Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱ་བཅུ་བདུན།


   
   
   
   
འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ།  ཤཱཀྱའི་བཤེས་གཉེན།
   
   


 
previousའཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ། ཤཱཀྱའི་བཤེས་གཉེན།next

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ།
ཤཱཀྱའི་བཤེས་གཉེན།


DTG117_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྻ་བྷ་དྲ་ཙཱཪྻ་པྲ་ཎི་དྷཱ་ན་རཱ་ཛ་ཊཱིཀཱ །བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དོན་ཀུན་མཁྱེན་པ་དཔག་མེད་ཅིང༌། །གསུང་ནི་མཁའ་ལྟར་དཔག་ཏུ་མེད། །ཕྱོགས་དང་དུས་སྐུ་དཔག་མེད་པ། །འཇམ་དཔལ་ཁྱོད་ལ་ཕྱག་འཚལ་ལོ། །འཕགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོའི་སྨོན་ལམ་འདི་ལ་ནི་བྱང་ཆུབ་སེམས་དཔའི་སྨོན་ལམ་མོས་པས་སྤྱོད་པ་དང༌། ལྷག་པའི་བསམ་པ་དག་པའི་སའི་གནས་སྐབས་གཉིས་ཀྱིས་རབ་ཏུ་ཕྱེ་བ་ཐབས་དང་བཅས་པ། ཕན་ཡོན་དང་བཅས་པ། འབྲས་བུ་དང་བཅས་པའི་བསྒོམ་པའི་ཚུལ་དང༌། འདོན་པ་ཙམ་གྱི་ཕན་ཡོན་བསྟན་ཏོ། །དེ་ལ་ཐབས་ནི། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །ཞེས་བྱ་བ་ནས་བཟུང་སྟེ། དགེ་བའི་ཚོགས་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཚིགས་སུ་བཅད་པ་བཅུ་གཉིས་ཀྱིས་བསྟན་ཏོ། །དེའི་འོག་ཏུ་རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་


DTG117_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་པས་ནི་སྨོན་ལམ་གྱི་དོན་ཐམས་ཅད་བསྟན་ཏོ། །དེའི་འོག་ཏུ། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་བསྟན་ཏོ། །དེའི་འོག་ཏུ། བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས་ནི་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་བསྟན་ཏོ། །དེའི་འོག་ཏུ་ལས་དང་ཉོན་མོངས་བདུད་ཀྱི་ལས་རྣམས་ལས། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་མི་གོས་པར་སྦྱོར་བར་བསྟན་ཏོ། །དེའི་འོག་ཏུ། ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར། །ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད། །ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་སེམས་ཅན་ལ་ཕན་གདགས་པར་བསྟན་ཏོ། །དེའི་འོག་ཏུ། བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་གོ་ཆ་བསྟན་ཏོ། །དེའི་འོག་ཏུ། བདག་གི་སྤྱོད་དང་མཚུངས་པར་གང་སྤྱོད་པ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་བྱང་ཆུབ་སེམས་དཔའ་སྐལ་བ་འདྲ་བར་སྤྱོད་པ་དང་ཕྲད་པར་བསྟན་ཏོ། །དེའི་འོག་ཏུ་བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག །ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་དགེ་བའི་བཤེས་གཉེན་མཉེས་པར་བྱ་བ་བསྟན་ཏོ། །དེའི་འོག་ཏུ། སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་སངས་རྒྱས་ལ་བལྟ་བ་བསྟན་ཏོ། །དེའི་འོག་ཏུ། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་དམ་པའི་ཆོས་ཡོངས་སུ་གཟུང་བ་བསྟན་ཏོ། །དེའི་འོག་ཏུ། སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་པོ་འདིས་ནི་མཛད་ཟད་མི་ཤེས་པ་ཐོབ་པ་བསྟན་ཏོ། །དེ་ལྟར་ཚིགས་སུ་བཅད་པ་བཅོ་ལྔས་ནི་མོས་པས་སྤྱོད་པའི་བསྟན་ཏོ། །དེའི་འོག་ཏུ། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞེས་བྱ་བ་ནས་བཟུང་སྟེ། ནམ་མཁའི་


DTG117_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་གྱུར་པ་ཇི་ཙམ་པར། །ཞེས་བྱ་བའི་བར་འདིས་ནི་ལྷག་པའི་བསམ་པ་དག་པའི་ས་ཡོངས་སུ་བསྟན་ཏོ། །དེ་ལ་དང་པོ། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་སངས་རྒྱས་ཀྱི་ཞིང་བལྟ་བ་ལ་འཇུག་པ་བསྟན་ཏེ། འདིས་ནི་ས་རབ་ཏུ་དགའ་བ་ཡང་བསྟན་ཏོ། །དེའི་འོག་ཏུ། གསུང་གཅིག་ཡན་ལག་རྒྱ་མཚོའི་སྐད་རྣམས་ཀྱིས། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་སངས་རྒྱས་ཀྱི་གསུང་ལ་འཇུག་པ་བསྟན་ཏེ། འདི་ས་ནི་ས་དྲི་མ་མེད་པ་ཡང་བསྟན་ཏོ། །དེའི་འོག་ཏུ། དུས་གསུམ་གཤེགས་པ་རྒྱལ་པ་ཐམས་ཅད་ཀྱིས། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འཇུག་པ་བསྟན་ཏེ། འདིས་ནི་ས་འོད་བྱེད་པ་ཡང་ཡོངས་སུ་བསྟན་ཏོ། །དེའི་འོག་ཏུ། མ་འོངས་བསྐལ་པ་ཐམས་ཅད་འཇུག་པར་ཡང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་ཀྱིས་ནི་བསྐལ་པ་ལ་འཇུག་པ་བསྟན་ལ། དེའི་འོག་ཏུ། གང་ཡང་བསྐལ་པ་དུས་གསུམ་ཚད་དེ་དག །ཅེས་བྱ་བ་ལ་སོགས་པ་ཕྱེད་གཞན་གྱིས་ནི་བསྐལ་པ་ཐམས་ཅད་ལ་འཇུག་པ་བསྟན་ཏེ། འདིས་ནི་ས་འོད་འཕྲོ་ཅན་ཡང་བསྟན་ཏོ། །དེའི་འོག་ཏུ། དུས་གསུམ་གཤེགས་པ་མི་ཡི་སེང་གེ་གང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་སངས་རྒྱས་བལྟ་བ་དང༌། དེའི་སྤྱོད་ཡུལ་ལ་འཇུག་པ་བསྟན་ཏེ། འདིས་ནི་ཤིན་ཏུ་སྦྱང་དཀའ་བ་ཡང་བསྟན་ཏོ། །དེའི་འོག་ཏུ། གང་ཡང་དུས་གསུམ་དག་གི་ཞིང་བཀོད་པ། ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་སངས་རྒྱས་ཀྱི་ཞིང་བཀོད་པ་བསྒྲུབ་པ་ལ་འཇུག་པ་བསྟན་ཏེ། འདིས་ནི་ས་མངོན་དུ་གྱུར་པ་ཡང་བསྟན་ཏོ། །དེའི་འོག་ཏུ། གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམས། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་དེ་བཞིན་གཤེགས་པའི་དྲུང་དུ་འགྲོ་བར་འཇུག་པ་བསྟན་ཏེ། འདིས་ནི་ས་རིང་དུ་སོང་བ་ཡང་བསྟན་ཏོ། །འདི་ནི་འཇུག་པ་རྣམ་པ་བརྒྱད་དེ། འདིས་རྣམ་པར་མི་རྟོག་པ་དང༌། མངོན་པར་འདུ་བྱེད་པ་མེད་པའི་ལམ་ཡོངས་སུ་དག་པ་ཡང་བསྟན་


DTG117_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །དེའི་འོག་ཏུ། ཀུན་དུ་མྱུར་བའི་རྫུ་འཕྲུལ་སྟོབས་རྣམས་དང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་སྟོབས་བཅུ་བསྟན་ཏོ། །རབ་ཀྱི་མཐར་ཕྱིན་པར་འགྲོ་བས་སྟོབས་ཏེ། །འདིས་ནི་ས་མི་གཡོ་བ་བསྟན་ཏོ། །དེའི་འོག་ཏུ། ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་མི་མཐུན་པའི་ཕྱོགས་ཉམས་པར་བསྟན་ཏེ། འདིས་ནི་ས་ལེགས་པའི་བློ་གྲོས་བསྟན་ཏོ། །དེའི་འོག་ཏུ། ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་ཡོན་ཏན་ཡོངས་སུ་སྦྱང་བ་རྣམ་པ་བརྒྱད་བསྟན་ཏོ། །དེའི་འོག་ཏུ། གང་ཡང་དུས་གསུམ་གཤེགས་པ་རྒྱལ་བ་ཡིས། ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་བསྟན་ཏོ། །དེའི་འོག་ཏུ། རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ། །ཞེས་བྱ་བ་དང༌། ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང༌། །ཞེས་བྱ་བ་ལ་སོགས་པ་དང༌། ཀུན་ནས་དགེ་བ་བཟང་པོ་སྤྱོད་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གྱིས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཇི་ལྟར་ཡོངས་སུ་བཟུང་བ་རྒྱས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོའི་རྗེས་སུ་སློབ་པ་ཡོངས་སུ་བསྔོ་བ་བསྟན་ཏེ། ཚིགས་སུ་བཅད་པ་འདི་དྲུག་གིས་ནི་ཆོས་ཀྱི་སྤྲིན་དང་རྒྱུའི་གནས་སྐབས་ཡོངས་སུ་རྫོགས་པ་ཡང་བསྟན་ཏོ། །དེའི་འོག་ཏུ། སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག །ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་སངས་རྒྱས་ཀྱིས་ཀུན་དུ་འོད་སྟོན་ཏེ། ཚིགས་སུ་བཅད་པ་གཅིག་གིས་ནི་དེའི་དག་པའི་ཚོགས་ཇི་ལྟར་ཡོངས་སུ་བསྔོས་པ་དེའི་རྒྱ་ཆེ་བ་ཡང་བསྟན་ཏོ། །གཉིས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་དུས་ན་ཟད་མི་ཤེས་པར་མཛད་པ་བསྟན་ཏོ། །དེ་ལྟར་ཚིགས་སུ་བཅད་པ་བཅུ་དགུས་བྱང་ཆུབ་སེམས་དཔའི་ལམ་ལྷག་པའི་བསམ་པ་དག་པའི་སས་རབ་ཏུ་ཕྱེ་བ་འབྲས་བུ་དང་བཅས་པ་བསྟན་ནས། བསྒོམས་པའི་ཕན་ཡོན་མཐོང་བའི་ཆོས་དང༌། ཚེ་རབས་གཞན་པ་སྟོན་ཏོ། །དེ་ལ་མཐོང་བའི་


DTG117_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ནི་རྣམ་པ་བཞི་སྟེ། གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། །ཞེས་བྱ་བ་ལ་སོགས་པ་དཔེ་དང་བཅས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་ཡོངས་སུ་སྡུད་པའི་ཕན་ཡོན་ཡང་སྟོན་ཏོ། །གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་སངས་རྒྱས་མཐོང་བའི་ཕན་ཡོན་སྟོན་ཏོ། །དེ་དག་རྙེད་པ་ལེགས་རྙེད་བདེ་བར་འཚེ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་ནི་བྱང་ཆུབ་སེམས་དཔའ་དང་སྐལ་བ་མཉམ་པ་ཉིད་རབ་ཏུ་ཐོབ་པའི་ཕན་ཡོན་སྟོན་ཏོ། །མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་སྒྲིབ་པ་བྱང་བའི་ཕན་ཡོན་སྟོན་ཏེ། འདི་བཞིན་ནི་ཚེ་འདིའི་ཕན་ཡོན་ཡིན་ནོ། །ཚེ་རབས་གཞན་གྱིས་ནི་རྒྱུ་དང་འབྲས་བུའི་སྒོ་ནས་རྣམ་པ་གཉིས་སོ། །དེ་ལ་རྒྱུའི་སྒོ་ནས་ནི། །ཡེ་ཤེས་དང་ནི་གཟུགས་དང་མཚན་རྣམས་དང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་སྟོན་ཏོ། །འབྲས་བུའི་སྒོ་ནས་ནི། བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་སྟོན་ཏོ། །དེ་ལྟར་བསྒོམས་པའི་ཕན་ཡོན་རྒྱས་པར་བསྟན་ནས། གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་ཁྱད་པར་མ་ལུས་པ་ཐོབ་པའི་ཕན་ཡོན་མདོར་སྟོན་ཏེ། དེ་ལྟར་ཚིགས་སུ་བཅད་པ་བརྒྱད་ཀྱིས་ནི་ཕན་ཡོན་མདོ་དང་རྒྱས་པར་བསྟན་ཏོ། །འདི་མན་ཆད་ནི་འདོན་བ་ཙམ་གྱི་ཕན་ཡོན་ཡོངས་སུ་བསྔོ་བ་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པའི་རྗེས་སུ་སློབ་པའི་ཕན་ཡོན་སྟོན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའི་རྗེས་སུ་སློབ་པའི་མཚན་ཉིད་ནི། འཇམ་དཔལ་ཇི་ལྟར་མཁྱེན་ཅིང་དཔའ་བ་དང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏོ། །དེ་བཞིན་གཤེགས་པའི་རྗེས་སུ་སློབ་པར་ཡོངས་སུ་བསྔོ་བ་ཡང༌། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་གཅད་པ་གཅིག་གིས་བསྟན་ཏོ། །ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་དང༌། མཐུན་པའི་ལུས་


DTG117_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གཟུང་བས་ཡོངས་སུ་བསྔོ་བ་ནི། བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །ཞེས་བྱ་བ་ལ་སོགས་བ་ཚིགས་སུ་བཅད་པ་གསུམ་མོ། །སྨོན་ལམ་ཡོངས་སུ་བསྐང་ཞིང་འཇིག་རྟེན་གནས་ཀྱི་བར་དུ་སེམས་ཅན་གྱི་དོན་བྱ་བར་ཡོངས་སུ་བསྔོ་བ་ནི། དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་སྟོན་ཏོ། །ད་ནི་ཚིགས་སུ་བཅད་པ་གཉིས་ལས། བཟང་པོ་སྤྱོད་པའི་སྨོན་ལམ་བཏོན་པ་ཡི། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་བཏོན་པ་དེ་ཡོངས་སུ་བསྔོ་བ་སྟོན་ཏོ། །བཟང་སྤྱོད་ཡོངས་སུ་བསྔོས་པའི་བསོད་ནམས་ནི། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ཐ་མ་གཅིག་གིས་ནི་བསྒོམ་བ་དང་བཏོན་པའི་ཕན་ཡོན་རྣམ་པ་གཉིས་ཡོངས་སུ་བསྟན་ཏོ། །དེ་ལྟར་ན་བཏོན་པ་ཙམ་གྱི་ཕན་ཡོན་ཡོངས་སུ་བསྔོ་བ་ནི་ཡང་ཚིགས་སུ་བཅད་པ་ཐམས་ཅད་དང་བཅས་ཏེ། ཚིགས་སུ་བཅད་པ་བརྒྱད་ཀྱིས་བསྟན་པ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་ཁོག་དབུབ་པ་ཡིན་ནོ། །ད་ནི་འདི་ཅི་རིགས་པར་སོ་སོ་དབྱེ་བ་ཙམ་མོས། །དོན་བསྒོམ་པ་ནི་སེམས་ཀྱི་ཆོས་ཡིན་པས་དེ་སྦྱང་བ་ཁོ་ན་འབད་པར་བྱའོ། །སེམས་འདི་ནི་རིན་པོ་ཆེ་ཐམས་ཅད་ཀྱི་མཆོག་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུ་སྟེ། འདི་ཡོངས་སུ་སྦྱང་བ་བྱས་པའི་ཁྱད་པར་ལས་སངས་རྒྱས་དཀོན་མཆོག་བླ་ན་མེད་པ་ལ་སོགས་པ་རིན་པོ་ཆེ་ཐམས་ཅད་འབྱུང་ངོ༌། །མངོན་པར་འདུ་བྱེད་པ་མེད་ན་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་བག་ཆགས་ལ་སོགས་པ་དང་ལྡན་པའི་ཕྱིར་འཁོར་བ་སྟེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། འདོད་ཆགས་ལ་སོགས་ཉོན་མོངས་པས། །དགོས་པའི་སེམས་ཉིད་འཁོར་བ་སྟེ། །དེ་དག་ལས་ནི་རྣམ་གྲོལ་བ། །དེ་སྲིད་སྲིད་པའི་མཐའ་ཞེས་བརྗོད། །ཅེས་གསུངས་པ་ལྟ་བུའོ། །སེམས་སྦྱང་བ་དེ་ཡང་དམིགས་པའི་ཁྱད་པར་ལས་འགྱུར་ལ། དམིགས་པ་དེ་ཡང་ཆེ་བའི་བདག་ཉིད་དང༌། རྒྱ་ཆེ་བའི་སྒོ་ནས་ཁྱད་པར་ཅན་དུ་འདོད་དོ། །དེ་ལ་དེ་བཞིན་གཤེགས་པ་ཡོན་ཏན་གྱི་ཚོགས་རྒྱ་ཆེ་བ་ཤིན་ཏུ་དཔག་ཏུ་མེད་པ་གཅིག་ལ་སེམས་བ་སྒྲིམས་ཏེ། ཇི་ལྟ་བ་བཞིན་དུ་དམིགས་ན་ཡང་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་བྱེད་ན་དེ་བཞིན་གཤེགས་པ་ཐམས་ཅད་ལ་ལྟ་སྨོས་ཀྱང་


DTG117_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་དགོས་ཞེས་བསྟན་པའི་ཕྱིར། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུངས་སོ། །དེ་ལ་ཇི་སྙེད་ཅེས་བྱ་བ་འདིས་ནི་གྲངས་ཀྱི་ཚད་སྟོན་ཏོ། །སུ་དག་ཅེས་བྱ་བ་ནི་བགྲང་བར་བྱ་བ་རྣམས་ཏེ། དེ་བཞིན་གཤེགས་པ་ཇི་སྙེད་སུ་དག་ཅེས་བྱ་བའི་ཐ་ཚིག་གོ །དེ་དག་ཉིད་མ་ལུས་པར་བརྗོད་པའི་ཕྱིར། ཕྱོགས་བཅུ་ཞེས་བྱ་བ་སྨོས་ཏེ། ཕྱོགས་བཅུ་ནའོ། །འཇིག་རྟེན་ན་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་ཡིན་པར་སྟོན་ཏེ། འདི་སྐད་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་དེ་བཞིན་གཤེགས་པ་གང་དག་བཞུགས་པ་ཞེས་བཤད་པ་ཡིན་ནོ། །འདི་ཙམ་གྱིས་ཀྱང་མ་ལུས་པར་སྨོས་པ་མ་ཡིན་པས་ཁྱད་པར་གཉིས་པ། དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །ཞེས་བྱ་བ་གསུངས་ཏེ། དུས་གསུམ་གྱིས་བསྡུས་པ་ཞེས་བྱ་བའི་ཐ་ཚིག་གོ །ཅི་སྟེ་དུས་གསུམ་སྨོས་སུ་ཟིན་ཀྱང་ཕལ་ཆེར་སྨོས་པའི་སྒོ་ནས་དུས་གསུམ་གྱིས་བསྡུས་པ་སྨོས་པར་འགྱུར་རོ་སྙམ་པ་ལ། ཀུན་ཞེས་བྱ་བས་ཀྱང་བྱེ་བྲག་ཏུ་བྱས་སོ། །དེ་ནས་ཕྱོགས་བཅུ་ན་དུས་གསུམ་གྱིས་བསྡུས་པའི་དེ་བཞིན་གཤེགས་པ་བཞུགས་པ་ཐམས་ཅད་ཅེས་སྨོས་པ་ཁོ་ནར་འགྱུར་རོ། །མིའི་སེང་གེ་ཞེས་བྱ་བ་འདིས་ནི་འདི་སྐད་དུ་དེ་བཞིན་གཤེགས་པ་གང་ཡིན་པ་དེ་དག་ཀྱང་མིར་གྱུར་པ་ཁོ་ན་ལ་དེ་བཞིན་གཤེགས་པ་བརྙེས་པའི་རང་བཞིན་གྱིས་དེ་བཞིན་གཤེགས་པ་ནི་མ་ཡིན་ནོ་ཞེས་མི་རྣམས་སྤྲོ་བ་བསྐྱེད་པ་ཡིན་ནོ། །སེང་གེ་ནི་འཇིག་རྟེན་ན་སྲོག་ཆགས་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་ལ་དེ་ཐམས་ཅད་ནི་སེང་གེས་ཟིལ་གྱིས་གནོན་ནུས་སོ་ཞེས་གྲགས་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཕ་རོལ་རྒོལ་བ་དང་ཕྱིར་རྒོལ་བའི་རི་དགས་རྣམས་ཀྱིས་ཟིལ་གྱིས་མི་ནོན་ལ་དེ་ཐམས་ཅད་ཟིལ་གྱིས་གནོན་སྤྱོད་དེ། སེང་གེ་དང་འདྲ་བར་སེང་གེ་དག་གོ་ཞེས་སྟོན་ཏོ། །ཡུལ་དང་དུས་ཡོངས་སུ་མ་ཆད་པའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་ཡང་བདག་ཕྱག་འཚལ་ལོ་ཞེས་དེ་སྐད་བསྟན་པའི་ཕྱིར། བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ཞེས་བྱ་བ་གསུངས་ཏེ། ཐམས་ཅད་ཅེས་བྱ་བ་ནི་གཅིག་ཀྱང་ཡོངས་སུ་མི་འདོར་བར་བྱ་བའི་ཕྱིར་མ་ལུས་པ་སྨོས་པ་ཡིན་ཏེ།


DTG117_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་པའི་ལུགས་ཀྱིས་དྲུང་བ་གཅིག་མ་བརྔས་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ཡོངས་སུ་སྤངས་པའི་ཕྱིར་རོ། །ཕྱག་བྱ་བ་དེ་ཡང་ལུས་འབའ་ཞིག་གིས་ནི་མ་ཡིན་ནོ། །འོ་ན་ཅིའི་ཕྱིར་ཞེ་ན། ངག་དང་ཡིད་ཀྱིས་ཀྱང་བྱའོ། །དེ་ལ་ལུས་ཀྱིས་ཕྱག་བྱ་བ་ནི་སྤྱིར་མོས་པས་མགོ་བཏུད་པ་དང་ཐལ་མོ་སྦྱར་བ་དང༌། ཡན་ལག་ལྔ་པོ་ཐམས་ཅད་ཀྱིས་ཕྱག་བྱ་བ་སྨོས་པར་འགྱུར་རོ། །ངག་གིས་ཕྱག་བྱ་བ་ནི་དང་བས་ཕྱག་བྱ་བ་སྔོན་དུ་འགྲོ་བའི་ཡོན་ཏན་བརྗོད་པ་ནི་ངག་གིས་ཕྱག་བྱ་བའོ། །ཡིད་ཀྱིས་ཕྱག་བྱ་བ་ནི་དེའི་ཡོན་ཏན་གྱི་ངོ་བོ་མངོན་དུ་བྱེད་ཅིང་དེ་ལ་སེམས་འདུན་པའོ། །ཕྱག་འཚལ་བ་ཡང་རེས་འགའ་གཞན་གྱི་ངོར་ཡང་བྱེད་པས་དེའི་ཕྱིར་དང་བས་ཞེས་བྱ་བས་བྱེ་བྲག་ཏུ་བྱས་སོ། །དང་བ་ཡང་རྣམ་པ་གསུམ་སྟེ། དད་པ་ཙམ་གྱིས་རྗེས་སུ་འབྲང་བ་ནི་གྲུབ་པའི་མཐའི་དེ་ཁོ་ན་ཉིད་མ་རིག་པ་བཞིན་དུ་སངས་རྒྱས་ཀྱི་ཡོན་ཏན་ཡང་དག་པར་བརྗོད་པ་ཙམ་ལས་བྱུང་བ་གང་ཡིན་པ་སྟེ་འདི་ནི་ཆུང་དུའོ། །ཆོས་ཀྱི་རྗེས་སུ་འབྲང་བའི་ནི་ཐེག་པ་ཆེན་པོའི་དོན་གྱི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པ་ལས་བྱུང་སྟེ་དེ་བས་ཆེས་ལྷག་པའོ། །རྟོགས་པ་རྙེད་པ་ནི་ཆོས་ཀྱི་དེ་ཁོ་ན་མངོན་སུམ་དུ་བྱེད་པའི་སྒོ་ནས་རྟོགས་ནས་དང་བ་རྙེད་པ་སྟེ་དེ་བས་ཀྱང་ཆེས་ལྷག་པའོ། །དང་བས་ཞེས་བྱ་བ་ནི་ཁྱད་པར་དུ་མ་བྱས་པའི་ཕྱིར་ཅི་རིགས་པར་རྣམ་པ་གསུམ་ཆར་ཡང་སྨོས་པ་ཡིན་ནོ། །འདིས་ནི་ངོ་བོ་ཉིད་དུ་ཕྱག་བྱ་བ་བསྟན་ནས། ད་ནི་མོས་པ་བསྟན་པའི་ཕྱིར། བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞིང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་གཟུང་བའོ། །རྡུལ་ཞེས་བྱ་བའི་སྒྲ་ནི་རྡུལ་ཕྲ་རབ་ཐམས་ཅད་བསྡུས་པའོ། །རྡུལ་ཕྲ་རབ་དེ་དག་སྙེད་དེ་མཉམ་པའི་ལུས་གང་ཡིན་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། ཞིང་གི་རྡུལ་སྙེད་ཀྱི་ལུས་དེ་དག་གིས་སོ། །འདི་སྐད་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་ཀྱི་ལུས་དེ་རྣམས་ཀྱིས་རྒྱལ་བ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་བཤད་པ་ཡིན་ནོ། །འདིས་ནི་དུས་དང་ཡུལ་ཡོངས་སུ་མ་ཆད་པའི་དེ་བཞིན་གཤེགས་པའི་བསྟན་པ་གང་ཡིན་པ་དང༌། འོག་ནས་འབྱུང་བ་མོས་པ་གང་དག་ཡིན་པ་དེ་དག་རེ་རེ་ལ་ཡང་ཞིང་གི་རྡུལ་


DTG117_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

སྙེད་ཀྱི་ལུས་རྣམས་ཀྱིས་ཕྱག་བྱ་བ་ཡང་སྟོན་ཏོ། །འདི་ཐམས་ཅད་ནི་སེམས་ཀྱི་ཁ་ཕྱི་རོལ་དུ་ལྟ་བས་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་བཞིན་གཤེགས་པ་རེ་རེ་ཞིང་མདུན་ན་བཞུགས་པ་བཞིན་ཡིད་ཀྱིས་བསམས་ཏེ་གུས་པ་དང་བཅས་པའི་ལུས་དེ་སྙེད་ཀྱིས་ཤིན་ཏུ་གུས་པས་ཕྱག་བྱའོ། །དེ་ཉིད་བསྟན་པའི་ཕྱིར། རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞེས་བྱ་བ་གསུངས་སོ། །དེ་ཡང་ཇི་ལྟ་བུ་ཡིན་སྙམ་པ་ལ། བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །ཞེས་བྱ་བ་གསུངས་སོ། །བཟང་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་སྟེ། ཉོན་མོངས་པས་བྱས་པ་གཅིག་ཀྱང་མི་དམིགས་པར་རྣམ་པ་ཐམས་ཅད་དུ་སྤྱོད་པ་ཡོངས་སུ་སྦྱོར་བས་རྣམ་པ་ཐམས་ཅད་དུ་མཛེས་པའི་ཕྱིར་ཀུན་དུ་བཟང་པོ་ཞེས་བྱ་སྟེ། དེའི་སྤྱོད་པའི་མཚན་ཉིད་ཀྱི་སྨོན་ལམ་ནི་བཟང་པོ་སྤྱོད་པའི་སྨོན་ལམ་མོ། །དེའི་སྟོབས་ཀྱིས་ཏེ་དེའི་མན་ངག་གི་མཐུས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་ཕྱག་བྱའོ་ཞེས་འཕགས་པ་ནོར་བཟང་ལ་དེ་སྐད་ཅེས་བསྟན་ཏོ། །དེ་ལྟར་ན་དང་པོ་ནི་ངོ་བོ་ཉིད་དུ་ཕྱག་བྱ་བ་ལ་སོགས་པ་སངས་རྒྱས་ལ་ཕྱག་འཚལ་བ་ལ་དམིགས་པའི་སེམས་པའི་ཁྱད་པར་རྣམས་ཀྱིས་རྒྱ་ཆེ་བ་བསྟན་ཏོ། །དེ་བཞིན་གཤེགས་པ་དེ་དག་ཇི་སྙེད་བར་སེམས་དཔའི་ཁྱད་པར་ཡང་དེ་སྙེད་དོ། །ལས་འདི་ནི་ཤེས་རབ་ཀྱི་བྱེད་པས་བྱས་པའི་ཕྱིར་སེམས་ཡོངས་སུ་སྦྱང་བ་འདི་ནི་བསོད་ནམས་ཀྱི་ཚོགས་ཞེས་ཀྱང་བྱ་ལ། ཡེ་ཤེས་ཀྱི་ཚོགས་ཞེས་ཀྱང་བྱའོ། །མོས་པས་ཕྱག་བྱ་བ་ནི་རྡུལ་ཕྲ་རབ་ཐམས་ཅད་ཀྱི་གྲངས་སྙེད་ཀྱི་ལུས་རྗེས་སུ་འཇུག་པའི་ཕྱིར་དང༌། སངས་རྒྱས་ཐམས་ཅད་མངོན་སུམ་དུ་བྱེད་པའི་ཕྱིར་དེ་བས་ཀྱང་སྤྱོད་པ་ཤིན་ཏུ་ཡངས་པ་ཉིད་དང༌། ཤིན་ཏུ་ཟབ་པ་ཉིད་དང༌། ཆེས་ཕྲ་བ་ཉིད་དུ་སྟོན་ཏོ། །མོས་པའི་དེ་བཞིན་གཤེགས་པ་བསྟན་པའི་ཕྱིར། རྡུལ་གཅིག་སྟེང་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡུལ་ཕྲ་རབ་གཅིག་གི་སྟེང་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་གྱི་གྲངས་སྙེད་ཀྱི་དེ་བཞིན་གཤེགས་པར་མོས་པའི་ཤེས་པས་མངོན་པར་དགོད་དོ། །དེ་དག་ཀྱང་དེ་བཞིན་གཤེགས་པ་ཉག་གཅིག་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་དག་གོ །དེ་དག་ཀྱང་


DTG117_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ལམ་གཞན་གྱི་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བཞུགས་པའོ། །རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་གི་སྟེང་ན་ཇི་ལྟ་བ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེར་ཡང་མངོན་པར་དགོད་དོ་ཞེས་དེ་སྐད་བསྟན་པའི་ཕྱིར་རོ། །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཞེས་བྱ་བ་གསུངས་ཏེ། འདིས་ཀྱང་རྡུལ་ཕྲ་རབ་རེ་རེ་སྨོས་པ་ནི་སྣོད་རྣམས་ཕྲ་མོར་འཇུག་པ་བསྟན་ཏོ། །ཆོས་ཀྱི་དབྱིངས་ཀྱི་བར་སྨོས་པས་ནི་མ་ལུས་པར་འཇུག་པར་བསྟན་ཏོ། །ཐམས་ཅད་སྨོས་པས་ནི་བར་མེད་པར་འཇུག་པ་བསྟན་ཏོ། །དེ་བཞིན་དུ་སངས་རྒྱས་སྲས་ཞེས་སྨོས་པ་དང། བཞུགས་པ་སྨོས་པ་ནི་གནས་པ་པོ་འཁོར་དང་བཅས་པ་གནས་ཁྱད་པར་ཅན་དང་བཅས་པ་གྲངས་མེད་པ་མངོན་སུམ་དུ་བྱ་བ་ཡང་བསྟན་ཏེ། འདིས་ནི་ཡོངས་སུ་སྦྱངས་པའི་ཁྱད་པར་སྔ་མ་ལས་སེམས་ཡོངས་སུ་སྦྱངས་པའི་ཁྱད་པར་ལྷག་པར་བསྟན་ཏོ། །དེ་ལྟར་དེ་བཞིན་གཤེགས་པ་རྣམས་བསྟན་ནས། དེའི་ཡོན་ཏན་བརྗོད་པས་སེམས་ཡོངས་སུ་སྦྱངས་པའི་ཁྱད་པར་བསྟན་པའི་ཕྱིར། དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །ཞེས་བྱ་བ་གསུངས་སོ། །དེ་དག་ཅེས་བྱ་བ་ནི་ངོ་བོ་ཉིད་དང༌། མོས་པའི་དེ་བཞིན་གཤེགས་པ་དག་གོ །མི་ཟད་ཅེས་བྱ་བ་ནི་དུས་ཐམས་ཅད་དུ་རྒྱུན་མི་འཆད་པ་སྟེ། འདིས་ནི་དུས་ལ་ཁྱབ་པ་བསྟན་ཏོ། །བསྔགས་པ་རྒྱ་མཚོ་ཞེས་བྱ་བ་ནི་ཡོན་ཏན་གྱི་ཚོགས་སུ་ཐམས་ཅད་དུ་ལྡན་པ་ནམ་མཁའི་གཏོས་ཁྱབ་པ་དག་སྟེ། འདིས་ནི་ཕྱོགས་ཀྱི་ཚོགས་ལ་ཁྱབ་པ་བསྟན་ཏོ། །དབྱངས་ཀྱི་ཡན་ལག་ནི་དབྱངས་འགྲུབ་པའི་རྒྱུ་སྟེ་ལྕེ་དང་རྐན་ལ་སོགས་པའོ། །རྒྱ་མཚོ་ཞེས་སྨོས་པ་ནི་སྒྲ་ཐམས་ཅད་བསྡུས་པར་བསྟན་ཏོ། །འདི་སྐད་དུ་འགྲོ་བའི་སྒྲ་འགྲུབ་པ་རྒྱུ་རེ་རེ་ལ་སྒྲ་ཐམས་ཅད་སྤྲུལ་ནས་དངོས་པོ་རེ་རེ་འདོད་པ་བསྟོད་པ་བརྗོད་པའི་སྒྲ་ནི་ཕྱོགས་དང་དུས་དང་དངོས་པོ་ཐམས་ཅད་ལ་ཁྱབ་པ་དག་གི་ཞེས་བཤད་པ་ཡིན་ནོ། །སྡིག་པ་མི་དགེ་བའི་ཆོས་ལས་རྣམ་པར་རྒྱལ་བའི་ཕྱིར་རྒྱལ་བའོ། །ལེགས་པར་འདོད་པ་དག་གིས་འདྲིས་པར་བྱ་ཞིང་ཡང་དང་ཡང་གསོམ་པར་བྱ་བ་ཡིན་པས་ཡོན་ཏན་ཏེ། ཕ་རོལ་ཏུ་ཕྱིན་པ་དང་མ་འདྲེས་པ་ལ་སོགས་པ་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་དང༌། འཇིག་རྟེན་པ་དང་


