Nitartha Digital Library
Tibetan
 
previousའཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་འཕགས་པ་བྱམས་པའི་ལེའུ་ཉི་ཚེ་བཤད་པ། ཡེ་ཤེས་སྙིང་པོ།no next

འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་འཕགས་པ་བྱམས་པའི་ལེའུ་ཉི་ཚེ་བཤད་པ།
ཡེ་ཤེས་སྙིང་པོ།


DTG124_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

༈། །དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་འཕགས་པ་བྱམས་པའི་ལེའུའི་བཤད་པ་བཞུགས་སོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། འཕགས་པ་བྱམས་པའི་ལེའུར་ཉེ་ཚེ་བཤད་པ། བམ་པོ་དང་པོ། འཕགས་པ་བྱམས་པ་ལ་ཕྱག་འཚལ་ལོ། །ཆོས་གདགས་པ་རྣམ་པར་གཞག་པ་ལས་བརྩམས་ནས། རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་རབ་ཏུ་དབྱེ་བ་རིག་པར་བྱའོ་ཞེས་བྱ་བས་ནི། ངོ་བོ་ཉིད་དང༌། སྦྱོར་བའི་རྒྱུ་དང༌། འཐོབ་པ་དང༌། འཐོབ་པའི་ཐབས་དང༌། ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པས་རྣལ་འབྱོར་གྱི་ལམ་སྟོན་ཏེ། དེ་ལ་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པ་ཉིད་ནི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དོ། །འདི་རྣལ་འབྱོར་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡིན་པར་དགོངས་སོ། །ཚུལ་ཁྲིམས་ཀྱི་ཕུང་པོས་ཡོངས་སུ་བསྡུས་པ་ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་ཕུང་པོའི་ངོ་བོ་ཉིད་ཀྱིས་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་རབ་ཏུ་དབྱེ་བ་ནི་ངོ་བོ་ཉིད་ལ་སོགས་པ་ཡིན་པར་རིག་པར་བྱའོ། །ཡང་ན་རྣལ་འབྱོར་ནི་རིགས་པ་ཡིན་ཏེ། རིགས་པ་བཞིས་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ཡིན་པར་སྦྱར་རོ། །དགོངས་པ་ངེས་པར་འགྲེལ་པ་ཞེས་བྱ་བ་ནི་དགོངས་པ་ཟབ་མོ་ངེས་པར་བཀྲོལ་བས། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་མདུད་པ་གཅོད་པ་ཞེས་བྱ་བའི་དོན་ཏོ། །མདོ་ཞེས་བྱ་བ་ནི་ངེས་པར་མ་ལུས་པར་སྨོས་པ་ཉིད་ཀྱིས་སོ། །བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་ཞུ་བ་ཞུས་པ་ནི། ཞི་གནས་དང་ལྷག་མཐོང་གི་ལམ་འདི་ནི་བྱང་ཆུབ་ཆེན་པོ་དང་ཉེ་བའི་རྒྱུ་ཡིན་ལ། འཕགས་པ་བྱམས་པ་ཡང་བྱང་ཆུབ་ཆེན་པོ་དང་ཉེ་བ་ཡིན་པས། བཅོམ་ལྡན་འདས་ལ་ཞུ་བ་ཞུས་སོ། །དེ་ལྟར་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ངེས་པར་བྱས་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཅི་ལ་གནས་ཞེས་བྱ་བ་ལ་སོག་པས་སྦྱོར་བའི་རྒྱུ་ཞུས་ཏེ། སྦྱོར་བའི་རྒྱུ་ནི་གནས་དང༌། རྟེན་དང༌། དམིགས་པས་སྟོན་ཏོ། །བྱམས་པས་ཆོས་གདགས་པ་རྣམ་པར་


DTG124_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་མི་གཏོང་བ་ལ་གནས་ཤིང་བརྟེན་ནས་སོ་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་གི་གནས་ཀྱིས་སྦྱོར་བའི་རྒྱུ་དང༌། རྐྱེན་གྱིས་སྦྱོར་བའི་རྒྱུ་སྟོན་ཏེ། ཆོས་གདགས་པ་རྣམ་པར་གཞག་པ་ནི་བཤད་པའི་ཆོས་ཀྱི་ཚོགས་ཡིན་པའི་ཕྱིར། གནས་ཀྱི་རྒྱུ་ཡིན་ནོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་རྟོགས་པའི་ཆོས་ཀྱི་སྐུ་ཡིན་པའི་ཕྱིར། དེར་སྨོན་པ་ནི་རྟེན་གྱི་རྒྱུ་ཡིན་ཏེ། སྨོན་ལམ་ནི་བྱང་ཆུབ་ཆེན་པོ་འདྲེན་པར་བྱེད་པའི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱི་ཞི་གནས་དང་ལྷག་མཐོང་གི་དམིགས་པའི་དངོས་པོ་བཞི་པོ་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ཡོངས་སུ་ཞུས་པས་ནི། དམིགས་པས་སྦྱོར་བའི་རྒྱུ་སྟོན་ཏོ། །རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང༌། རྣམ་པར་མི་རྟོག་པའི་གཟུགས་བརྙན་དང་དངོས་པོའི་མཐའ་དང༌། དགོས་པ་ཡོངས་སུ་གྲུབ་པ་ཞེས་བྱ་བ་ལ། གཟུགས་བརྙན་ཞེས་བྱ་བ་ནི་འདྲ་བ་ཞེས་བྱ་བའི་ཐ་ཚིག་གོ །གང་གི་གཟུགས་བརྙན་ཞེ་ན། སེམས་ཀྱི་སྟེ། སྣང་བ་ཐམས་ཅད་ནི་དེ་ཉིད་ཡིན་པའི་ཕྱིར་རོ། །དམིགས་པ་ལ་སྔོན་དུ་ཕྱོགས་པ་ནི། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ནོ། །ནང་དུ་བསྡུས་པ་ནི་རྣམ་པར་མི་རྟོག་པའི་གཟུགས་བརྙན་ནོ། །དངོས་པོ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། དེ་ལ་གནས་དང་དམིགས་པ་དང་བཅས་པའི་སེམས་དང་ལས་བྱུང་བ་དག་རྒྱུ་དང་འབྲས་བུའི་དངོས་པོས་གནས་པའི་ཕྱིར་རོ། །དེའི་མཐའ་ཡོངས་སུ་ཟད་པས་ནི་དངོས་པོའི་མཐའ་ཉིད་དེ། །གནས་གྱུར་པ་ཆོས་ཀྱི་སྐུ་ཞེས་བྱ་བའི་ཐ་ཚིག་གོ །དགོས་པ་ཡོངས་སུ་གྲུབ་པ་ཡང་བདག་དང་གཞན་གྱི་བྱ་བ་གྲུབ་པས། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པ་དང༌། ཆགས་པ་མེད་པའི་ཡེ་ཤེས་མཐོང་བ་འཇུག་པ་ནི་དགོས་པ་ཡོངས་སུ་གྲུབ་པ་ཡིན་པར་བསྟན་ཏོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་དམིགས་པ་བཞི་པོ་དེ་དག་ལམ་གང་གིས་དམིགས་པ་དུ་དག་ལགས་ཞེས་ཞུས་སོ། །བཀའ་སྩལ་པ་གཅིག་སྟེ། འདི་ལྟ་སྟེ། རྣམ་པར་མི་རྟོག་པའི་གཟུགས་བརྙན་ནོ་ཞེས་བྱ་བ་ནི་ཞི་གནས་ཀྱི་དམིགས་པ་སྟེ། ཞི་


DTG124_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ནི་ནང་དུ་ལྟ་སྟེ། འཇུག་པའི་ཕྱིར་ནང་དུ་བསྡུས་པ་ཡིན་ནོ། །དུ་ཞིག་ལྷག་མཐོང་གི་དམིགས་པ་ལགས་ཞེས་བྱ་བ་ལ་སོགས་པས་གཅིག་ཁོ་ན་སྟེ་འདི་ལྟ་སྟེ། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ནོ་ཞེས་གསུངས་པ་ནི། ལྷག་མཐོང་གི་སྟེ། དམིགས་པ་ལ་རྣམ་པར་དཔྲོ་བ་ཉིད་མཚན་མར་འཛིན་པའི་ཕྱིར་རོ། །དུ་ཞིག་དེ་གཉི་ཀའི་དམིགས་པ་ལགས། བཀའ་སྩལ་པ་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། དངོས་པོའི་མཐའ་དང༌། དགོས་པ་ཡོངས་སུ་གྲུབ་པའོ་ཞེས་གསུངས་པ་ནི། དེ་གཉིས་སྤངས་པ་དང༌། ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ་གྱི་དམིགས་པ་ཉིད་ཡིན་པར་གསུངས་ཏེ། མཐར་ཐུག་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དང༌། སྦྱོར་བའི་རྒྱུ་ངེས་པར་བྱས་ནས། ད་ནི་བྱང་ཆུབ་སེམས་དཔའ་ཞི་གནས་ཡོངས་སུ་བཙལ་བར་བྱ་བ་དང། ཇི་ལྟར་ལྷག་མཐོང་ལ་མཁས་པར་བྱ་བ་བསྟན་པའི་ཕྱིར། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་གི་དམིགས་པའི་དངོས་པོ་བཞི་པོ་དེ་དག་ལ་བརྟེན་ཅིང་གནས་ནས། ཇི་ལྟར་ཞི་གནས་ཡོངས་སུ་ཚོལ་བར་བགྱིད་པ་དང༌། ལྷག་མཐོང་ལ་མཁས་པ་ལགས་ཞེས་གསུངས་པས་དེ་གཉིས་ཀྱི་ཐོབ་པ་ཞུས་སོ། །ཞི་གནས་ནི་སེམས་ཀྱི་ཡོངས་སུ་གདུང་བཞི་བའི་ངོ་བོ་ཉིད་ཡིན་པའི་ཕྱིར། །བྱང་ཆུབ་སེམས་དཔའ་ཡོངས་སུ་བཙལ་བར་བྱ་བ་ཡིན་ལ། ལྷག་མཐོང་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དེས་དེ་ལ་མཁས་པར་བྱ་དགོས་པར་བསྟན་པའི་ཕྱིར་བྱམས་པ་ངས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་གདགས་པ་རྣམ་པར་གཞག་པ་ཞེས་བྱ་བ་ནི་སྤྱིར་བསྟན་ཏེ། མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌། ཡི་གེའི་ཚོགས་ཀྱི་གདགས་པས་ཆོས་རྣམས་སྤྱིར་རྣམ་པར་གཞག་པའོ། །མདོའི་སྡེ་ལ་སོགས་པ་ནི་བྱེ་བྲག་ཏུ་བསྟན་པའོ། །མདོའི་སྡེ་ལ་སོགས་པ་སྤྱི་དང་བྱེ་བྲག་ཏུ་བསྟན་པ་དེ་དག་ལེགས་པར་ཐོས་པ་དང་ལེགས་པར་གཟུང་བ་དང་ཁ་ཏོན་བྱང་བར་བྱས་པ་དང༌། ཡིད་ཀྱིས་ལེགས་པར་བརྟགས་པ་དང༌། མཐོང་བས་ཤིན་ཏུ་རྟོགས་པར་བྱས་པ་ཇི་ལྟར་ཞི་གནས་ཀྱི་སྦྱོར་བའི་རྒྱུ་གྱུར་ཅེ་ན། དེ་གཅིག་


DTG124_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

པུ་དབེན་པར་འདུག་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཅིག་པུ་ཞེས་བྱ་བ་ནི་ལུས་དབེན་པའི་ཕྱིར་རོ། །དབེན་པ་ཞེས་བྱ་བ་ནི་སེམས་དབེན་པའི་ཕྱིར་རོ། །སེམས་གང་གིས་ཆོས་དེ་དག་ཡིད་ལ་བྱེད་པའི་སེམས་དེ་ཡང་ཆོས་ཀྱི་ངོ་བོ་ཉིད་ཡིན་ལ། ཆོས་རྣམས་ཀྱང་སེམས་ཀྱི་ངོ་བོ་ཉིད་ཡིན་པར་བསྟན་པའི་ཕྱིར། དེ་ལྟར་ཞུགས་ཤིང་ས་དེ་ལ་ན་མང་དུ་གནས་པ་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལུས་ཤིན་ཏུ་སྦྱངས་པ་ནི་ལུས་དབེན་པ་ལས་སྐྱེས་པའོ། །སེམས་ཤིན་ཏུ་སྦྱངས་པ་ནི་སེམས་དབེན་པ་ལས་སྐྱེས་པའོ། །ཡང་ན་གཉེན་པོ་ཆོས་ཡིད་ལ་བྱེད་པ་ཇི་སྐད་བསྟན་པ་ཐོབ་པས་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་བསྲབས་པའི་ཕྱིར། །ལུས་ཤིན་ཏུ་སྦྱངས་པ་ཡིན་ནོ། །མཐོང་བས་སྦྱང་བར་བྱ་བའི་ཉོན་ནོངས་པ་བསྲབས་པའི་ཕྱིར། སེམས་ཤིན་ཏུ་སྦྱངས་པ་ཡིན་ཏེ། ལུས་ངལ་བ་མེད་པའི་ཕྱིར་དང༌། སེམས་ཡོངས་སུ་གདུང་བ་མེད་པའི་ཕྱིར་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ནི་ཞི་གནས་ཞེས་བྱའོ། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའ་ཆོས་ཡིད་ལ་བྱེད་པ་ཁོ་ནས་ཞི་གནས་ཡོངས་སུ་ཚོལ་བར་བྱེད་པ་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ་ཞེས་ངེས་པར་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལ་མཁས་པ་ཡིན་པར་བསྟན་པའི་ཕྱིར། །དེ་ལུས་ཤིན་ཏུ་སྦྱངས་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཡིན་པར་སྦྱར་ཏེ། བྱང་ཆུབ་སེམས་དཔའ་དེ་ལུས་ཤིན་ཏུ་སྦྱངས་པ་དང༌། སེམས་ཤིན་ཏུ་སྦྱངས་པ་ལ་ཐོབ་པ་དེ་ལ་གནས་ཤིང་བརྟེན་ནས་སོ། །ཇི་ལྟར་བསམས་པའི་ཆོས་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་ཡིད་ལ་བྱས་པ་དག་གོ །དེ་དག་ཉིད་ཅེས་བྱ་བ་ནི་སྔར་བསྟན་པ་རྣམས་སོ། །ནང་དུ་ཞེས་བྱ་བ་ནི་ཕྱིར་རོལ་ཏུ་མ་གྱུར་པའོ། །ཏིང་ངེ་འཛིན་གྱིས་སྤྱོད་ཡུལ་གཟུགས་བརྙན་དུ་མཉམ་པར་གཞག་པའི་སེམས་ཀྱི་གཟུགས་བརྙན་དུ་གྱུར་པའི་ཆོས་རྣམས་ལ། །སོ་སོར་རྟོགས་པར་བྱེད་པ་ནི་རབ་ཏུ་རྣམ་པར་འབྱེད་པར་བྱེད་པའོ། །མོས་པར་བྱེད་པ་ནི་ངེས་པར་བྱེད་པའོ། །རྟོགས་པའི་གནས་སྐབས་ན་རྣམ་པ་མེད་པའི་ཆོས་རྣམས་རྣམ་པ་དང་བཅས་པའི་སེམས་དང་གཅིག་ཏུ་བྱས་ཏེ། ཇི་ལྟར་སོ་སོར་བརྟགས་པ་


DTG124_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

དང་མོས་པར་བྱར་རུང་ཞེ་ན། དེའི་ཕྱིར་སེམས་ཀྱི་རྣམ་པར་སྤངས་ནས་ཞེས་བྱ་བ་གསུངས་ཏེ། སེམས་ཀྱི་རྣམ་པ་ནི་ལོག་པར་སྣང་བ་ཡིན་པའི་ཕྱིར་རོ། །འོན་ཏིང་ངེ་འཛིན་དང༌། ཤེས་རབ་ནི་ས་མང་པོ་པ་མ་ཡིན་པའི་ཕྱིར། རྟག་ཏུ་སེམས་དང་འཇུག་པ་ཡིན་པས། སེམས་ཀྱི་རྣམ་པ་མེད་ན་ཅི་ལྟར་དེ་གཉིས་འཇུག་པར་འགྱུར་ཏེ། འདི་ལྟར་ཞི་གནས་ནི་ཏིང་ངེ་འཛིན་ཡིན་ལ་ལྷག་མཐོང་ནི་ཤེས་རབ་ཡིན་པས། དེ་གཉིས་མེད་ན་ཅི་ལྟར། ཆོས་རྣམས་སེམས་ཀྱི་གཟུགས་བརྙན་དུ་སོ་སོར་བརྟག་པར་རུང་ཞེ་ན། འདིར་རྣལ་འབྱོར་སྤྱོད་པས་སྨྲས་པ། སེམས་གང་ཡིན་པ་དང་ཏིང་ངེ་འཛིན་གང་ཡིན་པ་དང༌། ཤེས་རབ་གང་ཡིན་པ་དང༌། ཆོས་དེ་དག་གང་དག་ཡིན་པ་དེ་དག་ཐམས་ཅད་ནི། རྟོགས་པའི་གནས་སྐབས་ནི། སེམས་ལས་ཕྱི་རོལ་ཏུ་གྱུར་པ་མ་ཡིན་པའི་ཕྱིར། སེམས་བཞིན་དུ་ངོ་བོ་ཉིད་མེད་པ་དག་ཡིན་ནོ། །སེམས་ཀྱི་ངོ་བོ་ཉིད་མེད་པ་ནི། སེམས་ཀྱི་སེམས་མེད་པ་ཉིད་ཡིན་ཏེ། དེ་སྐད་དུ་ཤེས་པ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་སེམས་དེ་ནི་སེམས་མེད་པ་ཡིན་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་ནོ་ཞེས་གསུངས་སོ། །དེའི་ཕྱིར་སེམས་ཀྱིས་རྣམ་པར་སྤངས་ནས་ཞེས་བྱ་བ་གསུངས་སོ། །ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་ཞེས་བྱ་བ་ནི་སེམས་ལས་ཕྱི་རོལ་ཏུ་མ་གྱུར་པ་རྣམས་སོ། །དེ་དག་ལ་ཞེས་བྱ་བ་ནི་དེ་དག་ཉིད་ལའོ། །ཤེས་བྱའི་དོན་ཞེས་བྱ་བ་ནི་གཉིས་མེད་པའི་དོན་ཏོ། །རྣམ་པར་འབྱེད་པ་ཞེས་བྱ་བ་ནི་རྟོགས་པའོ། །རབ་ཏུ་རྣམ་པར་འབྱེད་ཅེས་བྱ་བ་ལ་སོགས་པ་ནི་དེ་མཆོག་ཏུ་བྱ་བའི་རྣམ་གྲངས་ཀྱི་སྒྲ་ཡིན་ནོ། །བཟོད་པ་ཞེས་བྱ་བ་ནི་བརྗོད་དུ་མེད་པ་གཉིས་མེད་པའི་དོན་གྱི་ཆོས་ལ་ངེས་པར་སེམས་པའི་མི་མཇེད་པ་ཉིད་དོ། །དེ་ནི་ལྷག་མཐོང་ཞེས་བྱ་སྟེ་ཞེས་བྱ་བ་ལ་ལ་ལྷག་མཐོང་ཞེས་བྱ་བ་ནི་རང་དང་སྤྱིའི་མཚན་ཉིད་དང་ལྡན་པའི་ཆོས་རྣམས་རྣམ་པར་གཞིག་པའི་ཕྱིར། །ལྟ་བ་ནི་ལྷག་མཐོང་ཞེས་བྱའོ། །དེ་ལྟར་ན་ཞེས་བྱ་བ་ལ་སོག་པས་ནི། བྱང་ཆུབ་སེམས་དཔའ་དེ་ལྟ་བུ་ཉིད་ཡིན་ནོ། །ལྷག་མཐོང་ལ་མཁས་པ་ཡིན་གྱི་གཞན་ན་མ་ཡིན་ནོ་ཞེས་ངེས་པར་བྱེད་དོ། །ཞི་གནས་དང་ལྷག་མཐོང་གི་འཐོབ་པ་ངེས་པར་བྱས་ནས། འཐོབ་པའི་ཐབས་ཞུ་བའི་ཕྱིར། བཅོམ་ལྡན་འདས་བྱང་ཆུབ་སེམས་


DTG124_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་དེ་ཇི་སྲིད་དུ་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །སེམས་ལ་དམིགས་པའི་ཞེས་བྱ་བ་དེས་ནི། མཚན་མ་ལ་དམིགས་པ་ཞེས་བྱ་བར་བསྟན་ཏོ། །ནང་དུ་ཞེས་བྱ་བ་ནི་ཕྱི་རོལ་ཏུ་གྱུར་པ་མ་ཡིན་པར་ཡིད་ལ་བྱེད་པའོ། །ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་པ་ནི་སྦྱོར་བའི་གནས་སྐབས་ནའོ། །ཡིད་ལ་བྱེད་པ་དེ་ལ་ཅི་ཞེས་བྱ་ཞེ་ན། ཞི་གནས་ནི་མ་ཡིན་ཏེ་ཞེས་བྱ་བ་གསུངས་སོ། །དེ་ནི་ཞི་གནས་དང་རྗེས་སུ་མཐུན་པའི་མོས་པ་དང་མཚུངས་པར་ལྡན་པ་ཡིན་པར་བརྗོད་པར་བྱ་སྟེ། ཞི་གནས་འཐོབ་པའི་ཐབས་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཇི་སྲིད་དུ་ཞེས་བྱ་བ་ལ་སོགས་པ་ལ། །ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་ཅེས་བྱ་བ་ནི། །ལུས་དང་སེམས་ལས་སུ་མི་རུང་ཞེས་བྱ་བའི་ཕྱིར་རོ། །ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་ལ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་ནང་དུ་ཡིད་ལ་བགྱིད་པ་ཞེས་བྱ་བ་ནི། སྦྱོར་བའི་མཐར་མ་ཕྱིན་པའི་ཕྱིར་རོ། །ཡིད་ལ་བྱེད་པ་དེ་ལ་ཅི་ཞེས་བྱ་ཞེ་ན། ལྷག་མཐོང་ནི་མ་ཡིན་ཏེ་ཞེས་བྱ་བ་གསུངས་ཏེ། ལྷག་མཐོང་འཐོབ་པའི་ཐབས་ཡིན་པའི་ཕྱིར་རོ། །འདི་མན་ཆད་ནི་ཆུང་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་རྣམ་པ་མང་པོ་ཤེས་པར་བྱ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས་པའི་ཏིང་ངེ་འཛིན་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ནི། བཅོམ་ལྡན་འདས་ཞི་གནས་ཀྱི་ལམ་དང་ལྷག་མཐོང་གི་ལམ་ཐ་དད་ཅེས་བགྱིའམ། ཐ་དད་པ་མ་ལགས་ཞེས་བགྱི་ཞེས་བྱ་བ་ལ་སོགས་པའོ། །དེ་གཉིས་ཅིའི་ཕྱིར་ཐ་དད་པ་མ་ཡིན་ཞེ་ན། དེའི་ཕྱིར་ལྷག་མཐོང་གིས་དམིགས་པའི་སེམས་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་གསུངས་སོ། །ཞི་གནས་ཀྱི་ལམ་ལྷག་མཐོང་གི་ལམ་དང་ཐ་དད་པ་མ་ཡིན་ཏེ། ལྷག་མཐོང་གི་དམིགས་པའི་སེམས་ལ་དམིགས་པའི་ཕྱིར་ཏེ། ཞི་གནས་ཀྱི་ལམ་ནི་ལྷག་མཐོང་གིས་དམིགས་པའི་སེམས་ཁོ་ན་ལ་དམིགས་པས་དམིགས་པར་བྱ་བ་དང༌། དམིགས་པར་བྱེད་པ་གཉིས་ཀ་སེམས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཐ་དད་པ་མ་ཡིན་པ་ཉིད་དོ། །ཅིའི་ཕྱིར་ཐ་དད་པ་མ་ཡིན་པ་མ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས། ཐ་དད་པ་མ་ཡིན་པ་མ་ཡིན་པ་ཉིད་བསྟན་པའི་ཕྱིར། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལ་དམིགས་པའི་ཕྱིར་


