན་པར་ཆོས་སྟོན་གྱི། དོན་དང་མི་ལྡན་པར་མ་ཡིན་ཏེ། དེ་ལ་དོན་ཉིད་སྟོན་གྱི་དོན་དང་མི་ལྡན་པ་མ་ཡིན་ནོ། །དགའ་བར་བྱེད་ཅེས་བྱ་བ་ནི་ཡང་དག་བར་བསྟན་པར་བྱ་བ་རྣམས་ལ་ཡང་དག་པར་སྟོན་ཏོ། །མོས་པར་བྱེད་ཅེས་བྱ་བ་ནི་ཡང་དག་པར་འཛིན་དུ་གཞུག་པར་བྱ་བ་རྣམས་ཡང་དག་པར་འཛིན་དུ་འཇུག་པའོ། །ཚིམ་པར་བྱེད་ཅེས་བྱ་བ་ནི་ཡང་དག་པར་གཟེངས་བསྟོད་པར་བྱ་བ་རྣམས་ཡང་དག་པར་གཟེངས་བསྟོད་པའོ། །བརྟུན་ངས་པར་མི་བྱེད་པ་དང་གཡེལ་བར་མི་བྱེད་ཅེས་བྱ་བ་རྣམ་པ་འདི་གཉིས་ཀྱིས་ནི་དགའ་བར་བྱ་བ་རྣམས་དགའ་བར་བྱེད་པའོ། །རིགས་པ་ཞེས་བྱ་བ་ནི་མངོན་སུམ་དང༌། རྗེས་སུ་དཔག་པ་དང༌། ཡིད་ཆེས་པའི་ལུང་གི་ཚད་མ་དང་ལྡན་པའི་གཏམ་ཟེར་བའོ། །མཐུན་པ་ཞེས་བྱ་བ་ནི་བདེ་འགྲོར་འགྲོ་བ་དང་རྗེས་སུ་མཐུན་པའོ། །མ་འདྲེས་པ་ཞེས་བྱ་བ་ནི་མ་འཁྲུགས་པ་གོ་སླ་བ་གཟིང་གཟིང་བ་མ་ཡིན་པའོ། །ཆོས་དང་ལྡན་པ་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་དང་ལྡན་


DTG113_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །འཁོར་ཇི་ལྟ་བ་ཞེས་བྱ་བ་ནི་བཞིའམ་བརྒྱང་དེ། གང་ལ་ཇི་ལྟར་གང་འོངས་པ་དེ་ལ་དེ་ལྟར་དེ་བརྗོད་པའོ། །རྣམ་པ་བཅོ་ལྔ་པོ་དེ་དག་གིས་ནི་བྱང་ཆུབ་སེམས་དཔའི་གཞན་གྱི་དོན་ཐམས་ཅད་དང་མཐུན་པའི་གཏམ་དུ་ཤེས་པར་བྱའོ། །དེའི་འོག་ཏུ་བྱམས་པའི་སེམས་དང་ལྡན་པ་ཞེས་བྱ་བ་ནི་གནོད་པ་བྱེད་པའི་སེམས་ཅན་རྣམས་ལ་བྱམས་པའི་སེམས་ཉིད་ཉེ་བར་གཞག་ནས་གཏམ་བརྗོད་པའོ། །ཕན་པའི་སེམས་དང་ལྡན་པ་ཞེས་བྱ་བ་ནི། ཉེ་བར་སྤྱད་པ་སྤྱོད་པའི་སེམས་ཅན་རྣམས་ཕན་པར་བྱ་བའི་སེམས་ཉིད་ཉེ་བར་གཞག་ནས་སོ། །སྙིང་བརྩེ་བའི་སེམས་དང་ལྡན་པ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་བས་རྒྱགས་པ་དང༌། སྲོ་ཤི་བའི་སེམས་ཅན་རྣམས་ལ་ཕན་པ་དང༌། བདེ་བ་དང་སྙིང་བརྩེ་བའི་སེམས་ཉིད་ཉེ་བར་གཞག་ནས་སོ། །རྙེད་པ་དང༌། བཀུར་སྟི་དང༌། ཚིགས་སུ་བཅད་པ་རྣམས་ལ་མི་གནས་པ་ཞེས་བྱ་བ་ནི་ཟང་ཟིང་མེད་པའི་སེམས་ཀྱིས་རྙེད་པ་དང༌། བཀུར་སྟི་དང༌། ཚིགས་སུ་བཅད་པ་ཐམས་ཅད་ལ་རེ་བ་མེད་པའོ། །བདག་ལ་མི་སྟོད་ཅིང་གཞན་ལ་མི་སྨོད་ཅེས་བྱ་བ་ནི་ང་རྒྱལ་དང༌། ཕྲག་དོག་གིས་ཀུན་ནས་དཀྲིས་པ་དང་བྲལ་བར་སེམས་ཅན་རྣམས་ལ་ཆོས་སྟོན་པ་སྟེ། རྣམ་པ་ལྔ་པོ་དེ་དག་གིས་ནི་བྱང་ཆུབ་སེམས་དཔའི་རང་གི་སེམས་ཡོངས་སུ་དག་པའི་གཏམ་དུ་ཤེས་པར་བྱའོ། །དེ་ལྟར་ན་རྣམ་པ་ཉི་ཤུས་གཏམ་བརྗོད་པས་ཆོས་སྨྲ་བའི་ཚུལ་དང་ལྡན་པ་ཡིན་ནོ། །དེ་ལ་ངག་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པས་མངོན་པར་བསྒྲུབས་པའི་ཚིག་གིས་ཆོས་སྟོན་པར་འགྱུར་ཏེ། གང་གི་ཕྱིར་ཤེས་པས་ས་ལ་མཁས་པ་ཚད་མེད་པ་དང་ལྡན་པས། བྱང་ཆུབ་སེམས་དཔའི་ཚིག་སོ་སོ་ཡང་དག་པར་རིག་པ་བཞིས་མངོན་པར་བསྒྲུབས་པས་ཆོས་སྟོན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་བཞི་མ་འདྲེས་པ་དག་འདི་ལྟ་སྟེ། ཆོས་སོ་སོ་ཡང་དག་པར་རིག་པ་དང༌། དོན་སོ་སོ་ཡང་དག་པར་རིག་པ་དང༌། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང༌། སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྟག་པར་རྒྱུན་དུ་འབྱུང་ངོ་ཞེས་གསུངས་པའོ། །མ་འདྲེས་པ་དེ་དག་ཅེས་བྱ་བ་ནི་ཐུན་མོང་མ་ཡིན་པ་རྣམས་སོ། །དེ་ལ་སོ་སོ་ཡང་དག་པར་རིག་པ་རྣམས་


DTG113_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡུལ་ནི་ཆོས་ཉིད་དང༌། ཆོས་ཉིད་སྤྱོད་ཡུལ་ཁོ་ན་དང༌། གོ་བར་བྱེད་པ་དང༌། གོ་བར་བྱེད་པ་སྒོ་དུ་མ་ཁོ་ནའོ། །དེ་ལ་ཆོས་ཉིད་ནི་གང་མཐའ་གཉིས་རྣམ་པར་སྤངས་པའི་རིགས་ཀྱིས་བསྡུས་པ་སྟེ། འདི་ལྟ་སྟེ་དཔེར་ན་གཟུགས་ཀྱི་མཚན་ཉིད་ནི་གཟུགས་སུ་རུང་བའོ་ཞེས་བྱ་བ་ལ་སོགས་པའོ། །ཆོས་ཉིད་སྤྱོད་ཡུལ་ཁོ་ན་རིགས་ཀྱིས་བསྡུས་པ་དེ་ཉིད་ཇི་ལྟར་ཤེས་པའི་ཡུལ་དུ་འགྱུར་བ་སྟེ། རིགས་ཀྱིས་བསྡུས་པ་དེ་ཇི་ལྟར་ཤེས་པའི་ཡུལ་དུ་འགྱུར་བའོ། །འདི་ལྟ་སྟེ་དཔེར་ན་གཟུགས་གང་ཞེ་ན། མིང་དང་གཟུགས་རྣམས་ཞེས་བྱ་བ་ལ་སོགས་པའོ། །གོ་བར་བྱེད་པ་ནི་ཇི་ལྟར་ཤེས་པའི་ཡུལ་དེ་ཉིད་བརྗོད་པས་གཞན་ཁོང་དུ་ཆུད་པར་བྱེད་པ་སྟེ། གཞན་དག་བརྗོད་པས་ཁོང་དུ་ཆུད་པར་བྱའོ། །གོ་བར་བྱེད་པ་སྒོ་དུ་མ་ཉིད་ནི་བརྗོད་པས་གཞན་ཁོང་དུ་ཆུད་པ་དེ་ཉིད་ཀྱི་རྣམ་གྲངས་ཚད་མེད་པ་ཤེས་པ་ཉིད་དོ། །དེ་དག་ནི་རྣམ་པ་བཅུར་རྣམ་པར་གནས་ཏེ། རང་གི་མཚན་ཉིད་ཀྱི་དབང་དུ་བྱས་པ་དང༌། སྤྱིའི་མཚན་ཉིད་དང༌། ཚུལ་གྱི་མཚན་ཉིད་དང༌། བསྟན་པའི་མཚན་ཉིད་དང༌། ཤེས་པའི་མཚན་ཉིད་དང༌། རྣམ་པར་བྱང་བའི་མཚན་ཉིད་རྣམ་པ་ལྔ་སྟེ། འདི་ལྟ་སྟེ་མངོན་པའི་ང་རྒྱལ་མེད་པའི་མཚན་ཉིད་དང༌། ཐེག་པ་དམན་པ་དང༌། གྱ་ནོམ་པའི་མཚན་ཉིད་དང༌། བྱང་ཆུབ་སེམས་དཔའི་སའི་མཚན་ཉིད་དང༌། དེ་བཞིན་གཤེགས་པའི་སའི་མཚན་ཉིད་དང༌། དེའི་མཛད་པ་སྒྲུབ་པའི་མཚན་ཉིད་དོ། །དེ་ལ་རང་གི་མཚན་ཉིད་ནི་རྣམ་པ་བཞི་སྟེ། རིགས་ཀྱི་རང་གི་མཚན་ཉིད་དང༌། སོ་སོའི་རང་གི་མཚན་ཉིད་དང༌། སྒྲ་ཇི་བཞིན་དུ་མིང་དུ་བགྲངས་པའི་མཚན་ཉིད་དང༌། མིང་དེའི་རབ་ཏུ་དབྱེ་བའི་རང་གི་མཚན་ཉིད་དེ་གང་གི་ཕྱིར། དེ་ཆོས་སོ་སོ་ཡང་དག་པར་རིག་པས་ཆོས་རྣམས་ཀྱི་རང་གི་མཚན་ཉིད་རབ་ཏུ་ཤེས་སོ། །དོན་སོ་སོ་ཡང་དག་པར་རིག་པས་ཆོས་རྣམས་ཀྱི་རྣམ་པར་དབྱེ་བ་རབ་ཏུ་ཤེས་སོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས་ཆོས་རྣམས་མ་འདྲེས་པར་བསྟན་པ་རབ་ཏུ་ཤེས་སོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པས་ཆོས་རྣམས་ཀྱི་མཐུན་པའི་རྒྱུན་རྒྱུན་མི་འཆད་པ་རབ་ཏུ་ཤེས་སོ་ཞེས་གསུངས་པའོ། །དེ་ལ་མ་འདྲེས་པར་བསྟན་པ་ནི་སུ་མིང་གོ་


DTG113_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་བ་དེ་ལ་དེ་ཉིད་ཀྱིས་སྟོན་གྱི་གཞན་གྱིས་མ་ཡིན་པའོ། །མཐུན་པའི་རྒྱུན་རྒྱུན་མི་འཆད་པ་ཞེས་བྱ་བ་ནི་རྣམ་གྲངས་དག་གི་རྒྱུན་ཟད་མི་ཤེས་པ་སྟེ། རྣམ་གྲངས་མང་པོས་དོན་དེ་ཉིད་བསྟན་པར་བྱ་བའི་ཕྱིར་རོ། །དེ་ལ་སྤྱིའི་མཚན་ཉིད་ཀྱང་རྣམ་པ་བཞི་སྟེ། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དང༌། འདུས་བྱས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དང༌། ཆོས་ཐམས་ཅད་ཀྱི་བཏགས་པའི་སྤྱིའི་མཚན་ཉིད་དང༌། བཏགས་པའི་བཏགས་པ་སྤྱིའི་མཚན་ཉིད་དེ་གང་གི་ཕྱིར། གཞན་ཡང་ཆོས་སོ་སོ་ཡང་དག་པར་རིག་པས་ཆོས་རྣམས་ཀྱི་དངོས་པོ་མེད་པའི་ལུས་རབ་ཏུ་ཤེས་སོ། །དོན་སོ་སོ་ཡང་དག་པར་རིག་པས་ཆོས་རྣམས་ཀྱི་འབྱུང་བ་དང་འཇིག་པ་རབ་ཏུ་ཤེས་སོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས་ཆོས་ཐམས་ཅད་ཀྱི་བཏགས་པ་རྒྱུན་འཆད་པ་མེད་པར་ཆོས་སྟོན་ཏོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པས་ཇི་ལྟར་བཏགས་པ་བཞིན་དུ་འཁྲུགས་པ་མེད་པར་མཐའ་ཡས་པས་ཆོས་སྟོན་ཏོ་ཞེས་གསུངས་པ་སྟེ། མི་རྟག་པ་ཉིད་ཀྱི་སྒོ་ནས་ཆོས་ལ་བདག་མེད་པ་ལ་འཇུག་པས་སྤྱིའི་མཚན་ཉིད་གཉིས་པས་ནི་སྔ་མ་ཤེས་པའི་ཡུལ་དུ་འགྱུར་རོ། །དེ་ལ་ཆོས་ཐམས་ཅད་ཀྱི་བཏགས་པ་རྒྱུན་འཆད་པ་མེད་པ་ཞེས་བྱ་བ་ནི་ཆོས་གཞན་གྱི་བཏགས་པའི་ཆོས་གཞན་ལ་མི་སྟོན་པའོ། །ཇི་ལྟར་བཏགས་པ་བཞིན་དུ་འཁྲུགས་པ་མེད་པ་ཞེས་བྱ་བ་ནི་རྣམ་གྲངས་གཞན་དག་གིས་སྔར་བཏགས་པ་དང་མི་འགལ་བའོ། །ཚུལ་གྱི་མཚན་ཉིད་ཀྱང་རྣམ་པ་བཞི་སྟེ། བྱུང་བའི་ཚུལ་གྱི་མཚན་ཉིད་དང༌། བྱུང་བ་དང་མ་བྱུང་བའི་ཚུལ་གྱི་མཚན་ཉིད་དང༌། བཏགས་པ་དང་རྫས་ཀྱི་ཚུལ་གྱི་མཚན་ཉིད་དང༌། བརྗོད་པའི་དངོས་པོའི་ཚུལ་གྱི་མཚན་ཉིད་དེ། གང་གི་ཕྱིར་གཞན་ཡང་ཆོས་སོ་སོ་ཡང་དག་པར་རིག་པས་ད་ལྟར་བྱུང་བའི་ཆོས་རྣམས་ཀྱི་རྣམ་པར་དབྱེ་བ་རབ་ཏུ་ཤེས་སོ། །དོན་སོ་སོ་ཡང་དག་པར་རིག་པས་འདས་པ་དང། མ་འོངས་པའི་ཆོས་རྣམས་ཀྱི་རྣམ་པར་དབྱེ་བ་རབ་ཏུ་ཤེས་སོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས་འདས་པ་དང༌། མ་འོངས་པ་དང་ད་ལྟར་བྱུང་བ་མ་འདྲེས་བར་ཆོས་སྟོན་ཏོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པས་དུས་རེ་རེ་ཞིང་ཆོས་སྣང་བ་མུ་མེད་པར་ཆོས་སྟོན་ཏོ་ཞེས་


DTG113_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་སྟེ། འདས་པ་དང་མ་འོངས་པ་ནི་ད་ལྟར་བྱུང་བའི་རིགས་སུ་གཏོགས་པའི་ཕྱིར། རིགས་དེས་བསྡུས་པར་རིག་པར་བྱའོ། །འདས་པ་དང་མ་འོངས་པ་ལ་ལྟོས་ནས། ད་ལྟར་བྱུང་བ་ལ་ད་ལྟར་བྱུང་བ་ཉིད་དུ་ཤེས་ཏེ། དེ་ལྟར་དེ་ནི་ཤེས་པའི་ཡུལ་ཡིན་ནོ། བརྗོད་པའི་དངོས་པོའི་ཚུལ་གྱི་མཚན་ཉིད་ནི་དུས་གསུམ་ལས་ལྷག་པ་མེད་པར་རིག་པར་བྱའོ། །ཆོས་ཀྱི་སྣང་བ་མུ་མེད་པ་ཞེས་བྱ་བ་ལ་སྣང་བ་ནི་རྣམ་གྲངས་སུ་རིག་པར་བྱའོ། །བསྟན་པའི་མཚན་ཉིད་ཀྱང་རྣམ་པ་བཞི་སྟེ། མདོ་ལ་སོགས་པ་བསྟན་པའི་མཚན་ཉིད་དང༌། དེའི་རྣམ་པར་བཤད་པ་བསྟན་པའི་མཚན་ཉིད་དང༌། རྗེས་སུ་མཐུན་པར་བསྟན་པའི་མཚན་ཉིད་དང༌། །འཚམ་པར་བསྟན་པའི་མཚན་ཉིད་དེ། གང་གི་ཕྱིར་གཞན་ཡང་ཆོས་སོ་སོ་ཡང་དག་པར་རིག་པས་ཆོས་རབ་ཏུ་དབྱེ་བ་རབ་ཏུ་ཤེས་སོ། །དོན་སོ་སོ་ཡང་དག་པར་རིག་པས་དོན་རབ་ཏུ་དབྱེ་བ་རབ་ཏུ་ཤེས་སོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས་སྒྲ་བཞིན་དུ་བསྟན་པས་ཆོས་སྟོན་ཏོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པས་བསམ་པ་ཇི་ལྟ་བ་བཞིན་དུ་ཤེས་པས་ཆོས་སྟོན་ཏོ་ཞེས་གསུངས་པའོ། །དེ་ལ་སྒྲ་བཞིན་དུ་བསྟན་པ་ནི་སྐད་ཇི་ལྟ་བ་བཞིན་དུ་བསྟན་པའོ། །བསམ་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ནི་གང་གི་བསམ་པ་ཇི་ལྟ་བ་དང༌། སུ་དཔེའི་རྣམ་གྲངས་ཇི་སྙེད་ཀྱིས་ཁོང་དུ་ཆུད་པར་འགྱུར་བའོ། །ཤེས་པའི་མཚན་ཉིད་ཀྱང་རྣམ་པ་བཞི་སྟེ། མངོན་སུམ་དུ་ཤེས་པ་དང༌། ལྐོག་ཏུ་གྱུར་པ་ཤེས་པ་དང༌། འཐོབ་པའི་ཐབས་ཤེས་པ་དང༌། འཐོབ་པ་ཤེས་པ་སྟེ། གང་གི་ཕྱིར་གཞན་ཡང་ཆོས་སོ་སོ་ཡང་དག་པར་རིག་པས་ཆོས་ཤེས་པས་རྣམ་པར་དབྱེ་བ་མ་འདྲེས་པ་ལ་མཁས་པ་རབ་ཏུ་ཤེས་སོ། །དོན་སོ་སོ་ཡང་དག་པར་རིག་པས་རྗེས་སུ་རྟོག་པའི་ཤེས་པས་དེ་བཞིན་དུ་རྣམ་པར་གཞག་པ་རབ་ཏུ་ཤེས་སོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས་ཀུན་རྫོབ་ཤེས་པས་སྟོན་པས་སྟོན་ཏེ། སྤོབས་པ་སོ་སོ་ཡང་དག་པར་རིག་པས་དོན་རྣམ་པར་ཤེས་པ་ལ་མཁས་པས་ཆོས་སྟོན་ཏོ་ཞེས་གསུངས་པའོ། །དེ་ལ་ཆོས་ཤེས་པས་རྣམ་པར་དབྱེ་བ་མ་འདྲེས་པ་ལ་མཁས་པ་ནི་ཆོས་ཤེས་པས་བདེན་པ་རྣམ་པར་དབྱེ་བ་ཕྱིན་ཅི་མ་ལོག་པ་ལ་


DTG113_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པའོ། །རྗེས་སུ་རྟོག་པའི་ཤེས་པས་དེ་བཞིན་དུ་རྣམ་པར་གཞག་པ་ནི་རྗེས་སུ་རྟོག་པའི་ཤེས་པས་འདི་ཇི་ལྟ་བ་དེ་བཞིན་དུ་གཞན་ཡང་དེ་བཞིན་དུ་རྣམ་པར་འཇོག་པའོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པས་དོན་དམ་པ་ཤེས་པ་ལ་མཁས་པ་ནི་རྣམ་གྲངས་མ་ནོར་བ་ལ་སྤོབས་པ་ཡིན་པར་རིག་པར་བྱའོ། །མངོན་པའི་ང་རྒྱལ་མེད་པའི་མཚན་ཉིད་ཀྱང་རྣམ་པ་བཞི་སྟེ། དོན་དམ་པའི་བདེན་པ་ལ་མངོན་པའི་ང་རྒྱལ་མེད་པ་དང༌། ཀུན་རྫོབ་ཀྱི་བདེན་པ་ལ་མངོན་པའི་ང་རྒྱལ་མེད་པ་དང༌། བསྟན་པ་སྙན་པ་ལ་མངོན་པའི་ང་རྒྱལ་མེད་པ་དང༌། བསྟན་པ་བླ་ན་མེད་པ་ལ་མངོན་པའི་ང་རྒྱལ་མེད་པ་སྟེ། གང་གི་ཕྱིར་གཞན་ཡང་ཆོས་སོ་སོ་ཡང་དག་པར་རིག་པས་ཆོས་ཚུལ་གཅིག་པ་མི་འཁྲུགས་པ་རབ་ཏུ་ཤེས་སོ། །དོན་སོ་སོ་ཡང་དག་པར་རིག་པས་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། བདེན་པ་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་ཁོང་དུ་ཆུད་པར་བྱ་བ་འཇུག་གོ །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས་འགྲོ་བ་ཐམས་ཅད་སྨོན་པའི་སྒྲ་དབྱངས་ཤིན་ཏུ་སྙན་པའི་ཡི་གེ་རྣམས་ཀྱིས་སྟོན་ཏོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པས་ཕྱི་ཕྱིར་ཞིང་སྣང་བ་མུ་མེད་པས་སྟོན་ཏོ་ཞེས་གསུངས་པའོ། །དེ་ལ་ཚུལ་གཅིག་པ་མི་འཁྲུགས་པ་ནི་བདག་ནི་བདག་མེད་པར་ཤེས་པར་བྱེད་དོ། །བདག་གི་བདག་མེད་པ་རྟོགས་པའོ་སྙམ་པ་ལ་སོགས་པས་ཆོས་ལ་བདག་མེད་པ་ལ་མི་འཁྲུགས་པའོ། །ཕུང་པོ་ལ་སོགས་པ་ལ་མཁས་པ་ནི་བདག་མེད་པར་རབ་ཏུ་རྟོགས་པར་འགྱུར་ཏེ། དེས་ན་དེ་ནི་ཤེས་པའི་ཡུལ་ཉིད་ཡིན་ནོ། །ཕུང་པོ་ལ་སོགས་པ་ལ་མཁས་པས་ནི། རིལ་པོ་གཅིག་པུའི་བདག་ཏུ་འཛིན་པ་དང༌། མི་འདྲ་བ་ལ་རྒྱུར་འཛིན་པ་དང༌། ཟ་བ་པོར་འཛིན་པ་དང༌། བྱེད་པ་པོར་འཛིན་པའི་གཉེན་པོར་གོ་རིམས་བཞིན་དུ་རིག་པར་བྱའོ། །ཐེག་པ་དམན་པ་དང༌། གྱ་ནོམ་པའི་མཚན་ཉིད་ཀྱང་རྣམ་པ་བཞི་སྟེ། དམིགས་པའི་མཚན་ཉིད་དང༌། རིགས་ཀྱི་མཚན་ཉིད་དང༌། རྣམ་པར་གྲོལ་བའི་མཚན་ཉིད་དང༌། ཡིད་ལ་བྱེད་པའི་མཚན་ཉིད་དེ་གང་གི་ཕྱིར། གཞན་ཡང་ཆོས་སོ་སོ་ཡང་དག་པར་རིག་པས་ཐེག་པ་གཅིག་ལ་ཡང་དག་པར་གཞོལ་བ་ཐ་དད་པ་མེད་པར་རབ་ཏུ་ཤེས་སོ།།


DTG113_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

དོན་སོ་སོ་ཡང་དག་པར་རིག་པས་ཐེག་པ་རབ་ཏུ་རྣམ་པར་ཕྱེ་བ་རྣམ་པ་ཐ་དད་པར་རབ་ཏུ་ཤེས་སོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས་ཐེག་པ་ཐམས་ཅད་ཐ་མི་དད་པར་སྟོན་ཏོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པས་ཐེག་པ་རེ་རེ་ལ་ཡང་ཆོས་ཀྱི་སྣང་བ་མུ་མེད་པར་སྟོན་ཏོ་ཞེས་གསུངས་པའོ། །དེ་ལ་ཡང་དག་པར་གཞོལ་བ་ཐ་དད་པ་མེད་པ་ནི་དམིགས་པ་ཐ་དད་པ་མེད་པ་ཉིད་དུ་རིག་པར་བྱའོ། །ཐེག་པ་ཐམས་ཅད་ཐ་མི་དད་པར་སྟོན་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་ཐུན་མོང་པས་ཅི་ནས་སྐྲག་པར་མི་བྱེད་པའོ། །ཆོས་ཀྱི་སྣང་བ་མུ་མེད་པ་ཞེས་བྱ་བ་ལ་སྣང་བ་ནི་རྣམ་གྲངས་སུ་རིག་པར་བྱ་སྟེ། ཇི་ལྟ་བུས་གདུལ་བྱ་རྣམས་ལ་ཐེག་པ་སོ་སོ་རྣམ་པར་གྲོལ་བ་ཐོབ་པར་བྱེད་པའི་ཚུལ་བཞིན་ཡིད་ལ་བྱེད་པ་རྣམ་པ་དུ་མ་རབ་ཏུ་འབྱུང་ངོ༌། །བྱང་ཆུབ་སེམས་དཔའི་སའི་མཚན་ཉིད་ཀྱང་རྣམ་པ་བཞི་སྟེ། མངོན་པར་རྫོགས་པར་རྟོགས་པའི་མཚན་ཉིད་དང༌། བསྟན་པའི་མཚན་ཉིད་དང༌། ཐབས་ཉེ་བར་སྒྲུབ་པའི་མཚན་ཉིད་དང༌། སྒོ་དུ་མ་ལ་འཛུད་པའི་མཚན་ཉིད་དེ། གང་གི་ཕྱིར་གཞན་ཡང་ཆོས་སོ་སོ་ཡང་དག་པར་རིག་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང༌། ཡེ་ཤེས་ཀྱི་སྤྱོད་པ་དང༌། ཆོས་ཀྱི་སྤྱོད་པ་ཐམས་ཅད་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པར་བྱ་བ་ཐམས་ཅད་ལ་འཇུག་གོ །དོན་སོ་སོ་ཡང་དག་པར་རིག་པས་ས་བཅུ་རྣམ་པར་དགོད་པ་དང༌། བསྟན་པ་རབ་ཏུ་རྣམ་པར་དབྱེ་བ་ལ་འཇུག་གོ །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས་ས་ཇི་ལྟ་བ་བཞིན་དུ་ལམ་ཉེ་བར་སྒྲུབ་པ་མ་འདྲེས་པར་སྟོན་ཏོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པས་རེ་རེ་ལ་ཡང་རྣམ་པ་མུ་མེད་པར་སྟོན་ཏོ་ཞེས་གསུངས་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་ཡེ་ཤེས་དང༌། ཆོས་ཀྱི་སྤྱོད་པ་གཉིས་ཀྱིས་སྟོན་ཏེ། དེ་ནི་ཡེ་ཤེས་དམིགས་པ་དང་བཅས་པ་སྨོས་པའི་ཕྱིར་རོ། །ས་བཅུ་རྣམ་པར་དགོད་པ་ནི་སེམས་ཀྱིས་སོ། །བསྟན་པ་ནི་ཚིག་གིས་ཡིན་པར་རིག་པར་བྱའོ། །ས་ཇི་ལྟ་བ་བཞིན་དུ་ལམ་ཉེ་བར་སྒྲུབ་པ་མ་འདྲེས་པར་སྟོན་ཏོ་ཞེས་བྱ་བ་ནི་གདམས་ངག་ཕྱིན་ཅི་མ་ལོག་པའོ། །དེ་བཞིན་གཤེགས་པའི་སའི་མཚན་ཉིད་ཀྱང་རྣམ་པ་བཞི་སྟེ། ཆོས་ཀྱི་སྐུའི་མཚན་ཉིད་དང༌། གཟུགས་ཀྱི་སྐུའི་