DTG117_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ལས་འདས་པ་དག་གོ །དེའི་ཕྱིར་རྒྱལ་བ་ཐམས་ཅད་ཀྱི་སོ་སོའི་ཡོན་ཏན་ཐམས་ཅད་ཀྱང་སྐད་ཅིག་སྐད་ཅིག་ལ་བརྗོད་ཅིང་ངོ༌། །མཛེས་པ་དང་ཕྱིར་མི་ལྡོག་པ་དང་ཡོངས་སུ་རྫོགས་པར་ཤེས་པའི་ཕྱིར་བདེ་བར་གཤེགས་པ་སྟེ། བདེ་བར་གཤེགས་པ་དེ་དག་ལ་སོ་སོ་རེ་རེ་ལ་བདག་གིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་ཀྱི་ལུས་རྣམས་ཀྱིས་ཕྱག་འཚལ་ཞིང་མངོན་དུ་ཕྱོགས་ནས་བསྟོད་དོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་རང་འཁྲུངས་པ་དང༌། རང་འཁྲུངས་མ་ཡིན་པའི་སངས་རྒྱས་ལ་དམིགས་པའི་ཁྱད་པར་དཔག་ཏུ་མེད་པ་གྲངས་མེད་པ་ཡང་བསྟན་ལ། དེ་བཞིན་དུ་ངོ་བོ་ཉིད་དང༌། མོས་པའི་ཕྱག་བྱ་བ་དང༌། དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡོན་ཏན་དང༌། བསྟོད་པ་བརྗོད་པའི་སྤྲིན་ཡང་བརྗོད་ནས་ད་ནི་དེ་དག་ཉིད་ལ་མཆོད་པ་བྱ་བ་བསྟན་པའི་ཕྱིར། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མེ་ཏོག་སྨོས་པས་ནི་རིན་པོ་ཆེ་དང༌། གོས་དང༌། གསེར་དང༌། དངུལ་ལ་སོགས་པ་ལས་བྱས་བ་དྲི་དང༌། ཁ་དོག་དང༌། དབྱིབས་སྣ་ཚོགས་པ་རྣམས་དང༌། ལྷའི་དང༌། མིའི་རྣམས་དང༌། དུས་ཐམས་ཅད་དང༌། ཡུལ་ཐམས་ཅད་ན་གྲགས་པ་རྣམས་བསྡུའོ། །དམ་པ་ཞེས་སྨོས་པས་ནི་ཐམས་ཅད་བས་མཆོག་དང༌། ཆེ་བ་རྣམས་བསྡུ་བར་རིག་པར་བྱའོ། །ཕྲེང་བ་སྨོས་པ་ནི་ཕྲེང་བའི་ཚུལ་དུ་བཀོད་པ་དུས་ཐམས་ཅད་པ་དང༌། ཡུལ་ཐམས་ཅད་ནས་འབྱུང་བ་དང༌། ལྷའི་དང༌། མིའི་རྣམས་བསྡུའོ། །དམ་པ་སྨོས་པས་ནི་རྒྱ་ཆེ་བ་དང༌། གྱ་ནོམ་པ་བསྡུ་བར་རིག་པར་བྱའོ། །སིལ་སྙན་སྨོས་པས་ནི་དུང་དང༌། རྔ་བོ་ཆེ་དང༌། རྔ་པ་ཊ་ཧ་དང༌། རྫ་རྔ་ལ་སོགས་པ་ལྷའི་དང༌། མིའི་དང༌། དུས་ཐམས་ཅད་བ་དང༌། རྣམ་པ་ཐམས་ཅད་དང༌། ཡུལ་ཐམས་ཅད་ནས་འབྱུང་བ་རྣམས་བསྡུའོ། །དམ་པ་སྨོས་པས་ནི་ཐམས་ཅད་ཀྱི་མཆོག་བསྡུ་བར་རིག་པར་བྱའོ། །གར་ནི་འདི་ཉིད་ཀྱི་ནང་དུ་འདུས་པར་རིག་པར་བྱ་སྟེ། སིལ་སྙན་དང་ལྷན་ཅིག་སྤྱོད་པའི་ཕྱིར་རོ། །གླུ་ནི་བསྟོད་པ་བརྗོད་པའི་སྒྲས་འཕངས་པའི་ཕྱིར་རོ། །བྱུག་པ་སྨོས་པ་ནི་ཙན་དན་དང་གུར་ཀུམ་ལ་སོགས་པས་སངས་རྒྱས་ཀྱི་ཞིང་རྣམས་བྱུག་པ་ཡིན་པར་རིག་པར་བྱ་སྟེ། དྲི་ནི་འོག་ནས་འཆད་པའི་ཕྱིར་ཞལ་


DTG117_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་དང་བསྐུ་བའི་ངོ་བོ་ཉིད་ཡིན་ནོ། །དམ་པ་སྨོས་པས་ནི་ཐམས་ཅད་ཀྱི་མཆོག་བསྡུའོ། །གདུགས་སྨོས་པས་ནི་རིན་པོ་ཆེའི་གདུགས་ལ་སོགས་པ་ལྷའི་དང་མིའི་རྣམས་ཡིན་པར་རིག་པར་བྱ་སྟེ། དེའི་ཕྱིར་ཇི་སྐད་སྨོས་པའི་ཡོ་བྱད་ཀྱི་ཁྱད་པར་རྣམས་དང༌། དངོས་པོ་དང༌། ཡུལ་དང༌། དུས་དང༌། གནས་སྐབས་དང༌། བཀོད་པ་ལ་སོགས་པའི་ཁྱད་པར་གྱི་མཆོག་དང་ལྡན་པ་གཞན་དག་གིས་ཀྱང་རྒྱལ་བ་དེ་དག་ལ་མཆོད་པར་བྱའོ་ཞེས་བྱ་བ་ཡིན་ནོ། །ན་བཟའ་སྨོས་པས་ནི་རས་དང་དུ་གུ་ལའི་རས་དང་ཟར་མའི་རས་དང་མོན་རས་ལ་སོགས་པ་དུས་ཐམས་ཅད་པ་དང༌། ཡུལ་ཐམས་ཅད་ནས་འབྱུང་བ་དང༌། ལྷའི་དང༌། མིའི་ཤིན་ཏུ་ཁྱད་པར་ཞུགས་པའི་མཐར་ཕྱིན་པའི་ན་བཟའ་རྣམས་བསྡུའོ། །དམ་པ་སྨོས་པས་ནི་ཤིན་ཏུ་སྦ་བ་དང་ཤིན་ཏུ་ཆེ་བ་དག་གིས་མཆོད་པར་བྱའོ་ཞེས་སྦྱར་རོ། །དྲི་སྨོས་པས་ནི་ཙན་དན་ལ་སོགས་པ་བཅོས་མ་དང༌། བཅོས་མ་མ་ཡིན་པ་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་ལ་གྲགས་པ་རྣམས་བསྡུའོ། །མཆོག་སྨོས་པས་ནི་ཤིན་ཏུ་ཕུལ་དུ་ཕྱིན་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་བཀོད་པ་ཐམས་ཅད་ཀྱི་མཆོག་ཅེས་བྱ་བར་སྟོན་ཏོ། །ཕྱེ་མ་སྨོས་པས་ནི་ཚོན་རིམ་པར་བཀོད་པ་ཁ་དོག་སྤེལ་བ་སྦྲ་བ་ལ་སོགས་པའི་བྱེ་བྲག་དང་ལྡན་པར་སྟོན་ཏོ། །རི་རབ་ཅེས་སྨོས་པས་ནི་གྲགས་པའི་ཚད་ཀྱིས་རྒྱ་ཆེ་བར་སྟོན་ཏོ། །མར་མེ་སྨོས་པས་ནི་རིན་པོ་ཆེའི་སྡོང་པོའི་མར་མེ་ལ་སོགས་པ་རྒྱ་ཆེན་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྒྱས་པར་གསལ་བར་དྲི་སྣ་ཚོགས་ཀྱིས་རྒྱས་པར་འགེངས་པ་རྣམས་བསྡུའོ། །མཆོག་ཅེས་སྨོས་པས་ནི་གང་དག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འོས་ཀྱི་གཞན་ལ་མ་ཡིན་པ་སྟེ་ཐུན་མོང་མ་ཡིན་པ་ཞེས་སྟོན་ཏོ། །བདུག་པ་སྨོས་པས་ནི་བདུག་པའི་ཁྱད་པར་ག་བུར་དང༌། ཨ་ག་རུ་དང༌། ཙན་དན་ལ་སོགས་པ་བཅོས་མ་མ་ཡིན་པ་དང༌། བཅོས་མ་སྟེ་སྦྱར་བའི་ཁྱད་པར་གྱིས་བསྐྱེད་པ་ལྷའི་དང་མིའི་ལས་འདས་པ་གང་དག་ཡིན་པ་དག་བསྡུའོ། །དམ་པ་སྨོས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཁྱད་པར་ལས་སྐྱེས་པ་དག་ཅེས་སྟོན་ཏོ། །བཀོད་པའི་ཁང་བཟངས་དང༌། ཡང་


DTG117_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་དང༌། ལྷ་ཁང་དང༌། ལྷ་ཁང་བུམ་པ་ཅན་དང༌། གཙང་ཁང་བྱུར་བུའི་བྱེ་བྲག་ལ་སོགས་པ་སྟེ། ཙན་དན་ལ་སོགས་པ་ལས་བྱས་པ་ནས་སོ་ཕག་ལ་སོགས་པའི་ལས་བྱས་པའི་བར་གྱི་རྣམ་པ་དེ་དག་ཐམས་ཅད་ཀྱིས་སོ། །མཆོག་ཅེས་སྨོས་པ་ནི་རིན་པོ་ཆེ་ཐམས་ཅད་ལས་བྱས་པ་ཐམས་ཅད་དུ་ཁྱབ་པ་ཁྱད་པར་ཅན་གྱི་རྣམ་པ་ཐམས་ཅད་དང་ལྡན་པར་རིག་པར་བྱའོ། །ལྷའི་མཆོད་པའི་ཡོ་བྱད་ཀྱི་ཁྱད་པར་དེ་ལྟ་བུ་དེ་དག་དང་རབ་ཀྱི་མཐར་ཕྱིན་པ་གཞན་དག་གིས་ཀྱང་སངས་རྒྱས་ཀྱི་ཞིང་ངོ་བོ་ཉིད་དང་མོས་པ་ཐམས་ཅད་ཁྱབ་པར་བྱས་ནས་སྐད་ཅིག་སྐད་ཅིག་ལ་དེ་བཞིན་གཤེགས་པ་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་དེ་དག་ཐམས་ཅད་ལ་མཆོད་པར་བྱའོ་ཞེས་བསྟན་ནས། ད་ནི། མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །ཞེས་བྱ་བ་ལ་སོགས་པས་བླ་ན་མེད་པའི་མཆོད་པ་སྟོན་ཏོ། །འདིའི་གོང་ན་མཆོད་པ་ཁྱད་པར་དུ་འཕགས་པ་གཞན་མེད་པས་བླ་ན་མེད་པ་དག་སྟེ། གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱས་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་ཕན་ཚུན་མཆོད་པ་མཛད་པའི་ཕྱིར་མངོན་པར་སྤྲུལ་བ་རབ་ཀྱི་མཐར་ཐུག་པ་བརྙེས་པའི་ཡེ་ཤེས་ཀྱིས་བསྒྲུབས་པ། ཕྱོགས་དང་དུས་ཐམས་ཅད་དུ་ཁྱབ་པ། མཆོད་པའི་ཡོ་བྱད་རྒྱ་ཆེ་ཞིང་བཟང་བ་ཐམས་ཅད་བསྡུས་པ། བཀོད་པའི་རྣམ་པ་ཐམས་ཅད་ཀྱི་རབ་ཀྱི་མཐར་ཕྱིན་པ་དང༌། གང་ཆོས་ཀྱི་མཆོད་པ་བླ་ན་མེད་པའི་ཡོན་ཏན་གྱི་ཚོགས་ཐམས་ཅད་ཡོངས་སུ་སྦྱོང་བའི་རང་བཞིན་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་ཀྱིས་བསྡུས་བའི་མཆོད་པ་དེ་ལྟ་བུ་དེ་དག་གིས་རྒྱལ་བ་དེ་དག་ལ་མཆོད་པར་བྱའོ་ཞེས་བྱ་བར་སྦྱོར་རོ། །རྟོགས་པ་ཐོབ་པ་མ་ཡིན་པ་ཡང་འོན་ཀྱང་སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་དེ་ཐོབ་པར་བྱ་བའི་ཕྱིར་མོས་པའི་ངེས་པས་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཐམས་ཅད་ལ་དབུལ་བར་བྱའོ་ཞེས་བསྟན་པའི་ཕྱིར། དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །ཞེས་བྱ་བ་གསུངས་སོ། །དེ་བས་ན་བདག་གིས་དེ་ལྟར་ཇི་སྐད་སྨོས་པ་ཀུན་དུ་བཟང་པོ་སྤྱོད་པ་ཡོངས་སུ་སྦྱང་བ་བྱ་


DTG117_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྟན་པའི་ཚོགས་མཆོད་པའི་ཡོ་བྱད་ཀྱི་ཁྱད་པར་འཇིག་རྟེན་ཐམས་ཅད་ལས་ཤིན་ཏུ་འདས་པ་སྐྱེ་བོ་ཐམས་ཅད་ཀྱི་ཡིད་འཕྲོག་པས་རྒྱལ་བ་དེ་དག་ཐམས་ཅད་ལ་ཕྱག་འཚལ་ཏེ་མཆོད་པར་བྱའོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ན་སངས་རྒྱས་རྗེས་སུ་དྲན་པ་དང༌། དེ་ལ་ཕྱག་འཚལ་བ་དང། བསྟོད་པ་བྱ་བ་དང༌། མཆོད་པའི་མཆོག་རྣམས་ཀྱིས་བསོད་ནམས་ཀྱི་ཚོགས་བསགས་ནས། དེའི་འོག་ཏུ་ཐོག་མ་མེད་པ་ཅན་གྱི་འཁོར་བ་ན་སྡིག་པ་མི་དགེ་བའི་ལས་གང་ཅུང་ཟད་བྱས་པ་དང༌། བྱེད་དུ་བཅུག་པ་དང༌། རྗེས་སུ་ཡི་རང་བ་དེ་མ་ལུས་པར་བཀྲུ་བའི་དོན་དུ་སོ་སོར་བཤགས་པར་བྱ་བ་བསྟན་པའི་ཕྱིར། སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཁོར་བ་ན་འཁོར་བའི་ཚེ་བདག་བྱིས་པས་མི་དགེ་བའི་ལས་ཅུང་ཟད་བྱས་པ་དང༌། བྱེད་དུ་བཅུག་པ་དང༌། རྗེས་སུ་ཡི་རང་བ་དེ་ཡང་རྒྱུ་རྣམ་པ་གསུམ་གྱིས་འབྱུང་སྟེ། འདོད་ཆགས་ཀྱི་དབང་གིས་ཆགས་ནས་སྲོག་གཅོད་བ་ལ་སོགས་པ་གང་ཅུང་ཟད་བྱེད་པ་དང༌། ཞེ་སྡང་གི་དབང་དང༌། གཏི་མུག་གི་དབང་ཡང་དེ་བཞིན་ནོ། །དེ་ཡང་ཇི་སྟེ་ན་ལུས་སམ་ངག་གམ་ཡིད་ཀྱིས་བྱས་པ་དེ་དག་ཐམས་ཅད་བདག་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མངོན་སུམ་དུ་བཞུགས་པ་ཐམས་ཅད་ལ་མངོན་དུ་བཤགས་སོ། །མི་དགེ་བའི་སེམས་ཀྱི་རྒྱུ་འདི་ལས་བསྒྲུབས་པ་ཡིད་དུ་མི་འོང་བའི་འབྲས་བུར་ནུས་པ་བཟློག་པར་བྱའོ། །བཀྲུ་བར་བྱའོ། །དྲི་མ་མེད་པར་བྱའོ། །བག་ཆགས་ཀྱང་མེད་པར་བྱ་སྟེ། ཐེག་པ་ཆེན་པོའི་མདོ་ལས་ཇི་སྐད་གསུངས་པའི་ཡོན་ཏན་གྱི་དྲི་རྣམས་ཀྱིས་སེམས་ཀྱི་རྒྱུན་ཤིན་ཏུ་དྲི་ཞིམ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་བསོད་ནམས་ཀྱི་ཚོགས་ཀྱང་བསགས། མི་དགེ་བ་བསགས་པ་ཡང་སོ་སོར་བཤགས་ནས། གཞན་གྱིས་བྱས་པའི་བསོད་ནམས་ཀྱི་ཚོགས་ཀྱང་ཡོངས་སུ་གཟུང་བའི་ཕྱིར། ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ཕྱོགས་བཅུའི་སེམས་ཅན་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་རྣམས་ཀྱིས་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་བསོད་ནམས་རྣམ་པ་དུ་མ་སྟེ། བསོད་ནམས་


DTG117_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་སྒྲས་ནི་མ་ཆགས་པ་དང་ཞེ་སྡང་མེད་པ་གཏི་མུག་མེད་པས་བསྡུས་པའི་སེམས་དང༌། སེམས་ལས་བྱུང་བ་དང༌། དེས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་ཡོངས་སུ་གཟུང་ངོ༌། །དེ་དག་ཉིད་ཐོབ་པར་བྱེད་པ་དང༌། བཅད་པར་བྱེད་པའི་དོན་གྱིས་བསོད་ནམས་ཡིན་ནོ། །དེའི་ཕྱིར་སོ་སོའི་སྐྱེ་བོ་དང་སློབ་པ་དང་མི་སློབ་པ། དེ་དག་ཀུན་གྱི་བསོད་ནམས་ཀུན་ལ་ཡང༌། །ཞེས་བྱ་བ་ཡིན་ཏེ། སློབ་པ་ནི་གང་འཕགས་པའི་ལམ་སྐྱེས་ལ་སྐྱེས་བུའི་དོན་ཡོངས་སུ་མ་རྫོགས་པ་དག་སྟེ་དེ་དག་གིས་བསླབ་པར་བྱ་བ་ཡོད་པའི་ཕྱིར་སློབ་པ་དག་གོ །མི་སློབ་པ་ནི་གཞན་གྱི་མན་ངག་གིས་འཕགས་པའི་ལམ་བསྐྱེད་ནས་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་སྤངས་པས་སྐྱེས་བུའི་དོན་ཡོངས་སུ་གྲུབ་བ་ཉིད་ཀྱིས་བསླབ་བར་བྱ་བ་མེད་པས་མི་སློབ་པ་དག་གོ །གང་དག་བསྐལ་པ་གཅིག་ཏུ་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱས་ཏེ། གཞན་གྱིས་མན་ངག་མེད་པར་འཕགས་པའི་ལམ་ཐོབ་ནས་ཁམས་གསུམ་དང་བྲལ་བར་ཞུགས་བ་དེ་དག་ནི་སྙིང་རྗེ་ཆེན་པོ་མེད་པས་གཞན་ལ་ལུང་འབོགས་པའི་བྱ་བ་མེད་པར་བདག་གཅིག་པུ་སངས་རྒྱས་པར་བྱེད་པ་རང་སངས་རྒྱས་རྣམས་སོ། །སངས་རྒྱས་སྲས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ས་ནས་བཟུང་སྟེ་ཆོས་ཀྱི་སྤྲིན་གྱི་སའི་བར་ལ་གནས་པ་གང་ཡིན་པ་སྟེ། དེ་དག་ནི་སངས་རྒྱས་ཀྱི་གདུང་མི་འཆད་པར་བྱ་བའི་ཕྱིར་སྲས་ཞེས་བྱའོ། །རྒྱལ་བ་ནི་སངས་རྒྱས་བཅོམ་ལྡན་འདས་བདུད་ཐམས་ཅད་ལས་རྣམ་པར་རྒྱལ་བ་རྣམས་ཡིན་ཏེ། དུས་ཐམས་ཅད་དུ་བཞུགས་པ་དེ་དག་གི་བསོད་ནམས་གང་ཡིན་པ་དང༌། གོང་དུ་བཤད་པ་རྣམས་ཀྱི་བསོད་ནམས་མཐའ་ཡས་པ་བསམ་གྱིས་མི་ཁྱབ་པ་མཚུངས་པ་མེད་པ་ནམ་མཁའ་ལྟ་བུར་མུ་མེད་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་དུ་གྱུར་པ་གང་ཡིན་པ་དེ་དག་ཐམས་ཅད་ལ་བདག་རྗེས་སུ་ཡི་རང་ངོ༌། །བསོད་ནམས་མཛད་པ་དེ་དག་གིས་རང་གི་བསོད་ནམས་ཀྱི་ཚོགས་མངོན་སུམ་དུ་མཛད་ནས་བཞུགས་པ་ལ་ཡང་ཤིན་ཏུ་ཡི་རང་ངོ༌། །བདག་ཀྱང་དེའི་རྗེས་སུ་ཕྱིན་ནས་མོས་པའི་ཤེས་བས་དགེ་


DTG117_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྩ་བ་དེ་དག་ཐམས་ཅད་རང་གི་རྒྱུད་ལ་བརླན་ནས་རྗེས་སུ་ཡི་རང་བའམ། དེ་དག་དང་སྟོད་བ་ཉིད་དུ་རོ་གཅིག་པས་གཅིག་པར་མོས་ནས་རྗེས་སུ་ཡི་རང་བར་བྱ། དགའ་བ་བསྐྱེད་པར་བྱ་སྟེ། ཐབས་འདིས་གཞན་གྱིས་བྱས་པའི་དགེ་བའི་ཚོགས་མཐའ་ཡས་པ་དེ་དག་ཐམས་ཅད་ཀྱང་སེམས་ཀྱིས་ཡོངས་སུ་གཟུང་ངོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་དེ་བཞིན་གཤེགས་པ་ལ་ཕྱག་བྱ་བ་ལ་སོགས་པས། རང་གི་བསོད་ནམས་ཀྱི་ཚོགས་ཀྱང་རྗེས་སུ་ཡི་རང་བས་ཡོངས་སུ་གཟུང་སྡིག་པ་བཤགས་པས་སེམས་ཀྱི་རྒྱུད་ཀྱང་ཡོངས་སུ་སྦྱང༌། གཞན་གྱིས་བྱས་པའི་བསོད་ནམས་ཀྱི་ཚོགས་ཀྱང་རྗེས་སུ་ཡི་རང་བས་ཡོངས་སུ་གཟུང་སྟེ། དགེ་བའི་ཕུང་པོ་དཔག་ཏུ་མེད་པ་ཀུན་དུ་བསགས་པས་སེམས་ཅན་ལ་ཕན་པའི་ལྷག་པའི་བསམ་པ་ཡོངས་སུ་སྦྱང་བར་བཞེད་པས། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །ཅེས་བྱ་བ་འདི་གསུངས་སོ། །གང་དག་ཕྱོགས་བཅུའི་འཇིག་རྟེན་ན་སངས་རྒྱས་ཀྱི་ཞིང་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བ་མར་མེའི་སྣོད་ལྟ་བུ་དག་ལ་ཐུགས་རྗེ་ཆེན་པོ་སྣུམ་ལྟ་བུ་ཡོངས་སུ་བཀང་བ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་སྐུ་སྙིང་པོ་ལྟ་བུར་གྱུར་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡེ་ཤེས་ཆེན་པོའི་མེའི་ཕུང་པོ་རབ་ཏུ་འབར་བ། ཕྱོགས་བཅུ་མཐའ་ཡས་པར་འོད་ཟེར་གྱི་ཚོགས་དགེ་བའི་དཀྱིལ་འཁོར་དཔག་ཏུ་མེད་པ་འཕྲོས་པས་གཏི་མུག་གི་མུན་པ་མུན་ནག་ཆེན་པོ་མ་ལུས་པར་བཅོམ་པ་དག་ནི་འཇིག་རྟེན་ན་སྒྲོན་མ་ལྟ་བུ་ཡིན་པར་འཇིག་རྟེན་སྒྲོན་མ་སྟེ་དེ་བཞིན་གཤེགས་པ་རྣམས་སོ། །བྱང་ཆུབ་མཆོག་རིམ་བར་སངས་རྒྱས་ནས་མཆོག་ཏུ་གྱུར་པའི་སངས་རྒྱས་བརྙེས་ཏེ། ཆགས་པ་མི་མངའ་བ་བརྙེས་པ། འཇིག་རྟེན་ཐམས་ཅད་ཀྱིས་རྟོགས་པར་དཀའ་པའི་ཆོས་ཐུགས་སུ་ཆུད་པས་ཅང་མི་གསུང་བར་བཞུགས་ནས་ཆོས་ཀྱི་འཁོར་ལོ་མི་བསྐོར་བར་རང་སངས་རྒྱས་ལྟར་སེམས་ཅན་གྱི་དོན་ལ་མི་གཟིགས་པ་མ་ཡིན་མོད་ཀྱི། འོན་ཀྱང་ཆོས་ཟབ་པར་བསྟན་པ་དང༌། དམ་པའི་ཆོས་ལ་གུས་བ་བསྐྱེད་པའི་ཕྱིར་བསྐུལ་པ་ལ་བཞེས་ཏེ། དེར་སྨོན་སེམས་དང་ལྡན་པ་རྣམས་ལ་དགེ་བའི་ཚོགས་


DTG117_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པའི་ཕྱིར་བདག་ཉིད་འཁོར་ལོ་མི་བསྐོར་རོ། །དེ་བས་ན་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བའི་ཕྱིར་བདག་གིས་ཕྱག་བྱ་བ་ལ་སོགས་པ་སྔོན་དུ་འགྲོ་བའི་བསྐུལ་བས་དེ་དག་ལ་བསྐུལ་བར་བྱའོ། །བླ་ན་མེད་པ་ནི་འཇིག་རྟེན་ཐམས་ཅད་འདྲ་བ་མེད་པའི་ཕྱིར་རོ། །དེ་ལྟར་མ་བྱོན་པའི་སངས་རྒྱས་ལ་བསྐུལ་བས་སེམས་ཅན་ལ་ཕན་པའི་ལྷག་པའི་བསམ་པ་ཡོངས་སུ་སྦྱངས་ནས། ཡང་གསོལ་བ་གདབ་པས་ཀྱང་ཡོངས་སུ་སྦྱང་བའི་ཕྱིར། མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་གཤེགས་པ་གང་དག་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་རྣམས་ཀྱི་དོན་ཅི་རིགས་པར་མཛད་ནས་སངས་རྒྱས་ཀྱི་མཛད་པ་ཡོངས་སུ་རྫོགས་པ་འདྲ་བར་མྱ་ངན་ལས་འདས་པ་སྟོན་པར་བཞེད་པ་ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱིས་ཕུང་པོ་རྣམས་ཡོངས་སུ་འདོར་བར་བཞེད་པ་དེ་དག་ལ་སྐྱེ་བོ་ལྷག་མ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་མི་འཇུག་ཏུ་གསོལ། སེམས་ཅན་མགོན་མ་མཆིས་པར་མི་མཛད་དུ་གསོལ། འགྲོ་བ་ལྷག་མ་དག་ལ་སྔོན་གྱི་སྨོན་ལམ་ཇི་ལྟ་བ་བཞིན་དུ་དོན་མཛད་པར་གསོལ་ཞེས་བདག་རབ་ཏུ་བསྒྲིམས་ནས་ཕྱག་འཚལ་ཏེ་ཐལ་མོ་སྦྱར་བ་ལ་སོགས་པས་གསོལ་བ་གདབ་བོ། །བསྐུལ་བ་ནི་བདག་ཉིད་བྱེད་པར་འདོད་པ་ལ་བསྐུལ་བ་ཙམ་དུ་ཟད་དོ། །དེས་ན་གསོལ་བ་དང་བསྐུལ་བ་དག་ནི་བསྒྲིམས་པ་དང་མི་བསྒྲིམས་པའི་ངོ་བོ་ཡིན་པའི་ཕྱིར་གསོལ་བ་དང་བྱེ་བྲག་ཡོད་དོ། །དུས་ཇི་སྲིད་ཅིག་ཏུ་བཞུགས་པར་གསོལ་བ་གདབ་སྙམ་པ་ལ། ཞིང་གི་རྡུལ་སྙེད་བསྐལ་པར་བཞུགས་པ་ཡང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་ཅན་གྱི་དོན་མཐའ་ཡས་པའི་ཕྱིར་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་གྱི་གྲངས་སྙེད་ཀྱི་བསྐལ་པར་བཞུགས་སུ་གསོལ་ལོ། །དེས་ན་འདི་སྐད་དུ་སེམས་ཅན་གྱི་ཁམས་ཇི་ཙམ་པ་དེ་ཙམ་གྱི་དོན་མཛད་པ་ཡོངས་སུ་མ་གྲུབ་པ་ཡིན་ཏེ། །དེ་བས་ན་དེ་དོན་དུ་གཉེར་བ་རྣམས་ཡོངས་སུ་མྱ་ངན་ལས་མི་འདའ་བ་ཉིད་དོ་ཞེས་སྟོན་ཏོ། །ཅིའི་ཕྱིར་བཞུགས་པར་གསོལ་སྙམ་པ་ལ། འགྲོ་བ་ཀུན་ལ་


DTG117_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཞིང་བདེ་བའི་ཕྱིར། །ཞེས་བྱ་བ་གསུངས་སོ། །འགྲོ་བ་ཀུན་ལ་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་མ་ལུས་པའོ། །ཕན་པ་ནི་མི་དགེ་བའི་ཆོས་ཐམས་ཅད་ལས་ཟློག་པ་དང༌། དགེ་བའི་ཆོས་ཐམས་ཅད་ལ་འཇུག་པའམ། ཚེ་འདི་དང་ཚེ་འདི་མ་ཡིན་པ་དང༌། གཏན་དུ་བདེ་བ་ཐོབ་པའི་རྒྱུའོ། །བདེ་བ་ནི་ལྷ་དང་མིའོ། །ཡང་ན་བདེ་བའི་མཆོག་ནི་མྱ་ངན་ལས་འདས་པ་སྟེ། དེའི་དོན་དུ་བཞུགས་སུ་གསོལ་ལོ། །ད་ནི་བསོད་ནམས་ཀྱི་ཕུང་པོ་ལྷག་པའི་བསམ་པ་ཡོངས་སུ་སྦྱང་བ་བྱས་པའི་ཁྱད་པར་ལས་སྐྱེས་པ་བར་འཚམས་མེད་པར་ཇི་ལྟར་བཟུང་བ་སྡོམ་པ་དེ་ཐམས་ཅད་ཁྱད་པར་དུ་འཕགས་པའི་འབྲས་བུར་ཡོངས་སུ་བསྔོ་བ་ཐབས་ཀྱིས་བསྡུས་ནས། ཡང་རྒྱ་ཆེན་པོར་བྱ་བའི་ཕྱིར། ཕྱག་འཚལ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ངོ་བོ་ཉིད་དང་མོས་པའི་ལུས་ཀྱིས་སངས་རྒྱས་མཐའ་ཡས་པ་ལ་ཕྱག་འཚལ་བར་དམིགས་པའི་སེམས་པའི་ཁྱད་པར་གང་ཡིན་པ་དེ་དག་ནི་ཕྱག་འཚལ་བའི་སྒྲར་བསྟན་ཏོ། །མཆོད་པ་ནི་མཆོད་པའི་ཡོ་བྱད་མཐའ་ཡས་པ་སངས་རྒྱས་མཐའ་ཡས་པ་ལ་ཕུལ་བས་བསྡུས་པའི་སེམས་པའི་བྱེ་བྲག་རྣམས་སོ། །བཤགས་པ་ནི་བྱས་པ་དང༌། བྱེད་དུ་བཅུག་པ་དང༌། རྗེས་སུ་ཡི་རང་བ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ལས་བྱུང་བ་ལུས་དང༌། ངག་དང༌། ཡིད་ལས་བྱུང་བའི་མི་དགེ་བའི་རྩ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་བཤགས་པའི་རང་བཞིན་གྱི་སེམས་པའི་རྒྱུན་རྣམས་སོ། །རྗེས་སུ་ཡི་རང་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང༌། རང་སངས་རྒྱས་དང་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་བྱས་པ་དང༌། བྱེད་དུ་བཅུག་པ་དང༌། རྗེས་སུ་ཡི་རང་བའི་བསོད་ནམས་ཀྱི་ཚོགས་མཐའ་ཡས་བ་ལ་རྗེས་སུ་ཡི་རང་བར་བཞུགས་པའི་སེམས་པའི་ཕུང་པོའོ། །བསྐལ་བ་ནི་སེམས་ཅན་གྱི་དོན་མཛད་པར་བྱ་བའི་ཕྱིར་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་དེ་ཆོས་ལ་གུས་པ་བསྐྱེད་པའི་ཕྱིར་བསྐུལ་བ་ལ་ཞེས་པ་རྣམས་ལ་སོ་སོར་བསྟི་སྟང་བྱ་བ་སྔོན་དུ་འགྲོ་བ་དོན་དུ་གཉེར་བས་བསྡུས་པའི་སེམས་པའི་ཁྱད་པར་རྣམས་སོ། །གསོལ་བ་ནི་རང་གི་མཛད་པ་