DTG124_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ཞེས་བྱ་བ་གསུངས་སོ། །ཞི་གནས་ཀྱི་ལམ་དང་ལྷག་མཐོང་གི་ལམ་ཐ་དད་པ་ཡིན་ཏེ། འདི་ལྟར་དེ་ནི་རྣམ་པར་རྟོག་པ་དང་བཅས་པ་མཚན་མ་དང་བཅས་པའི་གཟུགས་བརྙན་ལ་དམིགས་པའི་ཕྱིར་རོ། །འདི་སྐད་བསྟན་པ་ཡིན་ཏེ། དེ་གཉིས་ནི་སེམས་ཀྱི་ངོ་བོ་ཉིད་ཡིན་པས་ནི། གཅིག་པ་ཉིད་ཡིན་ལ། རྣམ་པར་རྟོག་པ་དང་བཅས་པ་དང༌། རྣམ་པར་མི་རྟོག་པ་ཉིད་ཀྱིས་ནི་ཐ་དད་པ་ཉིད་ཡིན་ནོ་ཞེས་བསྟན་ཏོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་རྟོགས་པ་ཆུད་མི་ཟ་བར་བྱ་བ་ནི། བཅོམ་ལྡན་འདས་རྣམ་པར་ལྟ་བར་བགྱིད་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་གང་ལགས་པ་དེ་ཅི་སེམས་དང༌། ཐ་དད་པ་ཞེས་བགྱིའམ། ཐ་དད་པ་མ་ལགས་པ་ཞེས་བགྱི་ཞེས་གསུངས་པའོ། །དམིགས་པར་བྱེད་པ་སེམས་དང༌། དམིགས་པར་བྱ་བ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་གཉིས་ཅི་ཐ་དད་པ་ཉིད་ཅེས་བྱའམ་ཞེས་ཞུས་པ་དང༌། ཐ་དད་པ་མ་ཡིན་ཞེས་བྱའོ་ཞེས་བྱ་བ་གསུངས་སོ། །ཅིའི་ཕྱིར་ཞེས་བྲི་བ་ལ་གཏན་ཚིགས་བསྟན་པའི་ཕྱིར། གཟུགས་བརྙན་དེ་རྣམ་པར་རིག་པ་ཙམ་དུ་ཟད་པའི་ཕྱིར་ཏེ་ཞེས་བྱ་བ་གསུངས་སོ། །དེས་འདི་སྐད་སྟོན་ཏེ། སེམས་ཉིད་གཟུགས་བརྙན་ལྟ་བུར་དམིགས་པར་སྣང་སྟེ། སེམས་དང་ཐ་དད་པ་མ་ཡིན་ནོ་ཞེས་སྟོན་ཏོ། །རིགས་པ་བསྟན་པའི་ཕྱིར། རྣམ་པར་ཤེས་པ་ནི་དམིགས་པ་རྣམ་པར་རིག་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་ངས་བཤད་དོ་ཞེས་གསུངས་སོ། །དམིགས་པ་ནི་ཡུལ་གྱི་རྣམ་པར་སེམས་སྣང་བ་ཡིན་ལ། དེ་ཡང་རྣམ་པར་རིག་པ་དང་ཐ་དད་པ་མ་ཡིན་ཏེ། ཅིག་ཅར་དམིགས་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི། གཞན་རྒོལ་བའི་སྐབས་ཀྱི་གནས་ཞུས་ཏེ། རྟོགས་པར་བྱེད་པའི་མཚན་མ་ནི་བྱེད་པ་པོར་གྱུར་པ་ཡིན་ལ། བརྟག་པར་བྱ་བ་གཟུགས་བརྙན་ནི་ལས་སུ་གྱུར་པ་ཡིན་ན། ཇི་ལྟར་དེ་གཉིས་ཐ་དད་པ་མ་ཡིན་པར་རུང་སྟེ་འཇིག་རྟེན་ན་བྱེད་པ་པོ་དང། ལས་ནི་ཐ་དད་པར་སྣང་བའི་ཕྱིར་རོ་ཞེ་ན། ཡང་དག་པར་ན་ཐ་དད་པ་མ་ཡིན་པ་ཉིད་དུ་སྒྲུབ་པའི་ཕྱིར། བྱམས་པ་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཡང་ཞེས་བྱ་བ་ནི་བྱེད་པ་པོ་བསྟན་པ་ཡིན་ལ། གང་ལ་ཡང་ཞེས་བྱ་བ་ནི་ལས་བསྟན་པ་ཡིན་ཏེ། གང་གི་ཕྱིར་ཆོས་གཅིག་པུ་ནི་འགའ་ཡང་


DTG124_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་དེའི་ཕྱིར་གང་རྟོགས་པར་བྱེད་པ་དང༌། བརྟག་པར་བྱ་བ་བྱེད་པ་པོ་དང༌། ལས་སུ་གྱུར་བ་གང་ཡིན། ཡང་དག་པར་ན། སེམས་དང་སེམས་ལས་བྱུང་བ་དག་ལ། རྡུལ་ཕྲར་བ་རེ་རེ་ནི་མི་སྣང་བའི་ཕྱིར་བྱེད་པ་པོ་དང༌། ལས་ཀྱི་ཐ་སྙད་ཀྱང་མེད་ལ། འདུས་པ་དག་ལ་ཡང་ཀུན་རྫོབ་ཡིན་པའི་ཕྱིར་དང༌། ལྟོས་པ་དང་བཅས་པའི་ཕྱིར་དང༌། མཐུ་མེད་པའི་ཕྱིར་རོ། །ཡང་དངོས་པོ་རང་དབང་ཅན་ནི་འགའ་ཡང་མེད་པ་ཡིན་ན། བྱེད་པ་པོ་ལ་མངོན་པར་ཞེན་པས་བྱ་བ་དག་འཇུག་པར་བྱེད་པར་ཟད་དེ། བྱེད་པ་པོ་མི་རིགས་པའི་ཕྱིར། བྱེད་པ་པོ་དང་ལས་དང་བྱ་བ་ཡང་མི་རིགས་སོ། །འོན་ཇི་ལྟར་གཟུང་བ་དང་འཛིན་པའི་རྣམ་པར་ཤེས་པའི་སེམས་སྣང་བར་འགྱུར་ཞེ་ན། འོན་ཀྱང་དེ་ལྟར་སྐྱེས་པའི་སེམས་གང་ཡིན་པ་དེ་ནི་དེ་ལྟར་སྣང་ངོ་ཞེས་བྱ་བ་གསུངས་སོ། །དེས་འདི་སྐད་བསྟན་པ་ཡིན་ཏེ། ཐོག་མ་མེད་པའི་དུས་ཅན་གཟུང་བ་དང༌། འཛིན་པར་མངོན་པར་བརྗོད་པའི་བག་ཆགས་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པའི་ས་བོན་ལས་སྐྱེས་པའི་རྣམ་པར་ཤེས་པ་དེ་ལྟར་གཟུང་བ་དང་འཛིན་པའི་རྣམ་པར་སྣང་ངོ་ཞེས་བསྟན་ཏོ། །དོན་དེ་གསལ་བར་བྱ་བའི་ཕྱིར། འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པས་དཔེ་སྟོན་ཏོ། །དེས་འདི་སྐད་བསྟན་པ་ཡིན་ཏེ། མེ་ལོང་གི་དཀྱིལ་འཁོར་ལ་གཟུགས་བརྙན་འབྱུང་བ་མེད་མོད་ཀྱི། འོན་ཀྱང་གཟུགས་ཉིད་འཁྲུལ་བའི་གཟུགས་བརྙན་སྐྱེད་པར་བྱེད་དེ་དེས་ན་གཟུགས་བརྙན་མཐོང་ངོ་སྙམ་དུ་སེམས་སོ་ཞེས་བསྟན་ཏོ། །འདི་ལ་སྨྲ་བ་པོ་དག་གཞི་མེ་ལོང་གི་དཀྱིལ་འཁོར་ཉིད་དང༌། མཚན་མ་གཟུགས་ལ་བརྟེན་ནས་གཟུགས་བརྙན་རྫས་གཞན་ཁོ་ན་ཞིག་འབྱུང་སྟེ། རྟེན་དེ་བྱུང་བ་གང་ཡིན་པ་དེ་དག་ཐམས་ཅད་ནི་ཡོད་པ་མ་ཡིན་ན། དཔེ་འདི་ཇི་ལྟར་རུང་བར་འགྱུར་ཞེས་ཟེར་བ་དག་ཀྱང་ཡོད་དེ། འདིར་དེ་དག་ལ་འདི་སྐད་བརྗོད་པར་བྱ་སྟེ། གཟུགས་དང་གཟུགས་བརྙན་གྱི་རྣམ་པའི་རྣམ་པར་ཤེས་པ་ལས་གཞན་པའི་དོན་མེད་པའི་ཕྱིར་རོ། །ཇི་ལྟར་དོན་མེད་ཅེ་ན། དོན་མེད་ཀྱང་རྣམ་པར་ཤེས་པ་སྐྱེ་བ་སྣང་བའི་ཕྱིར་ཏེ། འདས་པ་དང་མ་འོངས་པ་དང༌། རྨི་ལམ་ལ་སོགས་པ་ལ་དོན་མེད་པར་ཡང་དེའི་རྣམ་པར་ཤེས་པ་སྐྱེ་བ་མཐོང་བ་ལྟ་བུའོ། །ཡང་དོན་མཚུངས་པ་ལ་མོས་པའི་དབང་གིས་རྣམ་པར་རིག་པ་ཐ་དད་


DTG124_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

པར་དམིགས་པས་ཀྱང་སེམས་ཉིད་གཟུགས་བརྙན་དུ་སྣང་བར་ངེས་པ་ཡིན་ཏེ། དཔེར་ན་ཆུ་ཀླུང་ལ་སོགས་པའི་དངོས་པོ་གཅིག་ལ། དུད་འགྲོ་རྣམས་ཀྱིས་ནི་གནས་ཀྱི་རྣམ་པར་མཐོང༌། ཡི་དགས་རྣམས་ཀྱིས་ནི་རྣག་ལ་སོགས་པའི་རྣམ་པར་མཐོང༌། མི་རྣམས་ཀྱིས་ནི་ཆུའི་རྣམ་པར་མཐོང་བ་ལྟ་བུ་དང༌། ལྷ་རྣམས་ཀྱིས་ས་གཞི་བཻ་ཌཱུར་ཪྻའི་རང་བཞིན་དུ་མཐོང་བ་ལྟ་བུའོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ནི་ཇི་ལྟར་གཟུགས་དང་གཟུགས་བརྙན་གཉིས་ཐ་དད་པ་མེད་ཀྱང་ཐ་དད་པར་སྣང་བ་བཞིན་དུ། ངེས་པར་ཅིག་ཅར་སྣང་བའི་ཕྱིར། དམིགས་པར་བྱ་བ་དང༌། དམིགས་པར་བྱེད་པ་གཉིས་ཐ་མི་དད་པ་ཉིད་དུ་གྲུབ་པོ་ཞེས་ངེས་པར་བྱེད་དོ། །བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་ལ་སོགས་པ་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་རྫས་སོ། །སེམས་ཀྱི་གཟུགས་བརྙན་ཞེས་བྱ་བ་ནི་སེམས་ལ་སྣང་བར་གྱུར་པའོ། །རང་བཞིན་དུ་གནས་པར་ཞེས་བྱ་བ་ནི་ངོ་བོ་ཉིད་དུ་གནས་པའོ། །དེ་ཡང་ཞེས་བྱ་བ་ནི་ཕྱི་རོལ་གྱི་དངོས་པོའོ། །སེམས་དང་ཐ་དད་པ་མ་ལགས་པ་ནི་ལས་དང་ཉོན་མོངས་པ་ཞེས་བྱ་བ་ལ་སོགས་པ། གང་ལས་ཤེས་པ་ནི་ལས་དང་ཉོན་མོངས་པ་དང་བདུད་ཀྱི་ཡང་ངོ༌། །ལམ་དེ་ཡང་བྱེ་བྲག་ཏུ་མ་བྱས་པའི་ཕྱིར་དགེ་བ་དང༌། མི་དགེ་བ་དང༌། མི་གཡོ་བའི་བྱེ་བྲག་གིས་གསུམ་ཆར་ཡང་བཟུང་ངོ༌། །དེ་ལ་མི་དགེ་བའི་ལས་དང་ཉོན་མོངས་པ་ཞེས་བགྱིའམ་ཞེས་ཞུས་པ་དང༌། བྱམས་པ་ཐ་དད་པ་མ་ཡིན་ཞེས་བྱ་སྟེ་ཞེས་གསུངས་སོ། །འོ་ན་ཅིའི་ཕྱིར་ཐ་དད་པར་སྣང་ཞེ་ན། བྱིས་པ་ཕྱིན་ཅི་ལོག་གི་བློ་ཅན་རྣམས་ནི་གཟུགས་བརྙན་དེ་དག་ལ་རྣམ་པར་རིག་པ་ཙམ་དེ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པས་ཕྱིན་ཅི་ལོག་ཏུ་སེམས་སོ་ཞེས་བྱ་བ་གསུངས་སོ། །དེས་འདི་སྐད་བསྟན་པ་ཡིན་ཏེ། བྱིས་པ་དེ་ཁོ་ན་མ་མཐོང་བ་ལྟ་བུ་རབ་རིབ་ཀྱིས་ཉམས་པར་བྱས་པ་རྣམས་ནི། ཕྱི་རོལ་གྱི་དོན་མེད་པ་བཞིན་དུ་ཡོད་པར་མཐོང་བ་ཡིན་ནོ་ཞེས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ཇི་ཙམ་གྱིས་ན་གཅིག་ཏུ་ལྷག་མཐོང་བསྒོམ་པ་ལགས་ཞེས་ཞུས་པའི་ལན་དུ་གང་གི་ཚེ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བར་ཆད་མེད་པའི་སེམས་བྱ་བ་ལ་བར་ཆད་ནི་བར་དུ་ཆོད་པ་ཡིན་ལ། བར་དུ་ཆོད་པ་མེད་པ་ནི་བར་


DTG124_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་མེད་པ་ཡིན་ཏེ། དམིགས་པ་ལ་མངོན་དུ་ཕྱོགས་པ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ཙམ་གྱིས་ན་ཞི་གནས་དང་ལྷག་མཐོང་གཉིས་ཞེས་བྱ་བ་ལ། ལྷག་མཐོང་ནི་དམིགས་པ་ལ་སེམས་རྩེ་གཅིག་པ་ཉིད་དོ། །ཞི་གནས་ནི་ནང་དུ་སེམས་རྩེ་གཅིག་པ་ཉིད་ཡིན་ནོ། །སེམས་ཀྱི་མཚན་མ་ཞུ་བའི་ཕྱིར། སེམས་ཀྱི་མཚན་མ་གང་ལགས་ཞེས་བྱ་བ་གསོལ་ཏོ། །བྱམས་པ་ལྷག་མཐོང་གི་དམིགས་པ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་རྟོག་པ་དང་བཅས་པའི་སེམས་ཀྱི་གཟུགས་བརྙན་ལྷག་མཐོང་གི་དམིགས་པར་བྱ་བ་གང་ཡིན་པ་དེ་ནི་སེམས་ཀྱི་མཚན་མ་ཡིན་ཏེ། དམིགས་པའི་རྣམ་པ་བྱེ་བྲག་འཛིན་པའི་ཕྱིར་རོ། །བར་ཆད་མ་མཆིས་པའི་སེམས་གང་ལགས་ཞེས་ཞུས་པ་དེའི་ལན་དུ་བྱམས་པ་ཞི་གནས་ཀྱི་དམིགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་བརྙན་ལ་དམིགས་པའི་ཞི་གནས་ཀྱི་དམིགས་པ་ནང་དུ་འཇུག་པ་གང་ཡིན་པ་དེ་ནི་བར་ཆད་མེད་པའི་སེམས་ཞེས་བྱ་སྟེ། དམིགས་པ་ཐམས་ཅད་ནང་དུ་བསྡུས་པའི་ཕྱིར་རོ། །སེམས་རྩེ་གཅིག་པ་ཉིད་གང་ལགས་ཞེས་གསོལ་བའི་ལན་དུ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེས་འདི་སྐད་བསྟན་ཏེ། ཆོས་གང་དག་ཏིང་ངེ་འཛིན་ལ་སེམས་ཀྱི་གཟུགས་བརྙན་གྱིས་རྣམ་པར་སྣང་བ་དེ་དག་ནི་སེམས་དང་ཐ་དད་པ་མ་ཡིན་ཏེ། དེ་དག་གི་ངོ་བོ་ཉིད་མ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་འདི་ནི་རྣམ་པར་རིག་པ་ཙམ་ཡིན་ནོ་ཞེས་བྱ་བར་ཡང་དག་པའི་མཐའ་རྟོགས་པ་ཡིན་ནོ་ཞེས་བསྟན་ཏོ། །རྟོགས་པ་ཞེས་བྱ་བ་ནི་སོ་སོར་རང་རིག་པའོ། །དེ་རྟོགས་ནས་ཀྱང་དེ་བཞིན་ཉིད་དུ་ཡིད་ལ་བྱེད་པ་ཞེས་བྱ་བ་ལ། དེ་རྟོགས་ཞེས་བྱ་བ་ནི་རྣམ་པར་རིག་པ་ཙམ་ཉིད་དུ་རྟོགས་པའོ། །དེ་རྟོགས་ནས་དེ་བཞིན་ཉིད་རྟོགས་པ་ནི་རྣམ་པར་རིག་པ་ཙམ་ཡང་རྣམ་པར་བཤིགས་པས་སེམས་རྩེ་གཅིག་པ་ཉིད་ཡོངས་སུ་འགྲུབ་པར་འགྱུར་ཏེ། སེམས་ཀྱི་དེ་བཞིན་ཉིད་ནི་རང་གི་ཁམས་ཉིད་ལ་གནས་པའི་ཕྱིར་རོ། །ལྷག་མཐོང་གི་རབ་ཏུ་དབྱེ་བ་ཞུ་བ་ནི། བཅོམ་ལྡན་འདས་ལྷག་མཐོང་རྣམ་པ་དུ་མཆིས་ཞེས་གསོལ་བ་སྟེ། ཞུས་པའི་ལན་དུ་རྣམ་པ་གསུམ་སྟེ་ཞེས་བྱ་བ་གསུངས་སོ། །གསུམ་གང་ཡིན་སྙམ་པ་ལ་


DTG124_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་ལས་བྱུང་བ་དང་ཡོངས་སུ་ཚོལ་བ་ལས་བྱུང་བ་དང༌། སོ་སོར་རྟོག་པ་ལས་བྱུང་བའོ་ཞེས་བྱ་བ་གསུངས་ཏེ། མཚན་མ་ལས་བྱུང་བ་ནི་ཐོས་པ་ལས་བྱུང་བའོ། །ཡོངས་སུ་ཚོལ་བ་ལས་བྱུང་བ་ནི་བསམས་པ་ལས་བྱུང་བའོ། །སོ་སོར་རྟོག་པ་ལས་བྱུང་བ་ནི་བསྒོམས་པ་ལས་བྱུང་བའོ། །ཡང་ན་རྣམ་པར་དག་པ་བཞི་པོ་དམིགས་པ་རྣམ་པར་དག་པ་དང༌། ལམ་རྣམ་པར་དག་པ་དང༌། དྲི་རྣམ་པར་དག་པ་དང༌། རང་བཞིན་རྣམ་པར་དག་པ་ཞེས་རྣམ་པར་བཤད་པ་དེ་ལས། །དམིགས་པ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་ནི་མཚམས་མ་ལས་བྱུང་བ་ཡིན་ནོ། །ལས་རྣམ་པར་དག་པས་རབ་ཏུ་ཕྱེ་བ་ནི་ཡོངས་སུ་ཚོལ་བ་ལས་བྱུང་བ་ཡིན་ནོ། །དྲི་མ་མེད་པ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་དང༌། རང་བཞིན་རྣམ་པར་དག་པས་རབ་ཏུ་ཕྱེ་བ་ནི་སོ་སོར་རྟོག་པ་ལས་བྱུང་བ་ཡིན་ནོ། །ཡང་ན་རིགས་པ་བཞི་པོ་ལྟོས་པའི་རིགས་པ་དང༌། བྱ་བ་བྱེད་པའི་རིགས་པ་དང༌། འཐད་པས་བསྒྲུབས་པའི་རིགས་པ་དང༌། ཆོས་ཉིད་ཀྱི་རིགས་པ་ཞེས་བྱ་བ་དེ་དག་ལ་ལྟོས་པའི་རིགས་པའི་མཚན་ཉིད་ཅན་དང༌། བྱ་བ་བྱེད་པའི་རིགས་པའི་རྒྱུ་མཚན་ལ་བརྟེན་ཏེ་འཇུག་པ་གང་ཡིན་པ་དེ་ནི་མཚན་མ་ལས་བྱུང་བ་ཡིན་ནོ། །འཐད་པས་བསྒྲུབས་པའི་རིགས་པས་ཡོངས་སུ་ཚོལ་བ་ལ་འཇུག་པ་གང་ཡིན་པ་དེ་ནི། ཡོངས་སུ་ཚོལ་བ་ལས་བྱུང་བ་ཡིན་ནོ། །ཆོས་ཉིད་ཀྱི་རིགས་པས་ཆོས་ཉིད་སོ་སོར་རྟོག་པ་ལས་བྱུང་བ་གང་ཡིན་པ་དེ་ནི་སོ་སོར་རྟོག་པ་ལས་བྱུང་བ་ཡིན་ནོ། །མཚན་མ་ལས་བྱུང་བ་གང་ཡིན་ཞེ་ན་ཞེས་འདྲི་བ་ལ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་འབའ་ཞིག་ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ་ཞེས་བྱ་བ་གསུངས་སོ། །དེས་འདི་སྐད་བསྟན་ཏེ། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་གྱི་ཡུལ་ཐོས་པ་ལ་སོགས་པའི་ཆོས་ལ་དམིགས་པ་རྣམ་པར་དག་པའི་མཚན་མའི་གཟུགས་བརྙན་གང་ཡིན་པ་དེ་ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པ་དེ་ནི་མཚན་མ་ལས་བྱུང་བ་ཡིན་ནོ་ཞེས་བསྟན་ཏོ། །ཡོངས་སུ་ཚོལ་བ་ལས་བྱུང་བ་གང་ཡིན་ཞེ་ན་ཞེས་འདྲི་བ་དང་དེ་དང་དེར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དང་དེར་ཞེས་བྱ་བ་ནི་སེམས་ཀྱི་གཟུགས་བརྙན་གྱི་ངོ་བོ་ཉིད་དག་ལའོ། །ཤེས་རབ་ཀྱིས་ཤིན་ཏུ་ལེགས་པར་མ་རྟོགས་པ་ཞེས་བྱ་བ་


DTG124_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཤེས་རབ་ནི་ལམ་རྣམ་པར་དག་པའོ། །དེས་ཤིན་ཏུ་མ་དམིགས་པ་དག་ལའོ། །གང་དག་ལ་ཞེ་ན་ཆོས་ཞེས་བྱ་བ་གསུངས་སོ། །དེ་དག་ཉིད་ཅེས་བྱ་བ་ནི་སེམས་ཀྱི་གཟུགས་བརྙན་ཉིད་དོ། །ཤིན་ཏུ་ལེགས་པར་རྟོགས་པས་བྱ་བའི་ཕྱིར་ཡིད་ལ་བྱེད་པའི་བྱང་ཆུབ་སེམས་དཔའི་ལྷག་མཐོང་གང་ཡིན་པ་དེ་ནི་ཡོངས་སུ་ཚོལ་བ་ལས་བྱུང་བ་ཡིན་ནོ། །སོ་སོར་རྟོག་པ་ལས་བྱུང་བ་གང་ཞེ་ན་ཞེས་འདྲི་བ་ལ་དེ་དང་དེར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དང་དེར་ཞེས་བྱ་བ་ནི་རྣམ་པར་རིག་པ་ཙམ་ཉིད་ཀྱིས་རབ་ཏུ་ཕྱེ་བ་དག་ལའོ། །ཤེས་རབ་ཀྱིས་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་སོ། །ཤིན་ཏུ་ངེས་པར་ལེགས་པར་ཀུན་དུ་རྟོག་པ་རྣམ་པར་བསྒོམ་པའི་ཆོས་རྣམས་ལ། རྣམ་པར་གྲོལ་བའི་ཤེས་བྱ་དྲི་མ་མེད་པ་རྣམ་པར་དག་པ་དང༌། རང་བཞིན་རྣམ་པར་དག་པ་ཉོན་མོངས་པའི་སྒྲིབ་པ་སྤངས་པས། སེམས་རྣམ་པར་གྲོལ་བའི་ཕྱིར། དྲི་མ་མེད་པ་རྣམ་པར་དག་པ་དང༌། ཤེས་བྱའི་སྒྲིབ་པ་སྤངས་པས་ཤེས་རབ་རྣམ་པར་གྲོལ་བའི་ཕྱིར། རང་བཞིན་རྣམ་པར་དག་པ་དེས་ཤིན་ཏུ་ཡོངས་སུ་རྫོགས་པར་ལེགས་པར་ཡང་དག་པར་བདེ་བ་ལ་རེག་པར་བྱ་བའི་ཕྱིར། ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པ་དེ་ནི་སོ་སོར་རྟོག་པ་ལས་བྱུང་བ་ཞེས་བྱའོ། །ཞི་གནས་ལ་རྣམ་པ་དུ་མཆིས་ཞེས་ཞུས་པ་ལ། བར་ཆད་མེད་པའི་སེམས་དེའི་རྗེས་སུ་འབྲང་བས་ཞེས་པ་ལ་སོགས་པ་གསུངས་ཏེ། མཉམ་པར་གཞག་པའི་སེམས་གང་ལས་བར་ཆད་མེད་པར་ལྷག་མཐོང་འབྱུང་བ་དེ་ནི་བར་ཆད་མེད་པའི་སེམས་ཞེས་བྱའོ། །དེ་ཡང་རྣམ་པ་གསུམ་དུ་བརྗོད་པར་བྱའོ་ཞེས་བྱ་བ་ཡང་མཚན་མ་ལས་བྱུང་བ་དང་ཡོངས་སུ་ཚོལ་བ་ལས་བྱུང་བ་དང༌། སོ་སོར་རྟོག་པ་ལས་བྱུང་བ་སྟེ། ལྷག་མཐོང་རྣམ་པ་གསུམ་ཡོད་པའི་ཕྱིར། ཞི་གནས་ཀྱང་རྣམ་པ་གསུམ་དུ་རིག་པར་བྱའོ། །ནང་དུ་འཇུག་པའི་ཕྱིར་དང༌། ཆ་ཕྲ་བའི་ཕྱིར་མཚན་ཉིད་ནི་བཀའ་མ་སྩལ་ཏོ། །ཡང་ཞི་གནས་ནི་རྣམ་པ་བརྒྱད་དེ་ཞེས་བྱ་བ་ལ་སོགས་པས་ནི་རབ་ཏུ་དབྱེ་བ་བསྟན་ཏོ། །བསམ་གཏན་དང་གཟུགས་མེད་པའི་རབ་ཏུ་དབྱེ་བས་ནང་དུ་བསྡུས་པ་རྣམ་པ་བརྒྱད་ཀྱི་དབྱེ་བ་ཡོད་པའི་ཕྱིར། ཞི་གནས་ཀྱང་རྣམ་པ་བརྒྱད་དུ་རྣམ་པར་བཤད་དོ། །ཡང་རྣམ་པ་བཞི་སྟེ་ཞེས་བྱ་བ་ནི་བྱམས་པ་ཚད་མེད་པ་དང༌། སྙིང་རྗེ་དང༌།