DTG113_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་དང༌། མངོན་པར་རྫོགས་པར་ཐུགས་སུ་ཆུད་པའི་མཚན་ཉིད་དང༌། བསྟན་པའི་མཚན་ཉིད་དེ་གང་གི་ཕྱིར། གཞན་ཡང་ཆོས་སོ་སོ་ཡང་དག་པར་རིག་པས་དེ་བཞིན་གཤེགས་པ་ཐམས་ཅད་མཚན་ཉིད་གཅིག་ཏུ་ཁོང་དུ་ཆུད་པར་བྱ་བ་ལ་འཇུག་གོ །དོན་སོ་སོ་ཡང་དག་པར་རིག་པས་དུས་དང༌། དངོས་པོ་དང་མཚན་རྣམ་པར་དབྱེ་བ་ཐ་དད་པ་ཁོང་དུ་ཆུད་པར་བྱ་བ་རབ་ཏུ་ཤེས་སོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས་ཇི་ལྟར་མངོན་པར་རྫོགས་པར་ཐུགས་སུ་ཆུད་པ་བཞིན་དུ་རྣམ་པར་དབྱེ་བ་བསྟན་པས་སྟོན་ཏོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པས་ཆོས་ཀྱི་ཚིག་རེ་རེ་ལ་ཡང་བསྐལ་པ་མཐའ་ཡས་པར་རྒྱུན་མི་འཆད་པར་སྟོན་ཏོ་ཞེས་གསུངས་པའོ། །དེ་ལ་དུས་ནི་བསྐལ་པ་གང་ལ་སངས་རྒྱས་གང་འབྱུང་བའོ། །དངོས་པོ་ནི་སངས་རྒྱས་ཀྱི་ཞིང་གང་ན་སྐུ་ཅི་འདྲ་བས་སོ། །མཚན་ནི་མིང་གང་གིས་གང་རྟོགས་པའོ། །ཇི་ལྟར་མངོན་པར་རྫོགས་པར་ཐུགས་སུ་ཆུད་པ་བཞིན་ཞེས་བྱ་བ་ནི་སངས་རྒྱས་བཅུའི་དབང་དུ་བྱས་ནས་གང་གིས་མངོན་པར་རྫོགས་པར་ཐུགས་སུ་ཆུད་པ་ཇི་ལྟ་བ་བཞིན་དུ་བསྟན་པར་བྱའོ། །མཛད་པའི་སྒྲུབ་པའི་མཚན་ཉིད་ཀྱང་རྣམ་པ་བཞི་སྟེ། མངོན་པར་རྫོགས་པར་རྟོགས་པའི་མཚན་ཉིད་དང༌། རྣམ་པར་གཞག་པའི་མཚན་ཉིད་དང༌། བསྟན་པའི་མཚན་ཉིད་དང༌། དེ་མི་ཟད་པའི་མཚན་ཉིད་དེ་གང་གི་ཕྱིར། གཞན་ཡང་ཆོས་སོ་སོ་ཡང་དག་པར་རིག་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་དང༌། སྟོབས་དང༌། མི་འཇིགས་པ་དང༌། སངས་རྒྱས་ཀྱི་ཆོས་དང༌། ཐུགས་རྗེ་ཆེན་པོ་དང༌། སོ་སོ་ཡང་དག་པར་རིག་པས་སྦྱོར་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བ་རབ་ཏུ་ཤེས་སོ། །དོན་སོ་སོ་ཡང་དག་པར་རིག་པས་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་དང༌། བསམ་པ་ཇི་ལྟ་བ་དང༌། དབང་པོ་ཇི་ལྟ་བ་དང༌། མོས་པ་ཇི་ལྟ་བ་བཞིན་གྱི་དེ་བཞིན་གཤེགས་པའི་གསུང་རབ་ཏུ་ཤེས་སོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་དང༌། མ་འདྲེས་པའི་དེ་བཞིན་གཤེགས་པའི་གསུངས་རྗེས་སུ་བསྒྲགས་པས་སྟོན་ཏོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པས་དེ་བཞིན་


DTG113_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་ཡེ་ཤེས་ཀྱི་སྣང་བ་སྤྱོད་པའི་དཀྱིལ་འཁོར་ལ་མོས་པས་ཆོས་སྟོན་ཏོ་ཞེས་གསུངས་པའོ། །དེ་ལ་གསུང་ནི་ཚིག་གང་གིས་སྟོན་པའོ། །སྟོབས་ནི་གང་ཐོབ་པས་སོ། །མི་འཇིགས་པ་ནི་གང་གིས་མུ་སྟེགས་ཅན་རྣམས་ཟིལ་གྱིས་གནོན་པའོ། །སངས་རྒྱས་ཀྱི་ཆོས་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་གང་དག་གིས་ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཟིལ་གྱིས་ནོན་པའོ། །ཐུགས་རྗེ་ཆེན་པོ་ནི་གང་གིས་ཤིན་ཏུ་སྟོན་པའོ། །སོ་སོ་ཡང་དག་པར་རིག་པས་སྦྱོར་བ་ནི་གང་ལ་བརྟེན་ནས་སྟོན་པའོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་འཆད་པའོ། །དེ་དག་ཐམས་ཅད་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བ་རབ་ཏུ་ཤེས་སོ། །བསམ་པ་ཇི་ལྟ་བ་ཞེས་བྱ་བ་ནི་འདིར་ཁམས་འདི་ལྟ་བུར་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྣང་བ་སྤྱོད་པའི་དཀྱིལ་འཁོར་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་སྟེ། དེ་ནི་སེམས་ཅན་གྱི་དོན་སྤྱོད་པས་སྤྱོད་པའོ། །ཐ་མི་དད་པས་དཀྱིལ་འཁོར་རོ། །དེ་ལ་མོས་པས་བྱང་ཆུབ་སེམས་དཔའི་སྤོབས་པ་ཟད་མི་ཤེས་པའོ། །དེ་ལ་སྨྲ་བ་པོ་ཕུན་སུམ་ཚོགས་པ་ནི་རྣམ་པ་བཞིས་ཡོངས་སུ་བསྟན་ཏེ། གཟུངས་ཕུན་སུམ་ཚོགས་པ་དང༌། རབ་ཏུ་སྟོན་པ་ཕུན་སུམ་ཚོགས་པ་དང༌། དྲིས་པ་ལན་འདེབས་པ་ཕུན་སུམ་ཚོགས་པ་དང༌། འཛིན་པ་ཕུན་སུམ་ཚོགས་པའོ། །དེ་ལ་གཟུངས་ཕུན་སུམ་ཚོགས་པ་ནི་གཟུངས་རྣམ་པ་བཅུ་སྟེ། དོན་གྱི་གཟུངས་ནི་གང་གི་ཕྱིར། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་དེ་ལྟ་བུ་ལ་མཁས་པ་བྱང་ཆུབ་སེམས་དཔའི་ས་དགུ་པ་ཐོབ་པ། དེ་བཞིན་གཤེགས་པའི་ཆོས་ཀྱི་མཛོད་ཐོབ་པ། ཆོས་སྨྲ་བ་ཆེན་པོ་བྱེད་པ་ནི་དོན་དང་ལྡན་པའི་གཟུངས་ཐོབ་པ་ཡིན་ཏེ་ཞེས་གསུངས་པའོ། །ཚིག་གི་གཟུངས་ནི་གང་གི་ཕྱིར། ཆོས་དང་ལྡན་པའི་གཟུངས་ཞེས་གསུངས་པའོ། །མངོན་པར་ཤེས་པའི་གཟུངས་ནི་གང་གི་ཕྱིར། ཡེ་ཤེས་མངོན་པར་བསྒྲུབ་པ་དང་ལྡན་པའི་གཟུངས་ཞེས་གསུངས་པའོ། །འོད་ཟེར་རབ་ཏུ་གཏོང་བའི་གཟུངས་ནི་གང་གི་ཕྱིར། སྣང་བ་དང་ལྡན་པའི་གཟུངས་ཞེས་གསུངས་པའོ། །ཕས་ཀྱི་རྒོལ་བ་ཚར་གཅོད་པའི་གཟུངས་ནི་གང་གི་


DTG113_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། བློ་གྲོས་བཟང་པོ་དང་ལྡན་པའི་གཟུངས་ཞེས་གསུངས་པའོ། །དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་བ་མི་འདོགས་པའི་སེམས་ཅན་ལ་ཕན་གདགས་པ་ཉེ་བར་སྒྲུབ་པའི་གཟུངས་ནི་གང་གི་ཕྱིར། ནོར་དང་ལྡན་པའི་གཟུངས་ཞེས་གསུངས་པའོ། །ཐེག་པ་ཆེན་པོ་ལ་ཞུམ་པའི་སེམས་ཅན་ཡང་དག་པར་གཟེངས་བསྟོད་པའི་གཟུངས་ནི་གང་གི་ཕྱིར། གཟི་བརྗིད་དང་ལྡན་པའི་གཟུངས་ཞེས་གསུངས་པའོ། །ཐོགས་པ་མེད་པ་སྤོབས་པའི་གཟུངས་ནི་གང་གི་ཕྱིར། ཆགས་པ་མེད་པའི་སྒོའི་གཟུངས་ཞེས་གསུངས་པའོ། །སྤོབས་པ་མི་ཟད་པའི་གཟུངས་ནི་གང་གི་ཕྱིར། མཐའ་ཡས་པ་དང་ལྡན་པའི་གཟུངས་ཞེས་གསུངས་པའོ། །དོན་སྣ་ཚོགས་ལ་སྤོབས་པའི་གཟུངས་ནི་གང་གི་ཕྱིར། དོན་སྣ་ཚོགས་ལ་སྤོབས་པའི་གཟུངས་ཐོབ་པ་ཡིན་ནོ་ཞེས་གསུངས་པའོ། །དེ་ལ་གཟུངས་ཀྱི་སྒོ་དེ་དག་ལ་སོགས་པ་གཟུངས་ཀྱི་སྒོ་གྲངས་མེད་པ་འབུམ་ཕྲག་བཅུ་ཚང་པ་ཐོབ་སྟེ། གཟུངས་ཀྱི་སྒོ་གྲངས་མེད་པ་འབུམ་ཕྲག་བཅུ་དང་ལྡན་པའི་སྒྲ་སྐད་ཀྱི་ཡན་ལག་ལ་མཁས་པས་དེ་སྙེད་དུ་ཚད་མེད་པ་དང་ལྡན་པའི་སྤོབས་པ་རྣམ་པར་ཕྱེ་བའི་སྒོས་ཆོས་སྟོན་ཏོ། །དེ་དེ་ལྟར་གཟུངས་ཀྱི་སྒོ་གྲངས་མེད་པ་འབུམ་ཕྲག་ཚད་མེད་པ་དག་གིས། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་དག་ལས་ཆོས་ཉན་ཅིང༌། ཐོས་ནས་ཀྱང་བརྗེད་པར་མི་བྱེད་དེ། ཇི་སྐད་ཐོས་པ་ཡང་ཚད་མེད་པར་རྣམ་པར་ཕྱེ་ནས་སྟོན་ཏོ། །དེ་དེ་བཞིན་གཤེགས་པ་གཅིག་ལས་གཟུངས་ཀྱི་སྒོ་གྲངས་མེད་པ་འབུམ་ཕྲག་བཅུས་ཆོས་ཀུན་ཆུབ་པར་བྱེད་དེ། དེ་བཞིན་གཤེགས་པ་གཅིག་ལས་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པ་མཐའ་ཡས་པ་དག་ལས་ཀྱང་དེ་བཞིན་ནོ། །དེ་སྨོན་པ་ཙམ་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ལས་ཆོས་ཀྱི་སྒོ་སྣང་བ་ཆེས་མང་དུ་ཡང་དག་པར་འཛིན་གྱི། ཉན་ཐོས་ཤིན་ཏུ་མང་དུ་ཐོས་པ་དང་ལྡན་པ། ཐོས་པ་འཛིན་པའི་གཟུངས་ཐོབ་པས་ནི་བསྐལ་པ་འབུམ་དུ་གཟུང་བའི་བྱིན་གྱི་རླབས་ཀྱིས་དེ་ལྟར་མི་ཟིན་ཏོ་ཞེས་བྱ་བ་ནི་སྨྲ་བ་པོ་ཕུན་སུམ་ཚོགས་པའོ། །རབ་ཏུ་སྟོན་པ་ཕུན་སུམ་ཚོགས་པ་ནི་གང་གི་ཕྱིར། དེ་དེ་ལྟ་བུའི་གཟུངས་ཐོབ་ཅིང་སྤོབས་པ་ཐོབ་པས་ཆོས་ཀྱི་གཏམ་བྱ་


DTG113_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར། འདུག་འདོད་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་བཀང་སྟེ། ཆོས་ཀྱི་སྟན་ལ་འདུག་ཅིང་བསམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཕྱེ་སྟེ་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེའི་ཆོས་ཀྱི་སྟན་ནི་དེ་བཞིན་གཤེགས་པ་དག་དང༌། བྱང་ཆུབ་སེམས་དཔའ་དབང་བསྐུར་བའི་ས་ཐོབ་པ་རྣམས་མ་གཏོགས་པར་ཐམས་ཅད་ལས་འཕགས་པ་སྣང་བ་ཚད་མེད་པ་དང་ལྡན་པ་ཡིན་ནོ། །དེ་ཆོས་ཀྱི་སྟན་ལ་འདུག་ནས། འདོད་ན་སྒྲ་སྐད་གཅིག་གིས་འཁོར་ཐམས་ཅད་གོ་བར་བྱེད་དོ། །འདོད་ན་སྒ་ཐ་དད་པ་དང༌། སྒྲ་སྐད་ཀྱི་ཡན་ལག་ཐ་དད་པ་རྣམ་པར་ཕྱེ་བ་རྣམས་ཀྱིས་གོ་བར་བྱེད་དོ། །འདོད་ན་འོད་ཟེར་གྱི་སྒོ་ཉེ་བར་སྒྲུབ་པ་ལས་ཆོས་ཀྱི་སྒོ་རྣམས་འབྱུང་བར་བྱེད་དོ། །འདོད་ན་སྤུའི་ཁུང་བུ་རྣམ་པར་དབྱེ་བ་ཐམས་ཅད་ནས་སྒྲ་སྐད་ཐམས་ཅད་འབྱུང་བར་བྱེད་དོ། །འདོད་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གཟུགས་སུ་སྣང་བ་ཇི་སྙེད་ཡོད་པའི་གཟུགས་སུ་སྣང་བ་དེ་དག་ཐམས་ཅད་ལས་ཆོས་ཀྱི་སྒྲ་འབྱུང་བར་བྱེད་དོ། །འདོད་ན་སྒྲ་སྐད་གཅིག་གིས་ཆོས་ཀྱི་དབྱིངས་ཐམས་ཅད་གོ་བར་བྱེད་དོ། །འདོད་ན་སྒྲ་སྐད་ཐམས་ཅད་ཀྱི་སྒྲར་བྱིན་གྱིས་བརླབ་པོ། །འདོད་ན་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡོད་པའི་གླུ་དང༌། རོལ་མོའི་སྒྲ་དང༌། སིལ་སྙན་གྱི་སྒྲ་ཐམས་ཅད་ལས་ཆོས་ཀྱི་སྒྲ་འབྱུང་བར་བྱེད་དོ། །འདོད་ན་ཡི་གེ་གཅིག་གི་སྒྲ་ལས་ཚིག་ཐམས་ཅད་རབ་ཏུ་ཕྱེ་བའི་སྒྲ་འབྱུང་བར་བྱེད་དོ། །འདོད་ན་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་ས་དང༌། ཆུ་དང༌། མེ་དང༌། རླུང་གི་ཕུང་པོ་ཚད་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་ཕྲ་རབ་ཏུ་ཕྱེ་བའི་རྡུལ་རེ་རེ་ལས་ཆོས་ཀྱི་སྒོ་བརྗོད་དུ་མེད་པ་འབྱུང་བར་བྱེད་དོ་ཞེས་གསུངས་པའོ། །དྲིས་པའི་ལན་འདེབས་པ་ཕུན་སུམ་ཚོགས་པ་ནི་གང་གི་ཕྱིར། གལ་ཏེ་སྟོང་གི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་རྣམས་ལྷགས་ཏེ། དེ་ལ་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་དྲི་བ་ཡོངས་སུ་འདྲི་ཞིང༌། དེ་དག་རེ་རེས་ཀྱང་སྒྲ་རྣམ་པ་ཐ་དད་པ་ཚད་མེད་པས་ཡོངས་སུ་དྲིས་ལ། གཅིག་གིས་གང་དྲིས་པ་དེ་གཉིས་པས་མ་ཡིན་ན་འང༌། བྱང་ཆུབ་སེམས་དཔའ་དེས་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ཉིད་ལ་ཐམས་ཅད་བཟུང་སྟེ། ཚིག་


DTG113_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བརྗོད་པས་ཐམས་ཅད་གོ་བར་བྱེད་དོ། །གལ་ཏེ་སྟོང་གཉིས་སུ་གཏོགས་པ་དང༌། སྟོང་གསུམ་དུ་གཏོགས་པ་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པར་གཏོགས་པའི་སེམས་ཅན་རྣམས་ལྷགས་ཏེ་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་དྲི་བ་ཡོངས་སུ་འདྲི་ཞིང༌། དེ་དག་རེ་རེས་ཀྱང་སྒྲ་རྣམ་པ་ཐ་དད་པ་ཚད་མེད་པས་ཡོངས་སུ་དྲིས་ལ། གཅིག་གིས་གང་དྲིས་པ་དེ་གཉིས་པས་མ་ཡིན་ནའང༌། བྱང་ཆུབ་སེམས་དཔའ་དེས་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ཉིད་ལ་ཐམས་ཅད་བཟུང་སྟེ། ཚིག་གཅིག་བརྗོད་པས་ཐམས་ཅད་གོ་བར་བྱེད་དོ། །ཆོས་ཀྱི་གཏམ་གྱི་ཕྱིར་འདུག་ནས་ཀྱང་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ལེན་ཅིང་སངས་རྒྱས་ཀྱི་མཛད་པ་མཐའ་དག་གིས་སེམས་ཅན་ཐམས་ཅད་ལ་ཉེ་བར་གནས་པ་ཡིན་ནོ་ཞེས་གསུངས་པའོ། །འཛིན་པ་ཕུན་སུམ་ཚོགས་པ་ནི་གང་གི་ཕྱིར། དེ་དེ་བས་ཀྱང་ཤེས་ཆེར་ཡེ་ཤེས་ཀྱི་སྣང་བ་འདི་ལྟ་བུ་རབ་ཏུ་འཛིན་པར་རྩོམ་སྟེ། གལ་ཏེ་སྐྲའི་རྩེ་མོའི་གོ་གཅིག་ལ་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་པ་དེ་སྙེད་ཀྱི་དེ་བཞིན་གཤེགས་པ་བཞུགས་ལ། དེ་སྙེད་དུ་ཚད་མེད་པའི་འཁོར་གྱི་དཀྱིལ་འཁོར་ན་ཆོས་སྟོན་ཅིང༌། དེ་བཞིན་གཤེགས་པ་དེ་དག་རེ་རེས་ཀྱང་དེ་སྙེད་དུ་ཚད་མེད་པའི་སེམས་ཅན་རྣམས་ལ་ཆོས་ཐ་དད་པ་སྟོན་ལ། སེམས་ཅན་གྱི་བསམ་པའི་རྒྱུ་རེ་རེ་ལ་ཡང་དེ་སྙེད་དུ་ཚད་མེད་པའི་ཆོས་ཉེ་བར་སྒྲུབ་པ་ཉེ་བར་སྒྲུབ་སྟེ། དེ་བཞིན་གཤེགས་པ་གཅིག་གིས་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དེ་བཞིན་ལ། སྐྲའི་རྩེ་མོའི་གོ་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ་ཆོས་ཀྱི་དབྱིངས་ཐམས་ཅད་ན་ཡང་དེ་བཞིན་ལ། དེར་བདག་གིས་ཅི་ནས་ཀྱང་སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐད་ནས་སྐད་ཅིག་ལས་ཐ་མི་དད་པའི་ཆོས་ཀྱི་སྣང་བ་ནོད་པ་དེ་ལྟ་བུའི་དྲན་པ་རྒྱ་ཆེན་པོ་བསྒྲུབ་པར་བྱ་ཞིང། ཇི་སྐད་བརྗོད་པའི་འཁོར་གྱི་དཀྱིལ་འཁོར་ཆོས་ཉན་པ་རིས་ཐ་དད་པ་རྣམས་ཀྱིས་ཡོངས་སུ་གང་བ། ཇི་སྙེད་པ་དེ་དག་ཏུ་ཡང་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ། སེམས་ཅན་ཐམས་ཅད་ཡོངས་སུ་ཚིམ་པར་བྱེད་ན། འཇིག་རྟེན་གྱི་ཁམས་དེ་ཙམ་དག་གི་སེམས་ཅན་རྣམས་ལྟ་སྨོས་


DTG113_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཅི་དགོས་པ་དེ་ལྟ་བུའི་ཤེས་རབ་ཀྱི་སྣང་བ་རྣམ་པར་ངེས་པའི་སྤོབས་པ་བདག་གིས་ཡོངས་སུ་སྦྱང་བར་བྱའོ་སྙམ་མོ་ཞེས་གསུངས་པའོ། །འདི་རྣམས་ནི་བརྡ་ཕྲད་པར་སླ་བས་རྣམ་པར་དབྱེ་བ་མ་བྱས་སོ། །ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །འཕགས་པ་ས་བཅུ་པ་ལས་ས་དགུ་པའི་རྣམ་པར་བཤད་པ་རྫོགས་སོ།། །།ས་དགུ་པ་ལ་ཞིང་ཡོངས་སུ་དག་པར་བྱ་བ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནས། ས་བཅུ་པ་ལ་ཤེས་བྱ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བ་སྒོམ་པ་ཡོངས་སུ་རྫོགས་པར་བྱེད་དེ། འདི་ནི་ཁྱད་པར་རོ། །དེ་ཡང་ཡོངས་སུ་སྦྱང་བ་བྱ་བའི་ས་ཡོངས་སུ་རྫོགས་པ་དང༌། ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་ཐོབ་པ་དང༌། དབང་བསྐུར་བ་ཐོབ་པ་དང༌། ཆེ་བ་ཉིད་མཐར་ཕྱིན་པར་སོང་བ་དང༌། སའི་ངེས་པའི་ཚིག་དང༌། མཐུ་བླ་ན་མེད་པ་དང༌། བླ་ན་ཡོད་པ་དང༌། སའི་དཔེ་དང༌། སའི་ཕན་ཡོན་དང༌། རྣམ་པ་བརྒྱད་ཀྱིས་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་ཡོངས་སུ་སྦྱང་བ་བྱས་པའི་ས་ཡོངས་སུ་རྫོགས་པ་ནི་ཤིན་ཏུ་རྣམ་པར་ཕྱེ་བ་རྣམ་པར་འབྱེད་པ་ཉིད་ཀྱིས་ས་དགུ་པོ་རྣམས་ཡོངས་སུ་རྫོགས་པར་རིག་པར་བྱ་སྟེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་དེ། དེ་ལྟར་ས་དགུ་པའི་བར་དུ་ཤེས་བྱ་ཚད་མེད་པ་ལ་རྣམ་པར་བརྟགས་པའི་བློས་ཞེས་གསུངས་པའོ། །ཤིན་ཏུ་རྣམ་པར་ཕྱེ་བ་རྣམ་པར་འབྱེད་པ་ཞེས་བྱ་བ་ལ་ཤིན་ཏུ་རྣམ་པར་ཕྱེ་བ་རྣམ་པར་འབྱེད་པ་ཉིད་དེ་ཡང་རྣམ་པ་བདུན་གྱིས་རབ་ཏུ་ཕྱེ་བ་སྟེ། ཤིན་ཏུ་བསྒོམས་པ་ནི་ཚིག་གསུམ་གྱིས་རབ་ཏུ་ཕྱེ་བ་སྟེ། གང་གི་ཕྱིར་ཆོས་དཀར་པོ་ཤིན་ཏུ་ཡོངས་སུ་རྫོགས་པ། ཚོགས་བསགས་པར་བྱ་བ་མཐའ་ཡས་པ་ཤིན་ཏུ་བསགས་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཤིན་ཏུ་ཡོངས་སུ་བཟུང་བ་ཞེས་གསུངས་པ་སྟེ། ཚིག་འདི་དག་ནི་བཤད་པའི་མཚམས་སྦྱར་བ་ཡིན་པར་རིག་པར་བྱའོ། །བདག་དང་གཞན་གྱི་དོན་ལ་ཞུགས་པའི་ཕྱིར་ཁྱབ་པས་རབ་ཏུ་ཕྱེ་བ་ནི་གང་གི་ཕྱིར། སྙིང་རྗེ་ཆེན་པོས་ཤིན་ཏུ་རྒྱས་པ་ཐོབ་པ་ཞེས་གསུངས་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པས་རབ་ཏུ་ཕྱེ་བ་ནི་གང་གི་ཕྱིར། འཇིག་རྟེན་གྱི་ཁམས་རྣམ་པར་དབྱེ་བ་རྣམ་པ་ཐ་དད་པ་ལ་མཁས་པ་ཞེས་