DTG117_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཡོངས་སུ་རྫོགས་པར་མཛད་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་གཤེགས་བར་བཞེད་པ་རྣམས་ལ་གསོལ་བ་འདེབས་པ་སྟེ། ཕྱག་འཚལ་བ་སྔོན་དུ་འགྲོ་བའི་འགོག་པས་བསྡུས་པའི་སེམས་པ་མཆོག་འབྱུང་བ་རྣམས་སོ། །དེ་ལྟར་ཇི་སྐད་སྨོས་པའི་ཚུལ་དུ་རང་གི་རྒྱུད་ཡོངས་སུ་སྦྱང་བ་བྱས་པའི་ཁྱད་པར་གྱིས་དགེ་བའི་ཚོགས་མཐའ་ཡས་པ་བསགས་པ་གང་ཡིན་པ་དེ་དག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དབང་དུ་གྱུར་པ་རྣམས་སྤྱན་སྔར་བཞག་ནས་དད་པ་ཕུལ་དུ་བྱུང་བའི་ནོར་བུ་རིན་པོ་ཆེས་དངངས་པར་བྱས་པའི་སེམས་ཀྱིས་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ། འབྲས་བུའི་ཁྱད་པར་བླ་ན་མེད་པ་ལ་ངེས་པར་བྱ་སྟེ། དོན་དེ་ཉེ་བར་བསྒྲུབ་བོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ན་བསོད་ནམས་ཀྱི་ཚོགས་ཡོངས་སུ་གཟུང་བའི་ཕྱིར་ཐབས་ཀྱི་ཁྱད་པར་ཕ་རོལ་མི་དཔོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོའི་སྤྱོད་པས་འཐོབ་པར་བྱེད་པའི་མཚན་ཉིད་ཀྱི་འདི་ནི་དད་པས་བསྐྱེད་པའི་སེམས་ཀྱིས་ཐོས་པའི་ཚེ་ཡང་སེམས་ཀྱི་རྒྱུན་རྣམ་པར་དག་པར་བྱེད་ན་རྟག་ཏུ་བྱེད་པས་ཉིན་གཅིག་བཞིན་དུ་དུས་གསུམ་དུ་བསྒྲུབ་པས་ལྟ་སྨོས་ཀྱང་ཅི་དགོས། དེ་བས་ན་འདི་ནི་འོག་ནས་འབྱུང་བའི་དོན་རྣམས་ཐམས་ཅད་ལ་ཡང་སོ་སོར་སྦྱར་བར་རིག་པར་བྱའོ། །དེ་ལྟར་བསོད་ནམས་ཀྱི་ཚོགས་ཡོངས་སུ་སྡུད་པའི་ཐབས་སྒྲུབ་པས། རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །ཐབས་ཀྱིས་ཡོངས་སུ་ཟིན་པའི་འཕགས་པ་ཀུན་དུ་བཟང་པོའི་སྤྱོད་པ་རབ་ཏུ་སྟོན་པར་བྱེད། རབ་ཏུ་འཆད་པར་བྱེད་ཅེས་བྱ་བ་འདིས་ནི་མོས་པས་སྤྱོད་པའི་སའི་དོན་བསྡུས་པར་བསྟན་ཏོ། །ཡེ་ཤེས་སྤྱོད་པ་རྣམ་པར་དག་བྱེད་ཅིང༌། །ཞེས་བྱ་བ་ལ། ཡེ་ཤེས་ནི་ཟག་པ་མེད་པ་རྣམ་པར་མི་རྟོག་པའི་ཐེག་པའོ། །དེའི་སྤྱོད་པ་ནི་ས་བསྒོམ་པའི་གོ་རིམས་སོ། །དེ་རྣམ་པར་དག་པ་ནི་བསྒོམ་པ་རབ་ཀྱི་མཐར་ཕྱིན་པར་གྱུར་པའི་ཡེ་ཤེས་ཀྱིས་ཏེ། འདིས་ནི་ས་བཅུ་བསྡུས་སོ། །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང༌། །ཞེས་བྱ་བ་ལ། བྱང་ཆུབ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཕུལ་དུ་བྱུང་བའོ། །དེའི་སྤྱོད་པ་ནི་སངས་རྒྱས་ཀྱིས་ཀུན་དུ་འོད་ཀྱིས་བསྡུས་པ་བསྒོམ་པའོ། །དེ་ཡོངས་སུ་རྫོགས་པ་ནི་བྱང་ཆུབ་ཀྱི་སྙིང་པོར་ཞུགས་ནས་ཉོན་མོངས་པ་


DTG117_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་མི་གནས་པའི་མྱ་ངན་ལས་འདས་པ་མངོན་སུམ་དུ་མཛད་པ་ཡིན་ཏེ། འདིས་ནི་ཕན་ཡོན་གྱི་ལམ་བསྡུས་སོ། །དེ་ལྟར་ན་ཚིགས་སུ་བཅད་པ་འདིས་ནི་སྨོན་ལམ་ཆེན་པོ་འདིའི་དོན་ཐམས་ཅད་བསྡུས་པར་བསྟན་པ་ཡིན་ནོ། །འདི་མན་ཆད། འདས་པའི་སངས་རྒྱས་རྣམས་དང་ཞེས་བྱ་བ་ལ་སོགས་པས་ནི་མོས་པས་སྤྱོད་པའི་སའི་དོན་གྱི་རིམ་པ་བརྗོད་དེ། དེ་བཞིན་གཤེགས་པ་འདས་པ་རྣམས་ནི་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་ལྟོས་ནས་ཡིན་གྱིས། ཕུང་པོ་ལྷག་མ་མི་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་ལྟོས་ནས་ནི་མ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ནི་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་བཞུགས་པའི་ཕྱིར་རོ། །ཕྱོགས་བཅུའི་འཇིག་རྟེན་དག་ན་གང་བཞུགས་པ། །ཞེས་བྱ་བ་ནི་སྤྲུལ་པའི་སྐུ་རྣམས་ཀྱིས་ཕྱོགས་བཅུ་དག་ན་ད་ལྟར་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ཞེས་བྱ་བའི་ཐ་ཚིག་གོ །མཆོད་པར་གྱུར་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་མཆོད་པ་དང་སྒྲུབ་པའི་མཆོད་པ་བླ་ན་མེད་པས་དེ་བཞིན་གཤེགས་པ་འདས་པ་ལ་སོགས་པ་གང་དག་ཡིན་པ་དེ་དག་ལ་མཆོད་པར་གྱུར་ཅིག་ཅེས་བྱ་བ་ཡིན་ཏེ། སྒྲུབ་པའི་མཆོད་པས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྟོན་ཏོ། །གང་ཡང་མ་བྱོན་པ་དེ་དག་རབ་ཏུ་མྱུར་བ་ཁོ་ནས་མངོན་པར་རྫོགས་པར་སངས་རྒྱས་པར་ཇི་ལྟར་བཞེད་པ་བཞིན་དགོངས་པ་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་བྱ་བ་སྟེ། འདིས་ནི་སེམས་ཅན་གྱི་དོན་མཛད་པར་བཞུགས་པ་དེ་དག་སྐད་ཅིག་ཀྱང་ཤོལ་བར་མ་གྱུར་ཅིག་ཅེས་དེ་སྐད་བསྟན་ཏོ། །ཐུགས་ལ་དགོངས་པ་ནི་བསམ་པ་སྟེ། ཡུན་རིང་པོ་ནས་བཞེད་པའི་དོན་འབྲས་བུའི་ཁྱད་པར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱ་བ་གང་ཡིན་པའོ། །དེ་ཡོངས་སུ་རྫོགས་པ་ནི་བསམ་པ་རྫོགས་པའོ། །དེ་ཉིད་ཀྱི་ཕྱིར། བྱང་ཆུབ་རིམ་པར་སངས་རྒྱས་ཞེས་བསྟན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བརྙེས་པ་དེ་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ །དེ་དག་བདག་ཉིད་འབྲས་བུ་བསྒྲུབ་པ་ལ་ཞུགས་མོད་ཀྱི། འོན་ཀྱང་དེ་དག་གི་དོན་ཆེན་པོ་འགྲུབ་པ་དང༌། བགེགས་


DTG117_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བར་སྨོན་པ་རྣམས་ཀྱི་བསམ་པ་ཤིན་ཏུ་དག་པར་འགྱུར་རོ་ཞེས་སྟོན་ཏོ། །ཚིགས་སུ་བཅད་པ་འདིས་ནི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཡོངས་སུ་རྫོགས་པར་བྱ་བའི་བསམ་པ་བསྟན་ཏོ། །ད་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་སྦྱང་བའི་བསམ་པ་བསྟན་པའི་ཕྱིར་ཕྱོགས་བཅུ་ག་ལའི་ཞིང་རྣམས་ཇི་སྙེད་པ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕྱོགས་བཅུ་ན་སངས་རྒྱས་ཀྱི་ཞིང་གི་ཁྱད་པར་ཇི་སྙེད་ཡོད་པ་དེ་དག་རྡོ་ལ་སོགས་པའི་ཉེས་པ་མེད་པ་བདེ་བ་ཕུལ་དུ་ཕྱིན་པ་བདེ་བ་ཅན་དང་འདྲ་བར་ཡོངས་སུ་དག་པར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །ཡོངས་སུ་དག་པ་འབའ་ཞིག་མ་ཡིན་གྱིས། དེ་ན་ཡོད་བའི་དངོས་པོ་ཐམས་ཅད་རབ་ཀྱི་མཐར་ཕྱིན་པར་གྱུར་པའི་སྒོ་ནས་རྒྱ་ཆེ་བར་ཡང་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །དེ་ལྟར་གནས་ཡོངས་སུ་དག་པས་ཡོངས་སུ་དག་པར་བརྗོད་ནས། གནས་པ་ཡོངས་སུ་དག་པ་དེ་ཡོངས་སུ་དག་པ་བསྟན་པའི་ཕྱིར། བྱང་ཆུབ་ཤིང་དབང་དྲུང་གཤེགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱང་ཆུབ་ནི་ཡེ་ཤེས་བླ་ན་མེད་པའོ། །དེ་ཤིང་གི་རྒྱལ་པོ་གང་གི་དྲུང་དུ་བཞུགས་ནས་བརྙེས་པ་དེ་ནི་སེམས་ཅན་གྱི་མཆོག་གིས་ཡོངས་སུ་བཟུང་བའི་ཁྱད་པར་གྱི་ཕྱིར་བྱང་ཆུབ་ཀྱི་ཤིང་གི་དབང་པོ་སྟེ། ཤིང་ཐམས་ཅད་ཀྱི་ནང་ན་ཤིན་ཏུ་ཁྱད་པར་དུ་འཕགས་པའི་ཕྱིར་དབང་པོའོ། །བདུད་བཞི་ཕམ་པར་མཛད་པའི་ཕྱིར་གང་དག་དེར་བཞུགས་པ་བྱང་ཆུབ་ཤིང་དབང་དྲུང་གཤེགས་སོ། །དེ་དག་གང་ཡིན་སྙམ་པ་ལ། རྒྱལ་བ་དང་ཞེས་བྱ་བ་གསུངས་སོ། །བག་ཆགས་དང་བཅས་པའི་ཉེས་པ་ཐམས་ཅད་ལས་རྒྱལ་བའི་ཕྱིར་ཏེ། དེ་དག་གིས་ཡོངས་སུ་གང་བར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །ཅི་དེ་དག་ཉི་ཚེས་སམ་སྙམ་པ་ལ། སངས་རྒྱས་སྲས་ཀྱིས་ཞེས་བྱ་བ་གསུངས་སོ། །དེ་ཁོ་ན་ཉིད་རྣམ་པར་སངས་རྒྱས་བའི་སངས་རྒྱས་དེ་དག་ཉིད་ཀྱི་སྲས་སྐུ་དག་པ་མངའ་བ་ཟབ་ཅིང་བཟང་པོ་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་དང་ལྡན་པ་ས་བཅུ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཡིན་ནོ། །དེའི་ཕྱིར་སེམས་ཅན་རིན་པོ་ཆེ་ཁྱད་པར་ཅན་དེ་ལྟ་བུ་དག་གིས་སངས་རྒྱས་ཀྱི་ཞིང་ཁྱད་པར་ཅན་དེ་དག་ཡོངས་སུ་གང་བར་གྱུར་ཅིག་ཅེས་བྱ་བ་


DTG117_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེ་ལྟར་གནས་དང་གནས་པ་ཡོངས་སུ་དག་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བའི་བསམ་པ་བརྗོད་པས་སེམས་ཅན་ལ་ཕན་པ་དང་བདེ་བའི་བསམ་པ་ཡོངས་སུ་དག་པ་བསྟན་པའི་ཕྱིར། ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །ཕྱོགས་བཅུ་དག་ན་གང་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་བདེ་བར་གྱུར་ཅིག་ཅེས་བྱ་བ་འདིས་ནི་ངན་སོང་བའི་སྡུག་བསྔལ་ལས་བཟློག་པར་བསྟན་ཏོ། །ཅི་རེ་འགའ་ཞིག་གམ་ཞེ་ན། མ་ཡིན་ཏེ་རྟག་ཏུ་ཞེས་བྱ་བ་གསུངས་སོ། །ངན་སོངའི་སྡུག་བསྔལ་དང་བྲལ་དུ་ཟིན་ཀྱང་བདེ་འགྲོར་སྐྱེས་པ་རྣམས་ལ་ནད་ལ་སོགས་པའི་སྡུག་བསྔལ་ཡོད་དོ་སྙམ་པ་ལ། ནད་མེད་གྱུར་ཅིག་ཅེས་བྱ་བ་གསུངས་ཏེ། དུས་ཐམས་ཅད་དུ་ལྷན་ཅིག་སྐྱེས་པ་དང་གློ་བུར་གྱི་སྡུག་བསྔལ་མ་ལུས་པ་ལས་གྲོལ་བར་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ །སྡུག་བསྔལ་དེ་དང་བྲལ་དུ་ཟིན་ཀྱང་དེ་བས་ཆོས་མི་ཟད་པ་དབུལ་བ་ལ་སོགས་པའི་སྡུག་བསྔལ་ཡོད་དོ་སྙམ་པ་ལས། འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནི། །ཞེས་བྱ་བ་གསུངས་སོ། །འགྲོ་བ་ཐམས་ཅད་དེ། སེམས་ཅན་གྱི་ཕུང་པོ་མ་ལུས་པ་དག་གི་ཆོས་ཀྱི་འདོད་པ་གྲུབ་པར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །ཆོས་ཀྱི་རྙེད་པའི་དོན་ནི་ཆོས་ཀྱི་དོན་ཡིན་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་ལས་མ་གོལ་བས་རྙེད་པའོ། །ཡང་ན་ཆོས་ཀྱི་ཞེས་བྱ་བ་ནི་འཇིག་རྟེན་གཉི་གར་མ་སྨད་བའོ། །ཆོས་ཀྱི་ཞེས་སྨོས་པས་ནི་ཕ་རོལ་ལ་གནོད་པ་བྱས་པའི་སྡུག་བསྔལ་མེད་པར་བསྟན་ཏོ། །ཆོས་ཀྱི་ཡང་ཅི་སྟེ་ན་སྒྲུབ་པ་དང་སྲུང་བ་ལ་སོགས་པའི་སྡུག་བསྔལ་དང་འབྲེལ་པར་འགྱུར་རོ་སྙམ་པ་ལ། མཐུན་པར་གྱུར་ཅིག་ཞེས་བྱ་བ་གསུངས་སོ། །སྒྲུབ་པ་ལ་སོགས་པའི་ཡོངས་སུ་ཉོན་མོངས་པ་མེད་པས་ཤིན་ཏུ་མཐུན་པར་གྱུར་ཅིག་ཅེས་བྱ་བའོ། །དེ་ལྟ་མ་ཡིན་ཡང་འདོད་པས་ཕོངས་པ་ལ་སོགས་པས་བྱས་པའི་སྡུག་བསྔལ་འབྱུང་བ་ཁོ་ནའོ་སྙམ་པ་ལ། རེ་བའང་འགྲུབ་པར་ཤོག་ཅེས་བྱ་བ་གསུངས་སོ། །ལུས་ཅན་ཐམས་ཅད་ཀྱི་རེ་བ་སྟེ། འདོད་པའི་དོན་འགྲུབ་པར་བྱ་བའི་བསམ་པ་གྲུབ་ཅིང་འབྱོར་བར་ཤོག་ཅེས་བྱ་བའི་ཐ་ཚིག་གོ །བྱང་


DTG117_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཀྱི་སེམས་ནི་སེམས་ཅན་ལ་ཕན་བ་སྐྱེད་པའི་མཚན་ཉིད་ཡིན་པའི་ཕྱིར་ད་ལྟར་མ་འོངས་པའི་སངས་རྒྱས་མངོན་པར་རྫོགས་པར་བྱང་ཆུབ་པར་སྨོན་པ་དང༌། སངས་རྒྱས་ཀྱི་ཞིང་དང་སེམས་ཅན་ཡོངས་སུ་དག་པར་སྨོན་པས་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་བསྟན་ཏོ། །འདིར་དང་པོར་མཆོད་པ་རབ་ཏུ་དབུལ་བས་ནི་མོས་པས་སྤྱོད་པས་བསྡུས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏེ། །དེ་ལྟར་ཚིགས་སུ་བཅད་པ་གསུམ་གྱིས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་མོས་པས་སྤྱོད་པས་བསྡུས་པ་བརྗོད་ནས། དེ་བསྟན་པར་བྱ་བའི་ཕྱིར་བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་རྩ་བ་དྲུག་པ་ལ་སོགས་པས་ནི་དེ་ལས་གཞན་པ་ཐབས་སྟོན་ཏོ། །བྱང་ཆུབ་ཀྱི་སེམས་མི་བརྗེད་པ་དང༌། དེ་དང་མཐུན་པའི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་ཡང་སྐྱེ་བ་དྲན་ན་འབྱུང་གི །དེ་ལྟ་མ་ཡིན་ཏེ། དྲན་པ་ཉམས་ན་དེ་གཉི་ག་མེད་དོ། །བྱང་ཆུབ་ཏུ་སྤྱོད་པ་ནི་བྱང་ཆུབ་ཏུ་སྤྱོད་པ་སྟེ། དེའི་རྒྱུ་འཕགས་པ་ཀུན་དུ་བཟང་པོའི་སྤྱོད་པ་ལ་ནན་ཏན་བྱེད་པའོ། །དེ་སྤྱོད་ཅིང་སྟེ་ཐོས་པ་དང་བསམ་པ་ལ་སོགས་པའི་རིམ་གྱིས་བསྒོམ་ཞིང་ཞེས་བྱ་བའི་ཐ་ཚིག་གོ །དེ་ཡང་ཕྱུགས་བདག་པའི་ཐར་པ་བཞིན་དུ་སྐྱེ་བ་གཅིག་གིས་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བསྐལ་པ་གྲངས་མེད་པ་དུ་མས་འཐོབ་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་འཐོབ་པར་བྱ་བ་ཡིན་ནོ། །དེའི་ཕྱིར་སྐྱེ་བ་དྲན་པ་ཉིད་མེད་ན་དེ་ཐམས་ཅད་མི་སྲིད་དོ། །ཚེ་རབས་གཞན་དུ་བརྗེས་ནས་སྡུག་སྟེ། གཉིད་ཀྱིས་ལོག་པའི་གནས་སྐབས་ནས་བདག་སུ་ཡིན་པ་དང༌། བདག་གི་གནས་གང་ཡིན་པ་དང༌། བདག་གིས་བྱ་བ་དང་མི་བྱ་བ་གང་ཡིན་པ་མི་ཤེས་པ་དེ་ལྟ་བུར་གྱུར་པ་ལ་ནི་དགེ་བ་མེད་པ་དང༌། ཡང་ཤིན་ཏུ་རིང་ན་ཚོགས་ཡོངས་སུ་རྫོགས་པར་ལྟ་ག་ལ་འགྱུར། དེ་བས་ན་སྐྱེ་བ་དྲན་པར་གྱུར་ཅེས་བྱ་བ་གསུངས་སོ། །སྨོན་ལམ་མ་བཏབ་པར་ཡང་ལྷ་ལ་སོགས་པའི་ནང་ན་སྐྱེ་བ་དྲན་པ་དག་ཡོད་དོ་སྙམ་པ་ལ། འགྲོ་བ་ཀུན་དུ་ཞེས་བྱ་བ་གསུངས་སོ། །འགྲོ་བ་ནི་སེམས་ཅན་དམྱལ་བ་ལ་སོགས་པ་ལྔ་སྟེ། ལས་དང་ཉོན་


DTG117_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པའི་དབང་གིས་སེམས་ཅན་རྣམས་ཤི་བའི་འོག་ཏུ་སྐྱེ་བའི་དོན་དུ་དེ་དག་འགྲོ་བས་ན་འགྲོ་བའོ། །འདི་སྐད་དུ་ལས་ཀྱི་དབང་གིས་འགྲོ་བ་ཐམས་ཅད་དུ་སྐྱེ་བ་ན་རྟག་ཏུ་སྐྱེ་བ་དྲན་པར་གྱུར་ཅིག་ཅེས་བཤད་པ་ཡིན་ནོ། །འཆི་འཕོ་ནི་ཤི་བ་སྟེ་འཆི་བ་ཞེས་བྱ་བའི་ཐ་ཚིག་གོ །སྐྱེ་བ་ནི་སྐྱེ་བ་སྟེ་རིས་མཐུན་པའི་ཁྱད་པར་འཐོབ་བའོ། །སྐྱེ་བ་དྲན་དུ་ཟིན་ཀྱང་སོ་སོའི་སྐྱེ་བོའི་གནས་སྐབས་ན་ཁྱིམ་བར་གྱུར་པའི་ཕྱིར་དང༌། དེའི་སྐྱེ་བོ་དང་འགྲོགས་པའི་ཕྱིར་སེམས་ཀྱི་རྒྱུད་སྦྱང་བ་མ་བྱས་པས་ཚོགས་ལ་སྦྱོར་བ་སྙེད་པར་འཆི་འཕོ་སྐྱེ་བ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ནས་འཆི་འཕོ་བ་དང༌། གང་དུ་སྐྱེ་བ་དེར་རབ་ཏུ་བྱུང་བར་གྱུར་ཅིག་པའོ། །གང་དུ་སྐྱེ་བ་དེར་རབ་ཏུ་བྱུང་སྟེ་ཁྱིམ་པའི་ཆ་བྱད་དང༌། དེར་འགྲོགས་པ་བོར་ཡང་དུས་ཇི་སྲིད་ཅིག་གི་བར་དུ་སྙམ་པ་ལ། རྟག་ཏུ་ཞེས་བྱ་བ་གསུངས་སོ། །དུས་ཐམས་ཅད་དུ་སྟེ་བར་སྐབས་སུ་རབ་ཏུ་བྱུང་བ་མ་ཡིན་ནོ། །རབ་ཏུ་བྱུང་བ་ཡང་འཆལ་པའི་ཚུལ་ཁྲིམས་སྤྱོད་པའི་ཕྱིར། ཚུལ་ཁྲིམས་ལ་སོགས་པ་ལ་སྐྱོན་བྱུང་ན་ཚོགས་ཡོངས་སུ་རྫོགས་པར་གལ་འགྱུར། དེ་མེད་པའི་ཚུལ་ཁྲིམས་ནི་ཡོན་ཏན་ཐམས་ཅད་ཀྱི་གཞི་ཡིན་པས་ཡོན་ཏན་འཐོབ་པ་ཐམས་ཅད་ཀྱང་མེད་པར་འགྱུར་བས་དེའི་ཕྱིར་ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཚུལ་ཁྲིམས་ཀྱི་མཚན་ཉིད་ཀྱི་སྤྱོད་པ་ནི་ཚུལ་ཁྲིམས་སྤྱོད་པའོ། །དེ་ཡང་ཅི་སྟེ་འདོད་ཆགས་ལ་སོགས་པའི་སྐྱོན་གྱིས་ཀུན་ནས་བསླངས་པའི་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མས་དྲི་མ་ཅན་དུ་འགྱུར་བས་དེའི་ཕྱིར་དྲི་མ་མེད་ཅེས་བྱ་བ་གསུངས་སོ། །དེ་ཡང་ཅི་སྟེ་ན་བསླབ་པ་མི་འདོད་པའི་གཏི་མུག་གི་སྤྱོད་པས་བསླབ་པའི་གནས་རྣམས་མི་ཤེས་པའི་ཕྱིར་རམ། དྲན་པ་ཉམས་པ་ལ་སོགས་པས་ཡོངས་སུ་མ་དག་པར་འགྱུར་རོ་སྙམ་པ་ལ། ཡོངས་སུ་དག་པར་ཞེས་བྱ་བ་གསུངས་སོ། །ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་ཚུལ་ཁྲིམས་ནི་དྲི་མ་མེད་ཅིང་ཡོངས་སུ་དག་པ་ཡིན་ནོ། །ཡོངས་སུ་དག་པ་ཡང་ཅི་སྟེ་ན་དུས་ཚིགས་ཀྱི་ཉི་མ་དག་ལ་འགྱུར་རོ་སྙམ་པ་ལ། རྟག་ཏུ་ཞེས་བྱ་བ་


DTG117_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། ཇི་སྲིད་འཚོའི་བར་དུ་ཞེས་བསྟན་པར་འགྱུར་རོ། །ཚུལ་ཁྲིམས་རྣམ་པ་དེ་ལྟ་བུ་ཡང་ཅི་སྟེ་ན་ཕྱོགས་གཅིག་པར་འགྱུར་རོ་སྙམ་པ་ལ། མ་ཉམས་ཞེས་བྱ་བ་གསུངས་ཏེ། བསླབ་པ་ཡོངས་སུ་རྫོགས་པར་གཟུང་ཞེས་བྱ་བའི་ཐ་ཚིག་གོ །དེ་ཡང་ཅི་སྟེ་ན། བག་མེད་པས་སྐྱོན་ཅན་དུ་འགྱུར་རོ་སྙམ་པ་ལ། སྐྱོན་མེད་ཅེས་བྱ་བ་གསུངས་སོ། །དེས་ན་རང་བཞིན་དང་བཅས་པའི་ཁ་ན་མཐོ་བའི་དངོས་པོ་དང་བྲལ་བའི་ཕྱིར། ཀུན་དུ་ཁ་ན་མ་ཐོབ་མེད་པའི་ཚུལ་ཁྲིམས་སུ་འགྱུར་རོ། །དེའི་ཕྱིར་ཚུལ་ཁྲིམས་རྣམ་པ་དེ་ལྟ་བུ་ལ་རྟག་བར་བྱེད་ཅིང་རྒྱུན་དུ་ནན་ཏན་བྱེད་པར་ཤོག་ཅིག་ཅེས་བྱ་བ་ཡིན་ཏེ། བདེ་འགྲོར་ལུས་དང་ལོངས་སྤྱོད་ཀྱི་ཁྱད་པར་ལེགས་པས་བདེ་བ་དང་ཡིད་བདེ་བ་འཐོབ་པའི་ཕྱིར་དང༌། འཆལ་པའི་ཚུལ་ཁྲིམས་ཀྱི་གདུང་བ་ཞི་བར་བྱེད་པའི་ཕྱིར་སེམས་བསིལ་བར་བྱེད་པའི་དོན་གྱིས་ཚུལ་ཁྲིམས་ཞེས་བྱའོ། །དེ་ལྟར་སྐྱེ་བ་དྲན་པ་དང་རབ་ཏུ་འབྱུང་བ་དང་ཚུལ་ཁྲིམས་ཡོངས་སུ་དག་པས་ནི་རང་གི་རྒྱུད་ཡོངས་སུ་སྨིན་པར་བསྟན་ཏོ། །ད་ནི་སྐྱེ་བ་གཞན་དྲན་པའི་མཐུ་ཉིད་ཀྱིས་སྲོག་ཆགས་ཐམས་ཅད་ཀྱི་སྐད་ཡོངས་སུ་ཤེས་པའི་ཕྱིར་སྐད་ཀྱི་བྱེ་བྲག་དེ་དང་དེ་དག་ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་སྒྲུབ་པའི་ཆེད་དུ་སྨོན་ལམ་གྱི་ཁྱད་པར་གྱིས་ལྷ་ལ་སོགས་པའི་ནང་དེ་དང་དེར་སྐྱེས་ན་རང་རང་གི་སྐད་ཀྱི་ཁྱད་པར་རྣམས་ཀྱིས་དེ་དག་ལ་ཆོས་བསྟན་པར་བྱ་བའི་ཕྱིར། ལྷ་ཡི་སྐད་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིགས་སུ་བཅད་པ་འདིས་ནི་རྒྱུད་གཞན་ཡོངས་སུ་སྨིན་པར་བསྟན་ཏོ། །དེ་ལྟར་ན་དེ་དག་གི་དོན་སྤྱད་ནས་བདག་དང་གཞན་ལ་དོན་སྒྲུབ་པ་ལ་བསམ་པ་གཏུམ་པོ་མི་རིགས་ཏེ། དོན་དེ་སྒྲུབ་པའི་ཕྱིར། དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུངས་སོ། །དེས་པ་ནི་སེམས་ཅན་ཐམས་ཅད་ལ་མཆོག་ཏུ་བྱམས་པའི་རང་བཞིན་ནོ། །དེ་ནི་སེམས་ཅན་ལོག་པར་སྒྲུབ་པ་ཐམས་ཅད་དང་འགྲོགས་ཀྱང་ཡོངས་སུ་མི་སྐྱོ་ཞིང་རང་གི་


DTG117_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དང་ངག་དང་ཡིད་ཀྱིས་ཀྱང་གཞན་ལ་གནོད་པ་མི་བྱེད་དེ། དེ་ལྟར་སེམས་ཅན་ཐམས་ཅད་སྡུང་པ་ལ་ཞུགས་པ་དེ་ནི་བྱམས་པ་དང་སྙིང་རྗེ་དང་ལྡན་པས་སྒྲིབ་པ་མེད་པར་སེམས་ཅན་གྱི་དོན་བསྒྲུབ་བོ། དེ་ལྟར་ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པས། ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ་ཞེས་བྱ་བའམ་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པ་ལ་སོགས་པ་སྟེ་རང་གི་ཕུན་སུམ་ཚོགས་པའི་མཐར་ཕྱིན་པར་འགྲོ་བའི་ཕྱིར་རོ། །དེ་བས་ན་དེ་དག་ལ་རབ་ཏུ་བརྩོན་ཏེ་ཤིན་ཏུ་མངོན་པར་དགའོ། །ཅི་སྟེ་ན་བྱང་ཆུབ་ཀྱི་སེམས་དང་བྲལ་བར་མི་འགྱུར་རམ་སྙམ་པ་ལ། བྱང་ཆུབ་སེམས་ནི་ནམ་ཀྱང་བརྗེད་མ་གྱུར། །ཞེས་བྱ་བ་གསུངས་སོ། །འདིར་ནི་ཕ་རོལ་ཏུ་ཕྱིན་པ་བྱ་བ་གོམས་པའི་ཕྱིར་གཉེན་པོ་རྙེད་པས་མོས་པར་སྤྱོད་པའི་ས་ན་སེམས་ཅན་གྱི་དོན་གྱི་རྒྱུ་སྨོན་ལམ་གྱི་དབང་གིས་དེ་དང་དེ་དག་ཏུ་སྐྱེས་ན་ཡང་མོས་པའི་དབང་གིས་བྱང་ཆུབ་ཀྱི་སེམས་ནམ་དུ་ཡང་བརྗེད་པར་མ་གྱུར་ཅིག་ཅེས་སྟོན་ཏོ། །དེ་ལ་བླ་ན་མེད་པའི་ཡེ་ཤེས་ཐོབ་པ་ནི་བྱང་ཆུབ་པོ། །དེར་སེམས་ནི་བྱང་ཆུབ་ཀྱི་སེམས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་སྣ་ཚོགས་བསགས་པའི་ཕྱིར་རམ། ཇི་ལྟར་ཡོངས་སུ་སྦྱང་བར་བྱས་པའི་མཐུ་ཡོངས་སུ་བཟུང་བའི་དབང་གིས་འཁོར་བ་པ་དང༌། ངེས་པར་འབྱུང་བའི་ཚུལ་རྣམ་པ་ཐ་དད་པ་སྣ་ཚོགས་ཀྱིས་བཀྲ་བར་བྱ་བའི་ཕྱིར་སེམས་སོ། །ནམ་ཡང་བརྗེད་མ་གྱུར་ཞེས་བྱ་བ་ནི་གཞར་ཡང་མ་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་སྟེ། དེ་ལ་དེའི་སྐྱེ་བའི་མཐུ་ཉམས་པར་མ་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ །དེ་ལྟར་བྱང་ཆུབ་ཀྱི་སེམས་དང་མི་མཐུན་པའི་ཕྱོགས་ཡོངས་སུ་དག་པ་ལ་ཡང་ཅི་སྟེ་ན་སྒྲིབ་པ་ཀུན་དུ་འབྱུང་སྲིད་དོ་སྙམ་པ་ལ། སྡིག་པ་གང་རྣམས་སྒྲིབ་པར་གྱུར་པ་དག །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །སྡིག་པ་ནི་འདོད་ཆགས་ལ་སོགས་པ་མི་དགེ་བའི་ཆོས་རྣམས་ཏེ། དེ་དག་ཉིད་འཕགས་པའི་ལམ་སྐྱེ་བ་ལ་སྒྲིབ་པས་བསྒྲིབས་པ་རྣམས་ཏེ། ལས་དང༌། ཉོན་མོངས་པ་དང༌། རྣམ་པར་སྨིན་པའི་རང་བཞིན་རྣམས་སོ་།དེ་ལ་ལས་ནི་བྱས་ཤིང་བསགས་པས་རྟོགས་པའི་


