Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱ་བཅུ་བདུན།


   
   
   
   
   
འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ།  རྒྱན་བཟང་པོ།
   


 
previousའཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ། རྒྱན་བཟང་པོ།next

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ།
རྒྱན་བཟང་པོ།


DTG117_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྻ་བྷ་དྲ་ཙཱཪྻ་པྲ་ཎི་དྷཱ་ན་རཱ་ཛ་ཊཱི་ཀཱ། བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཀུན་དུ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་བསྡུས་པའི་དོན་ནི་བཅུ་སྟེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་ཕྱག་བྱ་བ་དང༌། དེ་ལ་མཆོད་པ་དང༌། སྡིག་པ་བཤགས་པ་དང༌། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། དེ་བཞིན་གཤེགས་པ་བཞུགས་པར་གསོལ་བ་དང༌། དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་དང༌། དེའི་རབ་ཏུ་དབྱེ་བ་དང༌། དེའི་མཐའ་དང༌། དེའི་ཡོན་ཏན་གྱི་ཕན་ཡོན་ནོ། །དེ་ལ་མི་དབྱེ་བར་སྤྱིར་ཕྱོགས་དང་དུས་དང་ཞིང་ཐམས་ཅད་དུ་གཏོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ལུས་དང་ངག་དང་ཡིད་ཀྱི་ཕྱག་བྱ་བའི་དབང་དུ་མཛད་དེ། ཇི་སྙེད་སུ་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །


DTG117_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྙེད་ཅེས་བྱ་བ་ནི་ཇི་ཙམ་པ་སྟེ། ཚད་ཇི་ཙམ་པའོ། །དེས་ན་ཚང་དེ་ཡོངས་སུ་ཆད་པར་འགྱུར་རོ་ཞེ་ན། དེའི་ཕྱིར་སུ་དག་ཅེས་བྱ་བ་སྨོས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་སྤྱིའི་སྒྲར་བསྟན་གྱིས། གྲངས་ཀྱི་མིང་གིས་ཆད་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཕྱོགས་བཅུའི་ཞེས་བྱ་བ་ནི་ཕྱོགས་བཅུ་ནའོ། །འཇིག་རྟེན་ན་ཞེས་བྱ་བ་ནི་འགྲོ་བའི་ནང་ནའོ། །དུས་གསུམ་གཤེགས་པ་ཞེས་བྱ་བ་ནི་དུས་གསུམ་དུ་གཏོགས་པ་སྟེ། དུས་གསུམ་པ་ཞེས་བྱ་བའི་ཐ་ཚིག་གོ །མིའི་སེང་གེ་ཞེས་བྱ་བ་ལ་སེང་གེ་ནི་རྣམ་པ་ཐམས་ཅད་དུ་བག་ཚབ་མེད་ཅིང་གང་གིས་ཀྱང་མི་འཇིགས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་ལྷ་དང་བཅས་པའི་འཇིག་རྟེན་ན་དེ་དང་འདྲ་སྟེ། དེའི་ཕྱིར་སེང་གེ་དང་འདྲ་བས་ན་སེང་གེའོ། །དེ་དག་ནི་མིར་སྐྱེ་བ་བསྟན་པའི་ཕྱིར་མི་ཡང་ཡིན་ལ་སེང་གེ་ཡང་ཡིན་པས་ན་མིའི་སེང་གེ་སྟེ། སངས་རྒྱས་བཅོམ་ལྡན་འདས་སོ། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ཞེས་བྱ་བ་ལ་ཐམས་ཅད་ཅེས་བྱ་བའི་སྒྲ་ནི་བརྗོད་པར་འདོད་པའི་དབང་གིས་ཕྱོགས་གཅིག་ལ་ཡང་བརྗོད་དུ་རུང་བར་མཐོང་བས་ན་རིལ་གྱིས་བསྡུས་པའི་ཕྱིར་མ་ལུས་ཞེས་བྱ་བ་བརྗོད་དོ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །ཞེས་བྱ་བ་ནི་མཆོག་ཏུ་དང་བར་གྱུར་པ་སྟེ། སེམས་དང་བས་ཀུན་ནས་བསླང་བའི་ཕྱིར་ལུས་དང་ངག་ཀྱང་དང་བའོ། །ད་ནི་ལུས་ལ་སོགས་པས་ཕྱག་བྱ་བ་སོ་སོར་ཕྱེ་སྟེ་བཤད་དོ། །དེ་ལ་རེ་ཞིག་ལུས་ཀྱིས་ཕྱག་བྱ་བ་ནི་ཞིང་གི་རྡུལ་སྙེད་ཅེས་བྱ་བ་ལ་སོགས་པས་བསྟན་ཏེ། སངས་རྒྱས་ཀྱི་ཞིང་གི་རྡུལ་སྙེད་ཀྱི་ལུས་རབ་དུ་བཏུད་པས་སོ། །ཁྱད་པར་མེད་པའི་ཕྱིར་སྙེད་ཅེས་བྱ་བའི་སྒྲ་ནི་འདིར་མཉམ་པའི་གྲངས་ཡིན་ཏེ་ཕྱོགས་བཅུ་དུས་གསུམ་དུ་གཏོགས་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཐམས་ཅད་དང་མཉམ་ཞིང་གྲངས་དེ་སྙེད་ཀྱི་ལུས་རབ་ཏུ་བཏུད་པས། རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །ཞེས་བྱ་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཉོན་མོངས་པའི་དགྲ་ལས་རྒྱལ་བས་དང་བདུད་ལས་རྒྱལ་བའི་ཕྱིར་རྒྱལ་བ་ཞེས་བྱ་སྟེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། སྡིག་པ་


DTG117_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགེའི་ཆོས་ལས་ང་རྒྱལ་ཏེ། །དེ་བས་ཉེར་འགྲོ་ང་ནི་རྒྱལ་བ་ཡིན། །ཞེས་གསུངས་པ་ལྟ་བུ་སྟེ། དུས་གསུམ་དུ་གཏོགས་པའི་རྒྱལ་བ་དེ་དག་ཐམས་ཅད་ལ་ཕྱག་བྱ་བའོ། །བཅོམ་ལྡན་འདས་གཅིག་ལ་སེམས་གཏད་པའི་ཕྱིར། ཅི་གཞན་ལ་ཡིད་ཀྱིས་བསྟོད་པའི་ལུས་ཞིང་གི་རྡུལ་སྙེད་ཀྱིས་ཕྱག་འཚལ་ལམ་ཞེ་ན། མ་ཡིན་ཏེ། རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་རེ་རེ་ཞིང་ཡང་སེམས་ཀྱིས་མངོན་སུམ་དུ་བསམ་མོ་ཞེས་བྱ་བའི་དོན་ཏོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །ཞེས་བྱ་བ་ལ་བཟང་པོ་ནི་དགེ་བའོ། །དེ་ནི་བཟང་པོ་ཡང་ཡིན་ལ་སྤྱོད་པ་ཡང་ཡིན་པས་ན་བཟང་པོ་སྤྱོད་པ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཆེད་དུ་སྨོན་པ་ནི་སྨོན་ལམ་སྟེ་དོན་དུ་གཉེར་བའོ། །དེའི་སྟོབས་ནི་ཉོན་མོངས་པ་ལ་སོགས་པས་ཟིལ་གྱིས་མི་ནོན་པ་སྟེ། མི་མཐུན་པའི་ཕྱོགས་ལས་ངེས་པར་རྒྱལ་བའོ། །དེའི་ཕྱིར་དེའི་སྟོབས་ཀྱིས་ཏེ། རྣམ་པ་གཞན་གྱིས་ནི་འདི་ལྟ་བུའི་བྱེད་པ་མི་སྲིད་པའི་ཕྱིར་རོ། །དེ་ནི་ཡིད་ཀྱིས་ཕྱག་བྱ་བ་སྟེ། རྡུལ་གཅིག་སྟེང་དུ་རྡུལ་སྙེད་ཅེས་བྱ་བ་ལ་སོགས་པ་ཡིན་ནོ། །རྡུལ་གཅིག་གི་སྟེང་ལ་ཐོག་མ་རྡུལ་དེ་སྙེད་ཀྱི་སངས་རྒྱས་རྣམས་ཞེས་བྱ་བ་ནི་རེ་རེ་ཡང་ཁྱད་པར་དུ་མ་སྨོས་པའི་ཕྱིར་ཕྱོགས་བཅུ་དུས་གསུམ་དུ་གཏོགས་པའི་སངས་རྒྱས་རྣམས་ཀྱི་ཞིང་གི་རྡུལ་མ་ལུས་པ་སྙེད་ཀྱི་བདེ་བར་གཤེགས་པ་རྣམས་སོ། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །ཅེས་བྱ་བ་ནི་རེ་རེ་ཡང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་དབུས་ན་བཞུགས་པ་དག་སྟེ་མོས་ཞེས་འཆད་པར་འགྱུར་རོ། །རྡུལ་གཅིག་གི་སྟེང་དུ་ཇི་ལྟ་བ་དེ་བཞིན་དུ་ཚུལ་འདི་ཉིད་ཀྱིས། ཆོས་ཀྱི་དབྱིངས་རྣམས་མ་ལུས་པ་ཐམས་ཅད་དུ་ཡང་མོས་པར་བྱ་སྟེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་ཆོས་ཉིད་དོ། །དེ་ཉིད་ཀྱི་དབྱིངས་ཡིན་པས་ན་ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་ནམ་མཁའི་མཐའ་ཐུག་པ་དེ་ལྟ་བུ་དེ་བཅོམ་ལྡན་འདས་རྡུལ་གྱི་སྟེང་ན་བཞུགས་པ་རེ་རེ་ཞིང་ཡང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་ཚོགས་ཀྱི་ཀུན་ནས་བསྐོར་བ་རྣམས་ཀྱིས་


DTG117_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིང་བར་མཚམས་མེད་པར་ཁྱབ་པར་ཡིད་ཀྱིས་མོས་པར་བྱའོ། །ལུས་དང་ངག་གི་ལས་དག་གི་ཡིད་ཀྱི་ལས་ཀྱིས་ཀུན་ནས་བསླང་བའི་ཕྱིར་བར་དུ་ཡིད་ཀྱི་ལས་བསྟན་ཏོ། །ད་ནི་ངག་གིས་ཕྱག་བྱ་བ་བསྟན་ཏེ། དེ་དག་བསྔགས་པ་མི་ཟད་ཅེས་བྱ་བ་ལ་སོགས་པའོ། །དེ་དག་ཅེས་བྱ་བ་ནི་དེ་ལྟར་མོས་པ་དེ་དག་གིའོ། །ཉམས་པ་དང་མཐའ་ཐུག་པ་མེད་པའི་ཕྱིར་ཟད་མི་ཤེས་པས་ན་མི་ཟད་པའོ། །གང་དག་ལ་བསྔགས་པ་མི་ཟད་རྒྱ་མཚོ་སྟེ་ཡོན་ཏན་མི་ཟད་རྒྱ་མཚོ་ཡོད་པ་སྟེ། རྒྱ་མཚོ་ཞེས་བྱ་བའི་སྒྲ་ནི་མང་པོ་ཉིད་དུ་སྟོན་པར་ཁོང་དུ་ཆུད་པར་བྱ་སྟེ། བསྔགས་པ་མི་ཟད་རྒྱ་མཚོ་དེ་དག་གོ །དབྱངས་ཀྱི་ཡན་ལག་རྒྱ་མཚོ་སྒྲ་ཀུན་གྱིས། །ཞེས་བྱ་བ་ལ་ཡན་ལག་ཅེས་བྱ་བའི་སྒྲ་ཡང་འདིར་ཡོན་ཏན་གྱི་རྣམ་གྲངས་ཡིན་ནོ། །ཇི་ལྟ་བུ་ཞེ་ན། འདི་ལྟར་ཉན་ཐོས་ཀྱི་ཐེག་པ་ལས་ནི། བཅོམ་ལྡན་འདས་ཀྱི་གསུངས་དབྱངས་ཡན་ལག་ལྔ་དང་ལྡན་པ་ཞེས་འབྱུང་ལ། ཐེག་པ་ཆེན་པོ་ལས་ནི་ཡན་ལག་དྲུག་ཅུ་དང་ལྡན་པ་དང༌། ཡན་ལག་ཁྲི་དང་ལྡན་པ་དང་ཡན་ལག་ཚད་མེད་པ་དང་ལྡན་པ་ཞེས་འབྱུང་ངོ༌། །དེ་དག་ཏུ་ནི་ཡོན་ཏན་ལྔ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་མངོན་ཏེ། དབྱངས་ཀྱི་ཡོན་ཏན་རྒྱ་མཚོ་དེ་དག་ཐམས་ཅད་དང་ལྡན་པའི་དབྱངས་གང་ཡིན་པ་སྟེ། སྒྲ་གང་དག་ཡིན་པ་དེ་དག་རབ་ཏུ་བརྗོད་པ་དང་ལྡན་པའི་དབྱངས་གང་ཡིན་པ་སྟེ། སྒྲ་གང་དག་ཡིན་པ་དེ་དག་གིས་སོ། །རྒྱལ་བ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་ནི་རྒྱལ་བ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བཟུང་སྟེ། སྐུ་དང་གསུང་དང་ཐུགས་ཀྱི་ཡོན་ཏན་ཐུན་མོང་དང་ཐུན་མོང་མ་ཡིན་པ་དཔག་ཏུ་མེད་པ་གང་དག་ཡིན་པ་དེ་དག་རབ་ཏུ་བརྗོད་ཅིང་མངོན་པར་སྨྲ་ལ་སྒྲོགས་ཤིང་བདེ་བར་གཤེགས་པ་དེ་དག་ཐམས་ཅད་དེ་རེ་རེའི་སྤྱན་སྔ་ན་འདུག་པ་བཞིན་དུ་བདག་གིས་བསྟོད་དོ། །ཡང་ན་བསྔགས་པ་མི་ཟད་རྒྱ་མཚོ་ཞེས་བྱ་བ་ནི་གཞི་མཐུན་པ་ཡིན་པའི་ཕྱིར་ཡོན་ཏན་ཞེས་བྱ་བ་འདིའི་ཁྱད་པར་ཡིན་ཏེ། བསྔགས་པ་མི་ཟད་པ་རྒྱ་མཚོ་རྣམས་རབ་ཏུ་བརྗོད་ཅིང་ཞེས་བྱ་བའི་ཐ་ཚིག་གོ །ད་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཉིད་ལ་མཆོད་པ་བླ་ན་ཡོད་པ་དང༌། བླ་ན་མེད་པ་རྣམ་པ་གཉིས་བསྟན་པ་ལ། བླ་ན་ཡོད་པ་ནི་མེ་ཏོག་དམ་པ་ཞེས་བྱ་བ་


DTG117_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏེ། མེ་ཏོག་ལ་སོགས་པའི་ནང་ན་དམ་པ་གང་ཡིན་པའི་མེ་ཏོག་དམ་པ་དང༌། ཕྲེང་བ་དམ་པ་དང༌། སེལ་སྙན་དམ་པ་དང༌། ཙན་དན་དང་གུར་ཀུམ་ལ་སོགས་པ་བྱུག་པ་དམ་པ་དང༌། གདུགས་དམ་པ་དང༌། མར་མེ་དམ་པ་དང༌། བདུག་པ་དམ་པ་དང༌། ན་བཟའ་དམ་པ་དང༌། དྲི་སྣ་ཚོགས་སྦྱར་བའི་དི་དམ་པ་དང༌། ཙན་དན་དང་གུར་ཀུམ་དང་ག་པུར་དང་ཨ་ག་རུ་ལ་སོགས་པའི་ཕྱེ་མའི་ཕུར་མ་རི་རབ་དང་མཉམ་པ་དེ་དག་གིས་སོ། །བཀོད་པའི་ཁྱད་པར་འཕགས་པ་མཆོག་ཀུན་གྱིས། ཞེས་བྱ་བ་ལ་བཀོད་ཅེས་བྱ་བའི་སྒྲ་ནི་འདིར་ཚོགས་པའི་རྣམ་གྲངས་ཡིན་ཏེ། ལྷ་དང་མིའི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དག་གིས་རྒྱལ་བ་ཐམས་ཅད་ལ་མཆོད་པར་བགྱིའོ་ཞེས་བྱ་བ་ཡིན་ནོ། །བླ་ན་མེད་པ་ནི། མཆོད་པ་གང་རྣམས་བླ་མེད་ཞེས་བྱ་བ་ལ་བསྟན་ཏེ། མཆོད་པ་གང་རྣམས་བླ་ན་མེད་ཅིང་རྒྱ་ཆེ་བ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཁྱད་པར་གྱི་མཐུས་བསྐྱེད་པ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པར། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྒྱས་པར་འགེངས་པ་དེ་དག་བདག་གིས་རྒྱལ་བ་ཐམས་ཅད་ལ་ཡིད་ཀྱིས་མོས་པར་བྱའོ། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །ཞེས་བྱ་བ་ནི་བཟང་པོ་སྤྱོད་པ་ལ་དད་པའི་སྟོབས་ཀྱིས་ཞེས་བྱ་བ་ཡིན་ནོ། །བཟང་པོ་སྤྱོད་ལ་དད་པ་ནི་མོས་པ་དང༌། ཡིད་ཆེས་པ་དང༌། ངེས་པ་ཡིན་ནོ། །དེའི་སྟོབས་ཀྱིས་ཏེ་བཟང་པོ་སྤྱོད་པ་དེའི་མཆོད་པ་ནི་མདོ་སྡེ་དུ་མ་ལས་ཀྱང་བྱང་ཆུབ་སེམས་དཔའ་སྤྲུལ་པའི་མཆོད་པ་འབྱུང་བར་དེ་ལྟ་བུ་དག་ཡིན་ནོ། །ད་ནི་ཇི་སྐད་བཤད་པའི་ཕྱག་འཚལ་བ་དང་མཆོད་པ་དག་མཇུག་བསྡུ་བའི་ཕྱིར། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །ཞེས་བྱ་བ་གསུངས་ཏེ། རྒྱལ་བ་ཐམས་ཅད་ལ་ཕྱག་འཚལ་བར་བགྱི་ཞིང་མཆོད་པར་བགྱིའོ། །ཞེས་བྱ་བ་ཡིན་ནོ། །ད་ནི་ངོ་བོ་ཉིད་དང་གཞི་དང་རྟེན་དང་རྣམ་པ་གསུམ་གྱིས་སྡིག་པ་བཤགས་པ་བསྟན་པའི་ཕྱིར། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ན། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ངོ་བོ་ཉིད་ཀྱི་སྒོ་ནས་བདག་གི་ཚེ་འདི་དང་ཚེ་རབས་གཞན་དག་