DTG124_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་དང༌། བཏང་སྙོམས་ཚད་མེད་པ་རྣམས་ནི་སེམས་ནང་དུ་འཇུག་པ་ཡིན་པའི་ཕྱིར་ཏེ། གནོད་སེམས་ལ་སོགས་པ་སེམས་ཡོངས་སུ་གདུང་བ་ཞི་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཞི་གནས་སུ་རྣམ་པར་བཤད་དོ། །ཡང་ཞི་གནས་དང་ལྷག་མཐོང་གཉིས་ཀྱི་ཆོས་ལ་གནས་པ་དང་མི་གནས་པའི་དབྱེ་བ་ཞུ་བའི་ཕྱིར། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་གི་ཆོས་ལ་གནས་པ་ཞེས་ཀྱང་བགྱི་ཞེས་བྱ་བ་གསོལ་ཏོ། །མདོའི་སྡེ་ལ་སོགས་པ་ཇི་ལྟར་བཟུང་བ་དང་བསམས་པའི་ཆོས་ཀྱི་མཚན་མའི་རྗེས་སུ་འབྲང་བས་ཞེས་བྱ་བ་ལ། ཆོས་ཀྱི་མཚན་མ་ནི་ཚིག་དང་ཡི་གེ་ལ་སོགས་པའོ། །དོན་ལ་ཞེས་བྱ་བ་ནི་དོན་གྱི་རྒྱུ་མཚན་ལའོ། །དེས་འདི་སྐད་བསྟན་ཏེ། མདོའི་སྡེ་ལ་སོགས་པའི་ཆོས་ལ་བཟུང་བ་དང་བསམ་པའི་མཚན་མའི་རྗེས་སུ་འབྲང་ནས་དོན་ལ་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་ཆོས་ལ་གནས་པ་ཡིན་ཏེ། ཆོས་ལ་མོས་པ་དོན་གྱི་རྗེས་སུ་འབྲང་བའི་ཕྱིར་རོ་ཞེས་བསྟན་ཏོ། །བཟུང་བ་དང་བསམས་པའི་ཆོས་ལ་མི་ལྟོས་པར་ཞེས་བྱ་བ་ལ་སོགས་པ་ནི་མདོའི་སྡེ་ལ་སོགས་པའི་ཆོས་གཟུང་བ་མེད་པའོ། །གཞན་གྱིས་ཞེས་བྱ་བ་ནི་གཞན་གྱི་རྐྱེན་ལས་ཡིན་གྱི། རང་གི་རྐྱེན་གྱི་སྟོབས་ཀྱིས་མ་ཡིན་པའོ། །གད་མ་ས་ངག་དང་རྗེས་སུ་བསྟན་པ་ཞེས་བྱ་བ་ལ་རྟོགས་པར་བྱ་བའི་ངག་ནི་གདམས་ངག་གོ །འོ་ན་གཞན་ལས་ཐོས་པ་ཡང་ཆོས་ལ་གནས་པ་ཁོ་ན་ཡིན་ཏེ། གཞན་གྱིས་སྨྲས་པའི་ཆོས་ཀྱི་རྗེས་སུ་འབྲང་བའི་ཕྱིར་རོ་ཞེ་ན། མདོའི་སྡེ་ལ་སོགས་པའི་ཆོས་བཟུང་བའི་སྟོབས་ཀྱིས་འཇུག་པ་མ་ཡིན་གྱི། དད་པས་གཞན་གྱི་རྐྱེན་གྱིས་འཇུག་པ་ཡིན་ཏེ། ཆོས་རྣམས་ལ་ངེས་པ་མེད་པས་དེའི་ཕྱིར། ཆོས་ལ་གནས་པ་ཉིད་མ་ཡིན་ནོ། །འདི་ལྟ་སྟེ། རྣམ་པར་བསྔོས་པའམ་ཞེས་བྱ་བ་ལ་སོགས་པ་ཡང་དད་པས་གཞན་ལས་ལུང་མ་མནོས་ཏེ། མི་སྡུག་པ་ལ་སོགས་པ་བསྒོམ་པའི་ཞི་གནས་དང༌། ལྷག་མཐོང་ནི་སྦྱོར་བས་རྗེས་སུ་འབྲང་བ་ཡིན་པའི་ཕྱིར་ཆོས་ལ་གནས་པ་མ་ཡིན་ནོ། །བྱམས་པ་དེ་ལ་ང་ནི་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་བསྟན་ཏེ། བྱང་ཆུབ་སེམས་དཔའ་དབང་པོ་རྣོན་པོ་ཇི་ལྟར་ཐོས་པ་དང༌། གཟུང་བའི་ཆོས་རྣམས་ཀྱི་རྗེས་སུ་འབྲང་བ་ནི་རང་གི་བློའི་སྟོབས་ཀྱིས་ཆོས་ལ་


DTG124_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་ཞི་གནས་དང་ལྷག་མཐོང་བསྟན་པར་སྐྱེས་པ་ལ་སྒོམ་པར་བྱེད་པ་ཡིན་པས། དེའི་ཕྱིར་དེ་ནི་ཕྱིར་མི་ལྡོག་པ་ཡིན་ནོ་ཞེས་བསྟན་ཏོ། །ཆོས་ལ་མི་གནས་པ་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་བསྟན་ཏེ། བྱང་ཆུབ་སེམས་དཔའ་དང་པོ་ཉིད་ནས་མདོའི་སྡེ་ལ་སོགས་པའི་ཆོས་ཉན་པ་དང་འཛིན་པར་མི་ནུས་ཤིང༌། དད་པས་གཞན་གྱི་རྐྱེན་གྱིས་འཇུག་པ་ནི་དབང་པོ་རྟུལ་པོ་ཡིན་པས་དེའི་ཕྱིར་དེ་ནི་གཞན་དག་གིས་བསྐྱོད་དུ་རུང་བའི་ཕྱིར། བསྟན་པ་མ་ཡིན་ནོ་ཞེས་བསྟན་ཏོ། །མ་འདྲེས་པ་དང་འདྲེས་པའི་ཆོས་ལ་དམིགས་པའི་དབྱེ་བ་ཞུ་བའི་ཕྱིར། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་ནི་མ་འདྲེས་པའི་ཆོས་ལ་དམིགས་པ་ཞེས་ཀྱང་བགྱི་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །ཇི་ལྟར་བཟུང་བ་དང་བསམས་པའི་ཆོས་རྣམས་ལས་ཞེས་བྱ་བ་ནི། སྟོང་པ་ཉིད་ལ་སོགས་པའི་རྣམ་པ་གང་གིས་མདོའི་སྡེ་ལ་སོགས་པའི་ཆོས་བཟུང་བ་དང་བསམས་པ་དེ་དག་ལ་ཞི་གནས་དང་ལྷག་མཐོང་སྒོམ་པར་བྱེད་པ་དེ་ནི་མ་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཞེས་བྱའོ་ཞེས་བསྟན་ཏོ། །མདོའི་སྡེ་ལ་སོགས་པའི་ཆོས་སོ་སོ་ལ་དམིགས་པ་ཞེས་བྱ་བ་ནི་མདོའི་སྡེ་ལ་སོགས་པའི་ཆོས་ཐ་དད་པར་རྣམ་པར་གནས་པ་ལ་དམིགས་པ་ཞེས་བྱ་བའི་ཚིག་གོ །གལ་ཏེ་མདོའི་སྡེ་ལ་སོགས་པའི་ཆོས་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། ཆོས་འདི་དག་ཐམས་ཅད་ནི་ཞེས་བྱ་བ་ནི་མདོའི་སྡེ་ལ་སོགས་པ་སྔར་བསྟན་པ་དག་གོ །དེ་བཞིན་ཉིད་ལ་གཞོལ་བ་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་འདུད་པའོ། །དེ་བཞིན་ཉིད་ལ་འབབ་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་གཙོ་བོར་བྱེད་པའོ། །དེ་བཞིན་ཉིད་ལ་བབ་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་ཞུགས་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་གིས་ནི་འདི་སྐད་ཅེས། །ཆོས་འདི་དག་ཐམས་ཅད་ནི་དེ་བཞིན་ཉིད་དུ་རོ་གཅིག་པ་ཡིན་ནོ་ཞེས་བསྟན་ཏོ། །དེ་བཞིན་ཉིད་ཅེས་བྱ་བ་ནི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཞེས་བྱ་བའི་ཐ་ཚིག་གོ །བྱང་ཆུབ་ལ་གཞོལ་བ་ཞེས་བྱ་ལ་སོགས་པ་ལ་བྱང་ཆུབ་ནི་འཇིག་རྟེན་ལས་འདས་པ་རྣམ་པར་རྟོག་པའི་ཡེ་ཤེས་སོ། །གནས་གྱུར་པ་ལ་གཞོལ་བ་ཞེས་བྱ་བ་ལ་སོགས་པ་ལ་གནས་ནི། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྟེ། ས་དང་ཕ་རོལ་ཏུ་ཕྱིན་པའི་


DTG124_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་སོ། །གནས་གྱུར་པ་ནི་ཆོས་ཀྱི་སྐུ་ཞེས་བྱའོ། །མདོའི་སྡེ་ལ་སོགས་པའི་ཆོས་འདི་དག་ཐམས་ཅད་གཅིག་ཏུ་གྱུར་པ་ནི་དགེ་བའི་ཆོས་ཞེས་བྱ་བ་ལ་སོགས་པ་ལ་དགེ་བའི་ཆོས་ཞེས་བྱ་བ་ནི། རྟོགས་པའི་གནས་སྐབས་ན་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཀྱིས་དོན་དམ་པར་དགེ་བ་དང༌། ལུང་གི་གནས་སྐབས་ན་ལམ་གྱི་ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་དགེ་བ་དག་གོ །དཔག་ཏུ་མེད་པ་ཞེས་བྱ་བ་ནི་ཚད་མེད་པ་སྟེ། ཟག་པ་མེད་པའི་ཆོས་ཀྱི་དབྱིངས་ནི་ཡོངས་སུ་གཅད་དུ་མེད་པའི་ཕྱིར་རོ། །གྲངས་མེད་པ་ཞེས་བྱ་བ་ནི་དཔག་ཏུ་མེད་པ་དེ་ཉིད་ཀྱི་ཕྱིར་ཏེ། གྲངས་ལས་ཡང་དག་པར་འདས་པའི་ཕྱིར་རོ། །མངོན་པར་བརྗོད་པས་མངོན་པར་བརྗོད་པ་ཞེས་བྱ་བ་ནི་དེ་ལྟར་ཟག་པ་མེད་པའི་ཆོས་མངོན་སུམ་དུ་བརྗོད་པས་རྗོད་པར་བྱེད་པའོ། །དེ་ནི་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཡིན་པའོ། །འདྲེས་པའི་ཆོས་ལ་དམིགས་པ་རྣམས་ཀྱིས་ཆུང་ངུ་དང་ཆེན་པོར་གྱུ་པ་དང་ཚད་མེད་པའི་དབྱེ་བ་ཞུ་བའི་ཕྱིར། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་ནི་འདྲེས་པ་ཆུང་ངུའི་ཆོས་ལ་དམིགས་པ་ཞེས་ཀྱང་བགྱི་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །བྱམས་པ་མདོའི་སྡེ་ནས་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་བསྟན་ཏོ། །མདོའི་སྡེ་ལ་སོགས་པའི་ཆོས་གང་ཡང་རུང་བ་དག་གཟུང་བ་རྣམས་ཀྱི་དང་པོ་དང་བར་དང་ཐ་མ་གཅིག་ཏུ་བཟླུམས་ཏེ། ཡིད་ལ་བྱེད་པའི་ཞི་གནས་དང་ལྷག་མཐོང་ནི་འདྲེས་པ་ཆུང་ངུའི་ཆོས་ལ་དམིགས་པ་ཡིན་པར་རིག་པར་བྱ་སྟེ། ཆོས་མཐའ་དག་ལ་དམིགས་པ་ལ་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་ཏོ། །མདོའི་སྡེ་ལ་སོགས་པ་དེ་དག་ཇི་སྙེད་གཟུང་བ་དང་ཞེས་བྱ་བ་ལ་སོགས་པས་ནི། མདོའི་སྡེ་ལ་སོགས་པ་དེ་དག་ཐམས་ཅད་སོ་སོར་གཅིག་ཏུ་བཟླུམས་ཏེ། ཡིད་ལ་བྱེད་པ་ནི་འདྲེས་པ་ཆེན་པོར་གྱུར་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཡིན་པར་རིག་པར་བྱ་སྟེ། མདོའི་སྡེ་ལ་སོགས་པའི་ཆོས་མཐའ་དག་ལ་དམིགས་པའི་ཕྱིར་རོ་ཞེས་བསྟན་ཏོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བསྟན་པ་ཚད་མེད་པ་རྣམས་དང་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་བསྟན་ཏེ། དེ་བཞིན་གཤེགས་པའི་བསྟན་པ་དམིགས་པ་ཐམས་ཅད་


DTG124_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱིར། ཐམས་ཅད་དང་དུས་ཐམས་ཅད་དུ་གདུལ་བའི་སྐྱེ་བོ་ཐམས་ཅད་ཀྱི་བསམ་པ་ཡང་དག་པར་མགུ་བར་བྱེད་པས། འཇུག་པ་གང་ཡིན་པ་ལ་ནི་ཚད་མེད་དོ་ཞེས་བསྟན་ཏོ། །ཆོས་ཀྱི་ཚིག་དང་ཡི་གེ་ཚད་མེད་པ་རྣམས་དང༌། གོང་ནས་གོང་དུ་ཤེས་རབ་དང་སྤོབས་པ་ཚད་མེད་པ་རྣམས་ཀྱང་དེ་བཞིན་ནོ། །གཅིག་ཏུ་བཟླུམས་ཏེ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་ཆོས་ཉིད་དམིགས་སུ་མེད་པ་ཉིད་ཀྱིས། རོ་གཅིག་པར་བྱེད་པའི་ཞི་གནས་དང་ལྷག་མཐོང་ནི། འདྲེས་པ་ཚད་མེད་པའི་ཆོས་ལ་དམིགས་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཇི་ཙམ་གྱིས་ན་ཞེས་བྱ་བ་ལ་སོགས་པས་ནི་དེའི་འཐོབ་པའི་རྒྱུ་ཞུས་པ་ཡིན་ནོ། །བྱམས་པ་དེ་ནི་རྒྱུ་ལྔས་འཐོབ་པར་རིག་པར་འགྱུར་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་འཐོབ་པའི་རྒྱུ་སྟོན་ཏོ། །ཡིད་ལ་བྱེད་པའི་ཚེ་སྐད་ཅིག་སྐད་ཅིག་ལ་གནས་ངན་ལེན་གྱི་རྟེན་ཐམས་ཅད་འཇིག་པར་བྱེད་པ་ཞེས་བྱ་བ་ལ་གནས་ངན་ལེན་ནི་རྣམ་པ་གཉིས་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་གནས་ངན་ལེན་དང༌། ལྟ་བའི་རྣམ་པའི་ཉོན་མོངས་པའི་གནས་ངན་ལེན་ཏོ། །དེའི་རྟེན་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། འདྲིས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ནི་གནས་ངན་ལེན་དེ་གཉིས་ཀྱི་གཉེན་པོ་ཡིན་པའི་ཕྱིར་དེའི་གནས་འཇིག་པར་བྱེད་པ་ཡིན་ནོ། །འདུ་ཤེས་སྣ་ཚོགས་རྣམ་པར་སྤངས་ཏེ། ཆོས་ཀྱི་ཀུན་དགའ་ལ་དགའ་བ་ཐོབ་པ་ཞེས་བྱ་བ་ནི་གནས་ངན་ལེན་གྱི་སྒྲིབ་པ་དང་བྲལ་བ་དེའི་ཕྱིར། ལུས་དང་སེམས་ཤིན་ཏུ་སྦྱངས་པས། འདུ་ཤེས་སྣ་ཚོགས་དང་བྲལ་བའི་ཆོས་ཀྱི་ཀུན་དགའ་ལ་དགའ་བ་འཐོབ་པའོ། །ཆོས་སྣང་བ་ཕྱོགས་བཅུར་ཚད་མེད་ཅིང་རྣམ་པ་ཡོངས་སུམ་ཆད་པ་ཡང་དག་པར་ཤེས་པ་ཞེས་བྱ་བ་ནི་ཆོས་དཔག་ཏུ་མེད་པ་ལ་ཤིན་ཏུ་ལེགས་པར་རེག་པའི་ཕྱིར་རོ། །དགོས་པ་ཡོངས་སུ་གྲུབ་པ་དང་ལྡན་པ་རྣམ་པར་དག་པའི་ཆ་དང་མཐུན་པའི་མཚན་མ་རྣམ་པར་མ་བརྟགས་པ་རྣམས་དེ་ལ་ཀུན་དུ་འབྱུང་བ་ཞེས་བྱ་བ་ནི། གང་ཟག་དང་ཆོས་ཀྱི་རྣམ་པའི་ལྟ་བ་ཡོངས་སུ་དག་པའི་ཕྱིར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར། དགོས་པ་ཡོངས་སུ་གྲུབ་པ་དག་ཡིན་ནོ། །དེའི་ཆ་


DTG124_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྟོགས་པ་སྟེ། དེ་དང་མཐུན་པའི་མཚན་མ་རྣམ་པ་མ་བརྟགས་པ་དག་རང་གི་དང་གིས་ཀུན་དུ་འབྱུང་བའོ། །ཆོས་ཀྱི་སྐུ་ཐོབ་པ་དང་ཡོངས་སུ་རྫོགས་པ་དང་ཡོངས་སུ་གྲུབ་པར་བྱ་བའི་ཕྱིར། རྒྱུ་གོང་མ་བས་ཆེས་གོང་མ་བཟང་པོ་བས་ཆེས་བཟང་པོ་ཡང་དག་པར་ཡོངས་སུ་འཛིན་པར་བྱེད་པ་ཞེས་བྱ་བ་ལ་ས་དང་པོ་ལ་ནི་ཆོས་ཀྱི་སྐུ་རྟོགས་པ་ཡིན་ནོ། །ས་གསུམ་པ་ལ་ནི་འཐོབ་པོ། །ས་བཅུ་པ་ལ་ནི་ཡོངས་སུ་རྫོགས་སོ། །དེ་བཞིན་གཤེགས་པའི་ས་ལ་ནི་ཡོངས་སུ་འགྲུབ་སྟེ། མཐར་ཐུག་པར་གྱུར་པའི་ཕྱིར་རོ། །རྒྱུ་ཞེས་བྱ་བ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ངེས་པར་འབྱུང་བའོ། །གོང་མ་བས་ཆེས་གོང་མ་བཟང་པོ་བས་ཆེས་བཟང་པོ་ཞེས་བྱ་བ་ནི། རྟོག་པ་བས་འཐོབ་པ་དང་འཐོབ་པ་བས་ཡོངས་སུ་རྫོགས་པ་དང༌། ཡོངས་སུ་རྫོགས་པས་ཡོངས་སུ་གྲུབ་པ་ཆེས་གོང་མ་བས་གོང་མ་དང༌། ཆེས་བཟང་པོ་བས་ཆེས་བཟང་པོ་ཡིན་པའོ། །ཡང་དེ་གཉིས་ཀྱི་དབྱེ་བ་ཞུ་བའི་ཕྱིར། བཅོམ་ལྡན་འདས་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སེམས་རགས་པ་ཉིད་ནི་རྟོག་པའོ། །ཞིབ་བ་ཉིད་ནི་དཔྱོད་པའོ། །ཇི་ལྟར་གཟུང་ཞིང་ཞེས་བྱ་བ་ལ་སོགས་པ་ལ་དེ་དག་གི་མཚན་མ་ཞེས་བྱ་བ་ནི། མདོ་སྡེ་ལ་སོགས་པའི་ཆོས་ཇི་ལྟར་གཟུང་ཞིང་བརྟག་པ་དང་དཔྱད་པ་དག་གི་མཚན་མ་དམིགས་པར་གྱུར་པ། གསལ་ཞིང་རགས་པར་མྱོང་བའི་རྗེས་སུ་དཔྱོད་པའི་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཡིན་ནོ་ཞེས་བསྟན་པའོ། །དེ་དག་ཉིད་ཀྱི་མཚན་མ་ཞེས་བྱ་བ་ལ་སོགས་པ་ལ། དེ་དག་ཉིད་ཅེས་བྱ་བ་དེས་ནི་མདོའི་སྡེ་ལ་སོགས་པའི་ཆོས་ཇི་ལྟར་བཟུང་ཞིང་བརྟག་པ་དང༌། དཔྱད་པ་དག་གི་མཚན་མ་བཟུང་ངོ༌། །དེ་ལ་ནི་རྟོག་པ་མེད་པའི་ཕྱིར་གསལ་ཞིང་རགས་པའི་མཚན་མ་མེད་དེ། དེ་སྣང་བ་འོལ་ཕྱིར་དྲན་པ་ཙམ་ཕྲ་མོ་མྱོང་བའི་རྗེས་སུ་དཔྱོད་པའི་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཡིན་ནོ་ཞེས་སྟོན་ཏོ། །དེ་དག་གི་མཚན་མ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་ལ་དེ་དག་གི་མཚན་མ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་ལྷུན་གྱིས་གྲུབ་པར་ཞེས་བྱ་བ་ནི། སེམས་


DTG124_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱུད་གཅིག་ཏུ་གྱུར་པའི་ཕྱིར་དང༌། རྟོག་པ་དང་དཔྱོད་པ་ཉེ་བར་ཞི་བའི་ཕྱིར། མདོའི་སྡེ་ལ་སོགས་པའི་ཆོས་ཀྱི་མཚན་མ་གཟུང་བ་མེད་པར་ལྷུན་གྱིས་གྲུབ་པར་ཆོས་མྱོང་བའི་ཡིད་ལ་བྱེད་པས་རྣམ་པར་དཔྱོད་པས་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི། རྟོག་པ་མེད་པ་དང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ཡིན་ནོ་ཞེས་བསྟན་ཏོ། །ཡང་ཡོངས་སུ་ཚོལ་བ་ལས་བྱུང་བའི་ཞེས་བྱ་བ་ལ་སོགས་པས་ནི། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ས་ལ། ཆོས་རྣམས་ཀྱི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ཡོངས་སུ་ཚོལ་བ་ལས་བྱུང་བའི་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཡིན་ནོ་ཞེས་བསྟན་ཏོ། །སོ་སོར་རྟོག་པ་ལས་བྱུང་བ་གང་ཡིན་པ་དེ་ནི་རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཡིན་ནོ་ཞེས་བྱ་བ་ནི་མདོའི་སྡེ་ལ་སོགས་པའི་ཆོས་ལ་ཞིབ་ཏུ་སོ་སོར་རྟོག་པའི་ཕྱིར་རོ།། འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་རྟོག་པ་མེད་པ་དང༌། དཔྱོད་པ་མེད་པའི་ཏིང་ངེ་འཛིན་ཡིན་ནོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པས། ལྷུན་གྱིས་གྲུབ་པར་འཇུག་པའི་ཕྱིར་རོ། །བཅོམ་ལྡན་འདས་ཞི་གནས་ཀྱི་རྒྱུ་མཚན་ནི་གང་ལགས་ཞེས་བྱ་བ་ལ་སོགས་པས་ནི་ཞི་གནས་དང་ལྷག་མཐོང་རབ་ཏུ་འཛིན་པ་དང༌། བཏང་སྙོམས་ཀྱི་རྒྱུ་མཚན་ཞུས་སོ། །བྱམས་པ་སེམས་རྒོད་པའམ་ཞེས་བྱ་བ་ལ་སོགས་པ་ལ་རྒོད་པ་ཞེས་བྱ་བ་ནི་ཉེ་བར་མ་ཞི་བའོ། །རྒོད་དུ་དོགས་པ་ཞེས་བྱ་བ་ནི་འཕྲོ་བའི་བསམ་པའོ། །ཀུན་དུ་སྐྱོ་བར་འགྱུར་བ་དང་མཐུན་པའི་ཆོས་རྣམས་ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བའི་རྣམ་པ་དག་གོ །བར་ཆད་མེད་པའི་སེམས་དེ་ཞེས་བྱ་བ་ནི་སེམས་ཡུལ་རྣམས་ལ་མི་དམིགས་པའོ། །བྱམས་པ་སེམས་བྱིང་ངམ་ཞེས་བྱ་བ་ལ་སོགས་པ་ལ། སེམས་བྱིང་ཞེས་བྱ་བ་ནི་རྨུགས་པ་དང་གཉིད་ཀྱིས་ཉམས་པར་བྱས་པའོ། །བྱིང་དུ་དོགས་པ་ཞེས་བྱ་བ་ནི་བྱིང་བའི་རྗེས་སུ་མཐུན་པའོ། །མངོན་པར་དགའ་བ་དང་མཐུན་པའི་ཆོས་རྣམས་ཞེས་བྱ་བ་ནི་འགོག་པ་དང་ལམ་གྱི་རྣམ་པ་དག་གོ །སེམས་ཀྱི་མཚན་མ་དེ་ཞེས་བྱ་བ་ནི། མངོན་པར་དགའ་བར་འགྱུར་བ་དང་མཐུན་པའི་ཆོས་རྣམས་