DTG117_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་གཅོད་པར་གྱུར་པའོ། །ཉོན་མོངས་པ་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་ཀུན་ནས་སློང་བར་བྱེད་པ་ཉིད་ཀྱིས་ཐམས་ཅད་དུ་གྱུར་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲིབ་པའོ། །རྣམ་པར་སྨིན་པ་ནི་གང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་བར་དུ་གཅོད་པ་སྟེ་དེ་ཉིད་སྒྲིབ་པའོ། །དེ་དག་བདག་གི་རྒྱུད་ལ་ཡོངས་སུ་བྱང་བར་ཤོག་ཅེས་བྱ་བ་སྟེ། འབྱུང་བར་མ་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ །ཡོངས་སུ་བྱང་བ་ཅི་སྟེ་ནམ་ལུས་པར་མ་ཡིན་ན་སྙམ་པ་ལ། མ་ལུས་པ་ཞེས་བྱ་བས་བྱེ་བྲག་ཏུ་བྱས་ཏེ། ཀུན་ནས་དཀྲིས་པ་བག་ཆགས་དང་བཅས་པ་ཡང་མེད་པར་ཞེས་བྱ་བའི་ཐ་ཚིག་གོ །རིམ་པ་ནི་སྐྱེ་བ་གཞན་དུ་སོང་བའི་ཚེ་དྲན་པ་ཉམས་ན་ཐོག་མ་མེད་པའི་ཚེ་རབས་གཞན་ན་གོམས་པ་ཁྱིམ་གྱི་གནས་ལ་སྲེད་པ་སྔོན་དུ་འགྱུར་རོ། །དེ་བས་ན་བུ་དང་བུ་མོ་ལ་སོགས་པ་ལ་ཆགས་པས་ཉམས་ན་ཚུལ་ཁྲིམས་འཚལ་ཞིང་དགེ་བ་ལ་མངོན་བར་མི་དགའ་བའོ། །དེ་ནས་ཚུལ་ཁྲིམས་འཆལ་ན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་རྙེད་པར་དཀའོ། །དེ་ནས་སེམས་དྲི་མ་ཅན་དུ་གྱུར་ན་ཡིད་བཞིན་གྱི་ནོར་བུ་ལྟ་བུ་སེམས་ཅན་རྣམས་ལ་ངེས་པར་ཡང་མི་འགྱུར་རོ། །དེ་ནས་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་དང་ཐག་རིང་ངོ༌། །དེ་ནས་བསོད་ནམས་ཀྱི་ཚོགས་ཐམས་ཅད་ཀྱི་ས་བོན་དུ་འགྱུར་བ་བྱང་ཆུབ་ཀྱི་སེམས་ལས་ཡོངས་སུ་ཉམས་སོ། །དེ་ནས་སེམས་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་སྟོང་པ་ལ་ཉེས་པར་སྤྱོད་པ་ཉོན་མོངས་པ་རབ་འབྱམས་མ་བཟློག་པ་དག་འདོད་དགུར་རྣམ་པར་རྒྱུའོ། །འདས་པའི་སྐྱེ་བ་དྲན་པས་དེ་ཉིད་རབ་ཏུ་འབྱུང་ངོ༌། །དེ་ནས་ཚུལ་ཁྲིམས་སོ། །དེ་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །དེ་ནས་ངེས་པར་འགྱུར་རོ། །དེ་ནས་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་རོ། །དེ་ནས་བྱང་ཆུབ་ཀྱི་སེམས་མི་བརྗེད་དོ། །དེ་ནས་སྒྲིབ་པ་སྤངས་ཏེ། བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བའི་གོ་རིམས་ནི་དེ་ལྟའོ། །སྐབས་འདིས་ནི་མོས་པས་སྤྱོད་པས་བསྡུས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །ད་ནི་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་དང་མི་གོས་པར་བསྒྲུབ་པར་བསྟན་པའི་ཕྱིར། ལས་དང་ཉོན་མོངས་བདུད་ཀྱི་ལས་རྣམས་


DTG117_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་འདི་གསུངས་སོ། །འདིས་ནི་གང་གིས། གང་དུ་དང༌། ཇི་ལྟར་མི་གོས་པ་སྟེ་གོ་རིམས་བཞིན་དུ་སྟོན་ཏོ། །གང་གིས་མི་དགོས་ཤེ་ན། ལས་རྣམས་ཀྱིས་སོ། །ལས་ནི་སེམས་པ་དང་དེས་བྱས་བ་སྟེ། དེ་བས་ན་མི་དགེ་བའི་ལས་བྱས་པར་གྱུར་པར་དེ་དག་ལས་རྣམ་པར་གྲོལ་བའི་སྤྱད་པར་བྱ་བར་སྦྱར་རོ། །ཅི་ལས་འགའ་ཞིག་ལས་སམ་ཞེ་ན། མ་ཡིན་ཏེ། ཉོན་མོངས་རྣམས་ལས་ཀྱང་ཞེས་གསུངས་སོ། །ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་སྟེ། ལུས་དང་སེམས་ཀྱི་རྒྱུན་གདུང་བར་བྱེད། དྲི་མ་ཅན་དུ་བྱེད་པས་ཉོན་མོངས་པ་རྣམས་སོ། །ཅི་ལས་དང་ཉོན་མོངས་པ་ཉིད་ཚེ་ལས་སམ་ཞེ་ན། མ་ཡིན་ནོ། །འོ་ན་ཅི་ཞེ་ན། བདུད་ཀྱི་ལས་རྣམས་ལས་ཀྱང་ཞེས་བྱ་བ་གསུངས་ཏེ། །དགེ་བའི་ཆོས་ཀྱི་བར་ཆད་བྱེད་པའི་ཕྱིར་བདུད་རྣམས་སོ། །དེ་དག་ཀྱང་ལྷའི་བུའི་བདུད་ལ་སོགས་པ་དང༌། ཉེ་དུ་དང་ཡུལ་དང་ལྟ་ལ་རྟོག་པ་ལ་སོགས་པའོ། །གང་དུ་མི་དགོས་སྙམ་པ་ལ། འཇིག་རྟེན་འགྲོ་བ་རྣམས་སུ་ཞེས་བྱ་བ་གསུངས་ཏེ། འཇིག་པའི་ཕྱིར་འཇིག་རྟེན་ནོ། །དེ་ཡང་རྣམ་པ་གཉིས་ཏེ། སེམས་ཅན་དང༌། སྣོད་དོ། །དེ་དག་ནི་འཇིག་རྟེན་གྱི་འགྲོ་བ་རྣམས་ཏེ། འདི་སྐད་དུ་འགྲོ་བ་རྣམས་སུ་འཁོར་ན་མི་གོས་པར་སྤྱད་ཅེས་བྱ་བ་ཡིན་ནོ། །གོས་པ་ནི་དྲི་མ་ཅན་དུ་བྱེད་པ་སྟེ། དེ་མེད་པའི་ཕྱིར་མི་གོས་པའོ། །ཅི་འདྲ་བར་སྙམ་པ་ལ་འདི་ཇི་ལྟར་པདྨོ་ཞེས་བྱ་བའི་དཔེས་གསལ་བར་བྱེད་དེ། དཔེར་ན་པདྨོ་ཆུ་ལས་སྐྱེས་པ་ན་ཆུས་མི་གོས་པར་སྐྱེ་བ་དེ་བཞིན་དུ་བདག་ཀྱང་འགྲོ་བ་ཐམས་ཅད་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་ལ་སོགས་པ་སྤངས་ནས་མི་གོས་པར་ཞེས་བྱ་བ་ཡིན་ནོ། །ཉི་མ་དང་ཟླ་བ་བཞིན་དུ་ཞེས་བྱ་བ་ནི། དཔེར་ན་ཉི་མ་དང་ཟླ་བ་ནམ་མཁའི་དཀྱིལ་ན་རྒྱུ་བས་བསིལ་བ་དང་ཚ་བ་སྒྲུབ་པར་བྱེད་ཀྱང༌། སྲོག་ཆགས་རྣམས་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤངས་པ་དེ་བཞིན་དུ་བདག་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འཁོར་བའི་ནམ་མཁའ་ལ་རྒྱུ་ཞིང་རྗེས་སུ་ཆགས་པ་དང་ཁོང་ཁྲོ་སྤངས་ཏེ་སྤྱོད་དོ་ཞེས་བྱ་བའོ། །སྐབས་འདིས་ནི་མོས་པས་སྤྱོད་པའི་སས་བསྡུས་


DTG117_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །དེ་ལྟར་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྦངས་ཏེ་གནས་པ་ལ་སེམས་ཅན་ལ་ཕན་འདོགས་པའི་བགེགས་མི་འབྱུང་བར་བསྟན་པའི་ཕྱིར། ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད། །ཅེས་བྱ་བ་གསུངས་ཏེ། ཤིན་ཏུ་ཉེས་པར་སྤྱད་པའི་དབང་གིས་བདེ་འགྲོ་རྣམས་ལས་ངན་པར་འགྲོ་ཞིང་འོག་ཏུ་འགྲོ་བས་ན་ངན་སོང་ངོ༌། །དེ་དག་ཏུ་སྡུག་བསྔལ་ཏེ་མི་བདེ་བ་མྱོང་བ་འདི་དག་ཐམས་ཅད་རབ་ཏུ་ཞི་བར་བྱའོ། །རབ་ཏུ་ཞི་བར་བྱས་ནས་ཀྱང་སེམས་ཅན་དེ་དག་བདེ་བའི་ཁྱད་པར་ཕུལ་དུ་བྱུང་བ་ལ་དགོད་པར་བྱའོ། །བདེ་བ་ནི་སིམ་པ་མྱོང་བ་སྟེ། དབང་པོ་ལ་ཕན་འདོགས་པའོ། །དེ་ལྟར་ད་ལྟར་བྱུང་བའི་སྡུག་བསྔལ་བསལ་ཏེ། དཔེ་མེད་པའི་བདེ་བ་ཐོབ་པར་བྱེད་པས་སེམས་ཅན་གྱི་དོན་བྱས་ནས་མ་འོངས་པའི་གཏན་གྱི་བདེ་བ་ལ་རབ་ཏུ་དགོད་པའི་ཕྱིར། འགྲོ་བ་ཐམས་ཅད་ལ་ནི་ཕན་པར་སྤྱད། །ཅེས་བྱ་བ་གསུངས་སོ། །འགྲོ་བ་ཐམས་ཅད་དེ་སེམས་ཅན་གྱི་ཚོགས་མ་ལུས་པ་ལ་ཕན་པར་བྱ་བའི་ཕྱིར་བླ་ན་མེད་པའི་མྱ་ངན་ལས་འདས་པ་ལ་རབ་ཏུ་དགོད་པར་སྤྱད་པར་བྱའོ། །གང་དུ་སྤྱད་སྙམ་པ་ལ། ཕྱོགས་རྣམས་ན་ནི་ཞིང་ཁྱོན་ཇི་ཙམ་པར། །ཞེས་བྱ་བ་གསུངས་སོ། །ཕྱོགས་བཅུ་དག་ན་ཞིང་གི་ཁྱོན་ཇི་ཙམ་པ་སྟེ་སངས་རྒྱས་ཀྱི་ཞིང་གི་ཁྱད་པར་དེ་དག་ཐམས་ཅད་དུའོ། །འདིས་ནི་མོས་པས་སྤྱོད་པས་བསྡུས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །དེ་ལྟར་བསོད་ནམས་ཀྱི་ཆོགས་སུ་ཐབས་ཡོངས་སུ་གཟུང་བ་བསྟན་ནས་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་གཟུང་བའི་ཕྱིར། སེམས་ཅན་དག་གི་སྤྱོད་དང་མཐུན་པར་འཇུག །ཅེས་བྱ་བ་ལ་སོགས་པ་གོ་ཆ་བགོ་བ་བསྟན་ཏོ། །འཁོར་བ་ན་ལས་དང་ཉོན་མོངས་པས་སྤེལ་བའི་སྲོག་ཆགས་རྣམས་ཆགས་པར་འགྱུར་བའི་ཕྱིར་སེམས་ཅན་རྣམས་སོ། །དེ་དག་གི་སྤྱོད་པ་ནི་སེམས་ཅན་གྱི་བྱེ་བྲག་གིས་ལུས་དང་ངག་གི་ལས་རྣམ་པ་སྣ་ཚོགས་ཀྱི་རང་བཞིན་ནོ། །དེ་དག་དང་མཐུན་པར་འཇུག་པ་ནི་དེ་དག་གི་བསམ་པ་དང་བག་ལ་ཉལ་བ་ཡོངས་སུ་ཤེས་པའི་ཕྱིར་དེ་དག་གི་བསམ་པ་དང་མཐུན་པར་དེ་ལྟ་བུ་དེ་དག་གི་སྤྱོད་


DTG117_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་མཐུན་པར་འཇུག་པ་སྟེ། སེམས་ཅན་མགུ་བར་བྱེད་པའི་ཐབས་འདིས་ནི་བྱང་ཆུབ་ཀྱི་སྤྱོད་པ་ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད་བྱང་ཆུབ་ཀྱི་རྒྱུར་ཐོས་པ་དང་བསམ་པ་དང་བསྒོམ་པ་ཁྱད་པར་ཅན་ལ་སོགས་པའི་རང་བཞིན་གང་ཡིན་པ་སྟེ། ཡོངས་སུ་རྫོགས་པར་བྱེད་ཅིང་སྟེ་སྒྲུབ་པར་བྱེད་ཅིང་ངོ། བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང༌། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོས་བསྟན་པ་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱེད་པའི་སྤྱོད་པའི་ཐབས་དཔག་ཏུ་མེད་པ་སྟོན་པའི་རང་བཞིན་གང་ཡིན་པ་དེ་དག་སེམས་ཅན་རྣམས་ལ་སྟོན་ཅིང་རབ་ཏུ་འཆད་ཅིང་སྤྱད་པར་བྱའོ། །དུས་ཇི་སྲིད་ཅིག་གི་བར་དུ་སྙམ་པ་ལ། མ་འོངས་བསྐལ་བ་ཀུན་དུ་སྤྱོད་པར་གྱུར། །ཅེས་བྱ་བ་གསུངས་སོ། །མ་འོངས་པའི་བསྐལ་པ་དེ་དག་ཐམས་ཅད་དུ་སྐྱེ་ཞིང་སྐྱེས་ནས་སེམས་ཅན་མགུ་བར་བྱེད་པས་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ཡིན་ནོ། །འདིས་ནི་སེམས་ཅན་གྱི་སྤྱོད་པ་དང་མཐུན་པར་འཇུག་པའི་ཕྱིར་མོས་པས་སྤྱོད་པས་བསྡུས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྙད་དེ། གཞན་གྱི་བསམ་པ་ཡོངས་སུ་ཤེས་པ་ནི་མཉམ་པར་གཞག་པ་མེད་པར་མི་འབྱུང་ངོ༌། །དེ་ལྟར་གོ་ཆ་ཆེན་པོ་བགོས་པ་སེམས་ཅན་མགུ་བར་བྱ་བ་ལྷུར་ལེན་པ་དང༌། བྱང་ཆུབ་སེམས་དཔའ་སྐལ་བ་མཚུངས་པ་དང་ཕྲད་པར་བསྟན་པའི་ཕྱིར། བདག་གི་སྤྱོད་དང་མཚུངས་པར་གང་སྤྱོད་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་གང་དག་བྱང་ཆུབ་ཏུ་སེམས་བསྐྱེད་དེ་བཟང་པོ་སྤྱོད་པ་ལ་ནན་ཏན་བྱེད་པ་དེ་དག་ནི་དེ་དང་སྐལ་བ་འདྲ་བས་ན་མཚུངས་པ་སྟེ། དེའི་དངོས་པོ་ནི་མཚུངས་པ་ཉིད་དོ། །སེམས་ཅན་གང་དག་བདག་དང་མཚུངས་པར་གྱུར་པ་སྤྱོད་པ་མཐུན་པར་གྱུར་པ་དེ་དག་ངང་བདག་ཕྲད་པར་གྱུར་ཅིག་པའོ། །ཕྲད་པ་ནི་ལྷན་ཅིག་འགྲོགས་པ་སྟེ། ལུས་དང་ངག་དང་ཡིད་ཀྱིས་གཅིག་ཏུ་ཀུན་དུ་བཟང་པོ་སྤྱོད་པའི་སྨོན་ལམ་ལ་ནན་ཏན་བྱེད་པར་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ །དུས་ཇི་སྲིད་ཅིག་གི་བར་དུ་སྙམ་པ་ལ། རྟག་ཏུ་ཞེས་བྱ་བ་གསུངས་སོ། །འདིས་ནི་བྱང་ཆུབ་སེམས་དཔའ་སྐལ་བ་འདྲ་བ་དང་འགྲོགས་པས་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཕྱིར་མོས་པས་སྤྱོད་


DTG117_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྡུས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །ད་ནི་སྤྱོད་པ་མཚུངས་པའི་བྱང་ཆུབ་སེམས་དཔའ་དང་མཐུན་པར་བྱ་བ་གོམས་པར་བྱས་ནས། བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག །ཅེས་བྱ་བ་ལ་སོགས་པས་དགེ་བའི་བཤེས་གཉེན་མཉེས་པར་བྱ་བ་སྟོན་ཏེ། གང་དག་ལ་ཞེའམ་བདག་ལ་སྐྱབས་འབྱུང་བ་ནི་གྲོགས་པོ་རྣམས་སོ། །བདག་ལ་ཕན་པར་འདོད་པ་ཞེས་བྱ་བ་ནི་བྱང་ཆུབ་མཆོག་ཐོབ་པར་བྱེད་པ་དག་སྟེ། བདག་འཁོར་བ་ན་འཁོར་བའི་ཆེ་མཆོག་ཏུ་ཕན་འདོགས་པར་འདོད་པ་མཆོག་ཏུ་བྱམས་པའི་རང་བཞིན་ཅན་ཀུན་དུ་བཟང་པོའི་ལུང་ཕྱིན་ཅི་མ་ལོག་པ་སྦྱིན་པ་དེ་དག་དང་ཕྲད་པར་གྱུར་ཅིག །ཕྱིར་ཞིང་འགྲོགས་པར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །ཅི་རེས་འགའ་ཞིག་གམ་ཞེ་ན། །མ་ཡིན་ཏེ། རྟག་ཏུ་ཞེས་བྱ་བ་གསུངས་སོ། །དུས་ཐམས་ཅད་དུ་སྟེ་ཐམས་ཅད་ཀྱི་མཆོག་རྫོགས་པའི་བྱང་ཆུབ་ཐོབ་ཀྱི་བར་དུའོ། །དེ་ལྟར་ཕན་པའི་ཕྱིར་ཞུགས་པ་དེ་ལྟ་བུ་དེ་དག་ལ་བདག་གིས་ཅི་ཞིག་བྱ་སྙམ་པ་ལ། ནམས་ཀྱང་ཡིད་མི་དབྱུང་ཞེས་བྱ་བ་གསུངས་ཏེ། ལུས་དང་ངག་དང་ཡིད་རྣམས་ཀྱིས་དེའི་ལུང་དང་འགལ་བར་མི་སྤྱོད་པའི་ཕྱིར་ལན་འགའ་ཡང་དེ་དག་ཡིད་འབྱུང་བར་མི་བྱའི། །ཡང་དག་པའི་སྒྲུབ་པ་ལ་ནན་ཏན་བྱེད་པས་ཀུན་དུ་མཉེས་པར་བྱའོ། །འདིས་ནི་དགེ་བའི་བཤེས་གཉེན་མཉེས་པར་བྱ་བའི་ཐབས་ཡོངས་སུ་ཤེས་པས་མོས་པས་སྤྱོད་པས་བསྡུས་པའི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །དེ་ལྟར་གོ་ཆ་བགོས་པ་སྐལ་བ་འདྲ་བའི་བྱང་ཆུབ་སེམས་དཔའ་མཉེས་པར་བྱ་བ་ལྷུར་ལེན་པས་སྨོན་ལམ་གྱི་སྟོབས་ཀྱིས་དགེ་བའི་བཤེས་གཉེན་བླ་ན་མེད་པ་ཡང་དག་པར་མཉེས་པར་བྱ་བས་སངས་རྒྱས་སུ་བལྟ་བ་བསྟན་པའི་ཕྱིར། མངོན་སུམ་རྟག་ཏུ་བདག་གིས་རྒྱལ་བ་བལྟ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མངོན་སུམ་ནི་མངོན་སུམ་སྟེ། ཉོན་མོངས་པ་ལས་རྒྱལ་བ་བལྟ་བར་བྱའོ། །ཅི་བར་འགའ་འམ་སྙམ་པ་ལ་རྟག་ཏུ་ཞེས་བྱ་བ་གསུངས་ཏེ། དུས་ཐམས་ཅད་དུའོ། །ཅི་རྒྱལ་བ་ཉག་གཅིག་གམ་ཞེ་ན། མ་ཡིན་ནོ། །འོ་ན་ཅི་ཞེ་ན། སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། །


DTG117_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་སྨོས་སོ། །བདག་དང་གཞན་མངོན་པར་རྟོགས་ནས་དངོས་པོར་མངོན་པར་ཞེན་པའི་གཉིད་དང་བྲལ་ཏེ་བདག་ཉིད་སངས་རྒྱས་པའི་ཕྱིར་སངས་རྒྱས་རྣམས་སོ། །དེ་རྣམས་ཀྱི་སྲས་ནི་བུ་རྣམས་ཏེ། ཆོས་མ་ནོར་བར་བསྟན་པ་ལས་སྐྱེས་ཤིང་བྱུང་བས་སྲས་རྣམས་སོ། །སངས་རྒྱས་ཀྱི་སྲས་དེ་དག་གིས་ཡོངས་སུ་བསྐོར་ཅིང་ཀུན་ནས་བསྐོར་བ་དེ་རྟག་ཏུ་བལྟ་ཞེས་བྱ་བར་སྦྱར་རོ། །དེ་ལྟ་བུ་དེ་དག་མཐོང་ནས་ཅི་ཞིག་བྱ་སྙམ་པ་ལ། དེ་དག་ལ་ཡང་མཆོད་པ་རྒྱ་ཆེར་བགྱི། །ཞེས་བྱ་བ་གསུངས་སོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་བཅས་པ་དེ་དག་ལ་མཆོད་པ་བྱ་བ་ནི་ཡོ་བྱད་ཁྱད་པར་ཅན་རྣམ་པ་སྣ་ཚོགས་སྤེལ་ཏེ། རྣམ་པར་བཀོད་པས་རབ་ཏུ་ཕྱེ་བ་མེ་ཏོག་རིན་པོ་ཆེ་ལ་སོགས་པ་བླ་ན་ཡོད་པའམ་བླ་ན་མེད་པ་དག་གིས་མཆོད་ཅིང་རྗེད་པར་བྱ་བ་ཡིན་ནོ། །ཅི་འདྲ་སྙམ་པ་ལ། རྒྱ་ཆེར་ཞེས་བྱ་བར་གསུངས་ཏེ། དངོས་པོ་དང་བསམ་པས་མཐར་ཐུག་པ་མེད་པར་བྱ་བའོ། །དུས་ཇི་སྲིད་ཅིག་གི་བར་དུ་སྙམ་པ་ལ། མ་འོངས་བསྐལ་བ་ཀུན་དུ་ཞེས་བྱ་བ་གསུངས་ཏེ། ད་ལྟ་དང་འདས་པ་དང་མ་འོངས་པ་ཞེས་བྱའོ། །འོངས་པ་མ་ཡིན་པས་ན་མ་འོངས་པ་སྟེ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །དུས་ཀྱི་རྒྱུན་མི་ཐུང་བས་ན་བསྐལ་བ་སྟེ། མ་འོངས་པའི་བསྐལ་པ་ཐམས་ཅད་དུ་བྱེ་བྲག་མེད་པར་མཆོད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །མི་སྐྱོ་བར་ཞེས་བྱ་བ་ནི་མཆོག་ཏུ་དགའ་བའོ། །སངས་རྒྱས་ལ་བལྟ་བ་དང་མཆོད་བ་བསྟན་པ་འདིས་ནི་མོས་པས་སྤྱོད་པས་བསྡུས་པའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏེ། སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་མཐོང་བའི་ཕྱིར་རོ། །དེ་ལྟར་དེ་བཞིན་གཤེགས་པ་དེ་དག་མཐོང་ཞིང་མཆོད་ནས་གཞན་ཅི་ཞིག་བྱ་སྙམ་པ་ལ། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་ཞེས་བྱ་བ་ལ། དམ་པ་རྣམས་ཀྱི་ཆོས་ནི་དམ་པའི་ཆོས་སོ། །ཡང་ན་དེ་ནི་དམ་པ་ཡང་ཡིན་ལ་ཆོས་ཀྱང་ཡིན་པས་དམ་པའི་ཆོས་སོ། །འཛིན་ཞེས་བྱ་བ་ནི་མི་བརྗེད་པའི་ཚུལ་གྱིས་ཚིག་དང་དོན་འཛིན་ཅིང་རང་གི་སེམས་ལ་མངོན་དུ་འཇོག་སྟེ། སངས་རྒྱས་


DTG117_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་ལུང་དང་རྟོགས་པའི་བདག་ཉིད་འཛིན་ཅིང༌། མ་འོངས་བསྐལ་པ་ཀུན་དུ་སྤྱད་པར་བགྱི། །ཞེས་བྱ་བར་སྦྱར་རོ། །ཅི་དམ་པའི་ཆོས་གཟུང་བ་འབའ་ཞིག་ཏུ་ཟད་དམ་ཞེ་ནམ་ཡིན་ནོ། །འོ་ན་ཅི་ཞེ་ན། བྱང་ཆུབ་སྤྱོད་པ་ཡོངས་སུ་སྟོན་པར་བྱེད། །ཅེས་བྱ་བ་གསུངས་སོ། །བྱང་ཆུབ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །དེའི་ཕྱིར་སྤྱོད་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་སྟེ། དེ་ཐོབ་པར་བྱེད་པའི་ཐབས་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པའི་མཚན་ཉིད་དེ། །དེ་ཡོངས་སུ་བསྟན་པ་ནི་ཀུན་དུ་རབ་ཏུ་བཤད་པ་སྟེ། སེར་སྣའི་དྲི་མ་དང་དྲལ་བའི་སེམས་ཀྱིས་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་ཡང་སོང་ནས་ཡོངས་སུ་མི་སྐྱོ་བར་སེམས་ཅན་རྣམས་ལ་ཅི་རིགས་པར་ཐེག་པ་ཆེན་པོའི་ཆོས་སྟོན་པར་བྱེད་ཅིང་ཞེས་བྱ་བའི་དོན་ཏོ། །ཅི་དེ་ཙམ་ཞིག་བྱ་བར་ཟད་དམ་ཞེ་ན། མ་ཡིན་ནོ། །འོ་ན་ཅི་ཞེ་ན། བཟང་པོ་སྤྱོད་པ་རྣམ་པར་སྦྱངས་པ་ཡང༌། །ཞེས་བྱ་བ་གསུངས་སོ། །བཟང་པོ་ནི་འཕགས་པ་ཀུན་དུ་བཟང་པོའོ། །དེ་སྤྱོད་པ་ནི་བཟང་པོ་སྤྱོད་པའོ། །ཡང་ན་དེ་ནི་དགེ་བ་ཐམས་ཅད་ཡོངས་སུ་ཐོབ་བར་བྱེད་པའི་ཕྱིར་སྤྱོད་པ་ཡང་ཡིན་ལ་བཟང་པོ་ཡང་ཡིན་པས་བཟང་པོ་སྤྱོད་པའོ། །དེ་དག་རྣམ་པར་སྦྱང་བ་ཞེས་བྱ་བ་ལ་ཀུན་དུ་སྦྱང་པ་ནི་རྣམ་པར་སྦྱང་བའོ། །ཡང་ན་སྔར་ཐོས་པ་དང་བསམས་བ་ཙམ་གྱིས་སེམས་ལ་གཏད་དེ་རྒྱས་པར་བྱས་ནས་ཕྱིས་སྒོམ་པའི་ཡེ་ཤེས་ཀྱི་ཡོངས་སུ་མཐར་ཐུག་པར་བྱེད་པ་ནི་རྣམ་པར་སྦྱངས་པའོ། །དེ་ལྟར་དམ་པའི་ཆོས་འཛིན་པ་དང༌། བྱང་ཆུབ་ཀྱི་སྤྱོད་པ་སྟོན་པ་དང༌། བཟང་པོ་སྤྱོད་པ་སྤྱོད་པ་ན་ཅི་ཞིག་བྱ་སྙམ་པ་ལ། མ་འོངས་བསྐལ་བ་ཀུན་དུ་སྤྱད་པར་བགྱི། །ཞེས་བྱ་བ་གསུངས་སོ། །འདིས་ནི་སྨོན་ལམ་ཡོངས་སུ་རྫོགས་པས་དེའི་མི་མཐུན་པའི་ཕྱོགས་ཀྱི་སྟོབས་ཟིལ་གྱིས་གནོན་པའི་ཕྱོགས་མོས་པས་སྤྱོད་པས་བསྡུས་པའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །དེ་ལྟར་དགེ་བའི་ལས་དཔག་ཏུ་མེད་པ་བསགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྟན་པའི་ཕྱིར། སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །ཞེས་བྱ་བ་གསུངས་སོ། །འདིར་འབྱུང་བར་སྲིད་པ་སྟེ་འཁོར་བའོ། །དེ་དག་ནི་ཐམས་ཅད་ཀྱང་ཡིན་ལ་སྲིད་པ་ཡང་ཡིན་


DTG117_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྲིད་པ་ཐམས་ཅད་དེ། ཁམས་གསུམ་མཐའ་དག་གིས་བསྡུས་པའི་འགྲོ་བ་རྣམས་སོ། །ལས་ཀྱི་དབང་ངམ་སྨོན་ལམ་གྱི་སྟོབས་ཀྱིས་དེ་དག་ཏུ་འཁོར་ཞིང་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་བར་མྱོང་བ་ནི། ཡོན་ཏན་ཀུན་གྱི་མི་ཟད་མཛོད་དུ་གྱུར། །ཅེས་བྱ་བའི་ཐ་མ་དང་སྦྱར་རོ། །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་རྙེད། །ཅེས་བྱ་བ་ལ། གོམས་པར་བྱེད་པའི་ཕྱིར་བསོད་ནམས་སོ། །ཤེས་པའི་ཕྱིར་ཡེ་ཤེས་ཏེ། བསོད་ནམས་དང་ཡེ་ཤེས་དེ་དག་གི་མི་ཟད་པ་ནི་ཡོངས་སུ་མི་གཏུགས་པའོ། །རྙེད་པ་ནི་ཐོབ་པ་སྟེ་རབ་ཏུ་ཐོབ་ཅེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ཇི་སྐད་སྨོས་པའི་ཐབས་ཡོངས་སུ་བཟུང་བས་སེམས་ཅན་གྱི་ཁམས་ཇི་སྙེད་པ་དེ་སྙེད་ཀྱི་བསོད་ནམས་དང་ཡེ་ཤེས་མི་ཟད་པ་རྙེད་དེ་བདག་དང་གཞན་གྱི་དོན་མ་ལུས་པ་སྒྲུབ་པའི་ཕྱིར་ཡང་ཤེས་རབ་ལ་སོགས་པ་ཡོན་ཏན་རྣམས་ཀྱིས་མི་ཟད་པ་ཉིད་ཐོབ་པར་བྱ་བར་བཞེད་ནས། ཤེས་རབ་ཐབས་དང་ཏིང་འཛིན་རྣམ་ཐར་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རབ་ཏུ་ཤེས་པའི་ཕྱིར་ཤེས་རབ་བོ། །བསམ་པའི་དོན་བསྒྲིམས་མི་དགོས་པར་ཐོབ་པར་བྱེད་པས་ཐབས་སོ། །དམིགས་པ་ལ་སེམས་ཡང་དག་པར་འཛིན་པས་ཏིང་ངེ་འཛིན་ཏོ། །སྒྲིབ་པ་རྣམས་ལས་སེམས་བྱེ་བྲག་ཏུ་ཐར་པར་བྱེད་པས་རྣམ་པར་ཐར་པ་སྟེ། ཇི་སྐད་སྨྲས་པ་དེ་དག་དང༌། བདེ་བར་གཤེགས་པའི་སྲས་མཐའ་དག་གི་རྒྱུད་ལ་ཡོད་པའི་ཡོན་ཏན་གྱི་ཚོགས་རྨད་དུ་བྱུང་བ་གྲངས་མེད་དཔག་ཏུ་མེད་པ་གཞན་དག་གིས་ཀྱང་མི་ཟད་མཛོད་དུ་གྱུར་ཅེས་བྱ་བ་ཡིན་ནོ། །མི་ཟད་མཛོད་དུ་གྱུར་ཞེས་བྱ་བ་ནི་མཛོད་ཟད་མི་ཤེས་པར་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ །སངས་རྒྱས་ནི་འཁོར་བ་ཇི་སྲིད་པར་བཞུགས་པའི་རྒྱུན་གྱིས་རྟག་པ་ཉིད་ཀྱིས་མི་ཟད་པ་ཡང་ཡིན་ལ། དེའི་རྒྱུད་ལ་མངའ་བའི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པའི་སྣོད་ཡིན་པའི་ཕྱིར་མཛོད་ཀྱང་ཡིན་ནོ། །ཡང་ན་སངས་རྒྱས་ནི་ཡོན་ཏན་རིན་པོ་ཆེ་ཐུན་མོང་ངམ་ཐུན་མོང་མ་ཡིན་པ་ཟད་མི་ཤེས་པ་རྣམས་ཀྱི་སྣོད་ཡིན་པའི་ཕྱིར་མཛོད་དེ། གཉི་གའི་དཔེ་ཡང་ནམ་མཁའོ། །ཡོན་ཏན་ཐམས་ཅད་ཡོངས་སུ་དག་པ་སྟེ། ཟད་མི་ཤེས་པ་


DTG117_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་ནི་མོས་པས་སྤྱོད་པས་བསྡུས་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །དེ་ལྟར་ཕྱག་འཚལ་བ་ལ་སོགས་པ་དང༌། བཤད་མ་ཐག་པ་མོས་པས་སྤྱོད་པས་བསྡུས་པའི་ཕ་རོལ་ཏུ་ཕྱིན་པ་གོམས་པར་བྱས་པས་བསོད་ནམས་དཔག་ཏུ་མེད་པ་ཡོངས་སུ་བཟུང་བ་བསྟན་ནས། །ད་ནི་ལྷག་པའི་བསམ་པ་དག་པའི་ས་ལ་འཇུག་པ་སྟོན་ཏེ། དེ་ཡང་རྣམ་པ་བརྒྱད་དོ། །དེ་ལ་སངས་རྒྱས་ཀྱི་ཞིང་བལྟ་བ་ལ་འཇུག་པ་ནི། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པའོ། །རྡུལ་ཤིན་ཏུ་ཕྲ་བ་གཅིག་ལ་རྡུལ་ཕྲ་རབ་ཤིན་ཏུ་ཚད་མེད་གྲངས་མེད་པ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་བལྟ་བའོ། །ཅི་དེ་འབའ་ཞིག་གམ་སྙམ་པ་ལ། དེ་མ་ཡིན་ཏེ། གཞན་ཡང༌། ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས། །ཞེས་བྱ་བ་གསུངས་སོ། །སངས་རྒྱས་ཀྱི་ཞིང་དེ་དག་སོ་སོ་ལ་ཡང་སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་གྲངས་མེད་པ་དག་བལྟ་སྟེ། བྱང་ཆུབ་སྤྱད་པ་སྤྱོད་ཅིང་བལྟ་བར་བགྱི། །ཞེས་འོག་ནས་འབྱུང་བ་འདི་དང་སྦྱར་རོ། །ཅི་སངས་རྒྱས་ཉག་གཅིག་བལྟ་བར་བྱ་བའམ་ཞེ་ན། མ་ཡིན་ནོ། །འོ་ན་ཅི་ཞེ་ན། སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་ལ། །ཞེས་བྱ་བ་སྟེ། སངས་རྒྱས་ཀྱི་སྲས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པ་མ་བརྡོས་ཤིང་ཕན་ཚུན་གནོད་པར་མི་གནས་པར་བཞུགས་པ་བར་མཚམས་ཡོད་པར་བཞུགས་པ་ལ་ཞེས་བྱ་བ་རྣམས་བལྟ་བར་བྱའོ། །ནམ་ཞིག་དེ་ལྟར་བལྟ་བར་འདོད་ཅེ་ན། བྱང་ཆུབ་སྤྱད་པ་སྤྱོད་ཅིང་ཞེས་བྱ་བ་སྨོས་སོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་སྟེ། ས་རྣམས་དང་ཕ་རོལ་ཏུ་ཕྱིན་པ་དག་ཡོངས་སུ་རྫོགས་པར་བྱེད་ཅིང་ཞེས་བྱ་བའི་ཐ་ཚིག་གོ །རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ལ་སངས་རྒྱས་ཀྱི་ཞིང་དེ་སྙེད་དང༌། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་དེ་སྙེད་ཇི་ལྟར་རུང་སྟེ། ཐ་མལ་བར་གནས་པའི་བློས་ནི་ཐམས་ཅད་པས་ཕྲ་བའི་རྡུལ་ཕྲ་རབ་ལ་དཔག་ཏུ་མེད་པ་བགྲང་