DTG117_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྡིག་པ་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང་བགྱིས་པ་ལ་རྗེས་སུ་ཡི་རང་བ་ཅི་མཆིས་པའོ། །གཞི་ཅི་ཡིན་ཞེ་ན། གཞི་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གོ །རྟེན་གང་ཡིན་ཞེ་ན། རྟེན་ནི་ལུས་དང་ངག་དང་ཡིད་ཡིན་ཏེ། དེ་དག་ཐམས་ཅད་རྒྱལ་བ་སྲས་དང་བཅས་པ་ཀུན་གྱི་སྤྱན་སྔར་འདུག་པ་དང་འདྲ་བར་ཤིན་དུ་འགྱོད་པའི་ཡིད་ཀྱིས། སྐད་ཅིག་རེ་རེ་ལ་སོ་སོར་བཤགས་ཤིང་བསལ་བར་བགྱིའོ། །ད་ནི་བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་བསྟན་པའི་ཕྱིར། ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱོགས་བཅུའི་འགྲོ་བ་ཀུན་གྱིས་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བསྒོམས་པ་ལས་བྱུང་བའི་བསོད་ནམས་དུས་གསུམ་པ་གང་ལགས་པ་དང་སློབ་པ་གང་ཟག་བདུན་པོ་རྣམས་ཀྱི་གང་ལགས་པ་དང༌། མི་སློབ་པ་དགྲ་བཅོམ་པ་རྣམས་ཀྱི་གང་ལགས་པ་དང༌། རང་རྒྱལ་བ་རྣམ་པ་གཉིས་པོ་བསེ་རུ་ལྟ་བུ་དང༌། ཚོགས་ཤིང་སྤྱོད་པ་རྣམས་ཀྱི་བསོད་ནམས་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དུས་གསུམ་པ་གང་ལགས་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་སེམས་དང་པོ་བསྐྱེད་པ་ནས་བཟུང་བ་གང་ལགས་པ་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་གསུམ་དུ་གཏོགས་པ་རྣམས་རེ་རེ་ཞིང་བརྡར་བཏགས་པའི་བྱང་ཆུབ་ཀྱི་སེམས་དང་པོ་བསྐྱེད་པ་ནས་བཟུང་བའི་བསོད་ནམས་ཀྱི་ཚོགས་ཕ་རོལ་ཏུ་ཕྱིན་པ་དང༌། ཡེ་ཤེས་ལ་སོགས་པ་ལས་བསྐྱེད་པ་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དུས་གསུམ་དུ་གཏོགས་པ་ཚད་མེད་ཅིང་བསམ་གྱིས་མི་ཁྱབ་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་གང་ལགས་པ་དེ་དག་ཐམས་ཅད་ལ་བདག་སྐད་ཅིག་རེ་རེ་ཞིང་རྗེས་སུ་ཡི་རང་ངོ༌། །འགྲོ་བ་ཞེས་བྱ་བའི་སྒྲ་ནི་མ་ལུས་པ་ལ་སྙེགས་པའི་ཕྱིར་སློབ་པ་ལ་སོགས་པའི་བསོད་ནམས་ཀྱང་ནང་དུ་འདུ་བར་འགྲུབ་ན། ཅིའི་ཕྱིར་ལོགས་ཤིག་ཏུ་སྨོས་ཤེ་ན། དེ་ནི་མ་ཡིན་ཏེ། འགྲོ་བས་ན་འགྲོ་བ་སྟེ། སྲེད་པ་དང་བཅས་པས་འཁོར་བར་ཤིན་དུ་འགྲོ་བའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་ཁ་ཅིག་ནི་ཤིན་དུ་འགྲོ་བ་མེད་པའི་ཕྱིར་དང་ཁ་ཅིག་ནི་འགྲོ་བ་ཡང་མེད་པའི་ཕྱིར་འགྲོ་བ་ཞེས་བྱ་བའི་སྒྲར་བརྗོད་དུ་མི་


DTG117_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བས་སོ་སོར་བསྟན་ཏོ། །ད་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བར་བསྟན་པའི་ཕྱིར། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་སྒྲོན་མ་ནི་འགྲོ་བའི་སྒྲོན་མ་གང་དག་ཡིན་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་གྱི་ཕྱི་དང་ནང་གི་མུན་པ་མང་པོ་སེལ་བའི་བདག་ཉིད་ཅན་ཡིན་པའི་ཕྱིར་འཇིག་རྟེན་གྱི་སྒྲོན་མའོ། །བྱང་ཆུབ་རིམ་པར་ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སོ། །མ་ཆགས་བརྙེས་ཞེས་བྱ་བ་ནི་མ་ཆགས་པ་ཉིད་དུ་གྱུར་པ་སྟེ། མངོན་པར་བྱང་ཆུབ་པའི་སྟོབས་ཀྱིས་དངོས་པོའི་ངོ་བོ་ཉིད་མ་ལུས་པར་ཡོངས་སུ་མཁྱེན་པའི་ཕྱིར་ཆགས་པ་ཐམས་ཅད་ལས་ཡང་དག་པར་འདས་པ་མ་ཡིན་ནོ། །ཆོས་ཟབ་མོ་རྟོགས་པར་བྱ་བ་ཡང་དོན་དུ་མི་གཉེར་ཞིང་མངོན་པར་མི་བརྩོན་པ་གཞན་དག་གིས་ཁོང་དུ་ཆུད་པར་དཀའ་འོ་ཞེས་ཆོས་འཆད་པར་མི་སྤྲོ་ཞིང་འཇིག་རྟེན་གྱི་ཁམས་སྣ་ཚོགས་ན་བྱང་ཆུབ་ཀྱི་ཞིང་དམ་པའི་དྲུང་ན་བཞུགས་པ་གང་དག་ལགས་པ་འཇིག་རྟེན་གྱི་མགོན་པོ་དེ་དག་ཐམས་ཅད་ལ། འགྲོ་བའི་མི་ཤེས་པའི་མདུན་པ་བསལ་ཞིང་བླ་ན་མེད་པའི་ཡེ་ཤེས་ཀྱི་སྣང་བ་འབྱུང་བར་བྱ་བའི་ཆེད་དུ། ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བའི་ཕྱིར་རེ་རེའི་སྤྱན་སྔ་ན་བདག་པུས་མོས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་འདུག་བཞིན་དུ་བསྐུལ་ལོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་བཞུགས་པར་གསོལ་བ་ནི། མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །གང་ཞེས་བྱ་བ་ནི་བྱེ་བྲག་མ་ཕྱེ་བའི་སྐབས་ཡིན་པའི་ཕྱིར། ཕྱོགས་བཅུའི་འཇིག་རྟེན་གྱི་སྒྲོན་མ་ཞེས་བྱ་བ་ཁོ་ན་དང་སྦྱར་ཏེ། ཕྱོགས་བཅུ་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་མྱ་ངན་ལས་འདས་པ་སྟོན་པར་བཞེད་པ་དེ་དག་ཐམས་ཅད་ལ་ཡུན་རིང་དུ་བཞུགས་པར་བདག་གསོལ་ཞེས་དོན་དུ་གཉེར་རོ་ཞེས་བྱ་བ་ཡིན་ནོ། །དུས་ཇི་སྲིད་ཅིག་ཏུ་ཞེ་ན། དུས་གསུམ་དུ་གཏོགས་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཐམས་ཅད་དང་མཉམ་པའི་བསྐལ་པར་བཞུགས་པར་རོ། །


DTG117_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་ཕྱིར་ཞེ་ན། འགྲོ་བ་མགོན་མེད་པ་ཐམས་ཅད་ལ་ཕན་ཞིང་བདེ་བར་བྱ་བའི་ཕྱིར་ཏེ། དེ་ལ་ཕན་པ་ནི་ཤིན་ཏུ་གྲུབ་པ་དང་བདེ་བ་མྱ་ངན་ལས་འདས་པའི་ལམ་ཐོབ་པ་ཡིན་ནོ། །བདེ་བ་ནི་ལྷའི་རྨད་དུ་བྱུང་བ་བརྙེས་པའོ། །ད་ནི་ཇི་སྐད་བསྟན་པའི་བསོད་ནམས་ཀྱི་ཕུང་པོ་ཕྱག་འཚལ་ལ་སོགས་པས་ཀུན་ནས་བསླང་བའི་ཡོངས་སུ་བསྔོ་བ་ནི། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་འཚལ་བ་དང་མཆོད་པ་དང་སྡིག་པ་བཤགས་པ་དང༌། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། དེ་བཞིན་གཤེགས་པ་བཞུགས་པར་གསོལ་བའི་དགེ་བ་ཅུང་ཟད་བདག་གིས་བསགས་ཤིང་བསྒྲུབས་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ་ཞེས་བྱ་བ་ཡིན་ནོ། །དེ་ནི་དེའི་རབ་ཏུ་དབྱེ་བ་སྟེ་བརྒྱད་པའོ། །དེའི་རབ་ཏུ་དབྱེ་བ་ནི་ཀུན་དུ་བཟང་པོའི་སྤྱོད་པའི་སྨོན་ལམ་དེ་ཡན་ལག་ཏུ་རབ་ཏུ་དབྱེ་བ་ཡིན་ནོ། །དེ་ཡང་རྣམ་པ་བཅུ་དྲུག་སྟེ་འདི་ལྟ་སྟེ། བསམ་པ་དང༌། བྱང་ཆུབ་ཀྱི་སེམས་མི་བརྗེད་པ་དང༌། ཆགས་པ་མེད་པར་སྦྱོར་བ་དང༌། སེམས་ཅན་ལ་ཕན་གདགས་པ་དང༌། གོ་ཆ་དང་སྐལ་པ་མཐུན་པའི་བྱང་ཆུབ་སེམས་དཔའ་དང་ཕྲད་པ་དང༌། དགེ་བའི་བཤེས་གཉེན་མགུ་བར་བྱ་བ་དང༌། དེ་བཞིན་གཤེགས་པ་མངོན་དུ་བྱ་བ་དང༌། །དམ་པའི་ཆོས་ཡོངས་གཟུང་བ་དང༌། །མི་ཟད་པའི་མཛོད་རྙེད་པ་དང༌། འཇུག་པ་དང༌། སྟོབས་དང༌། གཉེན་པོ་དང༌། ལས་དང༌། རྗེས་སུ་སློབ་ཅིང་ཡོངས་སུ་བསྔོ་བ་དང༌། བསྡུ་བའོ། །དེ་ལ་བསམ་པ་ནི་རྣམ་པ་དང་པོ་ཡིན་ནོ། །དེ་ཡང་རྣམ་པ་གསུམ་སྟེ། དེ་བཞིན་གཤེགས་པ་ལ་མཆོད་ཅིང་དགོངས་པ་ཡོངས་སུ་རྫོགས་པར་བསམ་པ་ནི་འདས་པའི་སངས་རྒྱས་རྣམས་དང་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །མཆོད་པར་གྱུར་ཅེས་བྱ་བ་ནི་བླ་ན་མེད་པའི་མཆོད་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདའ་བར་བསྟན་པ་རྣམས་དང༌། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྣ་ཚོགས་དག་ན་གཞེས་ཤིང་བཞུགས་ལ། འགྲོ་བ་མཐའ་


DTG117_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་ཕན་པ་དང་བདེ་བ་བསྐྱེད་པ་ལྷུར་མཛད་པ་གང་དག་ཡིན་པ་དེ་དག་ལ་ཡང་དེ་བཞིན་དུ་མཆོད་བར་གྱུར་ཅིག །མ་འོངས་པ་ན་འབྱུང་བར་འགྱུར་བ་གང་དག་ཡིན་པ་དེ་དག་ཀྱང་ཐུགས་ལ་དགོངས་པ་ཡོངས་སུ་རྫོགས་ནས་མྱུར་དུ་ཐོགས་པ་མེད་པར་བྱང་ཆུབ་རྣམ་པར་སངས་རྒྱས་པར་སྤྱོན་ཅིག་ཅེས་བྱ་བ་ཡིན་ཏེ། ཕྱེད་གོང་མས་ནི་དེ་བཞིན་གཤེགས་པ་ལ་མཆོད་པའི་བསམས་པ་བསྟན་ཏོ། །ཕྱེད་འོག་མས་ནི་དགོངས་པ་ཡོངས་སུ་རྫོགས་པའི་བསམ་པ་བསྟན་ཏོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བའི་བསམ་པ་ནི། ཕྱོགས་བཅུ་ག་ལའི་ཞིང་རྣམས་ཇི་སྙེད་པ། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། ག་ལའི་ཞེས་བྱ་བ་ནི་གང་ཡང་རུང་བའོ། །ཇི་སྙེད་པ་ཞེས་བྱ་བ་ནི་ཅི་ཡོད་པ་སྟེ། ཕྱོགས་བཅུ་ན་སངས་རྒྱས་ཀྱི་ཞིང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རེ་རེ་ཞིང་ཡང་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་གཏོས་ལྟ་བུར་རྒྱ་ཆེ་ཞིང་ཡངས་པ་དང༌། བདེ་བ་ཅན་ལྟ་བུར་ཡོངས་སུ་དག་པར་གྱུར་ལ། བྱང་ཆུབ་ཀྱི་ཤིང་གི་དབང་པོའི་དྲུང་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀུན་ནས་ཡོངས་སུ་གང་ཞིང༌། བར་མཚམས་མེད་པར་ཁྱབ་པར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་བསམ་པ་ནི། ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། ཕྱོགས་བཅུའི་སེམས་ཅན་འགྲོ་བ་ལྔ་པོ་སྐྱེ་གནས་བཞིས་བསྡུས་པ་གང་ཡང་རུང་བ་ཇི་སྙེད་པ་དེ་དག་ཐམས་ཅད་རྟག་ཏུ་རྒྱུན་མི་འཆད་པར་ལུས་དང་སེམས་ཀྱི་ནད་དང་བྲལ་ཞིང་མེད་པར་གྱུར་ལ། ངན་སོང་བ་མ་ཡིན་པའི་བདེ་བ་མཆོག་གིས་བདེ་བར་གྱུར་ཅིག །དེ་དག་གི་ཆོས་དང་མཐུན་པའི་དོན་རྙེད་པ་གང་ཡིན་པ་དེ་ཡང་མཐུན་ཞིང་འཆམ་པར་གྱུར་ལ། འགྲོ་བ་ཐམས་ཅད་ཀྱི་ཆོས་དང་མཐུན་པའི་བསམ་པ་ཡང་རྟག་ཏུ་འགྲུབ་ཅིང་འབྱོར་བར་ཤོག་ཅིག་ཅེས་བྱ་བ་ཡིན་ནོ། །ཚིགས་སུ་བཅད་པ་བཞིས་ནི་མི་མཐུན་པའི་ཕྱོགས་སྤང་བ་གཉེན་པོ་དང་བཅས་པ་བསྟན་ནས། རྣམ་པ་གཉིས་བ་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་བཤད་དེ། བྱང་ཆུབ་སྤྱོད་པ་


DTG117_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

དག་ནི་བདག་སྤྱོད་ཅིང༌། །ཞེས་བྱ་བ་ནས། དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག །ཅེས་བྱ་བའི་བར་གང་གསུངས་པ་ཡིན་ནོ། །བྱང་ཆུབ་ཅེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། དེའི་ཆེད་དུ་སྤྱོད་པ་ནི་བྱང་ཆུབ་སྤྱོད་པ་སྟེ། དེ་བདག་སྤྱོད་ཅིང་སྒྲུབ་ལ་འགྲོ་པ་ཐམས་ཅད་དུ་སྐྱེ་བ་དྲན་པར་གྱུར་ཅིག །ཚེ་རབས་ཐམས་ཅད་དུ་འཆི་འཕོ་སྐྱེ་བ་སྟེ་འཆི་འཕོ་བ་དང་སྐྱེ་བ་ན་ཡང་བདག་རྟག་ཏུ་རབ་ཏུ་འབྱུང་བར་ཤོག་ཅིག་ཅེས་བྱ་བ་ཡིན་ནོ། །འཆི་འཕོ་བ་དང་སྐྱེ་བ་དག་གི་བར་གྱི་གནས་སྐབས་ནི་ཤུགས་ཀྱིས་བསྟན་པ་ཁོ་ནར་བལྟ་བར་བྱ་སྟེ། འདི་ནི་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་རྒྱུ་དང་པོ་ཡིན་ནོ། །དེ་བཞིན་དུ། རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་གསུམ་དུ་གཏོགས་པའི་རྒྱལ་བ་ཐམས་ཅད་ཀྱི་བསླབ་པའི་རྗེས་སུ་སློབ་པར་གྱུར་ཏེའོ། །བཟང་པོ་སྤྱོད་པ་ཞེས་བྱ་བ་ནི་སྤྱོད་པ་བཟང་བོའོ། །ཡོངས་སུ་རྫོགས་བྱེད་ཅིང་ཞེས་བྱ་བ་ནི་ཡོངས་སུ་རྫོགས་ཤིང་མཐར་ཕྱིན་པར་བྱེད་པའོ། །ཅི་ཞིག་བྱ་ཞེ་ན། ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པ། རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །ཅེས་བྱ་བ་སྨོས་ཏེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་གློ་བུར་གྱི་དྲི་མ་དང་བྲལ་བའི་ཕྱིར། དྲི་མ་དང་བྲལ་བ་ཉིད་ཀྱིས་དྲི་མ་མེད་པ། གཡའི་སྐྱོན་དང་བྲལ་བའི་ཕྱིར། རང་བཞིན་གྱིས་ཡོངས་སུ་དག་པ་སྟེ། དེ་ཉིད་ཀྱི་ཕྱིར་མ་ཉམས་ཤིང་སྐྱོན་མེད་ལ། སེམས་ཅན་གྱི་འདོད་པ་ཕུན་སུམ་ཚོགས་པར་བྱེད་པ་དང༌། ཡོངས་སུ་གདུང་བ་ཐམས་ཅད་སེལ་བ་དང༌། ནད་ཐམས་ཅད་དང་བྲལ་བ་དང༌། དུས་མ་ཡིན་པར་འཆི་བ་རབ་ཏུ་ཞི་བར་བྱེད་པ་ལྟ་བུར་གཞན་གྱི་དོན་སྒྲུབ་པ་འབའ་ཞིག་ཏུ་ཟད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱང་རིན་པོ་ཆེ་བཞིན་དུ་རིན་པོ་ཆེ་ཡིན་ཏེ། ལས་དང་ཉོན་མོངས་པ་གློ་བུར་བ་དང་མ་འདྲེས་པའི་ཕྱིར་དྲི་མ་དང་བྲལ་བ་ཉིད་ཀྱིས་དྲི་མ་མེད་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་སེམས་བསྐྱེད་པའི་གཡའི་སྐྱོན་དང་བྲལ་བའི་ཕྱིར་དང༌། མེད་ན་མི་འབྱུང་བ་ཉིད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་པོ་བསྐྱེད་པ་རིན་པོ་ཆེའི་རྒྱུ་ལས་