DTG113_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་རབ་ཏུ་ཕྱེ་བ་ནི་གང་གི་ཕྱིར། སེམས་ཅན་གྱི་ཁམས་ཀྱི་རྒྱུ་བ་ཐིབས་པོ་ལ་ཞུགས་པ་ཞེས་གསུངས་པའོ། །ཤིན་ཏུ་རིག་པ་ནི་གང་གི་ཕྱིར། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་འཇུག་པས་མཐུན་པར་གྱུར་བའི་འདུ་ཤེས་ཡིད་ལ་བྱེད་པ་ཞེས་གསུངས་ཏེ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ནི་དེ་བཞིན་ཉིད་དོ། །ཆོག་པར་མི་འཛིན་པས་རབ་ཏུ་ཕྱེ་བ་ནི་གང་གི་ཕྱིར། སྟོབས་དང༌། མི་འཇིགས་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་ལྷག་པར་དམིགས་པ་དང་ལྡན་པ་ཞེས་གསུངས་པའོ། །སའི་མཐར་ཐུག་པར་སོང་བས་རབ་ཏུ་ཕྱེ་བ་ནི་གང་གི་ཕྱིར། རྣམ་པ་ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ས་ལ་དབང་བསྐུར་བ་ཐོབ་པ་ཞེས་བྱའོ་ཞེས་གསུངས་པའོ། །དེ་ལྟར་ཡོངས་སུ་སྦྱང་བ་བྱ་བའི་ས་ཡོངས་སུ་རྫོགས་པས་ས་བཅུ་པ་རྣམ་པར་གཞག་པ་བསྟན་ནས། ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་ཐོབ་པས་སྟོན་ཏོ། །དེ་ལ་ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་ཐོབ་པ་ནི་ཏིང་ངེ་འཛིན་དྲི་མ་མེད་པ་འཁོར་དང་བཅས་པ་མངོན་དུ་གྱུར་བ་ཡིན་པར་རིག་པར་བྱ་སྟེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ཡེ་ཤེས་དེ་ལྟ་བུ་དང་ལྡན་ཞིང༌། དབང་བསྐུར་བའི་ས་ཐོབ་པ་དེ་ལ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དྲི་མ་མེད་པ་ཞེས་བྱ་བ་མངོན་དུ་འགྱུར་རོ་ཞེས་གསུངས་པ་སྟེ། ཉོན་མོངས་པ་རྒྱང་སྲིང་བར་བྱེད་པའི་དོན་གྱི་དྲི་མ་མེད་པའོ། །བསྒྲིབ་མི་དགོས་པར་མངོན་དུ་གྱུར་པས་མངོན་དུ་འགྱུར་བ་ཞེས་བྱའོ། །དེ་ཡང་ཏིང་ངེ་འཛིན་རྣམ་པ་དགུས་དྲི་མ་མེད་པ་ཉིད་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། ལྡེམ་པོ་ངག་ལ་འཇུག་པ་དྲི་མ་མེད་པ་ཉིད་ནི་གང་གི་ཕྱིར། ཆོས་ཀྱི་དབྱིངས་རྣམ་པར་དབྱེ་བ་ལ་འཇུག་པ་ཞེས་བྱ་བ་ཞེས་གསུངས་པའོ། །ཉེ་བ་དྲི་མ་མེད་པ་ཉིད་ནི་གང་གི་ཕྱིར། བྱང་ཆུབ་ཀྱི་སྙིང་པོའི་རྒྱན་གྱི་ཚོགས་ཅན་ཞེས་བྱ་བ་ཞེས་གསུངས་པའོ། །འོད་ཟེར་རབ་ཏུ་གཏོང་བ་དྲི་མ་མེད་པ་ཉིད་ནི་གང་གི་ཕྱིར། འོད་ཟེར་རྣམ་པ་ཐམས་ཅད་ཀྱི་མེ་ཏོག་ཅེས་བྱ་བ་ཞེས་གསུངས་པའོ། །གཟུང་མེད་པ་ཉིད་ནི་གང་གི་ཕྱིར། རྒྱ་མཚོའི་སྙིང་པོ་ལྟ་བུ་ཅན་ཞེས་བྱ་བ་ཞེས་གསུངས་པའོ། །མངོན་པར་ཤེས་པ་མངོན་པར་བསྒྲུབ་པ་དྲི་མ་མེད་པ་ནི་གང་གི་ཕྱིར། རྒྱ་


DTG113_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ལྟ་བུར་འབྱོར་བ་ཞེས་བྱ་བ་ཞེས་གསུངས་པའོ། །ཞིང་ཡོངས་སུ་དག་པར་བྱེད་པ་དྲི་མ་མེད་པ་ཉིད་ནི་མཐའ་ཡས་པ་དང༌། དེ་ཁོ་ན་ལ་དམིགས་པའི་ཚིག་གཉིས་ཀྱིས་སྟོན་ཏེ། གང་གི་ཕྱིར་ན་མ་མཁའི་ཁམས་ལྟར་རྒྱས་པ་ཞེས་བྱ་བ་དང༌། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རྣམ་པར་འབྱེད་པ་ཞེས་བྱ་བ་ཞེས་གསུངས་པའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་དྲི་མ་མེད་པ་ཉིད་ནི་གང་གི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྗེས་སུ་རྟོགས་པ་ཞེས་བྱ་བ་ཞེས་གསུངས་པའོ། །ད་ལྟར་གྱི་སངས་རྒྱས་ཐམས་ཅད་གཞན་དང༌། གཞན་མངོན་པར་རྫོགས་པར་བྱང་ཆུབ་པ་མངོན་དུ་གྱུར་པ་ཤེས་པས་མངོན་པར་རྫོགས་པར་རྟོགས་པ་དྲི་མ་མེད་པ་ནི་གང་གི་ཕྱིར། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་མངོན་སུམ་དུ་བཞུགས་པ་མངོན་དུ་འགྱུར་ཏེ་ཞེས་གསུངས་པའོ། །དེ་དག་ལ་སོགས་པ་ཏིང་ངེ་འཛིན་གྲངས་མེད་པ་འབུམ་ཕྲག་བཅུ་དེ་ལ་མངོན་དུ་འགྱུར་རོ། །དེ་ཏིང་ངེ་འཛིན་དེ་དག་ཐམས་ཅད་ལ་སྙོམས་པར་འཇུག་ཅིང་ལྡང་ངོ༌། །ཏིང་ངེ་འཛིན་ལ་མཁས་པ་དང་ལྡན་པ་ཡང་ཡིན་ཏེ། ཏིང་ངེ་འཛིན་གྱི་བྱ་བ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་ཉམས་སུ་མྱོང་ངོ༌། །དེ་ལ་ཏིང་ངེ་འཛིན་གྲངས་མེད་པ་འབུམ་ཕྲག་བཅུ་ནི་སྙེད་པའི་ཐ་མ་ལ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱད་པར་དབང་བསྐུར་བ་དང་ལྡན་པ་ཞེས་བྱ་བ་མངོན་དུ་འགྱུར་ཏེ་ཞེས་བྱ་བ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱད་པར་མེད་པར་དབང་བསྐུར་བ་དང་ལྡན་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་མཉམ་པ་ཉིད་དུ་དབང་བསྐུར་བ་དང་ལྡན་པ་སྟེ། ཏིང་ངེ་འཛིན་གྱི་བྱ་བ་ཇི་སྙེད་པ་ཉམས་སུ་མྱོང་བས་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་སྟོན་ཏོ། །དེ་ལྟར་ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་ཐོབ་པས་ས་རྣམ་པར་གཞག་པ་བསྟན་ནས་དབང་བསྐུར་བ་ཐོབ་པས་སྟོན་ཏོ། །དེ་ལ་དབང་བསྐུར་བ་ཐོབ་པ་ནི་སྟན་གང་དང༌། ལུས་ཀྱི་ཚད་ནི་ཇི་ཙམ་པ་དང༌། འཁོར་གང་དང༌། མཚན་མ་གང་བྱུང་བར་གྱུར་བ་དང༌། གང་གིས་ཇི་ལྟར་དབང་བསྐུར་བ་དེ་སྟོན་པར་རིག་པར་བྱའོ། །དེ་ལ་སྟན་གྱི་མཚན་ཉིད་ནི་རྣམ་པ་བཅུ་སྟེ། ཚད་ཀྱི་མཚན་ཉིད་ནི་གང་གི་ཕྱིར། དེ་མངོན་དུ་གྱུར་མ་ཐག་ཏུ་


DTG113_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གསུམ་འབུམ་ཕྲག་བཅུའི་གཏོས་དང་མཉམ་པའི་ཞེས་གསུངས་པའོ། །མཆོག་གི་རང་བཞིན་གྱི་བདག་པོ་དང་འབྲེལ་བའི་མཚན་ཉིད་ནི་གང་གི་ཕྱིར། རིན་པོ་ཆེ་ཆེན་པོའི་རྒྱལ་པོའི་པདྨ་འབྱུང་བར་འགྱུར་ཏེ་ཞེས་གསུངས་པའོ། །མཆོག་གི་རང་བཞིན་གྱི་ཁྱད་པར་གྱི་མཚན་ཉིད་ནི་གང་གི་ཕྱིར། རིན་པོ་ཆེའི་རྣམ་པ་ཐམས་ཅད་ཀྱིས་སྤྲས་པ་ཞེས་གསུངས་པའོ། །སའི་མཚན་ཉིད་ནི་གང་གི་ཕྱིར། འཇིག་རྟེན་གྱི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ་ཞེས་གསུངས་པའོ། །རྒྱུའི་མཚན་ཉིད་ནི་གང་གི་ཕྱིར། འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ལས་བྱུང་བ་ཞེས་གསུངས་པའོ། །གྲུབ་པའི་མཚན་ཉིད་ནི་གང་གི་ཕྱིར། སྒྱུ་མའི་རང་བཞིན་གྱི་སྤྱོད་ཡུལ་དུ་ཡོངས་སུ་གྲུབ་པ་ཞེས་གསུངས་པའོ། །དོན་དམ་པའི་མཚན་ཉིད་ནི་གང་གི་ཕྱིར། ཆོས་ཀྱི་དབྱིངས་ལ་ཤིན་ཏུ་གནས་པར་སྣང་བ་ཞེས་གསུངས་པ་སྟེ། ཤིན་ཏུ་གནས་པ་ནི་ལེགས་པར་གནས་པའོ། །ལྷའི་དྲི་བསུང་ལས་ཡང་དག་པར་འདས་པས་ཡོན་ཏན་གྱི་མཚན་ཉིད་ནི་གང་གི་ཕྱིར། ལྷའི་ཡུལ་ལས་ཡང་དག་པར་འདས་པ་ཞེས་གསུངས་པའོ། །ཆུ་བ་དང་སྙིང་པོ་ལ་སོགས་པ་རང་བཞིན་གྱི་མཚན་ཉིད་ནི་གང་གི་ཕྱིར། ནོར་བུ་རིན་པོ་ཆེ་བཻ་ཌཱུཪྻ་ཆེན་པོའི་ཆུ་བ་ཅན། ཙནྡན་གྱི་རྒྱལ་པོ་མཚུངས་པ་མེད་པའི་སྙིང་པོ་ཅན། རྡོ་རྗེའི་སྙིང་པོ་ཆེན་པོའི་ཟེ་བ་ཅན། འཛམ་བུའི་ཆུའི་གསེར་ལྟར་སྣང་བའི་ལོ་མ་ཅན། འོད་ཟེར་དཔག་ཏུ་མེད་པས་རྒྱས་པའི་ལུས་ཅན་ཞེས་གསུངས་པའོ། །རྒྱན་གྱི་མཚན་ཉིད་ནི་གང་གི་ཕྱིར། རིན་པོ་ཆེ་ཐམས་ཅད་ཀྱིས་ནང་རབ་ཏུ་སྤྲས་པ། རིན་པོ་ཆེའི་དྲ་བ་མུ་མེད་པས་ཀུན་ནས་ཡོག་པ། སྟོང་གསུམ་འབུམ་ཕྲག་བཅུ་ཚང་བའི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙད་ཀྱི་པདྨའི་འཁོར་དང་ལྡན་པ་ཞེས་གསུངས་པའོ། །ལུས་ཀྱི་ཚད་ཅི་ཙམ་ལ་ཞེ་ན། སྟེན་གྱི་རྐྱེན་དུ་བབ་པའི་ལུས་ཀྱི་དབྱིབས་ལ་སྟེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་དེའི་ལུས་ཀྱང་དེ་དང་འཚམ་ཞིང༌། དེའི་རྐྱེན་དུ་བབ་པར་གནས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱད་པར་མེད་པར་དབང་བསྐུར་བ་དང་ལྡན་པའི་ཏིང་ངེ་འཛིན་དེ་ཐོབ་མ་ཐག་དུ་རིན་པོ་ཆེ་ཆེན་པོའི་རྒྱལ་པོའི་པདྨའི་སྟན་དེ་ལ་འདུག་པར་ཀུན་དུ་སྣང་ངོ་ཞེས་གསུངས་པའོ། །འཁོར་གང་གི་ནང་དུ་ཞེན། རིན་པོ་ཆེ་ཆེན་


DTG113_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྒྱལ་པོའི་པདྨའི་སྟན་དེའི་འཁོར་གྱི་པདྨ་ལ་འདུག་པའི་བྱང་ཆུབ་སེམས་དཔའི་འཁོར་གྱི་ནང་དུ་སྟེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་དེ་རིན་པོ་ཆེ་ཆེན་པོའི་རྒྱལ་པོའི་པདྨ་དེ་ལ་འདུག་མ་ཐག་ཏུ་དེ་ནས་རིན་པོ་ཆེ་ཆེན་པོའི་རྒྱལ་པོའི་པདྨའི་འཁོར་རིན་པོ་ཆེ་ཆེན་པོའི་པདྨ་ཇི་སྙེད་བྱུང་བ་དེ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་དག་གིས་བྱང་ཆུབ་སེམས་དཔའ་དེ་བསྐོར་ནས་རིན་པོ་ཆེ་ཆེན་པོའི་པདྨ་དེ་དག་ཀྱང་ཕན་འདོགས་པའི་ལས་ཅན་པདྨ་དེ་དག་ལ་འཁོད་པར་སྣང་སྟེ། བྱང་ཆུབ་སེམས་དཔའ་དེ་ཉིད་ལ་ལྟ་ཞིང༌། དེ་དག་རེ་རེ་ཡང་ཏིང་ངེ་འཛིན་འབུམ་ཕྲག་བཅུ་བཅུ་ལ་སྙོམས་པར་འཇུག་གོ་ཞེས་གསུངས་པའོ། །མཚན་མ་གང་བྱུང་བར་གྱུར་ན་ཞེས་བྱ་བ་ནི་འོད་ཟེར་བྱུང་བ་སྟེ། དེ་དག་ཀྱང་ཕན་འདོགས་པའི་ལས་ཅན་དང༌། སྦྲོན་པའི་ལས་ཅན་དང༌། འགུགས་པའི་ལས་ཅན་ཏེ། ལས་གསུམ་དང་ལྡན་པར་རིག་པར་བྱ་སྟེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་དེ་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་མཉམ་པར་གཞག་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་གཡོ་བར་འགྱུར་རོ། །ངན་སོང་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །ཆོས་ཀྱི་དབྱིངས་ཐམས་ཅད་སྣང་བས་རྒྱས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་དག་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་མིང་གི་སྒྲ་གྲག་པར་འགྱུར་རོ། །སྤྱོད་པ་མཐུན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་འདུ་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ལྷ་དང༌། མིའི་རོལ་མོ་གླུ་དང༌། རོལ་མོའི་སྒྲ་དང༌། སིལ་སྙན་གྱི་སྒྲ་འབྱུང་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་བདེ་བ་སྐྱེ་པར་འགྱུར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་མཆོད་པ་དང༌། རིམ་གྲོ་བྱ་བ་བསམ་གྱིས་མི་ཁྱབ་པ་བྱེད་པ་འབྱུང་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་གྱིས་ཀྱང་རྣམ་པར་རིག་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་འདི་ལྟར་བྱང་ཆུབ་སེམས་དཔའ་དེ་རིན་པོ་ཆེ་ཆེན་པོའི་རྒྱལ་པོའི་པདྨའི་གདན་དེ་ལ་འདུག་མ་ཐག་ཏུ་རྐང་པའི་འོག་གི་མཐིལ་གཉིས་ནས་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་འབྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུའི་སེམས་ཅན་དམྱལ་བ་


DTG113_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་མནར་མེད་པ་ཡན་ཆད་སྣང་བར་བྱེད་དོ། །སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་ཀྱང་རྒྱུན་ཆད་པར་བྱེད་དོ། །ཕུས་མོ་གཉིས་ནས་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་འབྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུའི་དུད་འགྲོའི་སྐྱེ་གནས་པའི་གནས་ཐམས་ཅད་སྣང་བར་བྱེད་དོ། །དུད་འགྲོའི་སྐྱེ་གནས་ཀྱི་སྡུག་བསྔལ་ཀྱང་རབ་ཏུ་ཞི་བར་བྱེད་དོ། །ལྟེ་བ་ཁུང་ནས་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་འབྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུའི་གཤིན་རྗེའི་འཇིག་རྟེན་གྱི་གནས་ཐམས་ཅད་སྣང་བར་བྱེད་དོ། །གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་ཀྱང་རབ་ཏུ་ཞི་བར་བྱེད་དོ། །རྩིབ་ལོགས་གཡས་གཡོན་ནས་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་འབྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུའི་མིའི་གནས་རྣམས་སྣང་བར་བྱེད་དོ། །མིའི་སྡུག་བསྔལ་རྣམས་ཀྱང་རབ་ཏུ་ཞི་བར་བྱེད་དོ། །ལག་པའི་མཐིལ་གཉིས་ནས་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་འབྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུའི་ལྷ་དང་ལྷ་མ་ཡིན་གྱི་གནས་རྣམས་སྣང་བར་བྱེད་དོ། །ལྷ་དང་ལྷ་མ་ཡིན་གྱི་སྡུག་བསྔལ་རྣམས་ཀྱང་རབ་ཏུ་ཞི་བར་བྱེད་དོ། །ཕྲག་པ་གཉིས་ནས་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་འབྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུའི་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་གནས་སྣང་བར་བྱེད་དོ། །ཆོས་སྣང་བའི་སྒོ་ཡང་ཉེ་བར་སྒྲུབ་པོ། །རྒྱབ་དང་མགུལ་ནས་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་འབྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུའི་རང་སངས་རྒྱས་ཀྱི་གནས་རྣམས་སྣང་བར་བྱེད་དོ། །ཞི་བའི་ཏིང་ངེ་འཛིན་གྱི་སྒོའི་ཚུལ་ཡང་ཉེ་བར་སྒྲུབ་པོ། །ཁའི་སྒོ་ནས་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་འབྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ཡན་ཆད་ས་དགུ་པ་ཐོབ་པའི་བར་དག་སྣང་བར་བྱེད་དོ། །ཤེས་རབ་དང་ཐབས་ལ་མཁས་པའི་ཚུལ་ཡང་ཉེ་བར་སྒྲུབ་བོ། །སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་འབྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུའི་བདུད་ཀྱི་གནས་ཐམས་ཅད་མོག་མོག་པོར་བྱས་ནས་དབང་བསྐུར་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་སྣང་བར་བྱས་ཏེ། དེ་དག་གི་ལུས་རྣམས་སུ་ནུབ་པར་


DTG113_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ། །སྟེང་གི་ཡན་ལག་གི་དམ་པ་མགོ་ལས་སྟོང་གསུམ་གྲངས་མེད་པ་འབུམ་ཕྲག་བཅུར་ཚང་བའི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་ཀྱི་འོད་ཟེར་འབྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུའི་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་སྣང་བར་བྱས་ཏེ། འཇིག་རྟེན་ལ་ལན་བཅུ་བསྐོར་བ་བྱས་ནས་སྟེང་གི་བར་སྣང་ལ་འདུག་སྟེ། འོད་ཟེར་གྱི་དྲ་བའི་དཀྱིལ་འཁོར་ཆེན་པོར་བྱས་ནས་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱ་བ་འོད་ཤིན་ཏུ་གསལ་བ་ཞེས་བྱ་བ་རབ་ཏུ་བྱེད་དེ། མཆོད་པ་ངང་རིམ་གྲོ་བྱ་བ་དེ་ལ་སེམས་དང་པོ་བསྐྱེད་པ་ཡན་ཆད་ས་དགུ་པ་ཐོབ་པའི་བར་དག་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱས་པས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང༌། འབུམ་གྱི་ཆ་དང༌། བྱེ་བའི་ཆ་དང༌། བྱེ་བ་བརྒྱའི་ཆ་དང༌། བྱེ་བ་སྟོང་གི་ཆ་དང༌། བྱེ་བ་འབུམ་གྱི་ཆ་དང༌། བྱེ་བ་ཁྲག་ཁྲིག་འབུམ་གྱི་ཆར་ཡང་ཉེ་བར་མི་འགྲོ་སྟེ། གྲངས་དང༌། ཆ་དང༌། བགྲང་བ་དང༌། རྒྱུར་ཡང་ཉེ་བར་མི་འགྲོ་བ་ནས། དཔེའི་བར་དུ་ཡང་མི་བཟོད་དོ། །འོད་ཟེར་གྱི་དྲ་བའི་དཀྱིལ་འཁོར་ཆེན་པོ་དེ་ལས་ཕྱོགས་བཅུ་ནས་མེ་ཏོག་ཏུ་གདགས་པ་དང༌། སྤོས་དང༌། བདུག་པ་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། གོས་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། རིན་པོ་ཆེའི་རྒྱན་དང༌། ནོར་བུ་རིན་པོ་ཆེར་གདགས་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་པས་ལྷག་ཅིང་འཇིག་རྟེན་གྱི་ཡུལ་ཐམས་ཅད་ལས་ཤིན་ཏུ་འདས་པ། འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བའི་ཚོགས་ཀྱི་དབང་གིས་གྲུབ་པ། ཡོན་ཏན་གྱི་རྣམ་པ་ཐམས་ཅད་ཕུན་སུམ་ཚོགས་པ། སྤྲུལ་པའི་བྱིན་གྱི་རླབས་བསམ་གྱིས་མི་ཁྱབ་པས་བྱིན་གྱིས་བརླབས་པ། བཀོད་པ་སྣ་ཚོགས་ཀྱི་ནོར་བུ་རིན་པོ་ཆེ་ཆེན་པོ་དག་ཀྱང་དེ་བཞིན་གཤེགས་པ་རེ་རེའི་འཁོར་གྱི་དཀྱིལ་འཁོར་དུ་སྤྲིན་ཆེན་པོའི་ཆར་ལྟར་མངོན་པར་འབབ་བོ། །མཆོད་པ་དེ་དག་སེམས་ཅན་གང་དག་གིས་ཤེས་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ་ཞེས་གསུངས་པ་ནི་འོད་ཟེར་དེ་དག་ཕན་འདོགས་པའི་ལས་ཅན་དུ་ཤེས་པར་བྱའོ། །མཆོད་པ་དེ་དག་སེམས་ཅན་གང་དག་གིས་ཤེས་པ་དེ་དག་


DTG113_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ་ཞེས་བྱ་བ་ནི་དེ་དག་ངེས་པའི་ས་ལ་ངེས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །རྣམ་གྲངས་གཞན་དུ་ན་ངེས་པར་འགྱུར་བ་ནི། བྱ་བ་ལ་བག་ཡོད་པར་ལེགས་པར་སྡོམ་པ་ཅན་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ ། མཆོད་པ་དང་རིམ་གྲོ་བྱ་བ་དེ་ལྟ་བུ་བྱས་ནས་ཀྱང་འོད་ཟེར་དེ་དག་གིས་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་སྣང་བར་བྱས་ཏེ། འཇིག་རྟེན་ལ་ལན་བཅུ་བསྐོར་བ་བྱས་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་ཞབས་ཀྱི་འོག་གི་མཐིལ་རྣམས་སུ་ནུབ་པར་འགྱུར་ཏེ། ངེས་ན་དེ་བཞིན་གཤེགས་པ་དེ་དག་དང༌། བྱང་ཆུབ་སེམས་དཔའ་དེ་དག་གིས། འཇིག་རྟེན་གྱི་ཁམས་རབ་འབྱམ་ཆེ་གེ་མོ་ཞིག་ན། བྱང་ཆུབ་སེམས་དཔའ་སྤྱོད་པ་དེ་ལྟ་བུ་དང་ལྡན་པ། དབང་བསྐུར་བའི་དུས་ལ་བབ་པར་ཐུགས་སུ་ཆུད་པར་འགྱུར་རོ་ཞེས་གསུངས་པ་ནི་སྤྲོན་པའི་ལས་ཅན་ནི། །ཀྱེ་རྒྱལ་བའི་སྲས་དེ་ལ་བྱང་ཆུབ་སེམས་དཔའི་ས་དགུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་གྲངས་མེད་པ་དག་འཇིག་རྟེན་གྱི་ཁམས་རབ་འབྱམ་མཐའ་ཡས་པ་དག་ནས་དེར་ལྷགས་ནས། བྱང་ཆུབ་སེམས་དཔའ་དེ་ལ་ཀུན་ནས་བསྐོར་ཏེ། མཆོད་པ་ཆེན་པོ་བྱས་ནས་བྱང་ཆུབ་སེམས་དཔའ་དེ་ཉིད་ལྟ་ཞིང༌། ཏིང་ངེ་འཛིན་འབུམ་ཕྲག་བཅུ་ལ་སྙོམས་པར་འཇུག་གོ །བྱང་ཆུབ་སེམས་དཔའ་དབང་བསྐུར་བའི་ས་ཐོབ་པ་རྣམས་ཀྱི་དཔལ་བེའུ་དང༌། རྡོ་རྗེ་དང་བཀྲ་ཤིས་ལས་བདུད་ཀྱི་དགྲ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་འོད་ཟེར་ཆེན་པོ་ཅིག་འོད་ཟེར་གྱི་འཁོར་གྲངས་མེད་པ་འབུམ་ཕྲག་བཅུ་བཅུ་འབྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུ་སྣང་བར་བྱས་ནས་ཆོ་འཕྲུལ་མུ་མེད་པ་ཡང་དག་པར་བསྟན་ཏོ། བྱང་ཆུབ་སེམས་དཔའ་དེའི་དཔལ་བེའུ་དང༌། རྡོ་རྗེ་དང་བཀྲ་ཤིས་ལ་ནུབ་པར་འགྱུར་རོ། །འོད་ཟེར་དེ་དག་དེར་ནུབ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་དེའི་སྟོབས་དང༌། མཐུ་ཡང་འབུམ་གྱུར་པས་ཀྱང་ལྷག་པར་མངོན་པར་འཕེལ་བར་སྣང་ངོ་ཞེས་གསུངས་པ་ནི་འགུགས་པའི་ལས་ཅན་ཏེ། དེ་ལྟ་བུ་ནི་མཚན་མ་གང་བྱུང་ནས་དབང་བསྐུར་བའོ།། །།དཔལ་བེའུ་དང༌། རྡོ་རྗེ་དང་བཀྲ་ཤིས་ཞེས་བྱ་བའི་མཚན་ནི་