DTG124_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དམིགས་པའི་སེམས་ཀྱི་མཚན་མ་ཞེས་བྱ་བའི་ཐ་ཚིག་གོ །ཞི་གནས་ཀྱི་རྒྱུ་མཚན་དང་རབ་ཏུ་འཛིན་པའི་རྒྱུ་མཚན་རྣམ་པར་བཤད་ནས། བྱམས་པའི་ཞི་གནས་ལ་གཅིག་ཏུ་ངེས་པའམ། ལྷག་མཐོང་ལ་གཅིག་ཏུ་ངེས་པའམ། ཟུང་དུ་འབྲེལ་པའི་ལམ་ཡང་རུང་སྟེ་ཞེས་བྱ་བས་བཏང་སྙོམས་ཀྱི་རྒྱུ་མཚན་སྟོན་ཏོ། །དེ་གཉི་གའི་ཉེ་བའི་ཉོན་མོངས་པས་ཉེ་བར་ཉོན་མོངས་པ་མེད་པ་ཞེས་བྱ་བས་ནི་ལམ་རྣམ་པ་གསུམ་པོ་དེ་དག་གི་བྱེ་བྲག་བསྟན་ཏེ། རྒོད་པ་དང་འགྱོད་པ་དང་རྨུགས་པ་དང་གཉིད་ཀྱིས་ཉམས་པར་མ་བྱས་པའི་ལམ་ལ། སེམས་རང་གི་ངང་གིས་འཇུག་པ་ན་ཡིད་ལ་བྱེད་པ་ལྷུན་གྱིས་གྲུབ་པ་གང་ཡིན་པ་དེ་ནི་བཏང་སྙོམས་ཀྱི་རྒྱུ་མཚན་ཞེས་བྱའོ་ཞེས་བསྟན་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་བསྒོམ་པ་ཆོས་སོ་སོ་ཡང་དག་པར་རིག་པ་དང༌། དོན་སོ་སོ་ཡང་དག་པར་རིག་པ་ལགས་ན། ཇི་ལྟར་ཆོས་སོ་སོ་ཡང་དག་པར་རིག་པ་ལགས། ཇི་ལྟར་དོན་སོ་སོ་ཡང་དག་པར་རིག་པ་ལགས་ཞེས་ཞུས་པས་དེ་ནི། ཆོས་དང་དོན་གྱི་ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ་བ་ཞུས་སོ། །ཆོས་ནི་གནས་ཡིན་ལ། དོན་ནི་གནས་ཡིན་པ་དེའི་ཕྱིར། བྱམས་པ་རྣམ་པ་ལྔས་ཆོས་སོ་སོ་ཡང་དག་པར་རིག་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་གནས་སུ་གྱུར་པའི་ཆོས་ཀྱི་རབ་ཏུ་དབྱེ་བ་དང་པོར་བཀའ་སྩལ་ཏོ། །ཆོས་ཀྱི་ངོ་བོ་ཉིད་ཀྱང་རྣམ་པ་གཉིས་ཏེ། བཤད་པའི་ཆོས་དང་རྟོགས་པའི་ཆོས་སོ། །བཤད་པའི་ཆོས་ནི་རྟོགས་པའི་ཆོས་ཀྱི་རྩ་བ་ཡིན་པའི་ཕྱིར་དང༌། བཤད་པའི་ཆོས་ཀྱང་མིང་དང་ཚིག་འབྲུ་དང༌། སོ་སོ་བ་དང༌། བསྡུས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། མིང་དང་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །མིང་གང་ཞེ་ན། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་རྣམས་ལ་ངོ་བོ་ཉིད་དང་བྱེ་བྲག་གི་མིང་དུ་བྱ་བར་བཏགས་པ་གང་ཡིན་པའོ་ཞེས་བྱ་བ་ལ་ཀུན་ནས་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །རྣམ་པར་བྱང་བ་པ་ནི་དད་པ་ལ་སོགས་པའོ། །དེ་དག་ལ་འདོད་ཆགས་ཞེས་བྱ་བ་དང༌། དད་པ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་མིང་དུ་བྱ་བར་བཏགས་པ་ཡིན་ནོ། །འདོད་ཆགས་དེ་ཡང་ཡོངས་སུ་ཤེས་པར་བྱ་བ་ཞེའམ། སྤང་བར་བྱ་བ་ཞེས་བྱ་བ་ནི་བྱེ་བྲག་གི་མིང་དུ་བྱ་བར་བཏགས་པ་ཡིན་ནོ། །དེ་བཞིན་


DTG124_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དད་པ་ཡང་བསྒོམ་པར་བྱ་བ་ཞེའམ། ལན་མང་དུ་བྱ་བ་ཞེས་བྱ་བ་ནི་བྱེ་བྲག་གི་མིང་དུ་བྱ་བར་བཏགས་པ་ཡིན་ཏེ། དེ་ནི་མིང་ཡིན་ནོ། །ཚིག་གང་ཞེ་ན། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་པའི་དོན་རྗེས་སུ་ཐ་སྙད་བཏགས་པའི་ཕྱིར། གནས་དང་རྟེན་མིང་དེ་དག་ཉིད་ཀྱི་ཚོགས་ལ་བརྟེན་པ་གང་ཡིན་པའོ་ཞེས་བྱ་བ་ལ་འདི་ལྟ་སྟེ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་འདོད་ཆགས་སྤང་བར་བྱ་བ་ཞེས་བྱ་བ་ནི་མིང་རྣམས་ཀྱི་ཚོགས་སོ། །རྣམ་པར་བྱང་བ་པའི་མིང་གི་ཚོགས་ཀྱང་དེ་བཞིན་དུ་བསྟན་པར་བྱ་སྟེ། འདི་ལྟ་སྟེ་སེམས་ཅན་མེད་པའི་ལས་དང་འབྲས་བུར་འབྲེལ་བ་ལ། དད་པ་ནི་དགེ་བ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །ཡི་གེ་གང་ཞེ་ན་དེ་གཉི་གའི་གནས་ཀྱི་ཡི་གེའི་འབྲུ་གང་ཡིན་པའོ་ཞེས་བྱ་བ་ནི་མིང་དང་ཚིག་གི་གནས་སུ་གྱུར་པ་ནི་ཡི་གེའི་འབྲུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་སོ་སོ་ལས་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། མ་འདྲེས་པ་ལ་དམིགས་པའི་ཡིད་ལ་བྱེད་པས་སོ་སོ་ཡང་དག་པར་རིག་པ་གང་ཡིན་པའོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། མིང་དང་ཚིག་དང་ཡི་གེ་བཀོད་པ་ཁྱད་པར་དུ་འཕགས་པའི་མདོ་སྡེ་ལ་སོགས་པའི་ཆོས་ཀྱི་ཚིག་སོ་སོར་ངེས་པར་འཛིན་པར་བྱེད་པ་ཡིན་ནོ་ཞེས་བསྟན་ཏོ། །བསྡུས་པ་ལས་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། འདྲེས་པ་ལ་དམིགས་པའི་ཡིད་ལ་བྱེད་པས་སོ་སོ་ཡང་དག་པར་རིག་པ་གང་ཡིན་པའོ་ཞེས་བྱ་བས་ནི་མདོའི་སྡེ་ལ་སོགས་པའི་ཆོས་བསྡུས་པ་དེ་དག་ཉིད་གཅིག་ཏུ་བྱས་ཏེ་ངེས་པར་འཛིན་པར་བྱེད་པ་ཡིན་ནོ་ཞེས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་བསྒོམ་པ་ཇི་ལྟར་ཆོས་སོ་སོ་ཡང་དག་པར་རིག་པ་ཡིན་པ་དེ་ལྟར་རྣམ་པར་བཤད་ནས་རྣམ་པ་དུ་དག་གིས་དོན་སོ་སོ་ཡང་དག་པར་རིག་པ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམ་པ་བཅུས་དོན་སོ་སོ་ཡང་དག་པར་རིག་པ་ཡིན་ཏེ། ཇི་སྙེད་ཡོད་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །བྱམས་པ་དེ་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་པའི་ཆོས་རྣམས་ལ་རྣམ་པ་རབ་ཏུ་དབྱེ་བ་ཐམས་ཅད་ཀྱི་མཐར་ཐུག་པ་གང་ཡིན་པ་དེ་ནི་ཇི་སྙེད་ཡོད་པ་ཉིད་ཡིན་ཏེ་ཞེས་བྱ་བ་ལ་ཀུན་ནས་ཉོན་མོངས་པ་ལ་ནི་འདོད་


DTG124_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ལ་སོགས་པའོ། །རྣམ་པར་བྱང་བ་པས་ནི་དད་པ་ལ་སོགས་པ་སྟེ། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་པ་དེ་དག་གི་གྲངས་ཀྱི་རྣམ་པ་ཇི་སྙེད་ཡོད་པ་དེ་དག་གི་རྣམ་པར་རབ་ཏུ་དབྱེ་བའི་མཐར་ཐུག་པར་གྱུར་པ་དེ་ནི་ཇི་སྙེད་ཡོད་པ་ཉིད་ཡིན་ནོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པས་ནི། ཕུང་པོ་རྣམས་ཀྱི་ནི་ཕུང་པོ་ལྔ་པོ་དག་གིས་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཕུང་པོ་རྣམས་ལྷག་ཆད་མེད་པར་བསྡུས་པའི་ཕྱིར་རོ། །ནང་གི་སྐྱེ་མཆེད་དྲུག་པོ་དག་གིས་ནི་ཟབ་པོ་བསྟན་ཏོ། །ཕྱི་རོལ་གྱི་སྐྱེ་མཆེད་དྲུག་པོ་དག་གིས་ནི་ལོངས་སྤྱོད་པ་བསྟན་ཏོ་ཞེས་བྱ་བ་ལ་སོགས་པའོ་ཞེས་བྱ་བ་ནི་དབང་པོ་ལ་སོགས་པ་གྲངས་ལྔས་བསྡུས་པ་དག་ཀྱང་གཟུང་བར་བྱའོ། །ཇི་སྙེད་ཡོད་པ་ཉིད་ཅེས་བྱ་བ་ནི་ཆོས་ཇི་སྙེད་ཡོད་པ་གང་དག་གིས་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་པ་ཡོད་པར་སྲིད་པ་ཉིད་ནི་ཇི་སྙེད་པ་ཉིད་ཅེས་བྱའོ། །བྱམས་པ་དེ་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་པའི་ཆོས་དེ་དག་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཡིན་ཏེ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་པའི་ཆོས་གང་དག་ལ་རྣམ་པར་དཔྱད་པའི་གནས་སྐབས་ན་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པ་ཡོད་པར་སྲིད་པ་ཉིད་ནི་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཡིན་ནོ་ཞེས་བསྟན་ཏོ། །དེ་ཡང་རྣམ་པ་བདུན་ཏེ་ཞེས་བྱ་བས་ནི་ཡང་རབ་ཏུ་དབྱེ་བ་བསྟན་ཏོ། །འབྱུང་བའི་དེ་བཞིན་ཉིད་ནི་ཞེས་བྱ་བ་ལ་ཉོན་མོངས་པ་དང་ལས་དང་སྐྱེ་བའི་རྒྱུན་གྱིས་འཇུག་པ་ནི་འབྱུང་བ་ཡིན་ནོ། །དེ་བཞིན་ཉིད་ཅེས་བྱ་བ་ནི་རྣམ་པ་དེས་གཞན་དུ་མ་ཡིན་ཏེ། ཕྱིན་ཅི་མ་ལོག་པའི་ངོ་བོ་ཉིད་བསྟན་པའོ། །འདུ་བྱེད་རྣམས་ཀྱི་ཐོག་མ་དང་ཐ་མ་མེད་པ་ཉིད་གང་ཡིན་པའོ་ཞེས་བྱ་བས་ནི། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་མེད་པ་སྟོན་ཏོ། །མཚན་ཉིད་ཀྱི་དེ་བཞིན་ཉིད་ནི་ཆོས་ཐམས་ཅད་ཀྱི་གང་ཟག་ལ་བདག་མེད་པ་དང༌། ཆོས་ལ་བདག་མེད་པ་གང་ཡིན་པའོ་ཞེས་བྱ་བ་ལ། ཆོས་ཐམས་ཅད་ཅེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་སོ། །དེ་ལ་རེ་ཞིག་འདུས་བྱས་རྣམས་ལ་ནི་རྡུལ་ཕྲ་རབ་རེ་རེ་དང་སེམས་དང་སེམས་ལས་བྱུང་བ་མཐའ་དག་ལ་གང་ཟག་མེད་དོ། །འདུས་མ་བྱས་ནམ་


DTG124_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་དང་སོ་སོར་བརྟགས་ཏེ་འགོག་པ་དང༌། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དག་ལ་ཡང་གང་ཟག་མེད་པས། དེའི་ཕྱིར་ཆོས་རྣམས་ཀྱི་མཚན་ཉིད་ནི་གང་ཟག་ལ་བདག་མེད་པ་ཡིན་ནོ། །རྣམ་པར་རིག་པའི་དེ་བཞིན་ཉིད་ནི་འདུ་བྱེད་རྣམས་ཀྱི་རྣམ་པར་རིག་པ་ཙམ་ཉིད་གང་ཡིན་པའོ་ཞེས་བྱ་བ་ནི་ནང་དང་ཕྱི་རོལ་གྱི་དངོས་པོ་རྣམས་རྣམ་པར་རིག་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །གནས་པའི་དེ་བཞིན་ཉིད་ནི་ངས་སྡུག་བསྔལ་གྱི་བདེན་པ་བསྟན་པ་གང་ཡིན་པའོ་ཞེས་བྱ་བ་ལ་གནས་པ་ཞེས་བྱ་བ་ནི་བདག་པོ་མེད་པའི་ཆོས་རྣམས་དུས་ལ་སོགས་པར་གནས་པའོ། །དེ་དག་ཐམས་ཅད་ནི་འཕགས་པ་རྣམས་ལ་སྡུག་བསྔལ་བར་བདེན་ཏེ་མི་མཐུན་པའི་ཕྱིར་རོ། །ལོག་པར་བསྒྲུབ་པའི་དེ་བཞིན་ཉིད་ནི་ངས་ཀུན་འབྱུང་བའི་བདེན་པ་བསྟན་པ་གང་ཡིན་པའོ་ཞེས་བྱ་བ་ལ་ལོག་པར་བསྒྲུབ་པ་ནི་བདག་མེད་པ་ལ་བདག་ཏུ་རྨོངས་པ་ལ་སོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་མངོན་པར་འགྲུབ་པ་དང་སྐྱེ་བའི་སྡུག་བསྔལ་གྱི་རྒྱུ་ཡིན་པའོ། །རྣམ་པར་དག་པའི་དེ་བཞིན་ཉིད་ནི་ངས་འགོག་པའི་བདེན་པ་བསྟན་པ་གང་ཡིན་པའོ་ཞེས་བྱ་བ་ནི་དེ་ཡང་དག་པ་མ་ཡིན་པའི་ཀུན་རྟོག་པ་གློ་བུར་འགགས་པ་ཡིན་པས་རྣམ་པར་དག་པ་ཡིན་ནོ། །ཡང་དག་པར་གྲུབ་པའི་དེ་བཞིན་ཉིད་ནི་ལས་ལམ་གྱི་བདེན་པ་བསྟན་པ་གང་ཡིན་པའོ་ཞེས་བྱ་བ་ལ་ཡང་དག་པར་བསྒྲུབས་པ་ནི་ལོག་པར་བསྒྲུབ་པའི་གཉེན་པོ་ཡིན་པའི་ཕྱིར། བདག་ཏུ་རྨོངས་པ་ལ་སོགས་པ་ཉེ་བར་ཞི་བའི་ལམ་རྣམ་པར་དག་པ་ཡིན་ནོ། །བྱམས་པ་དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་ཉིད་དེ་དག་གི་ཁྱད་པར་གྱི་ཚུལ་བསྟན་ཏེ། འབྱུང་བའི་དེ་བཞིན་ཉིད་གང་ཡིན་པ་དང་ཞེས་བྱ་བ་ལ་སོགས་པས་རྒྱ་ཆེར་གསུངས་པ་ནི། སེམས་ཅན་ཐམས་ཅད་ནི་འཇིག་ཚོགས་ལ་ལྟ་བའི་བག་ཆགས་བརྟས་པའི་ཕྱིར། འབྱུང་བའི་དེ་བཞིན་ཉིད་ལ་སོགས་པས། མཚུངས་ཤིང་མཉམ་མོ་ཞེས་བསྟན་ཏོ། །མཚན་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་རྣམ་པར་རིག་པའི་དེ་བཞིན་ཉིད་གང་ཡིན་བདེ་ནི་ཆོས་ཐམས་ཅད་མཚུངས་ཤིང་མཉམ་མོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ནི་གང་ཟག་ལ་བདག་མེད་པའི་


DTG124_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཡིན་པའི་ཕྱིར་དང༌། རྣམ་པར་རིག་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །བྱམས་པ་དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་གསུམ་པོ་དག་གོ །རྣམ་པར་དག་པའི་དེ་བཞིན་ཉིད་ཀྱིས་མཚུངས་ཤིང་མཉམ་པར་སྟོན་ཏེ། དེ་དག་གི་འགོག་པའི་ངོ་བོ་ཉིད་ཀྱིས་མཚུངས་པའི་ཕྱིར་རོ། །དེ་དག་མ་ཚངས་ན་ཅིའི་ཕྱིར། སངས་རྒྱས་ཀྱི་རྣམ་པར་གྲོལ་བས་ནི་ཆོས་ཀྱི་སྐུའི་མཚན་ཉིད་ཀྱིས་སེམས་ཅན་གྱི་དོན་ལ་འཇུག་པར་འགྱུར་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བས་མ་ཡིན་ཞེ་ན། སངས་རྒྱས་ཀྱིས་རྣམ་པར་གྲོལ་བ་ནི་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱི་དབང་གིས་སྣ་ཚོགས་ཡིན་ལ། ཉན་ཐོས་ལ་སོགས་པའི་རྣམ་པར་གྲོལ་བ་ནི་མ་ཡིན་ཏེ། དཔེར་ན་གོས་མདུད་པ་དང་མ་མདུད་པ་དག་མཚུངས་པར་ཚོན་གྱི་སྣོད་དུ་བཅུག་ཀྱང༌། ཤུགས་ཀྱི་དབང་གིས་ན་མདུད་པ་རྣམས་ལ་ནི་ཚོན་བཀྲ་བར་སྣང་ལ་མ་མདུད་པ་རྣམས་ལ་ནི་མ་ཡིན་ནོ། །དེ་བཞིན་དུ་མྱ་ངན་ལས་འདས་པའི་ཚོན་རྩིའི་སྣོད་ལྟ་བུར་མཚུངས་པར་བཅུག་ཀྱང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ནི་ཤུགས་ཀྱི་དབང་གིས་ན་སྣ་ཚོགས་ཁོ་ན་ཡིན་ལ། ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པ་ནི་མ་ཡིན་ཏེ། དེ་བས་ན་དེ་དག་གི་རྣམ་པར་དག་པ་མཉམ་པ་ཉིད་ནི་རྣམ་པར་གྲོལ་བ་ལ་ཐུན་མོང་བའི་དབང་དུ་བྱས་པ་ཁོ་ན་ཡིན་གྱི་ཆོས་ཀྱི་སྐུས་ནི་མ་ཡིན་ནོ། །བྱམས་པ་དེ་ལ་ཡང་དག་པར་སྒྲུབ་པའི་དེ་བཞིན་ཉིད་དེས་ནི་ཞེས་བྱ་བ་ལ་སོགས་པས་ནི་ཐོས་པ་འདྲེས་པ་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་གིས་བསྡུས་པའི་ཤེས་རབ་མཚུངས་ཤིང་མཉམ་སྟེ། ཤེས་རབ་ནི་གཏི་མུག་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར། ཡང་དག་པར་སྒྲུབ་པའི་དེ་བཞིན་ཉིད་ཀྱིས་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་མཚུངས་ཤིང་མཉམ་མོ་ཞེས་བསྟན་ཏོ། །འཛིན་པའི་དོན་གྱི་དབང་དུ་མཛད་ནས་བྱམས་པ་དེ་ལ། འཛིན་པའི་དོན་ནི་སྐྱེ་མཆེད་གཟུགས་ཅན་ལྔ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ཅན་ལྔ་ནི་མིག་ལ་སོགས་པ་ལྔ་སྟེ་གཟུགས་ཀྱི་ཕུང་པོས་བསྡུས་པ་ཡིན་པའི་ཕྱིར་རོ། །སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་སེམས་ལས་


DTG124_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་ཆོས་རྣམས་ཀྱང་འཛིན་པའི་དོན་གྱི་དབང་དུ་བྱས་པ་ཁོ་ན་ཡིན་ཏེ། སེམས་ནི་ཀུན་གཞི་རྣམ་པར་ཤེས་པས་སོ། །ཡིད་ནི་ཉོན་མོངས་པ་ཅན་ནོ། །རྣམ་པར་ཤེས་པ་ནི་འཇུག་པའི་རྣམ་པར་ཤེས་པ་དྲུག་གོ །སེམས་ལས་བྱུང་བ་ནི་ཚོར་བ་ལ་སོགས་པའོ། །དེ་དག་ནི་འཛིན་པ་ཡིན་ཏེ། དམིགས་པ་དང་བཅས་པའི་རྣམ་པ་ཡིན་པའི་ཕྱིར་རོ། །འཛིན་པའི་དོན་བཤད་ནས་གཟུང་བའི་དོན་གྱི་དབང་དུ་མཛད་ནས། བྱམས་པ་དེ་ལ་གཟུང་བའི་དོན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕྱི་རོལ་གྱི་སྐྱེ་མཆེད་དྲུག་པོ་དག་ཅེས་བྱ་བ་ནི། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང་ཆོས་རྣམས་ཏེ་གཟུང་བ་ཡིན་ནོ། །ཆོས་ཐམས་ཅད་ཡིད་ཀྱིས་རྣམ་པར་ཤེས་པའི་གཟུང་བ་ཡིན་པར་བསྟན་པའི་ཕྱིར། བྱམས་པ་ཡང་འཛིན་པའི་དོན་གང་ཡིན་པ་དེ་ནི་གཟུང་བའི་དོན་ཀྱང་ཡིན་ནོ་ཞེས་གསུངས་སོ། །གཟུང་བའི་དོན་བསྟན་ནས། གནས་ཀྱི་དོན་བསྟན་པའི་ཕྱིར་བྱམས་པ་དེ་ལ་གནས་ཀྱི་དོན་ནི་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །གྲོང་ཚིགས་དང་གྲོང་ཚིགས་རྒྱ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ནི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་མངོན་པར་བསྒྲུབ་པའི་རྒྱུ་ཡིན་ནོ། །གནས་ཀྱི་དོན་རྣམ་པར་བཤད་ནས་ལོངས་སྤྱོད་ཀྱི་དོན་བསྟན་པའི་ཕྱིར། བྱམས་པ་དེ་ལ་ལོངས་སྤྱོད་ཀྱི་དོན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡོངས་སུ་སྤྱོད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་ཀྱི་བསྙེན་བཀུར་ལ་སོགས་པའི་ལོངས་སྤྱོད་པའི་ཕྱིར་རོ། །ཡོད་བྱད་ཅེས་བྱ་བ་ནི་གོས་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའ་དོན་སོ་སོ་ཡང་དག་པར་རིག་པས་ནི་ཐམས་ཅད་རབ་ཏུ་དབྱེ་བར་བྱ་དགོས་པའི་ཕྱིར་རོ། །ལོངས་སྤྱོད་ཀྱི་དོན་རྣམ་པར་བཤད་པའི་འོག་ཏུ་ཕྱིན་ཅི་ལོག་གི་དོན་བསྟན་པའི་ཕྱིར། བྱམས་པ་དེ་ལ་ཕྱིན་ཅི་ལོག་གི་དོན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཛིན་པ་ལ་སོགས་པའི་དོན་དེ་དག་ཉིད་ལ་ཞེས་བྱ་བ་ནི་སྔར་བསྟན་པ་དག་ལའོ། །ཕྱིན་ཅི་ལོག་ཅེས་བྱ་བ་དག་ནི་བདེན་པ་དག་ལ་ལོག་པའི་རྣམ་པར་ལྟ་བའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་གཟུང་བ་དང༌།