DTG117_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་ཕྱིར། ཀུན་ནས་ཡོངས་སུ་དག་པས་ན་ཡོངས་སུ་དག་པ་སྟེ། བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ལ་གུས་པར་བྱེད་པ་ཉིད་ཀྱིས་ལྟུང་བ་ཀུན་དུ་མི་འབྱུང་བའི་ཕྱིར་བསླབ་པ་མ་ཉམས་པའི་སྒོ་ནས་མ་ཉམས་ཤིང༌། ཡུལ་ཉམས་སུ་མྱོང་བ་འདས་པ་ལ་བལྟས་པའི་སྲེད་པ་དང༌། མ་འོངས་པ་ལ་མངོན་པར་དགའ་བའི་སྲེད་བ་དང༌། ད་ལྟར་བྱུང་བ་ལ་ལྷག་པར་ཆགས་པའི་སྲེད་པ་སྐྱེ་བ་དུས་གསུམ་པའི་སྲིད་པའི་ཁབ་འདི་དག་གིས་ཅུང་ཟད་ཀྱང་མ་གཙེས་པའི་ཕྱིར་སྐྱོན་མེད་ལ། ས་ལྟ་བུར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོན་ཏན་རྣམས་ཀྱི་གཞིར་གྱུར་པའི་ཕྱིར་འགྲོ་བ་མཐའ་དག་གི་འདོད་པ་ཕུན་སུམ་ཚོགས་པར་བྱེད་པ་དང༌། ཡོངས་སུ་གདུང་བ་ཐམས་ཅད་སེལ་བ་དང༌། ནད་ཐམས་ཅད་དང་བྲལ་བ་དང༌། ལྷ་དང་མི་དག་གི་ནང་ན་ཚེ་དཔག་ཏུ་མེད་པར་བྱེད་པ་ལྟ་བུ་གཞན་གྱི་དོན་སྒྲུབ་པ་ལ་ཞུགས་པ་འབའ་ཞིག་ཏུ་ཟད་དོ། །ངེས་པའི་ཚིག་ཏུ་ན། ལུས་དང་སེམས་ཀྱི་ཡོངས་སུ་གདུང་བ་སེལ་བའི་སྒོ་ནས་བསིལ་བར་གྱུར་པའི་ཕྱིར་ཚུལ་ཁྲིམས་ཞེས་བྱ་བའོ། །ཚུལ་ཁྲིམས་སྤྱོད་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཉིད་སྤྱོད་པས་ཚུལ་ཁྲིམས་སྤྱོད་པའོ། ཚུལ་ཁྲིམས་སྤྱོད་པ་དྲི་མ་མེད་པ་ཡོངས་སུ་དག་པ། མ་ཉམས་པ་སྐྱོན་མེད་པ་དེ་ལྟ་བུ་དེ་བྱང་ཆུབ་ཀྱི་བར་དུ་སྤྱོད་པར་ཤོག་ཤིག་ཅེས་བྱ་བ་ཡིན་ཏེ། འདི་ནི་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་རྒྱུ་གཉིས་པ་ཡིན་ནོ། །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །ཅེས་བྱ་བ་ལ་སོགས་པ་ནི། ལྷ་རྣམས་ཀྱི་ནང་དུ་ནི་ལྷའི་སྐད་ཀྱིས་སོ། །ཀླུ་དང་གནོད་སྦྱིན་དང་གྲུལ་བུམ་དང་མི་རྣམས་ཀྱི་ནང་དུ་ནི་དེ་དག་གི་སྒྲ་དང་སྐད་ཀྱིས་སོ་མདོར་ན་འགྲོ་བ་མཐའ་དག་གི་སྐད་ཇི་སྙེད་ཡོད་པ་དེ་དག་གིས་དེ་དང་དེ་དག་ལ་སོ་སོར་བྱང་ཆུབ་ཀྱི་བར་དུ་དེ་བཞིན་དུ་ཆོས་སྟོན་ཏོ་ཞེས་བྱ་བ་ཡིན་ཏེ་འདི་ནི་རྒྱུ་གསུམ་པ་ཡིན་ནོ། །དེས་ཤིང་ཕ་རོལ་ཕྱིན་ལ་ཞེས་བྱ་བ་ལ་སོགས་པ་དེས་པ་ནི་རྒྱུད་མཉེན་པའོ། །ཕ་རོལ་ཕྱིན་པ་ནི་སྦྱིན་པ་ལ་སོགས་པ་བཅུའོ། །དེ་ལ་རབ་ཏུ་བརྩོན་ཞིང་སྐྱོབ་མེད་པའི་ཡིད་ཀྱིས་བདག་ཉིད་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་དུ་


DTG117_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་ཏེ། བྱང་ཆུབ་གྱི་བར་དུ་བྱང་ཆུབ་ཀྱི་སེམས་རྣམས་ཀྱང་རེ་འགའ་ཡང་བརྗེད་པར་མི་འགྱུར་ཞིང་འབྲལ་བར་མ་གྱུར་ཅིག་ཅེས་བྱ་བ་ཡིན་ཏེ། འདི་ནི་རྒྱུ་བཞི་པ་ཡིན་ནོ། །ཚིགས་སུ་བཅད་པ་ཕྱེད་དང་བཞི་པོ་དེ་དག་གིས་ནི་བྱང་ཆུབ་ཀྱི་སེམས་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་སྒྲིབ་པ་གང་དག་ཡིན་པ་དེ་དག་གི་གཉེན་པོ་བསྟན་པ་ཡིན་ནོ། །ད་ནི་ཚིགས་སུ་བཅད་པ་ཕྱེད་ཀྱིས་མི་མཐུན་པའི་ཕྱོགས་སྤངས་པ་བསྟན་པ་ནི། སྡིག་པ་གང་རྣམས་སྒྲིབ་པར་གྱུར་པ་དག །ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སྡིག་པ་སྒྲིབ་པར་གྱུར་པ་བྱང་ཆུབ་ཀྱི་སེམས་ཀྱི་བར་ཆད་བྱེད་པ་གང་དག་ཡིན་པ་དེ་དག་མ་ལུས་པར་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་བྱང་ཞིང་སྤོང་བར་ཤོག་ཤིག་ཅེས་བྱ་བ་ཡིན་ནོ། །ད་ནི་གང་ལས་དང༌། གང་དུ་དང༌། ཇི་ལྟར་ཞེས་རྒྱུ་གསུམ་གྱིས་རྣམ་པ་གསུམ་པ་ཆགས་པ་མེད་པར་སྦྱོར་བ་སྟོན་པ་སྟེ། ལས་དང་ཉོན་མོངས་བདུད་ཀྱི་ལས་རྣམས་ལས། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གང་ལས་ཞེ་ན། ལས་དང་ཉོན་མོངས་པ་དང་བདུད་ཀྱི་ལམ་ལས་སོ། །ལས་འདི་ཡང་བྱེ་བྲག་ཏུ་མ་ཕྱེ་བའི་ཕྱིར་དགེ་བ་དང༌། མི་དགེ་བ་དང༌། མི་གཡོ་བའི་ཁྱད་པར་གྱིས་རྣམ་པ་གསུམ་ཆར་བཟུང་སྟེ། དེ་ལས་མི་དགེ་བ་དང་ཉོན་མོངས་པ་དང་བདུད་ཀྱི་ལས་རྣམས་ལས་གྲོལ་ཞིང་དེ་དག་གིས་མི་ཆགས་པར་རྟག་ཏུ་སྤྱད་དོ། །གང་དུ་ཞེ་ན། འཇིག་རྟེན་འགྲོ་བ་རྣམས་སུ་སྟེ་ལྷ་ལ་སོགས་པའི་ནང་དུའོ། །ཇི་ལྟ་བུར་ཞེ་ན། ཇི་ལྟར་པདྨ་ཆུས་མི་ཆགས་པ་བཞིན། །ཞེས་བྱ་བ་སྨོས་ཏེ། ཇི་ལྟར་པདྨ་ཆུ་ལས་སྐྱེས་པ་ཆུས་མི་ཆགས་པ་དེ་བཞིན་དུ་སྡིག་པའི་ལས་དང༌། ཉོན་མོངས་པ་དང༌། བདུད་ཀྱི་ལམ་འཇིག་རྟེན་གྱི་ཆོས་དག་གིས་མ་གོས་པར་སྤྱོད་པ་སྤྱད་དོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་ལས་དགེ་བ་དང་མི་གཡོ་བ་དག་ལ་ཡང་མི་ཆགས་ཤིང་འབྲས་བུ་རྣམ་པར་སྨིན་པ་ལ་མི་ལྟ་བར་འགྲོ་བ་མཐའ་དག་ལ་ཕན་པ་དང་བདེ་བ་བསྐྱེད་པ་འབའ་ཞིག་གི་ཕྱིར་སྤྱད་དེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་ལས་དགེ་བ་དང་མི་གཡོ་བ་དག་ལ་ཡང་མི་ཆགས་ཤིང་འབྲས་བུ་རྣམ་པར་སྨིན་པ་ལ་མི་ལྟ་བར་འགྲོ་བ་མཐའ་དག་ལ་


DTG117_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་པ་དང་བདེ་བ་བསྐྱེད་པ་འབའ་ཞིག་གི་ཕྱིར་སྤྱད་དེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱ་བ་ཁོ་ནས་དྲང་ངོ༌། །ཅི་དང་འདྲ་བར་ཞེ་ན། ཉི་ཟླ་ནམ་མཁར་ཐོགས་པ་མེད་ལྟར་སྤྱད། །ཅེས་བྱ་བ་སྨོས་ཏེ། དཔེར་ན་ཉི་མ་དང་ཟླ་བ་དག་འཇིག་རྟེན་ན་ཡིད་བཞིན་གྱི་ནོར་བུ་བཞིན་དུ་གཞན་གྱི་དོན་བྱེད་པ་ལ་རོ་གཅིག་ཏུ་ཞུགས་པའི་ཕྱིར། རང་གི་དོན་ལ་ཅུང་ཟད་ཀྱང་མ་ཆགས་པར་ཉིན་མཚན་དུ་ནམ་མཁའ་ལ་རྒྱུ་བ་དེ་དང་འདྲ་བར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལ་བདུད་ཅེས་བྱ་བ་ནི་དགེ་བའི་བར་ཆད་བྱེད་པ་སྟེ། བྱང་ཆུབ་ཀྱི་ལམ་འགོག་ཅིང་ཡང་དག་པའི་ལམ་ཟློག་པར་བྱེད་པ་ཡིན་ནོ། །ངེས་པའི་ཚིག་ཏུ་ཆོས་ཀྱི་སྲོག་གི་བར་ཆད་བྱེད་པ་ཡིན་པས་གསོད་པའི་ཕྱིར་བདུད་ཅེས་བྱའོ། །དེའི་ལམ་ནི་ཕན་པའི་དངོས་པོ་ལ་རྒྱུས་འཚེ་བའོ། །རྣམ་པ་བཞི་པ་ཚེ་འདི་དང་ཕྱི་མར་སེམས་ཅན་མ་ལུས་པ་ལ་ཕན་གདགས་པ་ནི། ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར། །ངན་སོང་སྡུག་བསྔལ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། འགྲོ་བའི་ངན་སོང་བའི་སྡུག་བསྔལ་ངན་འགྲོ་གསུམ་ལས་བྱུང་བ་དེ་དག་ཐམས་ཅད་རབ་ཏུ་ཞི་བར་བྱེད་ཅིང་ངོ༌། །ཡང་ཅིའི་ཕྱིར་ན་ངན་སོང་གི་སྡུག་བསྔལ་དག་ཁོ་ན་རབ་ཏུ་ཞི་བ་ཞེས་བྱ་ཞེ་ན། དེ་དག་གིས་ནི་ཤིན་ཏུ་གནོད་པར་བྱེད་པའི་བདག་ཉིད་ཡིན་པའི་ཕྱིར་གཙོར་སྨོས་པར་ཟད་ཀྱི། འཁོར་བ་བའི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་ཅིང་ཞེས་བྱ་བ་ཡིན་པར་རིག་པར་བྱའོ། །དེ་བཞིན་དུ་འགྲོ་བ་ཐམས་ཅད་བདེ་བའི་མཆོག་ལ་ཡང་འགོད་ཅིང་ཞེས་བྱ་བ་ཡིན་ནོ། །ཅི་ཞིག་བྱ་ཞེ་ན། འགྲོ་བ་ཐམས་ཅད་ལ་ཕན་པར་བྱ་ཞིང་ཕན་པ་བསྐྱེད་པར་བྱ་བའི་ཕྱིར་ཏེ། བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་བར་དུ་ཡིད་ཡོངས་སུ་སྐྱེ་བ་མེད་པས་གཞན་དུ་མི་སྦྱོར་བར་སྤྱད་ཅིང་འབད་པར་བྱའོ། །དུས་ཇི་སྲིད་ཅིག་ཏུ་ཞེ་ན། ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར། །ཞེས་བྱ་བ་སྨོས་ཏེ། ཕྱོགས་རྣམས་ན་ཞེས་བྱ་བ་ནི་ཕྱོགས་བཅུ་ནའོ། ཇི་ཙམ་པར་ཞེས་བྱ་བ་ནི་ཇི་སྲིད་པར་རོ། །ཞིང་གི་ཁྱོན་ཅེས་བྱ་བར་ནི་སངས་རྒྱས་ཀྱི་ཞིང་གི་རྒྱུན་ཏེ་བསྐལ་པ་བརྒྱུད་བར་རྒྱུན་


DTG117_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ཇི་སྲིད་པ་དེ་སྲིད་དུ་སྤྱད་དོ་ཞེས་བྱ་བར་སྦྱར་རོ། །རྣམ་པ་ལྔ་པ་ནི་གོ་ཆའོ། །དེ་ཡང་སེམས་ཅན་གྱི་སྤྱོད་པ་དང་མཐུན་པར་འཇུག་པ་དང༌། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པ་དང༌། དམ་པའི་ཆོས་རབ་ཏུ་སྟོན་པ་དང་རྣམ་པ་གསུམ་སྟེ། བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང༌། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཆེད་དུ་སྤྱོད་པ་ནི་བྱང་ཆུབ་སྤྱོད་པའོ། །དེ་ཡོངས་སུ་རྫོགས་པར་བྱེད་པ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་སྐྱེད་པར་བྱེད་ཅིང་ཞེས་བྱ་བའི་ཐ་ཚིག་གོ །སེམས་ཅན་དག་གི་སྤྱོད་དང་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཚེ་རབས་ཐམས་ཅད་དུ་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་ཀུན་ཤེས་པར་བྱས་ནས། རང་བཞིན་གྱིས་གཡོ་མེད་པ་དང༌། འགྲོགས་ན་བདེ་བ་དང་མི་མཐུན་པ་མེད་པའི་ངོ་བོས་དེ་དག་དང་མཐུན་པར་འཇུག་ཅིང་ངོ༌། །བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང༌། །ཞེས་བྱ་བ་ལ་བཟང་པོ་སྤྱོད་པ་ནི་འདིར་རབ་ཏུ་སྟོན་པར་བརྗོད་པར་བཞེད་པ་ཡིན་པས་ཆོས་སྟོན་པའི་ངོ་བོ་ཉིད་ཡིན་པར་བཟུང་སྟེ། །དེ་མངོན་པར་རྗོད་པར་བྱེད་པའི་ཚིག་དག་ལ་བཟང་པོ་སྤྱོད་པ་ཉེ་བར་བཏགས་པའི་ཕྱིར་རོ། །ཚིག་དེ་འགྲོ་བ་ལ་རབ་ཏུ་སྟོན་ཅིང་སྟེ་ཡང་དག་པར་རབ་ཏུ་སྟོན་ལ་འཆད་ཅིང་མ་འོངས་པའི་བསྐལ་པ་ཕྱི་མའི་མཐར་སྐྱོ་བ་མེད་པའི་ཡིད་ཀྱིས་སྤྱོད་པར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །རྣམ་པ་དྲུག་པ་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པའི་སྨོན་ལམ་དག་གིས་སྐལ་བ་མཐུན་པའི་བྱང་ཆུབ་སེམས་དཔའ་དང་ཕྲད་པ་ནི། བདག་གི་སྤྱོད་དང་མཐུན་པར་གང་སྤྱོད་པ། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་གང་དག་བདག་གི་སྤྱོད་པ་དང་ཞེས་བྱ་བ་ལ་སྤྱོད་པས་མཚུངས་ཤིང་འདྲ་བ་དེ་དག་དང་བདག་བྱང་ཆུབ་ཀྱི་བར་དུ་རྟག་ཏུ་ལྷན་ཅིག་ཕྲད་ཅིང་འགྲོགས་པར་ཤོག་ཤིག་ཅེས་པ་དང༌། ལུས་དང་ངག་དང་ཡིད་ཀྱིས་དེ་དག་ཁོ་ན་དང་ལྷན་ཅིག་ཀུན་ནས་ཉོན་མོངས་པ་མེད་བའི་གནས་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་གཅིག་པ་དང་སྨོན་ལམ་གཅིག་ཏུ་སྤྱད་པར་བྱའོ་ཞེས་བྱ་བ་ཡིན་ནོ། །རྣམ་པ་བདུན་པ་ཕན་པར་སེམས་པའི་གདམས་ངག་སྒྲུབ་པ་དག་གིས་དགེ་བའི་བཤེས་གཉེན་མགུ་བར་བྱེད་


DTG117_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། བདག་ལ་ཕན་པར་འདོད་པའི་གྲོགས་པོ་གང༌། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། བདག་ལ་ཕན་པར་འདོད་པའི་གྲོགས་པོ་དགེ་བའི་བཤེས་གཉེན་བཟང་པོ་སྤྱོད་པ་སྟོན་ཅིང་འཆད་པར་བྱེད་པ་ཆོས་སྨྲ་བ་གང་དག་ཡིན་པ་དེ་དག་དང་རྟག་ཏུ་འགྲོགས་ཤིང་ཕྲད་པ་དང་དེ་དག་རྣམས་ཀྱང་རེས་འགའ་ཡང་ཅུང་ཟད་ཀྱང་ཡིད་མི་འབྱུང་ཞིང་བྱང་ཆུབ་ཀྱི་བར་དུ་དུས་ཐམས་ཅད་དུ་མཐུན་པར་འཇུག་པར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །རྣམ་པ་བརྒྱད་པ་འཁོར་དང་དུས་དང་མི་སྐྱོ་བ་དང་མཆོད་པའི་བྱ་བ་དག་གིས་དེ་བཞིན་གཤེགས་པ་མངོན་སུམ་དུ་བྱ་བ་ནི། སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། ཕྱོགས་བཅུ་ཀུན་གྱི་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བའི་མགོན་པོ་འགྲོ་བའི་གཉེན་གཅིག་པུ་ལ་ཐོགས་པ་མེད་པའི་མིག་གིས་རྟག་ཏུ་མངོན་སུམ་དུ་ལྷག་གེར་བལྟ་ཞིང་དེ་དག་རེ་རེ་ལ་ཡང་སྐད་ཅིག་ལ་མཆོད་པ་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ནམ་མཁའི་གཏོས་དང་མཉམ་ཞིང་ཆོས་ཀྱི་དབྱིངས་ཁྱབ་པས་མཆོད་པར་བྱའོ་ཞེས་བྱ་བ་ཡིན་ནོ། །དུས་ཇི་སྲིད་ཅིག་ཏུ་ཞེ་ན། མ་འོངས་བསྐལ་པ་ཀུན་དུ་མི་སྐྱོ་བར། །ཞེས་བྱ་བ་སྨོས་ཏེ། མ་འོངས་པའི་བསྐལ་པ་ཕྱི་མའི་མཐའི་མུར་ཐུག་པའི་སྐྱོ་བ་མེད་པའི་ཡིད་ཀྱིས་སོ་ཞེས་བྱ་བ་ཡིན་ནོ། །རྣམ་པ་དགུ་བ་འཛིན་པ་དང༌། སྟོན་པ་དང་སྦྱོང་བ་དག་གིས་དམ་པའི་ཆོས་ཡོངས་སུ་གཟུང་བ་ནི། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང༌། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དུས་གསུམ་པའི་རྒྱལ་བ་རྣམས་ཀྱིས་བཤད་པའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་པ་གང་ཡིན་པ་དེ་དག་ཐམས་ཅད་གཟུངས་ཀྱི་སྟོབས་ཀྱིས་འཛིན་ཅིང་ཡང་དག་པར་འཛིན་པ་དང༌། བྱང་ཆུབ་ཀྱི་སྤྱོད་པ་ཆོས་བཤད་པའི་ངོ་བོ་ཉིད་ཀྱང་འགྲོ་བ་ལ་ཀུན་དུ་སྣང་བར་བྱེད། ཡོངས་སུ་སྣང་བར་བྱེད་ཡང་དག་པར་རབ་ཏུ་སྟོན་པར་བྱེད་ཅིང་ངོ༌། འདིར་ཡང་བྱང་ཆུབ་སྤྱོད་པ་ཞེས་བྱ་བ་ནི་དེ་རབ་ཏུ་སྟོན་པར་བྱེད་པའི་ཚིག་རྣམས་ཁོན་ལ་བྱའོ། །བཟང་པོ་