DTG117_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་འདས་པའི་ཞིང་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བལྟའོ་ཞེས་བྱ་བ་དེ་ཡིད་མི་ཆེས་པ་མ་ཡིན་ནམ་ཞེ་ན། བསྒོམས་པའི་སྟོབས་གོམས་པར་མ་བྱས་པ་ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་པ་ཐེག་པ་ཆེན་པོའི་དོན་གྱི་དེ་ཁོ་ན་མ་རྟོགས་པ་རྣམས་ནི་ཡིད་མི་ཆེས་པ་བདེན་ནོ། །རྣམ་པར་རིག་པ་ཙམ་དུ་མོས་པ་ཐེག་པ་ཆེན་པོའི་དོན་བསྒོམ་པ་ལ་བརྩོན་པ་རྒྱུའི་སྟོབས་ཅན་དག་ནི་ཡིད་ཆེས་ཏེ། འདི་ལྟར་རྨི་ལམ་ན་ཁང་བུ་དོག་པ་ན་གནས་པའི་གླང་པོ་ཆེའི་ཁྱུ་དང་སྐྱེ་བོ་མང་པོ་འདུས་པ་དང༌། ནགས་ཚལ་ཐིབས་པོ་དང༌། ཀླུང་དང༌། མཚེའུ་དང༌། ལྟེང་ཀ་བཀོད་པ་རྣམ་པ་སྣ་ཚོགས་མཐོང་ངོ༌། །མང་པོ་གྲངས་མེད་པ་དེ་སྙེད་ཅིག་དེ་ན་གནས་པར་ཡང་མི་རུང་ན་དེའི་ཚེ་དེ་དག་ཀྱང་དམིགས་པ་ལ་སད་པའི་དུས་ན་ཡང་དྲན་ནོ། །དེ་ལྟ་བས་ན་བསམ་གཏན་པ་རྣལ་འབྱོར་ཅན་གྱི་དབང་ཕྱུག་རྣམས་ཀྱི་གནས་ནི་བསམ་གྱིས་མི་ཁྱབ་པས་ཡོངས་སུ་སྦྱང་བ་བྱས་པའི་སེམས་ལ་ཡིད་མི་ཆེས་པ་ཅི་ཞིག་ཡོད་ཅེས་དེ་བསྟན་བཅོས་དང་མདོ་དག་ལས་མང་དུ་དཔྱད་ཟིན་ཏོ། །འདི་ནི་འཇིག་རྟེན་ན་ཡང་མཐོང་སྟེ། དཔེར་ན་སྒྱུ་མ་མཁན་གྱིས་རྔ་བརྡུངས་པ་ལས་དངོས་པོ་ཐམས་ཅད་འཇུག་པ་དང་འབྱུང་བ་ལ་སོགས་པ་སྣང་བ་ལྟ་བུའོ། །གལ་ཏེ་དེ་ནི་འཁྲུལ་པ་ཙམ་དུ་ཟད་དོ་ཞེ་ན། འདུས་བྱས་ཐམས་ཅད་ཀྱང་དེ་བཞིན་ཏེ། ཇི་སྐད་དུ། སྐར་མ་རབ་རིབ་མར་མེ་དང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུངས་པ་ལྟ་བུའོ། །དེ་བས་འདི་ནི་མཁས་པ་རྣམས་ཀྱིས་རིགས་པ་དང་ལུང་དག་གིས་བསྒྲུབ་བར་བྱ་བ་ཡིན་གྱི་འདི་ལ་ཐེ་ཚོམ་ནི་མི་བྱའོ། །ཡང་ན་རྣལ་འབྱོར་གྱི་སྟོབས་ཀྱིས་རྡུལ་ཕྲ་རབ་དངོས་པོ་ཐམས་ཅད་ཀྱི་གནས་ཇི་ཙམ་དུ་འདོད་པར་བྱེད་པ་དེ་ཙམ་དུ་རྒྱས་པར་བྱེད་དོ། །ད་ནི། དེ་ལྟར་ཕྱོགས་རྣམས་མ་ལུས་ཐམས་ཅད་དུ། །ཞེས་བྱ་བ་ལ་སོགས་པས་བསྒོམ་པ་རྒྱས་པར་བྱ་བ་སྟོན་ཏོ། །དེ་ལྟར་ཞེས་བྱ་བ་ནི་ཇི་སྐད་སྨོས་པའི་ཚུལ་དུའོ། །མ་ལུས་ཕྱོགས་རྣམས་ཐམས་ཅད་དུ་ཞེས་བྱ་བ་ནི་ཕྱོགས་བཅུ་མ་ལུས་པ་ཐམས་ཅད་དུ་རྡུལ་ཕྲ་རབ་རེ་རེའི་སྟེང་དུ་སངས་རྒྱས་རྒྱ་མཚོ་ལ་མོས་པ་འཇུག་གོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་


DTG117_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ལ་ཁྱབ་པར་བསྟན་ནས་དུས་ལ་ཁྱབ་པར་བསྟན་པའི་ཕྱིར། བྱིས་པའི་ལམ་དུ་ཞེས་བྱ་བ་གསུངས་སོ། །བྱིས་པ་ནི་དེ་ཁོ་ན་ཉིད་མ་མཐོང་བདག་སྟེ། དགེ་བའི་ལས་ལ་ནན་གྱིས་གཟུད་དགོས་པས་བྱིས་བདག་གོ །དེ་དག་གི་ལམ་སྟེ་འགྲོ་བ་རྣམས་སུ་འགྲོ་བ་ལ་སོགས་པའི་རྒྱུན་གྱིས་ཀུན་ནས་ཉོན་མོངས་པར་གྱུར་པའི་འཇིག་རྟེན་གྱི་ཁམས་སོ། །དེ་ཉིད་ན་འདས་པ་དང་མ་འོངས་པའི་དུས་རྣམ་པར་གཞག་པ་ཡོད་ཀྱི་གཞན་ནི་མ་ཡིན་ཏེ། དེ་བས་ན་དེར་གཏོགས་པའི་སངས་རྒྱས་དང་ཞིང་དང་བསྐལ་པར་སྤྱོད་པས་བསྡུས་པ་རྣམས་ལ་འཇུག་གོ་ཞེས་བྱ་བར་སྦྱོར་རོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་ནི་རང་གི་འོད་ཀྱི་དཀྱིལ་འཁོར་གྱི་སྣང་བས་མུན་པ་མུན་ནག་མ་ལུས་པར་བསལ་བའི་ཕྱིར་སངས་རྒྱས་ཉི་མ་རྟག་ཏུ་ཤར་རོ། །དེའི་ཕྱིར་དེ་དག་ན་བྱང་ཆུབ་སེམས་དཔའ་རྣམས་རྟག་པར་སད་པས་དུས་རྣམ་པར་གཞག་པ་ཉིད་མེད་དོ། །གཟའ་དང་སྐར་མའི་ཚོགས་མེད་པའི་ཕྱིར་ཉིན་མཚན་ལ་སོགས་པ་རྣམ་པར་གཞག་པ་མེད་པའི་ཕྱིར་ཡང་དུས་རྣམ་པར་གཞག་པ་མེད་དོ། །སངས་རྒྱས་ཀྱི་ཞིང་བལྟ་བ་ལ་འཇུག་པ་འདིས་ནི་ཐོག་མར་དེ་ཁོ་ན་ཉིད་རྟོགས་ན་རབ་ཏུ་དགའ་བ་ཐོབ་པའི་ཕྱིར་ས་རབ་ཏུ་དགའ་བ་དང་སངས་རྒྱས་ལ་མཆོད་པ་ལ་སོགས་པའི་སྦྱིན་པས་ལྷག་པའི་བསམ་པ་དག་པའི་སས་བསྡུས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བསྟན་ཏོ། །དེ་ལྟར་སངས་རྒྱས་ཀྱི་ཞིང་བལྟ་བ་ལ་འཇུག་པར་བརྗོད་ནས། ད་ནི། གསུང་གཅིག་ཡན་ལག་རྒྱ་མཚོའི་སྐད་རྣམས་ཀྱིས། །ཞེས་བྱ་བ་ལ་སོགས་པས་སངས་རྒྱས་ཀྱི་གསུང་ལ་འཇུག་པ་སྟོན་ཏོ། །དེ་ལ་གསུང་གི་དཀྱིལ་འཁོར་གྱི་མེ་ལོང་གཅིག་ཤར་བ་ལ་སེམས་ཅན་ཐམས་ཅད་ཀྱི་དབྱངས་ཀྱི་གཟུགས་བརྙན་ཅིག་ཅར་དུ་དམིགས་པས་སེམས་ཅན་དུ་མའི་དྲི་བའི་དོན་གྱི་ཡུལ་ཕན་ཚུན་མི་མཐུན་པ་ཐ་དད་པ་དག་རྟག་ཏུ་དྲིས་ཀྱང་བརྗོད་པ་མེད་ཅིང་འབད་མི་དགོས་བར་འདྲི་བ་ཐམས་ཅད་ལུང་སྟོན་པ་དམིགས་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་འབྱུང་བ་ཡིན་ཏེ། སངས་རྒྱས་ཀྱི་གསུང་བསམ་པ་ཇི་ལྟ་བ་བཞིན་དུ་སྐྱེ་བོ་མཐའ་ཡས་པའི་ཡིད་ཚིམ་པར་བྱེད་པ་དེ་ལྟ་བུར་འཇུག་པར་བྱ་ཞིང་


DTG117_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱའོ་ཞེས་བྱ་བ་ཡིན་ནོ། །འདིས་ནི་ས་དྲི་མ་མེད་པ་དང་ཚུལ་ཁྲིམས་ཡོངས་སུ་དག་པར་འདོད་པའི་དངོས་པོ་འགྲུབ་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་བསྟན་ཏོ། །དེ་ལྟར་སངས་རྒྱས་ཀྱི་གསུང་ལ་འཇུག་པ་བརྗོད་ནས། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འཇུག་པར་བྱ་བར་བསྟན་པའི་ཕྱིར། གསུང་དབྱངས་ཟད་མི་ཤེས་པ་དེ་དག་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དབྱངས་ནི་གང་ལ་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་དངོས་པོས་བརྗོད་པར་བྱ་བར་མི་རྟོག་པས་ང་རོ་ཙམ་དུ་ཟད་པ་སྟེ། ཅ་ཅོའི་སྒྲ་བཞིན་ནོ། །དབྱངས་དེ་ལ་མོས་པའི་སྟོབས་ཀྱིས་གསུང་གྲངས་མེད་པ་ཡོད་པའི་ཕྱིར་གསུང་དབྱངས་ཞེས་བསྟན་ཏེ། གསུང་ནི་བརྗོད་པར་བྱ་བརྗོད་པར་བྱེད་པའི་དངོས་པོའོ། །ཟད་མི་ཤེས་པ་དེ་དག་ལ་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་ཀྱི་མཐར་ཐུག་པ་ཇི་སྙེད་པ་དག་ལའོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱི། །ཞེས་བྱ་བ་ནི་དུས་གསུམ་པོ་དག་ཏུ་གཤེགས་ཤིང་རྣམ་པར་བཞུགས་པས་ན་དུས་གསུམ་གཤེགས་པ་དག་སྟེ་ཐམས་ཅད་ཀྱང་ཡིན་ལ་དུས་གསུམ་གཤེགས་པ་ཡང་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དུས་གསུམ་སྨོས་པས་ནི་སངས་རྒྱས་རྣམས་ཏེ་མ་ལུས་པ་ལ་འཇུག་པ་བསྟན་ཏོ། །ཐམས་ཅད་སྨོས་པས་ནི་བར་ཆད་མེད་པར་འཇུག་པ་བསྟན་ཏོ། །འདི་སྐད་དུ་གསུང་གི་དཀྱིལ་འཁོར་གཅིག་གིས་བསྡུས་པ་སྐད་ཅི་ཁྱད་པར་ཐམས་ཅད་དང་ལྡན་པ་དེ་དག་གིས་ཕྱོགས་དང་དུས་ཐམས་ཅད་ན་རྣམ་པར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་གདུལ་བྱའི་བསམ་པ་ཐ་དད་པས་སོ་སོར་ཐ་དད་པར་བཤད་པར་བྱའོ་ཞེས་བཤད་པ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར། འཁོར་ལོའི་ཚུལ་རྣམས་རབ་ཏུ་སྐོར་བྱེད་ཅིང༌། །ཞེས་བྱ་བ་གསུངས་སོ། །འཁོར་ལོའི་ཚུལ་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོའོ། །གདུལ་བྱའི་རྒྱུད་ལ་གྲོལ་བས་འཁོར་ལོ་སྟེ། དེ་དག་ལ་འཇུག་བར་བྱ་བ་ནི་རབ་ཏུ་དགའ་བས་སེམས་ཅན་རྣམས་ལ་སྟོན་པའོ། །ཆེ་བའི་བདག་ཉིད་དེ་ཐམས་ཅད་ལ་ཡང་རང་གི་བློའི་སྟོབས་ཀྱིས་བདག་ཉིད་འཇུག་པར་བྱ་སྟེ། བཟང་པོ་སྤྱོད་པས་སྒྲུབ་པའི་ནན་ཏན་གྱིས་ཐོབ་པའི་ཤེས་རབ་ཕུལ་དུ་


DTG117_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་འདིས་འཇུག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འཇུག་པ་དེས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་བརྟག་པའི་འོད་ཀྱི་སྣང་བས་བདག་དང་གཞན་གྱི་རྒྱུད་ལ་ཡོད་པའི་མི་ཤེས་པའི་མུན་པ་སེལ་བའི་ཕྱིར་ས་འོད་བྱེད་པ་ཡང་བསྟན་ལ། སེམས་ཅན་ལོག་བར་སྒྲུབ་པ་དང་དུ་ལེན་པའི་ཕྱིར་དོན་གྱིས་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་བསྟན་ཏོ། །དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འཇུག་པ་བསྟན་ནས། བསྐལ་པ་ལ་འཇུག་པ་བསྟན་པར་བཞེད་ནས། མ་འོངས་བསྐལ་པ་ཐམས་ཅད་འཇུག་པར་ཡང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྐད་ཅིག་མེ་ལོང་གི་དཀྱིལ་འཁོར་གཅིག་ལ་མ་འོངས་པ་འབྱུང་བར་འགྱུར་བའི་བསྐལ་པ་ཐམས་ཅད་འཇུག་པར་བྱ་ཞིང་ཁོངས་སུ་གཏོགས་པར་བྱའོ། །བསྐལ་པ་སྨོས་པས་ནི་དུས་དེར་གཏོགས་པ་བདེ་བར་གཤེགས་པ་སྲས་དང་ཉན་ཐོས་ལ་སོགས་པའི་དཀྱིལ་འཁོར་གྱིས་བསྐོར་བ་ཐམས་ཅད་དང༌། འགྲོ་བར་གཏོགས་པ་དུས་ལ་སོགས་པ་བྱེ་བྲག་དུ་མས་ཐ་དད་པ་ཇི་ལྟར་གནས་པའི་སྲོག་ཆགས་ཐམས་ཅད་བསྡུས་ཏེ། དངོས་པོ་དེ་བཞིན་དུ་སྣང་བའི་ཕྱིར་རོ། །ཇི་ལྟར་སྐད་ཅིག་གཅིག་ལ་མ་འོངས་པའི་བསྐལ་པ་ཐམས་ཅད་འཇུག་པར་བྱ་བ་དེ་བཞིན་དུ་སྐད་ཅིག་གཅིག་པ་ཉིད་དུ་མོས་པའི་སྒོ་ནས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་བསྐལ་པ་ཐམས་ཅད་སྐད་ཅིག་གཅིག་ལ་འཇུག་པར་བྱ་ཞིང་ཁོང་སུ་གཏོགས་པར་བྱ་བའི་ཕྱིར། གང་ཡང་དུས་གསུམ་བསྐལ་པ་ཚད་དེ་དག །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འདིས་ནི་སྐད་ཅིག་གཅིག་ལ་སྐད་ཅིག་གཅིག་གིས་བསྐལ་པ་ཐམས་ཅད་ལ་འཇུག་པ་སྟེ་ཁོངས་སུ་གཏོགས་པར་བྱ་བའོ། །དེ་ལྟར་སྤྱོད་པའི་ཁྱད་པར་བསྟན་པ་དང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བས་ཡོངས་སུ་གྲུབ་པའི་བྱེ་བྲག་འདིས་ནི་བྱང་ཆུབ་ཀྱི་ཡན་ལག་རྟོགས་པའི་འོད་འཕྲོ་བ་ཐོབ་པས་ས་འོད་འཕྲོ་ཅན་ཡང་བསྟན་ཏོ། །དེ་ལྟར་བསྐལ་པ་ལ་འཇུག་པ་བརྗོད་ནས། སངས་རྒྱས་བལྟ་བ་དང་དེའི་སྤྱོད་ཡུལ་ལ་འཇུག་པ་བསྟན་པའི་ཕྱིར། དུས་གསུམ་གཤེགས་པ་མི་ཡི་སེང་གེ་དག །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འདས་པ་དང་མ་འོངས་


DTG117_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ད་ལྟར་བྱུང་བའི་དུས་ན་གཤེགས་པའི་མིའི་སེང་གེ་སྟེ། མིའི་གཙོ་བོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེ་ལོང་གི་དཀྱིལ་འཁོར་དུ་ཆུད་པ་གང་དག་ཡིན་པ་དེ་དག་ཐམས་ཅད་བདག་གིས་སྐད་ཅིག་གཅིག་ལ་བལྟ་བར་བྱ་ཞིང༌། དེ་དག་གི་སྤྱོད་ཡུལ་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་ཡང་འཇུག་པར་བྱའོ། །ཇི་ལྟ་བུ་སྙམ་པ་ལ། སྒྱུ་མར་གྱུར་པའི་རྣམ་ཐར་སྟོབས་ཀྱིས་འཇུག །ཅེས་བྱ་བ་གསུངས་སོ། །སྒྱུ་མར་གྱུར་བའི་རྣམ་པར་ཐར་པའི་ཏིང་ངེ་འཛིན་གང་ལ་གནས་པ་དེ་དག་དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུར་གཟིགས་པས་ཇི་ལྟར་མོས་པ་བཞིན་དུ་ལུས་རྣམ་པར་གནས་པས་འགྲུབ་བོ། །སངས་རྒྱས་བལྟ་བ་དང་དེའི་སྤྱོད་ཡུལ་ལ་འཇུག་པ་བརྗོད་པ་དེས་ནི་བདུད་ཐམས་ཅད་ཀྱིས་ཤིན་ཏུ་ཐུབ་པར་དཀའ་བའི་ཕྱིར་ས་ཤིན་ཏུ་སྦྱངས་དཀའ་བ་ལ་འཇུག་པར་བསྟན་ལ། སྒྱུ་མ་ལྟ་བུ་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྟོབས་ཐོབ་པར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་བསྟན་ཏོ། །དེ་ལྟར་སངས་རྒྱས་བལྟ་བ་དང་དེའི་སྤྱོད་ཡུལ་ལ་འཇུག་པ་བརྗོད་ནས། ད་ནི་སངས་རྒྱས་ཀྱི་ཞིང་བཀོད་པ་བསྒྲུབ་པ་ལ་འཇུག་པར་བསྟན་པའི་ཕྱིར། གང་ཡང་དུས་གསུམ་དག་གི་ཞིང་བཀོད་པ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དུས་གསུམ་གྱིས་བསྡུས་པའི་ཞིང་རྣམས་ཀྱི་བཀོད་པ་རྒྱན་གྱི་ཁྱད་པར་ཁ་དོག་དང་དབྱིབས་སྣ་ཚོགས་ལ་སོགས་པའི་རང་བཞིན་གང་དག་ཡིན་པ་དེ་དག་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ལ་མོས་པའི་ཤེས་པས་མངོན་སུམ་དུ་བྱ་བ་ནི་མངོན་པར་བསྒྲུབ་པའོ། །རྡུལ་གཅིག་གི་སྟེང་དུ་ཇི་ལྟ་བ་དེ་བཞིན་དུ་ཕྱོགས་བཅུའི་རྡུལ་ཕྲ་རབ་རེ་རེ་ལ་ཡང་བར་མེད་པར་མོས་པས་ཁྱབ་བར་བྱ་བའི་ཕྱིར། དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ། །ཞེས་བྱ་བ་གསུངས་སོ། །ཕྱོགས་ཐམས་ཅད་དུ་ཡང་དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞིང་བཀོད་པ་ཐམས་ཅད་ལ་འཇུག་པར་བྱའོ་ཞེས་བྱ་བ་ཡིན་ནོ། །སངས་རྒྱས་ཀྱི་ཞིང་གཏོས་ཀྱིས་ཤིན་ཏུ་ཐ་གྲུ་ཆེ་བ་གྲངས་ཀྱིས་མཐའ་ཡས་པ། དུས་ཀྱི་བྱེ་བྲག་གིས་དུས་གསུམ་དུ་གཏོགས་པ་རྣམས་ཀྱང་རྡུལ་ཤིན་ཏུ་ཕྲ་བའི་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ལ་འཇུག་པའི་ཡེ་ཤེས་ཀྱི་ཆེ་བ་ཉིད་བསྟན་པ་


DTG117_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་དུ་གྱུར་པས་ས་མངོན་དུ་གྱུར་པ་ཡང་བསྟན་ཏོ། །དེ་ལྟར་སངས་རྒྱས་ཀྱི་ཞིང་བཀོད་བསྒྲུབ་པ་ལ་འཇུག་པ་བརྗོད་ནས། དེ་བཞིན་གཤེགས་པའི་དྲུང་དུ་འགྲོ་བ་ལ་འཇུག་པར་བྱ་བའི་ཕྱིར། གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མ་བྱོན་པ་ནི་མ་བྱོན་པ་སྟེ་སྔ་མ་བཞིན་ནོ། །འོད་ཟེར་རབ་ཏུ་འགྱེད་པས་ཕྱི་ནང་དུ་བཅས་པའི་མི་ཤེས་པའི་མུན་པ་ཆེན་པོ་སེལ་བའི་ཕྱིར་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་སྟོན་པའི་ཕྱིར་འཇིག་རྟེན་རྣམ་པ་གཉི་གའི་ཡང་སྒྲོན་མ་དང་འདྲ་བས་སྒྲོན་མ་དག་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་སོ། །མ་བྱོན་པ་དེ་དག་བླ་ན་མེད་པའི་ཡེ་ཤེས་མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་དང༌། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཏེ། འདུལ་བ་ཇི་ལྟ་བདག་གི་ནང་དུ་སྤྲུལ་པས་བསམ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་རབ་ཏུ་སྟོན་པའི་དུས་དང༌། ལོངས་སྤྱོད་རྫོགས་པའི་སྐུས་བྱང་ཆུབ་སེམས་དཔའ་ཆེན་པོ་དག་དང༌། ཐབས་གཅིག་ཏུ་ཐེག་པའི་ཆོས་བླ་ན་མེད་པ་འཕེལ་བའི་གཏམ་རྫོགས་པར་ལོངས་སྤྱོད་པའི་དུས་དང༌། མི་གནས་པའི་མྱ་ངན་ལས་འདས་པ་ཉིད་ཡིན་ཡང་དེས་འདུལ་བའི་བསམ་པ་ཡོངས་སུ་སྨིན་པར་བྱ་བའི་དབང་གིས་མྱ་ངན་ལས་འདས་པ་སྟོན་པའི་དུས་མ་བྱོན་པའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་དྲུང་དུ་ཅིག་ཅར་དུ་མཆིའོ། །དེར་འགྲོ་བས་ནི་དེའི་དུས་ན་ཐོབ་པར་བྱ་བའི་ཡོན་ཏན་གྱི་ཁྱད་པར་ཐོབ་པས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྟོན་ཏེ། དེ་བཞིན་གཤེགས་པའི་དྲུང་དུ་འགྲོ་བ་འདི་ནི་འཇུག་པ་བརྒྱད་པའོ། །འདིས་ནི་སངས་རྒྱས་ཀྱི་ཆོས་རིང་དུ་རྟོགས་པའི་ཕྱིར་ས་རིང་དུ་སོང་བ་བསྟན་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པས་གཅིག་ན་གནས་ཀྱང་ཐབས་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ལུས་ཅིག་ཅར་དུ་སྟོན་པའི་ཕྱིར་ཐབས་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་བསྟན་ཏོ། དེ་ལྟར་འཇུག་པ་རྣམ་པ་བརྒྱད་བརྗོད་ནས། ད་ནི་དེ་ལྟར་ལམ་ལ་ཞུགས་པའི་


DTG117_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་གཉེན་པོར་གྱུར་པ་རྣམས་ལ་མི་མཐུན་པའི་ཕྱོགས་རྣམས་ཀྱིས་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མི་ནོན་པའི་ཕྱིར་དང་དེས་ཟིལ་གྱི་ནོན་པའི་ཕྱིར། ཀུན་དུ་མྱུར་པའི་རྫུ་འཕྲུལ་སྟོབས་རྣམས་དང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་རྣམ་པ་གཉིས་ཀྱིས་སྟོབས་རྣམ་པ་བཅུ་གསུངས་སོ། །དེ་ལ་འབྱོར་བ་ནི་རྫུ་འཕྲུལ་ཏེ་སེམས་ཀྱིས་འགྲོ་བ་དང་འོང་བལ་དབང་འབྱོར་བའོ། །འགྲོ་བ་དེ་ཡང་ནམ་མཁའ་ལ་སོགས་པ་ལ་རིང་བ་དང༌། མྱུར་དུ་འགྲོ་བ་སྟེ། རྩིག་པ་ལ་ཡང་ཐད་ཀར་འགྲོའོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་ཉིད་ཀྱི་བྱེ་བྲག་བསྟན་པའི་ཕྱིར་ཀུན་དུ་མྱུར་བ་ཞེས་བྱ་བ་གསུངས་ཏེ། གང་དུ་འདོད་པ་དང་ཇི་ལྟར་འདོད་པ་ལ་སོགས་པའི་བར་དུ་ཐམས་ཅད་ལ་ཐགས་ཐོགས་མེད་པར་འགྲོ་བའི་ཕྱིར་རོ། །ཐེག་པ་ནི་ཐེག་པ་ཆེན་པོ་ལ་སོགས་པའི་བྱེ་བྲག་གིས་ཐེག་པ་རྣམ་པ་གསུམ་མོ། །དེ་ལ་ཐེག་པ་ཆེན་པོ་ནི་བྱང་ཆུབ་ཀྱི་ལམ་འབྲས་བུ་དང་བཅས་པ་སྟེ། ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་དང་བླ་ན་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཉན་ཐོས་ཀྱི་ཐེག་པ་ནི་མདོ་སྡེ་དང་འདུལ་བ་དང་ཆོས་མངོན་པ་ཞེས་བྱ་བ་སྟེ་སྡེ་སྣོད་གསུམ་དང་དེ་ལ་རག་ལས་པ་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པ་དང༌། དེས་ཐོབ་པར་བྱ་བའི་འབྲས་བུ་བཞིའོ། །རང་སངས་རྒྱས་ཀྱི་ཐེག་པ་ནི་བདེན་པ་བཞི་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཙམ་དང༌། དེས་ཐོབ་པར་བྱ་བའི་འབྲས་བུའི་ཁྱད་པར་རོ། །དེའི་སྟོབས་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཡེ་ཤེས་ཐོབ་པའི་ཕྱིར་ཐམས་ཅད་དུ་ཐོགས་པ་མེད་པར་ཤེས་པའོ། །དེའི་ཕྱིར་ཀུན་ནས་སྒོ་ཡི་ཞེས་བྱ་བ་གསུངས་ཏེ་གདུལ་བྱ་ཇི་ལྟ་བ་བཞིན་དུ་རྣམ་པ་ཐམས་ཅད་ཀྱི་ཁྱད་པར་ལུང་སྟོན་པ་ཞེས་བྱ་བའི་ཐ་ཚིག་གོ །ཀུན་དུ་ཡོན་ཏན་སྤྱོད་པའི་སྟོབས་རྣམས་དང༌། །ཞེས་བྱ་བ་ལ་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་སྤྱད་པ་སྤྱོད་པའོ། །དེའི་སྟོབས་ནི་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པ་དང༌། དེས་ཟིལ་གྱིས་གནོན་པར་ནུས་པའོ། །དེ་ཉིད་ཀྱི་ཕྱིར་ཟབ་ཅིང་རྒྱ་ཆེ་བ་ཤིན་ཏུ་ཡོངས་སུ་དག་པ་གྲངས་མེད་པ། བསམ་གྱིས་མི་ཁྱབ་པ་རྣམས་ཡོངས་སུ་གྲུབ་པའི་ཕྱིར་ཀུན་དུ་ཡོན་ཏན་ཞེས་བྱ་བ་གསུངས་སོ། །ཀུན་དུ་ཁྱབ་པ་བྱམས་པ་དག་གི་སྟོབས། །ཞེས་བྱ་བ་ལ། བྱམས་པ་ནི་སེམས་ཅན་ཐམས་ཅད་ལ་


DTG117_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་པ་དང་བདེ་བ་བསྒྲུབ་པའི་བསམ་པའི་མཚན་ཉིད་དོ། །དེའི་སྟོབས་ཀྱིས་ཁྲོ་བ་ལ་སོགས་པ་སེམས་ཅན་ལ་རྣམ་པར་འཚེ་བ་ལ་སོགས་པའི་མཚན་ཉིད་ཀྱིས་ཟིལ་གྱིས་མི་ནོན་པའོ། །ཀུན་དུ་ཁྱབ་པ་ནི་ཁམས་གསུམ་དུ་གཏོགས་པའི་སེམས་ཅན་སྡུག་བསྔལ་གསུམ་དང་ལྡན་པ་ཐམས་ཅད་ལ་དམིགས་པའི་ཕྱིར་རོ། །ཀུན་དུ་དགེ་བའི་བསོད་ནམས་སྟོབས་རྣམས་དང༌། །ཞེས་བྱ་བ་ལ་བསོད་ནམས་ནི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་སེམས་པ་སྟེ་གཙང་བར་བྱེད་པའི་ཕྱིར་རོ། །དེའི་སྟོབས་ནི་ཆགས་པ་ལ་སོགས་བས་ཟིལ་གྱིས་མི་ནོན་པ་དང༌། དེས་ཟིལ་གྱིས་གནོན་ནུས་པའོ། །ཀུན་དུ་དགེ་བ་ཞེས་བྱ་བ་ནི་སྦྱོར་བ་དང་དངོས་གཞི་དང་མཇུག་ལ་སོགས་པ་དང༌། ཆུང་ངུ་དང་འབྲིང་དང་ཆེན་པོའི་རྣམ་པས་ཀྱང་ཡོངས་སུ་དག་པ་ཞེས་བྱ་བའི་ཐ་ཚིག་གོ །ཆགས་པ་མེད་པར་གྱུར་པ་ཡེ་ཤེས་སྟོབས། །ཞེས་བྱ་བ་ལ། ཡེ་ཤེས་ནི་རྣམ་བར་རྟོག་པའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་དེ། དེ་ཡང་ཆོས་བདག་མེད་པའི་རང་བཞིན་ནོ། །དེའི་སྟོབས་ནི་མི་མཐུན་པའི་ཕྱོགས་མ་ལུས་བར་སེལ་བའོ། །དེ་ཡང་འཇིག་རྟེན་འགའ་ཞིག་ལ་ཆགས་ཀྱང་སྲིད་སྙམ་པ་ལ། བྱེ་བྲག་བསྟན་པའི་ཕྱིར། ཆགས་པ་མེད་པར་གྱུར་པའི་ཞེས་བྱ་བ་གསུངས་ཏེ། ཐམས་ཅད་དུ་ཆགས་པ་མེད་ཅིང་ཐོགས་པ་མེད་པ་སྐད་ཅིག་གཅིག་གིས་ཆོས་ཐམས་ཅད་ཀྱི་རང་བཞིན་རྟོགས་པའི་མཚན་ཉིད་ཅེས་བྱ་བའི་ཐ་ཚིག་གོ །ཤེས་རབ་ཐབས་དང་ཏིང་འཛིན་སྟོབས་དག་གིས། །ཞེས་བྱ་བ་ལ། ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཟག་པ་དང་བཅས་པ་དང་ཟག་པ་མེད་བ་ལ་སོགས་པའི་བྱེ་བྲག་ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པས་སེམས་ལས་བྱུང་བའི་ཆོས་གང་གྱི་ཡོངས་སུ་གཅོད་པ་དེ་ལ་ཤེས་རབ་ཅེས་བྱའོ། །དེའི་སྟོབས་ཀྱིས་ཐམས་ཅད་དུ་ཐོགས་པ་མེད་པར་ནུས་པའོ། །ཐབས་ནི་ཤེས་རབ་ཀྱི་བྱེ་བྲག་ཉིད་དོ། །འདོད་པའི་དོན་བསྒྲུབ་པར་བྱ་བའི་ཁྱད་པར་གྱིས་མཚན་ཉིད་འགའ་ཞིག་ལ་ཐབས་ཞེས་བྱའོ། །དེའི་སྟོབས་ནི་སྒྲུབ་པ་ཐམས་ཅད་ཡོངས་སུ་ཤེས་པའོ། །ཏིང་འཛིན་ནི་སེམས་རྩེ་གཅིག་པ་སྟེ། འདོད་པ་ལ་དམིགས་ཤིང་སེམས་གཞན་དུ་མི་འཕོའོ། །དེའི་སྟོབས་ནི་དངོས་པོ་མཐའ་ཡས་པ་ཡུལ་དུ་གྱུར་པ་ཉིད་དོ། །དེ་ལྟ་བས་ན་