DTG113_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་ག་ན་ཡོད་པར་རིག་པར་བྱའོ། །གང་གིས་དབང་བསྐུར་ཞེ་ན། བྱང་ཆུབ་སེམས་དཔའ་དེ་དང་ཕན་ཚུན་ཡེ་ཤེས་མཉམ་པ་ཉིད་དུ་ཡང་དག་པར་ཡོངས་སུ་འཛིན་པར། དེ་བཞིན་གཤེགས་པ་རྣམས་ཀྱི་འོད་ཟེར་གྱིས་དབང་བསྐུར་ཏེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་མཛོད་སྤུ་དག་ནས། ཐམས་ཅད་མཁྱེན་པ་ཉིད་ནི་མངོན་པར་ཤེས་པ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་འཁོར་གྱི་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་བཅུ་འབྱུང་སྟེ། དེ་དག་གིས་ཕྱོགས་བཅུ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་སྣང་བར་བྱས་ནས། འཇིག་རྟེན་ལ་ལན་བཅུ་བསྐོར་བ་བྱས་ཏེ། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ཆེན་པོ་རྣམས་བསྟན། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་བསྐུལ། སངས་རྒྱས་ཞིང་རབ་འབྱམ་ཐམས་ཅད་རྣམ་པ་དྲུག་ཏུ་བསྐྱོད་དེ། ངན་སོང་ཐམས་ཅད་འཆི་འཕོ་བ་དང༌། འགྲོ་བར་སྐྱེ་བ་རབ་ཏུ་ཞི་བར་བྱས། བདུད་ཀྱི་གནས་ཐམས་ཅད་མོག་མོག་པོར་བྱས། དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པས་རྣམ་པར་སངས་རྒྱས་པའི་སངས་རྒྱས་ཀྱི་གདན་ཀུན་དུ་བསྟན་ནས། སངས་རྒྱས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་བཀོད་པའི་མཐུ་རབ་ཏུ་བསྟན་ཏེ། འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱི་ས་ཀླས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་ཐམས་ཅད་སྣང་བར་བྱས་ནས་ཕྱིར་ལོག་སྟེ། བྱང་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀྱི་སྟེང་ནས་བསྐོར་བ་བྱས་ནས་བཀོད་པ་ཆེན་པོ་བསྟན་ཏེ། འོད་ཟེར་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་དེའི་ཡན་ལག་གི་དམ་པ་མགོར་ནུབ་པར་འགྱུར་རོ། །དེའི་འཁོར་གྱི་འོད་ཟེར་རྣམས་ནི་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མགོར་ནུབ་པར་འགྱུར་ཏེ། འོད་ཟེར་དེ་དག་གིས་ཕོག་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་དེ་དག་གིས་སྔོན་མ་ཐོབ་པའི་ཏིང་ངེ་འཛིན་སྟོང་ཕྲག་བཅུ་ཐོབ་བོ། །འོད་ཟེར་དེ་དག་ཀྱང་དུས་གཅིག་ཏུ་བྱང་ཆུབ་སེམས་དཔའ་དེའི་ཡན་ལག་གི་མགོ་ལ་འབབ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་


DTG113_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡུལ་ལ་མངོན་པར་དབང་བསྐུར་བ་ཞེས་བྱའོ། །སྟོབས་བཅུ་ཡོངས་སུ་རྫོགས་ནས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གྲངས་སུ་འགྲོའོ་ཞེས་གསུངས་པའོ། །དེ་ཇི་ལྟར་དབང་བསྐུར་ཞེ་ན། འཁོར་ལོས་སྒྱུར་བའི་རྒྱལ་པོའི་བུ་ཐུ་བོ་ལྟ་བུར་ཏེ། གང་གི་ཕྱིར་ཞེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བུ་ཐུ་བོ་ཆེ་གཞོན་ནུ་བཙུན་མོ་དམ་པ་ལ་བཙས་པ། རྒྱལ་པོའི་མཚན་དང་ལྡན་པར་གྱུར་པ་དེ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོས་ལྷའི་གླང་པོ་རིན་པོ་ཆེ་ལ་གསེར་གྱི་ཁྲི་བཟང་པོའི་སྟེང་དུ་བཞག་སྟེ། སྟེང་ནས་བླ་རེ་བྲེས་ཤིང་གདུགས་དང་རྒྱལ་མཚན་དང་རོལ་མོའི་བཀོད་པ་རྒྱ་ཆེན་པོ་བྱས་ཏེ། རྒྱ་མཚོ་ཆེན་པོ་བཞི་ལས་ཆུ་བླངས་པ་དེ་གསེར་གྱི་བུམ་པས་བཅུས་ཏེ། ཆུ་དེས་གཞོན་ནུའི་སྤྱི་བོ་ནས་དབང་བསྐུར་ན་དེ་དབང་བསྐུར་མ་ཐག་ཏུ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། དགེ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་ནས་ནི་འཁོར་ལོས་སྒྱུར་བ་ཞེས་བྱ་བའི་མིང་འཐོབ་བོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་དབང་བསྐུར་མ་ཐག་ཏུ་ཡེ་ཤེས་ཀྱི་དབང་བསྐུར་བས་དབང་བསྐུར་བ་ཞེས་བྱ་སྟེ། སྟོབས་བཅུ་ཡོངས་སུ་རྫོགས་ནས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གྲངས་སུ་འགྲོའོ། །ཀྱེ་རྒྱལ་བའི་སྲས་འདི་ནི་གང་གི་དོན་དུ་བྱང་ཆུབ་སེམས་དཔའ་བྱེ་བ་འབུམ་ཕྲག་དུ་མ་རྩོམ་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཆེན་པོར་དབང་བསྐུར་བ་ཞེས་གསུངས་པའོ། །དབང་བསྐུར་བ་དང་དུས་མཉམ་དུ་ས་འདི་ལ་རབ་ཏུ་གནས་པ་ཡིན་ཏེ། གང་གི་ཕྱིར་དེ་ལྟར་དབང་བསྐུར་ཞིང་ཡོན་ཏན་དང༌། ཡེ་ཤེས་ཚད་མེད་པ་རྣམ་པར་འཕེལ་བ་དེ་ནི་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་ལ་གནས་པ་ཞེས་བྱའོ་ཞེས་གསུངས་པའོ།། །། དེ་ལྟར་དབང་བསྐུར་བ་ཐོབ་པས་ས་རྣམ་པར་གཞག་པ་བསྟན་ནས། ཆེ་བ་ཉིད་ཀྱི་བྱེ་བྲག་རྣམ་པ་ལྡས་ཆེ་བ་ཉིད་མཐར་ཕྱིན་པ་དང་ལྡན་པ་སྟོན་ཏེ། ཆེ་བ་ཉིད་རྣམ་པ་ལྔ་ནི་ཤེས་པའི་ཆེ་བ་ཉིད་དང༌། རྣམ་པར་ཐར་པའི་ཆེ་བ་ཉིད་དང༌། ཏིང་ངེ་འཛིན་གྱི་ཆེ་བ་ཉིད་དང༌། གཟུངས་ཀྱི་ཆེ་བ་ཉིད་དང༌། མངོན་


DTG113_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པའི་ཆེ་བ་ཉིད་དོ། །དེ་དག་ནི་དོན་རྣམ་པ་ལྔ་དང་འབྲེལ་བར་རིག་པར་བྱ་སྟེ། ཤེས་བྱའི་དེ་ཁོ་ན་མངོན་པར་རྫོགས་པར་བྱང་ཆུབ་པའི་དོན་དང་འབྲེལ་བ་དང༌། སེམས་ལ་དབང་བའི་དོན་དང་འབྲེལ་པ་དང༌། དོན་ཐམས་ཅད་འགྲུབ་པ་སེམས་བསྐྱེད་པ་ཙམ་ལ་རག་ལས་པའི་དོན་དང་འབྲེལ་པ་དང༌། འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བྱ་བའི་རྗེས་འཇུག་པ་དང་འབྲེལ་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ནུས་པ་དང་འབྲེལ་པའོ། །ཤེས་པའི་ཆེ་བ་ཉིད་ཀྱང་རྣམ་པ་བདུན་དུ་རིག་པར་བྱ་སྟེ། ཡང་དག་པར་འགྲུབ་པ་ཤེས་པའི་ཆེ་བ་ཉིད་དང༌། སྤྲུལ་པ་ཤེས་པའི་ཆེ་བ་ཉིད་དང༌། བྱིན་གྱིས་བརླབས་པ་ཤེས་པའི་ཆེ་བ་ཉིད་དང༌། ཆ་ཕྲ་བ་འཇུག་པ་ཤེས་པའི་ཆེ་བ་ཉིད་དང༌། གསང་བའི་གནས་ཤེས་པའི་ཆེ་བ་ཉིད་དང༌། སྐལ་བ་ལ་འཇུག་པ་ཤེས་པའི་ཆེ་བ་ཉིད་དང༌། ལམ་ལ་འཇུག་པ་ཤེས་པའི་ཆེ་བ་ཉིད་དོ། །དེ་ལ་དང་པོ་ནི་ཐམས་ཅད་མཁྱེན་པ་ཉིད་ལ་ཐེ་ཚོམ་ཟ་བ་གཅོད་ནུས་པའི་དབང་དུ་བྱས་པའོ། །གཉིས་པ་ནི་དེ་ལ་གནས་པས་མངོན་པར་སྒྲུབ་ནུས་པའི་དབང་དུ་བྱས་པའོ། །གསུམ་པ་ནི་དེ་ཉིད་དེ་ལྟ་དེ་ལྟར་བྱེད་ནུས་པའི་དབང་དུ་བྱས་པའོ། །བཞི་པ་ནི་སྤྲུལ་པ་དང་བྱིན་གྱི་རླབས་དེ་གཉི་ག་ལ་གཉིས་སུ་མེད་པའི་ཡེ་ཤེས་ཀུན་དུ་འབྱུང་བའི་དབང་དུ་བྱས་པའོ། །ལྔ་པ་ནི་སེམས་ཅན་ཡོངས་སུ་མ་སྨིན་པར་སྐྲག་པ་བསལ་བའི་དབང་དུ་བྱས་པའོ། །དྲུག་པ་ནི་ཚེའི་འདུ་བྱེད་བྱིན་གྱིས་བརླབས་པ་དང༌། གཏང་བ་ལ་དབང་བའི་དབང་དུ་བྱས་པའོ། །བདུན་པ་ནི་གཉེན་པོ་བསྟན་པའི་དབང་དུ་བྱས་པའོ། །དེ་ལ་ཡང་དག་པར་འགྲུབ་པ་ཤེས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཤེས་པ་ཡིན་པར་རིག་པར་བྱ་སྟེ། དེ་ཡང་སྲིད་པའི་ཡན་ལག་གང་དག་བྱུང་བས་ཀུན་ནས་ཉོན་མོངས་པར་འགྱུར་ཞིང༌། འགག་པས་རྣམ་པར་བྱང་བར་འགྱུར་བ་དང༌། ཁམས་གསུམ་གང་དུ་བ་དང༌། སེམས་ཅན་གང་དག་དང༌། སེམས་གང་ཀུན་ནས་ཉོན་མོངས་ཤིང་རྣམ་པར་བྱང་བ་དང༌། འདུས་བྱས་དང༌། འདུས་མ་བྱས་ཀྱི་ཆོས་གང་དག་མི་ཤེས་པ་དང༌། ཤེས་པས་དང༌། ནམ་མཁའ་དང་འདྲ་བའི་ཡུལ་ཇི་ཙམ་པ་དང༌། དམ་པ་དང་དམ་པ་མ་ཡིན་པའི་ཆོས་བསྟན་པ་གང་གིས་


DTG113_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

དང། མྱ་ངན་ལས་འདས་པ་གང་མ་ཐོབ་པ་དང༌། ཐོབ་པ་དང་ལྟ་བའི་ཉེས་པ་གང་གིས་མུ་སྟེགས་ཅན་རྣམས་ཀྱིས་དེ་མི་ཐོབ་པ་དང༌། སྣོད་ཀྱི་འཇིག་རྟེན་གྱི་འབྱུང་བ་དང༌། ལྡོག་པ་གང་དག་དང༌། ཐེག་པ་གསུམ་ཡང་དག་པར་འགྲུབ་པ་གང་ཡིན་པ་དེའི་རབ་ཏུ་དབྱེ་བས་རིག་པར་བྱ་སྟེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་འདི་ལ་གནས་པའི་བྱང་ཆུབ་སེམས་དེ་ནི་ཆོས་ཀྱི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། འདོད་པའི་ཁམས་ཡང་དག་པར་འགྲུབ་པ་དང༌། གཟུགས་ཀྱི་ཁམས་ཡང་དག་པར་འགྲུབ་པ་དང༌། གཟུགས་མེད་པའི་ཁམས་ཡང་དག་པར་འགྲུབ་པ་དང༌། སེམས་ཅན་གྱི་ཁམས་ཡང་དག་པར་འགྲུབ་པ་དང༌། རྣམ་པར་ཤེས་པའི་ཁམས་ཡང་དག་པར་འགྲུབ་པ་དང༌། འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་ཡང་དག་པར་འགྲུབ་པ་དང༌། ནམ་མཁའི་ཁམས་ཡང་དག་པར་འགྲུབ་པ་དང༌། ཡང་དག་པ་དང་ཡང་དག་པ་མ་ཡིན་པ་བསྟན་པའི་ཁམས་ཡང་དག་པར་འགྲུབ་པ་དང༌། མྱ་ངན་ལས་འདས་པའི་ཁམས་ཡང་དག་པར་འགྲུབ་པ་དང༌། ལྟ་བར་གྱུར་པའི་ཉོན་མོངས་པ་ཡང་དག་པར་འགྲུབ་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་འཇིག་པ་དང༌། འཆགས་པ་ཡང་དག་པར་འགྲུབ་པ་དང༌། ཉན་ཐོས་ཀྱི་སྤྱོད་པ་ཡང་དག་པར་འགྲུབ་པ་དང༌། རང་སངས་རྒྱས་ཀྱི་སྤྱོད་པ་ཡང་དག་པར་འགྲུབ་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་དག་པར་འགྲུབ་པ་དང༌། དེ་བཞིན་གཤེགས་པའི་སྟོབས་དང༌། མི་འཇིགས་པ་དང༌། རང་སངས་རྒྱས་ཀྱི་ཆོས་དང༌། གཟུགས་ཀྱི་སྐུ་དང༌། ཆོས་ཀྱི་སྐུ་ཡང་དག་པར་འགྲུབ་པ་དང༌། རྣམ་པ་ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡང་དག་པར་འགྲུབ་པ་དང༌། མངོན་པར་རྫོགས་པར་འཚང་རྒྱ་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། མྱ་ངན་ལས་འདས་པ་ཀུན་དུ་བསྟན་པ་ཡང་དག་པར་འགྲུབ་པ་དང༌། མདོར་ན་ཆོས་ཐམས་ཅད་ལ་འཇུག་ཅིང༌། རྣམ་པར་དབྱེ་བས་བརྟག་པ་ཡང་དག་པར་འགྲུབ་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པའོ། །དེ་ལ་སྤྲུལ་པ་ཤེས་པ་ནི་སེམས་ཅན་དུ་སྤྲུལ་པ་ལ་


DTG113_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་བྱེ་བྲག་གིས་རིག་པར་བྱ་སྟེ། གང་གི་ཕྱིར་དེ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པའི་བློས་གོང་དུ་སེམས་ཅན་སྤྲུལ་པའི་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཉོན་མོངས་པས་བྱས་པའི་སྤྲུལ་པ་དང༌། ལྟ་བར་གྱུར་པའི་སྤྲུལ་པ་དང༌། འཇིག་རྟེན་གྱི་ཁམས་སུ་སྤྲུལ་པ་དང༌། ཆོས་ཀྱི་དབྱིངས་སུ་སྤྲུལ་པ་དང༌། ཉན་ཐོས་སུ་སྤྲུལ་པ་དང༌། རང་སངས་རྒྱས་སུ་སྤྲུལ་པ་དང༌། བྱང་ཆུབ་སེམས་དཔའ་སྤྲུལ་པ་དང༌། དེ་བཞིན་གཤེགས་པར་སྤྲུལ་པ་དང༌། སྤྲུལ་པ་ཐམས་ཅད་ལ་རྟོག་པ་ཡང་རྟོག་པ་མེད་པ་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པའོ། །དེ་ལ་ཉོན་མོངས་པ་དང༌། ལྟ་བར་གྱུར་པའི་སྤྲུལ་པ་ནི་ཉོན་མོངས་པ་དང༌། ལྟ་བར་གྱུར་པའི་སྤྲུལ་པ་སྟོན་པ་གང་ཡིན་པའོ། །ཆོས་ཀྱི་དབྱིངས་སུ་སྤྲུལ་པ་ནི་རྣམ་པར་གཞག་པའི་ཆོས་ལ་འཇུག་པའོ། །སྤྲུལ་པ་དེ་དག་ཐམས་ཅད་ལ་ཡོངས་སུ་རྟོག་པ་རྣམས་རྟོག་པ་མེད་པ་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ལ་བྱིན་གྱི་རླབས་ཞེས་པ་ནི་གང་གི་ཕྱིར། དེ་སངས་རྒྱས་སུ་བྱིན་གྱིས་བརླབ་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཆོས་སུ་བྱིན་གྱིས་བརླབ་པ་དང༌། དགེ་འདུན་དུ་བྱིན་གྱིས་བརླབ་པ་དང༌། ལས་སུ་བྱིན་གྱིས་བརླབ་པ་དང༌། ཉོན་མོངས་པར་བྱིན་གྱིས་བརླབ་པ་དང༌། དུས་བྱིན་གྱིས་བརླབ་པ་དང༌། སྨོན་ལམ་བྱིན་གྱིས་བརླབ་པ་དང༌། མཆོད་པ་བྱིན་གྱིས་བརླབ་པ་དང༌། སྤྱོད་པ་བྱིན་གྱིས་བརླབ་པ་དང༌། བསྐལ་པ་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་སུ་བྱིན་གྱིས་བརླབ་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པ་སྟེ། མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་ལ་ཡེ་ཤེས་སུ་བྱིན་གྱིས་བརླབ་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་རིག་པར་བྱའོ། །ཆ་ཕྲ་བ་འཇུག་པ་ཤེས་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆ་ཕྲ་རབ་འཇུག་པའི་མཁྱེན་པ་གང་དག་ཡིན་པ་འདི་ལྟ་སྟེ། སྤྱོད་པ་ལ་ཆ་ཕྲ་བ་འཇུག་པའི་མཁྱེན་པ་དང༌། འཆི་འཕོ་བ་དང༌། སྐྱེ་བ་ལ་ཆ་ཕྲ་བ་འཇུག་པའི་མཁྱེན་པ་དང༌། བལྟམས་པ་ལ་ཆ་ཕྲ་བ་འཇུག་པའི་མཁྱེན་པ་དང༌། རྣམ་པར་འཕྲུལ་པ་ལ་ཆ་ཕྲ་བ་འཇུག་


DTG113_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཁྱེན་པ་དང༌། མངོན་པར་འབྱུང་བ་ལ་ཆ་ཕྲ་བ་འཇུག་པའི་མཁྱེན་པ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་ལ་ཆ་ཕྲ་བ་འཇུག་པའི་མཁྱེན་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་ཆ་ཕྲ་བ་འཇུག་པའི་མཁྱེན་པ་དང༌། ཚེའི་ཚང་བྱིན་གྱིས་བརླབ་པ་ལ་ཆ་ཕྲ་བ་འཇུག་པའི་མཁྱེན་པ་དང༌། ཡོངས་སུ་མྱ་ངན་ལས་འདའ་བ་ལ་ཆ་ཕྲ་བ་འཇུག་པའི་མཁྱེན་པ་དང༌། བསྟན་པ་གནས་པ་ལ་ཆ་ཕྲ་བ་འཇུག་པའི་མཁྱེན་པ་དེ་དག་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པ་སྟེ། མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་ལ་རྣམ་པར་འཕྲུལ་པ་ནི་གོམ་པ་བདུན་པོར་བ་ལ་སོགས་པ་ཡིན་པར་རིག་པར་བྱའོ། །གསང་བའི་གནས་ཤེས་པ་ནི་དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་གསང་བའི་གནས་གང་དག་ཡིན་པ་འདི་ལྟ་སྟེ། སྐུའི་གསང་བ་དང༌། གསུང་གི་གསང་བ་དང༌། ཐུགས་ཀྱི་གསང་བ་དང༌། དུས་དང་དུས་མ་ཡིན་པ་རྣམ་པར་དཔྱང་པ་གསང་བ་དང༌། བྱང་ཆུབ་སེམས་དཔའ་ལུང་བསྟན་པ་གསང་བ་དང༌། སེམས་ཅན་བསྡུ་བ་དང༌། ཚར་གཅད་པ་གསང་བ་དང༌། ཐེག་པ་ཐ་དད་པ་གསང་བ་དང༌། སེམས་ཅན་གྱི་སྤྱོད་པ་དང༌། དབང་པོ་རྣམ་པར་དབྱེ་བ་གསང་བ་དང༌། ལས་སུ་བྱ་བ་ལ་འཇུག་པ་གསང་བ་དང༌། སྤྱོད་པ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། རང་བཞིན་ཐུགས་སུ་ཆུད་པ་གསང་བ་དེ་དག་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པ་སྟེ། མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱའོ། །བསྐལ་པ་ལ་འཇུག་པ་ཤེས་པ་ནི་དེ་བསྐལ་པ་ལ་འཇུག་པ་གང་དག་ཡིན་པ་འདི་ལྟ་སྟེ། བསྐལ་པ་གཅིག་ལ་བསྐལ་པ་གྲངས་མེད་པར་ཡང་དག་པར་གཞོལ་བ་ཉིད་དང༌། བསྐལ་པ་གྲངས་མེད་པ་ལ་བསྐལ་པ་གྲངས་མེད་པར་ཡང་དག་པར་གཞོལ་བ་ཉིད་དང༌། སྐད་ཅིག་ལ་བསྐལ་པ་དང༌། བསྐལ་པ་ལ་སྐད་ཅིག་ཏུ་ཡང་དག་པར་གཞོལ་བ་ཉིད་དང༌། བསྐལ་པ་ལ་བསྐལ་པ་མ་ཡིན་པ་དང༌། བསྐལ་པ་མ་ཡིན་པ་ལ་བསྐལ་པར་ཡང་དག་པར་གཞོལ་བ་ཉིད་དང༌། སངས་རྒྱས་དང་བཅས་པའི་བསྐལ་པ་ལ་སངས་རྒྱས་མེད་པའི་བསྐལ་པར་ཡང་དག་པར་


DTG113_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

གཞོལ་བ་ཉིད་དང༌། སངས་རྒྱས་མེད་པའི་བསྐལ་པ་ལ་སངས་རྒྱས་དང་བཅས་པའི་བསྐལ་པར་ཡང་དག་པར་གཞོལ་བ་ཉིད་དང༌། འདས་པ་དང་མ་འོངས་པ་ལ་ད་ལྟར་བྱུང་བ་དང༌། འདས་པ་ལ་མ་འོངས་པ་དང༌། འདས་པ་ལ་ད་ལྟར་བྱུང་བའི་བསྐལ་པར་ཡང་དག་པར་གཞོལ་བ་ཉིད་དང༌། བསྐལ་པ་རིང་པོ་ལ་བསྐལ་པ་ཐུང་དུར་ཡང་དག་པར་གཞོལ་བ་ཉིད་དང༌། བསྐལ་པ་ཐུང་དུ་ལ་བསྐལ་པ་རིང་པོར་ཡང་དག་པར་གཞོལ་བ་ཉིད་དང༌། བསྐལ་པ་ཐམས་ཅད་ལ་མིང་དུ་བཏགས་པར་ཡང་དག་པར་གཞོལ་བ་ཉིད་དེ་དེ་དག་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པ་སྟེ། མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་ལ་ཡང་དག་པར་གཞོལ་བ་ནི་མཉམ་པ་ཉིད་དུ་མོས་པ་ཡིན་པར་རིག་པར་བྱ་སྟེ། བསྐལ་པ་ཐམས་ཅད་ལ་ཕན་ཚུན་མིང་ཡང་དག་པར་གཞོལ་བ་ཉིད་དུ་རབ་ཏུ་ཤེས་སོ། །དེ་ལ་འཇུག་པ་ཤེས་པ་ནི་སོ་སོའི་སྐྱེ་བོའི་སའི་དབང་དུ་བྱས་པ་དང༌། ང་རྒྱལ་སྤྱོད་པ་དང༌། མཐོ་རིས་ལ་མོས་པ་དང༌། རྣམ་པར་རྟོག་པ་དཔྱོད་པའི་དབང་དུ་བྱས་པ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་འཇུག་པ་མཁྱེན་པ་གང་དག་ཡིན་པ་འདི་ལྟ་སྟེ། བྱིས་པའི་ལམ་གྱི་འཇུག་པ་མཁྱེན་པ་དང༌། རྡུལ་ཕྲ་རབ་ཀྱི་རྡུལ་ལ་འཇུག་པ་མཁྱེན་པ་དང༌། ཞིང་གི་ཚོགས་མངོན་པར་རྫོགས་པར་རྟོགས་པ་ལ་འཇུག་པ་མཁྱེན་པ་དང༌། སེམས་ཅན་གྱི་ལུས་དང༌། སེམས་མངོན་པར་རྫོགས་པར་རྟོགས་པ་ལ་འཇུག་པ་མཁྱེན་པ་དང༌། ཐམས་ཅད་ཀྱི་རྗེས་སུ་མངོན་པར་རྫོགས་པར་རྟོགས་པ་ལ་འཇུག་པ་མཁྱེན་པ་དང༌། སྣྲེལ་ཞིར་སྤྱོད་པ་ཀུན་དུ་བསྟན་པ་ལ་འཇུག་པ་མཁྱེན་པ་དང༌། མཐུན་པའི་སྤྱོད་པ་ཀུན་དུ་བསྟན་པ་ལ་འཇུག་པ་མཁྱེན་པ་དང༌། མི་མཐུན་པའི་སྤྱོད་པ་ཀུན་དུ་བསྟན་པ་ལ་འཇུག་པ་མཁྱེན་པ་དང༌། བསམ་དུ་རུང་བ་དང༌། བསམ་དུ་མི་རུང་བ་དང༌། འཇིག་རྟེན་གྱིས་རྣམ་པར་ཤེས་པར་རུང་བ་དང༌། རྣམ་པར་ཤེས་པར་མི་རུང་བའི་སྤྱོད་པ་ཀུན་དུ་བསྟན་པ་ལ་འཇུག་པ་མཁྱེན་པ་དང༌། ཉན་ཐོས་ཀྱིས་རྣམ་པར་ཤེས་པར་བྱ་བ་དང༌། རང་སངས་རྒྱས་ཀྱིས་རྣམ་པར་ཤེས་པར་བྱ་བ་དང༌། བྱང་ཆུབ་སེམས་དཔས་རྣམ་པར་ཤེས་པར་