DTG117_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་རྣམ་པར་སྦྱང་བ་ཡང༌། །ཞེས་བྱ་བ་ལ་བཟང་པོ་སྤྱོད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྟེ། དེ་རྣམ་པར་སྤྱོད་ཞིང་སྐྱོན་མ་ལུས་པ་ཐག་སྲིང་བར་བྱེད་པས་དྲི་མ་དང་བྲལ་བར་བྱེད་པ་མ་འོངས་པའི་བསྐལ་པ་ཐམས་ཅད་དུ་སྤྱད་པར་བྱ་བ་ལ་འབད་པར་བྱའོ། །ཞེས་བྱ་བ་ཡིན་ནོ། །རྣམ་པ་བཅུ་པ་བསོད་ནམས་དང་ཡེ་ཤེས་ལ་སོགས་པའི་ཚོགས་ཡང་དག་པར་འགྲུབ་པའི་སྒོ་ནས་མི་ཟད་པའི་མཛོད་རྙེད་པ་ནི། སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། འདོད་པ་ལ་སོགས་པའི་སྲིད་པ་ཐམས་ཅད་དུ་སེམས་ཅན་གྱི་དོན་གྱི་དབང་གིས་འཁོར་ཞིང་འཁོར་བར་སྐྱེ་བ་ན། འགྲོ་བ་མཐའ་དག་ལ་ཕན་པ་དང་བདེ་བ་བསྐྱེད་པའི་ཕྱིར་བསོད་ནམས་དང་ཡེ་ཤེས་མི་ཟད་པ་རྙེད་ཅིང་ལྡན་པར་གྱུར་ཅིག་ཅེས་པ་དང༌། དེ་བཞིན་དུ་ཐབས་དང་ཤེས་རབ་དག་དང་ཏིང་ངེ་འཛིན་ནམ་མཁའི་མཛོད་དང༌། དྲི་མ་མེད་པའི་ཕྱག་རྒྱ་ལ་སོགས་པ་དང༌། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྙིང་རྗེ་ཆེན་པོ་བཤོལ་བ་མེད་པ་དང༌། སྒྱུ་མ་ལྟ་བུར་གྱུར་པ་ལ་སོགས་པ་ནས་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐུན་མོང་དང༌། ཐུན་མོང་མ་ཡིན་པ་ཐམས་ཅད་ཀྱི་བར་གྱིས་མི་ཟད་པའི་མཛོད་དེ། ཡོན་ཏན་གྱི་ནོར་མི་ཟད་པར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །རྣམ་པ་བཅུ་གཅིག་པ་ནི་འཇུག་པའོ། །དེ་ཡང་རྣམ་པ་བརྒྱད་དེ་འདི་ལྟ་སྟེ། སངས་རྒྱས་དང་དེའི་ཞིང་བལྟ་བར་འཇུག་པ་རྣམ་པ་གཉིས་དང༌། སངས་རྒྱས་ཀྱི་གསུང་འཇུག་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འཇུག་པ་དང༌། བསྐལ་པ་འཇུག་པ་ལ་འཇུག་པ་དང༌། དེ་བཞིན་གཤེགས་པ་ལ་བལྟ་ཞིང་དེའི་སྤྱོད་ཡུལ་ལ་འཇུག་པ་དང༌། སངས་རྒྱས་ཀྱི་ཞིང་མངོན་པར་བསྒྲུབ་པ་ལ་འཇུག་པ་དང༌། བརྒྱད་པ་དེ་བཞིན་གཤེགས་པའི་དྲུང་དུ་འགྲོ་བ་ལ་འཇུག་པའོ། །དེ་ལ་སངས་རྒྱས་དེའི་ཞིང་བལྟ་བར་འཇུག་པ་རྣམ་པ་གཉིས་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་པ་ནི། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། རྡུལ་གཅིག་


DTG117_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྟེང་ན་ཕྱོགས་བཅུ་དུས་གསུམ་དུ་གཏོགས་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་རྣམས་སོ། །ཞིང་དེར་ཞེས་བྱ་བ་ནི་ཞིང་དེ་དང་དེར་རོ། །བསམ་གྱིས་མི་ཁྱབ་ཅེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་སོ། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་ལ། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབུས་ན་བཞུགས་པ་ལའོ། །བྱང་ཆུབ་སྤྱད་པ་སྤྱོད་ཅིང་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ཀུན་དུ་སྒྲུབ་ཅིང་ངོ༌། །བལྟ་བར་བགྱི་ཞེས་བྱ་བ་ནི་བལྟ་བར་བགྱི་ཞིང་འཇུག་པར་བགྱི་པ་ཡིན་ནོ། །དེ་ལྟ་ཡིན་ན་བྱང་ཆུབ་སེམས་དཔའ་རྣམས་མི་སྲིད་པ་དོན་དུ་གཉེར་བས་སྨོན་ལམ་འབྲས་བུ་མེད་པ་ཁོ་ནའོ། །ཞེས་བྱ་བར་མངོན་པ་མ་ཡིན་ནམ། འདི་ལྟར་རེ་ཞིག་སངས་རྒྱས་ཀྱི་ཞིང་གཅིག་དང་རིལ་གྱིས་བྱེ་བྲག་ཏུ་རྡུལ་གཅིག་གི་སྟེང་ན་བལྟ་བར་མི་སྲིད་ན། དེ་ཇི་ལྟར་དུས་གསུམ་དུ་གཏོགས་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་གཅིག་སྟེང་ནམ་ལུས་པ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་འཁོར་གྱི་དབུས་ན་བཞུགས་པ་བགྲང་བ་ལས་འདས་པ་དག་གིས་ཡོངས་སུ་གང་བ་རྣམས། སོ་སོ་ཐ་དད་པར་བྱེ་བྲག་ཏུ་རྡུལ་གཅིག་གི་སྟེང་དུ་བལྟ་བར་བྱའོ་ཞེས་སྨོན་ལམ་འདེབས་ཤེ་ན། དེ་ནི་དེ་ལྟ་མ་ཡིན་ནམ། འདི་ལྟར་ཇི་ལྟར་བསམ་གྱིས་མི་ཁྱབ་པའི་ལས་ཀྱིས་སྤྲུལ་པའི་འཇིག་རྟེན་གྱི་ཁམས་བླ་དང་འོག་དང་འཆོལ་པ་ལ་སོགས་པ་སྣ་ཚོགས་པ་ཐ་དད་པ་དེ་བཞིན་དུ་རྡུལ་གཅིག་གི་སྟེང་དུ་ཡང་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་སྤྲུལ་པ་དེ་ལྟ་བུ་ཅི་སྟེ་མི་སྲིད། བསམ་གྱི་མི་ཁྱབ་པ་ཉིད་ལས་ཀྱང༌། གང་ཚེ་སྟེངས་མཁས་པ་རྣམས། །མིག་འཕྲུལ་གྱི་ནི་རྣམ་པ་ལ། །ཡ་མཚན་ཅུང་ཞིག་ཡོད་མིན་པ། །དེ་ཚེ་ངོ་མཚར་ཅི་ཞིག་ཚེ། །འཇིག་རྟེན་མགོན་པོ་སྐྱོབ་པ་ཡིས། །བསམ་གཏན་ལས་དང་ཀླུ་རྣམས་དང༌། །སངས་རྒྱས་བདག་ཉིད་ཆེ་རྣམས་ཀྱི། །བསམ་གྱིས་མི་ཁྱབ་བཞིར་བཤད་དོ། །ཞེས་གསུངས་ཏེ། དེ་བས་ན་སངས་རྒྱས་ཀྱི་བཀའ་ལ་བློ་མ་བྱང་བ་རྣམས་ཀྱི་དོན་འདི་མི་སྲིད་


DTG117_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདིས་ཀྱང་དེ་ཁོ་ན་ལྟར་ཡིན་ནོ། །ཞེས་དད་པར་བྱ་དགོས་སོ། །འདི་གསལ་རབ་ཏུ་བསྒྲུབས་པས་ན། །གང་ཞིག་སངས་རྒྱས་ཀྱིས་བཤད་པ། ལྐོག་ཏུ་གྱུར་པ་དག་ལ་ནི། །ཐེ་ཚོམ་སྐྱེ་བ་དེ་ཡིས་འདིར། །སྟོང་པ་ཉིད་དུ་ཡིད་ཆེས་བྱ། །འཇིག་རྟེན་ན་རེ་ཞིག་སྣོད་ཆུང་དུ་ཆུ་དངས་པས་གང་བའི་ནང་ན་ཡང་གཟའ་དང་རྒྱུ་སྐར་དང་སྐར་མ་ལ་སོགས་པས་བརྒྱན་པའི་ནམ་མཁའ་ཐམས་ཅད་སྣང་བ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། ཆོས་རྣམས་གཟུགས་བརྙན་ལྟ་བུ་དང༌། །རབ་རིབ་རྨི་ལམ་མཚན་ཉིད་དང༌། །སྒྱུ་མ་སྨིག་རྒྱུ་འདྲ་བ་དང༌། །དྲི་ཟའི་གྲོང་ཁྱེར་ལྟ་བུ་ཡིན། །ཞེས་གསུངས་ཏེ། འདི་ནི་འོག་ནས། གང་ཡང་དུས་གསུམ་ངག་གི་ཞིང་བཀོད་པ། །ཞེས་འབྱུང་བའི་ཚིགས་སུ་བཅད་པ་ཡང་འདིར་གསལ་བར་བྱའོ། །དེ་ལྟར་མ་ལུས་ཕྱོགས་རྣམས་ཞེས་བྱ་བ་ལ་སོགས་པ་ནི་རྡུལ་གཅིག་གི་སྟེང་དུ་ཇི་ལྟ་བ་དེ་བཞིན་དུ་ཕྱོགས་བཅུ་མཐའ་དག་མ་ལུས་པ་ཐམས་ཅད་དུའོ། །སྐྲ་ཙམ་ཁྱོན་ལ་ཞེས་བྱ་བ་ནི་སྐྲའི་ཁྱོན་ཏེ། སྐྲའི་རྩེ་མོ་ཙམ་གྱི་གོ་སྐབས་ལ་དུས་གསུམ་གྱི་ཚད་སྙེད་ཀྱི་སངས་རྒྱས་རྒྱ་མཚོ་དང༌། དེའི་ཞིང་རྒྱ་མཚོ་དག་ལའོ། །སྤྱོད་ཅིང་ཞེས་བྱ་བ་ནི་སྤྱོད་པ་ལ་འཇུག་ཅིང་ངོ༌། །བསྐལ་པ་བརྒྱ་མཚོར་རབ་ཏུ་འཇུག་ཅེས་བྱ་བ་ནི་འཇུག་པར་བྱ་ཞེས་བྱ་བ་ཡིན་ནོ། །སངས་རྒྱས་ཀྱི་གསུང་ལ་འཇུག་པ་ནི། གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཆོས་གཅིག་སྟོན་པ་ན་ཉན་པའི་སྐྱེ་བོ་བགྲང་བ་ལས་འདས་པའི་མོས་པ་ཐ་དད་པའི་སྒོ་ནས་ཅིག་ཅར་དུ་དོན་གཞན་དང་ཚིག་དང་ཡི་གེ་གཞན་དང་གཞན་དཔག་ཏུ་མེད་པ་དག་གི་གསུང་གི་ཡན་ལག་རྒྱ་མཚོ་དཔག་ཏུ་མེད་པ་དང་ལྡན་པར་གྲགས་པས། ཕྱོགས་བཅུ་དུས་གསུམ་དུ་གཏོགས་པའི་རྒྱལ་བ་དེ་ཁོ་ན་བཞིན་དུ་ཆོས་སྟོན་པ་ཐམས་ཅད་ཀྱི་དབྱངས་ཀྱི་ཡན་ལག་རྣམ་པར་དག་པ་ཆོས་ཉན་པའི་སྐྱེ་བོ་དཔག་ཏུ་མེད་པའི་བསམ་པ་ཇི་ལྟ་བའི་དབྱངས་གང་ཡིན་པའི་སངས་རྒྱས་ཀྱི་གསུང་དེ་ལྟ་བུ་དེ་ལ་དོགས་པ་མེད་པའི་རྣ་བས་དེ་བཞིན་གཤེགས་པ་རེ་རེའི་གསུང་གི་ཡན་ལག་རྒྱ་མཚོ་དེ་དག་ལ་འཇུག་པར་བྱ་ཞིང་མ་ལུས་པར་ཡིད་ལ་བྱའོ་ཞེས་བྱ་བ་ཡིན་ནོ། །དེ་སྐད་དུ། མོས་པ་དུ་མ་


DTG117_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ། །མང་པོ་ཉེ་བར་འཁོད་པ་ལ། །གསུང་གཅིག་བཀའ་ནི་བསྩལ་མོད་ཀྱིས། །དུ་མ་གཅིག་ཏུ་དགའ་བ་སྟེ། །འདི་དག་ཁོ་ནའི་ཆེད་ཡིན་ཞེས། །འགྲོ་བ་ཀུན་གྱིས་རྟོག་པ་གང༌། །དེ་ལ་ཡ་མཚན་ཆེ་ཅི་མཆིས། །དེ་ལ་ངོ་མཚར་ཅི་ཞིག་མཆིས། །ཞེས་གསུངས་སོ། །དེ་བཞིན་དུ་འཕགས་པ་སྡོང་པོ་བཀོད་པའི་མདོ་འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས་ཀྱང༌། གང་ཞིག་སྐད་ཅིག་འདུག་ནས་མ་རྨོངས་པར། །བསྐལ་པ་དུང་ཕྱུར་བྱེ་བ་མང་པོ་ཕྱོགས་བཅུ་ཡི། །བདེ་གཤེགས་ཆོས་སྤྲིན་ཉན་པར་ངོམས་པའི་སེམས་མེད་པ། །འདི་ནི་བློ་ཚེན་རྒྱ་མཚོ་ལྟ་བུའི་གནས་པ་ཡིན། །ཞེས་གསུངས་ཏེ། །ཚིགས་སུ་བཅད་པ་སྔ་མ་གཉིས་ཀྱིས་ནི་འཆད་པ་པོའི་ཆེ་བའི་བདག་ཉིད་བསྟན་ཏོ། །ཚིགས་སུ་བཅད་པ་འོག་མས་ནི་ཉན་པའི་སྐྱེ་བོའི་ཆེ་བའི་བདག་ཉིད་བསྟན་ཏོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འཇུག་པ་ནི། དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་དག ། ཅེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །དེ་དག་གི་ཞེས་བྱ་བ་ནི་དུས་གསུམ་དུ་གཏོགས་པའི་རྒྱལ་བ་འཁོར་ལོའི་ཚུལ་བསྐོར་ཞིང་རབ་ཏུ་བསྐོར་བར་མཛད་པ་དེ་དག་ཐམས་ཅད་ཀྱིས་ཏེ། དེ་དག་གི་གསུང་དབྱངས་ཟད་མི་ཤེས་ཤིང་བགྲང་བ་ལས་འདས་པ་གང་དག་ཡིན་པ་དེ་དག་ལའོ། །བློ་ཡི་སྟོབས་ཀྱིས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཆེ་བའི་བདག་ཉིད་ཀྱིས་ཏེ་ཅིག་ཅར་དུ་འཇུག་ཅིང་རབ་ཏུ་འཇུག་པར་བྱའོ། །ཚུལ་ནི་འདིར་ཐབས་གང་དང༌། ཆོས་བཤད་པ་གང་གིས། དུས་གང་གི་ཚེ། ཡུལ་གང་དུ་སེམས་ཅན་མོས་པ་སྣ་ཚོགས་པ་རྣམས་འདུལ་བར་འགྱུར་བ་དེ་ཡིན་པར་བལྟའོ། །དབྱངས་ཞེས་བྱ་བའི་སྒྲ་ནི་འདིར་ཚིག་ཁ་བསྐང་བའི་དོན་ཡིན་ནོ། །བསྐལ་པ་འཇུག་པ་ལ་འཇུག་པ་ནི། མ་འོངས་བསྐལ་པ་ཐམས་ཅད་འཇུག་པར་ཡང༌། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །མདོར་ན་བདག་གི་ཡེ་ཤེས་ཀྱི་སྐད་ཅིག་གིས་ཕྱོགས་བཅུར་བསྟོད་པའི་མ་འོངས་པའི་བསྐལ་པ་འཇུག་པ་ཞེས་བྱ་བའི་བསྐལ་པ་བརྒྱུད་པར་འཇུག་པར་བགྱིའོ་ཞེས་བྱ་བ་ཡིན་ནོ། །གང་ཡང་བསྐལ་པ་དུས་གསུམ་ཚད་དེ་དག །ཅེས་པ་ནི་དུས་གསུམ་དུ་བགྲང་བ་དེ་དག་ཐམས་ཅད་ཡེ་ཤེས་ཀྱི་སྐད་ཅིག་མའི་ཆ་ཤས་ཞེས་བྱ་བ་ཡེ་ཤེས་ཀྱི་ཕྱོགས་


DTG117_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་ཞུགས་ཤིང་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་བལྟ་ཞིང་དེའི་སྤྱོད་ཡུལ་ལ་འཇུག་པ་ནི། དུས་གསུམ་གཤགས་པ་མི་ཡི་སེང་གེ་དག །ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཕྱོགས་བཅུ་དུས་གསུམ་དུ་གཏོགས་པའི་མིའི་སེང་གེ། སངས་རྒྱས་བཅོམ་ལྡན་འདས་གང་དག་ཡིན་པ་དེ་དག་བདག་གིས་ཡེ་ཤེས་གྱི་སྐད་ཅིག་རེ་རེ་ལ་བལྟ་ཞིང་བརྟག་པར་བྱའོ་ཞེས་བྱ་བ་ཡིན་ནོ། །དེ་དག་གི་སྤྱོད་ཡུལ་ནི་ཡུལ་ལོ། །སྒྱུ་མར་གྱུར་པའི་རྣམ་ཐར་སྟོབས་ཀྱིས་འཇུག །ཅེས་བྱ་བ་ནི་རྟག་ཏུ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྒྱུ་མར་གྱུར་པ་ཞེས་བྱ་བ་ཡེ་ཤེས་ཀྱི་ངོ་བོ་ཉིད་དེའི་སྟོབས་གྱིས་འཇུག་པར་བྱའོ་ཞེས་བྱ་བ་ཡིན་ནོ། །སངས་རྒྱས་ཀྱི་ཞིང་མངོན་པར་སྒྲུབ་པ་ལ་འཇུག་པ་ནི། གང་ཡང་དུས་གསུམ་དག་གི་ཞིང་བཀོད་པ། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། དུས་གསུམ་དག་གི་ཞིང་བཀོད་པ། །ཞིང་གི་ཚོགས་གང་དག་ཡིན་པ་དེ་དག་རྡུལ་གཅིག་གི་སྟེང་དུ་མངོན་པར་སྒྲུབ་ཅིང་མངོན་པར་བསྒྲུབ་པར་བྱའོ། །ཞེས་བྱ་བ་ཡིན་ནོ། །དེ་ལྟར་ཕྱོགས་རྣམས་མ་ལུས་ཐམས་ཅད་དུ། །ཞེས་བྱ་བ་ནི། དེ་ལྟར་ཕྱོགས་མ་ལུས་པར་རྡུལ་རེ་རེའི་སྟེང་དུ་དེ་ཁོ་ན་བཞིན་དུ་ཞིང་བཀོད་པ་མངོན་པར་བསྒྲུབས་ནས་ཡེ་ཤེས་ཀྱི་སྐད་ཅིག་གིས་འཇུག་པར་བྱའོ། །ཞེས་བྱ་བ་ཡིན་ནོ། །རེ་ཞིག་ད་ལྟར་གྱི་སངས་རྒྱས་ཀྱི་ཞིང་ངོ་བོ་ཉིད་དང་ཚད་དང་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་ཐ་དད་པ་ཐམས་ཅད་ཀྱང༌། མ་འཚོལ་པར་རྡུལ་གཅིག་གི་སྟེང་དུ་བཞག་པར་མི་སྲིད་ན། སངས་རྒྱས་ཀྱི་ཞིང་དུས་གསུམ་དུ་གཏོགས་པ་དེ་བཞིན་དུ་ངོ་བོ་ཉིད་ལ་སོགས་པའི་བྱེ་བྲག་ཐ་དད་པ་མ་ལུས་པ་རྣམས་ཕྱོགས་བཅུར་བར་མཚམས་མེད་པ་རྡུལ་རེ་རེའི་སྟེང་དུ་མ་འཆོལ་བར་ཇི་ལྟར་འཇོག་པར་འགྱུར། དེའི་ཕྱིར་འདི་ཇི་ལྟར་ཡིད་ཆེས་པར་བྱ་ཞེ་ན། འདིར་བཤད་པ། འདི་ལྟར་ཆོས་ཐམས་ཅད་ནི་ཡོངས་སུམ་གྲུབ་པ་ངོ་བོ་ཉིད་མེད་པ་སྒྱུ་མ་ལྟ་བུ། །རྨི་ལམ་ལྟ་བུ། མ་སྐྱེས་པ། མ་འགགས་པ། སྐྲ་ཤད་འཛིངས་པ་ལྟ་བུ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟར་མོས་པ་བཞིན་རྟོག་པ་ཙམ་གྱིས་རབ་ཏུ་ཕྱེ་བ་རྣམ་པ་སྣ་ཚོགས་དུ་མའི་ངོ་བོ་ཉིད་