DTG117_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྐད་སྨོས་པའི་ཡོན་ཏན་མི་མཐུན་པའི་ཕྱོགས་ཀྱིས་མི་ཆོམས་པ་རྣམས་ཀྱི་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་འདི་ནི་སྟོབས་སོ། །སྟོབས་བཅུ་པོ་མི་མཐུན་པའི་ཕྱོགས་ཀྱིས་མི་གཡོ་བའི་ས་བསྟན་ཏོ། །དོན་གྱིས་ན་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་བསྟན་ཏེ། སྨོན་ལམ་གྱི་དབང་གིས་དེ་ལྟ་བུའི་དོན་འགྲུབ་པའི་ཕྱིར་རོ། །དེ་ལྟར་སྟོབས་རྣམ་པ་བཅུ་བརྗོད་ནས་མི་མཐུན་པའི་ཕྱོགས་སྤང་པ་བསྟན་པས་འགྲུབ་པ་བསྟན་པར་བཞེད་ནས། ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལས་ཀྱི་སྟོབས་ནི་ལས་ཀྱི་སྟོབས་ཏེ་ཆེན་པོ་ཉིད་ཀྱི་རྣམ་པར་སྨིན་པར་ངེས་པའོ། །དེ་ཡོངས་སུ་དག་པར་བྱེད་པ་ནི་ངན་སོང་བའི་སྡུག་བསྔལ་ལས་ཐམས་ཅད་ཤིན་ཏུ་སྤང་བའོ། །ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་སྟེ། ལུས་དང་སེམས་ཀུན་ནས་ཉོན་མོངས་པར་བྱེད་པའི་ཕྱིར་རོ། །དེ་དག་གི་སྟོབས་ནི་ཆེན་པོ་དང་འབྲིང་པོའི་རང་བཞིན་ནོ། །དེ་ཀུན་དུ་འཇོམས་པར་བྱེད་པ་ནི་ཀུན་དུ་མི་སྤྱོད་པ་དང་དེའི་བག་ཆགས་ཀྱང་གཅོད་པའོ། །བདུད་རྣམས་ནི་ཕུང་པོ་དང༌། འཆི་བདག་དང༌། ལྷའི་བུ་རྣམས་སོ། །དེ་ལ་ཕུང་པོ་རྣམས་ཀྱིས་ནི་དེ་ལ་དམིགས་པའི་འདོད་པའི་འདོད་ཆགས་སྤངས་པའི་ཕྱིར་དང༌། ཇི་ལྟར་འདོད་པ་བཞིན་གནས་པའི་ཕྱིར་སྟོབས་མེད་པར་བྱེད་པ་སྟེ་ཡོངས་སུ་སྦྱོང་བའོ། །འཆི་བདག་ནི་བསམ་གཏན་གྱི་སྟོབས་དང་ཐབས་ཀྱིས་ཟིན་པས་ཚེ་བཏང་ནས་ཀྱང་ཡང་ཇི་སྲིད་འདོད་ཀྱི་བར་དུ་གནས་པས་བྱིན་གྱིས་རློབ་པས་སྟོབས་མེད་པར་བྱེད་པ་སྟེ་ཡོངས་སུ་སྤྱོད་བའོ། །ལྷའི་བུའི་བདུད་སྟོབས་དང་བཅས་པ་ནི་བྱམས་པའི་སྟོབས་ཀྱིས་ཕམ་པར་བྱས་ཏེ་སྟོབས་མེད་པར་བྱེད་པའོ། །རྣམ་པའི་འདིས་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་སྤྱོད་པས་བསྡུས་པའི་སྟོབས་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ཡིན་ཏེ། །འདི་ནི་མི་མཐུན་པའི་ཕྱོགས་སྤོང་པའི་སྒོ་ནས་གཉེན་པོའི་མཚན་ཉིད་ཀྱི་སྒྲུབ་པ་ཡིན་ནོ། །འདིས་ནི་མི་མཐུན་པའི་ཕྱོགས་མཐའ་དག་ཟིལ་གྱིས་གནོན་པ་དང་ཀུན་དུ་བཟང་པོ་སྤྱོད་པའི་སྟོབས་བླ་ན་མེད་པ་རྙེད་པའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། དེའི་ཕྱིར་འདི་ལ་བདེ་བར་གཤེགས་པས་བློ་གྲོས་ལེགས་པའོ་ཞེས་ཀུན་ནས་བསྔགས་པར་འོས་པར་ཡོད་པའི་


DTG117_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ས་ལེགས་པའི་བློ་གྲོས་ཀྱང་བསྟན་ཏོ། །ད་ནི་དེ་ལྟར་བསྒྲུབ་པ་དང་ལྡན་པའི་རང་གི་ཡོན་ཏན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང༌། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་ལས་རྣམ་པ་བརྒྱད་གསུངས་སོ། །ཞིང་གི་ཁྱད་པར་སྔ་མ་གང་དག་རང་གི་མོས་པའི་ཤེས་པ་མི་གསལ་བའི་རྣམ་པ་ཅན་གྱིས་རང་གི་སེམས་ཀྱི་མེ་ལོང་གི་དཀྱིལ་འཁོར་ལ་གཟུགས་བརྙན་གྱི་ཚུལ་དུ་བཀོད་པ་དེ་དག་དང་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་སྟོབས་བརྙེས་པ་དེ་ཉིད་ལ་གསལ་བར་བྱེད་པ་ནི་རྣམ་པར་དག་པར་བྱེད་པ་སྟེ། རང་དང་གཞན་གྱི་བདག་ཉིད་དག་ལ་རང་གི་རྒྱུད་ཉིད་ཀྱི་དབང་གིས་ཇི་ལྟ་བ་བཞིན་དུ་ཡང་དག་པར་དམིགས་པ་ཡིན་ནོ། །ཞིང་ཞེས་བྱ་བ་ནི་གང་ལས་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པའི་དགེ་བའི་སྲོག་མི་ཟད་པར་བྱེད་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འབྲུ་རྣམས་འཁྲུངས་པ་སྟེ། དེ་ནི་ང་རྒྱལ་མེད་པ་ལ་སོགས་པའི་ཡོན་ཏན་གྱིས་འབྱོར་པ། སྙིང་རྗེ་དང་བྱམས་པའི་ཟེར་གྱིས་བརླན་པ། ཉོན་མོངས་པའི་སྡོང་དུ་མ་དང༌། བ་ཚ་ལ་སོགས་པའི་ཉེས་པ་མེད་པ་དག་གོ །དེ་ལྟར་ན་བླ་ན་མེད་པའི་སངས་རྒྱས་ཀྱི་མྱུ་གུ་འཁྲུངས་པར་ནུས་པའི་ཕྱིར་སེམས་ཉིད་སངས་རྒྱས་ཀྱི་ཞིང་སྟེ། །འབྲས་བུ་ལ་སོགས་པའི་ཞིང་བཞིན་ནོ། །རིན་པོ་ཆེ་ལ་སོགས་པའི་ཡོ་བྱད་ཀྱི་ཁྱད་པར་སྣ་ཚོགས་པ་ཐུན་མོང་མ་ཡིན་པ་རྒྱ་ཆེ་ཞིང་རིན་ཆེ་བ་དང་སྲིད་པའི་ལོངས་སྤྱོད་ཀྱི་བྱེ་བྲག་དང་ལྡན་པ་བསམ་གྱིས་མི་ཁྱབ་པ་གནོད་པ་ཐམས་ཅད་བྲལ་བ་རྣམས་ཀྱི་ཚོགས་ནི་རྒྱ་མཚོའོ། །གང་ན་འཇིག་རྟེན་མཐའ་དག་གི་མིག་གཅིག་ཏུ་གྱུར་པ་སངས་རྒྱས་ཀྱི་ཡེ་ཤེས་སྣ་ཚོགས་བསམ་གྱིས་མི་ཁྱབ་ཅིང་རྒྱ་ཆེ་བ་སྟོན་པའི་སངས་རྒྱས་སྲས་དང་བཅས་པ་ཁང་པ་བརྩེགས་པ་དང༌། སྐྱེད་མོས་ཚལ་དང༌། གཞལ་མེད་ཁང་དང་རྒྱན་དང༌། ན་བཟའ་ལ་སོགས་པ་ཡོ་བྱད་ཀྱི་ཁྱད་པར་རྣམ་པ་སྣ་ཚོགས་ལྷ་དང་མི་ལམ་ཤིན་ཏུ་འདས་པ་རྣམས་ཀྱིས་བརྒྱན་པ། འཇིག་རྟེན་མཐའ་དག་ལས་འདས་པའི་སྐུས་འདུལ་བའི་མོས་པ་ཇི་ལྟ་བ་བཞིན་དུ་སྤྱོད་ལམ་གྱིས་བཞུགས་པ་རྣམས་བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་གྱི་དཀྱིལ་འཁོར་རྣམས་ན། མདོ་སྡེ་ཟབ་ཅིང་རྒྱ་ཆེ་བ་སྟོན་པས་ལོངས་སྤྱོད་རྫོགས་པར་མྱོང་བར་གྱུར་པ་དཔག་ཏུ་མེད་པ་རྒྱ་མཚོ་ཆེན་པོའི་ཆུའི་རྡུལ་ཕྲ་རབ་དང་མཉམ་པ་དེ་དག་


DTG117_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སེམས་ཡོངས་སུ་སྦྱོང་བ་སྟེ། འདི་ནི་ཞིང་རྒྱ་མཚོ་རྣམ་པར་དག་བྱེད་པའོ། །སེམས་ཅན་རྒྱ་མཚོ་དག་ནི་རྣམ་པར་གྲོལ། །ཞེས་བྱ་བ་ལ། །འཁོར་བ་ལ་ཆགས་པ་ནི་སེམས་ཅན་ཏེ། དེ་དག་བགྲང་བ་ལས་ཤིན་ཏུ་འདས་པ་ནི་རྒྱ་མཚོའོ། །དུས་ཇི་ལྟ་བ་དང་བསྐལ་པ་ཇི་ལྟ་བ་བཞིན་དུ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བའི་མན་ནག་གིས་ཉོན་མོངས་པའི་འཆིང་བ་ཤིན་དུ་མི་བཟད་པ་དམ་པོ་གཅོད་པ་ནི་དེ་དག་རྣམ་པར་གྲོལ་བའོ། །རང་གི་བདག་ཉིད་འཛིན་པའི་ཕྱིར་ཆོས་རྣམས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྒྱུད་ལ་མངའ་བ་སྙིང་རྗེ་ཆེན་པོ་དང་སྟོབས་དང་མི་འཇིགས་པ་ལ་སོགས་པ་གྲངས་མེད་པ་མཐའ་ཡས་པ་ཟབ་པ་རྒྱ་ཆེ་བ་ཤིན་ཏུ་རྣམ་པར་དག་པ་མཐུ་ཆེ་བ་སེམས་ཅན་གྱི་ཁམས་མ་ལུས་པ་ལ་ཕན་པར་བྱེད་པ་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་བྱེད་པ་མཆོག་ཏུ་མཐར་ཕྱིན་པ་སྟེ། རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་པ་དེ་དག་གི་རྒྱ་མཚོ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རེ་རེའི་རྒྱུད་ལ་མངའ་བའི་ཚོགས་སོ། །དེ་དག་མཐོང་བར་བྱེད་པ་ནི་རྣམ་པར་མི་རྟོགས་པའི་ཡེ་ཤེས་ཀྱི་མེ་མོང་གི་དཀྱིལ་འཁོར་ལ་རབ་ཏུ་འགོད་པའོ། །ཡེ་ཤེས་ནི་སངས་རྒྱས་བཅོམ་ལྡན་འདས་བསྐལ་པ་གྲངས་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་དང་ལྡན་པ། འོག་མིན་པ་རྣམས་ཀྱི་ནང་ན་ལྷའི་རྒྱལ་པོའི་གནས་ཁང་བ་བརྩེགས་པ་ཤིན་ཏུ་བཟང་པོ་ན་བཞུགས་པ་རྣམས་ཀྱི་བྱ་དཀའ་བ་བརྒྱ་སྟོང་གིས་རྣམ་པར་སྦྱངས་པ་རྣམ་པ་བཞི་པོ་མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། སོ་སོར་རྟོག་པ་དང༌། བྱ་བ་སྒྲུབ་པ་ཞེས་བྱ་བ་འཁྲུལ་པ་རྣམ་པ་སྣ་ཚོགས་དང་བྲལ་བ་དྲི་མ་མེད་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཁྱད་པར་གྱི་རྟོག་པའི་དྲི་བ་མ་ལུས་པ་ཟད་པར་མཛད་པ་ན་སྐྱེ་བ་གང་ཡིན་པའོ། །དེ་ནི་སངས་རྒྱས་ཀྱི་རྒྱུ་ཐ་དད་པ་དང༌། སྐད་ཅིག་ཐ་དད་པས་ཐ་དད་པའི་ཕྱིར་རྒྱ་མཚོའི་དེ་རྟོགས་པར་བྱེད་པ་ནི་དགེ་བའི་བཤེས་གཉེན་གྱི་སྟོབས་ཀྱིས་དམ་པའི་ཆོས་མཉམ་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པ་དང༌། བསྒོམ་པའི་རིམ་པས་མངོན་སུམ་དུ་བྱེད་པའོ། །སྤྱོད་པ་ནི་མ་ལུས་པ་ལ་མཆོད་པ་དང༌། ཕྱག་བྱ་བ་དང༌། སྡིག་པ་བཤགས་པ་དང༌། རྗེས་སུ་ཡི་རང་བ་དང༌། བསྐུལ་བ་དང༌། གསོལ་བ་གདབ་པ་དང༌། ཡོངས་སུ་བསྔོ་བ་དང༌། སེམས་ཅན་མ་


DTG117_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པ་ལ་ཕན་འདོགས་པ་དང༌། བྱང་ཆུབ་ཀྱི་སེམས་ལ་སོགས་པ་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། ས་ཡོངས་སུ་རྫོགས་པ་ལ་སོགས་པའི་མཚན་ཉིད་དེ། ཉན་ཐོས་དང༌། རང་སངས་རྒྱས་དང༌། ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསམས་པ་ཙམ་གྱིས་སྐྲག་པར་བྱེད་པའོ། །དེ་རྣམ་པར་དག་པར་བྱེད་པ་ནི་དངོས་པོ་དང༌། དུས་དང༌། ཕྱོགས་རྣམ་པར་དབྱེ་བ་དང༌། བསྡུ་བ་དང༌། རྒྱས་པར་བྱ་བ་དང༌། གཞན་ལ་ཕན་གདགས་པ་དང༌། རང་གི་རྒྱུད་རྣམ་པར་སྦྱང་བ་ལ་སོགས་པ་ཇི་ལྟར་བསྟན་པ་རྣམས་སྣོད་དང༌། གྲངས་ཀྱི་ཚད་དང༌། དུས་དང༌། ཡུལ་རྣམ་པར་དབྱེ་བ་དང༌། ཡོ་བྱད་རྣམ་པར་དགོད་པ་སྤྲུལ་པ་ལ་སོགས་པའི་བྱ་བའི་ཁྱད་པར་མཐར་ཕྱིན་པ་རྣམས་ཀྱི་མོས་པའི་སྟོབས་ཀྱིས་སྒྲུབ་པའོ། །སྨོན་ལམ་ནི་ཤེས་རབ་ཀྱི་བྱེ་བྲག་ཉིད་དོ། །བདག་དང་གཞན་ལ་ཕན་འདོགས་པ་རྣམ་པ་དུ་མ་ཐབས་དང་བཅས་པ་བྱང་ཆུབ་ཀྱི་མཐར་ཕྱིན་པར་འཕྲོ་བ་ལ་སོགས་པ་དོན་དུ་གཉེར་བའི་རྣམ་པ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐམས་ཅད་ཀྱི་སོ་སོའི་ཁམས་དང༌། འགྲོ་བ་དང༌། སྐྱེ་གནས་དང༌། རིགས་དང༌། རྒྱུད་དང༌། རུས་ཀྱི་བྱེ་བྲག་གིས་ཐ་དད་པས་མང་བའི་ཕྱིར་རྒྱ་མཚོ་ཞེས་བྱ་བར་གྱུར་རོ། །དེ་ནི་དུས་མཐའ་ཡས་པར་ཡོངས་སུ་སྦྱང་བའི་ཤེས་རབ་དང༌། ཐབས་དང༌། ཏིང་ངེ་འཛིན་དང༌། གཟུངས་དང༌། རྣམ་པར་ཐར་པ་དང༌། བསོད་ནམས་དང༌། ཡེ་ཤེས་ཀྱི་སྟོབས་ཀྱིས་མཐར་བྱིན་པ་ནི་ཡོངས་སུ་རྫོགས་པར་བྱེད་པའོ། །སངས་རྒྱས་ནི་གང་དག་སེམས་ཅན་གྱི་ཁམས་སྡུག་བསྔལ་བ་ལ་གཟིགས་ནས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཐུགས་ཀྱིས་ཕན་མ་བཏགས་པ་ལ་ཡང་བྱེ་བྲག་ཏུ་མ་བྱས་པ་སེམས་ཅན་གྱི་ཁམས་ཟད་པར་སྲས་ཀྱི་ཚུལ་དུ་བདག་གིས་མཛད་ནས་དེ་བསྒྲལ་བའི་ཕྱིར་གོ་ཆ་ཆེན་པོ་མན་བས་ཏེ། འཁོར་བའི་རྒྱ་མཚོ་སྡུག་བསྔལ་ཉམ་བ་བརྒྱ་སྟོང་དུ་མ་དང་ལྡན་པ་བརྒལ་ནས་ཤེས་རབ་དང་ཐབས་ཀྱི་བྱེ་བྲག་རྣམ་པ་སྣ་ཚོགས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་མཛད་དེ། མི་ཤེས་པའི་མུན་པ་མ་ལུས་པར་བསལ་བས་ཡེ་ཤེས་ཀྱི་ཉི་མ་སའི་ཕུག་མཐའ་དག་གི་སྒྲོན་མ་གཅིག་ཕུར་གྱུར་པ་ཤར་བས་མ་རིག་པའི་གཉིད་དང་བྲལ་ཏེ་སངས་པའི་ཕྱིར་སངས་རྒྱས་ཉིད་དོ། །དེ་དག་གི་རྒྱུད་ཐ་དད་པ་དང༌། དུས་ཐ་


DTG117_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

དད་པས་བགྲང་བ་ལས་འདས་པའི་ཕྱིར་རྒྱ་མཚོའོ། །མཆོད་པའི་ཡོ་བྱད་ཡུལ་དང༌། དུས་དང་དངོས་པོ་དང༌། བཀོད་པ་ཁྱད་ཞུགས་པ་ཐམས་ཅད་དང་ལྡན་པའི་རང་བཞིན་གྲངས་མེད་པའི་མཆོད་པའི་སྤྲིན་རྣམས་ཀྱི་ནམ་མཁའི་དཀྱིལ་འཁོར་མཐའ་ཡས་པ་ཁྱབ་པར་བྱས་ཏེ། དེ་རེ་རེ་ལ་ཡང་དུས་མཐའ་ཡས་པ་ཤིན་ཏུ་བརྗོད་པ་ནི་མཆོད་པའོ། །བསྐལ་པ་རྒྱ་མཚོར་མི་སྐྱོ་སྤྱད་པར་བགྱི། །ཞེས་བྱ་བ་ལ། བསྐལ་པ་ཞེས་བྱ་བ་ནི་བར་གྱི་བསྐལ་པ་ལ་སོགས་པ་རྣམ་པ་མང་སྟེ། དེ་ལ་བསྐལ་པ་དང་པོ་བ་མིའི་ཚེ་དཔག་ཏུ་མེད་པ་ནས་བཟུང་སྟེ་རིམ་གྱིས་མིའི་ཚེ་ལོ་བཅུའི་བར་དུ་གྱུར་པ་དེ་ནི་མར་འགྲིབ་བ་ཞེས་བྱ་བ་བར་གྱི་བསྐལ་པ་གཅིག་གོ །དེ་ནས་ཡང་ཚེ་ལོ་བརྒྱད་ཁྲི་བར་གྱུར་ལ་འགྲིབ་པའི་རིམ་གྱིས་ཚེ་ལོ་བཅུ་བར་གྱུར་པའི་བར་འདི་ནི་ཡར་སྐྱེ་བ་དང་མར་འགྲིབ་པ་ཞེས་བྱ་བ་བར་གྱི་བསྐལ་པ་གཉིས་པའོ། །དེ་ལྟ་བུ་བཅོ་བརྒྱད་ཀྱི་ཐ་མར་ཡར་སྐྱེ་བ་ཞེས་བྱ་བ་གཅིག་དང༌། དང་པོ་མར་འགྲིབ་པ་ཞེས་བྱ་བ་དང༌། བར་གྱི་བསྐལ་པ་ཉི་ཤུར་ནི་འཇིག་རྟེན་འཆགས་སོ། །བར་གྱི་བསྐལ་པ་ཉི་ཤུར་ནི་འཆགས་ནས་གནས་སོ། །བར་གྱི་བསྐལ་པ་ཉི་ཤུར་ནི་འཇིག་རྟེན་འཇིག་གོ །བར་གྱི་བསྐལ་པ་ཉི་ཤུར་ནི་ཞིག་ནས་འདུག་གོ །བར་གྱི་བསྐལ་པ་དེ་ལྟ་བུ་བརྒྱད་ཅུ་ལ་བསྐལ་པ་ཆེན་པོ་གཅིག་གོ །འདི་ནི་བསྐལ་པ་ཆེན་པོ་ཞེས་བྱ་སྟེ་དེ་དག་བགྲང་བ་ལ་ལས་འདས་པ་ནི་རྒྱ་མཚོའོ། །གཞན་གྱི་དོན་འབའ་ཞིག་བསྒྲུབས་པའི་ཕྱིར་དེར་ཞུགས་པ་སེམས་ཅན་གྱི་དོན་སྒྲུབ་པར་བྱེད་པ་རོ་གཅིག་པ་གཉེན་པོའི་མཆོག་ཐོབ་པ་རྣམས་འགྲོ་བའི་དོན་སྤྱད་པ་བསྒྲུབ་པའི་ཕྱིར། སྡུག་བསྔལ་དུ་མའི་སྐྱེ་མཆེད་འཁོར་བའི་བརྩོན་ར་ན་དུས་རིང་པོར་ཡང་གནས་ཤིང་སེམས་ཅན་དམྱལ་བ་ལ་སོགས་པར་ཡང་གནས་པ་ནི་སྤྱད་པའོ། །དེར་ཡང་དེ་ལ་ཕན་གདགས་པའི་བསམ་པ་ལ་ཞུགས་པ་གནོད་པ་མ་བྱས་པའི་དགྲ་བོ་གཞན་དག་གིས་གཙེས་པ་རྣམས་ལག་པ་དང་རྐང་པ་དང་རྣ་བ་དང་སྣ་ལ་སོགས་པ་གཅོད་ཅིང་སྲོག་ལ་འབེབས་པའི་རང་བཞིན་ཅན་རྣམས་དང༌། ཕྱི་རོལ་གྱི་འཚེ་བ་རྣམ་པ་མཐའ་ཡས་པ་གྲང་བ་དང་རླུང་དང་ཚ་བ་ལ་སོགས་པས་ཡུན་རིང་དུ་རྒྱུན་མི་འཆད་པར་གནོད་པ་དག་གིས་ཀྱང་སྒྱིད་ལུག་པར་མི་འགྱུར་བ་ནི་མི་སྐྱོ་བའོ། །འདི་ནི་ལས་རྣམ་པར་བརྒྱད་དེ། དེ་ལྟར་ལས་རྣམ་པ་བརྒྱད་ཀྱིས་བསོད་


DTG117_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་སྦྱངས་ནས། ད་ནི་རྒྱུའི་གནས་སྐབས་ཀྱིས་བསྡུས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་བསྟན་པའི་ཕྱིར། གང་ཡང་དུས་གསུམ་གཤེགས་པ་རྒྱལ་བ་ཡི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དུས་གསུམ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་དག་ཅེས་བྱ་སྟེ། གཟུགས་ལ་སོགས་པའི་ཕུང་པོ་དག་ཉིད་མི་རྟག་པས་འཇོམས་པའི་ཕྱིར་དུས་ཡིན་གྱིས། ཕྱི་རོལ་པ་རྣམས་ཀྱི་ལྟར་ཕུང་པོ་ལ་མ་གཏོགས་པའི་དུས་ནི་མེད་དོ། །དེ་དག་ལས་ཀྱང་འདས་པ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་གསུམ་དུ་ཐ་དད་དོ། །དེར་གཤེགས་པ་ནི་དེའི་བདག་ཉིད་དུ་བཞུགས་པའོ། །བདུད་བཞི་ལས་རྒྱལ་བའི་ཕྱིར་རྒྱལ་བ་སྟེ་དུས་གསུམ་དུ་གཤེགས་པའི་རྒྱལ་བ་དེ་དག་གོ །བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ནི་བྱང་ཆུབ་སྤྱོད་པའོ། །དེ་ལ་སྨོན་ལམ་གྱི་བྱེ་བྲག་ནི་ཡོན་ཏན་ཐོབ་པ་བླ་ན་མེད་པ་དཔག་ཏུ་མེད་པ་གྲངས་མེད་པ་གཏིང་དང་ཕ་རོལ་མི་དཔོག་པ་དོན་དུ་གཉེར་བའི་བྱེ་བྲག་རྣམས་ཏེ། དེ་དག་ཐམས་ཅད་བདག་གིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གྲངས་མེད་པ་ཡོངས་སུ་བཟུང་སྟེ། ཀུན་དུ་བཟང་པོའི་དཀྱིལ་འཁོར་ཡོངས་སུ་དག་པས་ཡོངས་སུ་བསྐང་ཞིང་ཡོངས་སུ་ཀུན་ནས་རྫོགས་པར་བསྒྲུབས་ཏེ། བླ་ན་མེད་པའི་བྱང་ཆུབ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་འཚང་རྒྱ་བར་བྱ། རྟོགས་པར་བྱ། མངོན་སུམ་དུ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་རྒྱུའི་གནས་སྐབས་ཀྱིས་བསྡུས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་བརྗོད་ནས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཇི་ལྟར་བླངས་པ་ཤིན་ཏུ་རྒྱས་པར་བྱ་བའི་ཕྱིར་ད་ནི་བྱང་ཆུབ་སེམས་དཔའི་རྗེས་སུ་སློབ་པར་ཡོངས་སུ་བསྔོ་བ། རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུབ་བོ་པ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས་སྟོན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་བཅོམ་ལྡན་འདས་ཀྱིས་མདོ་གཞན་དག་ལས་འདོད་ཆེན་པ་དང༌། འདོད་ཆེན་པ་མ་ཡིན་པ་རྣམ་པ་གཉིས་བསྟན་ཏེ། འདོད་ཆེན་པ་ནི་གང་དག་བྱང་ཆུབ་ཏུ་སེམས་བསྐྱེད་ནས་མཐར་གྱིས་ཚོགས་ཡོངས་སུ་རྫོགས་པར་བྱས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་མངོན་


DTG117_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

པར་སངས་རྒྱས་ནས་ཀྱང་སེམས་ཅན་གྱི་དོན་དུ་སེམས་ཅན་གྱི་ཁམས་ཇི་སྲིད་དུ་བཞུགས་པའོ། །འདོད་ཆེན་པ་མ་ཡིན་པ་ནི་གང་དག་སེམས་ཅན་གཅིག་འཁོར་བ་ལས་མ་གྲོལ་གྱི་བར་དུ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བྱའི། བྱང་ཆུབ་སེམས་དཔའི་གནས་ཉིད་ན་སེམས་ཅན་གྱི་དོན་བྱེད་ཅིང་འདུག་གོ །ཞེས་སྨོན་ལམ་དེ་སྐད་བཏབ་པ་སྟེ། དེ་དག་ནི་ཚོགས་ཡོངས་སུ་རྫོགས་ཀྱང་དམ་བཅས་པ་ཡོངས་སུ་མ་རྫོགས་པས་མངོན་པར་རྫོགས་པར་འཚང་རྒྱ་མི་རྒྱའོ། །དེ་དག་གི་ནང་ན་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་ཀུན་དུ་བཟང་པོ་ནི་ཐུ་བོ་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་པས་སྔར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་རོ། སྔ་མ་རྣམས་ཀྱི་ནང་ན་ནི་འཕགས་པ་བྱམས་པའོ། །དེ་ལ་ཆོས་ཀྱི་སྐུའི་རྒྱུ་མཐུན་པ་ལས་སྐྱེས་པའི་ཕྱིར་དེ་ནི་རྒྱལ་བ་ཐམས་ཅད་ཀྱི་སྲས་སོ། །གང་གི་མིང་ནི་ཀུན་དུ་བཟང་ཞེས་བྱ། ཞེས་བྱ་བ་ནི་གང་གི་མིང་སངས་རྒྱས་ཀྱི་ཞིང་ཐ་དད་པའི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་རྣམ་པ་ཐམས་ཅད་བཟང་བའི་ཕྱིར། སངས་རྒྱས་ཐམས་ཅད་ཀྱིས་ཀུན་དུ་བཟང་པོ་ཀུན་དུ་བཟང་པོ་ཞེས་བསྒྲགས་པའོ་མཁས་པ་དེ་དང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ཐེག་པ་ཆེན་པོ་བླ་ན་མེད་པ་དཔག་ཏུ་མེད་པ་རྣམ་པ་ཐམས་ཅད་པར་ཉན་པ་དང་ལེན་པ་དང༌། འཛིན་པ་དང༌། འཆད་པ་དང༌། རྣམ་པར་འབྱེད་པའི་ཕྱིར་མཁས་པས་མཁས་པ་ཞེས་བྱའོ། །བདག་གི་ལུས་དང་ངག་དང་ཡིད་རྣམས་ཀྱི་སྤྱོད་པའི་ཁྱད་པར་མཐའ་ཡས་མུ་མེད་པ་དག་གིས་མཐུན་པའི་ཡོན་ཏན་གྲུབ་པ་བྱང་ཆུབ་སེམས་དཔའི་སྤྱོད་པའི་དཀྱིལ་འཁོར་ཆེན་པོ་ཡོངས་སུ་སྦྱོང་བ་འདི་ཡང་མཁས་པ་དེའི་སྤྱོད་པ་དང་མཐུན་པར་ཡོངས་སུ་བསྔོ་ཞིང་དེའི་འབྲས་བུ་ཐོབ་པར་བྱ་བར་མངོན་སུམ་དུ་བྱས་ཏེ། ཇི་ལྟར་དེའི་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་མཐའ་ཡས་པ་ལྟར་བདག་གི་ཡང་དེ་བཞིན་དུ་ཤོག་ཅིག་ཅེས་བྱ་བའི་ཐ་ཚིག་གོ །དེ་ལྟར་བྱེ་བྲག་མེད་པ་དེའི་སྤྱོད་པ་དང་མཐུན་པར་ཡོངས་སུས་བསྔོ་བ་བརྗོད་ནས། ད་ནི་རྣམ་པར་དབྱེ་བ་བསྟན་པའི་ཕྱིར། །ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ལུས་རྣམ་པར་དག་པ་ནི་གང་གདུལ་བྱའི་སྐྱེ་བོ་


DTG117_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྟོས་ནས་དེ་དང་དེར་དེ་ལྟ་དེ་ལྟ་བུའི་གཟུགས་དེ་སྟོན་པ་དང༌། རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེ་ལ་ཡང་ལུས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བྱེ་བ་བགྲང་དུ་མེད་པ་ཉེ་བར་སྟོན་པ་དང༌། ལུས་གཅིག་གིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་པར་འགེངས་པར་སྟོན་པ་དང༌། སངས་རྒྱས་ཐམས་ཅད་ཀྱི་ཞབས་དྲུང་ནས་མ་གཡོས་པར་སྟོན་པ་ལ་སོགས་པ་ཡོན་ཏན་རིན་པོ་ཆེ་མཐའ་ཡས་པས་ཡོངས་སུ་ཟིན་པ་ནི་ལུས་རྣམ་པར་དག་པའོ། །ངག་རྣམ་པར་དག་པ་ནི་དབྱངས་ཀྱི་དཀྱིལ་འཁོར་གཅིག་ལ་སྐད་ཐམས་ཅད་སྟོན་པ་སྟེ། སྒྲ་ཀུན་དུ་སྟོན་པ་ལ་སོགས་པ་ཡོན་ཏན་གྲངས་མེད་པའི་ཚོགས་དང་ལྡན་པ་ནི་དག་རྣམ་པར་དག་པའོ། །ཡིད་རྣམ་པར་དག་པ་ནི་སྐད་ཅིག་སྐད་ཅིག་ལ་སྤྱོད་པའི་འཁོར་མ་ལུས་པ་མངོན་སུམ་བྱེད་པ་དང༌། ཕྱོགས་བཅུ་མ་ལུས་པ་དང་དུས་ཐམས་ཅད་དུ་བཞུགས་པའི་སངས་རྒྱས་ཐམས་ཅད་མངོན་སུམ་དུ་བྱེད་པ་དང་ཆོས་སོ་སོ་མཐའ་ཡས་པ་དཔག་ཏུ་མེད་པ་དག་མངོན་སུམ་དུ་བྱེད་པ་ལ་སོགས་པ་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་དང་ལྡན་པ་ནི་ཡིད་རྣམ་པར་དག་པའོ། །ལུས་དང་ངག་དང་ཡིད་རྣམ་པར་དག་པ་འདིས་སྤྱོད་པ་རྣམ་པར་དག་པར་འགྱུར་བས། སྤྱོད་པ་རྣམ་དག་ཅེས་བྱ་བ་གསུངས་ཏེ། ཀུན་དུ་བཟང་པོའི་སྤྱོད་པ་ཇི་ལྟར་བརྩམས་པ་ཕ་རོལ་ཏུ་ཕྱིན་པ་དང་བསམ་གཏན་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་རྣམ་པར་དག་པ་ནི་སྤྱོད་པ་རྣམ་པར་དག་པའོ། །དེ་ལྟར་ལུས་དང་ངག་དང་ཡིད་ཡོངས་སུ་དག་པས་སྤྱོད་པ་ཡོངས་སུ་དག་པ་འབའ་ཞིག་ཏུ་ཟད་དམ་ཞེ་ན། ཞིང་རྣམ་པར་དག་པར་ཡང་འགྱུར་བས། ཞིང་རྣམས་ཡོངས་དག་དང་ཞེས་བྱ་བ་གསུངས་སོ། །དེ་ལ་ལུས་རྣམ་པར་དག་པས་སངས་རྒྱས་ཀྱི་ཞིང་རྣམས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁ་དོག་དང་དབྱིབས་སྣ་ཚོགས་དམ་པ་རྒྱ་ཆེ་བ་དང༌། ལྷ་དང་མི་ལས་འདས་པ་དག་སྟོན་པ་དང༌། དག་རྣམ་པར་དག་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་མན་ངག་ཕྱིན་ཅི་མ་ལོག་པ་ཟབ་ཅིང་རྒྱ་ཆེ་བ་མཐའ་མེད་པ་སྒྲོགས་པ་དང༌། ཡིད་རྣམ་པར་དག་པས་སྣོད་ཀྱི་འཇིག་རྟེན་ཐ་གྲུ་ཆེ་ཞིང་དབྱིབས་མཉམ་པ། རིན་པོ་ཆེའི་དཔག་བསམ་གྱི་ཤིང་བརྒྱ་སྟོང་དུ་མས་རྣམ་པར་མཛེས་པར་བྱས་པ། ནགས་ཚལ་དང་སྐྱེད་མོས་ཚལ་དང་ཁྲི་