DTG124_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའི་མི་རྟག་པ་ལ་སོགས་པའི་ངོ་བོ་ཉིད་དག་ལ། རྟག་པ་ལ་སོགས་པར་སྒྲོ་འདོགས་པ་ནི་འདུ་ཤེས་ཕྱིན་ཅི་ལོག་ཡིན་ནོ། །འདུ་ཤེས་དང་སེམས་ཕྱིན་ཅི་ལོག་གཉིས་ཀྱིས་ལྟ་བའི་ཕྱིན་ཅི་ལོག་ཀུན་ནས་སློང་བའི་ཕྱིར། ཡང་དག་པའི་ལྟ་བས་དེ་དག་སྤོང་ངོ༌། །ཕྱིན་ཅི་ལོག་གི་དོན་རྣམ་པར་བཤད་ནས་ཕྱིན་ཅི་མ་ལོག་པའི་དོན་བསྟན་པའི་ཕྱིར། བྱམས་པ་དེ་ལ་ཕྱིན་ཅི་མ་ལོག་པའི་དོན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལས་བཟློག་པ་སྟེ། དེའི་གཉེན་པོ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་འཛིན་པ་ལ་སོགས་པའི་དོན་མི་རྟག་པ་དག་ལ་མི་རྟག་པར་ལྟ་བ་དང༌། འཕགས་པ་དང་མི་མཐུན་པ་སྡུག་བསྔལ་བའི་ངོ་བོ་ཉིད་དག་ལ་སྡུག་བསྔལ་བར་ལྟ་བ་དང༌། མི་གཙང་བའི་ངོ་བོ་ཉིད་དག་ལ་མི་གཏང་བར་ལྟ་བ་དང༌། བདག་མེད་པ་རྐྱེན་ལ་རག་ལས་པ་དག་ལ་བདག་མེད་པར་ལྟ་བ་སྟེ། གཉེན་པོ་ཐོབ་པས་ལྟ་བ་ཕྱིན་ཅི་ལོག་དང་བྲལ་ན་འདུ་ཤེས་དང་སེམས་ཕྱིན་ཅི་ལོག་དག་དང་ཡང་བྲལ་བར་འགྱུར་རོ། ཕྱིན་ཅི་མ་ལོག་པའི་དོན་གྱི་འོག་ཏུ་ཀུན་ནས་ཉོན་མོངས་པའི་དོན་བསྟན་པའི་ཕྱིར། བྱམས་པ་དེ་ལ་ཀུན་ནས་ཉོན་མོངས་པའི་དོན་ནི་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ཞེ་ན་ཁམས་གསུམ་པའི་ཞེས་བྱ་བ་གསུངས་སོ། །གསུམ་གང་ཞེ་ན་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པའོ་ཞེས་བྱ་བ་གསུངས་སོ། །སྲིད་པའི་ཡན་ལག་རྣམས་ལས་མ་རིག་པ་དང་སྲེད་པ་དང་ལེན་པ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའོ། །འདུ་བྱེད་དང་སྲིད་པ་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པའོ། །རྣམ་པར་ཤེས་པ་དང༌། མིང་དང༌། གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྐྱེ་བ་དང༌། རྒ་ཤི་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཡིན་ནོ། །དེ་ལྟར་ཀུན་ནས་ཉོན་མོངས་པའི་དོན་རྣམ་པར་བཤད་ནས། རྣམ་པར་བྱང་བའི་དོན་བསྟན་པའི་ཕྱིར། བྱམས་པ་དེ་ལ་རྣམ་པར་བྱང་བའི་དོན་ནི་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་པོ་དེ་དང་བྲལ་བར་བྱ་བའི་ཕྱིར། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་གང་ཡིན་པ་རྣམས་ཏེ། ཞེས་


DTG124_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་གསུངས་ཏེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཡིན་པར་ཤེས་པར་བྱའོ། །བྱམས་པ་རྣམ་པ་བཅུ་པོ་དག་གིས་དོན་ཐམས་ཅད་བསྡུས་པར་རིག་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཇི་སྙེད་ཡོད་པ་ཉིད་ལ་སོགས་པ་བཅུ་པོ་དེ་དག་གིས་དོན་སོ་སོར་ཡང་དག་པར་རིག་པའི་ཕྱིར། དོན་སོ་སོར་ཡང་དག་པར་རིག་པ་ཞེས་བསྟན་ཏོ།། །།བམ་པོ་གཉིས་པ་སྟེ་ཐ་མའོ། །ཡང་རྣམ་པ་ལྔའི་དབྱེ་བ་བསྟན་པའི་ཕྱིར། བྱམས་པ་ཡང་བྱང་ཆུབ་སེམས་དཔས་རྣམ་པ་ལྔས་དོན་སོ་སོ་ཡང་དག་པར་རིག་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དོན་རྣམ་པ་ལྔ་གང་ཞེ་ན་ཞེས་འདྲི་བ་ལ་ལན་དུ། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དང༌། ཡོངས་སུ་ཤེས་པར་བྱ་བའི་དོན་དང༌། ཡོངས་སུ་ཤེས་པ་དང༌། ཡོངས་སུ་ཤེས་པའི་འབྲས་བུ་འཐོབ་པ་དང་དེ་རབ་ཏུ་རིག་པར་བྱེད་པའོ་ཞེས་གསུངས་ཏེ་རྣམ་པ་དེ་ལྔས་ཀུན་བསྡུས་པའི་ཕྱིར་རོ། །བྱམས་པ་དེ་ལ་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དེ་ནི་ཤེས་བྱ་ཐམས་ཅད་ཡིན་པར་བལྟ་བར་བྱ་སྟེ། འདི་ལྟ་སྟེ་ཕུང་པོ་རྣམས་ཞེས་བྱ་བའམ་ཞེས་བྱ་བ་ལ་སོགས་པ་ལ། ཕུང་པོ་ལ་སོགས་པས་ནི་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ཐམས་ཅད་བསྡུས་པའི་ཕྱིར་རོ། །བྱམས་པ་དེ་ལ་ཡོངས་སུ་ཤེས་པར་བྱ་བའི་དོན་ནི་རྣམ་པ་ཇི་སྙེད་ཀྱི་ཤེས་བྱ་དེ་ཇི་ལྟ་བ་བཞིན་ཤེས་པར་བྱ་བ་སྟེ་ཞེས་བྱ་བས་ནི་དེ་རྣམ་པ་ཇི་སྙེད་ཅིག་གིས་ཡོངས་སུ་ཤེས་པར་བྱ་ཞིང་ཇི་ལྟར་ཡོངས་སུ་ཤེས་པར་བྱ་ཞེས་ཡོངས་སུ་ཤེས་པར་བྱ་བའི་དོན་ཏོ། །འདི་ལྟ་སྟེ། ཀུན་རྫོབ་དང་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་ལ། ཀུན་རྫོབ་དང་དོན་དམ་པ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ནི་བདེན་པ་གཉིས་ལ་བརྟེན་ཏེ་སྟོན་པར་མཛད་པའི་ཕྱིར་རོ། །སྐྱོན་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་སྐྱོན་བརྗོད་པའི་ཕྱིར་རོ། །ཡོན་ཏན་ཞེས་བྱ་བ་ནི་རྣམ་པར་བྱང་བའི་ཡོན་ཏན་བརྗོད་པའི་ཕྱིར་རོ། །རྐྱེན་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དེ་དག་རང་གི་རྒྱུ་ཁོ་ན་ལས་བྱུང་གི །དབང་ཕྱུག་ལ་སོགས་པ་ལས་མ་ཡིན་པའོ། །དུས་ཞེས་བྱ་བ་ནི་དེ་དག་


DTG124_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་སུ་གཏོགས་པའོ། །སྐྱེ་བ་དང་གནས་པ་དང་འཇིགས་པའི་མཚན་ཉིད་ཅེས་བྱ་བ་ནི་ཡོངས་སུ་ཤེས་པར་བྱ་བའི་དོན་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་ཀྱི་རྐྱེན་རྣམས་ཀྱིས་རབ་ཏུ་ཕྱེ་བའོ། །ནད་ལ་སོགས་པ་ཞེས་བྱ་བ་ནི་སྡུག་བསྔལ་བར་རོ། །སྡུག་བསྔལ་དང་ཀུན་འབྱུང་ལ་སོགས་པ་ཞེས་བ་བ་ནི་ཉན་ཐོས་ཀྱི་ཐེག་པ་ལའོ། །དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པ་ནི་ཐེག་པ་ཆེན་པོ་ལའོ། །བསྡུ་བ་དང་དབྱེ་བ་ཞེས་བྱ་བ་ནི་དེ་དག་ཀྱང་མདོར་བསྡུ་བ་དང༌། རྒྱ་ཆེར་བྱ་བ་གཉིས་ཀྱིས་སྟོན་པར་མཛད་པ་པའོ། །དེ་དག་གི་ལན་འདེབས་ན་ཡང༌། མགོ་གཅིག་ཏུ་ལན་གདབ་པ་ལ་སོགས་པས་ལན་འདེབས་པར་མཛད་དེ། ཅི་ནས་སེམས་ཅན་ཐམས་ཅད་འཆི་བར་འགྱུར་རམ་ཞེས་དྲིས་ན། འཆི་བར་འགྱུར་རོ་ཞེས་མགོ་གཅིག་ཏུ་ལན་གདབ་པར་བྱའོ། །རྣམ་པར་དབྱེ་ཞིང་ལན་གདབ་པ་ནི་ཤི་བ་ཐམས་ཅད་སྐྱེ་བར་འགྱུར་ཞེས་དྲིས་ན། སེམས་ཅན་གང་དག་ཉོན་མོངས་པ་དང་བཅས་པ་དེ་དག་ནི་སྐྱེ་བར་འགྱུར་ལ། ཉོན་མོངས་པ་མེད་པ་རྣམས་ནི་སྐྱེ་བར་མི་འགྱུར་རོ་ཞེས་རྣམ་པར་དབྱེ་ཞིང་ལན་གདབ་པར་བྱའོ། །དྲིས་ཏེ་ལན་གདབ་པ་ནི་ཅི་མི་རྣམས་ཁྱད་པར་དུ་འཕགས་པ་ཡིན་ནམ་འོན་ཏེ་དམན་པ་ཡིན་ཞེས་དྲིས་ན། དེ་དག་གང་ལ་ལྟོས་ཏེ་འདྲི། གལ་ཏེ་ངན་སོང་བ་དག་ལ་ལྟོས་ཏེ་འདྲི་ན་ནི་དེ་དག་པས་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་བརྗོད་པར་བྱ་དགོས་ལ། འོན་ཏེ་ལྷ་རྣམས་ལ་ལྟོས་ཏེ་འདྲི་ན་ནི་དམན་པ་ཡིན་ནོ་ཞེས་བརྗོད་པར་བྱ་དགོས་པས་དྲིས་ཏེ་ལན་གདབ་པར་བྱའོ། །གཞག་པ་ཞེས་བྱ་བ་ནི་ཅི་ཕུང་པོ་རྣམས་དང་བདག་གཅིག་གམ་ཐ་དད་ཅེས་འདྲི་ན། དེ་ནི་གཞག་པར་བྱ་སྟེ། བདག་རྫས་སུ་མེད་པའི་ཕྱིར་རོ། །གསང་བ་ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་མ་སྨིན་པ་དག་ལ་ཆོས་ཟབ་མོ་གསང་བར་བྱ་བའི་ཕྱིར་རོ། །བསྒྲགས་པ་ཞེས་བྱ་བ་ནི། དེ་ལས་བཟློག་པའི་ཕྱིར་རོ། །དེ་ལྟ་བུ་དང་མཐུན་པ་ཞེས་བྱ་བ་ནི། གང་ཟག་གདགས་པ་ལ་སོགས་པ་གཞན་དག་ཀྱང་ཡོངས་སུ་ཤེས་པར་བྱ་བའི་དོན་ཡིན་པར་རིག་པར་བྱའོ། །ཇི་སྙེད་ཀྱིས་ཞེས་བྱ་བ་ནི་ཀུན་རྫོབ་


DTG124_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་རྣམ་པ་དག་གིས་སོ། །ཇི་ལྟ་བ་བཞིན་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་ལ་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་དག་གིས་སོ། །ཐེག་པ་ཆེན་པོ་ལ་ནི་དེ་བཞིན་ཉིད་ལ་སོགས་པ་དག་གིས་ཤེས་པར་བྱའོ། །བྱམས་པ་དེ་ལ་ཡོངས་སུ་ཤེས་པ་ནི་དེ་གཉི་ག་འཛིན་པར་བྱེད་པ་ཞེས་བྱ་བ་ནི་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ཕུང་པོ་ལ་སོགས་པ་དང༌། ཡོངས་སུ་ཤེས་པར་བྱ་བའི་དོན་ཇི་སྙེད་ཡོད་པ་ཉིད་དང་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ལ་དམིགས་པ་ཉིད་ཀྱིས་འཛིན་པར་བྱེད་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནི་ཡོངས་སུ་ཤེས་པ་ཡིན་ཏེ། ཤེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཡོངས་སུ་ཤེས་པ་རྣམ་པར་བཤད་ནས་ཡོངས་སུ་ཤེས་པའི་འབྲས་བུ་འཐོབ་པ་བསྟན་པའི་ཕྱིར། བྱམས་པ་དེ་ལ་ཡོངས་སུ་ཤེས་པའི་འབྲས་བུ་འཐོབ་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལྟ་སྟེ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་འདུལ་བ་ཞེས་བྱ་བ་ནི་བདག་དང་གཉི་གའི་ལུས་དང༌། ཚོར་བ་དང་སེམས་དང་ཆོས་དྲན་པ་ཉེ་བར་གཞག་པ་ལ་སོགས་པས། འདོད་ཆགས་ལ་སོགས་པ་འདུལ་བའོ། །མ་ལུས་པར་སྤོང་བ་ཞེས་བྱ་བ་ནི་ཡོངས་སུ་གཏུགས་ཏེ་སྤོང་བའོ། །དགེ་སྦྱོང་ཉིད་ཀྱི་འབྲས་བུ་རྣམས་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པ་བཞིའོ། །ཉན་ཐོས་དང་དེ་བཞིན་གཤེགས་པའི་ཡོན་ཏན་འཇིག་རྟེན་པ་ཞེས་བྱ་བ་ནི་བསམ་གཏན་དང༌། ཚད་མེད་པ་ལ་སོགས་པའོ། །འཇིག་རྟེན་ལས་འདས་པ་ཞེས་བྱ་བ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་ལ་སོགས་པའོ། །ཐུན་མོང་ཞེས་བྱ་བ་ནི་ཉོན་མོངས་པ་མེད་པ་དང༌། སྨོན་ནས་ཤེས་པ་ལ་སོགས་པའོ། །དེ་དག་མངོན་དུ་བྱ་བ་གང་ཡིན་པ་ནི། ཡོངས་སུ་ཤེས་པའི་འབྲས་བུ་ཐོབ་པ་ཡིན་ནོ། །ཡོངས་སུ་ཤེས་པའི་འབྲས་བུ་ཐོབ་པ་བསྟན་ནས། ཡོངས་སུ་ཤེས་པའི་འབྲས་བུ་ཐོབ་པ་དེ་རབ་ཏུ་རེག་པར་བྱེད་པ་བསྟན་པའི་ཕྱིར། བྱམས་པ་དེ་རབ་ཏུ་རིག་པར་བྱེད་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མངོན་སུམ་དུ་བྱས་པའི་ཆོས་དེ་དག་ཉིད་ལ་ཞེས་བྱ་བ་ནི་བསྟན་མ་ཐག་པ་དག་ལའོ། །རྣམ་པར་གྲོལ་བར་ཤེས་པ་ཞེས་བྱ་བ་ནི་རང་གི་


DTG124_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའོ། །གཞན་དག་ལ་ཡང་རྒྱ་ཆེར་སྟོན་པ་དང༌། ཡང་དག་པར་སྟོན་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དང༌། ཐུན་མོང་ལ་སོགས་པའི་ཡོན་ཏན་རང་གིས་མངོན་སུམ་དུ་བྱས་པ་དག་གཞན་གྱི་རྒྱུད་ལ་གོ་བར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །བྱམས་པ་དོན་ལྔ་པོ་དེ་དག་གིས་ཀྱང་དོན་ཐམས་ཅད་བསྡུས་པར་རིག་པར་བྱའོ་ཞེས་བྱ་བ་བསྟན་ནས་བྱམས་པ་ཡང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་ཇི་ལྟར་རྣམ་པ་ལྔས་དོན་ཐམས་ཅད་སོ་སོ་ཡང་དག་པར་རིག་པ་དེ་བཞིན་དུ། རྣམ་པ་བཞིས་དོན་སོ་སོ་ཡང་དག་པར་རིག་པ་ཡིན་ཏེ་ཞེས་བྱ་བར་སྟོན་ཏོ། །དོན་རྣམ་པ་བཞི་གང་ཞེ་ན་ཞེས་འདྲི་བ་ལ་སེམས་ཀྱིས་ལེན་པའི་དོན་དང༌། མྱོང་བའི་དོན་དང་རྣམ་པར་རིག་པའི་དོན་དང་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་དོན་གྱིས་ཏེ་ཞེས་བྱ་བ་ལ་སོགས་པས། ཇི་ལྟར་རྣམ་པ་ལྔས་དོན་ཐམས་ཅད་སོ་སོ་ཡང་དག་པར་རིག་པ་དེ་བཞིན་དུ་རྣམ་པ་བཞིས་དོན་སོ་སོ་ཡང་དག་པར་རིག་པ་ཡིན་ཏེ་ཞེས་བྱ་བ་བསྟན་ཏེ། བཞི་གང་ཞེ་ན་ཞེས་འདྲི་བ་ལ་སེམས་ཀྱིས་ལེན་པའི་དོན་དང༌། མྱོང་བའི་དོན་དང༌། རྣམ་པར་རིག་པའི་དོན་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་དོན་གྱིས་ཏེ་ཞེས་བྱ་བ་གསུངས་སོ། །སེམས་ཀྱིས་ལེན་པའི་དོན་ནི། ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་ཏེ། རྒྱུ་ཉིད་ཡིན་པའི་ཕྱིར་རོ། །མྱོང་བའི་དོན་དང་ནི་སེམས་དེ་ཉིད་ཀྱིས་བདག་ཏུ་རྨོངས་པ་དང༌། བདག་ཏུ་ལྟ་བ་དང༌། བདག་ཏུ་ང་རྒྱལ་དང༌། བདག་ལ་ཆགས་པ་དང༌། མྱོང་བའི་དོན་ཡིན་པའི་ཕྱིར་རོ། །རྣམ་པར་རིག་པའི་དོན་ནི་ཕྱི་རོལ་དུ་དམིགས་པའི་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱིས་རྣམ་པར་རིག་པ་ཙམ་ཉིད་ཀྱིས་གནས་དང་གནས་པ་དང༌། དམིགས་པའི་རྣམ་པར་གྱུར་པ་ཐ་དད་པའི་དངོས་པོ་ཡིན་པར་སྟོན་ཏོ། །ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་དོན་ནི་སེམས་དེ་ཉིད་ཀྱི་སེམས་དང་སེམས་ལས་བྱུང་བ་དེ་དག་གི་གནས་དང་གནས་པ་དང༌། དམིགས་པའི་རྣམ་པ་དག་མ་རྟོགས་པ་དང་རྟོགས་པའོ། །བྱམས་པ་དོན་རྣམ་པ་བཞི་པོ་དེ་དག་གིས་ཀྱང་དོན་ཐམས་ཅད་བསྡུས་པར་རིག་པར་བྱའོ་ཞེས་བྱ་


DTG124_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

བས་དོན་ཐམས་ཅད་བསྡུས་པ་བསྟན་ནས། བྱམས་པ་ཡང་ཞེས་བྱ་བ་ལ་སོགས་པས། བྱང་ཆུབ་སེམས་དཔའ་རྣམ་པ་གསུམ་གྱིས་དོན་སོ་སོ་ཡང་དག་པར་རིག་པ་ཡིན་ཏེ་ཞེས་བྱ་བར་སྟོན་ཏོ། །ཚིག་འབྲུའི་དོན་དང༌། དོན་གྱི་དོན་དང༌། ཁམས་ཀྱི་དོན་གྱིས་སོ་ཞེས་བྱ་བ་ལ་ཚིག་འབྲུའི་དོན་ནི་གནས་སོ། །དོན་གྱི་དོན་ནི་གནས་པ་ཡིན་ནོ། །ཁམས་ཀྱི་དོན་ནི་གཉི་གའི་དོན་ཏོ། །བྱམས་པ་དེ་ལ་དོན་གྱི་དོན་ནི་རྣམ་པ་བཅུར་རིག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། དེ་ཁོ་ནའི་མཚན་ཉིད་ཅེས་བྱ་བ་ནི་གཟུང་བ་ཉིད་ཀྱིས་སོ། །ཡོངས་སུ་ཤེས་པའི་མཚན་ཉིད་ཅེས་བྱ་ནི་འཛིན་པ་ཉིད་ཀྱིས་སོ། །སྤང་བའི་མཚན་ཉིད་ཅེས་བྱ་བ་ནི་བྲལ་བ་ཉིད་ཀྱིས་སོ། །མངོན་དུ་བྱ་བའི་མཚན་ཉིད་ཅེས་བྱ་བ་ནི་འཐོབ་པ་ཉིད་ཀྱིས་སོ། །བསྒོམ་པའི་མཚན་ཉིད་ཅེས་བྱ་བ་ནི་ཆུད་མི་ཟ་བའི་ཚུལ་གྱིས་སོ། །དེ་ཁོ་ནའི་མཚན་ཉིད་ལ་སོགས་པ་དེ་དག་ཉིད་ཀྱི་རྣམ་པ་རབ་ཏུ་དབྱེ་བའམ་མཚན་ཉིད་ཅེས་བྱ་བ་ནི་མེ་ལོང་གི་དེ་ཁོ་ན་དང༌། སྣང་བའི་དེ་ཁོ་ན་ཞེས་བྱ་བ་ལ་སོགས་པའི་རྣམ་པ་རབ་ཏུ་དབྱེ་བས་སོ། །གནས་དང་གནས་པར་འབྲེལ་པའི་མཚན་ཉིད་ཅེས་བྱ་བ་ལ་གནས་ནི་དེ་ཁོ་ན་ལ་སོགས་པའི་ཆོས་སོ། །གནས་པ་ནི་དོན་ཏོ། །ཡོངས་སུ་ཤེས་པ་ལ་སོགས་པའི་བར་དུ་གཅོད་པའི་མཚན་ཉིད་ཅེས་བྱ་བ་ནི་སྒྲིབ་པ་ལ་སོགས་པའོ། །རྗེས་སུ་མཐུན་པའི་མཚན་ཉིད་ཅེས་བྱ་བ་ནི་ལེགས་པར་ཐོབ་པ་ལ་སོགས་པའོ། །ཡོངས་སུ་མི་ཤེས་པ་ལ་སོགས་པའི་ཉེས་དམིགས་ནི་བདག་དང་གཞན་གྱི་དོན་ཡོངས་སུ་ཉམས་པའོ། །ཡོངས་སུ་ཤེས་པ་ལ་སོགས་པའི་ཕན་ཡོན་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །བྱམས་པ་དེ་ལ་ཁམས་ཀྱི་དོན་ནི་ཁམས་ལྔ་སྟེ་ཞེས་བྱ་བ་ལ། འཇིག་རྟེན་གྱི་ཁམས་ནི་སྣོད་ཀྱི་འཇིག་རྟེན་གྱིས་བསྡུས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་རྣམ་པར་སྦྱང་བར་བྱ་བ་ཡིན་པའི་ཕྱིར་རོ། །སེམས་ཅན་གྱི་ཁམས་ནི་ཡོངས་སུ་སྨིན་པར་བྱ་བ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་ཁམས་ནི་རྟོགས་པར་བྱ་བ་ཡིན་པའི་ཕྱིར་རོ། །གདུལ་བའི་ཁམས་ནི་ཡོངས་སུ་སྨིན་པར་བྱར་རུང་བའི་ཕྱིར་རོ། །གདུལ་བའི་ཐབས་ཀྱི་ཁམས་ནི་


DTG124_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བསྟན་པའི་དངོས་པོ་ཡིན་པའི་ཕྱིར་རོ། །བྱམས་པ་དོན་རྣམ་པ་གསུམ་པོ་དེ་དག་གིས་ཀྱང་དོན་ཐམས་ཅད་བསྡུས་པར་རིག་པར་བྱའོ་ཞེས་བྱ་བ་ནི་དྲང་བའི་དོན་དང༌། ངེས་པའི་དོན་མ་ལུས་པར་བསྡུས་པར་བལྟ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་དོན་སོ་སོ་ཡང་དག་པར་རིག་པ་གང་ལགས་པ་དང་ཞེས་བ་བ་ལ་སོགས་པས་ནི་ཐོས་པ་དང༌། བསམས་པ་དང་བསྒོམས་པ་ལས་བྱུང་བ་རྣམས་ལ་ཐ་དད་དུ་བགྱི་བ་ཅི་མཆིས་ལགས་ཞེས་ཞུས་པ་ཡིན་ནོ། །བྱམས་པ་བྱང་ཆུབ་སེམས་དཔའ་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ནི་ཞེས་བྱ་བ་ལ་ཐོས་པ་ལས་བྱུང་བའི་ཤེས་རབ་ནི་ཚིག་འབྲུ་ལ་གནས་ཏེ། འབྱུང་བ་ཁོ་ན་ཡིན་གྱི་དོན་ལས་ནི་མ་ཡིན་ནོ། །སྒྲ་ཇི་བཞིན་པ་དང་དགོངས་པ་མེད་པ་ཁོ་ན་འཛིན་པར་བྱེད་པ་ནི། ཆོས་ཟབ་མོ་དག་ལ་ངེས་པར་མ་བསམས་པའི་ཕྱིར་རོ། །མངོན་དུ་མ་གྱུར་པ་ནི་མངོན་སུམ་དུ་མ་བྱས་པའི་ཕྱིར་རོ། །རྣམ་པར་ཐར་པའི་རྗེས་སུ་མཐུན་པ་ཞེས་བྱ་བ་ནི་རྣམ་པར་ཐར་པའི་རྒྱུར་གྱུར་པ་སྟེ། བརྒྱུད་པས་དོན་སོ་སོ་ཡང་དག་པར་རིག་པའི་ཕྱིར་རོ། །རྣམ་པར་ཐར་པར་བྱེད་པ་ནི་མ་ཡིན་ནོ། །བྱམས་པ་བསམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ནི་ཞེས་བྱ་བ་ལ། བསམས་པ་ལས་བྱུང་བ་ཞེས་བྱ་བ་ནི་རིགས་པས་བསམས་པ་ལས་བྱུང་བ་སྟེ། དེས་ཚིག་འབྲུ་ལ་གནས་པ་ཁོ་ན་དང༌། སྒྲ་ཇི་བཞིན་མ་ཡིན་པ་དང༌། དགོངས་པ་ཅན་གྱི་དོན་འཛིན་པ་ནི། ཐོས་པ་ཡོངས་སུ་འདྲིས་པའི་ཕྱིར་རོ། །མངོན་དུ་མ་གྱུར་པ་དང་རྣམ་པར་ཐར་པ་དང་ཆེས་རྗེས་སུ་མཐུན་པ། རྣམ་པར་ཐར་པའི་རྐྱེན་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་ཐར་པར་བྱེད་པ་མ་ཡིན་པའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པ་ནི། །རྣམ་པར་ཐར་པ་མངོན་སུམ་དུ་མ་བྱས་པའི་ཕྱིར་རོ། །བྱམས་པ་བྱང་ཆུབ་སེམས་དཔས་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ནི་ཞེས་བྱ་བ་ལ་བསྒོམས་པ་ལས་བྱུང་བའི་ཤེས་རབ་ནི་ཆོས་ངེས་པ་ལས་བྱུང་བ་ཡིན་ཏེ། དེས་ཚིག་འབྲུ་ལ་གནས་པ་དང་ཚིག་འབྲུ་ལ་གནས་པ་མ་ཡིན་པ། །འཛིན་པར་བྱེད་པ་ནི་ཤིན་ཏུ་འདྲིས་པའི་ཕྱིར། སྒྲ་ཇི་བཞིན་པ་དང་དགོངས་པ་ཅན་འཛིན་པ་ནི་ཐོས་པའི་བག་ཆགས་ཡོངས་སུ་སྨིན་པའི་ཕྱིར་རོ། །