DTG117_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། ཏིང་ངེ་འཛིན་རྣམ་པར་ཐར་བའི་ཁྱད་པར་རྣམ་པ་སྣ་ཚོགས་རྣམ་པ་མང་པོ་ཤིན་དུ་བསྒོམས་པ་དག་གིས་ཉེ་བར་བཀོད་པ་བསམ་གྱིས་མ་ཁྱབ་པ་ཉམས་སུ་མྱོང་བར་བྱེད་པ་ན་རང་གིས་བསྒོམས་པའི་ལམ་འདི་དག་གསལ་བར་རབ་ཏུ་འགྱུར་རོ། །འཇིག་རྟེན་ན་ཡང་མིག་འཕྲུལ་མཁན་གོམས་པ་ཅུང་ཟད་ཙམ་ལས་སྐྱེས་པའི་མཐུ་ཅན་དག་སྒྱུ་མ་ཤིན་ཏུ་ངོ་མཚར་དང་ལྡན་པ་རབ་ཏུ་སྒྲུབ་པར་སྣང་བ་ཉིད་དེ། དེ་ལྟ་བས་ན་འདི་དག་ཐམས་ཅད་ནི། ཇི་ལྟར་བཤད་པ་བཞིན་ཡིད་ཆེས་པར་བྱའི། འདི་ལ་ཡིད་གཉིས་ནི་ཅུང་ཟད་ཀྱང་མི་བྱའོ། །བརྒྱད་པ་དེ་བཞིན་གཤེགས་པའི་དྲུང་དུ་འགྲོ་བ་ལ་འཇུག་པ་ནི། གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། གང་ཡང་མ་བྱོན་པའི་འཇིག་རྟེན་གྱི་སྒྲོན་མ་སངས་རྒྱས་བཅོམ་ལྡན་འདས་ཕྱི་མའི་མཐའི་མུར་ཐུག་པར་རྟོགས་པ་བགྲང་བ་ལས་འདས་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁའི་ཁམས་ཀྱི་མཐའ་ཐུག་པ་གཞན་དང༌། གཞན་དག་ཏུ་སྐད་ཅིག་རེ་རེ་ལ་དུས་མཉམ་པ་ཉིད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་རྣམས་དང༌། དེ་བཞིན་དུ་གཞན་དུས་མཉམ་པ་ཉིད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་བ་རྣམས་དང༌། དེ་བཞིན་དུ་གཞན་མྱ་ངན་ལས་འདས་པ་སྟོན་པར་འགྱུར་པ་རྣམས་སོ། །དེའི་ཕྱིར་དེ་དག་རིམ་པར་འཚང་རྒྱ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། དེ་དག་ཅེས་བྱ་བ་ནི་མངོན་པར་རྫོགས་པར་འཚང་རྒྱ་བ་དང༌། དེ་བཞིན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་དང༌། མྱ་ངན་ལས་འདས་པ་སྟོན་པར་མཛད་པ་དེ་དག་གོ །འཇིག་རྟེན་གྱི་མགོན་གཅིག་པོ་དེ་དག་ཐམས་


DTG117_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་ཞབས་ཀྱི་དྲུང་དུ་འཁོར་བ་ཇི་སྲིད་པར་ཡིད་མྱུར་བ་དང༌། ཀུན་དུ་མྱུར་བའི་རྫུ་འཕྲུལ་གཉིས་ཀྱི་སྟོབས་ཀྱིས་ལུས་ཀྱི་སྤྲིན་གྱིས་ཕྱོགས་བཅུར་ཁྱབ་པར་བྱས་ཏེ། མཆོད་པའི་སྤྲིན་ནམ་མཁའ་ཁེབས་པ་ཐམས་ཅད་དུ་ཁྱད་པར་དུ་འཕགས་པ་བགྲང་བ་ལས་འདས་པ་དག་གིས་རེ་རེ་ལ་དུས་མཉམ་པ་ཉིད་དུ་མཆོད་པ་དང༌། བསྟོད་པ་བརྗོད་པ་དང༌། བསྐོར་བ་བརྒྱ་ཕྲག་དུ་མ་བྱེད་པར་མཆི་ཞིང་ཉེ་བར་མཆིའོ། །རིམ་པར་འཚང་རྒྱ་བ་ཞེས་བྱ་བ་ནི་མངོན་པར་རྫོགས་པར་བྱང་ཆུབ་པའོ། །འདིའི་མྱ་ངན་ལས་འདས་པ་སྟོན་པ་ཉིད་རབ་ཏུ་ཞི་མཐའ་ཡིན་ཏེ། ཚིག་ཁ་བསྐང་བའི་ཕྱིར་རྣམ་གྲངས་བཤད་དོ་ཞེས་བྱ་བར་མངོན་ནོ། །གཙོ་བོ་ཡིན་པའི་ཕྱིར་དེ་བཤད་པར་ཟད་ཀྱི་གཞན་ཡང་ཆུ་ཟླ་སྣང་བ་བཞིན་དུ་དགའ་ལྡན་གྱི་གཞལ་མེད་ཁང་ན་བཞུགས་པ་དང༌། འཆི་འཕོ་སྟོན་པ་དང༌། ལྷུམས་ན་བཞུགས་པ་དང༌། བལྟམས་པ་དང༌། ལྷས་ཕྱག་བྱས་པ་དང༌། བཟོ་ཀུན་དུ་སྟོན་པ་དང༌། མངོན་པར་གྲུབ་པ་དང༌། རབ་ཏུ་བྱུང་བ་དང༌། དཀའ་བ་སྤྱོད་པ་དང༌། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང༌། བྱང་ཆུབ་ཀྱི་ཤིང་གི་རྒྱལ་པོའི་དྲུང་དུ་སེང་གེའི་ཁྲི་ལ་བཞུགས་ཏེ། བདུད་བཏུལ་བའི་དུས་དག་ཏུ་ཡང་དེ་བཞིན་དུ་དེ་དག་ཁོ་ནའི་ཞབས་ཀྱི་དྲུང་དུ་ཅིག་ཅར་དུ་མཆི་བར་བགྱིའོ་ཞེས་བྱ་བ་ཡིན་ཏེ། དེ་སྐད་དུ། གང་ཕྱིར་འཇིག་རྟེན་ཁམས་སུ་ནི། །སེམས་ཅན་སྐད་ཅིག་རེ་རེ་ལ། །སོ་སོར་རྣམ་པར་འཚང་རྒྱ་བར། །དེ་ཕྱིར་ཞུམ་པར་མི་བྱའོ། །ཞེས་བྱ་བ་གསུངས་སོ། །རྣམ་པ་བཅུ་གཉིས་པ་ནི་སྟོབས་ཡིན་ནོ། །དེ་ཡང་རྣམ་པ་བཅུ་སྟེ། ཀུན་དུ་མྱུར་བའི་རྫུ་འཕྲུལ་སྟོབས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་བསྟན་ཏོ། །ཀུན་དུ་མྱུར་བ་ཞེས་བྱ་བ་ནི་དཔེར་ན་བྱང་ཆུབ་སེམས་དཔའ་གཞན་གྱིས་མི་འགྲོ་བ་ཀུན་དུ་མྱུར་བའི་རྫུ་འཕྲུལ་གྱིས་ཕྱོགས་བཅུར་ཅིག་ཅར་དུ་འགྲོ་བ་དེ་ཁོ་ན་དང་འདྲའོ། །རྫུ་འཕྲུལ་ཞེས་བྱ་བ་རྫུ་འཕྲུལ་ནི་འབྱོར་ཅིང་ཇི་


DTG117_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་འདོད་པ་བཞིན་དུ་ཕུན་སུམ་ཚོགས་པར་བྱེད་པ་སྟེ། ཆོ་འཕྲུལ་ཞེས་བྱ་བའི་ཐ་ཚིག་གོ །རྫུ་འཕྲུལ་ཇི་ལྟར་ན་ཆོ་འཕྲུལ་ཡིན་ནོ་ཞེས་བྱ་བར་ཅེས་ཤེས་ཤེ་ན། སེམས་ཅན་སོ་སོའི་ཡིད་འཕྲོག་ཅིང་འདུན་པར་བྱེད་པས་ཆོ་འཕྲུལ་ལོ། །དེའི་སྟོབས་ནི་དོན་ཡོད་པ་ཉིད་དེ། རྫུ་འཕྲུལ་གྱི་སྟོབས་དེས་སོ། །ཀུན་ནས་སྒོ་ཡི་ཐེག་པའི་སྟོབས་དག་དང༌། །ཞེས་བྱ་བ་ལ། ཀུན་ནས་སྒོ་ཞེས་བྱ་བ་ནི་སྒོ་ཀུན་ནས་སོ། །ཇི་ལྟར་ཞེ་ན། དེའི་ལུས་ཀྱི་གནས་སྐབས་དང༌། དམིགས་པ་ནི་གང་ལ་བྱང་ཆུབ་ཀྱི་སེམས་མི་སྐྱེ་བ་དང༌། གང་ལ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་སྨོན་པར་མི་འགྱུར་བས་དེ་མེད་དེ། འདི་ཐམས་ཅད་ནི་འཕགས་པ་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལ་བལྟ་བར་བྱའོ། །ཐེག་པའི་སྟོབས་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་སྟོབས་ཀྱིས་ཏེ། འདིས་ཐེག་པས་ནི་ཐེག་པའོ། །དེ་ནི་ཐེག་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཐེག་པ་ཆེན་པོའོ། །ཡང་ན་ཐེག་པ་ཆེན་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐེག་པ་ཡིན་པས་ན་ཐེག་པ་ཆེན་པོའོ། །འདིའི་རང་བཞིན་ཅི་ཡིན་ཞེ་ན། སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་བྱེད་པའི་ལམ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཞེས་བྱ་བ་ནི་ཐེག་པ་ཆེན་པོའོ། །ཡང་ན་ཐེག་པ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དང་བཅས་པ་ཡིན་ནོ། །དེའི་སྟོབས་ནི་ཐོགས་པ་མེད་པ་ཉིད་དེ་མི་མཐུན་པའི་ཕྱོགས་ལས་ངེས་པར་རྒྱལ་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ །ཀུན་དུ་ཡོན་ཏན་ཞེས་བྱ་བ་ནི་ཐོག་མ་དང་བར་དང་ཐ་མར་དགེ་བའོ། །སྤྱོད་པའི་སྟོབས་ཞེས་བྱ་བ་ནི་བྱེ་བྲག་ཏུ་མ་བྱས་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྟོབས་དང༌། བཟང་པོ་སྤྱོད་པའི་སྟོབས་ཏེ། སྤྱོད་པ་གཉི་གའི་སྟོབས་ཀྱིས་སོ། །ཀུན་དུ་ཁྱབ་པ་ཞེས་བྱ་བ་ནི་ཕྱོགས་བཅུར་ཁྱབ་པའོ། །བྱམས་པ་དག་གི་སྟོབས་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་ལ་བདེ་བར་སེམས་པས་ཁྱབ་པའོ། །ཀུན་དུ་དགེ་བ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་ཕན་


DTG117_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། བདེ་བ་བསྐྱེད་པའི་བསམ་པ་སྒྲུབ་པའི་ཕྱིར་རོ། །བསོད་ནམས་སྟོབས་ཞེས་བྱ་བ་ནི་དག་ཅིང་གཙང་བར་བྱེད་པས་ན་བསོད་ནམས་སོ། །ཡང་ན་ཕྱི་ཕྱིར་ལེགས་པར་འགྱུར་བས་ན་བསོད་ནམས་སོ། །དེའི་སྟོབས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་བསྒོམས་པ་ལས་འགྱུར་ཏེ། ཇི་སྐད་དུ། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །དེ་ནི་གལ་ཏེ་གཟུགས་ཅན་གྱུར། །ནམ་མཁའི་ཁམས་ཀུན་བཀང་ནས་ནི། །དེ་བས་ཀྱང་ནི་དེ་ལྷག་གྱུར། །དེ་བཞིན་དུ་ཐེག་པ་ཆེན་པོ་དང་ལྡན་པའི་ཆོས་ཟབ་ཅིང་རྒྱ་ཆེ་བ་འཛིན་པ་དང་ཀློག་པ་དང་འཆད་པ་དང་མོས་པ་དང་ཚིགས་སུ་བཅད་པ་གཉིས་འཛིན་པ་དང༌། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ལས་ཀྱང་འགྱུར་ཏེ་བསོད་ནམས་ཀྱི་སྟོབས་དེས་སོ། །ཆགས་པ་མེད་པར་གྱུར་པ་ཞེས་བྱ་བ་ནི་དུས་གསུམ་ཆར་ལ་ཡང་ཐོགས་པ་མེད་པའི་ཕྱིར་རོ། །ཡེ་ཤེས་སྟོབས་ཞེས་བྱ་བ་ནི་ཤེས་བྱ་མཐའ་དག་རིག་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །ཤེས་རབ་སྟོབས་ཞེས་བྱ་བ་ནི་དངོས་པོའི་དེ་ཁོ་ན་ཉིད་རྟོགས་པའོ། །ཐབས་ཀྱི་སྟོབས་ཞེས་བྱ་བའི་ཐབས་ནི་གྲུབ་པའོ། །དེའི་སྟོབས་ནི་འབྲས་བུ་མེད་པ་མ་ཡིན་པ་ཉིད་དོ། །ཏིང་འཛིན་སྟོབས་ཞེས་བྱ་བ་ལ། ཏིང་ངེ་འཛིན་ནི་མཉམ་པར་འཇོག་པ་སྟེ་བསམ་གཏན་ནོ། །དེའི་སྟོབས་ནི་འགྲོ་བ་མཐའ་དག་གི་དོན་བྱ་བ་དང༌། མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་མངོན་པར་སྒྲུབ་པ་ལ་ཐོགས་པ་མེད་པ་ཉིད་དེ་ཏིང་ངེ་འཛིན་གྱི་སྟོབས་དེས་སོ། །བྱང་ཆུབ་སྟོབས་ཞེས་བྱ་བ་ལ་བྱང་ཆུབ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ། །དེའི་ཆེད་ཀྱི་སྟོབས་ཏེ་མཐུ་གང་ཡིན་པ་དེ་ཡང་དག་པར་སྒྲུབ་པར་བྱེད་ཅེས་བྱ་བ་ནི་དེའི་ཚོགས་རྣམ་པར་སྒྲུབ་པར་བྱེད་ཅིང་ངོ༌། །རྣམ་པ་བཅུ་གསུམ་པ་ནི་གཉེན་པོའི་ཡིན་ནོ། །དེ་ཡང་མི་མཐུན་པའི་ཕྱོགས་ལས་དང་ཉོན་མོངས་པ་དང་བདུད་ཀྱི་སྟོབས་འཇོམས་པར་བྱེད་པ་རྣམ་པ་གསུམ་སྟེ་


DTG117_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་སྟོབས་རྣམས་རྣམ་པར་དག་བྱེད་ཅིང༌། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། ལས་འདི་ནི་བྱེ་བྲག་ཏུ་མ་བྱས་པའི་ཕྱིར་དགེ་བ་དང་མི་དགེ་བ་དང་མི་གཡོ་བའི་བྱེ་བྲག་གིས་རྣམ་པ་གསུམ་སྟེ། དེ་ལ་ལས་མི་དགེ་བའི་སྟོབས་ནི་ངེས་པར་མྱོང་བར་འགྱུར་བ་ཡོད་པའི་ཕྱིར་འབྲས་བུ་ངན་འགྲོ་གསུམ་འབྱིན་པར་ནུས་པ་ཡིན་ནོ། །དེ་ལ་སྨོད་པ་ལ་སོགས་པའི་སྟོབས་ཀྱིས་ཡོངས་སུ་དག་པར་བྱེད་ཅིང་སེལ་བར་བྱེད་པ་ནི། ཇི་སྐད་དུ། ཤིན་ཏུ་མི་བཟད་ལས་རྣམས་བྱས་པ་ནི། །བདག་ལ་རྣམ་པར་སྨོད་པས་བསྲབས་བར་འགྱུར། །རབ་ཏུ་བཤགས་དང་སྡོམ་པར་བྱེད་པ་ཡིས། །དེ་དག་ཤིན་ཏུ་རྩ་ནས་བཏོན་པར་བཤད། །ཅེས་གསུངས་པ་ལྟ་བུ་ཡིན་ནོ། །གཉེན་པོའི་སྟོབས་ཀྱིས་ཡོངས་སུ་དག་པར་བྱེད་པ་ནི། དཔེར་ན་བྱམས་མའི་བུ་གང་པོས་མ་ལ་བརྙས་པས་ཀུན་ནས་བསླང་བའི་ལས་མེ་དག་བ་ཞིང་གི་ཁྱད་པར་གྱིས། མཐོང་བའི་ཆོས་ཁོ་ན་ལ་རྣམ་པར་སྨིན་པའི་འབྲས་བུ་འབྱིན་པར་ཞུགས་པ་འབྲས་བུ་ཅུང་ཟད་ཅིག་ཀྱང་སྨིན་པ་ལས། དེའི་ལྷག་པའི་བསམ་པའི་ཁྱད་པར་ལས་བྱུང་བའི་སེམས་ཅན་གྱི་དོན་དུ་སྨོན་པའི་སེམས་བསྐྱེད་པ་ཁོ་ནས་མ་ལུས་པར་ཤིན་ཏུ་རྩ་ནས་བཏོན་ཏེ་བཅོམ་པ་ལྟ་བུ་ཡིན་ནོ། །སེམས་ཅན་གྱི་དོན་དུ་སྨོན་པའི་སེམས་བསྐྱེད་པ་ཡང་ཇི་ལྟ་བུ་ཞིག་ཅེ་ན། སྨྲས་པ། འགྲོ་བ་ཐམས་ཅད་ཀྱི་སེམས་བསྐྱེད་སེམས་ཅན་གང་དག་བདག་ལྟ་བུར་མ་ལ་བརྙས་པའི་ལས་དེ་ལྟ་བུར་བྱེད་པར་འགྱུར་བ་དེ་དག་ཐམས་ཅད་ཀྱི་ཕྱིར་འཁོར་བ་ཇི་སྲིད་ཀྱི་བར་དུ། བདག་ཁོ་ནར་མགོ་ལ་འཁོར་ལོས་འདབ་ལས་སྐྱེས་པའི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་མཐའ་ཡས་པ་སྙོམས་པར་མཚམས་མེད་པ་ཉམས་སུ་མྱོང་བར་གྱུར་ཅིག །ནམ་དུ་ཡང་སེམས་ཅན་འགའ་ཡང་འདིར་འོང་བར་མ་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །རྟེན་གྱི་སྟོབས་ཀྱིས་ཡོངས་སུ་དག་བར་བྱེད་པ་ནི་དཔེར་ན་ཕག་མོའི་རྟོགས་པ་བརྗོད་པ་ལས། ལྷའི་བུ་འཆི་འཕོ་བར་འགྱུར་བའི་ཆོས་ཅན་ཞིག་ཕག་མོའི་མངལ་དུ་སྐྱེས་ནས་མྱོང་བར་འགྱུར་བའི་ལས་ཀྱི་འབྲས་བུ་སྨིན་པར་མངོན་དུ་ཕྱོགས་པ་ལས་གསུམ་ལ་སྐྱབས་སུ་སོང་བ་ཙམ་གྱིས་ཐམས་ཅད་ཤིན་ཏུ་རྩ་བ་ནས་བཏོན་ཏེ། སུམ་ཅུ་རྩ་གསུམ་པའི་ལྷ་ལས་ཤི་འཕོས་ཏེ་དགའ་ལྡན་པ་དག་གི་ནང་དུ་སྐྱེས་སོ་ཞེས་འབྱུང་བ་ལྟ་བུ་ཡིན་ནོ། །ཆོས་ཐམས་ཅད་