DTG113_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་དང༌། དེ་བཞིན་གཤེགས་པས་རྣམ་པར་མཁྱེན་པར་བྱ་བའི་སྤྱོད་པ་ཀུན་དུ་བསྟན་པ་ལ་འཇུག་པ་མཁྱེན་པ་དེ་དག་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མཁྱེན་པ་ཡངས་ཤིང་ཚད་མེད་པས་ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་འཇུག་པ་ཤེས་པ་ཡང་ཚད་མེད་དོ་ཞེས་གསུངས་པ་སྟེ། མདོ་ལས་ཇི་སྐད་དུ་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་ལྟར་ཤེས་པའི་ཆེ་བ་ཉིད་རྣམ་པ་བདུན་བསྟན་ནས་རྣམ་པར་ཐར་པའི་ཆེ་བ་ཉིད་སྟོན་ཏོ། །དེ་ལ་རྣམ་པར་ཐར་པའི་ཆེ་བ་ཉིད་རྫུ་འཕྲུལ་གྱི་ཡུལ་གྱི་དབང་དུ་བྱས་པ་ནི་གང་གི་ཕྱིར། ཀྱེ་རྒྱལ་བའི་སྲས་དེ་ལྟར་བྱང་ཆུབ་སེམས་དཔའི་ས་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་འཐོབ་བོ་ཞེས་གསུངས་པའོ། །འཇིག་རྟེན་གྱི་ཁམས་དང༌། འགྲོ་བ་མཐའ་ཡས་པར་སྨོན་ནས་ཤེས་པ་ཐོགས་པ་མེད་པ་ཉིད་ནི་གང་གི་ཕྱིར། སྒྲིབ་པ་མེད་པ་ཞེས་བྱ་བ་ཞེས་གསུངས་པའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་སློབ་པ་དང༌། མི་སློབ་པའི་ཉན་ཐོས་ལ་སོགས་པའི་རྣམ་པར་གྲོལ་བ་ཤེས་པ་ནི་གང་གི་ཕྱིར། རྣམ་པར་དག་པ་རྣམ་པར་འབྱེད་པ་ཞེས་བྱ་བ་ཞེས་གསུངས་པའོ། །དངོས་པོ་ཅི་འདོད་དགུར་བསྒྱུར་བ་ནི་གང་གི་ཕྱིར། སྒོ་ཀུན་དུ་སྣང་བ་ཞེས་བྱ་བ་ཞེས་གསུངས་པའོ། །ཆོས་ཀྱི་གཟུངས་ནི་གང་གི་ཕྱིར། དེ་བཞིན་གཤེགས་པའི་མཛོད་ཅེས་བྱ་བ་ཞེས་གསུངས་པའོ། །ཕས་ཀྱི་རྒོལ་བ་ཚར་གཅད་པའི་གཟུངས་ནི་གང་གི་ཕྱིར། འཁོར་ལོ་ཐོགས་པ་མེད་པ་དང་ལྡན་པ་ཞེས་བྱ་བ་ཞེས་གསུངས་པའོ། །དུས་གསུམ་གྱི་བསྐལ་པ་ཇི་ལྟར་འདོད་པ་བཞིན་དུ་བྱིན་གྱིས་རློབ་པ་ནི་གང་གི་ཕྱིར། དུས་གསུམ་གྱི་རྗེས་སུ་སོང་བ་ཞེས་གསུངས་པའོ། །ཆོས་ཐམས་ཅད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྣམ་པ་ཐམས་ཅད་ཤེས་པ་ནི་གང་གི་ཕྱིར། ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ཅན་ཞེས་བྱ་བ་ཞེས་གསུངས་པའོ། །ལུས་མེད་ཅིང་སྣང་བ་ཙམ་གྱིས་རྒྱས་པར་འགེངས་པ་ནི་གང་གི་ཕྱིར། རྣམ་པར་གྲོལ་བའི་དཀྱིལ་འཁོར་སྣང་བ་ཞེས་གསུངས་པའོ། །འཇིག་རྟེན་གྱི་ཁམས་དུ་མའི་སེམས་ཅན་གྱི་སེམས་


DTG113_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཅར་ཤེས་པའི་དབང་དུ་བྱས་པར་ཡང་རིག་པར་བྱ་སྟེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཡུལ་མ་ལུས་པ་ཞེས་བྱ་བ་ཐོབ་སྟེ། ཀྱེ་རྒྱལ་བའི་སྲས་དེ་ལྟར་བྱང་ཆུབ་སེམས་དཔའི་ས་བཅུ་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་སྒོ་བཅུ་པོ་དེ་དག་ལ་སོགས་པ་རྣམ་པར་ཐར་པའི་སྒོ་འབུམ་ཕྲག་གྲངས་མེད་པ་དཔག་ཏུ་མེད་པ་དག་འཐོབ་བོ་ཞེས་གསུངས་པའོ། །ཏིང་ངེ་འཛིན་གྱི་ཆེ་བ་ཉིད་ནི་གང་གི་ཕྱིར། དེ་བཞིན་དུ་ཏིང་ངེ་འཛིན་འབུམ་ཞེས་གསུངས་པའོ། །གཟུངས་ཆེ་བ་ཉིད་ནི་གང་གི་ཕྱིར། གཟུངས་འབུམ་ཞེས་གསུངས་པའོ། །མངོན་པར་ཤེས་པའི་ཆེ་བ་ཉིད་ནི་གང་གི་ཕྱིར། མངོན་པར་ཤེས་པ་མངོན་པར་སྒྲུབ་པ་འབུམ་དག་གི་བར་དུ་འཐོབ་བོ་ཞེས་གསུངས་པའོ། །དེ་ལྟར་ཆེ་བ་ཉིད་ཀྱི་མཐར་ཕྱིན་པར་སོང་བས་ས་བཅུ་པ་རྣམ་པར་གཞག་པ་བསྟན་ནས། སའི་ངེས་པའི་ཚིག་གིས་སྟོན་ཏོ། །དེ་ལ་སའི་ངེས་པའི་ཚིག་ནི་སྤྲིན་དང་འདྲ་བའི་ཆོས་རྣམ་པ་གསུམ་དུ་རིག་པར་བྱའོ། །ཐོབ་པའི་ཆོས་ཀྱིས་ས་འདི་བའི་ལུས་ནམ་མཁའ་ལྟ་བུ་ལ་ཁྱབ་པར་བྱེད་པས་ཁྱབ་པ་དང༌། ཆོས་དེས་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་རྡུལ་རབ་ཏུ་ཞི་པར་བྱེད་པ་དང༌། དགའ་ལྡན་གྱི་གནས་ལ་སོགས་པའི་རིམ་གྱིས་སེམས་ཅན་སྒྲོལ་བ་སྟེ། སྤྲིན་གྱི་ཆར་གྱིས་ལོ་ཏོག་སྒྲོལ་བ་བཞིན་ནོ། །དེ་ལ་དྲན་པ་ལ་མཁས་པ་ཞེས་བྱ་བ་ནི་འོག་ནས་སྟོན་པ་འཛིན་པའི་རྒྱུ་ཡོངས་སུ་བསྟན་པའི་ཕྱིར་ཏེ། གང་གི་ཕྱིར་དེ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པའི་བློ་དང༌། ཚད་མེད་པའི་རྗེས་སུ་སོང་བའི་དྲན་པ་ལ་མཁས་པ་དང་ལྡན་པ་ཡིན་ཏེ་ཞེས་གསུངས་པའོ། །འཛིན་པའི་ནུས་པ་དེ་མང་པོ་དང༌། ཆ་ཕྲ་བ་དང་མྱུར་དུ་འཛིན་པར་ཡོངས་སུ་སྟོན་ཏེ། གང་གི་ཕྱིར་དེ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ཀྱི་ཆོས་ཀྱི་སྣང་བ་ཆེན་པོ་དང༌། ཆོས་ཀྱི་གསལ་བ་ཆེན་པོ་དང༌། ཆོས་ཀྱི་སྤྲིན་ཆེན་པོ་ཚད་མེད་པ་དག་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་བཟོད་དོ། །ཡང་དག་པར་ལེན་ཏོ། །བདག་གིར་བྱེད་དོ། །ཡང་དག་པར་འཛིན་ཏོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་ཀླུའི་རྒྱལ་པོ་རྒྱ་མཚོས་སྤྲིན་ལས་ཆུའི་ཚོགས་ཆེན་པོ་ཕབ་པ་ནི་རྒྱ་མཚོ་ཆེན་པོ་མ་གཏོགས་པར་


DTG113_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

སའི་ཕྱོགས་གཞན་གྱིས་བཟོད་པའམ། ཡང་དག་པར་བླང་བའམ། བདག་གིར་བྱ་བའམ། ཡང་དག་པར་གཟུང་བར་སླ་བ་མ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་གསང་བ་ལ་འཇུག་པ་གང་དག་ཡིན་པ་འདི་ལྟ་སྟེ། ཆོས་ཀྱི་སྣང་བ་ཆེན་པོ་དང༌། ཆོས་ཀྱི་གསལ་བ་ཆེན་པོ་དང༌། ཆོས་ཀྱི་སྤྲིན་ཆེན་པོ་དེ་དག་ནི་སེམས་ཅན་ཐམས་ཅད་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་དང༌། ས་དང་པོ་ནས་བཟུང་སྟེ། ས་དགུ་པའི་བར་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་བཟོད་པའམ། ཡང་དག་པར་བླང་བའམ། བདག་གིར་བྱ་བའམ། ཡང་དག་པར་གཟུང་བར་སླ་བ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་དེ་དག་ཐམས་ཅད་བཟོད་དོ། །ཡང་དག་པར་ལེན་ཏོ། །བདག་གིར་བྱེད་དོ། །ཡང་དག་པར་འཛིན་ཏོ་ཞེས་གསུངས་པའོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ཀྱི་ཆོས་ཀྱི་སྣང་བ་ཆེན་པོ་ཚད་མེད་པ་དག་ཅེས་བྱ་བ་ནི་མང་པོ་འཛིན་པའོ། །དེ་བཞིན་གཤེགས་པའི་གསང་བ་ལ་འཇུག་པ་ནི་ཕྲ་བ་འཛིན་པའོ། །སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་ཞེས་བྱ་བ་ནི་མྱུར་དུ་འཛིན་པའོ། །ཆོས་ཐོས་པ་དེ་ཡང་རང་བཞིན་དང༌། ལས་ཀྱིས་ཡོངས་སུ་བསྟན་ཏེ། ཇི་ལྟར་རང་བཞིན་གྱིས་ཤེ་ན། སྣང་བར་གྱུར་པ་ཉིད་ཀྱིས་ཐོས་པ་དང༌། བསམས་པ་ལས་བྱུང་བའི་ཤེས་པ་སྨོས་པར་འགྱུར་བའི་ཕྱིར་རོ། །གསལ་བར་གྱུར་པ་ཉིད་ཀྱིས་ནི་བསྒོམས་པ་ལས་བྱུང་བ་སྨོས་པར་འགྱུར་བའི་ཕྱིར་རོ། །ཇི་ལྟར་ན་ལས་ཀྱིས་ཤེ་ན། སྤྲིན་བཞིན་དུ་གཞན་དག་ལ་དམ་པའི་ཆོས་ཀྱི་ཆར་འབེབས་པའི་ཕྱིར་རོ། །མོས་པའི་སྒོ་ནས་བཟོད། ཚིག་འབྲུ་འཛིན་པའི་སྒོ་ནས་ཡང་དག་པར་ལེན། དོན་འཛིན་པའི་སྒོ་ནས་བདག་གིར་བྱེད། དེ་གཉིས་ཀ་འཛིན་པའི་སྒོ་ནས་ཡང་དག་པར་འཛིན་པར་རིག་པར་བྱའོ། །རྒྱ་མཚོ་ནི་དང་བར་འགྱུར་བའི་དངོས་པོའི་སྒོ་ནས་བཟོད། གོ་སྐབས་འབྱེད་པའི་སྒོ་ནས་ཡང་དག་པར་ལེན། དེ་ནས་གཞན་པའི་ཆུའི་གྲངས་འགྲིབ་པར་བྱེད་པའི་སྒོ་ནས་བདག་གིར་བྱེད། སྤྱད་པའི་འོས་མ་ཡིན་པའི་སྒོ་ནས་ཡང་དག་པར་འཛིན་པར་རིག་


DTG113_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་ནི་ཀླུའི་དབང་པོ་ཆེན་པོ་གཅིག་གི་སྤྲིན་ཆེན་པོ་ཡང་བཟོད་དོ། །ཡང་དག་པར་ལེན་ཏོ། །བདག་གིར་བྱེད་དོ། །ཡང་དག་པར་འཛིན་ཏོ། །ཀླུའི་དབང་པོ་ཆེན་པོ་གཉིས་དང་གསུམ་ནས་དཔག་ཏུ་མེད་པའི་བར་དག་གི་སྤྲིན་ཆེན་པོ་དག་ཀྱང་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་བཟོད་དོ། །ཡང་དག་པར་ལེན་ཏོ། །བདག་གིར་བྱེད་དོ། །ཡང་དག་པར་འཛིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རྒྱ་མཚོ་ཆེན་པོ་ཚད་མེད་པར་ཡངས་ཤིང་རྒྱ་ཆེ་བའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་དེ་བཞིན་གཤེགས་པ་གཅིག་གི་ཆོས་ཀྱི་སྣང་བ་ཆེན་པོ་དང༌། ཆོས་ཀྱི་གསལ་བ་ཆེན་པོ་དང༌། ཆོས་ཀྱི་སྤྲིན་ཆེན་པོ་རྣམས་ཀྱང་བཟོད་དེ། ཡང་དག་པར་ལེན་ཏོ། །བདག་གིར་བྱེད་དོ། །ཡང་དག་པར་འཛིན་ཏོ། །སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་དེ་བཞིན་གཤེགས་པ་གཉིས་དང་གསུམ་ནས་དཔག་ཏུ་མེད་པ་དེ་དག་དང༌། བསམ་གྱིས་མི་ཁྱབ་པ་དག་དང༌། མཚུངས་པ་མེད་པ་དག་དང༌། མཐའ་ཡས་པ་དག་དང༌། མུ་མེད་པ་དག་དང༌། མཚམས་མེད་པ་དག་དང། གཞལ་དུ་མེད་པ་དག་དང༌། བརྗོད་དུ་མེད་པ་དག་དང༌། གྲངས་མེད་པ་དག་དང༌། བགྲང་བ་ལས་འདས་པའི་བར་དག་གི་ཆོས་ཀྱི་སྣང་བ་ཆེན་པོ་དང༌། ཆོས་ཀྱི་གསལ་བ་ཆེན་པོ་དང༌། ཆོས་ཀྱི་སྤྲིན་ཆེན་པོ་རྣམས་བཟོད། ཡང་དག་པར་ལེན། བདག་གིར་བྱེད། ཡང་དག་པར་འཛིན་ཏེ། དེའི་ཕྱིར་ས་འདི་ཆོས་ཀྱི་སྤྲིན་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས་སྨྲས་པ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔས་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་དེ་བཞིན་གཤེགས་པ་ཇི་སྙེད་ཅིག་ལས་ཆོས་ཀྱི་སྣང་བ་ཆེན་པོ་དང༌། ཆོས་ཀྱི་གསལ་བ་ཆེན་པོ་དང༌། ཆོས་ཀྱི་སྤྲིན་ཆེན་པོ་བཟོད་པར་བྱེད་པ་དང༌། ཡང་དག་པར་ལེན་པ་དང༌། བདག་གིར་བྱེད་པ་དང༌། ཡང་དག་པར་འཛིན་པ་དག་བགྲང་པར་ནུས་སམ། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔས་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་དེ་བཞིན་གཤེགས་


DTG113_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་སྙེད་ཅིག་ལས་ཆོས་ཀྱི་སྣང་བ་ཆེན་པོ་དང༌། ཆོས་ཀྱི་གསལ་བ་ཆེན་པོ་དང༌། ཆོས་ཀྱི་སྤྲིན་ཆེན་པོ་བཟོད། ཡང་དག་པར་ལེན། བདག་གིར་བྱེད། ཡང་དག་པར་འཛིན་ཏོ་ཞེས་གྲངས་ཀྱིས་བསྟན་པའི་ཚུལ་གྱིས་བགྲང་པར་སླ་བ་མ་ཡིན་ཏེ། འོན་ཀྱང་དཔེ་བསྟན་པར་བྱའོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་སྙེད་ཀྱི་རྡུལ་སྙེད་ན་སེམས་ཅན་གྱི་ཁམས་མ་ལུས་པའི་ཚུལ་དུ་ཇི་སྙེད་ཅིག་ཡོད་པ་དེ་དག་ལས་སེམས་ཅན་གཅིག་ཅིག་ཐོས་པ་འཛིན་པའི་གཟུངས་ཐོབ་པར་གྱུར་པ་འདི་ལྟ་སྟེ། དཔེར་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་པདྨའི་བླ་མའི་དགེ་སློང་རྣམ་པར་རྒྱལ་བ་ཆེན་པོ་ཞེས་བྱ་བ་བཞིན་དུ། དེ་བཞིན་གཤེགས་པ་རྣམས་ཀྱི་རིམ་གྲོ་བ་དང༌། ཉན་ཐོས་ཆེན་པོ་ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་ཕྱིན་པར་གྱུར་ཏེ། སེམས་ཅན་གཅིག་པོ་དེ་ཐོས་པ་ལ་མཁས་པའི་སྟོབས་བསྐྱེད་པ་དེ་ལྟ་བུ་དང་ལྡན་པར་གྱུར་ཅིང༌། སེམས་ཅན་གཅིག་པོ་དེ་ཅི་འདྲ་བར་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ཀྱི་སེམས་ཅན་དེ་དག་ཐམས་ཅད་ཀྱང་དེ་བཞིན་དུ་ལྡན་པར་གྱུར་ལ། གཅིག་གིས་གང་བཟུང་བ་དེ་གཉིས་པས་བཟུང་ན། ཀྱེ་རྒྱལ་བའི་སྲས་དེ་ལ་ཇི་སྙམ་དུ་སེམས། སེམས་ཅན་དེ་དག་གི་ཐོས་པ་ལ་མཁས་པར་གྱུར་བ་དེ་དག་ཚད་མེད་པ་མང་པ་ཡིན་ནམ། བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས་སྨྲས་པ། ཀྱེ་རྒྱལ་བའི་སྲས་སེམས་ཅན་དེ་དག་གིས་ཐོས་པ་ལ་མཁས་པ་དེ་དག་ནི་མང་སྟེ་ཚད་མེད་དོ། །བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་ཁྱོད་མོས་པར་བྱའོ། །ཁོང་དུ་ཆུད་པར་བྱའོ། །བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ། དེ་བཞིན་གཤེགས་པ་གཅིག་ལས་ཆོས་ཀྱི་སྣང་བ་དང༌། གསལ་བ་དང༌། སྤྲིན་ཆེན་པོ་ཆོས་ཀྱི་དབྱིངས་དུས་གསུམ་གྱི་མཛོད་ཅེས་བྱ་བ་བཟོད། ཡང་དག་པར་ལེན། བདག་གིར་བྱེད། ཡང་དག་པར་འཛིན་ཏེ། ཆོས་ཀྱི་སྣང་བ་དང༌། གསལ་བ་དང༌། སྤྲིན་ཆེན་པོ་ཡང་དག་པར་འཛིན་པ་


DTG113_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཁས་པ་དེ་ལ། ཐོས་པ་ལ་མཁས་པ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང༌། འབུམ་གྱི་ཆ་དང༌། བྱེ་བའི་ཆ་དང༌། བྱེ་བ་བརྒྱའི་ཆ་དང༌། བྱེ་བ་སྟོང་གི་ཆ་དང༌། བྱེ་བ་འབུམ་གྱི་ཆ་དང༌། བྱེ་བ་ཁྲག་ཁྲིག་འབུམ་གྱི་ཆ་དང༌། གྲངས་དང༌། ཆ་དང༌། བགྲང་བ་དང༌། དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོ་བ་ནས། བསྐྲུན་པ་ཙམ་གྱི་བར་དུ་ཡང་མི་བཟོད་དོ། །དེ་བཞིན་གཤེགས་པ་གཅིག་ལས་ཇི་ལྟ་བ་བཞིན་དུ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྔ་མ་དག་ན་རྡུལ་ཕྲ་རབ་ཀྱི་རྡུལ་དེ་དག་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང༌། དེ་དག་པས་ཀྱང་ཆེས་མང་ཞིང༌། ཚད་མེད་པའི་དེ་བཞིན་གཤེགས་པ་རྣམས་ལས་བྱང་ཆུབ་སེམས་དཔའ་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་ཆོས་ཀྱི་སྣང་བ་དང༌། གསལ་བ་དང་སྤྲིན་ཆེན་པོ་ཆོས་ཀྱི་དབྱིངས་དུས་གསུམ་གྱི་མཛོད་ཅེས་བྱ་བ་བཟོད། ཡང་དག་པར་ལེན། བདག་གིར་བྱེད། ཡང་དག་པར་འཛིན་ཏེ། དེའི་ཕྱིར་ན་ས་འདི་ནི་ཆོས་ཀྱི་སྤྲིན་ཞེས་བྱའོ། །དེ་ལ་ཆོས་ཀྱི་དབྱིངས་དུས་གསུམ་གྱི་མཛོད་ཅེས་བྱ་བ་ལ་ཆོས་ཀྱི་དབྱིངས་ནི་བརྗོད་པའི་གཞི་གསུམ་གྱི་མཛོད་དོ། །སྤྲིན་དང༌། འབྲུག་སྒྲ་དང༌། གློག་ལ་སོགས་པ་དང་འདྲ་བས་ཁོང་དུ་ཆུད་པར་བྱ་སྟེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་རང་གི་སྨོན་ལམ་གྱི་སྟོབས་བསྐྱེད་པས་སྙིང་བརྩེ་བ་དང༌། སྙིང་རྗེ་ཆེན་བ་དང༌། ཆོས་ཀྱི་སྣང་བ་ཆེན་པོ་བསྒྲགས་བའི་འབྲུག་སྒྲ་སྒྲོགས་པ་མངོན་པར་ཤེས་པ་དང༌། རིག་པ་དང་མི་འཇིགས་པའི་གློག་འགྱུ་བ་འོད་ཟེར་ཆེན་པོའི་དྲུང་གིས་ཤིན་ཏུ་བསྐྱོད་པ་བསོད་ནམས་དང༌། ཡེ་ཤེས་ཀྱི་སྤྲིན་གྱི་དྲ་བ་སྟུགས་པོ་ཆེན་པོས་ཀུན་དུ་ཁེབས་པ། ལུས་རྣམ་པ་སྣ་ཚོགས་ཀྱི་སྤྲིན་འཁྱིལ་པ་ཀུན་དུ་སྟོན་པ། ཆོས་ཀྱི་སྒྲ་ཆེན་པོ་སྒྲོགས་པ། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཆོས་ཀྱི་སྒྲ་ཆེན་པོ་སྒྲོགས་པ། བདུད་ཀྱི་ཕྱོགས་ཤིན་ཏུ་ཚར་གཅོད་པ་ཀུན་ནས་བསྡུས་ཏེ། སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྔ་མ་དེ་དག་ན་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་ཡོད་


DTG113_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དེ་དག་རྒྱས་པར་བཀང་ལ། དེ་དག་པས་ཀྱང་ཆེས་མང་ཞིང་ཚད་མེད་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་འབུམ་རྒྱས་པར་བཀང་སྟེ། དགེ་བའི་བདུད་རྩིའི་རྒྱུན་གྱི་ཆར་ཆེན་པོས་བསམ་པ་ཇི་ལྟ་བ་བཞིན་དུ། སེམས་ཅན་རྣམས་ཀྱི་ཐོག་མ་མེད་པའི་དུས་ནས་མི་ཤེས་པ་ལས་བྱུང་བའི་ཉོན་མོངས་པའི་རྡུལ་དང༌། མེ་ལྕེ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དེ། དེའི་ཕྱིར་ན་ས་འདི་ནི་ཆོས་ཀྱི་སྤྲིན་ཞེས་བྱའོ་ཞེས་བྱ་བ་འདི་ལ་འོད་ཟེར་ཆེན་པོ་རབ་ཏུ་འབྱུང་བ་ནི་རླུང་ལྟ་བུའོ། །འཁོར་བ་ན་ལུས་རྣམ་པ་སྣ་ཚོགས་ཀྱི་ཀློང་འཁྱིལ་བ་ཀུན་དུ་སྟོན་པ་ནི་ཀློང་འཁྱིལ་བ་ལྟ་བུའོ། །ཆོས་ཀྱི་སྒྲ་ཆེན་པོ་སྒྲོགས་པ་ཞེས་བྱ་བ་ནི་ཆར་འབབ་པའི་སྒྲ་ལྟ་བུའོ། །དེ་ལྟ་བུ་སའི་ངེས་པའི་ཚིག་གིས་འདིའི་རྣམ་པར་གཞག་པ་བསྟན་ནས་མཐུ་བླ་ན་མེད་པ་དང༌། བླ་ན་ཡོད་པས་སྟོན་ཏེ། དེ་ལ་མཐུ་བླ་ན་མེད་པ་དང༌། བླ་ན་ཡོད་པ་ཉིད་ནི་གནས་དང༌། གཞི་དང༌། རང་གི་མཚན་ཉིད་དང༌། བྱ་བ་སྒྲུབ་པ་དང༌། ཡོངས་སུ་ཚིམ་བྱེད་པ་དང༌། རྒྱ་ཆེ་བ་ཉིད་དང༌། རྣམ་པ་དྲུག་ཏུ་རིག་པར་བྱའོ། །དེ་ལ་མཐུ་དེ་ནི་སེམས་ཅན་གཞན་གྱི་མཐུ་ལས་བལྟས་ཏེ་བླ་ན་མེད་པའོ། །དེ་བཞིན་གཤེགས་པའི་མཐུ་ལས་བལྟས་ཏེ་བླ་ན་ཡོད་པའོ། །དེ་ལ་གནས་ནི་རྣམ་པ་བཞི་སྟེ། རྣམ་པར་ཐར་བ་བསམ་གྱིས་མི་ཁྱབ་པ་དང༌། རྒྱ་མཚོ་ལྟར་འབྱོར་པའི་ཏིང་ངེ་འཛིན་དང༌། ཡེ་ཤེས་མངོན་པར་སྒྲུབ་པ་དང་ལྡན་པའི་གཟུངས་དང༌། རྫུ་འཕྲུལ་བྱ་བའི་མངོན་པར་ཤེས་པ་སྟེ་སྔར་བསྟན་པའོ། །གཞི་ནི་ཕྱི་རོལ་གྱི་དངོས་པོ་ས་ལ་སོགས་པ་དང༌། ནང་གི་རང་གི་ལུས་ཀྱི་དངོས་པོ་སྟེ་གང་གི་ཕྱིར། ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་གྱི་ཁམས་གཅིག་ན་ཡང་དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པ་ནས་བཟུང་སྟེ། འཕོ་བ་དང༌། གཤེགས་པ་དང༌། ལྷུམས་ན་བཞུགས་པ་དང༌། བལྟམས་པ་དང༌། མངོན་པར་འབྱུང་བ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། བསྐུལ་བ་དང༌། ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ས་ཞེས་བྱ་བའི་བར་དུ་དེ་