DTG117_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

སྟན་ལ་སོགས་པ་སྣ་ཚོགས་དུ་མས་ཁྱབ་པར་སྟོན་པ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའོ། །འདི་ནི་ཡོངས་སུ་དག་པ་རྣམ་པ་ལྔ་སྟེ། དེའི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཅོམ་ལྡན་འདས་ཀུན་དུ་བཟང་པོ་མཁས་པ་གསལ་བ་དེའི་ཡོངས་སུ་བསྔོ་བ་ཅི་འདྲ་བར་གྱུར་པ་ལྟར་བདག་གི་བསྔོ་བའང་རྣམ་པ་ལྔ་ཡོངས་སུ་དག་པར་བྱ་བའི་ཕྱིར་དེ་འདྲ་བར་གྱུར་ཅིག་ཅེས་བདག་ཀྱང་དེ་དང་མཚུངས་པར་ཤོག་ཅེས་བྱ་བ་འདིས་སྟོན་ཏོ། །བདག་ཅེས་བྱ་བ་ནི་བདག་ཉིད་ཀྱི་དབང་དུ་བྱས་པའོ། །དེ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་དང་ངོ༌། །མཚུངས་པར་ཞེས་བྱ་བ་ནི་བྱེ་བྲག་མེད་པར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོའི་སྤྱོད་པ་དང་མཐུན་པ་དང༌། དེའི་བསྔོ་བ་དང་མཐུན་པ་བསྟན་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་ཟབ་ཅིང་རྒྱ་ཆེ་བའི་ཐུགས་དང་ལྡན་པའི་སྤྱོད་ཡུལ་ཡང་ཡོངས་སུ་རྫོགས་པར་བྱའོ་ཞེས་བསྟན་པའི་ཕྱིར། ཀུན་ནས་དགེ་བ་བཟང་པོ་སྤྱད་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣམ་པ་ཐམས་ཅད་དུ་མཛེས་པ་དང་རང་བཞིན་གྱིས་རྒྱུད་རྣམ་པར་དག་པའི་ཕྱིར་དགེ་བ་སྟེ། ཀུན་དུ་བཟང་པོའི་སྤྱོད་པ་ཀུན་དུ་དགེ་བ་མཆོག་ཏུ་ཡིད་འཕྲོག་པ་མཆོག་ཏུ་མཛེས་པ་དེས་འདིའི་སྐུ་འཇམ་ཞིང་མདངས་སྡུག་པ་བླ་ན་མེད་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས་མཚན་འཇམ་དཔལ་ཞེས་བྱ་བར་བསྟན་ཏོ། །དེའི་སྨོན་ལམ་ནི་གང་སེམས་ཅན་གྱི་ཁམས་མཐའ་ཡས་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། སྤྱོད་པ་རབ་འབྱམས་ཡོངས་སུ་སྤྱོད་དུ་གཞུག་པ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་ལ་དགོད་པ་དོན་དུ་གཉེར་བ་སྟེ་སྨོན་ལམ་བཟང་པོ་དེ་ལྟ་བུ་སྤྱད་པར་བྱའོ། །དུས་ཇི་སྲིད་གཅིག་གི་བར་དུ་སྙམ་པ་ལ། མ་འོངས་བསྐལ་པ་ཀུན་དུ་ཞེས་བྱ་བ་གསུངས་ཏེ། མ་འོངས་པ་འབྱུང་བར་འགྱུར་བའི་བསྐལ་པ་མཐའ་ཡས་པ་ཀུན་དུའོ། །དེ་ཡང་སྐད་ཅིག་རེ་རེ་ལ་རབ་ཏུ་དགའ་བའི་བྱེ་བྲག་ཁྱད་ཞུགས་པ་ཐོབ་ནས་ཅུང་ཟད་ཀྱང་མི་སྐྱོ་བར་ཏེ་ལུས་དང་སེམས་མི་སྐྱོ་བར་ཞེས་བྱ་བའི་ཐ་ཚིག་གོ །ཕ་རོལ་མི་དཔོག་པའི་སྨོན་ལམ་དེ་ལྟ་བུ་བརྩམས་ན་འགའ་ཞིག་བར་མདོར་ལྡོག་པར་འགྱུར་ཡང་སྲིད་སྙམ་པ་ལ་བྱེ་བྲག་བསྟན་པའི་ཕྱིར། བྱ་བ་དེ་ཀུན་མ་ལུས་རྫོགས་པར་བགྱི། །ཞེས་བྱ་བ་གསུངས་ཏེ་


DTG117_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་འདོད་པའི་སྨོན་ལམ་གྱི་བྱ་བ་དེ་རྫོགས་པར་བྱ་བས་འགྲུབ་པར་བྱའོ། །ཀུན་ཞེས་བྱ་བ་ནི་ཇི་སྐད་བསྟན་པ་རྣམས་སོ། །མ་ལུས་པ་ནི་རྡུལ་ཕྲ་རབ་ཙམ་ཡང་མ་ལུས་པར་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ལས་རྣམ་པར་དག་པ་དེ་བརྒྱད་དང༌། བྱང་ཆུབ་སེམས་དཔའི་རྗེས་སུ་སློབ་པར་ཡོངས་སུ་བསྔོས་པ་འདིས་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏེ། སའི་མཐའི་ཡེ་ཤེས་ཁྱད་པར་དུ་འཕགས་པ་ཐོབ་པའི་ཕྱིར་རོ། །ནམ་མཁའ་ལྟར་མཐའ་ཡས་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་འཁོར་གྱི་དཀྱིལ་འཁོར་དག་གི་ནང་དུ་ཅི་རིགས་བར་ཆོས་ཆེན་པོའི་ཆུའི་རྒྱུན་གྱི་ཆར་ཅིག་ཅར་འབེབས་བས་ཆོས་ཀྱི་སྤྲིན་ཀྱང་བསྟན་པ་ཡིན་ནོ། །དེ་ལྟར་ཇི་སྐད་བཤད་པའི་ཚུལ་གྱིས་ས་བཅུ་རྣམས་སུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱས་པར་བྱས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བརྙེས་ཏེ་སྒྲིབ་པའི་རྒྱུན་མ་ལུས་པ་ཡོངས་སུ་ཟད་ནས་ས་བཅུ་གཅིག་པ་སངས་རྒྱས་ཀྱིས་ཀུན་དུ་འོད་ལ་ཕྱིར་ཞིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་ཅིང་ཟད་མི་ཤེས་པར་མཛད་པ་ཚིགས་སུ་བཅད་པ་གཉིས་ཀྱིས་གོ་རིམས་བཞིན་དུ་ཡོངས་སུ་བསྟན་པའི་ཕྱིར། སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་བསྔོ་བ་རྗེས་སུ་བསྒྲུབ་པས་སྤྱོད་པའི་རླབས་ནི་འདི་ཙམ་ཞིག་གོ །དུས་ནི་འདི་སྲིད་ཅིག་ཏུའོ། །དོན་རྣམས་ཀྱི་རྣམ་པར་དག་པ་ནི་འདི་ཙམ་ཞིག་གོ །ཡོངས་སུ་སྦྱང་བ་བྱས་པའི་ཁྱད་པར་ནི་འདི་ཙམ་དག་གོ །བརྩམས་པ་ནི་འདི་སྙེད་དོ་ཞེས་སྤྱོད་པ་དེ་ཚད་ཡོད་པར་མ་གྱུར་ཅིག་ཅེས་བྱ་བ་སྟེ། དེ་ལྟར་ན་གྲངས་མེད་པའི་མཐར་ཐུག་པར་འགྱུར་རོ། །ཅི་སྤྱོད་པ་འབའ་ཞིག་དེ་ལྟར་ཤིན་དུ་རྒྱས་སམ་འོན་ཏེ་གཞན་ཡང་སྙམ་པ་ལ། ཡོན་ཏན་དག་ཀྱང་ཚད་གཟུང་མེད་པར་ཤོག །ཅེས་བྱ་བ་གསུངས་སོ། །ཡོན་ཏན་རྣམས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་ཏེ། ཡོན་ཏན་ནི་འདི་སྙེད་ཅིག་གོ །དུས་ནི་འདི་སྲིད་ཅིག་ཏུའོ། །འབད་པའི་བྱེ་བྲག་ནི་འདི་ཙམ་ཞིག་གོ །དགེ་བའི་བཤེས་གཉེན་ནི་འདི་ཙམ་ཞིག་ལ་བསྙེན་བཀུར་བྱས་སོ། །དེ་བཞིན་གཤེགས་པ་འདི་སྙེད་ཅིག་ནི་མཉེས་པར་བྱས་སོ་ཞེས་སོ་སོའི་སྐྱེ་བོ་དང༌། ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་


DTG117_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་དང༌། སངས་རྒྱས་ཀྱི་རྒྱུད་ལ་མངའ་བའི་ཡོན་ཏན་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་རྣམས་ཚད་ཡོད་པར་མ་གྱུར་ཅིག་ཅེས་བྱ་བ་དེ་སྐད་ཅིག་གཅིག་ལ་ཡོན་ཏན་བྱེ་བ་ཕྲག་བརྒྱ་མཐའ་ཡས་བ་ཐོབ་པས་ཡོན་ཏན་རྣམས་ཚད་ལས་འདས་པའོ། །སྤྱོད་པ་ཚད་མེད་པ་ལ་གནས་ནས་ཀྱང༌། །ཞེས་བྱ་བ་ནི་དེ་ལྟར་སྤྱོད་པ་ཚད་མེད་པ་ལ་གནས་ཏེ་འདུག་ནས་སོ། །དེ་དག་འཕྲུལ་པ་ཐམས་ཅད་འཚལ་བར་བགྱི། །ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་དང་གཞན་ཡང་ཕྱོགས་ཀྱི་མཐས་ཀླས་པ་ཐམས་ཅད་ན་རྣམ་པར་གནས་པ་དག་གི་རྣམ་པར་འཕྲུལ་པའི་ཆེ་བ་ཉིད་རྣམ་པ་ཐ་དད་པ་དུ་མ་སྟོན་པ་འཚལ་བར་བགྱིའོ་ཞེས་བྱ་བ་སྦྱར་རོ། །དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཇི་ལྟར་བསྒྲུབས་པ་རྗེས་སུ་སློབ་པར་ཡོངས་སུ་བསྔོ་བའི་ཐབས་ཀྱི་སངས་རྒྱས་པར་བྱས་པར་ཕྱོགས་དང་དུས་ཀུན་དུ་ཁྱབ་པ་དེ་ཡང་ཟད་མི་ཤེས་པར་མཛད་པར་བཞེད་ནས། ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་མཐའ་ཡས་པའི་མཐར་ཐུག་པ་ཇི་ཙམ་པར་བདག་གི་སྨོན་ལམ་གྱི་མཐའ་ཡང་དེ་ཙམ་མོ་ཞེས་བྱ་བ་ཡིན་ནོ། །མཐར་ཐུག་པ་ནི་ངེས་པར་གནས་པ་སྟེ། མཐས་ཀླས་པའོ་ཞེས་བྱ་བའི་ཐ་ཚིག་གོ །འདི་སྐད་དུ་ནམ་མཁའ་མུ་མེད་པ་ཇི་ལྟ་བ་དེ་བཞིན་དུ་བདག་གི་སྨོན་ལམ་ཡང་མུ་མེད་པར་གྱུར་ཅིག་ཅེས་བཤད་པ་ཡིན་ནོ། དེ་ལྟར་ནམ་མཁའི་དཔེས་སྨོན་ལམ་རེ་རེའི་ཚད་ཀྱང་མཐར་ཐུག་པ་མེད་པར་བསྟན་ནས། སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཞེས་བྱ་བས་སེམས་ཅན་མཐར་ཐུག་པ་མེད་པ་སྟོན་ཏེ། སེམས་ཅན་གྱི་ཁམས་མ་ལུས་པ་གངས་ལས་ཤིན་ཏུ་འདས་པས་མཐའ་ཐུག་པ་མེད་པ་གང་ཡིན་པ། དེ་དག་གི་སྨོན་ལམ་དག་གི་མཐའ་ཐུག་པ་མེད་པར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །དེ་ལྟར་སེམས་ཅན་མཐའ་ཐུག་པ་མེད་པར་བསྟན་ནས་ཇི་ཙམ་ལས་དང་ཞེས་བྱ་བ་ལས་འབྱུང་བ་མཐར་ཐུག་པ་མེད་པར་སྟོན་སྟེ། འདི་སྐད་དུ་ཇི་ལྟར་སོ་སོའི་སྐྱེ་བོའི་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་རྣམས་སུ་ལས་འབྱུང་བ་མཐའ་ཐུག་པ་མེད་པ་དེ་བཞིན་དུ་བདག་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་སྨོན་ལམ་འབྱུང་བ་ཡང་མཐར་ཐུག་པར་མ་གྱུར་ཅིག་ཅེས་བྱ་བ་བཤད་པ་ཡིན་ནོ། །དེ་ལྟར་ལས་འབྱུང་བ་མཐའ་ཐུག་པ་མེད་པར་བཤད་ནས། ཉོན་མོངས་ཞེས་བྱ་བ་ལ་སོགས་པས་མི་


DTG117_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་ཕྱོགས་མཐའ་ཐུག་པ་མེད་པར་སྟོན་ཏེ། ཇི་ལྟར་སེམས་ཅན་གྱི་ཁམས་མ་ལུས་པའི་འདོད་ཆགས་ལ་སོགས་པ་མི་མཐུན་པའི་ཕྱོགས་སུ་གྱུར་པ་རྣམས་འཕགས་པའི་ལམ་མེད་པར་མཐར་ཐུག་པ་མེད་པར་གྱུར་པ་དེ་བཞིན་དུ་དེའི་གཉེན་པོར་གྱུར་པ་བདག་གི་སྨོན་ལམ་གྱི་ཁྱད་པར་རྣམས་ཀྱང་སེམས་ཅན་སོ་སོའི་སྤྱོད་པའི་དོན་བྱ་བའི་ཕྱིར་མཐའ་ཐུག་པར་མ་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །སྐབས་འདིས་ནི་སངས་རྒྱས་ཀྱིས་ཀུན་དུ་འོད་བསྟན་ཏོ། །དེ་ལྟར་འཕགས་པ་ཀུན་དུ་བཟང་པོའི་སྤྱོད་པའི་དཀྱིལ་འཁོར་ཐབས་དང་བཅས་པ་མོས་པས་སྤྱོད་པའི་སས་རབ་ཏུ་ཕྱེ་བ་བསམ་པ་དག་པའི་སས་བསྡུས་པ་ཇི་སྐད་སྨོས་པའི་ཡོངས་སུ་བསྔོ་བས་མཐའ་ཡས་པར་བྱས་པ་ཟད་མི་ཤེས་པ་ཉིད་དུ་བསྟན་ཏོ། །དེ་ལྟར་ཇི་སྐད་སྨོས་པའི་སྨོན་ལམ་གྱི་དོན་ཡོངས་སུ་རྫོགས་པར་བྱས་ནས། ད་ནི་དེ་ལ་མོས་པའི་ཕན་ཡོན་འབྲས་བུར་གྱུར་པ་ཤིན་ཏུ་ཆེ་བའི་ཕྱིར། གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ་ཞེས་བྱ་བ་འདིས་ནི་ཐ་གྲུ་ཆེ་བ་བསྟན་ཏོ། །རིན་ཆེན་སྨོས་པས་ནི་རིན་ཆེན་རིན་ཐང་ཆེ་བས་སྦྱིན་པར་བྱ་བའི་ཁྱད་པར་བསྟན་ཏོ། །བརྒྱན་ཅེས་བྱ་བ་སྨོས་པས་ནི་ཁ་དོག་དང་དབྱིབས་ལ་སོགས་པ་ཐ་དད་པའི་བཀོད་པ་སྣ་ཚོགས་བསྟན་ཏོ། །རྒྱལ་བ་རྣམས་ལ་ཞེས་བྱ་བ་འདིས་ནི་འབྲས་བུར་གྱུར་པ་ཤིན་ཏུ་བླ་ན་མེད་པ་རབ་ཏུ་དག་པ་མཐའ་ཡས་པའི་ཞིང་ཁྱད་པར་ཅན་བསྟན་ཏེ། ལྷ་དང་མི་ཡི་བདེ་བ་མཆོག་རྣམས་ཀྱང༌། །ཞེས་བྱ་བ་ལ། ལྷ་དང་མིའི་བདེ་བ་སྨོས་པས་ནི་ཕན་འདོགས་པའི་བདེ་བའི་ཁྱད་པར་བསྟན་ཏོ། །ཞིང་གི་རྡུལ་སྙེད་བསྐལ་བར་ཕུལ་བ་བས། །ཞེས་བྱ་བ་འདིས་ནི་དུས་ཁྱད་པར་ཅན་བསྟན་ཏོ། །དེ་ལྟར་རྣམ་པ་ཁྱད་པར་ཅན་དེ་དག་གི་ཁྱད་པར་དུ་འཕགས་པའི་སྦྱིན་པ་ཡང་སྨོན་ལམ་ཁྱད་པར་ཅན་འདི་ལན་ཅིག་ཐོས་ནས་དད་པ་བསྐྱེད་པའི་སེམས་ཀྱི་མོས་པས་བསགས་པའི་བསོད་ནམས་ཀྱི་ཕུང་པོ་དང་འདྲ་བར་བསྟན་པའི་ཕྱིར། གང་གི་བསྔོ་བའི་རྒྱལ་པོ་འདི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དད་པ་དང་མོས་པ་ཕུན་ཚོགས་པ་འགའ་ཞིག་གིས་ཡོངས་སུ་བསྔོ་བ་ཐམས་ཅད་ཀྱི་མཆོག་བདེ་བར་གཤེགས་པ་མཐའ་ཡས་པས་བསྔགས་པ་ཇི་སྐད་བསྟན་པ་འདི་ཐོས་ནས། ཐོས་པ་དང་བསམ་པ་ལ་སོགས་པའི་རིམ་


DTG117_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ལན་ཅིག་སྟེ། ལན་འགའ་ཞིག་སེམས་ལ་བཞག་ནས་འགའ་ཞིག་མོས་ཤིང་དད་པ་བསྐྱེད་ནས་ཏེ། མོས་པའི་ཤེས་པས་མངོན་སུམ་དུ་བྱེད་ན་ཞེས་བྱ་བའི་ཐ་ཚིག་གོ །ཅིའི་ཕྱིར་དེ་ལྟར་བསོད་ནམས་ཀྱི་ཚོགས་ཕུལ་དུ་བྱུང་བར་བསྟན་སྙམ་པ་ལ། བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང༌། །ཞེས་བྱ་བ་གསུངས་སོ། །བྱང་ཆུབ་མཆོག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་པས་ཤིན་ཏུ་ཁྱད་ཞུགས་པས་མཆོག་ཏུ་གྱུར་པའི་ཕྱིར་རོ། །རབ་ཏུ་མོས་པས་ནི་མངོན་པར་འདོད་པའོ། །ཅིར་འགྱུར་སྙམ་པ་ལ། བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །ཞེས་བྱ་བ་གསུངས་སོ། །དམ་པ་ནི་གོང་དུ་སྨོས་པའི་སྦྱིན་པ་པས་སོ། །མཆོག་ནི་དེ་ལས་གཞན་པའི་བསོད་ནམས་ཀྱི་ཁྱད་པར་ཐམས་ཅད་ཐོབ་པའོ། །དེ་ལྟར་བསོད་ནམས་ཀྱི་ཚོགས་ཡོངས་སུ་སྡུད་པའི་ཁྱད་པར་གྱི་ཕན་ཡོན་བརྗོད་ནས། སྡིག་པ་དང་གྲོགས་པོ་ངན་པ་བསལ་བས་མྱུར་བ་ཉིད་དུ་སངས་རྒྱས་མཐོང་བའི་ཕན་ཡོན་བསྟན་པའི་ཕྱིར། དེས་ནི་ངན་སོང་རྣམས་ཀྱང་སྤངས་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེས་ནི་ཞེས་བྱ་བ་ནི་སེམས་ཅན་གྱི་མཆོག་སྐྱེས་བུ་ཁྱད་པར་ཅན་གྱིས་སོ། །སྤངས་པ་ནི་ཐག་བསྲིངས་ཏེ་ཡོངས་སུ་བཏང་བའོ། །དེ་དག་གང་ཞིག་སྙམ་པ་ལ་ངན་སོང་ཞེས་བྱ་བ་གསུངས་ཏེ། ངན་སོང་ངན་འགྲོ་རྣམས་ཏེ། ལས་ཀྱི་དབང་གིས་ཡང་དེར་མི་སྐྱེ་བའི་ཕྱིར་རོ། །རྟག་ཏུ་ལྷ་དང་མིའི་ནང་དུ་སྐྱེ་བ་རབ་ཏུ་རྙེད་པས་ངན་སོང་འབའ་ཞིག་སྤངས་པ་མ་ཡིན་གྱིས་ངན་སོང་གི་རྒྱུར་གྱུར་པ་གྲོགས་པོ་ངན་པ་རྣམས་ཀྱང་སྤངས་སོ། །སྨད་པའི་གྲོགས་པོ་རྣམས་ནི་གྲོགས་པོ་ངན་པ་རྣམས་ཏེ། གང་དག་ཚེ་འདི་ཉི་ཚེ་ལ་བདེ་བར་བྱ་བའི་ཕྱིར་ཁྱིམ་གྱི་གནས་ལ་སོགས་པ་ལ་འཛུད་པ་དང༌། ཐེག་པ་དེའི་སྣོད་དུ་གྱུར་པ་རྣམས་མྱུར་དུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་ཐེག་པ་ཆེན་པོ་དང་ཕྲལ་ཏེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་འཛུད་པ་ཡིན་ནོ། །དེ་དག་ཀྱང་དགེ་བའི་བཤེས་གཉེན་ལ་ཡང་དག་པ་ཇི་ལྟ་བ་བསྙེན་བཀུར་བྱ་བ་དང༌། དེའི་མན་ངག་སྤྱད་པ་ལ་ནན་ཏན་བྱས་པས་ཡོངས་སུ་སྤངས་པ་ཡིན་ནོ། །དེ་ལྟར་སྨོན་ལམ་བསྒོམས་པའི་དབང་གིས་ངན་སོང་རྒྱང་བསྲིངས་པ་དང་གྲོགས་པོ་ངན་པ་ཡོངས་སུ་སྤངས་པས་དེས་མྱུར་དུ་བཅོམ་ལྡན་


DTG117_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

འདས་འོད་དཔག་མེད་དེ་ཡང་མཐོང་བར་འགྱུར་རོ། །འདི་ལ་འོད་དཔག་ཏུ་མེད་པ་ནམ་མཁའི་དཀྱིལ་མཐའ་དག་ཁྱབ་པར་བྱེད་པས་ངན་སོང་གི་སྡུག་བསྔལ་སྣ་ཚོགས་ཞི་བར་བྱེད་པ་དང༌། །ལྷ་དང་མིའི་བདེ་བ་སྣ་ཚོགས་ཤིན་ཏུ་སྐྱེད་པས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་ཞུགས་པའི་འོད་ཚད་མེད་པ་ཡོད་པས་འོད་དཔག་མེད་དོ། །བཅོམ་ལྡན་འདས་དེ་མཐོང་བསུ་ཡིན་སྙམ་པ་ལ། གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པ། ཞེས་བྱ་བ་གསུངས་ཏེ། གང་གིས་བཟང་པོ་སྤྱོད་པ་ཞེས་བྱ་བའི་སྨོན་ལམ་གྱི་རྒྱལ་པོ་འདི་བཏབ་པའོ། །དེ་ལྟར་སངས་རྒྱས་མཐོང་བའི་ཕན་ཡོན་བསྟན་ནས། བྱང་ཆུབ་སེམས་དཔའ་དང་མཚུངས་པ་ཉིད་ཐོབ་པའི་མཚན་ཉིད་ཀྱི་ཕན་ཡོན་བསྟན་པའི་ཕྱིར། དེ་གང་རྙེད་པ་ལེགས་རྙེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འདོད་པའི་དོན་སྔོན་མ་ཐོབ་པ་རྙེད་པ་དེ་ཉིད་ལེགས་པར་རྙེད་པ་སྟེ། དོན་ཡངས་ཤིང་རྒྱ་ཆེ་བ་རྙེད་པའི་ཕྱིར་ལེགས་པར་གྱུར་པའོ། །དེ་དག་ནི་ལེགས་པར་རྙེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་སྐྱེས་བུ་ཆེན་པོའི་བྱིན་གྱི་རླབས་ཀྱིས་ལེགས་པར་འཚོ་བ་ཡང་ཡིན་ཏེ། གང་དག་སྲོག་ལ་འབབ་པའི་སྡུག་བསྔལ་དག་གིས་ཀྱང་གཞན་གྱི་དོན་ཉིད་སྒྲུབ་པ་དེ་དག་ལེགས་པར་འཚོ་བ་ཡིན་གྱི་གཞན་དག་ནི་ཤི་བ་དང་མཚུངས་སོ། །དེ་ཉིད་ཀྱི་ཕྱིར་ལེགས་པར་འོངས་པ་སྟེ། སྐྱེས་བུའི་དོན་སྒྲུབ་པར་བཟོད་པའི་ཕྱིར་མིའི་སྲིད་པ་འདིར་ལེགས་པར་འོངས་པའོ། །དེ་ཉིད་ཀྱི་ཕྱིར་གང་དག་སེམས་ཅན་གྱི་དོན་གཞལ་དུ་མེད་པ་བྱེད་ཅིང་མཆོག་ཏུ་དགའ་བའི་ཤེས་ཆེ་བར་གྱུར་པ། དེ་དག་ཁ་ཅིག་སྐྱེས་བུ་མཆོག་ཅེས་བྱའི། དེ་ལས་གཞན་པ་དག་ནི་རྩ་རུལ་བ་དང་མཚུངས་སོ། །དེ་དག་རིང་པོར་མི་ཐོགས་དེ་བཞིན་འགྱུར། །ཞེས་བྱ་བ་ནི་ཇི་སྐད་སྨོས་པའི་རྒྱུས་བྱང་ཆུབ་སེམས་དཔའ་ཆེན་པོ་བཅོམ་ལྡན་འདས་ཀུན་དུ་བཟང་པོ་དེ་ཅི་འདྲ་བར་གང་དག་དེའི་སྨོན་ལམ་རྗེས་སུ་སྒྲུབ་པ་དེ་དག་ཀྱང་རིང་པོར་མི་ཐོགས་བར་དེ་བཞིན་དུ་འགྱུར་ཏེ། མྱུར་བ་ཁོ་ནར་དེ་བཞིན་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་བསོད་ནམས་ཡོངས་སུ་སྡུད་པ་དང༌། སངས་རྒྱས་མཐོང་བ་དང༌། བྱང་ཆུབ་སེམས་དཔའ་དང་མཚུངས་པ་ཉིད་ཐོབ་པའི་ཕན་ཡོན་བརྗོད་ནས། ད་ནི། མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །ཞེས་བྱ་བ་ལ་


DTG117_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པས་སྒྲིབ་པ་སྦྱང་བའི་ཕན་ཡོན་གསུངས་ཏེ། མཚམས་མེད་ཅེས་བྱ་བ་ནི་ཤི་མ་ཐག་ཏུ་གདོན་མི་ཟ་བར་སེམས་ཅན་དམྱལ་བར་འགྲོ་བའི་བར་བཅད་པ་མི་ནུས་པའི་ཕྱིར་མཚམས་མེད་པའོ། །ལྔ་ནི། ཕ་དང་མ་དང་དགྲ་བཅོམ་པ་བསད་པ་དང༌། དགེ་འདུན་གྱི་དབྱེན་བྱས་པ་དང༌། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་ཞེས་བྱ་བ་རྣམས་སོ། །སྡིག་པ་ནི་ངན་སོང་དུ་ལྟུང་བར་བྱེད་པས་རྣམ་པར་སྨིན་པ་སྨད་པའི་ཕྱིར་རོ། །གང་གིས་མི་ཤེས་དབང་གིས་ཞེས་བྱ་བ་ནི་མི་དགེ་བའི་གྲོགས་པོ་དང་བསྟེན་པས་གང་གིས་ལས་ཀྱི་རྣམ་པར་སྨིན་པ་ཆེན་པོ་མ་ཤེས་ནས་ཅི་ཞིག་ལྟར་བྱས་ཏེ་བསྒྲུབས་པ་རྣམས་སོ། །དེ་ཡི་བཟང་པོ་སྤྱོད་པ་འདི་བརྗོད་ན། །ཞེས་བྱ་བ་ནི་སུས་བཟང་པོ་སྤྱོད་པ་ཞེས་བྱ་བ་སྨོན་ལམ་གྱི་རྒྱལ་པོ་འདི་བརྗོད་ན་སྟེ་དད་པས་འདོན་ཅིང་མོས་པས་མོས་ནའོ། །མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར། །ཞེས་བྱ་བ་ལ། མྱུར་བ་ནི་རིང་པོར་མི་ཐོགས་པའོ། །ཡོངས་སུ་བྱང་བ་ནི་ཡོངས་སུ་ཟད་པའོ། །འགྱུར་བ་ནི་བྱེད་པའོ། །མ་ལུས་པ་ཞེས་བྱ་བ་ནི་ལྷག་མ་མེད་པ་སྟེ་ཅུང་ཟད་ཙམ་ཡང་མི་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ཚེ་འདིའི་ཕན་ཡོན་རྣམ་པ་བཞིའི་ཁྱད་པར་བསྟན་པའི་ཕྱིར། །ཡེ་ཤེས་དང་ནི་གཟུགས་དང་མཚན་རྣམས་དང༌། །ཞེས་བྱ་བ་ལ་སོགས་པས་ཚེ་རབས་གཞན་གྱི་ཕན་ཡོན་གསུངས་སོ། །དེ་ལ་རེ་ཞིག་རྒྱུར་གྱུར་པའི་ཕན་ཡོན་སྟོན་ཏེ། ཡེ་ཤེས་ནི་མི་ཤེས་པ་ཐམས་ཅད་སེལ་བའི་ཕྱིར་རོ། །གཟུགས་ནི་ལུས་ཀྱི་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་གོ །མཚན་རྣམས་ནི་དབུ་གདུགས་ལྟ་བུ་ལ་སོགས་པའོ། །ཁ་དོག་ནི་པགས་པའི་མདོག་གསེར་གྱི་ཁ་དོག་ལྟ་བུའོ། །རིགས་ནི་རིགས་གཉི་ག་ཡོངས་སུ་དག་པའོ། །དེ་བས་ན་ཐམས་ཅད་པས་ཁྱད་པར་དུ་འཕགས་པ་དེ་དག་དང་ལྡན་ཞིང་ཡང་དག་པར་ལྡན་པར་འགྱུར་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པས། བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ། །ཅེས་བྱ་བའོ། །མུ་སྟེགས་ཅན་དག་ནི་གང་དག་འདི་ལས་ཕྱི་རོལ་བ་དག་སྟེ་ལམ་ངན་པར་ཞུགས་པ་རྣམས་སོ། །བདུད་རྣམས་ནི་དགེ་བའི་ཚོགས་ཀྱི་བར་ཆད་བྱེད་པ་དག་གོ །དེ་དག་གི་ཚོགས་ནི་མང་པོའོ། །མུ་སྟེགས་ཅན་དང་བདུད་ཀྱི་ཚོགས་དེ་དག་གིས་མི་ཐུབ་པ་ནི་ཟིལ་གྱིས་ནོན་པར་མི་