DTG117_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་པར་རྟོགས་པས་ཀྱང་ཤིན་ཏུ་རྩད་ནས་ཕྱིན་པར་འགྱུར་ཏེ། ཇི་སྐད་དུ་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་མདོ་ལས་འདི་ལྟ་སྟེ། དགེ་སློང་ཞིག་མི་ཚངས་པར་སྤྱོད་པ་དང༌། མི་གསོད་པའི་ཕས་ཕམ་པ་གཉིས་བྱུང་བ་དང༌། ཕྱིས་མི་དགའ་ཞིང་ཡིད་གདུངས་ནས་མྱོས་པ་བཞིན་དུ་གཙུག་ལག་ཁང་ནས་གཙུག་ལག་ཁང་དང༌། གྲོང་ནས་གྲོང་དང༌། ལམ་པོ་ཆེ་ལ་སོགས་པར་འགྲོ་ན་ཡང༌། སྡིག་པ་དེ་སྐྱེ་བོ་ཀུན་གྱིས་མངོན་སུམ་དུ་ཡང་དག་པར་རབ་ཏུ་འཆགས་ཏེ། ཡང་དང་ཡང་དུ་ཀྱེ་མ་ཀྱེ་ཆུད་བདག་ནི་མ་རུང་ངོ༌། །བདག་ནི་ཉམས་སོ་ཞེས་སྨྲ་ཞིང་ལས་དེ་སྲབ་མོར་གྱུར་གྱི་བར་དུ་སྡིག་པ་འཆགས་པའི་སྟོབས་ཀྱིས་སེལ་བར་བྱེད་དོ། །དེ་ལྟར་སེམས་ཤིན་ཏུ་གདུངས་པར་གྱུར་པ་དེ་ལ་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་ཐོབ་པ་ཞིག་གིས་ཆོས་ཟབ་མོ་དེ་དང་དེ་ལྟ་བུ་བཤད་པ་དང༌། དེ་ན་དེ་ཆོས་ཐམས་ཅད་ལ་བདག་མེད་པར་རྟོགས་པས་སྡིག་པ་ཐམས་ཅད་རྣམ་པ་ཐམས་ཅད་དུ་རྩད་ནས་བཏོན་ཏེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ་ཞེས་གསུངས་པ་ལྟ་བུ་ཡིན་ནོ། །ཆོས་ཟབ་མོ་ལ་མོས་པ་འདི་ནི་ལྟུང་བ་དང༌། འགྱོད་པ་ཐམས་ཅད་སེལ་བ་དང༌། སྒྲིབ་པ་ཐམས་ཅད་སྦྱོང་བ་ཡིན་ནོ་ཞེས་བྱ་བ་དེ་ལྟར་དད་པར་བྱ་སྟེ། ཇི་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི་མཛོད་ལས། འོད་སྲུངས་གང་གི་ཕ་ཡིན་ལ་རང་སངས་རྒྱས་ཀྱང་ཡིན་པ་དེ་བསད་ན་འདི་ནི་སྲོག་གཅོད་པ་རྣམས་ཀྱི་ནང་ན་མི་བཟད་པ་ཡིན་ནོ། །འདི་ལྟ་སྟེ། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ་འདི་ནི་མ་བྱིན་པར་ལེན་པ་རྣམས་ཀྱི་ནང་ན་མི་བཟད་པ་ཡིན་ནོ། །འདི་ལྟ་སྟེ། མ་ཡང་ཡིན་ལ་དགྲ་བཅོམ་མ་ཡང་ཡིན་པ་དེ་ལ་ཉལ་པོ་བྱས་ན་འདི་ནི་འདོད་པས་ལོག་པར་གཡེམ་པ་རྣམས་ཀྱི་ནང་ནམ་རུངས་པ་ཡིན་ནོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་སྐུར་བ་འདེབས་པ་འདི་ནི་བརྫུན་སྨྲ་བ་རྣམས་ཀྱི་ནང་ནམ་རུངས་པ་ཡིན་ནོ། །འདི་ལྟ་སྟེ། དགེ་འདུན་གྱི་དབྱེན་བྱེད་པ་འདི་ནི་ཕྲ་མ་རྣམས་ཀྱི་ནང་ན་རུངས་པ་ཡིན་ནོ། །འདི་ལྟ་སྟེ། འཕགས་པ་རྣམས་ལ་ཁ་ཟེར་བ་འདི་ནི་ཚིག་རྩུབ་པོ་རྣམས་ཀྱི་ནང་ན་མ་རུངས་བ་ཡིན་ནོ། །འདི་ལྟ་སྟེ། ཆོས་འདོད་པ་རྣམས་རྣམ་པར་གཡེང་བར་བྱེད་པ་འདི་ནི་ཚིག་འཁྱལ་བ་རྣམས་ཀྱི་ནང་ན་མི་བཟད་པ་ཡིན་ནོ། །འདི་ལྟ་སྟེ། ཡང་དག་པར་སོང་བ་དང་ཡང་དག་པར་


DTG117_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པ་རྣམས་ཀྱི་རྙེད་པ་འཕྲོག་པར་སེམས་པ་འདི་ནི་བརྣབ་སེམས་ཀྱི་ནང་ན་མ་རུངས་པ་ཡིན་ནོ། །འདི་ལྟ་སྟེ། མཚམས་མེད་པར་འགྲོ་བར་འགྱུར་བ་འདི་ནི་གནོད་སེམས་རྣམས་ཀྱི་ནང་ན་མ་རུངས་པ་ཡིན་ནོ། །འདི་ལྟ་སྟེ། ལྟ་བ་ཤིན་ཏུ་ཐིབས་བོ་ནི་ལོག་པར་ལྟ་བ་རྣམས་ཀྱི་ནང་ན་མ་རུངས་པ་ཡིན་ནོ། །མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་ནི་གང་ལས་ཀྱང་ཁ་ནམ་ཐོ་བ་ཆེ་བ་ཡིན་ནོ། །འོད་སྲུངས་གལ་ཏེ་སེམས་ཅན་འགའ་ཞིག་མི་དགེ་བའི་ལས་ཀྱི་ལམ་དེ་དག་ཁ་ན་མ་ཐོ་བ་ཆེ་བ་བཅུ་པོ་དེ་དག་དང་ལྡན་པར་གྱུར་ལ། དེ་ཡང་དེ་བཞིན་གཤེགས་པས་བསྟན་པའི་ཆོས་རྒྱུ་དང་རྐྱེན་དང་ལྡན་པ་ལ་འཇུག་སྟེ། འདི་ལ་བདག་གམ། སེམས་ཅན་ནམ། སྲོག་གམ། གང་ཟག་གམ། གང་ཞིག་བྱེད་པའམ། གང་ཞིག་མྱོང་བར་འགྱུར་བ་ནི་འགའ་ཡང་མེད་དོ། །དེ་ལྟ་བས་ན་ཆོས་ཐམས་ཅད་ནི་མ་བྱས་པ་མཇོན་པར་འདུས་མ་བྱས་པ་སྒྱུ་མའི་ཆོས་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་རང་བཞིན་གྱིས་འོད་གསལ་བའོ་ཞེས་བྱ་བ་ལ་འཇུག་ལ། ཆོས་ཐམས་ཅད་ནི་གཟོད་མ་ནས་དག་པའོ་ཞེས་བྱ་བར་དད་ཅིང་མོས་ན། སེམས་ཅན་དེ་ངན་སོང་དུ་སོང་བར་ང་མི་སྨྲའོ། །ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་རྣམས་ལ་ཕུང་པོའི་དངོས་པོ་མེད་དེ། ཉོན་མོངས་པ་ཐམས་ཅད་ནི་སྐྱེས་ནས་འཇིག་ཅིང་ཉམས་པ། རྒྱུ་དང་རྐྱེན་ཚོགས་པ་དང་ལྡན་ནས་འབྱུང་ལ་བྱུང་མ་ཐག་ཏུ་འགགས་པ་ཡིན་ནོ། །གསོལ་བ། བཅོམ་ལྡན་འདས་སེམས་སྐྱེས་པ་ཞིག་པ་གང་ལགས་པ་དེ་ཉིད་ཉོན་མོངས་པ་ཐམས་ཅད་ཞིག་པ་ལགས་སོ། །གང་ཞིག་དེ་ལྟར་མོས་པ་དེ་ལ་ནི་ནམ་ཡང་ལྟུང་བ་མ་མཆིས་ལ། ལྟུང་བའི་གནས་ཀྱང་མ་མཆིས་ཏེ། སྒྲིབ་པ་མེད་པ་ལ་ལྟུང་བ་གནས་པ་གང་ལགས་པ་འདི་ནི་གནས་མ་ལགས་ཤིང་གོ་སྐབས་མ་མཆིས་ཏེ། འདི་ནི་མི་སྲིད་པ་ལགས་སོ་ཞེས་བྱ་བ་བསྟན་པ་ལྟ་བུ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་མངོན་དུ་བྱས་པ་ཁོ་ནས་ཀྱང་ལྟུང་བས་ཀུན་ནས་བསླངས་པའི་མི་དགེ་བ་ཐམས་ཅད་ཤིན་ཏུ་རྩད་ནས་ཕྱིན་པར་འགྱུར་ཏེ། ཇི་སྐད་དུ། འཕགས་པ་ཉེ་བ་འཁོར་གྱིས་ཞུས་པའི་མདོ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་སྔ་དྲོ་ལྟུང་བ་བྱུང་བ་ཉི་མའི་གུང་ལ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱེད་ན། བྱང་ཆུབ་སེམས་དཔའ་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་


DTG117_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གཏུགས་པ་མེད་པ་ཁོ་ན་ཡིན་པར་རིག་པར་བྱའོ། །དེ་བཞིན་དུ་ཉི་མའི་གུང་ལ་ལྟུང་བ་བྱུང་བ། ཕྱི་དྲོ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱེད་ན་དེ་ཁོ་ནས་བྱང་ཆུབ་སེམས་དཔའ་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་མི་ཟད་པར་རིག་པར་བྱའོ་ཞེས་བྱ་བ་སོགས་པ་གང་གསུངས་པ་དང༌། དེ་བཞིན་དུ་རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ཀྱིས་ནི་ཉེས་བྱས་ཐམས་ཅད་ངེས་པར་སྲེག་པའི་ཕྱིར་བསྐལ་པའི་མེ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ལྟ་བུ་ཡིན་ནོ། །སུམ་བརྒྱ་པ་ལས་ཀྱང༌། རབ་འབྱོར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་དག་མདོ་སྡེ་འདི་ལྟ་ཕུ་འཛིན་པ་དང༌། འཆང་བ་དང༌། ཀློག་པ་དང༌། ཀུན་ཆུབ་པར་བྱེད་པ་དེ་དག་ནི་བརྙས་པར་འགྱུར། ཤིན་ཏུ་བརྙས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དེ་དག་གི་ཚེ་རབས་སྔ་མའི་ལས་མི་དགེ་བ་ངན་སོང་དུ་འགྲོ་བར་འགྱུར་བར་བྱས་པ་གང་དག་ཡིན་པ་དེ་དག་མཐོང་བའི་ཆོས་ཁོ་ན་ལ་བརྙས་པ་ཟད་པར་འགྱུར་རོ་ཞེས་གསུངས་སོ། །དེ་ལྟ་བུ་ལ་སོགས་པས་སྡིག་པའི་ལས་ངེས་པར་མྱོང་བར་འགྱུར་བ་ཤིན་ཏུ་ཡོངས་སུ་དག་པར་བྱས་པ་ཡིན་ནོ། །ཁ་ཅིག་འདི་སྐད་དུ། སྡིག་པའི་ལས་ཆུང་ངུ་དང་འབྲིང་དག་ནི་བཤགས་པ་ལ་སོགས་པའི་སྟོབས་ཀྱིས་ཤིན་ཏུ་རྩད་ནས་ཕྱིན་པར་འགྱུར་གྲངས་ན། མཚམས་མེད་པ་ལ་སོགས་པ་ལས་ལྕི་བ་རྣམས་ཀྱིས་ཇི་ལྟར་ཐམས་ཅད་ཀྱི་ཐམས་ཅད་དུ་ཤིན་ཏུ་རྩད་ནས་ཕྱིན་པར་འགྱུར་ཞེས་ཟེར་ན། འདིར་སྨྲས་པ། མ་སྐྱེས་དགྲ་ལ་སོགས་པ་མཚམས་མེད་པ་བྱེད་པ་དག་བསམ་པ་ཆུང་ངུ་དང་འབྲིང་དང་ཆེན་པོའི་ཁྱད་པར་གྱིས། མནར་མེད་པར་བསྐལ་བ་བར་མ་འམ། དེ་བས་ཐུང་བའམ། ཕྱེད་དུ་གནས་པར་གྱུར་པ་ལ་དེ་དག་ཤིན་ཏུ་འགྱོད་པའི་མེས་ཡིད་ཀུན་དུ་གདུངས་པ་དང༌། མི་དགའ་ནས་བཤགས་པ་ལ་སོགས་པའི་སྟོབས་ཀྱིས་ལས་དེ་འདི་ལྟར་ཕོ་ལོང་བརྡབ་པའི་ཡུན་ཙམ་ཞིག་ཏུ་འབྲས་བུ་མྱོང་བར་འགྱུར་བར་བསྲབ་པ་ཉིད་དུ་འགྱུར་རོ་ཞེས་འབྱུང་ན། དེ་ཇི་ཙམ་གྱི་དོན་དུ་ན་ལས་དེ་ཤིན་ཏུ་རྩད་ནས་ཕྱུང་བར་འགྱུར་བ་མ་ཡིན་ནམ། ཞིང་ཉག་མ་གཅིག་མ་བརྡས་པས་ཞིང་མ་བརྡས་པ་ནི་མ་ཡིན་ནོ། །འོ་ན། མ་ངེས་པའི་ལས་ཀྱི་ཕུང་པོ་ཇི་ལྟར་ཟད་པར་འགྱུར་བ་ནི་སྦྲང་བུའི་རྐང་པའི་ལྷག་མ་ཙམ་གྱི་ཁྱད་པར་ཉིད་ཀྱང་མི་འགྱུར་རོ། །དེ་ཡང་གང་གི་ཕྱིར་གཉེན་པོའི་ཕྱོགས་ཀྱི་སེམས་བསྐྱེད་པ་ལ་ཞུགས་པས་ཡོངས་སུ་ཟད་པར་


DTG117_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་ཁོ་ནའོ། །ལུས་ཅན་ཀུན་གྱི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་སྨིན་པ་ཉིད་དུ་འགྱུར། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་སྟེ། ཇི་ལྟར་དྲང་ཞེ་ན་བཤད་པ། འདི་ནི་ལས་གང་དག་རྣམ་པར་སུན་འབྱིན་པ་ལ་སོགས་པ་ཀུན་དུ་སྤྱོད་པའི་སྟོབས་ཀྱིས་མ་བསལ་ཞིང་སྲབ་མོར་མ་བྱས་པ་དེ་དག་ལ་བལྟ་བར་བྱའོ། །དེ་སྐད་དུ་མི་མཁས་པས་ནི་སྡིག་པ་ཆུང་ངུ་བྱས་ཀྱང་འོག་ཏུ་འགྲོ། །མཁས་པས་ཆེན་པོ་བྱས་ཀྱང་གནོད་པ་རབ་ཏུ་སྤོང་བར་འགྱུར། །ལྕགས་ཀྱི་གོང་བུ་ཆུང་ཡང་ཆུ་ཡི་འོག་ཏུ་འབྱིང་འགྱུར་ལ། །དེ་ཉིད་སྣོད་དུ་བྱས་ན་ཆེ་ཡང་སྟེང་ན་འཕྱོ་བར་འགྱུར། །ཞེས་བཤད་པ་ལྟ་བུ་ཡིན་ནོ། །སྡིག་པའི་ལས་ངེས་པར་མྱོང་བར་འགྱུར་བ་མ་ཡིན་པ་དུས་གསུམ་པ་བགྲང་བ་ལས་འདས་པ་གང་ཡིན་པ་དེ་ཡང་ལས་ལ་དབང་བས། ཕྱོགས་བཅུ་ཀུན་དུ་འཁོར་བའི་རྒྱུན་ཇི་སྲིད་པར་སེམས་ཅན་ངན་སོང་དུ་སྐྱེས་པ་རྣམས་ལ་ཅིག་ཅར་ཁོ་ནར་ཕན་པ་དང་བདེ་བ་བསྒྲུབ་པའི་ཕྱིར་དེ་དང་བསྐལ་པ་མཐུན་པའི་རིགས་དང་ཁ་དོག་དང་དབྱིབས་དང་ཚད་ཀྱི་བྱེ་བྲག་ཐ་དད་པས་རྣམ་པར་སྨིན་པའི་འབྲས་བུ་འབྱིན་པར་ངེས་པར་བྱེད་དོ། །ལས་དགེ་བའི་སྟོབས་ཀྱང་སྲེད་པའི་འབྲས་བུ་འབྱིན་པར་ནུས་པ་ཡིན་ནོ། །དེ་ཡང་ཡོངས་སུ་དག་པར་བྱེད་དོ། །ཇི་ལྟ་ཞེ་ན། རྣམ་པར་སྨིན་པའི་འབྲས་བུ་དང་ཕྲལ་ཏེ། སྨོན་ལམ་གྱི་སྟོབས་ཀྱིས་བྱང་ཆུབ་ཁོ་ནར་ཡོངས་སུ་བསྔོ་ཞིང་རྒྱུ་མཚན་དུ་བྱེད་དོ། །ལས་མི་གཡོ་བ་ནི་གཟུགས་དང༌། གཟུགས་མེད་པ་ན་སྤྱོད་པ་ན། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པས་ཀུན་ནས་བསླངས་པའོ། །དེའི་སྟོབས་ནི་དེ་ཉིད་ཡིན་ཏེ། དེ་ཡང་ལས་ལ་དབང་བས་བསལ་ཏེ་སེམས་ཅན་གྱི་དོན་དུ་ཇི་ལྟར་འདོད་པ་བཞིན་སྦྱོར་བར་བྱེད་དོ། །འདིར་སྦྱོར་བར་བྱེད་པ་ནི་འདི་ཡིན་ནོ། །ཉོན་མོངས་སྟོབས་རྣམས་ཀུན་དུ་འཇོམས་བྱེད་ཅིང༌། །ཞེས་པ་ལ་འདོད་ཆགས་ལ་སོགས་པ་ནི་ལུས་དང་སེམས་ཀྱི་རྒྱུད་ཉོན་མོངས་པར་བྱེད་པས་ཉོན་མོངས་པ་དག་ཡིན་ནོ། །དེ་དག་གི་སྟོབས་ནི་ཤས་ཆེར་འབྱུང་བ་ཉིད་དེ། གང་གི་དབང་གིས་བགྲོད་པར་བྱ་བ་དང༌། བགྲོད་པར་བྱ་བ་མ་ཡིན་པ་དང༌། ཕན་པ་དང༌། ཕན་པ་མ་ཡིན་པ་དང༌། ལྕི་བ་དང༌། ཡང་བ་ལ་སོགས་པ་ཐམས་ཅད་མི་ཤེས་པ་ཡིན་ནོ། །དེ་མི་སྡུག་པ་