DTG113_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པའི་མཛད་པ་ཐམས་ཅད་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་དང༌། གདུལ་བྱ་ཇི་ལྟ་བ་བཞིན་དུ་བྱིན་གྱིས་རློབ་བོ། །དེ་བཞིན་དུ་གཉིས་ནས་འཇིག་རྟེན་གྱི་ཁམས་དེ་དག་ན་རྡུལ་ཕྲ་རབ་ཀྱི་རྡུལ་དེ་དག་ཇི་སྙེད་ཡོད་པ་དེ་དག་པས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པའི་བར་དག་ན་ཡང་དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པ་ནས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ས་ཞེས་བྱ་བའི་བར་དུ་དེ་བཞིན་གཤེགས་པའི་མཛད་པ་ཐམས་ཅད་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་དང༌། གདུལ་བྱ་ཇི་ལྟ་བ་བཞིན་དུ་བྱིན་གྱིས་རློབ་པོ་ཞེས་གསུངས་པའོ། །དེ་ལ་རང་གི་མཚན་ཉིད་ནི་རྣམ་པ་གཉིས་ཏེ། ལུས་ལ་སོགས་པ་ཡོངས་སུ་བསྒྱུར་བ་དང་སྤྲུལ་པའོ། །ཡོངས་སུ་བསྒྱུར་བ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། དོག་པ་དང་ཡངས་པར་ཡོངས་སུ་བསྒྱུར་བ་དང༌། གཞན་དུ་འགྱུར་བར་ཡོངས་སུ་བསྒྱུར་བ་དང༌། སེམས་ཅན་ཐམས་ཅད་བརྒྱན་པ་ལ་སོགས་པའི་བྱིན་གྱི་རླབས་ཀྱི་དབང་གིས་ཡོངས་སུ་བསྒྱུར་བ་སྟེ། གང་གི་ཕྱིར་ཡེ་ཤེས་ཀྱི་དབང་དེ་ལྟ་བུ་ཐོབ་ཅིང་ཤིན་ཏུ་རྣམ་པར་བརྟགས་པའི་ཡེ་ཤེས་དང༌། མངོན་པར་ཤེས་པ་དང་ལྡན་པ་དེ་འདོད་ན་འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པ་ཅན་ནི་ཡོངས་སུ་དག་པ་ཉིད་དུ་བྱིན་གྱིས་རློབ་པོ། །འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་ནི་ཀུན་ནས་ཉོན་མོངས་པ་ཅན་ཉིད་དུ་བྱིན་གྱིས་རློབ་པོ། །འདོད་ན་དོག་པ་ནི་ཡངས་པ་ཉིད་དུ་བྱིན་གྱིས་རློབ་པོ། །ཡངས་པ་ནི་དོག་པ་ཉིད་དུ་བྱིན་གྱིས་རློབ་པོ། །དེ་བཞིན་ཐ་གྲུ་ཆེ་བ་དང། རྒྱ་ཆེན་པོར་གྱུར་བ་དང༌། ཚད་མེད་པ་དང༌། ཕྲ་བ་དང༌། རགས་པ་དང༌། ཚོལ་བ་དང་སྟེང་གཡོགས་མེད་པ་དང༌། གཞི་ཕྱལ་བ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་ཁྱུ་མཆོག་ཏུ་གྱུར་པས་མངོན་པར་སྒྲུབ་པ་དེ་དང་དེར་བྱིན་གྱིས་རློབ་པོ། །འདོད་ན་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ལ། འཇིག་རྟེན་གྱི་ཁམས་ཁོང་ཡུག་དང༌། མཚོ་དང་བཅས་པ་ཐམས་ཅད་དང་ལྡན་པ་གཅིག་བྱིན་གྱིས་རློབ་སྟེ། རྡུལ་ཕ་རབ་ཀྱི་རྡུལ་དེ་ཡང་མི་སྐྱེ་ལ། བྱ་བ་དེ་དག་ཀྱང་ཀུན་དུ་སྟོན་ཏོ། །རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ལ་འཇིག་རྟེན་གྱི་ཁམས་གཉིས་དང༌། གསུམ་དང༌། བཞི་དང༌།


DTG113_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ནས་བརྗོད་དུ་མེད་པའི་བར་དུ་ཐམས་ཅད་ཀྱང་ཁོར་ཡུག་དང༌། མཚོ་དང་བཅས་པར་བྱིན་གྱིས་རློབ་སྟེ་རྡུལ་ཕྲ་རབ་ཀྱི་རྡུལ་དེ་ཡང་མི་སྐྱེ་ལ། བྱ་བ་དེ་དག་ཀྱང་ཀུན་དུ་སྟོན་ཏོ། །འདོད་ན་འཇིག་རྟེན་གྱི་ཁམས་གཅིག་ཏུ་འཇིག་རྟེན་གྱི་ཁམས་གཉིས་ཀྱི་བཀོད་པ་ཀུན་དུ་སྟོན་ཏོ། །འདོད་ན་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་བར་གྱི་བཀོད་པ་ཀུན་དུ་སྟོན་ཏོ། །འདོད་ན་འཇིག་རྟེན་གྱི་ཁམས་གཅིག་གི་བཀོད་པ་འཇིག་རྟེན་གྱི་ཁམས་གཉིས་སུ་ཀུན་དུ་སྟོན་ཏོ། །འདོད་ན་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་བར་དག་ཏུ་ཡང་ཀུན་དུ་སྟོན་ཏོ། །འདོད་ན་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་དག་ན་སེམས་ཅན་གྱི་ཁམས་ཇི་སྙེད་ཡོད་པ་དེ་དག་འཇིག་རྟེན་གྱི་ཁམས་གཅིག་ཏུ་བཀོད་དེ། སེམས་ཅན་རྣམས་ལ་གནོད་པ་ཡང་མེད་དོ། །འདོད་ན་འཇིག་རྟེན་གྱི་ཁམས་གཅིག་ན་སེམས་ཅན་གྱི་ཁམས་ཇི་སྙེད་ཡོད་པ་དེ་དག་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་དག་ཏུ་འགོད་དེ། སེམས་ཅན་རྣམས་ལ་གནོད་པ་ཡང་མེད་དོ། །འདོད་ན་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་དག་ན་འཁོད་པའི་སེམས་ཅན་རྣམས་སྐྲ་ཙམ་གྱི་ཁྱོན་གཅིག་ལ་འགོད་དེ། སེམས་ཅན་རྣམས་ལ་གནོད་པ་ཡང་མེད་དོ། །འདོད་ན་སྐྲ་ཙམ་གྱི་ཁྱོན་གཅིག་ལ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་བཀོད་པ་གཅིག་ཀུན་དུ་སྟོན་ཏོ། །འདོད་ན་སངས་རྒྱས་ཐམས་ཅད་ཡུལ་བཀོད་པ་བརྗོད་དུ་མེད་པའི་བར་དག་ཀུན་དུ་སྟོན་ཏོ་ཞེས་བྱ་བ་དང༌། འོག་ནས་འདོད་ན་སེམས་ཅན་ཐམས་ཅད་ལ་བསམ་པ་བཞིན་དུ་གཟུགས་ཀྱི་ལུས་ཀྱི་གནས་བརྒྱན་པར་བྱིན་གྱིས་རློབ་པོ། །རང་གི་ལུས་དེ་བཞིན་གཤེགས་པའི་སྐུར་བྱིན་གྱིས་རློབ་པོ་ཞེས་བྱ་བ་ལ་སོགས་པ་མདོ་ལས་འབྱུང་བ་བཞིན་ནོ། །བྱ་བ་སྒྲུབ་པ་ནི་མཆོད་པའི་སྒོ་ནས་བྱང་ཆུབ་ཀྱི་ཚོགས་བསགས་པ་སྟེ། གང་གི་ཕྱིར་འདོད་ན་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་དག་ན་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ལུས་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་སྤྲུལ་པར་བྱེད་དོ། །ལུས་རེ་རེ་ལ་ཡང་དེ་སྙེད་ཀྱི་ལག་པ་ཀུན་དུ་སྟོན་ཏོ། །ལག་པ་དེ་དག་གིས་ཀྱང་ཕྱོགས་བཅུའི་སངས་རྒྱས་རྣམས་ལ་མཆོད་པ་བྱེད་དོ། །ལག་པ་རེ་རེས་ཀྱང་མེ་ཏོག་གི་ཕུར་མ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་འཐོར་རོ། །མེ་ཏོག་ལ་ཇི་ལྟ་བ་བཞིན་དུ་སྤོས་དང༌།


DTG113_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་དང༌། བྱུག་པ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་རྣམས་དང༌། བཀོད་པ་ཐམས་ཅད་ཀྱང་དེ་བཞིན་ནོ། །ལུས་རེ་རེ་ལ་ཡང་དེ་སྙེད་ཀྱི་མགོ་བྱིན་གྱིས་རློབ་ཅིང༌། མགོ་རེ་རེ་ལ་ཡང་དེ་སྙེད་ཀྱི་ལྕེ་བྱིན་གྱིས་རློབ་སྟེ། ལྕེ་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བསྔགས་པ་བརྗོད་དོ། །སེམས་བསྐྱེད་པ་རེ་རེ་ལ་ཡང་ཕྱོགས་བཅུ་ཁྱབ་པར་འགྲོ་སྟེ། སེམས་བསྐྱེད་པ་ཙམ་གྱིས་ཀྱང་མངོན་པར་རྫོགས་པར་བྱང་ཆུབ་པ་ཚད་མེད་པ་ནས། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བཀོད་པའི་བར་དུ་བྱིན་གྱིས་རློབ་བོ། །དུས་གསུམ་གྱི་ལུས་ཚད་མེད་པ་ཡང་བྱིན་གྱིས་རློབ་སྟེ། རང་གི་ལུས་ལ་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཚད་མེད་པར་བྱིན་གྱིས་རློབ་བོ། །འཇིག་རྟེན་གྱི་ཁམས་འཇིག་པ་དང༌། འཆགས་པ་ཐམས་ཅད་ཀྱང་རང་གི་ལུས་ལ་བྱིན་གྱིས་རློབ་བོ། །རླུང་གི་དཀྱིལ་འཁོར་ཐམས་ཅད་ཀྱང་སྤུའི་ཁུང་བུ་གཅིག་ནས་འབྱིན་ཏེ་སེམས་ཅན་རྣམས་ལ་ཡང་གནོད་པ་མི་བྱེད་དོ། །འདོད་ན་རྒྱ་མཚོའི་མཐར་ཐུག་པའི་འཇིག་རྟེན་གྱི་ཁམས་ཆུའི་ཕུང་པོ་གཅིག་ཏུ་བྱིན་གྱིས་རློབ་སྟེ། དེར་ཡང་པདྨ་ཆེན་པོར་བྱིན་གྱིས་རློབ་བོ། །པདྨ་ཆེན་པོ་དེའི་འོད་ཀྱི་བཀོད་པས་ཀྱང་འཇིག་རྟེན་གྱི་ཁམས་མུ་མེད་པ་རྒྱས་པར་གང་བར་བྱེད་དེ། དེ་ལ་ཡང་བྱང་ཆུབ་ཀྱི་ཤིང་ཆེན་པོ་ཀུན་དུ་སྟོན་པས་ན། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐབས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་ཀུན་དུ་སྟོན་ཏོ། །རང་གི་ལུས་ལ་ཕྱོགས་བཅུའི་ནོར་བུ་དང༌། གློག་དང༌། ཟླ་བ་དང༌། ཉི་མའི་འོད་བྱིན་གྱིས་རློབ་པ་ནས། འོད་དང་སྣང་བ་ཐམས་ཅད་ཀྱི་བར་དུ་བྱིན་གྱིས་རློབ་བོ། །ཁའི་དབུགས་ཀྱིས་ཀྱང་ཕྱོགས་རེ་རེའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་གཡོ་བར་བྱེད་དེ། སེམས་ཅན་རྣམས་འཇིགས་པར་ཡང་མི་བྱེད་དོ། །ཕྱོགས་བཅུའི་རླུང་གིས་འཇིག་པ་དང༌། མེས་འཇིག་པ་དང༌། ཆུས་འཇིག་པར་ཡང་བྱིན་གྱིས་རློབ་བོ། །འདོད་ན་སེམས་ཅན་ཐམས་ཅད་ལ་བསམ་པ་བཞིན་དུ་གཟུགས་ཀྱི་ལུས་ཀྱི་གནས་བརྒྱན་པར་བྱིན་གྱིས་རློབ་བོ། །རང་གི་ལུས་དེ་བཞིན་གཤེགས་པའི་སྐུར་བྱིན་གྱིས་རློབ་བོ། །དེ་བཞིན་གཤེགས་པའི་སྐུ་རང་གི་ལུས་སུ་བྱིན་གྱིས་རློབ་བོ། །དེ་


DTG113_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པའི་སྐུ་རང་གི་སངས་རྒྱས་ཀྱི་ཞིང་དུ་བྱིན་གྱིས་རློབ་བོ། །རང་གི་སངས་རྒྱས་ཀྱི་ཞིང་དེ་བཞིན་གཤེགས་པའི་སྐུར་བྱིན་གྱིས་རློབ་བོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་དེ་དག་དང༌། གཞན་ཡང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པ་དག་ཀུན་དུ་སྟོན་ཏོ་ཞེས་གསུངས་པའོ། །ཡོངས་སུ་ཚིམ་པར་བྱེད་པ་ནི་ཐེ་ཚོམ་དུ་གྱུར་པ་རྣམས་ལ་རང་གི་མཐུ་ཀུན་དུ་བསྟན་པ་དང༌། ཆོས་ཐམས་ཅད་བཤད་པ་སྟེ་གང་གི་ཕྱིར། དེ་ནས་འཁོར་དེའི་བྱང་ཆུབ་སེམས་དཔའ་ཁ་ཅིག་དང༌། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བ་དང༌། དབང་ཕྱུག་ཆེན་པོ་དང༌། གནས་གཙང་མ་པ་ཁ་ཅིག་འདི་སྙམ་དུ་སེམས་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་མངོན་པར་འདུ་བྱ་བའི་སྤྱོད་ཡུལ་ཡང་དེ་ལྟར་ཚད་མེད་ན། དེ་བཞིན་གཤེགས་པ་རྣམས་ཀྱི་རྫུ་འཕྲུལ་ཅི་འདྲ་བ་ཞིག་ཡོད་སྙམ་པ་དང༌། དེ་ནས་ཡང་བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས་འཁོར་དེའི་སེམས་ཀྱི་བསམ་པའི་རྣམ་པར་རྟོག་པ་ཤེས་ནས། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་ཀྱེ་མ་འཁོར་འདི་ཐེ་ཚོམ་དུ་གྱུར་ན། དེ་དག་གི་ཐེ་ཚོམ་གཅད་པའི་ཕྱིར། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་བཀོད་པ་ཅུང་ཟད་ཅིག་ལེགས་པར་བསྟན་པ་མཛོད་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་དེའི་ཚེ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ཚོགས་ཀྱི་རང་བཞིན་ཀུན་དུ་སྟོན་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། །བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ཚོགས་རང་བཞིན་ཀུན་དུ་སྟོན་པ་ལ་སྙོམས་པར་ཞུགས་མ་ཐག་ཏུ། དེ་ནས་དེ་ཉིད་ཀྱི་ཚེ་བྱང་ཆུབ་སེམས་དཔའི་འཁོར་དེ་དག་ཐམས་ཅད་དང༌། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བ་དང༌། དབང་ཕྱུག་ཆེན་པོ་དང༌། གནས་གཙང་མ་པའི་འཁོར་ཐམས་ཅད་


DTG113_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོའི་ལུས་ཀྱི་ཁོར་ན་འཁོད་པར་རང་རང་གིས་ཤེས་པར་གྱུར་ཏེ། དེར་སངས་རྒྱས་ཀྱི་ཞིང་མངོན་དུ་གྲུབ་པར་ཤེས་སོ། །སངས་རྒྱས་ཀྱི་ཞིང་དེ་ན་རྣམ་པ་དང༌། བཀོད་པ་གང་དག་ཡོད་པ་དེ་དག་ཀྱང་བསྐལ་པ་བྱེ་བ་ཚང་བས་ཀྱང་བརྗོད་པར་སླ་བ་མ་ཡིན་ནོ། །དེར་བྱང་ཆུབ་ཀྱི་ཤིང་སྟོང་གསུམ་འདུ་མ་ཕྲག་བཅུར་ཁྱབ་པའི་སྡོང་པོ་ཅན། སྟོང་གསུམ་བྱེ་བ་ཡོངས་སུ་ཚང་བ་ཙམ་དུ་ཤིན་ཏུ་རྒྱས་པ་ཚད་མེད་པའི་ཡལ་ག་ཅན། རྩེ་མོ་ཤིན་ཏུ་མཐོ་བ་བྱུང་སྟེ། དེ་དང་རྐྱེན་དུ་འབབ་པར་བྱང་ཆུབ་ཀྱི་སྙིང་པོ་དེ་ལ་སེང་གེའི་ཁྲི་རྒྱ་ཆེན་པོ་བྱུང་ནས། དེ་ལ་དེ་བཞིན་གཤེགས་པ་མངོན་པར་ཤེས་པའི་བློ་གྲོས་ཐམས་ཅད་ཀྱི་རྒྱལ་པོ་ཞེས་བྱ་བ་བྱང་ཆུབ་ཀྱི་སྙིང་པོ་དམ་པར་གཤེགས་ཏེ་བཞུགས་པར་མཐོང་ངོ༌། །དེ་ལྟར་དེ་ན་བཀོད་པ་ཇི་སྙེད་པར་གྱུར་པ་དེ་དག་ནི་བསྐལ་པ་བྱེ་བ་ཚང་བས་ཀྱང་བརྗོད་པར་སླ་བ་མ་ཡིན་ནོ། །དེ་ལ་ཆོ་འཕྲུལ་ཆེན་པོ་དེ་བསྟན་ནས་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་འཁོར་དེ་དང༌། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བ་དང༌། དབང་ཕྱུག་ཆེན་པོ་དང༌། གནས་གཙང་མའི་འཁོར་ཐམས་ཅད་ན་གནས་པ་ཇི་ལྟ་བ་བཞིན་དུ་འཁོད་པ་དང༌། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དང་རྨད་དུ་གྱུར་ནས། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་དེ་ཉིད་ལ་ངེས་པར་སེམས་ཤིང་འཁོད་པར་གྱུར་ཏོ་ཞེས་གསུངས་པ་སྟེ། དེ་ལྟར་ཐེ་ཚོམ་དུ་གྱུར་པ་རྣམས་ལ། རང་གི་མཐུ་ཀུན་དུ་བསྟན་པས་ཡོངས་སུ་ཚིམ་པར་བྱེད་པ་བསྟན་ཏོ། །ཆོས་ཐམས་ཅད་བསྟན་པ་ཇི་ལྟ་བུ་ཞེ་ན། གང་གི་ཕྱིར་འོག་ནས་དེ་ནི་དེ་བས་ཀྱང་ཤས་ཆེར་བསྐལ་བ་དུ་མ་དང༌། བསྐལ་པ་སྟོང་ཕྲག་དུ་མ་དང༌། བསྐལ་པ་འབུམ་ཕྲག་དུ་མ་དང༌། བསྐལ་པ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང༌། བསྐལ་པ་བྱེ་བ་ཕྲག་དུ་མ་དང༌། བསྐལ་པ་བྱེད་པ་བརྒྱ་ཕྲག་དུ་མ་དང༌། བསྐལ་པ་བྱེ་བ་སྟོང་ཕྲག་དུ་མ་དང༌། བསྐལ་པ་བྱེ་བ་འབུམ་ཕྲག་དུ་མ་དང༌། བསྐལ་བ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མར་ཆོས་ཀྱི་དབྱིངས་ཡོངས་སུ་དྲིས་པ་བསྟན་པ་རྣམས་ལ་མི་


DTG113_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོགས་པ་ཡིན་ནོ་ཞེས་གསུངས་པའོ། །རྒྱ་ཆེན་པོ་ནི་རྣམ་པ་གཉིས་ཏེ། མཐུ་རྒྱ་ཆེ་བ་དང༌། གྲངས་རྒྱ་ཆེ་བའོ། །དེ་ཡང་ས་འོག་མ་ཐམས་ཅད་ལས་ཁྱད་པར་འཕགས་པའོ། །དེ་ལ་མཐུ་རྒྱ་ཆེ་བ་ནི་གང་གི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་འདི་ལྟར་ཏིང་ངེ་འཛིན་འདིའི་ཡུལ་བཀོད་པའི་མཐུ་དེ་ནི་བསམ་གྱིས་མི་ཁྱབ་སྟེ། ངོ་མཚར་རྨད་དུ་བྱུང་བ་ཡིན་ན། ཀྱེ་རྒྱལ་བའི་སྲས་ཏིང་ངེ་འཛིན་འདིའི་མིང་ཅི་ཞེས་བྱ། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་བོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་ཏིང་ངེ་འཛིན་འདི་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ཚོགས་ཀྱི་རང་བཞིན་ཀུན་དུ་སྟོན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས་སྨྲས་པ། ཀྱེ་རྒྱལ་བའི་སྲས་ཏིང་ངེ་འཛིན་འདིའི་སྤྱོད་ཡུལ་དང༌། ཡུལ་གྱི་བཀོད་པ་ཇི་ལྟ་བུ། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ལ་ཤིན་ཏུ་བསྒོམ་པ་ནི་འདོད་ན་སངས་རྒྱས་ཀྱི་ཞིང་འདི་འདྲ་བ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དམ། དེ་བས་ཀྱང་མང་དུ་རང་གི་ལུས་ལས་ཀུན་དུ་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་འདྲ་བ་འབུམ་ཕྲག་མང་པོ་འཐོབ་སྟེ། དེས་ན་བྱང་ཆུབ་སེམས་དཔའ་དེའི་ལུས་སམ། ལུས་ཀྱི་ལས་ནི་བྱང་ཆུབ་སེམས་དཔའ་རྒྱལ་ཚ་བ་ཐོབ་པ། བྱང་ཆུབ་སེམས་དཔའི་ས་ལེགས་པའི་བློ་གྲོས་ཅན་ལ་གནས་པ་དག་གིས་ཀྱང་ཤེས་པར་སླ་བ་མ་ཡིན་ནོ། །ངག་གམ་ངག་གི་ལས་ཀྱང་ཤེས་པར་སླ་བ་མ་ཡིན་ནོ། །ཡིད་དམ་ཡིད་ཀྱི་ལས་ཀྱང་ཤེས་པར་སླ་བ་མ་ཡིན་ནོ། །རྫུ་འཕྲུལ་ཡང་ཤེས་པར་སླ་བ་མ་ཡིན་ནོ། །དུས་གསུམ་ལ་རྣམ་པར་ལྟ་བ་ཡང་ཤེས་པར་སླ་བ་མ་ཡིན་ནོ། །ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལ་འཇུག་པ་ཡང་ཤེས་པར་སླ་བ་མ་ཡིན་ནོ། །ཡེ་ཤེས་ཀྱི་ཡུལ་ཡང་ཤེས་པར་སླ་བ་མ་ཡིན་ནོ། །རྣམ་པར་ཐར་པས་རྣམ་པར་རྩེ་བ་ཡང་ཤེས་པར་སླ་བ་མ་ཡིན་ནོ། །སྤྲུལ་པའི་ལས་སམ། བྱིན་གྱི་རླབས་ཀྱི་ལས་སམ། མཐུའི་ལས་ཀྱང་


DTG113_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་སླ་བ་མ་ཡིན་པ་ནས་མདོར་བསྡུ་ན་གོམ་པ་འཇོག་ཅིང་འདེགས་པའི་ལས་ཀྱི་བར་དུ་ཡང་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་ཐོབ་པ། བྱང་ཆུབ་སེམས་དཔའི་ས་ལེགས་པའི་བློ་གྲོས་ཅན་ལ་གནས་པ་དག་གིས་ཀྱང་ཤེས་པར་སླ་བ་མ་ཡིན་ཏེ་ཞེས་གསུངས་པའོ། །གྲངས་རྒྱ་ཆེ་བ་ནི་གང་གི་ཕྱིར། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་འདི་ནི་མདོར་བསྡུས་ཏེ་བསྟན་ན་ཡང་དེ་ལྟར་ཚད་མེད་པ་སྟེ། རྒྱ་ཆེར་ནི་བསྐལ་པ་གྲངས་མེད་པ་འབུམ་ཕྲག་དུ་མས་བསྟན་ཀྱང་མཐར་ཐུག་པར་མི་འགྱུར་བར་ཤེས་པར་བྱའོ་ཞེས་གསུངས་པའོ། །ད་ནི་གྲངས་རྒྱ་ཆེ་བ་དེ་ཉིད་ཡང་དག་པར་བསྟན་པའི་ཕྱིར་དང༌། དེ་བཞིན་གཤེགས་པའི་ས་མཐའ་དག་བསྟན་པར་མི་ནུས་པ་སྟོན་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས་སྨྲས་པ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་ཡུལ་གྱི་བྱིན་གྱིས་བརླབས་པ་འདི་ཡང་དེ་ལྟར་ཚད་མེད་ན་དེ་བཞིན་གཤེགས་པའི་སྤྱོད་ཡུལ་དང༌། ཡུལ་ལ་འཇུག་པ་ཅི་འདྲ། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་གིས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ནས་རྡེའུ་རྒྱ་ཤུག་གི་ཚི་གུ་ཙམ་གཉིས་སམ་གསུམ་ཞིག་བླངས་ཏེ། འདི་སྐད་དུ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དག་ན་སའི་ཁམས་ཇི་སྙེད་ཅིག་ཡོད། རྡེའུ་འདི་ལས་ཇི་ཙམ་ཞིག་གི་ལྷག་པར་འཕགས་ཤིང་ལྷག་པར་ཚད་མེད་ཅེས་ཟེར་བ་ཞིག་ཡོད་ན། ཀྱེ་རྒྱལ་བའི་སྲས་དེ་ལྟར་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་ཚད་མེད་པ་མངའ་བ་རྣམས་ཀྱི་ཆོས་ཉིད་ལ། བྱང་ཆུབ་སེམས་དཔའི་ཆོས་ཉིད་ཀྱིས་འཇལ་བ་ནི་ཁྱོད་ཀྱི་ཚིག་འདི་དེ་དང་འདྲ་བར་བདག་གིས་དབགས་སོ། །ཀྱེ་རྒྱལ་བའི་སྲས་ཇི་ལྟར་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ནས་གང་བླངས་པའི་སའི་ཁམས་ནི་ཆུང་ལ། ལྷག་མ་ལས་པ་ནི་ཚད་མེད་པ་དེ་བཞིན་དུ། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་འདི་ཁོ་ན་ཡང་བསྐལ་པ་དཔག་ཏུ་མེད་པར་བསྟན་ཀྱང་ཕྱོགས་ཙམ་ཞིག་བསྟན་དུ་ཟད་ན། དེ་བཞིན་གཤེགས་པའི་ས་ལྟ་སྨོས་