DTG124_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱའི་དངོས་པོ་དང་ཆ་མཐུན་པ་ཞེས་བྱ་བ་ནི། རྣམ་པ་ཇི་སྙེད་ཀྱིས་ཇི་ལྟ་བ་བཞིན་ཤེས་པར་བྱ་བའི་དངོས་པོ་གང་ཡིན་པའི་དངོས་པོ་དེ་དང་ཆ་མཐུན་པའོ། །ཅི་འདྲ་བ་ཞིག་ཅེ་ན། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་གྱིས་ཞེས་གསུངས་པ་སྟེ། ཐོས་པ་དང་བསམས་པའི་བརྗོད་པའི་སྤྱོད་ཡུལ་གྱིས་སོ་སོ་ཡང་དག་པར་རིག་པར་བྱེད་པ་མ་ཡིན་ནོ། །མངོན་དུ་གྱུར་པ་ནི་སོ་སོ་རང་རིག་པའི་ཕྱིར་རོ། །རྣམ་པར་ཐར་པ་དང་ཆེས་ཤིན་ཏུ་རྗེས་སུ་མཐུན་པ་ཞེས་བྱ་བ་ནི། དེ་དང་ཉེ་བར་གྱུར་པ་ཡིན་པའི་ཕྱིར་རོ། །རྣམ་པར་ཐར་པར་བྱེད་པའི་དོན་ཀྱང་སོ་སོ་ཡང་དག་པར་རིག་པར་བྱེད་པ་ནི་མངོན་སུམ་དུ་གྱུར་པའི་ཕྱིར་རོ། །དེ་དག་གི་ཐ་དད་དུ་བྱ་བ་ནི་དེ་ཡིན་ཏེ་ཞེས་བྱ་བ་ནི་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་རྣམས་ཀྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་སྒོམ་པ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་ལ། འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ལ་ཤེས་རབ་གང་ཡིན་པ་དེ་ནི་ཤེས་པ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པ་སྣ་ཚོགས་མ་ཡིན་པའི་ཕྱིར་རོ། །མ་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ལ་ཤེས་རབ་གང་ཡིན་པ་དེ་ནི་མཐོང་བ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པ་སྣ་ཚོགས་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་བསྒོམ་པས་ཞེས་བྱ་བ་ལ་སོགས་པ་ལ་ཡིད་ལ་བགྱིད་པ་གང་གིས་མཚན་མ་གང་ཇི་ལྟར་རྣམ་པར་སེལ་བར་བགྱིད་པ་ལགས་ཞེས་བྱ་བས་ནི་བྱང་ཆུབ་སེམས་དཔའ་ཆོས་དང་དོན་སོ་སོ་ཡང་དག་པར་རིག་པས་ཡིད་ལ་བྱེད་པ་གང་གིས་མཚན་མ་གང་ཇི་ལྟར་རྣམ་པར་སེལ་བར་བྱེད་ཅེས་ཞུ་བ་རྣམ་པ་གསུམ་བསྟན་ཏོ། །དེ་བཞིན་ཉིད་ལ་བྱེད་པས་ཞེས་བྱ་བ་ནི། གཉིས་མེད་པ་ཡིད་ལ་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །ཆོས་ཀྱི་མཚན་མ་དང་དོན་གྱི་མཚན་མ་ཡང་རྣམ་པར་སེལ་བར་བྱེད་ལ་ཞེས་བྱ་བ་ནི་མཚན་མ་རྣམ་པ་གཉིས་སོ། །ཆོས་ཀྱི་མཚན་མ་དང༌། དོན་གྱི་མཚན་མ་རྣམ་པར་སེལ་བར་བྱེད་དེ། མཚན་མ་ཞེས་བྱ་བ་ནི་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་རྣམ་པར་སེལ་བར་བྱེད་ཅེས། མིང་ལ་མིང་གི་


DTG124_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་ཀྱང་མི་དམིགས་ཤིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་མཚན་མ་ནི་མིང་དང་ཚིག་དང་ཡི་གེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེའི་གནས་ཀྱིས་ཆོས་ཀྱང་མི་མཐོང་ངོ༌། །མིང་གི་ཆོས་ཀྱི་གནས་ཇི་ལྟ་བ་བཞིན་དུ་ཚིག་དང་ཡི་གེའི་ཆོས་ཀྱི་མཚན་མ་ཡང་རྣམ་པར་སེལ་བ་ན། ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དོན་ཐམས་ཅད་ལ་ཡང་དེ་བཞིན་དུ་རིག་པར་བྱའོ་ཞེས་བྱ་བ་ནི་རྣམ་པར་བཅུ་དང༌། རྣམ་པ་ལྔ་དང༌། རྣམ་པ་བཞི་དང༌། རྣམ་པ་གསུམ་པོ་གང་དག་བསྟན་པ་དེ་དག་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་བའོ། །ཁམས་ཀྱི་བར་ལ་ཁམས་ཀྱི་ངོ་བོ་ཉིད་ཀྱང་མི་དམིགས་ཤིང་ཞེས་བྱ་བ་ནི། ཁམས་ལྔ་པོ་གང་དག་བསྟན་པ་དེ་དག་གི་ངོ་བོ་ཉིད་ཀྱང་རྣམ་པར་སེལ་བར་བྱེད་པ་ན་ཡང་དག་པར་རྗེས་སུ་མི་མཐོང་བའོ། །དེའི་གནས་ཀྱི་མཚན་མ་ཡང་ཞེས་བྱ་བ་ནི་དོན་གྱི་གནས་ཀྱི་མཚན་མ་སྟེ། དོན་གྱི་གནས་ནི་ཆོས་ཡིན་པས་མཚན་མ་དེ་ཡང་རྣམ་པར་སེལ་བར་བྱེད་པ་ན། ཡང་དག་པར་རྗེས་སུ་མི་མཐོང་བས་རྣམ་པར་སེལ་ཏོ། །དེ་བཞིན་ཉིད་ཡིད་ལ་བྱེད་པ་ནི་གཉིས་མེད་པ་ཉིད་ཡིན་པའི་ཕྱིར། ཆོས་ཀྱི་མཚན་མ་མིང་དང་ཚིག་དང་ཡི་གེ་གང་ཡིན་པ་དང༌། འཛིན་པ་ལ་སོགས་པ་དོན་གང་དག་ཡིན་པ་དེ་དག་གི་དེ་བཞིན་ཉིད་བསྒོམ་པ་ལ་གཉིས་མེད་པའི་རྣམ་པ་ཡིན་པས་མཚན་མ་དེ་དག་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་ཐ་ཚིག་གོ །བཅོམ་ལྡན་འདས་ཅི་ལགས་ཞེས་བྱ་བ་ལ་སོགས་པས། དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པའི་མཚན་མ་ཞེས་བྱ་བ་ལ། དེ་བཞིན་ཉིད་སོ་སོ་ཡང་དག་པར་རིག་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། དེའི་དམིགས་པ་ནི་དངོས་པོ་མེད་པའོ། །དེ་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང༌། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི། དངོས་པོ་མེད་པ་ཡིན། རྣམ་པ་ནི་ཞི་བ་ཡིན། བདག་པོ་ནི་དྲན་པ་ཡིན། མཚན་ཉིད་ནི་མེད་པ་ཡིན་ནོ་ཞེས་གསུངས་སོ། །བྱམས་པ་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པས་ནི་ཆོས་དང་ཆོས་ཀྱི་མཚན་མ་ཐམས་ཅད་ཟིལ་གྱིས་གནོན་གྱི་ཞེས་བྱ་བ་ནི། ཆོས་དང་དོན་གྱི་མཚན་མ་ཐམས་ཅད་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ཡིན་


DTG124_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེའི་གཉེན་པོ་ནི་དེ་བཞིན་ཉིད་ཀྱི་དོན་སོ་སོར་ཡང་དག་པར་རིག་པ་ཡིན་པས། དེས་དེ་ཟིལ་གྱིས་གནོན་ཏོ། །དེ་ནི་གང་གིས་ཀྱང་ཟིལ་གྱིས་མནན་པར་བྱ་བ་ཡིན་པར་ང་མི་སྨྲའོ་ཞེས་བྱ་བ་ནི་དེར་ལྟ་བའི་མཚན་མ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་དང༌། དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པ་ཡིན་པའི་ཕྱིར་གང་གིས་ཀྱང་ཟིལ་གྱིས་མི་ནོན་ཏོ། །བཅོམ་ལྡན་འདས། བཅོམ་འདས་ཀྱིས་ཆབ་རྙོག་པ་ཅན་མཆིས་པའི་སྣོད་ཀྱི་དཔེ་དང་ཞེས་བྱ་བ་ལ་སོགས་པ་ལ་རྒྱ་ཆེར་གསུངས་པ་ལ། སེམས་ལ་སོ་སོར་བརྟག་པ་ནི་གང་ལགས། དེ་བཞིན་ཉིད་ནི་གང་ལས་དགོངས་ཏེ། བཀའ་སྩལ་ལགས་ཞེས་བྱ་བ་ནི་སོ་སོར་བརྟགས་པ་རྣམ་པ་གསུམ་དང༌། དེ་བཞིན་ཉིད་རྣམ་པ་བདུན་ཡོད་པས་དེའི་ཕྱིར་ཞུས་སོ། །བྱམས་པ་སེམས་ལ་སོ་སོར་བརྟགས་པ་གསུམ་གྱི་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་བསྟན་ཏེ། ཐོས་པ་ལས་བྱུང་བ་དང༌། བསམས་པ་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བའི་སེམས་ལ་སོ་སོར་བརྟགས་པ་དང་རྣམ་པར་རིག་པའི་དེ་བཞིན་ཉིད་ནི་གཉིས་སུ་མེད་པ་ཡིན་པས། དེའི་ཕྱིར་དེ་ལས་དགོངས་ཏེ། ཡོངས་སུ་བསྟན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །བྱམས་པའི་ལེའུའི་ཀཱ་རི་ཀ །།བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་ལྟར་ཆོས་དང་དོན་སོ་སོ་ཡང་དག་པར་རིག་པ་དང་མཚན་མ་རྣམ་པར་སེལ་བ། ཆོས་དང་དོན་གྱི་མཚན་མ་ཟིལ་གྱིས་གནོན་པ་ལ་ཞུགས་པའི་མཚན་མ་དུ་མ་ཞིག་ནི། རྣམ་པར་བསལ་དཀའ་བ་དག་ལགས། གང་གིས་ནི་དེ་དག་རྣམ་པར་སེལ་ལགས་ཞེས་ཞུས་པ་དང༌། བཅུ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་དང་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པའི་ཚིག་དང༌། ཡི་གེའི་མཚན་མ་སྣ་ཚོགས་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་ལས་མ་གཏོགས་པའི་ཚིག་དང་ཡི་གེའི་མཚན་མ་སྣ་ཚོགས་ཞེས་བྱ་བའི་ཆོས་གཞན་མེད་པའི་ཕྱིར་རོ། །གནས་པའི་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པའི་སྐྱེ་བ་དང༌། འཇིག་པ་དང༌། གནས་པ་དང༌། གཞན་དུ་གྱུར་པ་ཉིད་ཀྱི་རྒྱུན་གྱི་རྗེས་སུ་


DTG124_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པའི་མཚན་མ་གང་ཡིན་པ་དེ་ནི་མཚན་ཉིད་སྟོང་པ་ཉིད་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ་ཞེས་བྱ་བ་ལ་གནས་པ་ཞེས་བྱ་བ་ནི། འདུ་བྱེད་དུས་གསུམ་དུ་གཏོགས་པ་རྣམས་ཀྱི་སྐྱེ་བ་དང༌། གནས་པ་དང༌། རྒ་བ་དང༌། མི་རྟག་པའི་མཚན་ཉིད་དོ། །དེ་ཡང་མཚན་གཞི་མེད་པའི་ཕྱིར། མཚན་ཉིད་སྟོང་པ་དང༌། མཚན་གཞི་མེད་པའི་ཕྱིར། མཚན་གཞིའི་མཚན་ཉིད་ཀྱང་སྟོང་པ་ཡིན་ཏེ། མཚན་གཞི་དང་མཚན་ཉིད་གཅིག་དང༌། ཐ་དད་པ་བྲལ་བའི་ཕྱིར་རོ། །དེ་སྐད་དུ། གལ་ཏེ་མཚན་ཉིད་མཚན་གཞི་ལས། །གཞན་ན་མཚན་གཞི་མཚན་མེད་འགྱུར། །གཅིག་ན་གཉི་གའི་དངོས་མེད་ཅེས། །ཡང་དག་གསུང་བ་ཁྱོད་ཀྱིས་གསུངས། །ཞེས་སྨྲས་པ་ལྟ་བུའོ། །ཐོག་མ་དང་ཐ་མ་མེད་པ་ནི་སྔོན་དང་ཕྱི་མའི་མཐའ་མེད་པ་སྟེ། སྔོན་དང་ཕྱི་མའི་མཐའ་མེད་པ་ལ་ནི་ཡང་དག་པར་གནས་པ་མེད་པའི་ཕྱིར་རོ། །འཛིན་པའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པའི་འཇིག་ཚོགས་ལ་ལྟ་བའི་མཚན་མ་དང༌། ངའོ་སྙམ་པའི་མཚན་མ་གང་ཡིན་པ་དེ་ནི་ནང་སྟོང་པ་ཉིད་དང་མི་དམིགས་པ་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ་ཞེས་བྱ་བ་ལ་འཛིན་པ་ནི་མིག་ལ་སོགས་པ་དང༌། སེམས་དང་སེམས་ལས་བྱུང་བ་རྣམས་ཏེ། དེ་ལ་བདག་དང་བདག་གི་འཛིན་པའི་མཚན་མ་དང་ཟག་ཏུ་སྣང་བ་གང་ཡིན་པ་དེ་ནི་ནང་སྟོང་པ་ཉིད་ཀྱིས་སྟོང་པ་དང༌། མི་དམིགས་པ་སྟོང་པ་ཉིད་ཀྱིས་སྟོང་སྟེ། ངོ་བོ་ཉིད་མི་དམིགས་པའི་ཕྱིར་རོ། །གཟུང་བའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པའི་ལོངས་སྤྱོད་ལ་ལྟ་བའི་མཚན་མ་གང་ཡིན་པ་དེ་ནི་སྤྱི་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ་ཞེས་བྱ་བ་ལ་གཟུང་བ་ནི་གཟུགས་ལ་སོགས་པའི་ཕྱི་རོལ་ན་སྣང་བ་དག་སྟེ། དེ་དག་ནི་རྡུལ་ཕྲ་ར་བ་རེ་རེ་དང༌། བསྡུས་པ་དག་ལ་སྟོང་པ་ཡིན་ཏེ། ཁ་དོག་དང་དབྱིབས་ཡུལ་དུ་སྣང་བའི་ངོ་བོ་ཉིད་ཀྱི་རང་གི་ངོ་བོར་བྱེད་པ་མི་རིགས་པའི་ཕྱིར་རོ། །ཡོངས་སུ་ལོངས་སྤྱོད་པའི་དོན་དུ་སྐྱེས་པ་དང་བུད་མེད་ཀྱི་བསྙེན་བཀུར་དང་ཡོ་བྱད་ལྡན་པ་སོ་སོ་ཡང་དག་པར་རིག་པར་བྱེད་པའི་ནང་གི་བདེ་བའི་མཚན་མ་དང༌། ཕྱི་རོལ་གྱི་སྡུག་པའི་མཚན་མ་གང་ཡིན་པ་དེ་ནི་ཕྱི་ནང་སྟོང་པ་ཉིད་དང༌། རང་བཞིན་གྱིས་སྟོང་


DTG124_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཀྱིས་རྣམ་པར་སེལ་ཏོ་ཞེས་བྱ་བ་ལ་ནང་གི་བདེ་བའི་མཚན་མ་ཞེས་བྱ་བ་ནི་ལོག་པའི་ཚོར་བ་ལ་མོས་པའོ། །ཕྱི་རོལ་གྱི་སྡུག་པའི་མཚན་མ་ཞེས་བྱ་བ་ནི། སྐྱེས་པ་དང་བུད་མེད་ཀྱི་ལུས་ལ་ལོག་པར་མོས་པ་སྟེ། དེ་ནི་རྨི་ལམ་ལ་སོགས་པ་ལོག་པར་མོས་པ་བཞིན་དུ་སྟོང་པ་ཡིན་ཏེ། ནང་དང་ཕྱི་རོལ་ལ་མོས་པ་དེའི་རང་བཞིན་དེ་ནི་སྟོང་པ་ཡིན་ཏེ། གཟོད་མ་ནས་མ་སྐྱེས་པའི་ཕྱིར་རོ། །གནས་ཀྱི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པའི་ཚད་མེད་པའི་མཚན་མ་གང་ཡིན་པ་དེ་ནི་ཆེན་པོ་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་ཚད་མེད་པ་མངོན་པར་བསྒྲུབ་པ་ནི་ནམ་མཁའི་ཁམས་དང་འདྲ་བར་ཆེན་པོ་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དེ་ལྟར་གཟུགས་མེད་པ་ལ་བརྟེན་ཏེ། ནང་གི་ཞི་བ་རྣམ་པར་ཐར་པའི་མཚན་མ་གང་ཡིན་པ་དེ་ནི། འདུས་བྱས་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་འདུས་བྱས་གང་ཡིན་པ་ཅི་ཡང་རུང་བ་དེ་ནི་སྟོང་པ་ཉིད་ཡིན་ཏེ། རྒྱུ་དང་རྐྱེན་ལ་རག་ལས་པའི་ཕྱིར་རོ། །མཚན་ཉིད་ཀྱི་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པའི་གང་ཟག་ལ་བདག་མེད་པའི་མཚན་མ་དང༌། ཆོས་ལ་བདག་མེད་པའི་མཚན་མ་དང༌། རྣམ་པར་རིག་པའི་མཚན་མ་དང༌། དོན་དམ་པའི་མཚན་མ་གང་ཡིན་པ་དེ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང༌། དོན་དམ་པའི་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ་ཞེས་བྱ་བ་ལ། གང་ཟག་ལ་བདག་མེད་པའི་མཚན་མ་གང་ཡིན་པ་དེ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་སྟོང་སྟེ། གང་ཟག་ཡོད་ན་ནི་གང་ཟག་དགག་པ་ཡང་རིགས་པར་འགྱུར་རོ། །ཆོས་ལ་བདག་མེད་པའི་མཚན་མ་ནི་དངོས་པོ་མེད་པ་སྟོང་པ་ཉིད་ཀྱིས་སྟོང་སྟེ། ཆོས་རྣམས་ཡོད་ན་ནི་ཆོས་དགག་པ་ཡང་ཡོད་དོ། །རྣམ་པར་རིག་པ་ཅོམ་གྱི་མཚན་མ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་སྟེ། འཁྲུལ་པའི་རང་བཞིན་གྱི་རྣམ་པར་རིག་པ་ནི། དངོས་པོ་མེད་པའི་ངོ་བོ་ཉིད་ཁོ་ན་ཡིན་ཏེ། གཉིས་མ་གྲུབ་པའི་ཕྱིར་རོ། །དོན་དམ་པའི་མཚན་མ་ནི་དོན་དམ་པ་སྟོང་པ་ཉིད་ཀྱིས་སྟོང་སྟེ། དགག་


DTG124_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་དང་འགོག་པར་བྱེད་པ་གཉིས་དོན་དམ་པ་མ་ཡིན་པའི་ཕྱིར་དང༌། དགག་པར་བྱ་བ་མེད་པའི་ཕྱིར་དང༌། འགོག་པར་བྱེད་པ་ནམ་ཡང་གསལ་བར་བྱེད་པ་ཡོད་པ་མ་ཡིན་པས། དེའི་ཕྱིར་སྟོང་པ་ཉིད་རྟོགས་པ་ལས་གཞན་པ་དོན་དམ་པ་འགའ་ཡང་མེད་པའི་ཕྱིར་རོ། །རྣམ་པར་དག་པའི་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པའི་འདུས་མ་བྱས་ཀྱི་མཚན་མ་དང༌། འགྱུར་བ་མེད་པའི་མཚན་མ་གང་ཡིན་པ་དེ་ནི། འདུས་མ་བྱས་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ་ཞེས་བྱ་བ་ལ་རྣམ་པ་དག་པའི་དེ་བཞིན་ཉིད་ཅེས་བྱ་བ་ནི། འགོག་པའི་བདེན་པ་སྟེ། དེ་ནི་འདུས་མ་བྱས་པ་དང་འགྱུར་བ་མེད་པ་ཡིན་ལ། འདུས་མ་བྱས་པ་དང༌། འགྱུར་བ་མེད་པ་དེ་གཉིས་ཀྱི་མཚན་མ་གཟུང་བ་དེ་ནི་འདུས་མ་བྱས་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་བར་བྱེད་དོ། །མཚན་མ་དེའི་གཉེན་པོ་སྟོང་པ་ཉིད་དེ་ཉིད་ལ་བྱེད་པའི་སྟོང་པ་ཉིད་ཀྱི་མཚན་མ་གང་ཡིན་པ་དེ་ནི་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་སྟོང་པ་ཉིད་ཤེས་པ་གང་གིས་མཚན་མ་ཐམས་ཅད་རྣམ་པར་སེལ་བར་བྱེད་པ་དེ་ཡང་སྟོང་པའི་ཕྱིར་རོ། །བཅོམ་ལྡན་འདས་མཚན་མ་རྣམ་པ་བཅུ་རྣམ་པར་སེལ་བར་བགྱིད་པ་ན་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་ལ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་གྱི་མཚན་མ་རྣམ་པར་སེལ་བར་བྱེད་པ་ནི་གཉེན་པོ་ཡིན་ལ། ཀུན་ནས་ཉོན་མོངས་པའི་ཆོས་ཀྱི་མཚན་མ་ནི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ། །བྱམས་པ་སྟོང་པ་ཉིད་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་ནི་དོན་རེ་རེ་ཡང་མཚན་མ་ཐམས་ཅད་ཀྱི་གཉེན་པོར་མི་འགྱུར་བ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དེ་དག་ཐམས་ཅད་ཀྱང་རྣམ་པར་དག་པ་ལ་དམིགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །བཅོམ་ལྡན་འདས་ཐེག་པ་ཆེན་པོ་ལ་ཞེས་བྱ་བ་ལ་སོགས་པས་ནི་ཆུད་མི་ཟ་བར་བྱ་བའི་ཕྱིར། གདགས་པ་ཞུས་ཏེ། སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆུད་མི་ཟ་བའི་རྒྱུ་མངོན་པའི་ང་རྒྱལ་གྱི་གཉེན་པོ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དེའི་མཚན་ཉིད་ཡོངས་སུ་ཤེས་ན་ཐེག་པ་ཆེན་པོ་ལ་ཆུད་ཟ་བར་མི་འགྱུར་རོ། །