DTG117_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་བསྒོམ་པ་དང༌། འཇིག་རྟེན་པའི་ལམ་གྱིས་ཡོངས་སུ་འཇིལ་ཞིང་ཟིལ་གྱིས་གནོན་པར་བྱེད་དེ། མདོར་ན་ཉོན་མོངས་པ་ལ་དབང་བས་དེ་དག་ཉིད་བྱང་ཆུབ་ཀྱི་ཡན་ལག་ཏུ་སྒོམ་པར་བྱེད་དོ་ཞེས་བྱ་བ་ཡིན་ནོ། །བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང༌། །ཞེས་བྱ་བ་ལ་བདུད་ཅེས་བྱ་བ་ནི་ལྷའི་བུ་ལ་སོགས་པའོ། །དེ་དག་གི་སྟོབས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སོགས་པའི་བར་ཆད་དུ་བྱེད་ནུས་པ་ཡིན་ཏེ། དེ་མངོན་པར་ཤེས་པའི་སྟོབས་ཀྱིས་སྟོབས་མེད་ཅིང་གཟི་བྱིན་ཡལ་བ་དང་མཐུ་མེད་པར་བྱེད་ཅིང་ངོ༌། །བཟང་པོ་སྤྱོད་པའི་སྟོབས་ཀུན་རྫོགས་པར་བགྱི། །ཞེས་བྱ་བ་ལ་བཟང་པོ་སྤྱོད་པའི་སྟོབས་ནི་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པ་སྟེ། མངོན་པར་འདུས་བྱས་པ་མེད་པར་འཇུག་པ་ཉིད་ཡིན་ནོ། །དེ་ཐམས་ཅད་མ་ལུས་པར་སྔར་བཤད་པ་རྫུ་འཕྲུལ་ལ་སོགས་པ་སྟོབས་རྣམ་པ་བཅུ་དང༌། བཤད་མ་ཐག་པ་གཉེན་པོ་རྣམ་པ་གསུམ་པོ་འདིས་ཡོངས་སུ་རྫོགས་པར་བགྱིའོ། །ད་ནི་རྣམ་པ་བཅུ་བཞི་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་གང་ཡིན་པ་དེ་སྟོན་ཏོ། །ལས་དེ་ཡང་སངས་རྒྱས་ཀྱི་ཞིང་དག་པར་བྱེད་པ་ལ་སོགས་པ་རྣམ་པ་བརྒྱད་དེ། ཞིང་རྣམས་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ། །སངས་རྒྱས་ཀྱི་ཞིང་རྒྱ་མཚོ་དག་སྐད་ཅིག་རེ་རེ་ལ་བདེ་བ་ཅན་ལྟ་བུ་དང། པདྨ་ཅན་ལྟ་བུར་རྣམ་པར་དག་པར་བྱེད་ཅིང་དེ་བཞིན་དུ། སེམས་ཅན་འཁོར་བའི་བཙོན་ར་བ་ཉོན་མོངས་པའི་ལྕགས་སྒྲོག་གི་འཆིང་བས་བཅིངས་པ་རྒྱ་མཚོ་དག་སྐད་ཅིག་རེ་རེ་ལ་རྫུ་འཕྲུལ་དང་ཀུན་བརྗོད་པའི་ཆོ་འཕྲུལ་གཉིས་ཀྱིས་མདུན་པར་བྱས་ཏེ། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་རྣམ་པར་གྲོལ་བའོ། །ཆོས་རྣམས་རྒྱ་མཚོ་ཞེས་བྱ་བ་ནི་བཤད་པའི་ཆོས་རྒྱ་མཚོ་དང༌། རྟོགས་པའི་ཆོས་རྒྱ་མཚོ་དག་སྐད་ཅིག་རེ་རེ་ལ་ཤེས་རབ་ཀྱི་མིག་གིས་མཐོང་བར་བྱེད་རྣམ་པར་མཐོང་བར་བྱེད་ཅིང་ངོ༌། །ཤེས་བྱ་མཐའ་ཡས་པས་ཡེ་ཤེས་ཀྱང་མཐའ་ཡས་པ་ཉིད་དེ། དེའི་ཕྱིར་ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་གསུངས་སོ། །ཡེ་ཤེས་རྒྱ་མཚོ་དེ་སྐད་ཅིག་རེ་རེ་ལ་རབ་ཏུ་རྟོགས་པར་བྱེད་ཅིང་འཇུག་པར་བྱེད་དེ། ཁོང་དུ་ཆུད་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །སྤྱོད་པ་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པ་ནི། བྱང་ཆུབ་སྤྱོད་པ་རྒྱ་མཚོ་དང༌། བཟང་པོ་སྤྱོད་པ་རྒྱ་མཚོ་སྟེ། བྱེ་བྲག་ཏུ་མ་བྱས་པའི་ཕྱིར་སྤྱོད་པ་གཉིས་སྨོས་པར་རིགས་


DTG117_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ལ་བྱང་ཆུབ་ཀྱི་སྤྱོད་པ་ནི་སངས་རྒྱས་ཀྱི་ཆོས་འདྲེན་པར་བྱེད་པའི་ཡེ་ཤེས་ཀྱི་ཚོགས་སོ། །བཟང་པོ་སྤྱོད་པ་ནི་འགྲོ་བ་མཐའ་དག་ལ་ཕན་པ་དང་བདེ་བསྐྱེད་པར་བྱས་པས་བསོད་ནམས་ཀྱི་ཚོགས་སོ། །གཞན་ཡང་བཟང་པོ་སྤྱོད་པ་ནི་བྱང་ཆུབ་སྤྱོད་པ་ཁོ་ན་ཡིན་ཏེ། གཉི་ག་ཡང་བྱང་ཆུབ་འདྲེན་པར་བྱེད་པ་ཡིན་པའི་ཕྱིར་རོ། །འོན་ཀྱང་ཁྱད་པར་ནི་མངོན་སུམ་དང་བརྒྱུད་པ་ཞེས་བྱ་བ་ལ་དེ་ཙམ་ཞིག་ཡོད་དོ། །སྤྱོད་པ་བཟང་པོ་དེ་སྐད་ཅིག་རེ་རེ་ལ་མངོན་པར་ཤེས་པའི་སྟོབས་ཀྱིས་རྣམ་པར་དག་པར་བྱེད་དྲི་མ་དང་བྲལ་བར་བྱེད་ཅིང་ངོ༌། །སྨོན་ལམ་རྒྱ་མཚོ་ཞེས་བྱ་བ་ནི་སྐད་ཅིག་རེ་རེ་ལ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རབ་ཏུ་རྫོགས་པར་བྱེད་ཅིང་ངོ༌། །སངས་རྒྱས་རྒྱ་མཚོ་ཞེས་བྱ་བ་ནི། སྐད་ཅིག་རེ་རེ་ལ་ཕྱོགས་བཅུར་མཆོད་པའི་སྤྲིན་ནམ་མཁའ་ཁེབས་པ་དག་གིས་རབ་ཏུ་མཆོད་པར་བྱེད་ཅིང་ངོ༌། །བསྐལ་པ་རྒྱ་མཚོར་མི་སྐྱོ་སྤྱད་པར་བགྱི། །ཞེས་བྱ་བ་ནི། སྐྱོ་བ་མེད་པའི་ཡིད་ཀྱིས་སོ། །རྣམ་པ་བཅོ་ལྔ་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྗེས་སུ་སློབ་པར་ཡོངས་སུ་བསྔོ་བ་ཡིན་ཏེ། དེ་ཡང་རྣམ་པ་གཉིས་སོ། །དེ་ལ་དེ་བཞིན་གཤེགས་པའི་རྗེས་སུ་སློབ་ཅིང་ཡོངས་སུ་བསྔོ་བ་ནི། གང་ཡང་དུས་གསུམ་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། དུས་གསུམ་དུ་གཏོགས་པའི་རྒྱལ་བ་རྣམས་ཀྱི་བྱང་ཆུབ་སྤྱོད་པ་སྨོན་ལམ་གྱི་བྱེ་བྲག་གང་དག་ཡིན་པ་དེ་དག་ཐམས་ཅད་བདག་གིས་མ་ལུས་པར། བཟང་པོ་སྤྱོད་པས་ཞེས་བྱ་བར་སྤྱོད་པ་བཟང་པོས་རྫོགས་པར་བགྱིས་ཤིང་བསྐངས་ནས། བྱང་ཆུབ་རྣམ་པར་འཚང་རྒྱ་བར་བགྱིའོ་ཞེས་བྱ་བ་ཡིན་ནོ། །ལུས་དང་ངག་དང་ཡིད་དང་སྤྱོད་པ་དང་ཞིང་དང་སྨོན་ལམ་རྣམ་པར་དག་པ་དག་གིས་བྱང་ཆུབ་སེམས་དཔའ་འཕགས་པ་ཀུན་དུ་བཟང་པོ་ལ་སོགས་པའི་རྗེས་སུ་སློབ་ཅིང་ཡོངས་སུ་བསྔོ་བ་ནི། རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་ཏེ། འཕགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཀུན་དུ་བཟང་པོ་སྤྱོད་པ་གང་ཡིན་པ་དང༌། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཇི་སྙེད་པ་དང༌། ཏིང་ངེ་འཛིན་ཇི་སྙེད་པ་དང༌། དེ་ལྟ་བུ་ལ་སོགས་པ་མདོར་ན་བྱང་ཆུབ་སེམས་དཔའི་ཡོན་ཏན་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པས་


DTG117_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ན་དེའི་ཕྱིར་སྲས་ཀྱི་ཐུ་བོ་ཞེས་བྱའོ། །རྒྱལ་བ་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བོ་འཕགས་པ་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ཞེས་བྱ་བ་གང་ཡིན་པ་མཁས་པ་དེ་དང་ཞེས་བྱ་བ་ནི་མཁས་པ་དེ་ཁོ་ན་དང་ངོ༌། །མཚུངས་པར་སྤྱོད་པའི་ཕྱིར་ཞེས་བྱ་བ་ནི། །མཚུངས་པར་སྤྱོད་པའི་ཕྱིར་སྐད་ཅིག་རེ་རེ་ལ་ཇི་སྐད་བསྟན་པའི་དགེ་བའི་རྩ་བ་འདི་ཡོངས་སུ་བསྔོའོ་ཞེས་བྱ་བ་ཡིན་ནོ། །ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང༌། །ཞེས་བྱ་བ་ལ་སོགས་པ་ནི་ལུས་དང་ངག་དང་ཡིད་རྣམ་པར་དག་པའོ། །སྤྱོད་པ་རྣམ་པར་དག་པ་དང༌། ཞིང་རྣམ་པར་དག་པའོ། །བསྔོ་བ་ཞེས་བྱ་བ་ནི་བསྔོ་བ་སྟེ། ཡོངས་སུ་བསྔོ་བ་ཡིན་ནོ། །བཟང་པོ་མཁས་པ་ཞེས་བ་ནི་མཁས་པ་འཕགས་པ་ཀུན་དུ་བཟང་པོའོ། །ཅི་འདྲ་བ་ཞེས་བྱ་བ་ནི་དེ་ལྟ་བུར་རོ། །དེ་འདྲ་ཞེས་བྱ་བ་ནི་དེ་དང་འདྲ་བ་ཁོ་ནའོ། །བདག་ཀྱང་དེ་དང་མཚུངས་པར་ཤོག །ཅེས་བྱ་བ་ལ། དེ་དང་ཞེས་བྱ་བ་ནི་འཕགས་པ་ཀུན་དུ་བཟང་པོ་དང་ངོ༌། །མཚུངས་པར་ཞེས་བྱ་བ་ནི་འདྲ་བར་རོ། །ཀུན་ནས་དགེ་བ་ཞེས་བྱ་བ་ནི་ཐོག་མ་དང༌། བར་མ་དང། ཐ་མར་ཞི་ཞིང་དགེ་བའོ། །བཟང་པོ་སྤྱོད་པའི་ཕྱིར་ཞེས་བྱ་བ་ནི་བཟང་པོ་སྤྱོད་པའི་ཆེད་དུའོ། །འཇམ་དཔལ་གྱི་ནི་སྨོན་ལམ་ཞེས་བྱ་བ་ནི་འཕགས་པ་འཇམ་དཔལ་གྱི་སྨོན་ལམ་སྤྱད་པར་བགྱིའོ་ཞེས་བྱ་བ་ཡིན་ནོ། །དེའི་སྨོན་ལམ་ཇི་ལྟ་བུ་ཞིག་ཅེ་ན། འཕགས་པ་འཇམ་དཔལ་ཆོས་ཀྱི་རྒྱལ་བོར་གྱུར་པ་ན། འཁོར་བ་ལ་ཐོག་མའི་མུ་དང་མཐའ་ཡས་པ་ཇི་སྲིད་པ་དེ་སྲིད་དུ་སེམས་ཅན་ལ་ཕན་པ་ཁོ་ནའི་ཕྱིར་སྤྱད་པ་ཚད་མེད་པ་སྤྱོད་པར་གྱུར་ཅིག་ཅེས་སྨོན་པ་དེ་ལྟ་བུ་ལ་སོགས་པ་རྒྱས་པར་ཇི་སྲིད་དུ་འབྱུང་བ་ལྟ་བུ་ཡིན་ནོ། །མ་འོངས་བསྐལ་པ་ཀུན་དུ་མི་སྐྱོ་བར། །ཞེས་བྱ་བ་ནི་མ་འོངས་པའི་བསྐལ་པ་མ་ལུས་པ་ཐམས་ཅད་དུ་སྐྱོ་བ་མེད་ཅིང་གཞན་དུ་མི་སེམས་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བྱ་བ་ཕྲིན་ལས་དེ་དག་རྫོགས་པར་བགྱི་ཞིང་བསྒྲུབ་པར་བགྱིའོ་ཞེས་བྱ་བ་ཡིན་ནོ། །སྦྱོར་བ་དང༌། ཡོན་ཏན་དང༌། སྤྱོད་པ་ཚད་མེད་པ་དང༌། གནས་པའི་ཁྱད་པར་དག་གིས་རྣམ་པ་བཅུ་དྲུག་པ་སྟེ། བསྡུ་བ་བསྟན་པ་ནི། སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག །ཅེས་བྱ་བ་ལ་སོགས་པ་གང་དག་གསུངས་པ་ཡིན་ཏེ། བདག་གི་སྤྱོད་པའང་ཚད་ཡོད་མ་གྱུར་ཅིག །ཡོན་ཏན་རྣམས་ཀྱང་ཚད་གཟུང་མེད་པར་ཤོག་ཤིག །སྤྱོད་པ་ཚད་མེད་པ་དང་ཡོན་ཏན་ཚད་མེད་པ་དག་ལ་གནས་ནས་ཀྱང༌། རྟག་ཏུ་


DTG117_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གི་འཕྲུལ་པ་རྨད་དུ་བྱུང་བ་རྣམ་པ་ཐམས་ཅད་དུ་འཚལ་བར་བགྱིའོ་ཞེས་བྱ་བ་ཡིན་ནོ། །དེའི་རབ་ཏུ་དབྱེ་བ་རྣམ་པ་བཅུ་དྲུག་པོ་འདི་ནི་བསྡུས་པའི་དོན་བརྒྱད་པ་ཡིན་ནོ། །ད་ནི་དེའི་མཐའ་སྟེ་བཟང་པོ་སྤྱོད་པའི་སྨོན་ལམ་འདིའི་མཐའ་ནི་ནམ་མཁའ་ལ་སོགས་པའི་མཐའ་དཔེར་བརྗོད་པས་རྣམ་པ་བཞིའོ། །ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །ཞེས་བྱ་བ་ནི་ནམ་མཁའི་ཁམས་ཀྱི་མཐར་ཐུག་པར་གྱུར་པ་ཇི་ཙམ་པ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་མཐའ་ཇི་ཙམ་པ་དང༌། འགྲོ་བའི་ལས་དང་ཉོན་མོངས་པ་རྣམས་ཀྱི་མཐའ་ཇི་ཙམ་པར་བདག་གི་བཟང་པོ་སྤྱོད་པའི་སྨོན་ལམ་འདིའི་མཐའ་ཡང་དེ་ཙམ་དུ་གྱུར་ཅིག་ཅེས་བྱ་བ་སྟེ། ནམ་མཁའ་ལ་སོགས་པའི་མཐའ་ཡོངས་སུ་ཐུག་པ་མེད་པ་དེ་བཞིན་དུ། བདག་གི་སྨོན་ལམ་འདིའི་མཐའ་ཡང་ཡོངས་སུ་ཐུག་པ་མེད་པར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །བསྡུས་པའི་དོན་བཅུ་པ་ནི་སྨོན་ལམ་གྱི་ཕན་ཡོན་ཏེ། དེ་ཡང་མཐོང་བའི་ཆོས་དང་ཚེ་ཕྱི་མ་དང༌། རྣམ་པ་གཉིས་སོ། །དེ་ལ་མཐོང་བའི་ཆོས་ནི་རྣམ་པ་བཞི་སྟེ་འདི་ལྟ་སྟེ་བསོད་ནམས་ཁྱད་པར་ཅན་ཡོངས་སུ་སྡུད་པ་དང༌། དེ་བཞིན་གཤེགས་པ་མཐོང་བ་དང༌། བྱང་ཆུབ་སེམས་དཔའ་དང་བསྐལ་པ་མཉམ་པ་འཐོབ་པ་དང༌། ལས་ཀྱི་སྒྲིབ་པ་ཡོངས་སུ་སྦྱང་བའོ། །དེ་ལ་གཟུང་བའི་དངོས་པོ་མང་པོ་རྒྱ་ཆེན་པོ་སྣ་ཚོགས་པ་མཐའ་ཡས་པ། ཞིང་གི་ཁྱད་པར་དུ་འཕགས་པའི་བསོད་ནམས་བརྗོད་པ་དེ་བས་བྱང་ཆུབ་དོན་དུ་གཉེར་བའི་སྨོན་ལམ་ལ་མོས་པ་བསོད་ནམས་ཁྱད་པར་ཅན་ཡོངས་སུ་སྡུད་པ་ནི། གང་ཡང་ཕྱོགས་བཅུའི་ཞིང་རྣམས་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། འདི་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འགའ་ཞིག་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་མཐའ་ཡས་མུ་མེད་པ་རིན་པོ་ཆེ་སྣ་ཚོགས་ཀྱི་ན་བཟའ་དང༌། བླ་རེ་དང༌། གདུགས་དང་རྒྱལ་མཚན་དང། བ་དན་དང༌། རོལ་མོ་དང༌། རིན་པོ་ཆེའི་དྲིལ་བུ་དང༌། ཕྲེང་བ་དང༌། སྤོས་དང༌། མེ་ཏོག་དང༌། མར་མེའི་ཕྲེང་བ་ལ་སོགས་པ་མིའི་ལས་འདས་པ་ལྷ་རྫས་དེ་དག་གིས་བརྒྱན་ཞིང་བརྒྱན་པ་དང༌། ལྷ་དང་མིའི་བཟའ་བ་དང་བཅའ་བ་ལ་སོགས་པ་ཁྱད་པར་དུ་འཕགས་པ་རོ་བརྒྱ་དང་ལྡན་པ། བདེ་བའི་མཆོག་