DTG113_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཅི་དགོས། ཀྱེ་རྒྱལ་བའི་སྲས་ཁྱོད་མོས་པར་བྱའོ། །ཁོང་དུ་ཆུད་པར་བྱའོ། །དེ་བཞིན་གཤེགས་པ་འདི་བདག་གི་མདུན་ན་དཔང་དུ་བཞུགས་ཏེ། ཀྱེ་རྒྱལ་བའི་སྲས་གལ་ཏེ་ཕྱོགས་བཅུའི་ཕྱོགས་རེ་རེའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མུ་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཅིག། ས་འདི་ལྟ་བུ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་ལྟ་སྟེ། དཔེར་ན་བུ་རམ་ཤིང་གི་ཚལ་ལམ། འོད་མའི་ཚལ་ལམ། འདམ་བུའི་ཚལ་ལམ། ཏིལ་གྱི་ཚལ་བཞིན་དུ་ཡོངས་སུ་གང་བར་གྱུར་ཀྱང༌། དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་མངོན་པར་བསྒྲུབ་པར་བསྐལ་པ་དཔག་ཏུ་མེད་པ་མངོན་པར་བསྒྲུབས་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་སྐད་ཅིག་གཅིག་ལ་བྱུང་བའི་དེ་བཞིན་གཤེགས་པའི་ཡུལ་གྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང༌། འབུམ་གྱི་ཆ་དང༌། བྱེ་བའི་ཆ་དང༌། བྱེ་བ་བརྒྱའི་ཆ་དང༌། བྱེ་བ་སྟོང་གི་ཆ་དང༌། བྱེ་བ་འབུམ་གྱི་ཆ་དང༌། བྱེ་བ་ཁྲག་ཁྲིག་འབུམ་གྱི་ཆ་དང༌། གྲངས་དང༌། ཆ་དང༌། བགྲང་བ་དང༌། དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོ་བ་ནས། བསྐྲུན་པ་ཙམ་གྱི་བར་དུ་ཉེ་བར་མི་འགྲོའོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་བྱང་ཆུབ་སེམས་དཔའ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པ་ནི་དེ་བཞིན་གཤེགས་པའི་སྐུ་དང༌། གསུང་དང་ཐུགས་གཉིས་སུ་མེད་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྟོབས་ཀྱང་མི་གཏོང་ལ། སངས་རྒྱས་ལ་ལྟ་བ་དང༌། མཆོད་པ་དང༌། རིམ་གྲོ་ཡང་རབ་ཏུ་བྱེད་དེ། བསྐལ་པ་རེ་རེ་ལ་ཡང་དེ་བཞིན་གཤེགས་པ་མཐའ་ཡས་པ་དག་ལ་རྣམ་པ་ཐམས་ཅད་མངོན་པར་སྒྲུབ་པའི་མཆོད་པ་རྒྱ་ཆེན་པོ་དང་ལྡན་པའི་མཆོད་པ་དག་གིས་མཆོད་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བྱི་གཉི་རླབས་དང༌། སྣང་བ་ཡང་ཡང་དག་པར་ལེན་ཏོ་ཞེས་བྱ་བ་དང༌། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་ལྷའི་རྒྱན་ཆེན་པོའི་རྣམ་པ་མཁན་བཟོས་མ་བྱས་པ། རིན་པོ་ཆེ་ཆེན་པོས་སྤྲས་པ། ལྷའི་རྒྱལ་པོ་དབང་སྒྱུར་གྱི་ཡན་ལག་གི་དམ་པ་མགོའམ་མགུལ་དུ་བཏགས་ན་དེ་མ་ཡིན་པའི་ལྷ་དང་མིའི་རྒྱན་ལྷབ་ལྷུབ་ཀྱི་རྣམ་པ་དག་གིས་མི་འཕྲོགས་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་འདི་ཐོབ་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་རྒྱུ་བ་དེ་དག་ཀྱང༌། སེམས་ཅན་


DTG113_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང༌། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའི་ས་དང་པོ་ཡན་ཆད་བྱང་ཆུབ་སེམས་དཔའི་ས་དགུ་པ་ཐོབ་པའི་བར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་མི་འཕྲོགས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་སྣང་བ་ནི་སེམས་ཅན་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་ལ་འཛུད་པར་འགྱུར་བས་དེ་མ་ཡིན་པའི་ཡེ་ཤེས་ཀྱི་སྣང་བ་དག་གིས་མི་འཕྲོགས་སོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་ལྷའི་རྒྱལ་པོ་དབང་ཕྱུག་ཆེན་པོའི་འོད་ནི་སྐྱེ་བའི་གནས་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ཏེ། སེམས་ཅན་རྣམས་ཀྱི་ལུས་ཀྱང་ཚིམ་པར་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་བཅུ་པ་ཆོས་ཀྱི་སྤྲིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་སྣང་བ་ཡང་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་དཔའི་ས་དང་པོ་ཡན་ཆད་བྱང་ཆུབ་སེམས་དཔའི་ས་དུག་པ་ཐོབ་པའི་བར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་མི་འཕྲོགས་པ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཡང་སེམས་ཅན་རྣམས་རབ་ཏུ་འཇོག་གོ་ཞེས་གསུངས་པའོ། །བགྲོད་པ་གསུམ་ཤེས་པ་ལ་སོགས་པ་ཡང་དག་པར་སྒྲོགས་པས་ནི་ལམ་གསུམ་ཡང་དག་པར་སྒྲོགས་ཏེ། ལམ་གསུམ་ལ་ཐེ་ཚོམ་བཅད་པའི་ལམ་ནི་གང་གི་ཕྱིར། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པ་དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་བགྲོད་པ་གསུམ་ཤེས་པ་ཡང་དག་པར་སྟོན་ཏོ། །ཆོས་ཀྱི་དབྱིངས་རབ་ཏུ་དབྱེ་བ་ཤེས་པ་ཞེས་གསུངས་པའོ། །བགྲོད་པ་གསུམ་ཞེས་བྱ་བ་ནི་ལམ་གསུམ་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་གཤེགས་པའི་གསང་བ་སྒྲོགས་པས་མངོན་པར་ཤེས་པ་མྱུར་བ་ཉིད་ཀྱི་ལམ་ནི་གང་གི་ཕྱིར། འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་འགེངས་པ་ཞེས་གསུངས་པའོ། །བྱིན་གྱི་རླབས་མཚུངས་པ་ཉིད་ཀྱི་ལས་ནི་བྱིན་གྱི་རླབས་མཚུངས་པ་ཉིད་རྣམ་པ་གསུམ་དུ་རེག་པར་བྱ་སྟེ། ཞིང་ཡོངས་སུ་དག་པའི་མཚུངས་པ་ཉིད་ཀྱི་བྱིན་གྱི་རླབས་དང༌། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཆོས་སྟོན་


DTG113_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྣང་བའི་མཚུངས་པ་ཉིད་ཀྱི་བྱིན་གྱིས་རླབས་དང༌། མངོན་པར་རྫོགས་པར་བྱང་ཆུབ་པའི་མཚུངས་པ་ཉིད་ཀྱི་བྱིན་གྱི་རླབས་ཏེ། གང་གི་ཕྱིར་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱིན་གྱིས་བརླབས་པ་དང༌། སེམས་ཅན་དང༌། ཞིང་དང༌། ཆོས་ཐམས་ཅད་ཡོངས་སུ་ཤེས་པའི་ཤེས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་འཇུག་པ་ཤེས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་ཡོངས་སུ་སྨིན་པའི་དུས་ཇི་ལྟ་བ་བཞིན་དུ་ཤེས་པ་དང༌། འདུལ་བ་ལས་མི་གཡོ་བ་དང༌། ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པའི་རྣམ་པར་དབྱེ་བ་ཤེས་པ་ལ་མཁས་པ་དང༌། མདོར་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད་པའི་བར་དག་ཡང་དག་པར་སྟོན་ཏོ་ཞེས་གསུངས་པའོ། །དེ་ལྟར་མཐུ་བླ་ན་ཡོད་པས་ས་འདིའི་རྣམ་པར་གཞག་པ་བསྟན་ནས་སའི་དཔེ་སྟོན་ཏོ། །དེ་ལ་སའི་དཔེ་ནི་མཚོ་དང༌། རི་དང༌། རྒྱ་མཚོ་དང༌། ནོར་བུ་བཻ་ཌཱུཪྻས་ཡོན་ཏན་རྣམ་པ་བཞིར་རིག་པར་བྱའོ། །ཡོན་ཏན་རྣམ་པ་བཞི་ནི་སྒྲུབ་པའི་ཡོན་ཏན་དང༌། མཆོག་གི་ཡོན་ཏན་དང༌། ངེས་པར་འབྱུང་དཀའ་བའི་ངེས་པར་འབྱུང་བར་འབྲས་བུ་ཆེ་བ་ཉིད་ཀྱི་ཡོན་ཏན་དང༌། མཐར་ཐུག་པར་ཡོངས་སུ་བསྔོ་བའི་ཡོན་ཏན་ནོ། །དེ་ལ་སྒྲུབ་པའི་ཡོན་ཏན་ནི་སྨོན་ལམ་ལ་བརྟེན་ནས་བསྡུ་བའི་དངོས་པོ་བཞིས་གཞན་གྱི་དོན་སྒྲུབ་པ་དང༌། རང་གི་དགེ་བའི་རྩ་བ་འཕེལ་ཏེ་བྱང་ཆུབ་ཐོབ་པར་བྱེད་པས། རང་གི་དོན་སྒྲུབ་པར་རིག་པར་བྱ་སྟེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་བཅུ་པོ་དེ་དག་ནི། རིམ་གྱིས་མངོན་དུ་ཕྱོགས་པ་རྣམ་པ་ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སོང་བ་རྗེས་སུ་སོང་བར་བལྟའོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་མཚོ་ཆེན་པོ་མ་དྲོས་པ་ལས་བྱུང་བའི་འབབ་ཆུ་ནི། ཀླུང་གི་རྒྱུན་གྱི་སྒོ་བཞིས་འཛམ་བུའི་གླིང་ཀུན་དུ་ངོམས་པར་བྱས་ཀྱང་མི་ཟད་ལ་རྣམ་པར་འཕེལ་ཏེ། སེམས་ཅན་དཔག་ཏུ་མེད་པ་དག་ལ་ཕན་པར་གྱུར་ཅིང༌། རྒྱ་མཚོ་ཆེན་པོའི་བར་དུ་ཞེན་པར་འགྱུར་ཏེ། ཆུ་དེ་ནི་ཐོག་མ་ཉིད་ནས་རྒྱ་མཚོ་ཆེན་པོ་ལ་མངོན་དུ་ཕྱོགས་པ་ཡིན་ནོ། །


DTG113_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་རྒྱལ་བའི་སྲས་དེ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱི་མཚོ་ཆེན་པོ་ལས་བྱུང་པའི་དགེ་བའི་རྩ་བའི་འབབ་ཆུ་ཡང༌། སྨོན་ལམ་ཆེན་པོའི་རྒྱུན་གྱི་སྒོ་བསྡུ་བའི་དངོས་པོ་བཞིས་སེམས་ཅན་གྱི་ཁམས་ཀུན་དུ་ངོམས་པར་བྱས་ཀྱང་མི་ཟད་ལ་རྣམ་པར་འཕེལ་ཏེ། སེམས་ཅན་དཔག་ཏུ་མེད་པ་དག་ལ་ཕན་པར་གྱུར་ཅིང༌། རྣམ་པ་ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་གྱི་རྒྱ་མཚོ་ཆེན་པོ་ལ་ཞེན་པར་བྱེད་དེ། དགེ་བའི་རྩ་བའི་ཆུ་དེ་ནི་ཐོག་མ་ནས་ཀྱང༌། ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱ་མཚོ་ཆེན་པོ་ལ་མངོན་དུ་ཕྱོགས་པ་ཡིན་ནོ་ཞེས་གསུངས་པའོ། །ཐམས་ཅད་མཁྱེན་པའི་སྐབས་ཡིན་པས་མཆོག་ཉིད་ཀྱི་ཡོན་ཏན་ནི་གང་གི་ཕྱིར། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ས་བཅུ་པོ་དེ་དག་ནི། སངས་རྒྱས་ཀྱི་ཡེ་ཤེས་ལ་བརྟེན་ནས་ཡོད་པར་འགྱུར་ཏེ། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་ས་ཆེན་པོ་ལ་བརྟེན་ནས། རིའི་རྒྱལ་པོ་ཆེན་པོ་བཅུ་ཡོད་པར་གྱུར་པ་འདི་ལྟ་སྟེ། རིའི་རྒྱལ་པོ་ཆེན་པོ་གང་རི་དང༌། སྤོས་ངད་ལྡང་དང༌། རྣམ་པར་འདལ་དང༌། དྲང་སྲོང་རི་དང༌། གཉའ་ཤིང་འཛིན་དང༌། རྟ་རྣ་རི་དང༌། མུ་ཁྱུད་འཛིན་དང༌། ཁོར་ཡུག་དང༌། ཏོག་ཅན་དང༌། རིའི་རྒྱལ་པོ་ཆེན་པོ་རི་རབ་བོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་རིའི་རྒྱལ་པོ་ཆེན་པོ་གངས་རི་ནི། སྨན་གྱི་རྣམ་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཏེ། སྨན་གྱི་རྣམ་པ་ཐམས་ཅད་བླང་བས་ཐུག་པར་འགྱུར་བ་མེད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང༌། འཇིག་རྟེན་པའི་སྙན་དངགས་དང༌། བསྟན་བཅོས་དང༌། གསང་སྔགས་དང༌། རིག་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཏེ། འཇིག་རྟེན་པའི་སྙན་དངགས་དང༌། བསྟན་བཅོས་དང༌། གསང་སྔགས་དང༌། རིག་པ་ཐམས་ཅད་འདོན་པས་ཐུག་པར་འགྱུར་བ་མེད་དོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་རིའི་རྒྱལ་པོ་ཆེན་པོ་སྤོས་ཀྱི་ངད་ལྡང་ནི། སྤོས་ཀྱི་རྣམ་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཏེ། སྤོས་


DTG113_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣམ་པ་ཐམས་ཅད་བླང་བས་ཐུག་པར་འགྱུར་བ་མེད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་དྲི་མ་མེད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང༌། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང༌། སྡོམ་པ་དང༌། སྤྱོད་པ་ཐམས་ཅད་ཀྱི་སྤོས་ཀྱི་འབྱུང་གནས་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་དང༌། སྡོམ་པ་དང༌། སྤྱོད་པ་ཐམས་ཅད་ཀྱི་སྤོས་ཀྱིས་ཐུག་པར་འགྱུར་བ་མེད་དོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་ཆེན་པོ་རྣམ་པར་འདལ་ནི་དངོས་རིན་པོ་ཆེ་འབའ་ཞིག་ཡིན་ཞིང༌། རིན་པོ་ཆེའི་རྣམ་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཏེ། རིན་པོ་ཆེའི་རྣམ་པ་ཐམས་ཅད་བླང་བས་ཐུག་པར་འགྱུར་བ་མེད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་འོད་བྱེད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང༌། འཇིག་རྟེན་པའི་བསམ་གཏན་དང༌། མངོན་པར་ཤེས་པ་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཏེ། འཇིག་རྟེན་པའི་བསམ་གཏན་དང༌། མངོན་པར་ཤེས་པ་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་ཐམས་ཅད་ཡོངས་སུ་དྲིས་པ་བསྟན་པ་རྣམས་ཀྱིས་ཐུག་པར་འགྱུར་བ་མེད་དོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་ཆེན་པོ་དྲང་སྲོང་ནི། དངོས་རིན་པོ་ཆེ་འབའ་ཞིག་ཡིན་ཞིང༌། དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྣམས་ཀྱི་འབྱུང་གནས་ཡིན་ཏེ། དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པར་ནམས་བགྲང་བས་ཐུག་པར་འགྱུར་བ་མེད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་འོད་འཕྲོ་ཅན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང༌། ལམ་དང་ལམ་མ་ཡིན་པ་གཞན་གྱི་ཁྱད་པར་ཐམས་ཅད་ཤེས་པའི་འབྱུང་གནས་ཡིན་ཏེ། ལམ་དང་ལམ་མ་ཡིན་པ་གཞན་གྱི་ཁྱད་པར་ཐམས་ཅད་ཤེས་པ་ཡོངས་སུ་སྲིས་པ་བསྟན་པ་རྣམས་ཀྱིས་ཐུག་པར་འགྱུར་བ་མེད་དོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་ཆེན་པོ་གཉའ་ཤིང་འཛིན་ནི་དངོས་རིན་པོ་ཆེ་འབའ་ཞིག་ཡིན་ཞིང༌། གནོད་སྦྱིན་རྫུ་འཕྲུལ་ཆེན་


DTG113_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་ལྡན་པ་རྣམས་ཀྱི་འབྱུང་གནས་ཡིན་ཏེ། གནོད་སྦྱིན་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་བགྲད་པས་ཐུག་པར་འགྱུར་བ་མེད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་ཤིན་ཏུ་སྦྱང་དཀའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་མངོན་པར་ཤེས་པའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་དང༌། ཆོ་འཕྲུལ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཏེ། མངོན་པར་ཤེས་པའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་དང༌། ཆོ་འཕྲུལ་ཐམས་ཅད་ཡོངས་སུ་དྲིས་པ་བསྟན་པ་རྣམས་ཀྱིས་ཐུག་པར་འགྱུར་བ་མེད་དོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན་རིའི་རྒྱལ་པོ་ཆེན་པོ་རྟ་རྣ་རི་ནི་དངོས་རིན་པོ་ཆེ་འབའ་ཞིག་ཡིན་ཞིང༌། འབྲས་བུའི་རྣམ་པ་ཐམས་ཅད་བླང་བས་ཐུགས་པར་འགྱུར་བ་མེད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་མངོན་དུ་གྱུར་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པ་བསྟན་པའི་འབྱུང་གནས་ཡིན་ཏེ། ཉན་ཐོས་ཀྱི་འབྲས་བུ་དང༌། མངོན་པར་རྟོགས་པ་ཡོངས་སུ་དྲིས་པ་བསྟན་པ་རྣམས་ཀྱིས་ཐུག་པར་འགྱུར་བ་མེད་དོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་ཆེན་པོ་མུ་ཁྱུད་འཛིན་ནི་དངོས་རིན་པོ་ཆེ་འབའ་ཞིག་ཡིན་ཞིང༌། ཀླུ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཏེ། ཀླུ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་ཐམས་ཅད་བགྲང་བས་ཐུག་པར་འགྱུར་བ་མེད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་རིང་དུ་སོང་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་ཐབས་དང་ཤེས་རབ་བསྟན་པའི་འབྱུང་གནས་ཡིན་ཏེ། རང་སངས་རྒྱས་ཀྱི་འབྲས་བུ་དང༌། མངོན་པར་རྟོགས་པར་ཡོངས་སུ་དྲིས་པ་བསྟན་པ་རྣམས་ཀྱིས་ཐུགས་པར་འགྱུར་བ་མེད་དོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་ཆེན་པོ་ཁོར་ཡུག་ནི་དངོས་རིན་པོ་ཆེ་འབའ་ཞིག་ཡིན་ཞིང༌། དབང་དུ་གྱུར་པ་རྣམས་ཀྱི་འབྱུང་གནས་ཡིན་ཏེ། དབང་དུ་གྱུར་པ་རྣམས་བགྲང་བས་ཐུག་པར་འགྱུར་བ་མེད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔའི་དབང་མངོན་པར་བསྒྲུབ་པ་ཡོངས་སུ་དྲིས་པ་བསྟན་པ་རྣམས་ཀྱི་འབྱུང་གནས་ཡིན་ཏེ། འཇིག་རྟེན་གྱི་ཁམས་རྣམས་པར་དབྱེ་བ་ཡོངས་སུ་དྲིས་པ་


DTG113_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་རྣམས་ཀྱིས་ཐུག་པར་འགྱུར་བ་མེད་དོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་ཆེན་པོ་ཏོག་དང་ལྡན་པ་ནི་དངོས་རིན་པོ་ཆེ་འབའ་ཞིག་ཡིན་ཞིང༌། ལྷ་མ་ཡིན་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་རྣམས་ཀྱི་འབྱུང་གནས་ཡིན་ཏེ། ལྷ་མ་ཡིན་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་བགྲང་བས་ཐུག་པར་འགྱུར་བ་མེད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་ལེགས་པའི་བློ་གྲོས་ཅན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་གྱི་འཇུག་པ་དང༌། ལྡོག་པ་ཐམས་ཅད་ཤེས་པའི་སྤྱོད་པའི་འབྱུང་གནས་ཡིན་ཏེ། འགྲོ་བ་ཐམས་ཅད་ཀྱི་འབྱུང་བ་དང་འཇིག་པ་ཡོངས་སུ་དྲིས་པ་བསྟན་པ་རྣམས་ཀྱིས་ཐུགས་པར་འགྱུར་བ་མེད་དོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་ཆེན་པོ་རི་རབ་ནི་དངོས་པོ་རིན་པོ་ཆེ་འབའ་ཞིག་ཡིན་ཞིང༌། ལྷ་ཀླུ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་རྣམས་ཀྱི་འབྱུང་གནས་ཡིན་ཏེ། ལྷ་ཀླུ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་བགྲང་བས་ཐུག་པར་འགྱུར་བ་མེད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་གཤེགས་པའི་སྟོབས་དང༌། མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་འབྱུང་གནས་ཡིན་ཏེ། སངས་རྒྱས་ཀྱི་ཕྲིན་ལས་ཡང་དག་པར་བསྟན་པ་ཡོངས་སུ་དྲིས་པ་བསྟན་པ་རྣམས་ཀྱིས་ཐུག་པར་འགྱུར་བ་མེད་དོ་ཞེས་གསུངས་པའོ། །རིན་པོ་ཆེ་འབའ་ཞིག་གི་རིའི་དཔེ་སྨོས་པ་ནི་ས་བརྒྱད་པ་དག་འདོད་ཆགས་དང་བྲལ་བ་དག་པའི་ས་ཡིན་པའི་ཕྱིར་རོ། །རི་དེ་དག་ནི་སེམས་ཅན་མ་ཡིན་པར་བརྗོད་པའི་དངོས་པོ་དང༌། སེམས་ཅན་དུ་བརྗོད་པའི་འབྱུང་གནས་ཡིན་ནོ། །སེམས་ཅན་མ་ཡིན་པར་བརྗོད་པའི་དངོས་པོ་ཡང་རྣམ་པ་གཉིས་ཏེ། ཡོངས་སུ་སྤྱད་པའི་དངོས་པོ་དང༌། རིན་པོ་ཆེ་ཞེས་བརྗོད་པའི་ཡོངས་སུ་འཛིན་པའི་དངོས་པོའོ། །ཡོངས་སུ་སྤྱད་པའི་དངོས་པོ་ཡང་རྣམ་པ་གཉིས་ཏེ། འབྱུང་བ་མི་མཉམ་པའི་གཉེན་པོའི་དངོས་པོ་དང༌། འབྱུང་བ་མཉམ་པ་སྟོན་པའི་དངོས་པོ་སྟེ། དྲིས་རབ་ཏུ་ཕྱེ་བ་དང༌། རི་དྲུག་པའི་འབྲས་བུའི་རྣམ་པའི་རོས་རབ་ཏུ་ཕྱེ་བའོ། །སེམས་ཅན་དུ་བརྗོད་པ་ནི་གནོད་པ་རྣམ་པ་དྲུག་གི་གཉེན་པོར་རིག་པར་བྱ་སྟེ། གནོད་པ་རྣམ་པ་དྲུག་ནི་དབུལ་བའི་གནོད་པ་དང༌། འཆི་བ་ལ་སོགས་པ་ཡམས་ཀྱི་ནད་ཀྱི་གནོད་པ་


DTG113_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

དང། མུ་གེའི་གནོད་པ་དང༌། འདུལ་བ་མ་ཡིན་པའི་གནོད་པ་དང༌། དབྱིག་དུག་ལ་སོགས་པའི་གནོད་པ་དང༌། ཕྱིར་རྒོལ་བའི་གནོད་པའོ། །དེ་ལ་མངོན་པར་ཤེས་པ་ལྔ་དང་ལྡན་པ་ནི་སྦྱིན་པའི་གནས་ཡིན་པས་དབུལ་བའི་གཉེན་པོའོ། །ལྷ་མ་ཡིན་རྣམས་ནི་དེ་འཇིལ་བའི་གསང་སྔགས་སྟོན་པས་དབྱིག་དུག་གི་གཉེན་པོའོ། །དབང་དུ་གྱུར་པ་ནི་འཇིག་རྟེན་སྐྱོང་རྣམས་ཡིན་པར་རིག་པར་བྱའོ། །རི་དེ་དག་ནི་ཇི་ལྟར་སྨོས་པའི་དངོས་པོ་འབྱུང་བའི་དོན་གྱི་འབྱུང་གནས་ཡིན་ཞིང༌། རྒྱུན་མི་འཆད་པའི་དོན་གྱིས་ཐུག་པར་འགྱུར་བ་མེད་པར་རིག་པར་བྱའོ། །དེ་དག་གིས་ཀྱང་རྒྱ་མཚོ་ཆེན་པོ་སྨོས་ལ། རྒྱ་མཚོ་ཆེན་པོས་ཀྱང་དེ་དག་རབ་ཏུ་ཕྱེ་བའོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པའི་རྒྱུ་དང་འབྲས་བུ་ཡིན་པས། བྱང་ཆུབ་སེམས་དཔའི་ས་བཅུ་པོ་དེ་དག་གིས་ཀྱང་ཐམས་ཅད་མཁྱེན་པ་ཉིས་སྨོས་ལ། ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཀྱང་རབ་ཏུ་ཕྱེ་བ་ཡིན་པར་རིག་པར་བྱ་སྟེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན་རིན་པོ་ཆེའི་རི་དེ་དག་གིས་ཀྱང་རྒྱ་མཚོ་ཆེན་པོ་སྨོས་ལ། རྒྱ་མཚོ་ཆེན་པོས་ཀྱང་རབ་ཏུ་ཕྱེ་བའོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་བཅུ་པོ་འདི་དག་གིས་ཀྱང་ཐམས་ཅད་མཁྱེན་པ་ཉིད་སྨོས་ལ་དེ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཀྱང་རབ་ཏུ་ཕྱེ་བའོ་ཞེས་གསུངས་པའོ། །ས་རྣམས་ཀྱི་ངེས་པར་འབྱུང་དཀའ་བའི་ངེས་པར་འབྱུང་བའི་འབྲས་བུ་ཆེན་པོ། ཡོན་ཏན་ནི་རྒྱུ་དང་འབྲས་བུར་འབྲེལ་པ་སྟེ། རྒྱ་མཚོ་ལས་ངེས་པར་འབྱུང་དཀའ་བ་ལྟ་བུའི་ཕྱིར་དང༌། ངེས་པར་འབྱུང་བ་རྣམས་ཀྱི་བྱང་ཆུབ་ཀྱི་འབྲས་བུ་ཆེ་བའི་ཕྱིར་རོ། །རྒྱ་མཚོ་ཆེན་པོའི་ཡོན་ཏན་ནི་བརྒྱད་དུ་རིག་པར་བྱ་སྟེ། འཇུག་བདེ་བའི་ཡོན་ཏན་ནི་གང་གི་ཕྱིར། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ནི་རྣམ་པ་བཅུས་མི་འཕྲོགས་པའི་གྲངས་སུ་འགྲོ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ་བགས་ཀྱིས་གཞལ་བ་ཞེས་གསུངས་པའོ། །གཙང་མ་ཉིད་ཀྱི་ཡོན་ཏན་ནི་གང་གི་ཕྱིར། ཤི་བའི་རོ་དང་མི་གནས་པ་ཞེས་གསུངས་པའོ། །མི་འདྲ་བ་མེད་པའི་ཡོན་ཏན་ནི་གང་གི་ཕྱིར། ཆུ་གཞན་གྱི་གྲངས་སྤངས་པ་ཞེས་གསུངས་པའོ། །ཀུན་དུ་བསྲུངས་པའི་ཡོན་ཏན་ནི་གང་གི་ཕྱིར། རོ་གཅིག་པ་ཞེས་གསུངས་པའོ། །ཕན་འདོགས་པའི་ཡོན་ཏན་ནི་གང་གི་ཕྱིར། རིན་པོ་ཆེ་མང་བ་ཞེས་གསུངས་