DTG124_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སོ་ལེགས་སོ་བྱ་བ་ལ་སོགས་པ་ལ། སྟོང་པ་ཉིད་ལས་རབ་ཏུ་ཉམས་པ་ཞེས་བྱ་བ་ནི། སྟོང་པ་ཉིད་ཀྱི་མཚན་ཉིད་ཡོངས་སུ་མི་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ །ཐེག་པ་ཆེན་པོ་མཐའ་དག་ལས་ཀྱང་རབ་ཏུ་ཉམས་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱིས་སྐྲག་པའི་ཕྱིར་རོ། །བྱམས་པ་དེའི་ཕྱིར་ཉོན་ཅིག་དང་ཞེས་བྱ་བ་ལ་སོགས་པ་ལ། གཞན་གྱི་དབང་གི་མཚན་ཉིད་ཅེས་བྱ་བ་ནི་རྒྱུ་དང་རྐྱེན་ལ་རག་ལས་པའོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ཅེས་བྱ་བ་ནི་གཉིས་མེད་པའི་མཚན་ཉིད་དོ། །རྣམ་པ་ཐམས་ཅད་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་པའི་ཀུན་བརྟགས་པའི་མཚན་ཉིད་དང༌། ཤིན་ཏུ་བྲལ་བ་ཉིད་དང་ཞེས་བྱ་བ་དེ་ལ་ཆོས་གང་དག་རྒྱུ་དང་རྐྱེན་ལ་རག་ལས་པ་དེ་དག་ནི་གཞན་གྱི་དབང་གི་མཚན་ཉིད་དེ། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་སྟོང་པའི་ངོ་བོ་ཉིད་ཡིན་ནོ། །དེ་ཉིད་ཀྱིས་རྣམ་པར་བྱང་བ་རྣམ་པར་དག་པ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་དེ། དོན་དམ་པར་སྟོང་པ་ཉིད་ཀྱིས་སྟོང་པ་ཡིན་ནོ། །གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་ནས་ཉོན་མོངས་པའོ་སྙམ་པ་དང་ཡོངས་སུ་གྲུབ་པའི་མཚན་ཉིད་ལ་རྣམ་པར་བྱང་བའི་སྙམ་དུ་རྣམ་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ཀུན་བརྟགས་པའི་མཚན་ཉིད་དེ་ནི་མཚན་ཉིད་སྟོང་པ་ཉིད་ཀྱིས་སྟོང་པ་ཡིན་ནོ། །དེ་ལ་མི་དམིགས་པ་ཞེས་བྱ་བ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དེ། མི་དམིགས་པ་སྟེ། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ངོ་བོ་ཉིད་དུ་ཡོངས་སུ་མ་གྲུབ་པའི་ཕྱིར་རོ། །སྟོང་པ་ཉིད་དུ་ཡོངས་སུ་གྲུབ་པ་ཉིད་ཀྱིས་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་ཏེ། རང་གི་ངང་གིས་གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་ཏེ། མཚན་གཞི་དང་མཚན་ཉིད་བཞིན་ནོ། །དེ་ནི་ཐེག་པ་ཆེན་པོ་ལ་སྟོང་པ་ཉིད་ཀྱི་མཚན་ཉིད་བསྡུས་པ་ཞེས་བྱའོ་ཞེས་བྱ་བ་ནི་ཀུན་རྫོབ་པ་དང་དོན་དམ་པའི་བདེན་པས་བསྡུས་པའི་ངོ་བོ་ཉིད་གསུམ་སྟོང་པའི་ཕྱིར་སྟོང་པ་ཉིད་ཀྱི་མཚན་ཉིད་བསྡུས་པ་ཡིན་ནོ། །བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་དག་གིས་ཏིང་ངེ་འཛིན་དུ་ཞིག་བསྡུས་ལགས་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་ཞི་


DTG124_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དང་ལྷག་མཐོང་གི་རྒྱུ་གང་ལས་བྱུང་བ་ལགས་ཞེས་ཞུས་པ་ལས། ཚུལ་ཁྲིམས་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་ཞེས་བྱ་བར་གསུངས་པ་ནི། ཚུལ་ཁྲིམས་རྣམ་པར་དག་པ་ན་མཉམ་པར་གཞག་པར་འགྱུར་བའོ། །ཐོས་པ་དང་བསམས་པ་ལས་བྱུང་བའི་ལྟ་བ་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་ནི་མཉམ་པར་གཞག་པའི་ཐོས་པ་དང༌། བསམས་པ་ལས་བྱུང་བའི་ལྟ་བ་དེ་རྣམ་པར་དག་པར་འགྱུར་བའོ། །ཞི་གནས་དང་ལྷག་མཐོང་གི་རྒྱུ་རྟོགས་པར་བྱས་ནས་འབྲས་བུ་ཞུ་བའི་ཕྱིར། བཅོམ་ལྡན་འདས་དེ་དག་གི་འབྲས་བུ་གང་ལགས་པར་བརྗོད་པར་བགྱི་ཞེས་བྱ་བ་གསོལ་ཏོ། །སེམས་རྣམ་པར་དག་པ་ནི་འབྲས་བུ་ཡིན། ཤེས་རབ་རྣམ་པར་དག་པ་ནི་འབྲས་བུ་ཡིན་ནོ་ཞེས་བྱ་བ་དེས་ནི་འདི་སྐད་བསྟན་ཏེ་འབྲས་བུ་ནི་སེམས་རྣམ་པར་གྲོལ་བ་དང༌། ཤེས་རབ་རྣམ་པར་གྲོལ་བ་ཡིན་ནོ་ཞེས་བསྟན་ཏོ། །བྱམས་པ་ཡང་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པས་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ངེས་པར་བྱས་ནས། ལས་ཞུ་བའི་ཕྱིར། ལས་ཅི་ལགས་ཞེས་བྱ་བ་གསོལ་ཏོ། བྱམས་པ་འཆིང་བ་རྣམ་པར་གཉིས་པོ་ལས་རྣམ་པར་ཐར་བར་བྱེད་པ་ཡིན་ནོ་ཞེས་གསུངས་པ་ལ་འཆིང་བ་རྣམ་པ་གཉིས་པོ་དེ་གང་དག་ལས་མཉམ་པ་ལ། མཚན་མའི་འཆིང་བ་དང༌། གནས་ངན་ལེན་གྱི་འཆིང་བ་ལས་ཞེས་བྱ་བ་གསུངས་ཏེ། ཆགས་པར་འགྱུར་བ་ལ་སོགས་པའི་ཡུལ་གྱི་མཚན་མ་གཟུང་བ་ལས་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་སྐྱ་བའི་མཚན་མའི་འཆིང་བའོ། །ཕུང་པོ་རྣམས་ལ་བདག་དང་བདག་གི་དངོས་པོ་མངོན་པར་ཞེན་པ་ནི་གནས་ངན་ལེན་གྱི་འཆིང་བ་སྟེ། འཆིང་བ་རྣམ་པ་གཉིས་པོ་དེ་དག་ལས། རྣམ་པར་ཐར་པར་བྱེད་པ་ནི་ཞི་གནས་དང་ལྷག་མཐོང་གི་ལས་ཡིན་ནོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་གགས་རྣམ་པ་ལྔ་གསུངས་པ་གང་དག་ལགས་པ་དེ་དག་ལས་ཞེས་བྱ་བ་ལ་སོགས་པ་ལ་ལུས་དང་ལོངས་སྤྱོད་ལ་ལྟ་བ་ཞེས་བྱ་བ་ནི། ནང་དང་ཕྱི་རོལ་གྱི་སྐྱེ་མཆེད་རྣམས་ལ་ཆགས་པའོ། །འཕགས་པའི་གཏམ་ཞེས་བྱ་བ་ནི་དམ་པའི་ཆོས་མཉན་པའི་གཏམ་མོ། །འབྲེལ་པར་གནས་པ་ཞེས་


DTG124_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་ལུས་མི་དབེན་པའོ། །ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ཞེས་བྱ་བ་ནི། འཇིག་རྟེན་པའི་བསམ་གཏན་ཙམ་གྱིས་སོ། །གཅིག་གིས་ནི་སྦྱོར་བར་མི་བྱེད་དོ་ཞེས་བྱ་བ་ནི་ལུས་མི་དབེན་པས་ཏེ། ཞི་གནས་དང་ལྷག་མཐོང་ལ་སྦྱོར་བར་མི་བྱེད་པའོ། །ཅིག་ཤོས་ཀྱིས་ནི་སྦྱོར་བ་མཐར་ཐུག་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པས་ཏེ། སྦྱོར་བ་མཐར་ཐུག་པར་མི་འགྱུར་རོ། །བཅོམ་ལྡན་འདས་སྒྲིབ་པ་ལྔ་པོ་གང་དག་ལགས་པ་དེ་དག་ལས་ཞེས་བྱ་བ་ལ་སོགས་པ་ལ། རྒོད་པ་དང་འགྱོད་པ་ཞེས་བྱ་བ་ལ་རྒོད་པ་ནི་དབང་པོ་མ་ཞི་བའོ། །འགྱོད་པ་ནི་ངན་པ་བྱས་པའི་དངོས་པོ་སྟེ། དགེ་བའི་ལས་མ་བྱས་ལ་མི་དགེ་བའི་ལས་བྱས་པ་ནི་ཡིད་ལ་ཆགས་པའོ། །རྨུགས་པ་ཞེས་བྱ་བ་ནི་ལུས་དང་སེམས་ལས་སུ་མི་རུང་བའོ། །གཉིད་ཅེས་བྱ་བ་ནི་གཉིད་བྲོ་བའོ། །ཐེ་ཚོམ་ཞེས་བྱ་བ་ནི་དཀོན་མཆོག་དང༌། བདེན་པ་དང༌། ལས་དང་འབྲས་བུ་དག་ལས་འཁྲུལ་པའོ། །འདོད་པ་ལ་འདུན་པ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་ཆགས་པའོ། །གནོད་སེམས་ཞེས་བྱ་བ་ནི། སེམས་ཅན་ལ་རྣམ་པར་སྡང་བའོ། །བཅོམ་ལྡན་འདས་ཇི་ཙམ་གྱིས་ན་ཞི་གནས་ཀྱི་ལམ་ཡོངས་སུ་དག་པ་ལགས་ཞེས་བྱ་བ་ལ་སོགས་པ་ལ། རྨུགས་པ་དང་གཉིད་ནི་ནང་དུ་ཞུམ་པར་བྱེད་པ་ཡིན་པའི་ཕྱིར་རོ། །རྒོད་པ་དང་འགྱོད་པ་ནི་ཕྱི་རོལ་དུ་རྣམ་པར་གཡེང་བ་ཡིན་པའི་ཕྱིར་རོ། །ཞི་གནས་དང་ལྷག་མཐོང་གིས་ཏིང་ངེ་འཛིན་ཐམས་ཅད་བསྡུས་པ་ཡིན་ལ། ཏིང་ངེ་འཛིན་དེ་དག་གི་བར་དུ་གཅོད་པར་བྱེད་པའི་ཆོས་ནི་སེམས་རྣམ་པར་གཡེང་བ་ཡིན་པས་དེ་ནི་ཡོངས་སུ་ཤེས་པར་བྱ་སྟེ། སྤང་བར་བྱ་དགོས་པས་དེའི་ཕྱིར། བཅོམ་ལྡན་འདས་ཀྱི་ཞི་གནས་དང་ལྷག་མཐོང་ལ་ཞུགས་པས་རྣམ་པ་དུ་དག་གིས་སེམས་རྣམ་པར་གཡེང་བ་ཡོངས་སུ་འཚལ་བར་ལགས་ཞེས་བྱ་བ་གསོལ་ཏོ། །ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་དང་ཕྱི་རོལ་དུ་སེམས་རྣམ་པར་གཡེང་བ་ཞེས་བྱ་བ་ལ་སོགས་པས་ནི། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔས་ཐེག་པ་དམན་པ་ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་ལ་སོགས་པ་ནི། འཇིག་


DTG124_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྟེན་དུ་གྱུར་པའི་ཏིང་ངེ་འཛིན་གྱི་བར་དུ་གཅོད་པར་བྱེད་པ་ཡིན་པའི་ཕྱིར། ཡོངས་སུ་སྤང་བར་བྱའོ་ཞེས་སྟོན་ཏོ། །སྙོམས་པར་འཇུག་པའི་རོ་མྱང་བ་ཞེས་བྱ་བ་ནི་བསམ་གཏན་དང་གཟུགས་མེད་པ་དང༌། སྙོམས་པར་འཇུག་པའི་རོ་མྱོང་བར་བྱེད་པ་ནི། ལྷ་ཚེ་རིང་པོ་རྣམས་སུ་སྐྱེ་བ་སྐྱེད་པར་བྱེད་པ་ཡིན་པས། དེའི་ཕྱིར་སེམས་ཅན་གྱི་དོན་བྱ་བ་ཉམས་པར་འགྱུར་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ཕྱི་རོལ་གྱི་མཚན་མ་ལ་བརྟེན་ན་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་བསྟན་ཏེ། རྒྱུའི་གནས་སྐབས་ན་ཕྱི་རོལ་གྱི་མཚན་མ་སྡུག་པ་དང་མི་སྡུག་པ་གཟུང་བ་གང་ཡིན་པ་དེ་ལ་བརྟེན་ནས་གནས་ཁང་ན་གནས་ཏེ་ནང་དུ་མཚན་མར་ཡིད་ལ་བྱེད་པ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་ཡོངས་སུ་ཤེས་པར་བྱ་སྟེ། སྤང་བར་བྱའོ་ཞེས་བསྟན་ཏོ། །གལ་ཏེ་ནང་གི་ཡིད་ལ་བྱེད་པ་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པས་ནི། གནས་ངན་ལེན་དང་ལྡན་པའི་ལུས་ནི་ཉོན་མོངས་པ་ཐམས་ཅད་ཀྱི་གནས་ཡིན་པའི་ཕྱིར། རྣམ་པར་གཡེང་བར་བྱེད་པ་ཡིན་པར་སྟོན་ཏོ། །ནང་གི་ཡིད་ལ་བྱེད་པ་ལ་བརྟེན་ནས་འབྱུང་བའི་ཚོར་བ་ལ་ཞེས་བྱ་བ་ནི་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་པའི་ཡིད་ལ་བྱེད་བ་ལ་བརྟེན་ནས། བྱུང་བའི་ཚོར་བ་ཟག་པ་དང་བཅས་པ་སྟེ། སྲིད་པ་དང་རྗེས་སུ་མཐུན་པའི་ཕྱིར་དང༌། འཕགས་པའི་ལམ་ཐམས་ཅད་མི་མཐུན་པའི་ཕྱིར་གནས་ངན་ལེན་གྱི་རྣམ་པར་གཡེང་བའོ་ཞེས་བྱའོ། །ཞི་གནས་དང་ལྷག་མཐོང་ནི་ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ས་ཐམས་ཅད་ན་ཡང་ཡོད་པར་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་དག་བྱང་ཆུབ་སེམས་དཔའི་ས་དང་པོ་ནས་བཟུང་ནས། དེ་བཞིན་གཤེགས་པའི་སའི་བར་ལ་གང་གི་གཉེན་པོ་ལགས་ཞེས་བྱ་བ་ཞུགས་སོ། །བྱམས་པ་ཞི་གནས་དང་ལྷག་མཐོང་ས་དང་པོ་ལ་ནི་ངན་སོང་བའི་ཉོན་མོངས་པ་དང༌། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་གཉེན་པོ་ཡིན་ནོ་ཞེས་བྱ་བ་ནི་གང་ཟག་དང་ཆོས་སུ་ལྟ་བའི་གཉེན་པོ་ཡེ་ཤེས་ཐོབ་པའི་ཕྱིར་རོ། །གཉིས་པ་ལ་ནི་ལྟུང་བ་ཕྲ་མོའི་འཁྲུལ་པ་ཀུན་དུ་འབྱུང་བ་རྣམས་ཀྱི་གཉེན་པོ་ཡིན་ཏེ།


DTG124_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་རྣམ་པར་དག་པའི་ཕྱིར་རོ། །གསུམ་པ་ལ་ནི་འདོད་པའི་འདོད་ཆགས་ཀྱི་གཉེན་པོ་ཡིན་ཏེ། མི་ཉམས་པའི་བསམ་གཏན་དང༌། སྙོམས་པར་འཇུག་པ་ཐོབ་པའི་ཕྱིར་རོ། །བཞི་པ་ལ་ནི་སྙོམས་པར་འཇུག་པ་ལ་སྲེད་པ་དང་ཆོས་ལ་སྲེད་པའི་གཉེན་པོ་ཡིན་ཏེ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་ལ་ལན་མང་དུ་གནས་པའི་ཕྱིར་དང༌། མདོ་སྡེ་ལ་སོགས་པའི་ཆོས་སྣ་ཚོགས་ཀྱི་ང་རྒྱལ་རྣམ་པར་བཤིག་པའི་ཕྱིར་རོ། །ལྔ་པོ་ལ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་གཅིག་ཏུ་མི་ཕྱོགས་པ་ཉིད་དང༌། མངོན་དུ་ཕྱོགས་པ་ཉིད་ཀྱི་གཉེན་པོ་ཡིན་ཏེ། འཕགས་པའི་བདེན་པ་བཞི་བསྒོམ་པ་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་གནས་མི་དམིགས་པའི་ཕྱིར་རོ། །དྲུག་པ་ལ་ནི་མཚན་མ་མང་པོ་ཀུན་དུ་འབྱུང་བའི་གཉེན་པོ་ཡིན་ཏེ། ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་གྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་བཞིན་ཉིད་ལ་ལན་མང་དུ་གནས་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་མཚན་མ་ནག་པོ་དང་དཀར་པོའི་ཕྱོགས་ཀྱི་དེ་བཞིན་ཉིད་མི་མཐོང་བའི་ཕྱིར་རོ། །བདུན་པ་ལ་ནི་མཚན་མ་ཕྲ་མོ་ཀུན་དུ་འབྱུང་བའི་གཉེན་པོ་ཡིན་ཏེ། བགྲོད་པ་གཅིག་པ་དང་འབྲེལ་པས་མཚན་མ་མེད་པའི་གནས་པ་ཐོབ་པའི་ཕྱིར་རོ། །བརྒྱད་པ་ལ་ནི་མཚན་མ་མེད་པ་ལ་སོགས་པ་དང་མཚན་མ་ལ་དབང་དུ་མ་གྱུར་པའི་གཉེན་པོ་ཡིན་ཏེ། མངོན་པར་འདུ་བྱེད་པ་མེད་ཅིང་མཚན་མ་མེད་པ་ལ་གནས་པའི་ཕྱིར་དང༌། སངས་རྒྱས་ཀྱི་ཞིང་རྣམ་པར་སྦྱོང་བའི་ཕྱིར་རོ། །དགུ་པ་ལ་ནི་རྣམ་པ་ཐམས་ཅད་དུ་ཆོས་སྟོན་པ་ལ་དབང་དུ་མ་གྱུར་པའི་གཉེན་པོ་ཡིན་ཏེ། སོ་སོ་ཡང་དག་པར་རིག་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཡོངས་སུ་གྲུབ་པའི་ཕྱིར། རྣམ་པ་ཐམས་ཅད་དུ་ཡོངས་སུ་སྨིན་པར་བྱ་བའི་མཐུ་ཡོད་པའི་ཕྱིར་རོ། །བཅུ་པ་ལ་ནི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་སོ་སོ་ཡང་དག་པར་རིག་པ་མི་ཐོབ་པའི་གཉེན་པོ་ཡིན་ཏེ། ཏིང་ངེ་འཛིན་གྱི་སྒོ་དང་གཟུངས་ཀྱི་སྒོ་རྣམ་པར་དག་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་ས་ལ་ནི་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་བ་མཆོག་ཏུ་ཆེས་ཤིན་ཏུ་ཕྲ་བའི་གཉེན་པོ་ཡིན་ཏེ་ཞེས་བྱ་བ་ནི། ཏིང་ངེ་འཛིན་དང་གཟུངས་ཀྱི་


DTG124_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་དཔག་ཏུ་མེད་པས་ཁྱབ་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས། སངས་རྒྱས་ཉིད་དུ་དབང་བསྐུར་བའི་བྱང་ཆུབ་སེམས་དཔའི་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པའི་བག་ཆགས་ཕྲ་མོ་དང༌། མཆོག་ཏུ་ཕྲ་བ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ས་ལ་སྤངས་པའི་ཕྱིར་རོ། །དེ་ལེགས་པར་བཅོམ་པས་ཐམས་ཅད་ལ་ཆགས་པ་མེད་པ་དང༌། ཐོགས་པ་མེད་པའི་ཤེས་པ་དང༌། མཐོང་བ་ཐོབ་ཅིང་ཞེས་བྱ་བ་ནི། ཤེས་བྱ་ཐམས་ཅད་ལ་མངོན་དུ་མི་ཕྱོགས་པའི་ཕྱིར་ཆགས་པ་མེད་པ་དང༌། གང་ལ་ཉན་ཐོས་ལ་སོགས་པའི་ཤེས་པ་ཐོགས་པར་འགྱུར་བ་དེ་ལ་ཐོགས་པ་མེད་པའི་ཕྱིར། ཐོགས་པ་མེད་པའི་ཤེས་རབ་དང༌། མཐོང་བ་བརྙེས་པའོ། །དགོངས་པ་ཡོངས་སུ་སྒྲུབ་པའི་དམིགས་པ་ལ་ཞེས་བྱ་བ་ནི་བདག་དང་གཞན་གྱི་དོན་མཐར་ཕྱིན་པ་ཐོབ་པའི་ཕྱིར་རོ། །ཆོས་ཀྱི་སྐུ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཏན་སྤངས་པའི་ཕྱིར་རོ། །ཆོས་ཀྱི་སྐུ་ཤིན་ཏུ་རྣམ་པར་དག་པ་ལ་གནས་པ་ཡིན་ནོ་ཞེས་བྱ་བ་ནི་གནས་ཐམས་ཅད་གྱུར་པའི་ཕྱིར་རོ། །འཐོབ་པའི་ཐབས་ཞུ་བའི་ཕྱིར། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་ལ་ཇི་ལྟར་སྒྲུབ་ན་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །ཞི་གནས་དང་ལྷག་མཐོང་ནི་ཉན་ཐོས་ལ་སོགས་པའི་བྱང་ཆུབ་རྣམས་ཀྱི་བྱེད་རྒྱུ་ཐུན་མོང་ཡིན་པའི་ཕྱིར། ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་ལགས་ཞེས་བྱ་བ་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་ཉིད་རྣམ་པ་བདུན་ལས་བརྩམས་ཏེ་ཞེས་བྱ་བ་ནི་འབྱུང་བའི་དེ་བཞིན་ཉིད་དང༌། མཚན་ཉིད་ཀྱི་དེ་བཞིན་ཉིད་དང༌། རྣམ་པར་རིག་པའི་དེ་བཞིན་ཉིད་དང༌། གནས་པའི་དེ་བཞིན་ཉིད་དང༌། ལོག་པར་སྒྲུབ་པའི་དེ་བཞིན་ཉིད་དང༌། རྣམ་པར་དག་པའི་དེ་བཞིན་ཉིད་དང༌། ཡང་དག་པར་སྒྲུབ་པའི་དེ་བཞིན་ཉིད་དེ། དེ་བཞིན་ཉིད་རྣམ་པ་བདུན་པོ་དེ་དག་ལས་བརྩམས་ཏེའོ། །ཇི་ལྟར་ཐོས་པ་དང་བསམས་པའི་ཆོས་རྣམས་ལ་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་དང་དེ་བཞིན་ཉིད་རྣམ་པ་བདུན་གྱི་དམིགས་པར་གྱུར་པའི་ཆོས་རྣམས་ལའོ། །ཆོས་


DTG124_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ལས་སེམས་ཇི་ལྟ་བུར་སེམས་པར་བྱེད་ཅེ་ན། མཉམ་པར་གཞག་པའི་སེམས་ཀྱིས་ཞེས་བྱ་བ་གསུངས་ཏེ། ཆོས་དེ་དག་ལ་མཉམ་པར་གཞག་པའི་སེམས་ཀྱིས་དམིགས་པར་བྱེད་པ་ན་སེམས་ཀྱི་གཟུགས་བརྙན་དུ་གྱུར་པ་ཡིན་པས་དེའི་ཕྱིར། །དེ་དག་སེམས་ཀྱི་དེ་བཞིན་ཉིད་ལས་བཟློག་པར་འགྱུར་རོ། །ལེགས་པར་གཟུང་བ་དང་ལེགས་པར་བསམས་པ་དང་ལེགས་པར་རྣམ་པར་གཞག་པ་ཉིད་ཀྱིས་ནི་དེ་བཞིན་ཉིད་དེ་ནང་དུ་ཡིད་ལ་བྱར་རུང་བར་སྟོན་ཏོ། །དེ་ཉིད་ཅེས་བྱ་བ་ནི་དེ་བཞིན་ཉིད་དོ། །དེ་དེ་ལྟར་དེ་བཞིན་ཉིད་ཡིད་ལ་བྱེད་པ་ན་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །མཚན་མ་ཕྲ་མོ་ཀུན་དུ་འབྱུང་བ་ཐམས་ཅད་ལ་ཡང་རེ་ཞིག་སེམས་ལྷག་པར་བཏང་སྙོམས་འཇོག་ན་ཞེས་བྱ་བ་ནི། དེ་བཞིན་ཉིད་ཡིད་ལ་བྱེད་པ་ནི་མཚན་མ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར། དེ་ཡིད་ལ་བྱེད་པའི་བྱང་ཆུབ་སེམས་དཔའ་ལ་ནི་མཚན་མ་ཕྲ་མོ་དག་ཀྱང་ཀུན་དུ་མི་འབྱུང་ན། མཚན་མར་རགས་པ་ཀུན་དུ་འབྱུང་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་ཏོ། །མཚན་མ་ཕྲ་མོ་དག་ནི། སེམས་ཀྱིས་ལེན་པའི་མཚན་མ་ཞེས་བྱ་བ་ནས། ཆོས་ལ་བདག་མེད་པའི་མཚན་མ་ཞེས་བྱ་བའི་བར་དག་གོ །དེ་ལྟར་ཞུགས་ཤིང་ཞེས་བྱ་བ་ནི་མཚན་མ་ཐམས་ཅད་རྣམ་པར་བརྩལ་བའི་ཕྱིར་དེ་བཞིན་ཉིད་ལ་ཞུགས་པའོ། །དེ་ལ་མང་དུ་གནས་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཡིད་ལ་བྱ་བ་སྒོམ་པ་ལ་ལན་མང་དུ་གནས་པའོ། །དུས་དུས་སུ་ཞེས་བྱ་བ་ནི། འདི་ནི་ཞི་གནས་ཀྱི་དོན་ཡིན་ཏེ་ལྷག་མཐོང་གི་མ་ཡིན་ནོ། །འདི་ནི་ལྷག་མཐོང་གི་དུས་ཡིན་གྱི། ཞི་གནས་ཀྱི་དུས་མ་ཡིན་ནོ། །འདི་ནི་ཟུང་དུ་འབྲེལ་བའི་ལམ་གྱི་དུས་ཡིན་ནོ་ཞེས་བྱ་བའོ། །དེ་ལྟར་དུས་ཇི་ལྟར་བྱ་བ་བཞིན་གནས་པའི་བྱང་ཆུབ་སེམས་དཔའ་གགས་དང་སྒྲིབ་པ་དང་རྣམ་པར་གཡེང་བ་དག་ལས་སེམས་རྣམ་པར་སྦྱོང་བར་བྱེད་པ་དེ་ལ། ཅི་ཞིག་འབྱུང་བར་འགྱུར་ཞེ་ན། ནང་གི་སོ་སོ་བདག་ཉིད་ལ་སོ་སོ་རང་གིས་རིག་པ་དེ་བཞིན་ཉིད་རྣམ་པ་བདུན་སོ་སོར་རྟོག་པ་ཤེས་པ་བདུན་སྐྱེ་བར་འགྱུར་ཏེ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་ཉིད་རྣམ་པ་བདུན་གྱིས་ཆོས་ཐམས་ཅད་བསྡུས་པའི་ཕྱིར་རོ། །སོ་