DTG117_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་པར་བྱེད་པ་དག །བསྐལ་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་སྙེད་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་འབུལ་བར་བྱེད་ལ། གང་ཡང་གཞན་ཞིག་གིས་ཡོངས་སུ་བསྔོ་བའི་རྒྱལ་པོ་འདི་ཉིད་ཐོས་ནས་ལན་གཅིག་ཙམ་སྟེ། ལན་གཅིག་དང་ཅིང་ཡིད་ཆེས་པ་འདི་ནི་དེ་ལྟ་བུ་ཡིན་ནོ་ཞེས་ངེས་བསྐྱེད་པར་བྱེད་ན། དེས་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་སྔ་མ་དེ་བས་བསོད་ནམས་ཁྱད་པར་དུ་འཕགས་པ་འདི་ཐོབ་པར་འགྱུར་རོ། །དེ་ཡང་གང་ཞིག་ཅེས་བྱས་ན། བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང༌། །ཞེས་བྱ་བ་སྟེ། ཐེག་པ་ཆེན་པོ་ཡིན་ནོ། །ངན་སོང་དང་གྲོགས་པོ་ངན་པ་སྤངས་པས་དེ་བཞིན་གཤེགས་པ་མཐོང་བ་ནི། དེས་ནི་ངན་སོང་ཐམས་ཅད་སྤངས་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། །དེས་ནི་ངན་སོང་དང་ངན་འགྲོ་གསུམ་སྤངས་པར་འགྱུར་རོ། །དེས་ནི་གྲོགས་པོ་ངན་པ་མི་དགེ་བའི་གྲོགས་པོ་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་དག་ཀྱང་སྤངས་པ་ཡིན་ཞིང་དེ་འཆི་བའི་དུས་ཀྱི་ཚེ། བཅོམ་ལྡན་འདས་འོད་དཔག་མེད་གང་གདོན་མི་ཟ་བར་མྱུར་དུ་མཐོང་ངོ༌། །གང་གིས་མཐོང་ཞེ་ན། གང་གིས་སེམས་ལ་བཟང་པོ་སྤྱོད་པའི་སྨོན་ལམ་འདིའི་དོན་དང་ཚིག་གི་སྒོ་ནས་ཡོད་པས་སོ། །རྙེད་པ་དང་འཚོ་བ་དང་ཚེ་རབས་སུ་བསྔགས་པ་རྙེད་པས་བྱང་ཆུབ་སེམས་དཔའ་དང་སྐལ་པ་མཉམ་པ་ཉིད་ཐོབ་པ་ནི་དེ་དག་རྙེད་པར་བ་རྙེད་ཅེས་བྱ་བ་ལ་སོགས་གང་གསུངས་པ་ཡིན་ཏེ། །གང་དག་གིས་སྨོན་ལམ་རིན་པོ་ཆེའི་རྙེད་པ་བླ་ན་མེད་པ་ཡང་དག་པར་རྙེད་པ་དེ་དག་ནི་བདེ་བར་འཚོ་བ་ཡིན་ཏེ། སྨོན་ལམ་རིན་པོ་ཆེའི་དེ་ཉིད་རྙེད་པའི་བྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་དག་གི་ཚེ་དེ་ལ་རྙེད་པར་བྱ་བའི་དངོས་པོ་མཆོག་རྙེད་པའི་ཕྱིར་མིའི་ཚེ་འདིར་མཛེས་པར་འོངས་པ་ན་ལེགས་པར་འོངས་པ་ཡིན་ལ། དེ་དག་རིང་པོར་མི་ཐོགས་པར་འཕགས་པ་ཀུན་དུ་བཟང་པོ་དེ་ཅི་འདྲ་བ་དེ་བཞིན་དེ་དང་འདྲ་བར་ཁོ་ནར་འགྱུར་རོ། །བཞི་པ་ལས་ཀྱི་སྒྲིབ་པ་ཡོངས་སུ་འབྱང་བའི་ཕན་ཡོན་ནི། མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ་གང་གིས་མི་ཤེས་པའི་དབང་གིས་ཏེ་མི་ཤེས་པ་རྩ་བར་གྱུར་པའི་ཕྱིར་འདོད་ཆགས་ལ་སོགས་པ་ཡང་མི་ཤེས་པའི་དབང་གིས་བྱས་པ་ཞེས་བརྗོད་དེ། མ་བསད་པ་ལ་སོགས་པ་མཚམས་མེད་པ་ལྔའི་ལས་བྱས་པ་དེས་བཟང་པོ་སྤྱོད་པའི་སྨོན་ལམ་འདི་སྐད་བཤད་པ་ངེས་པར་གཟུང་ལ། དད་པའི་ཆུའི་རླན་གྱིས་སེམས་


DTG117_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

བརླན་ཏེ། བརྗོད་ཅིང་བསྟན། མོས་པར་བྱས་ཤིང་བཀླགས། གཟུང་ཞིང་བསྒོམས་ལ། ཉིན་མཚན་དུ་ཡང་སྐྱོ་བ་བསྐྱེད་ན། མཚམས་མེད་པ་ལྔ་པོ་དག་མྱུར་དུ་མ་ལུས་པ་ཡོངས་སུ་འབྱང་བར་འགྱུར་ཞིང་རྩད་ནས་ཕྱིན་པར་འགྱུར་རོ། །ཚེ་ཕྱི་མ་ནི་རྣམ་པ་གཉིས་ཏེ། རྒྱུས་བསྡུས་པ་དང༌། འབྲས་བུས་བསྡུས་པའོ། །དེ་ལ་རྒྱུས་བསྡུས་པ་ནི་ཡེ་ཤེས་དང་གཟུགས་དང་མཚན་གྱིས་བརྒྱན་པའི་ལུས་གནོད་པ་མེད་པའི་ལུས་ཀྱི་མཚན་ཉིད་དེ། ཡེ་ཤེས་དང་ནི་གཟུགས་དང་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཡེ་ཤེས་དང་ཞེས་བྱ་བ་ནི་སྤྱོད་པ་ཐམས་ཅད་དང་ལྡན་པའི་ཡེ་ཤེས་དང་ངོ༌། །གཟུགས་དང་ཞེས་བྱ་བ་ནི་ཡིད་འཕྲོག་པའི་གཟུགས་དང་ངོ༌། །མཚན་རྣམས་ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོའི་མཚན་དབུ་གཙུག་ཏོར་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་སུམ་ཅུ་རྩ་གཉིས་དང་སྟེ། དཔེ་བྱད་རྣམས་ནི་མཚན་གྱི་འཁོར་ཡིན་པའི་ཕྱིར་དེ་དག་དང་ཡང་ལྡན་པར་འགྱུར་རོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །རིགས་དང་ཞེས་བྱ་བ་ནི་བྲམ་ཟེ་དང་རྒྱལ་རིགས་དག་ལས་གང་ཡང་རུང་བ་ཞིག་དང་ངོ༌། །རུས་རྣམས་དང་ཞེས་བྱ་བ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པར་གྲགས་པ་དང་ངོ༌། །ལྡན་པར་ཞེས་བྱ་བ་ལ་ནི་རྟག་ཏུ་ལྡན་ཞིང་ཡང་དག་པར་ལྡན་པར་འགྱུར་རོ། །འགྱུར་ཞེས་བྱ་བ་ནི་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ། །ཅེས་བྱ་བ་ནི་གང་ཞིག་ཀུན་དུ་བཟང་པོ་སྤྱོད་པའི་སྨོན་ལམ་འདི་འཛིན་ཞིང་སྟོན་པར་བྱེད་པ་དེ་ནི་བདུད་མང་པོ་དང་མུ་སྟེགས་མང་པོས་ཀྱང་དེ་མི་ཐུབ་ཅིང་ཟིལ་གྱིས་མི་ནོན་ལ་འཇིག་རྟེན་གསུམ་པོ་ཐམས་ཅད་ཡང་མཆོད་པར་འགྱུར་ཞེས་བྱ་བ་ཡིན་ནོ། །འབྲས་བུས་བསྡུས་པ་ནི། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང༌། སེང་གེའི་ཁྲི་ལ་བཞུགས་པར་སྟོན་པ་དང༌། བདུད་ཕམ་པར་མཛད་པ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་མཚན་ཉིད་དེ། བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །གང་གིས་བཟང་པོ་སྤྱོད་པ་རིན་པོ་ཆེ་བླ་ན་མེད་པ་འདིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཤིན་ཏུ་


DTG117_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པ་འདི་ནི་བྱང་ཆུབ་ཤིང་དབང་སྟེ། བྱང་ཆུབ་ཀྱི་ཤིང་གི་རྒྱལ་པོའི་དྲུང་དུ་མྱུར་དུ་འགྲོའོ། །སོང་ནས་འགྲོ་བ་མཐའ་དག་ལ་ཕན་པ་བསྐྱེད་པའི་ཕྱིར་སེང་གེའི་ཁྲི་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་གོ །འདུག་ནས་ཀྱང་བདུད་སྡེ་དང་བཅས་པ་ཕམ་པར་བྱས་ནས། དེའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་རབ་ཏུ་བསྐོར་ཞིང་སྟོན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ །མདོར་ན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་མ་ལུས་པ་ཐོབ་པའི་ཕན་ཡོན་ནི། གང་ཡང་བཟང་པོ་སྤྱོད་པའི་ཞེས་པ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །གང་ཞིག་བཟང་པོ་སྤྱོད་པའི་སྨོན་ལམ་འདི་འཆང་བ་དང༌། ཀློག་པ་དང༌། སྟོན་པར་བྱེད་པ་དེའི་རྣམ་པར་སྨིན་པ་གང་ཡིན་པ་དེ་ནི། རྗེ་བཙུན་སངས་རྒྱས་བཅོམ་ལྡན་འདས་ཁོ་ནས་མཁྱེན་གྱིས། གཞན་ཉན་ཐོས་དང་རང་སངས་རྒྱས་ནི་འགས་ཀྱང་མི་ཤེས་སོ། །སྨོན་ལམ་རིན་པོ་ཆེ་འདིའི་རྣམ་པར་སྨིན་པ་ཇི་ལྟ་བུ་ཞིག་མཁྱེན་ཞེ་ན། བྱང་ཆུབ་མཆོག་ཅེས་བྱ་བ་གསུངས་ཏེ། འབྲས་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་ནོ། །འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ཆེན་པོ་མ་ལུས་པ་འཐོབ་པའི་ཕན་ཡོན་ཡང་འདིར་ཤུགས་ཀྱིས་བཤད་པ་ཁོ་ནས་རིག་པར་བྱ་སྟེ། འཇིག་རྟེན་པའི་ཕུན་སུམ་ཚོགས་པ་འཐོབ་པ་ནི་སྨོན་ལམ་འདི་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་སྨོན་ལམ་འདི་ལ་སོམ་ཉི་སྟེ་ཐེ་ཚོམ་སྐྱེད་པར་མ་བྱེད་ཅིག་ཅེས་བྱ་བ་ཡིན་ནོ། །ད་ནི་འདོན་པར་བྱེད་པའི་ཡོངས་སུ་བསྔོ་བ་བསྟན་པའི་ཕྱིར། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་འཕགས་པ་འཇམ་དཔལ་གྱིས་ཇི་ལྟར་མཁྱེན་པ་དང༌། འཕགས་པ་ཀུན་དུ་བཟང་པོས་ཇི་ལྟར་མཁྱེན་པའོ། །དེ་དག་གི་ཞེས་བྱ་བ་ནི། །དེ་དག་གི་རྗེས་སུ་བདག་སློབ་ཅིང༌། དགེ་བའི་ཚོགས་འདི་དག་ཐམས་ཅད་བསྔོ་ཞེས་བྱ་བ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་ལྟར་ཡོངས་སུ་བསྔོ་བ་ཡིན་ནོ། །ད་ནི་གཉིས་པ་དེ་བཞིན་གཤེགས་པའི་ལྟར་ཡོངས་སུ་བསྔོ་བ་ནི། དུས་


DTG117_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིས། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། དུས་གསུམ་དུ་གཏོགས་པའི་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་བསྔོ་བ་གང་ལ་མཆོག་ཉིད་དང་བླ་ན་མེད་པ་ཉིད་དུ་བསྔགས་ཤིང་རབ་ཏུ་བསྟོད་པའོ། །དེས་བདག་གིས་ཞེས་བྱ་བ་ནི་བསྔོ་བ་དེས་བདག་གི་དགེ་བའི་ཚོགས་ཡང་དག་པར་བསྒྲུབ་པ་འདི་ཐམས་ཅད། བཟང་པོ་སྤྱོད་པའི་མཆོག་བླ་ན་མེད་པའི་ཕྱིར་ཡོངས་སུ་བསྔོ་བར་བགྱིའོ་ཞེས་བྱ་བ་ཡིན་ནོ། །ད་ནི་ཚིགས་སུ་བཅད་པ་ཕྱེད་ཀྱིས་སྒྲིབ་པ་དང་བྲལ་བར་བསྟན་པ་དང༌། གཞན་ཕྱེད་དང་གཉིས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་ལུས་ཡོངས་སུ་འཛིན་པར་བསྟན་པ་ནི་བདག་ནི་འཆི་བའི་དུས་བྱེད་ཅེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། འཆི་བའི་དུས་ནི་འཆི་བའོ། །འཆི་བའི་དུས་དེ་བྱེད་པ་སྟེ། འཆི་བའི་ཚེ་སྒྲིབ་པ་གང་ཡང་རུང་བ་དེ་དག་ཐམས་ཅད་བཟང་པོ་སྤྱོད་པས་ཕྱིར་བསལ་ཏེའོ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །ཞེས་བྱ་བ་ནི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་དེ་མཐོང་ནས་སོ། །དེར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་བདེ་བ་ཅན་དེར་རབ་ཏུ་འགྲོའོ་ཞེས་བྱ་བ་ཡིན་ནོ། །དེར་སོང་ནས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་བདེ་བ་ཅན་དེར་སོང་ནས། ཇི་སྐད་བསྟན་པའི་སྨོན་ལམ་འདི་དག་ཉིད་མ་ལུས་པར་མངོན་དུ་གྱུར་པར་ཤོག་ཤིག། དེ་དག་མ་ལུས་པར་བདག་གིས་ཡོངས་སུ་བསྐང་ནས་ཀྱང༌། སེམས་ཅན་ཐམས་ཅད་ལ་ཕན་པར་བགྱིའོ་ཞེས་པ་ཡིན་ནོ། །དུས་ཇི་སྲིད་ཅིག་ཏུ་ཞེ་ན། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འཇིག་རྟེན་ཇི་སྲིད་ཅེས་བྱ་བ་ནི་འགྲོ་བ་ཇི་སྲིད་པར་ཞེས་པའི་ཐ་ཚིག་གོ །ལྷག་མ་རྣམས་ཀྱིས་ནི་ལུང་བསྟན་པ་ཐོབ་པ་དང༌། སེམས་ཅན་གྱི་དོན་དུ་བསྒྲུབ་པ་བསྟན་ཏེ། ཇི་ལྟ་ཞེ་ན། རྒྱལ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱལ་བའི་དཀྱིལ་འཁོར་དེར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་འཁོར་གྱིས་དཀྱིལ་འཁོར་དེར་རོ། །བཟང་ཞིང་དགའ་བ་ཞེས་བྱ་བ་ནི་སྐྱིད་ཅིང་དགའ་བའོ། །པདྨ་དམ་པ་ནི་རིན་པོ་ཆེ་སྣ་ཚོགས་ཀྱི་པདྨ་མཆོག་གོ །ཤིན་ཏུ་མཛེས་ལས་ཞེས་བྱ་བ་ནི། གསལ་ཞིང་འོད་ཟེར་གྱི་དྲ་བ་སྣ་ཚོགས་ལས་འབྱུང་བ་ལས་སོ། །སྐྱེས་ཞེས་བྱ་བ་ནི་འཁྲུངས་པའོ། །ལུང་བསྟན་པ་ཞེས་བྱ་བ་ནི། འདིས་ལུང་སྟོན་པར་བྱེད་པས་ན་ལུང་བསྟན་པ་སྟེ། བདག་གིས་དེར་བཅོམ་ལྡན་འདས་འོད་དཔག་མེད་དེ་ལས་མངོན་པར་དུས་འདི་སྲིད་ཅིག་ན་འཇིག་


DTG117_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་ཞེས་བྱ་བར་འགྱུར་རོ་ཞེས་བྱ་བ་ནི་དེ་ལྟ་བུའི་ལུང་བསྟན་པ་ཐོབ་པར་ཤོག་ཤིག་ཅེས་བྱ་བ་ཡིན་ནོ། །དེར་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་འོད་དཔག་མེད་དེ་ལས་ལུང་བསྟན་པ་ཐོས་ནས། དེའི་འོག་ཏུ་སྤྲུལ་པ་མང་པོ་སྤྲུལ་པའི་སྤྲིན་བགྲང་བ་ལས་འདས་པ་བྱེ་བ་ཕྲག་བ་རྒྱས་ཕྱོགས་བཅུར་ཁྱབ་པར་བྱས་ཏེ། ཕྱོགས་བཅུར་འགྲོ་བ་མཐའ་དག་གི་ནང་དུ། འཁོར་བ་ཇི་སྲིད་པར་སེམས་ཅན་རྣམས་ལ་སྐད་ཅིག་རེ་རེ་ཞིང་ཕན་པ་མང་པོ་བགྲང་བ་ལས་འདས་པ་བྱེད་ཅིང༌། སྒྲུབ་པར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །བློའི་སྟོབས་ཀྱིས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མཐུ་སྟེ། ཡེ་ཤེས་ཀྱི་ཆེ་བའི་བདག་ཉིད་ཆགས་པ་མེད་ཅིང་ཐོགས་པ་མེད་པས་ཞེས་བྱ་བའི་ཐ་ཚིག་གོ །སྨོན་ལམ་རྒྱལ་པོ་འདི་ཡི་བཤད་སྦྱར་བྱས་པ་ཡིས། །བསོད་ནམས་དྲི་མེད་ཐོབ་པའི་དགེ་བ་གང་ཡིན་དེས། །འདི་ན་འགྲོ་དོན་གྲུབ་པར་བྱ་ཕྱིར་ཡང་དང་ཡང༌། །སྲིད་པ་ཇི་སྲིད་བར་དུ་རྒྱུ་མཐུན་འབྱིན་པར་བསྔོ། །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་བ་སློབ་དཔོན་རྒྱན་བཟང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཀ་བ་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཏེ་བསྟན་ལ་ཕབ་པའོ། །


previousའཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ། རྒྱན་བཟང་པོ།next