DTG113_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཟབ་པ་དང་རྒྱ་ཆེ་བ་གཉིས་ཀྱིས་མི་སྐམ་པ་ཉིད་ཀྱི་ཡོན་ཏན་ནི་གང་གི་ཕྱིར། ཟབ་ཅིང་གཏིང་དཔག་དཀའ་བ་དང་ཡངས་ཤིང་ཚད་མེད་པ་ཞེས་གསུངས་པའོ། །ཆེན་པོ་དག་གི་གནས་བཅས་པའི་ཕྱིར་གནས་ཀྱི་ཡོན་ཏན་ནི་གང་གི་ཕྱིར། འབྱུང་བ་ཆེན་པོ་གནས་སུ་གྱུར་པ་ཞེས་གསུངས་པའོ། །རླབས་འབྱུང་བའི་དུས་ལས་མི་ཡོལ་བ་དང༌། ཆུས་ངོམས་མི་ཤེས་པ་གཉིས་ཀྱིས་འཇིག་རྟེན་བསྲུངས་པའི་ཡོན་ཏན་ནི་གང་གི་ཕྱིར། དུས་ཆད་པ་ལས་མི་ཡོལ་བ་དང༌། སྤྲིན་ཆེན་པོའི་ཆར་ཐམས་ཅད་ཀུན་དུ་འཛིན་པས་མི་ངོམས་པའོ་ཞེས་གསུངས་པ་སྟེ། རྒྱ་མཚོ་ཆེན་པོ་དང་འདྲ་བའི་ཆོས་ཉིད་ཀྱིས་ས་བཅུ་རྣམས་སུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་རྣམ་པ་བཅུར་རིག་པར་བྱ་སྟེ། གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་རྣམ་པ་བཅུ་ས་མི་འཕྲོགས་པའི་གྲངས་སུ་འགྲོ་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པས་རབ་ཏུ་དགའ་བ་ལ་སྨོན་ལམ་ཆེན་པོ་རིམ་གྱིས་མངོན་པར་བསྒྲུབས་པས་གཞོལ་བ་དང༌། བྱང་ཆུབ་སེམས་དཔའི་ས་དྲི་མ་མེད་པ་ལ་འཆལ་བའི་ཚུལ་ཁྲིམས་ཀྱིས་ཤི་བའི་རོ་དང་མི་གནས་པ་དང༌། བྱང་ཆུབ་སེམས་དཔའི་ས་འོད་བྱེད་པ་ལ་འཇིག་རྟེན་པའི་གདགས་པའི་གྲངས་སྤངས་པ་དང༌། བྱང་ཆུབ་སེམས་དཔའི་ས་འོད་འཕྲོ་བ་ཅན་ལ། སངས་རྒྱས་ལ་དད་པ་མི་ཕྱེད་པའི་རོ་གཅིག་པ་དང༌། བྱང་ཆུབ་སེམས་དཔའི་ས་ཤིན་ཏུ་སྦྱང་དཀའ་ལ། ཐབས་དང་མངོན་པར་ཤེས་པ་ཚད་མེད་པས་འཇིག་རྟེན་པའི་བྱ་བ་མངོན་པར་སྒྲུབ་པའི་རིན་པོ་ཆེ་མང་བ་དང༌། བྱང་ཆུབ་སེམས་དཔའི་ས་མངོན་དུ་གྱུར་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རབ་ཏུ་རྟོག་པས་ཟབ་པ་དང༌། བྱང་ཆུབ་སེམས་དཔའི་ས་རིང་དུ་སོང་ལ་བློས་རབ་ཏུ་རྣམ་པར་འབྱེད་པ་ལ་མཁས་པས་ཡངས་ཤིང་ཚད་མེད་པ་དང༌། བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་ལ་བཀོད་པ་ཆེན་པོ་མངོན་པར་སྒྲུབ་པ་ཀུན་དུ་བསྟན་པས་འབྱུང་བ་ཆེན་པོའི་གནས་སུ་གྱུར་པ་དང༌། བྱང་ཆུབ་སེམས་དཔའི་ས་ལེགས་པའི་བློ་གྲོས་ཅན་ལ་རྣམ་པར་ཐར་པ་ཟབ་མོས་འགྲོ་བའི་སྤྱོད་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པས་དུས་ཆད་པ་ལས་མི་ཡོལ་བ་དང༌། བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་ལ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྣང་བའི་སྤྲིན་གྱི་ཆར་ཆེན་པོ་ཐམས་ཅད་ཀུན་དུ་འཛིན་པས་


DTG113_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

མི་ངོམས་པའོ་ཞེས་གསུངས་པའོ། །མཐར་ཐུག་པར་ཡོངས་སུ་བསྔོ་བའི་ཡོན་ཏན་ནི། །ནོར་བུ་རིན་པོ་ཆེ་ཆེན་པོའི་དཔེས་སྟོན་ཏེ་གང་གི་ཕྱིར། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་ནི་གང་གི་ཚེ། རིན་པོ་ཆེ་རིགས་བཅུ་ལས་ཤིན་ཏུ་འདས་ནས་མངོན་པར་སྦགས་པར་གྱུར། མགར་བ་མཁས་པས་ལེགས་པར་བསྲེགས། ལེགས་པར་བཅོས། ལེགས་པར་ཡོངས་སུ་སྦྱངས། ལེགས་པར་བྱི་དོར་བྱས་ཏེ། ལེགས་པར་ཕུག་ཅིང་རིན་པོ་ཆེའི་སྐུད་པས་ལེགས་པར་བཏགས་ལ། ནོར་བུ་རིན་པོ་ཆེ་དང་བཻ་ཌཱུཪྻའི་ཡུ་བ་མཐོན་པོ་ཅན་གྱི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། ཐམས་ཅད་འོད་རབ་ཏུ་འབྱུང་ཞིང༌། རྒྱལ་པོས་བསྔགས་པར་གྱུར་བ་དེའི་ཚེ། སེམས་ཅན་ཐམས་ཅད་ཀྱིས་རིན་པོ་ཆེ་ཐམས་ཅད་བསྡུ་བར་བྱ་བར་ཉེ་བར་གནས་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་གང་གི་ཚེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་རིན་པོ་ཆེ་བསྐྱེད་པ་འཕགས་པའི་རིགས་བཅུ་ལས་ཤིན་ཏུ་འདས་པ་བསྐྱེད་པར་འགྱུར། སྦྱངས་པའི་ཡོན་ཏན་དང༌། ཡོ་བྱད་བསྙུངས་པ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་དང༌། དཀའ་ཐུབ་ཀྱིས་ལེགས་པར་བསྲེགས། བསམ་གཏན་དང༌། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པས་ལེགས་པར་བཅོས། ལམ་གྱི་ཡན་ལག་གི་རྣམ་པས་ལེགས་པར་སྦྱངས། ཐབས་དང་མངོན་པར་ཤེས་པས་ལེགས་པར་བྱི་དོར་བྱས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བས་ལེགས་པར་ཕུག་ཅིང༌། ཐབས་དང་ཤེས་རབ་རིན་པོ་ཆེ་སྣ་ཚོགས་ཀྱི་སྐུད་པས་ལེགས་པར་བཏགས་ལ། དབང་གི་ནོར་བུ་རིན་ཆེ་ཆེན་པོ་དང༌། བཻ་ཌཱུཪྻའི་ཡུ་བ་ཅན་གྱི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། སེམས་ཅན་གྱི་སྤྱོད་པ་ཐམས་ཅད་རབ་ཏུ་བཏགས་པ་དང༌། ཐོས་པའི་ཤེས་པའི་འོད་རབ་ཏུ་འབྱུང་བར་གྱུར་ལ། དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་དབང་བསྐུར་བས་དབང་བསྐུར་བར་གྱུར་བ་དེའི་ཚེ། སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་མཛད་པ་རིན་པོ་ཆེ་ཐམས་ཅད་བསྡུ་བར་བྱ་བར་ཉེ་བར་གནས་པ་ཡིན་ཏེ། དེའི་ཚེ་ཐམས་ཅད་མཁྱེན་པ་ཞེས་ཀྱང་བྱའོ་ཞེས་གསུངས་པའོ། །དེ་ལ་རིན་པོ་ཆེའི་རིགས་བཅུ་ལས་ཤིན་ཏུ་འདས་ཞེས་བྱ་བ་ནི་ནོར་བུ་དང༌། མུ་ཏིག་དང་བཻ་ཌཱུཪྻ་ལ་སོགས་པའི་ནང་ནས། ནོར་བུ་དང་བཻ་ཌཱུཪྻ་མ་གཏོགས་པའོ། །


DTG113_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་སྦགས་ཞེས་བྱ་བ་ནས་ཐམས་ཅད་དུ་འོད་རབ་ཏུ་འབྱུང་བར་གྱུར་ཅེས་བྱ་བའི་བར་གྱིས་ཡོན་ཏན་རྣམ་པ་བརྒྱད་ཀྱིས་ཡོངས་སུ་ཟིན་པར་སྟོན་ཏེ། ཡོན་ཏན་རྣམ་པ་བརྒྱད་ནི་རྟག་པར་མངོན་པར་སྦགས་པས་ཤིན་ཏུ་ཡོངས་སུ་བརྟགས་པའི་ཕྱིར་རིགས་ཀྱི་ཡོངས་སུ་བཏགས་པའི་ཡོན་ཏན་དང། མགར་བ་མཁས་པས་ལེགས་པར་བསྲེགས་པས་ཁ་དོག་གི་ཡོན་ཏན་དང༌། ལེགས་པར་བཅོས་པས་དབྱིབས་ཀྱི་ཡོན་ཏན་དང༌། ལེགས་པར་ཡོངས་སུ་སྦྱངས་བས་དྲི་མ་མེད་པའི་ཡོན་ཏན་དང༌། ལེགས་པར་བྱི་དོར་བྱས་པས་གསལ་བའི་ཡོན་ཏན་དང༌། ལེགས་པར་ཕུག་པ་དང༌། རིན་པོ་ཆེའི་སྐུད་པས་ལེགས་པར་བཏགས་པ་དང༌། ནོར་བུ་རིན་པོ་ཆེ་དང་བཻ་ཌཱུཪྻའི་ཡུ་བ་མཐོན་པོ་ཅན་གྱི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་པའི་ཚིག་གསུམ་གྱིས་མངོན་པར་འདུ་བྱེད་པའི་ཡོན་ཏན་དང༌། ཐམས་ཅད་དུ་འོད་ཟེར་རབ་ཏུ་འབྱུང་བས། ཐམས་ཅད་དུ་འོད་རབ་ཏུ་འབྱུང་བའི་ཕྱིར། མཐུའི་ཡོན་ཏན་དང་རྒྱལ་པོས་བསྔགས་པ་ཞེས་བྱ་བས་ནི། ཡོངས་སུ་མ་བཟུང་བ་ཉིད་ཀྱི་ཡོན་ཏན་ཉིས་སྟོན་ཏོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་དབང་བསྐུར་བ་ཉིད་ནི་སེམས་ཅན་ཐམས་ཅད་དང་ཐུན་མོང་བའི་དགེ་བའི་རྩ་བའི་གཏེར་ཉིད་དུའོ། །འཕགས་པའི་རིགས་བཅུ་ལས་ཤིན་ཏུ་འདས་ཞེས་བྱ་བ་ནི། །ཉན་ཐོས་ཀྱི་རིགས་བརྒྱད་དེ། ཞུགས་པ་དང་འབྲས་བུ་ལ་གནས་པའི་བྱེ་བྲག་གིས་སོ། །རང་སངས་རྒྱས་ཀྱི་རིགས་གཉིས་ཏེ། ཞུགས་པ་དང་འབྲས་བུ་ལ་གནས་པའོ། །དེ་ལྟར་སའི་དཔེས་ས་བཅུ་པའི་རྣམ་པར་གཞག་པ་བསྟན་ནས། སའི་ཕན་ཡོན་གྱིས་སྟོན་ཏེ། དེ་ལ་སའི་ཕན་ཡོན་ནི་རྣམ་པ་གཉིས་ཏེ། བསོད་ནམས་འཕེལ་བ་དང་མཆོད་པ་བྱེད་པའོ། །དེ་ཡང་མོས་པ་ལ་གཟུད་པའི་ཕྱིར། ཆོས་ཀྱི་རྣམ་གྲངས་འདི་ཆེ་བ་ཉིད་དུ་ཡང་དག་པར་བསྟན་པའི་ཕྱིར་ཡོངས་སུ་བསྟན་ཏེ་གང་གི་ཕྱིར། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་དག་པར་སྒྲུབ་པ་རྣམ་པ་ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡོན་ཏན་སོགས་པའི་ཆོས་ཀྱི་སྒོའི་ལེའུ་འདི་ནི་སེམས་ཅན་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ཀྱི་རྣ་ལམ་དུ་གྲག་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའི་རྣམ་པར་གྲོལ་བའི་ཟླ་བས་སྨྲས་པ། ཀྱེ་རྒྱལ་བའི་སྲས་རྣམ་པ་ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་


DTG113_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་སོགས་པའི་ཆོས་ཀྱི་སྒོའི་ལེའུ་འདི། གང་དག་གི་རྣ་ལམ་དུ་གྲག་པར་གྱུར་པ་དེ་དག་བསོད་ནམས་ཀྱི་ཚོགས་ཇི་ཙམ་ཞིག་དང་ལྡན་པར་འགྱུར། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མཐུ་ཇི་ཙམ་པར་ཐམས་ཅད་མཁྱེན་པ་ཉིད་སེམས་བསྐྱེད་པས་བསྡུས་ཏེ། དམིགས་པའི་བསོད་ནམས་སོགས་པ་ཡང་དེ་ཙམ་སྟ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་བསྐྱེད་པས་བསྡུས་ཏེ། དམིགས་པའི་བསོད་ནམས་སོགས་པ་ཇི་ཙམ་པར། ཆོས་ཀྱི་སྒོའི་ལེའུ་འདི་ལ་མངོན་པར་ཕྱོགས་པའི་བསོད་ནམས་སོགས་པ་ཡང་དེ་ཙམ་དུ་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་མ་ཡིན་པས་རྣམ་པ་ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡོན་ཏན་སོགས་པའི་ཆོས་ཀྱི་སྒོའི་ལེའུ་འདི་མཉན་པའམ། མོས་པའམ། ཡིད་ཆེས་པའམ། ལན་པའམ། འཛིན་པའམ། ཀུན་དུ་འཛིན་པར་མི་ནུས་ན། སྒོམ་པའི་རྣམ་པའི་སྦྱོར་བས་སྒྲུབ་པ་ལྟ་སྨོས་ཀྱང་ཅི་དགོས། ཀྱེ་རྒྱལ་བའི་སྲས་དེ་ལྟ་བས་ན། གང་དག་ཆོས་ཀྱི་སྒོའི་ལེའུ་འདི་ཉན་ཅིང་ཐོས་ནས་ཀྱང་མོས་པ་དང༌། མོས་ནས་ཀྱང་འཛིན་པ་དང་སྒོམ་པའི་རྣམ་པས་སྦྱོར་བའི་བྱང་ཆུབ་སེམས་དཔའ་དེ་དག་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྒོ་དང་ལྡན་པར་ཤེས་པར་བྱའོ་ཞེས་གསུངས་པའོ། །བསོད་ནམས་འཕེལ་བ་ལ་ཡིད་ཆེས་པར་བྱ་བའི་ཕྱིར་འགྱུར་བ་ལྟས་བཅོ་བརྒྱད་ཅན་དྲུག་སྣང་བ་ཀུན་དུ་སྟོན་ཏེ་གང་གི་ཕྱིར། དེ་ནས་དེའི་ཚེ་སངས་རྒྱས་ཀྱི་མཐུ་དང་ཆོས་ཉིད་ཐོབ་པས་ཕྱོགས་བཅུའི་འཇིག་རྟེན་ན་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་འགྱུར་བ་ལྟས་ཆེན་པོ་བཅོ་བརྒྱད་ཅན་དྲུག །གཡོས་རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས་སོ། །འགུལ་རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ་ཏོ། །ལྡེག་རབ་ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེག་གོ །འཁྲུགས་རབ་ཏུ་འཁྲུགས། ཀུན་དུ་རབ་ཏུ་འཁྲུགས་སོ། །འུར་འུར་རབ་ཏུ་འུར་འུར། ཀུན་དུ་རབ་ཏུ་འུར་འུར་རོ། །ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་དུ་རབ་ཏུ་ཆེམ་ཆེམ་མོ་ཞེས་གསུངས་པའོ། །དེ་ལ་འགྱུར་བ་དྲུག་ནི། །གཡོ་བ་དང༌། མཐོ་བ་དང༌། དམའ་བ་དང༌། སྟེང་དུ་འགྲོ་བ་དང་འོག་ཏུ་འགྲོ་བ་དང༌། སྒྲ་སྒྲོགས་པའོ། །ལྟས་བཅོ་བརྒྱད་ནི་གཡོས་པ་ལ་སོགས་པ་རྣམ་པ་དྲུག་པོ་དེ་དག་གིས་དལ་བ་དང༌། འབྲིང་དང་དྲག་པ་


DTG113_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་དུ་རིག་པར་བྱའོ། །དོན་གཞན་དུ་ན་སྣོད་ཀྱི་འཇིག་རྟེན་མངོན་པར་འདུས་བྱས་པ་དང༌། མངོན་པར་འདུས་མ་བྱས་པའི་སའི་དབང་དུ་བྱས་པ་དང༌། སེམས་ཅན་གྱི་འཇིག་རྟེན་ན་སེམས་ཅན་གྱི་རིས་བཞི་སྟེ། མི་མཁས་པ་དང༌། ཐ་དད་པ་ལ་མོས་པ་དང༌། ང་རྒྱལ་ཅན་དང༌། རིག་སྔགས་དང་ལྡན་པ་རྣམས་ཀྱི་དབང་དུ་བྱས་ནས། དལ་བ་དང༌། འབྲིང་དང་དྲག་པའི་བྱེ་བྲག་གིས་གཡོས་པ་ནས། ཀུན་དུ་རབ་ཏུ་ཆེམ་ཆེམ་གྱི་བར་གྱི་ལྟས་བཅོ་བརྒྱད་དུ་རིག་པར་བྱའོ། །དེ་ལྟར་བསོད་ནམས་འཕེལ་བ་ལ་ཡིད་ཆེས་པར་བྱ་བ་བསྟན་ནས་མཆོད་པ་བྱེད་པ་སྟོན་ཏེ། གང་གི་ཕྱིར་སངས་རྒྱས་ཀྱི་མཐུ་དང་ཆོས་ཉིད་ཐོབ་པས། ལྷའི་མེ་ཏོག་དང༌། སྤོས་དང་ཕྲེང་བའི་སྤྲིན་གྱི་ཆར་མངོན་པར་བབ་བོ། །ལྷའི་གོས་ཀྱི་སྤྲིན་དང༌། ལྷའི་རིན་པོ་ཆེའི་སྤྲིན་དང༌། ལྷའི་རྒྱན་གྱི་སྤྲིན་དང༌། ལྷའི་གདུགས་ཀྱི་སྤྲིན་དང༌། ལྷའི་རྒྱལ་མཚན་གྱི་སྤྲིན་དང༌། ལྷའི་བ་དན་གྱི་སྤྲིན་གྱི་ཆར་མངོན་པར་བབ་བོ། །ལྷའི་རོལ་མོ་སིལ་སྙན་དང༌། ཕེག་རྡོབ་པ་དང་གླུ་དབྱངས་ཀྱི་སྤྲིན་གྱི་སྒྲ་གྲག་གོ །ལྷའི་ལས་ཤིན་ཏུ་འདས་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ས་ལ་མངོན་པར་བསྟོད་པའི་གླུ་དབྱངས་ཀྱི་སྤྲིན་གྱི་སྒྲ་གྲག་གོ་ཞེས་གསུངས་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བསྟན་པ་དེ་ཡོངས་སུ་བརྗོད་པས་ནི་ཆོས་ཀྱི་རྣམ་གྲངས་འདི་སྒོ་མཐའ་ཡས་པ་ནས་སེམས་ཅན་གྱི་དོན་དུ་ཉེ་བར་གནས་པར་ཡོངས་སུ་བསྟན་ཏེ་གང་གི་ཕྱིར། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་ནས་གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ་ལྷའི་དབང་པོ་དབང་བསྒྱུར་གྱི་གཞལ་མེད་ཁང༌། ནོར་བུ་རིན་པོ་ཆེའི་སྙིང་པོ་ཅན་གྱི་ཁང་པ་ན་ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་ཆོས་བསྟན་པ་འདི་ཕྱོགས་བཅུ་ཐམས་ཅད་དུ་རྒྱས་པར་བྱུང་བར་གྱུར་ཏོ། །སངས་རྒྱས་ཀྱི་མཐུས་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ཕྱོགས་བཅུ་རྒྱས་པར་འགེངས་ཤིང་ལྷགས་ཏེ། དེ་དག་ལྷགས་ནས་ཀྱང་འདི་སྐད་ཅེས། ཀྱེ་རྒྱལ་བའི་སྲས་དེ་ལྟར་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་ཆོས་ཉིད་འདི་བརྗོད་པ་ལེགས་སོ་ལེགས་སོ། །ཀྱེ་རྒྱལ་བའི་སྲས་བདག་ཅག་ཀྱང་རྡོ་རྗེའི་སྙིང་པོ་ཞེས་བྱ་བར་མིང་མཐུན་པ་ཤ་སྟག་སྟེ། འཇིག་རྟེན་གྱི་ཁམས་རྡོ་རྗེའི་དཔལ་ཞེས་བྱ་བ་ནས་དེ་བཞིན་གཤེགས་པའི་མཚན་རྡོ་རྗེའི་རྒྱལ་མཚན་


DTG113_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་དག་གི་ཐད་ནས་འདིར་ལྷགས་ཏེ། འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་ན་ཡང༌། སངས་རྒྱས་ཀྱི་མཐུས་འཁོར་རྣམས་པ་འདྲ་བ་དག་ལ། ཚིག་འདི་དག་ཉིད་དང༌། ཡི་གེ་འདི་དག་ཉིད་དང༌། རིམ་པ་འདི་དག་ཉིད་དང༌། དོན་འདི་དག་བརྗོད་པ་དག་གིས་ཆོས་བསྟན་པ་འདི་ཉིད་ལྷག་ཆད་མེད་པ་བྱུང་བར་གྱུར་ཏོ། །ཀྱེ་རྒྱལ་བའི་སྲས་བདག་ཅག་ཀྱང་དཔང་དུ་གྱུར་པ་ཤ་སྟགས་སངས་རྒྱས་ཀྱི་མཐུས་འཁོར་འདིར་ཕྱིན་ཏེ། ཀྱེ་རྒྱལ་བའི་སྲས་འཇིག་རྟེན་གྱི་ཁམས་འདིར་བདག་ཅག་ཇི་ལྟར་ཕྱིན་པ་དེ་བཞིན་དུ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་རེ་རེའི་གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ་ལྷའི་རྒྱལ་པོའི་དབང་བསྒྱུར་གྱི་གཞལ་མེད་ཁང་ནོར་བུ་རིན་པོ་ཆེའི་སྙིང་པོ་ཅན་གྱི་ཁང་པར་ཡང་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིན་པར་གྱུར་ཏོ་ཞེས་ཟེར་རོ་ཞེས་གསུངས་པ་སྟེ། རིམ་པ་འདི་དག་ཅེས་བྱ་བ་ནི་གོ་རིམས་འདི་དག་གོ །ལྷག་མ་ནི་གོ་སླ་བས་རྣམ་པར་དབྱེ་བ་མ་བྱས་ཏེ། མདོ་སྡེ་ལས་ཇི་སྐད་འབྱུང་བ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། ཕལ་ཆེར་ལྷའི་རྒྱལ་པོ་དབང་ཕྱུག་ཆེན་པོར་འགྱུར་ཏེ། སེམས་ཅན་རྣམས་ལ་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ལ་མཁས་ཤིང་མཐུ་ཡོད་པ་ཡིན་ནོ། །དེ་འདོད་ན་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་ཐོབ་ཅིང༌། དེ་དག་ལ་སྙོམས་པར་འཇུག་པ་དང༌། སངས་རྒྱས་དེ་སྙེད་ཀྱི་ཞལ་མཐོང་བ་དང༌། དེ་དག་གི་བྱིན་གྱི་རླབས་ཡང་དག་པར་ཤེས་པ་དང༌། འཇིག་རྟེན་གྱི་ཁམས་དེ་སྙེད་ཅིག་བསྐྱོད་པ་དང༌། དེ་སྙེད་དག་ཏུ་འགྲོ་བ་ལ་སོགས་པའི་བརྩོན་འགྲུས་རྩོམ་མོ། །འཕགས་པས་བཅུ་པ་ལས་ས་བཅུ་པ་ཆོས་ཀྱི་སྤྲིན་ཞེས་བྱ་བའི་རྣམ་པར་བཤད་པ་རྫོགས་ཏེ་ས་བཅུ་རྣམས་པར་བཤད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་གརྦྷ་དང༌། པྲཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་དང༌། བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཏེ་ཞུས་ནས་གཏན་ལ་ཕབ་པ།། །།