DTG117_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་སྟེ། དེ་ཟིལ་གྱིས་མི་ནོན་པར་ནུས་པ་ནི་ཚིག་འོག་ནས་འབྱུང་བ་དང་སྦྱར་རོ། །དེའི་ཕྱིར་ཡོན་ཏན་དེ་ལྟ་བུ་དང་ལྡན་པས་དེའི་མི་མཐུན་པའི་ཕྱོགས་ཀྱི་ཉེས་པ་དང་བྲལ་བའི་ཕྱིར། འཇིག་རྟེན་གསུམ་པོ་ཀུན་ན་འང་མཆོད་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཇིག་རྟེན་གསུམ་པོ་ཀུན་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དེ། སྨོན་ལམ་གྱི་དབང་གིས་སེམས་ཅན་གྱི་དོན་བསྒྲུབ་པའི་ཕྱིར་གང་དུ་སྐྱེས་པ་དེར་མཆོད་པར་འགྱུར་ཏེ། ལྷ་དང་མི་རྣམས་ཀྱིས་བསྟི་སྟང་དུ་བྱེད་པར་འགྱུར་རོ། །ཞེས་བྱ་བར་སྦྱར་རོ། །དེ་ལྟར་ཚེ་རབས་གཞན་གྱི་རྒྱུར་གྱུར་པའི་ཕན་ཡོན་བརྗོད་ནས། ད་ནི། བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། །ཞེས་བྱ་བ་ལ་སོགས་པས་འབྲས་བུར་གྱུར་པའི་ཕན་ཡོན་གསུངས་ཏེ། མྱུར་ཞེས་བྱ་བ་ནི་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་དག་པས་མྱུར་བ་སྟེ། དེས་རྟག་ཏུ་བྱས་པ་དང་གུས་པར་བྱས་ཏེ་གོམས་པས་སྨོན་ལམ་གྱི་རྒྱལ་པོ་འདིའི་མཐུས་འགྲོའོ། །བྱང་ཆུབ་ཤིང་དབང་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཤིང་གི་རྒྱལ་པོའོ། །བྱང་ཆུབ་ནི་བླ་ན་མེད་པའི་ཡེ་ཤེས་ཏེ། དེ་ཤིང་གི་རྒྱལ་པོ་གང་གི་དྲུང་དུ་བཞུགས་ནས་བརྙེས་པ་དེ་ནི་ཤིང་ཐམས་ཅད་ཀྱི་ནང་ན་ལྷ་དང་མིའི་མཆོད་པར་བྱ་བ་ཉིད་ཀྱི་མཆོག་ཏུ་བྱུང་བའི་ཕྱིར་དབང་པོའོ། །འགྲོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཤིང་གི་རྒྱལ་པོའི་དྲུང་དེར་རོ། །སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། །ཞེས་བྱ་བ་ལ་འདུག་ཅེས་བྱ་བ་ནི་སྐྱིལ་མོ་ཀྲུང་བཅས་པའོ། །ཅིའི་ཕྱིར་སྙམ་པ་ལ། སེམས་ཅན་ཕན་ཕྱིར་ཞེས་བྱ་བ་གསུངས་ཏེ། ལྷ་དང་མིར་བཅས་པའི་འགྲོ་བདག་མཐོ་རིས་དང་བྱང་གྲོལ་ཐོབ་པར་བྱ་བའི་ཕྱིར་དེ་ལྟར་འདུག་ནས་བྱམས་པའི་སྟོབས་ཀྱིས་བདུད་དཔུང་དང་བཅས་པ་ཕམ་པར་བྱས་ཏེའོ། །བྱང་ཆུབ་སངས་རྒྱས་ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་སུམ་དུ་བྱས་ནས་སོ། །འཁོར་ལོ་རབ་ཏུ་བསྐོར་ཞེས་བྱ་བ་ནི་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ཆེན་པོ་སྟོན་ཞེས་བྱ་བའི་ཐ་ཚིག་སྟེ། འདིས་ནི་ཚེ་འདི་དང་ཚེ་རབས་གཞན་གྱི་འབྲས་བུའི་ཕན་ཡོན་རྒྱས་པར་བཤད་པ་ཡིན་ནོ། །དེ་ནི། གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི། ཞེས་བྱ་བ་ལ་སོགས་པས་ཕན་ཡོན་གྱི་ཁྱད་པར་སྤྱིར་མདོར་བསྡུས་ཏེ་སྟོན་ཏོ། །


DTG117_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེས་བྱ་བ་ནི་ལ་ལ་ཞིག་གོ །འདི་ཞེས་བྱ་བ་ནི་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའོ། །འཛིན་པ་ནི་ཕྱི་ཅི་མ་ལོག་པར་ཚིག་དང་དོན་སྒྲུབ་པའི་སྒོ་ནས་མི་བརྗེད་པའི་ཚུལ་དུའོ། །ཀློག་པ་ནི་གླེགས་བམ་ལ་བྲིས་པ་ཀློག་པའི་ཚུལ་དུའོ། །སྟོན་པ་ནི་གཞན་དག་ལ་ཚིག་དང་དོན་གྱི་ཚུལ་དུ་སྟོན་པའོ། །དེ་ཡི་རྣམ་པར་སྨིན་པ་སངས་རྒྱས་མཁྱེན། །ཅེས་བྱ་བ་ལ། བཟང་པོ་སྤྱོད་པ་འཛིན་པ་དང༌། ཀློག་པ་དང༌། སྟོན་པ་དེའི་རྣམ་པར་སྨིན་པ་སྟེ། རྣམ་པར་སྨིན་པའི་འབྲས་བུ་གང་ཡིན་པ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཁོ་ནས་རྣམ་པར་མཁྱེན་ཅིང་བྱེ་བྲག་ཏུ་ཐུགས་སུ་ཆུད་ཀྱི། གཞན་གྱིས་ནི་དེའི་རྣམ་པར་སྨིན་པའི་རང་བཞིན་ཡོངས་སུ་ཤེས་པར་མི་ནུས་ཞེས་བྱ་བའི་ཐ་ཚིག་གོ །རྒྱུ་དང་མི་འདྲ་བར་སྨིན་པ་ནི་རྣམ་པར་སྨིན་པ་སྟེ། ལྷ་དང་མི་རྣམས་ཀྱི་ནང་ན་ལུས་དང༌། ལོངས་སྤྱོད་དང༌། རིགས་དང༌། གཟུགས་དང༌། ནད་མེད་པ་དང༌། ཡིད་གཞུངས་པ་དང༌། ཡིད་རྣོ་བ་ལ་སོགས་པ་ཕྱི་རོལ་མི་དཔོག་པ་གང་ཡིན་པའོ། །དེ་ལྟར་རྣམ་པར་སྨིན་པའི་འབྲས་བུ་བརྗོད་ནས། བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག །ཅེས་བྱ་བས་རྒྱུ་མཐུན་པའི་འབྲས་བུའི་བྱེ་བྲག་མཆོག་ཏུ་གྱུར་པ་སྟོན་ཏོ། །བྱང་ཆུབ་མཆོག་ནི་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་ཐམས་ཅད་ཀྱི་རྩེ་མོར་ཕྱིན་པ་སྟེ། དེ་སྤྱོད་པ་མཐའ་དག་གི་འབྲས་བུར་འགྱུར་རོ། །སོམ་ཉི་མ་བྱེད་ཅིག་ཅེས་བྱ་བ་ནི་འདི་ལ་སོམ་ཉི་མི་བྱའི། ངེས་པར་དེའི་འབྲས་བུ་སངས་རྒྱས་སུ་འགྱུར་རོ་ཞེས་དེ་ལྟར་ངེས་པར་གཟུང་བར་བྱའོ། །དེ་ལྟར་བསྒོམས་པའི་ཕན་ཡོན་ཇི་སྐད་སྟོན་ཅིང་ཇི་སྐད་བཤད་པ་རབ་ཏུ་བསྟན་ནས། ད་ནི། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཞེས་བྱ་བ་ལ་སོགས་པ་བསྟན་པ་ཙམ་གྱིས་བསགས་པའི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་སྟོན་ཏེ། ཇི་ལྟར་བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གྱིས་དགེ་བའི་རྩ་བའི་ཚོགས་ཡོངས་སུ་བསྔོ་བ་མཁྱེན་པ་བཞིན་དུའོ། །ཅི་འདྲ་བ་ཞིག་སྙམ་པ་ལ། དཔའ་བོ་ཞེས་བྱ་བ་སྟེ། དཔའ་བོ་ནི་ཤེས་རབ་ཀྱི་རལ་གྱི་ངད་ཅན་དྲི་མ་མེད་པ་བླ་ན་མེད་པ་བདར་བས་དངོས་པོ་ལ་མངོན་པར་ཞེན་པའི་དགྲའི་ཚོགས་ཐམས་ཅད་བཅོམ་པའི་ཕྱིར་རོ། །ཀུན་དུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །ཞེས་བྱ་


DTG117_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་བཅོམ་ལྡན་འདས་འཕགས་པ་ཀུན་དུ་བཟང་པོ་དེ་ཡང་ཇི་ལྟར་ཡོངས་སུ་བསྔོ་བའི་ཆོ་གའི་ཚུལ་མཁྱེན་པ་བཞིན་དུའོ། །དེ་དག་གི་ནི་རྗེས་སུ་བདག་སློབ་ཅིང༌། །ཞེས་བྱ་བ་ལ་སོགས་པ་ལ། དེ་དག་ཅེས་བྱ་བ་ནི་དེ་ལ་སོགས་པ་གཞན་ཡང་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་རྒྱ་མཚོའི་ཕ་རོལ་དུ་སོན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཏེ་དེ་དག་ཀྱང་དེ་བཞིན་པའོ། །རྗེས་སུ་སློབ་ཅིང་ཞེས་བྱ་བ་ནི་སློབ་པའི་རྗེས་སུ་བྱེད་ཅིང་ངོ༌། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ཞེས་བྱ་བ་ལ། འདི་དག་ཐམས་ཅད་ཅེས་བྱ་བ་ནི་སྨོན་ལམ་གྱིས་ཀུན་ནས་བསླང་བ་འདི་དག་ཐམས་ཅད་མ་ལུས་པར་ཞེས་བྱ་བའི་ཐ་ཚིག་གོ །བསྔོ་ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་བྱེད་པའོ། །ཅི་ཞིག་བསྔོ་ཞེ་ན། དགེ་བ་ཞེས་བྱ་བ་གསུངས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་འདི་གཉིས་ཀྱི་རྗེས་སུ་སློབ་པས་ཡོངས་སུ་བསྔོ་བར་མ་ཟད་ཀྱི། གཞན་ཡང་དེའི་གོང་ནས་གོང་དུ་ཁྱད་པར་འཕགས་པའི་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོའོ་ཞེས་བསྟན་པའི་ཕྱིར། དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་གསུམ་གཤེགས་པ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་སོ། །བསྔོ་བ་གང་ལ་བསྔགས་པ་ཞེས་བྱ་བ་ནི་བསྟོད་པའོ། །མཆོག་ཅེས་བྱ་བ་ནི་ཡོངས་སུ་བསྔོ་བ་ཐམས་ཅད་པས་རབ་ཏུ་བསྔགས་པ་ཉིད་ཀྱིས་མཆོག་ཏུ་གྱུར་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། བཅོམ་ལྡན་འདས་ཀྱིས་མི་དམིགས་པའི་རྣམ་པས་ཡོངས་སུ་བསྔོ་བ་གསུངས་པ་ཡང་ཡིན་པའོ། །དེས་བདག་གི་དགེ་བའི་ཞེས་བྱ་བ་ལ་དེས་ཞེས་བྱ་བ་ལ་སོགས་པ་ནི་མི་དམིགས་པར་ཡོངས་སུ་བསྔོ་བ། བདེ་བར་གཤེགས་པ་དང་དེའི་སྲས་མཐའ་དག་གིས་བསྔགས་ཤིང་བསྟོད་པས་སོ། །འདི་ཀུན་ཀྱང་ཞེས་བྱ་བ་ལ། འདི་ཞེས་བྱ་བ་ནི་དགེ་བའོ། །ཀུན་ཞེས་བྱ་བ་ནི་བཟང་པོ་སྤྱོད་པ་བསྒོམས་པས་བསྡུས་པ་ཡང་ངོ༌། །མཆོག་ཏུ་བཟང་པོ་སྤྱོད་པ་སྤྱད་ཕྱིར་བསྔོ་བར་བགྱི། །ཞེས་བྱ་བ་ལ་མཆོག་ཏུ་བཟང་པོ་སྤྱད་ཕྱིར་ཞེས་བྱ་བ་ནི་མཆོག་ཏུ་བཟང་པོ་


DTG117_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པའི་ཕྱིར་རོ། །བསྔོ་བ་ནི་ཡོངས་སུ་བསྔོ་བའོ། །འདི་སྐད་དུ་བཟང་པོ་སྤྱོད་པ་བཏོན་པ་ལས་བྱུང་བའི་དགེ་བའི་རྩ་བ་གང་ཡིན་པ་འདི་དང༌། གང་ཡང་བཟང་པོ་སྤྱོད་པ་བསྒོམས་པ་ལས་བསྡུས་པ་སྔ་མ་དེ་དང་དེ་གཉིས་གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་བསྒྲུབ་པའི་ཕྱིར་སྦྱར་བར་བྱའོ་ཞེས་བཤད་པ་ཡིན་ནོ། དེ་ནི་དེ་ལྟར་སྟོན་པ་ཙམ་གྱིས་རྗེས་སུ་སློབ་པའི་ཡོངས་སུ་བསྔོ་བ་བསྟན་ནས། ད་ནི། བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །ཞེས་བྱ་བ་ལ་སོགས་པས་མ་འོངས་པ་ན་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་དང་མཐུན་པའི་ལུས་ཡོངས་སུ་བཟུང་བར་ཡོངས་སུ་བསྔོ་བར་སྟོན་ཏོ། །བདག་ཅེས་བྱ་བ་ནི་བདག་ཉིད་དུ་སྟོན་ཏོ། །དུས་ཞེས་བྱ་བ་ནི་ཟླ་བ་ལ་སོགས་པ་དང་སྐད་ཅིག་ཐང་ཅིག་ལ་སོགས་པར་བགྲང་བ་སྟེ་དེ་ཡང་སྔོན་གྱི་འདུ་བྱེད་ཀྱིས་འཕངས་པའི་ལུས་རིགས་མཐུན་པར་གཞན་དག་ན་གནས་པའི་དོན་དེ་བྱེད་པ་ནི་ཡོངས་སུ་རྫོགས་པར་བྱེད་པ་སྟེ། དེ་ན་གནས་པ་ཡོངས་སུ་རྫོགས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །སྒྲིབ་པ་ཞེས་བྱ་བ་ལ་སོགས་པ་ནི་སེམས་ཀྱི་རྒྱུན་ལ་སྒྲིབ་ཅིང་ཁེབས་པར་བྱེད་པ་སྟེ། དགེ་བའི་ཆོས་སྐྱེ་བ་ལ་སྒྲིབ་པ་རྣམས་སོ། །དེ་དག་ཀྱང་ལས་དང་ཉོན་མོངས་པ་དང་རྣམ་པར་སྨིན་པའི་སྒྲིབ་པའི་རང་བཞིན་དག་སྟེ། མཚམས་མེད་པ་ཡི་ལས་རྣམས་དང༌། །ཉོན་མོངས་མི་ཟད་ངན་འགྲོ་དང༌། །སྒྲ་མི་སྙན་དང་འདུ་ཤེས་མེད། །སེམས་ཅན་སྒྲིབ་པ་གསུམ་དུ་འདོད། །ཅེས་གང་བཤད་པ་སྟེ། སྒྲིབ་པ་དེ་ལྟ་བུ་དག་གོ །ཐམས་ཅད་ནི་ཡོངས་སུ་མ་ལུས་པའོ། །ཕྱིར་ཞེས་བྱ་བ་དེ་ནི་བྱེ་བྲག་ཏུའམ་རྒྱང་བསྲིངས་པའོ། །བསལ་ཏེ་ཞེས་བྱ་བ་ནི་བདག་གི་རྒྱུད་ལ་ཡང་མི་སྐྱེ་བའི་ཆོས་ཉིད་དུ་བྱས་ཏེའོ། །འོད་དཔག་མེད་པ་དེ་ནི་མངོན་སུམ་བལྟ། །ཞེས་བྱ་བ་ལ་སོགས་པ་ལ། མངོན་སུམ་ནི་མངོན་དུའོ། །འོད་དཔག་མེད་པ་ཞེས་བྱ་བ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་དོ། །བལྟ་ཞེས་བྱ་བ་ནི་བལྟ་བར་བྱ་བའོ། །བདེ་བ་ཅན་གྱི་ཞིང་དེར་མཆི་བར་བགྱི། །ཞེས་བྱ་བ་ནི་བཅོམ་ལྡན་འདས་འོད་དཔག་མེད་དེ་ཉིད་ཀྱི་སངས་རྒྱས་ཀྱི་ཞིང་བདེ་བ་ཅན་ཡོན་ཏན་འོད་དཔག་ཏུ་མེད་པ་དང་ལྡན་པ་མཆོག་ཏུ་བདེ་ཞིང་ཡིད་


DTG117_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བའི་གནས་གཅིག་ཏུ་གྱུར་པ་བདེ་བར་གཤེགས་པའི་སྲས་དཔག་ཏུ་མེད་པས་ཡོངས་སུ་གང་བདེར་མཆིའོ་ཞེས་བྱ་བ་ཡིན་ཏེ། བདག་དེར་སྐྱེ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་སེམས་ཅན་ལ་ཕན་འདོགས་པ་བསྟན་ནས། སྤྱོད་པ་ཡོངས་སུ་རྫོགས་པར་བྱ་བ་དང༌། སེམས་ཅན་གྱི་དོན་གྱི་མཐའ་གཏུགས་པ་བསྟན་པའི་ཕྱིར། དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེར་ཞེས་བྱ་བ་ནི་བཅོམ་ལྡན་འདས་འོད་དཔག་མེད་དེའི་སངས་རྒྱས་ཀྱི་ཞིང་དུའོ། །སོང་ནས། ཞེས་བྱ་བ་ནི་སྐྱེས་ནས་སོ། །སྨོན་ལམ་འདི་དག་ཅེས་བྱ་བ་ནི་སྨོན་ལམ་ཇི་སྐད་བསྟན་པ་རྣམས་སོ། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག །ཅེས་བྱ་བ་ནི་ཐམས་ཅད་གཅིག་ཏུ་བསྡུས་ནས་མངོན་སུམ་དུ་གྱུར་ཅིང་མངོན་དུ་འགྱུར་བར་ཤོག་ཤིག་ཅེས་བྱ་བ་དང་སྦྱར་རོ། །དེ་དག་མ་ལུས་བདག་གིས་ཡོངས་སུ་བསྐང༌། །ཞེས་བྱ་བ་ནི་དེ་དག་མ་ལུས་པར་ཡོངས་སུ་བསྐང་བའོ། །ཡོངས་སུ་བསྐངས་ནས་ཅི་ཞིག་བྱ་སྙམ་པ་ལ། འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། །ཞེས་བྱ་བ་གསུངས་ཏེ། བདག་གིས་སེམས་ཅན་རྣམས་ལ་ཕན་པར་བགྱི་ཞེས་བྱ་བ་ནི་སྒྲུབ་པར་བགྱི་ཞེས་བྱ་བ་ཡིན་ནོ། །དུས་ཇི་སྲིད་ཅིག་གི་བར་དུ་སྙམ་པ་ལ། འཇིག་རྟེན་ཇི་སྲིད་ཅེས་བྱ་བ་ཞེས་གསུངས་ཏེ། སེམས་ཅན་གྱི་འཇིག་རྟེན་ཇི་སྲིད་ཀྱི་བར་དུའོ། །འདི་སྐད་དུ་ཇི་ལྟར་འཇིག་རྟེན་ཐམས་ཅད་ཀྱི་མཐར་ཐུག་པ་མེད་པ་དེ་བཞིན་དུ་སྙིང་རྗེ་ཆེན་པོའི་གཞན་གྱི་དབང་ཅན་འགྲོ་བའི་དོན་འགྲུབ་པའི་ཕྱིར་ཅི་ལ་ཡང་མ་རག་པར་ཆས་པ་བདག་གི་ཡང་མཐའ་ཐུག་པར་མ་གྱུར་ཅིག་ཅེས་བཤད་པ་ཡིན་ནོ། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་བའི་དཀྱིལ་འཁོར་ནི་བཅོམ་ལྡན་འདས་འོད་དཔག་མེད་དེའི་འཁོར་གྱི་དཀྱིལ་འཁོར་དེའོ། །གང་ལ་བཅོམ་ལྡན་འདས་འོད་དཔག་མེད་དེ་བྱང་ཆུབ་སེམས་དཔའ་དག་པ་རྣམས་དང་ཐབས་ཅིག་ཏུ་བླ་ན་མེད་པའི་འབྱོར་པས་ཆོས་ཀྱི་ལོངས་སྤྱོད་བླ་ན་མེད་པ་འབྱོར་པའོ། །རྒྱལ་བའི་དཀྱིལ་འཁོར་དེ་ཅི་འདྲ་སྙམ་པ་ལ། བཟང་ཞིང་དགའ་བ་ཞེས་བྱ་བ་གསུངས་སོ། །དེ་ལ་བཟང་བ་ནི་ཁ་དོག་དང་


DTG117_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས་སྣ་ཚོགས་པ་ཕུན་སུམ་ཚོགས་པའི་ཁྱད་པར་ལ་སོགས་པ་དང་ལྡན་པའོ། །དགའ་བ་ནི་ལས་བཟང་པོ་སྣ་ཚོགས་ཀྱི་བྱེ་བྲག་གིས་སྤྲས་པ་དང༌། ལྷ་དང་མིའི་ལས་ཤིན་ཏུ་འདས་པའི་ཡོན་ཏན་གྱིས་ཉམས་དགའ་བ་དང༌། སེམས་དགའ་བའི་ཕྱིར་དགའ་བའོ། །དེར་ཞེས་བྱ་བ་ནི་དེར་ཏེ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །ཞེས་བྱ་བར་སྦྱར་རོ། །པདྨ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །ཞེས་བྱ་བ་ལ། པདྨ་སྨོས་པས་ནི་སྐྱེ་བའི་གནས་ཀྱི་ཁྱད་པར་སྟོན་ཏེ། མངལ་ལ་སོགས་པ་ནས་མི་སྐྱེ་བའོ། །དམ་པ་ཞེས་བྱ་བ་ནི་མཆོག་སྟེ་རིན་པོ་ཆེ་ལ་སོགས་པའི་རྒྱུ་ལས་གྱུར་པའོ། །མཛེས་པ་ཞེས་བྱ་བ་ནི་མདངས་སྡུག་པ་དང་ལྡན་པ་སྟེ། མཆོག་ཏུ་ཡིད་འཕྲོག་ཅིང་ལྟ་ན་སྡུག་པ་ཞེས་བྱ་བའི་ཐ་ཚིག་གོ །སྐྱེས་ཞེས་བྱ་བ་ནི་བྱུང་བའོ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །ཅེས་བྱ་བ་ལ་སོགས་པ་ལ། ལུང་བསྟན་པ་ནི་མ་འོངས་པ་ན་སངས་རྒྱས་སུ་འགྱུར་བར་ཇི་ལྟར་འདོད་པའི་ཞིང་དང་འཁོར་ལ་སོགས་པའི་ཁྱད་པར་དང་ལྡན་པར་འགྱུར་བར་འཁོར་གྱི་དཀྱིལ་འཁོར་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ་འམ། སེམས་ལ་གཟུགས་བརྙན་དུ་མཛད་པའོ། །ཐོབ་ཅེས་བྱ་བ་ནི་ཐོས་པའོ། །སུ་ལས་ཤེ་ན། རྒྱལ་བ་འོད་དཔག་མེད་ལས་མངོན་སུམ་དུ་ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་འོད་དཔག་མེད་དེ་ལས་མངོན་སུམ་དུ་ཞལ་ནས་མངོན་དུ་འཐོབ་ཀྱི། ལྐོག་ནས་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ལུང་བསྟན་པ་ཡང་དེར་ནི་རབ་ཐོབ་ནས། །ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཀྱི་འཁོར་གྱི་དཀྱིལ་འཁོར་དེར་བཅོམ་ལྡན་འདས་ལས་མངོན་སུམ་དུ་ལུང་བསྟན་པ་ཐོབ་ནས་སོ། །སྤྲུལ་པ་བྱེ་བ་ཕྲག་བརྒྱ་དུ་མ་ཡིས། །ཞེས་བྱ་བ་ལ། སྤྲུལ་པ་ནི་བསམ་གཏན་དང་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བསྐྱེད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་དག་བྱེ་བ་ཕྲག་བརྒྱ་ནི་སྤྲུལ་པ་བྱེ་བ་ཕྲག་བརྒྱའོ། །དུ་མ་ཞེས་བྱ་བ་ནི་ཀུན་དུ་གྲངས་མེད་པའོ། །ཕྱོགས་བཅུ་རྣམས་སུ་ཞེས་བྱ་བ་ནི་ཕྱོགས་བཅུ་ཐམས་ཅད་དུའོ། །བློ་ཡི་སྟོབས་ཀྱིས་ཞེས་བྱ་བ་ནི་ཤེས་རབ་ཀྱི་སྟོབས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་དང་ལྡན་


DTG117_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཞེས་བྱ་བའི་ཐ་ཚིག་གོ །རྟོགས་པར་འདོད་པའི་དོན་ཐམས་ཅད་དེ་ལ་འགོད་པས་བློའོ། །དེ་ལྟར་སེམས་ཅན་རྣམས་ལ་བན་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་དགེ་བའི་རྩ་བ་བསྐྱེད་པའོ། །མང་པོ་ཞེས་བྱ་བ་ནི་མཐའ་ཡས་པ་རྣམས་སོ། །བགྱི་ཞེས་བྱ་བ་ནི་བསྒྲུབ་བོ་ཞེས་བྱ་བའོ། །དེ་ལྟར་བསགས་པའི་བསོད་ནམས་ཡོངས་སུ་བསྔོ་བ་བསྟན་ནས། ད་ནི་བཟང་པོ་སྤྱོད་པའི་སྨོན་ལམ་བཏོན་པ་ཡིས། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་བསྟན་པའི་ཡོངས་སུ་བསྔོ་བ་མདོར་བསྡུས་ཏེ་སྟོན་ཏོ། །བཟང་པོ་སྤྱོད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའོ། །དེའི་སྤྱོད་པ་ནི་བཟང་པོ་སྤྱོད་པ་སྟེ་ཡོན་ཏན་སྣ་ཚོགས་རྒྱ་ཆེ་བ་དུ་མ་དང་ལྡན་པའོ། །དེ་ཉིད་ཀྱི་སྨོན་པའི་བྱེ་བྲག་གི་རང་བཞིན་ཡིན་པས་སྨོན་ལམ་ཞེས་བྱའོ། །དེ་བཞིན་དུ་དེ་སྟོན་པའི་སྒྲའི་རང་བཞིན་ལ་ཡང་སྨོན་ལམ་ཞེས་བརྗོད་པར་འགྱུར་ཏེ། འདུལ་བ་བཞིན་ནོ། །དེ་བཏོན་པ་ཞེས་བྱ་བ་ནི་གླེགས་བམ་དུ་བྱས་པ་ལ་སོགས་པ་བཏོན་པའོ། །དགེ་བ་ཅུང་ཟད་བདག་གིས་བསགས་པ་གང༌། །ཞེས་བྱ་བ་ནི་བདག་གིས་དགེ་བ་བསོད་ནམས་བསགས་པ་གང་ཡིན་པ་སྟེ། ཀུན་དུ་བསགས་ཤིང་ཚོགས་སུ་བྱས་པ་ཞེས་བྱ་བའི་ཐ་ཚིག་གོ །དེས་ནི་ཞེས་བྱ་བ་དགེ་བས་ཞེས་བྱ་བར་སྦྱར་རོ། །འགྲོ་བའི་ཞེས་བྱ་བ་ནི་སེམས་ཅན་གྱི་ཚོགས་ཟད་པར་བགྱིའོ། །སྨོན་ལམ་ཞེས་བྱ་བ་ནི་སྨོན་པའི་ཁྱད་པར་ཏེ། བཟང་པོ་སྤྱོད་པ་ཞེས་བྱ་བ་འདི་ཉིད་དོ། །དགེ་བ་ཞེས་བྱ་བ་ནི་དཀར་པོ་སྟེ་དེ་ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ །སྐད་ཅིག་ཏུ་ཡང་ཐམས་ཅད་འབྱོར་པར་ཤོག །ཅེས་བྱ་བ་ནི་སེམས་ཅན་རེ་རེའི་སྐད་ཅིག་སྐད་ཅིག་ལ་འབྱོར་པ་གྲུབ་པར་གྱུར་ཅིག་ཅེས་བྱ་བ་ཡིན་ཏེ། ཐམས་ཅད་ཅེས་བྱ་བ་ནི་མ་ལུས་པའོ། །བཟང་སྤྱོད་ཡོངས་སུ་བསྔོས་པའི་བསོད་ནམས་ནི། །ཞེས་བྱ་བ་ལ་སོགས་པ་འདི་མན་ཆད་ཀྱིས་ནི་བཏོན་པ་དང༌། བསྒོམ་པས་བསྡུས་པའི་སྨོན་ལམ་བྱེ་བྲག་མེད་པར་ཡོངས་སུ་བསྔོ་བ་བསྟོན་ཏེ། ཀུན་དུ་བཟང་པོའི་སྤྱོད་པ་ཐོག་མ་དང་ཐ་མ་མེད་པ་ཟབ་ཅིང་རྒྱ་


DTG117_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བའི་རང་བཞིན། བསྐལ་པ་མི་ཉུང་བར་བསགས་པ་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་སྤྱོད་པ་བསྔོས་པའི་སྟེ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཁྱད་པར་བླ་ན་མེད་པར་ཡོངས་སུ་ཀུན་དུ་བསྔོས་པའི་འོ། །མཐའ་ཡས་ཤིན་དུ་ཁྱད་པར་འཕགས་ཐོབ་གང༌། །ཞེས་བྱ་བ་ནི་བསོད་ནམས་དགེ་བ་མཐའ་ཡས་ཤིང་དཔག་ཏུ་མེད་པ་ཐོབ་པ་གང་ཡིན་པ་སྟེ། སེམས་ཅན་ལ་ཕན་པ་དང་བདེ་བ་བསྐྱེད་པའི་གནས་ཡིན་པའི་ཕྱིར་དང༌། ཐབས་ཀྱི་ཁྱད་པར་དཔག་ཏུ་མེད་པ་དག་བསྒྲུབ་པའི་ཕྱིར་དང་དུས་དཔག་ཏུ་མེད་པར་བསྒྲུབ་པའི་ཕྱིར་བསོད་ནམས་མཐའ་ཡས་སོ། །ཤིན་དུ་ཁྱད་པར་འཕགས་ཞེས་བྱ་བ་ནི། མཆོག་ཏུ་ཁྱད་པར་འཕགས་པ་གཙོ་བོར་གྱུར་པ་སྟེ། དེ་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུར་གྱུར་པའི་ཕྱིར་དང༌། མི་དམིགས་པའི་རྣམ་པའི་ཡེ་ཤེས་ཀྱིས་ཡོངས་སུ་ཟིན་པའི་ཕྱིར་བསོད་ནམས་ཤིན་དུ་ཁྱད་པར་དུ་འཕགས་པར་རིག་པར་བྱའོ། །འདིས་ནི་བསོད་ནམས་འདིའི་དོན་ཆེ་བ་ཉིད་དང་མཐུ་ཆེ་བ་ཉིད་སྟོན་ཏོ། །དེ་ཡིས་ཞེས་བྱ་བ་ནི་བསོད་ནམས་རྣམ་པ་འདི་ལྟ་བུ་དེས་སོ། །འགྲོ་བ་སྡུག་བསྔལ་ཆུ་བོར་བྱིད་པ་རྣམས། །ཞེས་བྱ་བ་ནི་སྐྱེས་ཤིང་སྐྱེས་པ་འགྲོ་བའི་ཕྱིར་འགྲོ་བའོ། །སྡུག་བསྔལ་ཆུ་བོར་བྱིང་བ་ཞེས་བྱ་བ་ལ། སྡུག་བསྔལ་རྣམས་ནི་སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། མི་སྡུག་པ་དང་ཕྲད་པ་དང༌། སྡུག་པ་དང་བྲལ་བ་ལ་སོགས་རྣམ་པ་དུ་མ་སྟེ། དེ་དག་དང་ལྡན་པ་དང༌། དེ་དག་གིས་བསྡམས་སམ། བདེ་བ་ལ་བྱེ་བྲག་གམ། ཐག་རིང་པོར་འབྲལ་ཞིང་འགྱེས་པར་བྱེད་པའི་ཕྱིར་རོ། །དེ་ཉིད་དུ་ཆུ་བོ་སྟེ། ཡུན་རིང་པོ་ནས་འཕེལ་བའི་རྒྱུན་འཇུག་པ་དང་མི་ཟློག་པར་འཇུག་པ་དང༌། དེའི་རྒྱུན་ལས་བྱུང་བའི་མི་དགེ་བའི་ལས་དུ་མ་བྱུང་བའི་རང་བཞིན་གྱིས་ངན་སོང་དུ་སོན་ཅིང་ལྟུང་བའི་ཕྱིར་ཆུའི་ཆུ་བོ་དང་འདྲ་བའི་ཕྱིར་རོ། །ཆུ་བོར་བྱིང་བ་ནི་ངེས་པར་དེའི་བདག་ཉིད་དང་ལྡན་པར་གནས་པར་སྟེ། དེའི་དབང་དུ་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ །འོད་དཔག་མེད་པའི་གནས་རབ་འགྲོ་བར་ཤོག །ཅེས་བྱ་བ་ལ་བཅོམ་ལྡན་འདས་འོད་དཔག་མེད་ཀྱི་གནས་ནི་སངས་རྒྱས་ཀྱི་ཞིང་ངོ༌། །ཅི་འདྲ་སྙམ་པ་ལ། རབ་ཅེས་བྱ་བ་


DTG117_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། ཡོན་ཏན་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་དཔག་ཏུ་མེད་པ། རྒྱ་ཆེ་བ་བརྒྱ་ཕྲག་གིས་རབ་ཏུ་བརྒྱན་པ། མཆོག་ཏུ་བདེ་བ་དང་ཡིད་བདེ་བའི་གནས་སུ་གྱུར་པ། མི་གནས་པའི་མྱ་ངན་ལས་འདས་པའི་གནས་ལྟ་བུར་སྐྱེ་བོ་མཐའ་དག་ལ་ཕན་པ་བསྐྱེད་པར་གྱུར་པའོ། །འགྲོ་བར་ཤོག་ཅེས་བྱ་བ་ལ་ནི་འགྲོ་བ་འམ་འཇུག་པར་ཤོག་ཤིག་ཅེས་བྱ་བར་བསྒྱུར་ཏེ། འགྲོ་བ་ཐམས་ཅད་འཇུག་པར་ཤོག་ཤིག་ཅེས་བྱ་བའི་ཐ་ཚིག་གོ །ཀུན་དུ་བཟང་པོའི་མཚན་དོན་མཐུན་པ་ཡི། །ཀུན་དུ་བཟང་པོའི་སྤྱོད་པ་རྣམས་ཕྱེ་བའི། །དགེ་བ་ཀུན་དུ་བཟང་པོ་དེ་ཡིས་ནི། །འཇིག་རྟེན་ཀུན་དུ་བཟང་པོ་འདྲ་བར་ཤོག །ཤཱཀྱའི་བཤེས་གཉེན་བློ་ལྡན་གྱིས། །ཤཱཀྱའི་གདུང་རྒྱུད་འཕེལ་བྱའི་ཕྱིར། །ཀུན་དུ་བཟང་པོའི་སྤྱོད་པ་ཡི། །རྒྱ་ཆེར་འགྲེལ་པ་རབ་བཟང་བྱས། །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་ཤཱཀྱའི་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱཀྱ་སེང་ཧ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པའོ།། །།


previousའཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ། ཤཱཀྱའི་བཤེས་གཉེན།next