DTG124_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

སོ་རང་རིག་པའི་ཤེས་པ་རྣམ་པ་བདུན་ནི་བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་ཡིན་པས་དེའི་ཕྱིར། དེ་ནི་དེའི་མཐོང་བའི་ལམ་ཡིན་ནོ་ཞེས་བྱ་བ་གསུངས་སོ། །དེ་ཐོབ་པས་ཞེས་བྱ་བ་ལ་སོགས་པ་ལ་ཡང་དག་པ་ཉིད་ཀྱི་སྐྱོན་མེད་པ་ཞེས་བྱ་བ་ནི་དང་པོ་ཁོ་ནར་དེ་ཁོ་ན་མཐོང་བའོ། །ས་དེའི་ཕན་ཡོན་ཡང་ཉམས་སུ་མྱོང་བ་ཡིན་ནོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ས་དང་པོ་ལ་ཕན་ཡོན་གང་དག་བསྟན་པ་དེ་དག་ཉམས་སུ་མྱོང་བ་ཞེས་བྱ་བའི་ཐ་ཚིག་གོ །དེས་སྔར་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ས་མཐོང་བའི་ལམ་འཐོབ་པའི་སྔ་རོལ་ཏེ། མོས་པས་སྤྱོད་པའི་ས་ལའོ། །རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང༌། རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་ཐོབ་པ་ནི་རྣམ་པ་གཉིས་འཐོབ་པ་ཞེས་བྱ་བའོ། །དེ་ལྟར་ནི་མཐོང་བའི་ལམ་ཐོབ་པས་དངོས་པོའི་མཐའི་དམིགས་པ་ཐོབ་པ་ཡིན་ཏེ་ཞེས་བྱ་བ་ནི་ཐམས་ཅད་དུ་འགྲོ་བའི་དོན་གྱིས་ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པའི་ཕྱིར་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་གནས་ཀྱི་དངོས་པོ་མི་དམིགས་པའི་ཕྱིར་དང་རྟོགས་པར་བྱ་བའི་མཐར་ཐུག་པར་གྱུར་པའི་ཕྱིར་དངོས་པོའི་མཐའ་ནི་རྟོགས་པའི་ཆོས་ཀྱི་སྐུ་ཡིན། བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ལ་གནས་པའི་ཟུང་དུ་འབྲེལ་བའི་ལམ་གྱི་དམིགས་པ་ཆོས་ཀྱི་སྐུའི་ངོ་བོ་ཉིད་དངོས་པོའི་མཐའི་དམིགས་པ་དེ་ཐོབ་པ་ཡིན་ནོ། །དེས་གོང་མ་རྣམས་སུ་བསྒོམ་པའི་ལམ་ལ་ཞུགས་ཤིང་ཞེས་བྱ་བ་ནི་ས་གཉིས་པ་ལ་སོགས་པའོ། །དམིགས་པ་རྣམ་པ་གསུམ་པོ་དེ་དག་ཉིད་ཡིད་ལ་བྱེད་པ་ན་ཞེས་བྱ་བས་ནི། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང༌། རྣམ་པར་མི་རྟོག་པའི་གཟུགས་བརྙན་དང༌། དངོས་པོའི་མཐའ་ཉིད་དོ། །མཚན་མ་ཕྲ་མོ་དེ་གསུམ་ནང་དུ་ཡིད་ལ་བྱེད་པ་དང༌། འདི་ལྟ་སྟེ། དཔེར་ན་ལ་ལ་ཞིག་ཁྱེའུ་ཆེས་ཕྲ་མོས་ཁྱེའུ་ཆེས་སྦོམ་པོ་འབྱིན་པར་བྱེད་པ་དེ་བཞིན་དུ་ཡང༌། ཁྱེའུས་ཁྱེའུ་དབྱུང་བའི་ཚུལ་དུ་ནང་གི་མཚན་མ་རྣམས་རྣམ་པར་སེལ་བ་ནི་རིམ་གྱིས་ཀུན་ནས་ཉོན་མོངས་པའི་ཆ་དང་མཐུན་པའི་མཚན་མ་ཐམས་ཅད་རྣམ་པར་སེལ་བར་བྱེད་དེ། །མཚན་མ་རྣམས་རྣམ་པར་སེལ་བ་ན། གནས་ངན་ལེན་རྣམས་ཀྱང་རྣམ་པར་སེལ་བར་


DTG124_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ་ཞེས་བྱ་བ་ལ་འདོད་ཆགས་ལ་སོགས་པའི་སྐྱོན་དག་ནི་མཚན་མ་རྣམས་སོ། །ལྟ་བ་དག་ནི་གནས་ངན་ལེན་རྣམས་སོ། །མཚན་མ་དང་གནས་ངན་ལེན་ཐམས་ཅད་ལེགས་པར་བཅོམ་པས། རིམ་གྱིས་གོང་མ་གོང་མ་རྣམས་སུ་གསེར་ལྟ་བུར་སེམས་རྣམ་པར་སྦྱོང་ལ་ཞེས་བྱ་བ་ནི། དཔེར་ན་གསེར་གསེར་མགར་གྱིས་གོང་ནས་གོང་དུ་སྦྱོང་བའི་ལས་ཀྱིས་ཡོངས་སུ་སྦྱོང་བར་བྱེད་པ་ན། ཆེས་འོད་གསལ་བར་འགྱུར་ཞིང་དེ་ལས་གཞན་པའི་ས་ལེ་སྦྲམ་དག་གིས་མི་འཕྲོགས་པ་དེ་བཞིན་དུ་ས་གོང་མ་གོང་མ་རྣམས་སུ་བསྒོམ་པའི་ལམ་ལ། གློ་བུར་གྱི་དྲི་མ་ཐམས་ཅད་དང་བྲལ་བས་སེམས་ལས་སུ་རུང་བས་ཆེས་འོད་གསལ་བར་འགྱུར་རོ། །དེ་ལྟར་ཚུལ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་དགོས་པ་ཡོངས་སུ་གྲུབ་པའི་དམིགས་པ་ཡང་ཐོབ་སྟེ་ཞེས་བྱ་བ་ལ་དགོངས་པ་ཡོངས་སུ་གྲུབ་པ་ནི་བདག་དང་གཞན་གྱི་དོན་བྱ་བའི་རྗེས་སུ་སོང་བས་ཆགས་པ་མེད་པ་དང༌། ཐོགས་པ་མེད་པའི་ཤེས་པ་དང༌། མཐོང་བ་བརྙེས་པའོ། །བྱང་ཆུབ་སེམས་དཔའ་ཇི་ལྟར་སྒྲུབ་པར་བགྱིད་ན་ཞེས་བྱ་བ་ལ་སོགས་པ་ཞུས་པ་ལ། བྱམས་པ་བྱང་ཆུབ་སེམས་དཔའ་གནས་དྲུག་ལ་མཁས་པ་ནི། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོ་མངོན་པར་བསྒྲུབ་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་སེམས་ཀྱི་སྐྱེ་བ་དང༌། གནས་པ་དང༌། བསླང་བ་དང༌། འཕེལ་བ་དང༌། འགྲིབ་པ་དང༌། ཐབས་ལ་མཁས་པས་ནི། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོ་མངོན་པར་བསྒྲུབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོ་མངོན་པར་བསྒྲུབ་པ་ནི། སེམས་ཀྱི་སྐྱེ་བ་ལ་སོགས་པ་ལ་རག་ལས་པའི་ཕྱིར་རོ་ཞེས་སྟོན་ཏོ། །ཇི་ལྟར་ན་སེམས་ཀྱི་སྐྱེ་བ་ལ་མཁས་པ་ཡིན་ཞེ་ན། སེམས་ཀྱི་སྐྱེ་བ་རྣམ་པ་བཅུ་དྲུག་ཤེས་ན། སེམས་ཀྱི་སྐྱེ་བ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁས་པ་ཡིན་ཏེ་ཞེས་བྱ་བ་ལ་གསུངས་སོ། །བརྟན་པ་དང་སྣོད་རྣམ་པར་རིག་པ་ནི་ཞེས་བྱ་བ་ལ་བརྟན་པ་རྣམ་པར་རིག་པ་ཞེས་བྱ་བ་ནི་ས་བོན་ཐམས་ཅད་པ། ཀུན་གཞི་རྣམ་པར་ཤེས་པ་སྟེ། དེ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་


DTG124_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་བག་ཆགས་བསྒོ་བར་བྱ་བ་ཡིན་པས་བརྟན་པ་ཡིན་ནོ། །འཇུག་པའི་རྣམ་པར་ཤེས་པ་རྣམས་ནི་གཡོ་བའི་ཕྱིར་བག་ཆགས་བསྒོ་བར་བྱ་བ་མ་ཡིན་གྱི་བག་ཆགས་བསྒོ་བར་བྱེད་པ་ཁོ་ན་ཡིན་ཏེ། དེ་དག་ནི་དགེ་བ་ལ་སོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །སྣོད་རྣམ་པར་རིག་པ་ནི་གནས་ཏེ། བརྟན་པ་རྣམ་པར་རིག་པ་དང༌། སྣོད་རྣམ་པར་རིག་པ་དེ་གཉིས་ནི། རྣམ་པ་དང་དམིགས་པ་ཡོངས་སུ་མ་ཆད་པ་ཉིད་ཡིན་པའི་ཕྱིར་མ་རིག་པ་ཡིན་ནོ། །སེམས་དེའི་སྐྱེ་བ་གང་ཡིན་པ་དེ་ནི་བརྟན་པ་དང་སྣོད་རྣམ་པར་རིག་པ་མི་རིག་པའི་སེམས་སྐྱེ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་ལ་མཁས་པ་ནི་ཆོས་ཐམས་ཅད་འདྲེས་པ་ལ་དམིགས་པའི་ཀུན་གཞི་རྣམ་པར་ཤེས་པའི་སྒྲིབ་པ་དང་གནས་ངན་ལེན་ཐམས་ཅད་བསལ་བའི་ཕྱིར། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོ་མངོན་པར་སྒྲུབ་པར་བྱེད་དོ། །དམིགས་པ་རྣམ་པ་སྣ་ཚོགས་རྣམ་པར་རིག་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་ལ་སོགས་པ་ཡུལ་ཅིག་ཅར་འཛིན་པའི་ཕྱིར། དམིགས་པ་རྣམ་པ་སྣ་ཚོགས་རྣམ་པར་རིག་པ་ཡིན་ནོ། །ངེས་པར་རྟོགས་པ་དང་རྗེས་སུ་དྲན་པར་ནུས་པའི་ཕྱིར་རྣམ་པར་རྟོག་པ་ཡིན་ནོ། །འཇུག་པའི་རྣམ་པར་ཤེས་པ་རྣམས་ཤེས་པར་བྱེད་པའི་བདག་ཉིད་ཡིན་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་ལ་མཁས་པ་ནི་ཞེས་བྱ་བ་ནི་ཐམས་ཅད་ལ་ཡང་སྦྱར་བར་ཤེས་པར་བྱའོ། །ཕྱི་རོལ་དང་ནང་གི་ཡུལ་ཅིག་ཅར་འཛིན་པ་ཞེས་བྱ་བ་ལ། ཕྱི་རོལ་གྱི་ཡུལ་ནི་གཟུགས་ལ་སོགས་པའོ། །ནང་གི་ཡུལ་ནི་དམིགས་པ་ལ་སོགས་པའོ། །དེ་དག་ཐམས་ཅད་དུས་གཅིག་ཏུ་འཛིན་པ་གང་ཡིན་པ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་རྟོག་པ་ཅན་ཏེ། དེའི་སྐྱེ་བ་ལ་མཁས་པ་ཡང་སྔ་མ་བཞིན་ནོ། །སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་ལ་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་བསྒོམ་པའི་ཡིད་ཀྱི་རྣམ་པར་ཤེས་པས་སྐད་ཅིག་གཅིག་ལ་ཅིག་ཅར་ཏིང་ངེ་འཛིན་མང་པོ་ལ་སྙོམས་པར་འཇུག་པ་ནི་རེ་ཞིག་རུང་སྟེ། ཏིང་ངེ་འཛིན་ནི་ནང་དུ་འཇུག་པ་ཡིན་པའི་ཕྱིར་རོ། །སྐད་ཅིག་གཅིག་ལ་ཕྱོགས་ཐ་དད་པ་ན་རྣམ་པར་གནས་


DTG124_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སངས་རྒྱས་ཀྱི་ཞིང་མང་པོ་མཐོང་བ་དང་དེ་བཞིན་གཤེགས་པ་མང་པོ་མཐོང་བ་ཇི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཉིད་ཀྱིས་མཐོང་བར་རུང་སྟེ། ཕྱི་རོལ་གྱི་གཟུགས་སྣང་བ་རྣམས་ནི་མིག་གི་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ་ཞེ་ན་རུང་སྟེ། འཇུག་པའི་རྣམ་པར་ཤེས་པ་ཐམས་ཅད་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པ་སྣ་ཚོགས་པ་རྣམ་པར་རྟོག་པ་དང་བཅས་པ། དེ་ཉིད་གནས་དེ་དང་དེ་ནས་འཇུག་པ་ན་དེ་དང་དེའི་མིང་འཐོབ་སྟེ། དཔེར་ན་སེམས་པ་ལུས་དང་ངག་གི་ལས་བཞིན་ཏེ། སེམས་པ་ཉིད་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང༌། མི་གཡོ་བའི་འདུ་བྱེད་ཀྱི་མཚན་ཉིད་ལུས་དང་ངག་གི་ལས་ཤེས་པར་བྱ་བ་དེ་བཞིན་དུ། ཡིད་ཀྱི་རྣམ་པར་ཤེས་པ་ཞི་གནས་དང་ལྷག་མཐོང་གི་ཡོངས་སུ་དག་པ་དེ་ཉིད་ཀྱིས། སྐད་ཅིག་གཅིག་ལ་མིག་གི་རྣམ་པར་ཤེས་པའི་གཟུང་བ་སངས་རྒྱས་ཀྱི་ཞིང་མང་པོ་དང༌། སངས་རྒྱས་བཅོམ་ལྡན་འདས་མང་པོ་མཐོང་བའི་བྱང་ཆུབ་སེམས་དཔའ་ནི་སེམས་ཀྱི་སྐྱེ་བ་རྣམ་པ་སྣ་ཚོགས་ལ་མཁས་པ་ཡིན་པར་རིག་པར་བྱའོ། །དམིགས་པའི་མཚན་མ་ཆུང་ངུ་རྣམ་པར་རིག་པའི་ཡང་སེམས་སྐྱེ་བའི་དབང་དུ་མཛད་པ་ཁོ་ནའོ། །འདི་ལྟ་སྟེ། འདོད་པ་དང་ལྡན་པའིའོ་ཞེས་བྱ་བ་ནི་འདོད་པའི་ཁམས་དང་ལྡན་པའི་སེམས་སྐྱེ་བ་ནི་མཉམ་པར་མ་བཞག་པའི་ས་པ་ཡིན་པའི་ཕྱིར། དམིགས་པའི་མཚན་མ་ཆུང་ངུ་ཡིན་ནོ། །དམིགས་པའི་མཚན་མ་ཆེན་པོར་གྱུར་པ་རྣམ་པར་རིག་པའི་ནི་འདི་ལྟ་སྟེ། གཟུགས་དང་ལྡན་པའིའོ་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་དང་ལྡན་པའི་སེམས་སྐྱེ་བ་ནི་ཤིན་ཏུ་མཉམ་པར་གཞག་པའི་ས་པ་ཡིན་པའི་ཕྱིར། དམིགས་པའི་མཚན་མ་ཆེན་པོར་གྱུར་པ་ཡིན་ནོ། །དམིགས་པའི་མཚན་མ་ཆད་མེད་པ་རྣམ་པར་རིག་པའི་ནི། འདི་ལྟ་སྟེ། ནམ་མཁའ་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་ལྡན་པའོ་ཞེས་བྱ་བ་ནི་ནམ་མཁའ་མཐའ་ཡས་སོ། །རྣམ་ཤེས་མཐའ་ཡས་སོ་སྙམ་དུ་སྙོམས་པར་འཇུག་པ་དང༌། སྐྱེ་བ་ལས་སེམས་སྐྱེ་བ་གང་ཡིན་པ་དེ་ནི་ནམ་མཁའ་དང་རྣམ་པར་ཤེས་པ་མཐའ་ཡས་པ་དང་ལྡན་པ་ཡིན་པའི་ཕྱིར་


DTG124_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་མཚན་མ་ཚད་མེད་པ་ཡིན་ནོ། །དམིགས་པའི་མཚན་མ་ཕྲ་མོ་རྣམ་པར་རིག་པའི་ནི་འདི་ལྟ་སྟེ། ཅི་ཡང་མེད་པའི་སྐྱེ་མཆེད་དང་ལྡན་པའིའོ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་དང་ལྡན་པའི་སེམས་ཀྱིས་ཅི་ཡང་མེད་དོ་སྙམ་དུ་མཚན་མ་ཕྲ་མོ་ལ་དམིགས་པ་ལས་སེམས་སྐྱེ་བ་གང་ཡིན་པ་དེ་ནི་དམིགས་པའི་མཚན་མ་ཕྲ་མོ་རྣམ་པར་རིག་པ་ཡིན་ནོ། །དམིགས་པའི་མཚན་མ་མཐར་ཐུག་པ་རྣམ་པར་རིག་པའི་ནི་འདི་ལྟ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་ལྡན་པའིའོ་ཞེས་བྱ་བ་ནི། ཁམས་དང་གནས་དང་འཇིག་རྟེན་པའི་སྙོམས་པར་འཇུག་པའི་མཐར་ཐུག་པ་ལས། དམིགས་པའི་མཚན་མ་མཐར་ཐུག་པ་རྣམ་པར་རིག་པའི་སེམས་སྐྱེ་བར་འགྱུར་བའོ། །མཚན་མ་མེད་པ་རྣམ་པར་རིག་པའི་ནི་འདི་ལྟ་སྟེ། འཇིག་རྟེན་ལས་འདས་པ་དང་འགོག་པ་ལ་དམིགས་པའིའོ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་སེམས་སྐྱེ་བ་ནི་མཚན་མ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་མཚན་མ་མེད་པ་རྣམ་པར་རིག་པ་ཡིན་ནོ། །འགོག་པ་ལ་དམིགས་པའི་སེམས་སྐྱེ་བ་ཡང་དེ་བཞིན་ནོ། །སྡུག་བསྔལ་དང་ལྡན་པའི་ནི་འདི་ལྟ་སྟེ། སེམས་ཅན་དམྱལ་བའིའོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་པའི་སེམས་སྐྱེ་བ་ནི་བདེ་བ་དང་མ་འདྲེས་པའི་ཕྱིར་སྡུག་བསྔལ་དང་ལྡན་པ་ཡིན་ནོ། །ཚོར་བ་འདྲེན་མ་དང་ལྡན་པའི་ནི། འདི་ལྟ་སྟེ། འདོད་པ་ན་སྤྱོད་པའིའོ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་ཀྱི་ཚོར་བ་འདྲེན་མའི་སེམས་སྐྱེ་བ་ཞེས་བྱ་བའི་ཐ་ཚིག་སྟེ། འདོད་པའི་ཁམས་ནི་ལས་ཀྱི་རྣམ་པར་སྨིན་པ་སྣ་ཚོགས་དང་ལྡན་པ་ཡིན་པའི་ཕྱིར་རོ། །དགའ་བ་དང་ལྡན་པ་ནི་འདི་ལྟ་སྟེ། བསམ་གཏན་དང་པོ་དང་བསམ་གཏན་གཉིས་པའིའོ་ཞེས་བྱ་བ་ནི་བསམ་གཏན་དང་པོ་དང་གཉིས་པ་གཉིས་ལ་ནི། དབེན་པ་ལས་སྐྱེས་པའི་དགའ་བ་དང་ལྡན་པའི་སེམས་སྐྱེ་བའི་ཕྱིར་རོ། །བདེ་བ་དང་ལྡན་པའི་ནི་འདི་ལྟ་སྟེ། བསམ་གཏན་གསུམ་པའིའོ་ཞེས་བྱ་བ་ནི་བསམ་གཏན་གསུམ་པ་ལ་ནི་ནང་ཡོངས་སུ་དང་བ་ལས། སེམས་ལས་བྱུང་བ་བདེ་བ་སྐྱེ་བའི་ཕྱིར་རོ། །སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་ལྡན་པ་ནི་འདི་ལྟ་སྟེ། བསམ་གཏན་བཞི་པ་དང༌། འདུ་ཤེས་མེད་འདུ་ཤེས་


DTG124_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མིན་སྐྱེ་མཆེད་ཀྱི་བར་གྱིའོ་ཞེས་བྱ་བ་ནི་བསམ་གཏན་བཞི་པ་ཡན་ཆད་ནི་སྐྱོན་རྣམ་པ་བརྒྱད་དང་བྲལ་བའི་ཕྱིར། བཏང་སྙོམས་དང་ལྡན་པའི་སེམས་སྐྱེའོ། །སྐྱོན་རྣམ་པ་བརྒྱད་ནི་རྟོག་པ་དང་དཔྱོད་པ་དང༌། དབུགས་རྔུབ་པ་དང༌། དབུགས་འབྱུང་བ་དང༌། བདེ་བ་དང༌། སྡུག་བསྔལ་དང༌། ཡིད་བདེ་བ་དང༌། ཡིད་མི་བདེ་བའོ། །ཉོན་མོངས་པ་ཅན་དང་ལྡན་པའི་ནི་འདི་ལྟ་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་ལྡན་པའིའོ་ཞེས་བྱ་བ་ནི། ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །ཉེ་བའི་ཉོན་མོངས་པ་ནི་ཁྲོ་བ་ལ་སོགས་པའོ། །དགེ་བ་དང་ལྡན་པའི་ནི་འདི་ལྟ་སྟེ་དད་པ་ལ་སོགས་པ་དང་ལྡན་པའིའོ་ཞེས་བྱ་བ་ནི་དཀོན་མཆོག་དང༌། བདེན་པ་དང༌། ལས་དང་འབྲས་བུ་ལ་མངོན་པར་ཡིད་ཆེས་པ་ལ་སོགས་པ་དང་ལྡན་པའི་སེམས་སྐྱེ་བ་ཞེས་བྱ་བའི་ཐ་ཚིག་གོ །ལུང་དུ་མ་བསྟན་པ་དང་ལྡན་པའི་ནི། འདི་ལྟ་སྟེ། དེ་གཉི་ག་དང་མི་ལྡན་པའིའོ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་དང༌། སྤྱོད་ལམ་ལས་བྱུང་བ་དང༌། བཟོའི་གནས་ལས་བྱུང་བ་དང༌། སྤྲུལ་པ་བྱེད་པའི་སེམས་སྐྱེ་བ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་སེམས་ཀྱི་སྐྱེ་བ་ལ་མཁས་པ་རྣམ་པར་བཤད་ནས་ཇི་ལྟར་གནས་པ་ལ་མཁས་པ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས། སེམས་ཀྱི་གནས་པ་ལ་མཁས་པ་ལ་འཇུག་པར་བྱེད་དེ། གལ་ཏེ་རྣམ་པར་རིག་པའི་དེ་བཞིན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་འདུ་བྱེད་རྣམ་པར་རིག་པ་ཙམ་དུ་རབ་ཏུ་ཤེས་པ་ནི་སེམས་ཀྱི་གནས་པ་ལ་མཁས་པ་ཡིན་ཏེ། སེམས་ཀྱི་གནས་པ་ལ་མཁས་པ་ན། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོ་མངོན་པར་སྒྲུབ་པར་བྱེད་དོ་ཞེས་སྟོན་ཏོ། །རྣམ་པར་རིག་པའི་དེ་བཞིན་ཉིད་ཇི་ལྟ་བུ་ཞེ་ན། རྣམ་པར་རིག་པ་ཐམས་ཅད་ཀྱི་དེ་ཙམ་ཉིད་དེ། དོན་དང་བྲལ་བའི་ཕྱིར་རོ། །རྨི་ལམ་ལ་སོགས་པའི་སེམས་ཀྱི་གནས་པ་ནི་རྣམ་པར་རིག་པ་ཙམ་ཉིད་ཡིན་པར་རུང་ན། མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྣམ་པར་རིག་པ་རྣམས་དང༌། མིག་ལ་སོགས་པའི་རྣམ་པར་རིག་པ་གཟུགས་ཅན་རྣམས་ཇི་ལྟར་རྣམ་པར་རིག་པ་ཙམ་དུ་རུང་ཞེ་


DTG124_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ན། རྣམ་པར་རིག་པ་མཚན་མ་དང་བཅས་པའི་ལྟ་བ་ཐམས་ཅད་ནི། དོན་མེད་པར་ཡང་གཉིས་ཉིད་དུ་སྣང་སྟེ། མིག་གི་རྣམ་པར་རིག་པ་ལ་སོགས་པ་ནི། གཟུགས་ལ་སོགས་པའི་མཚན་མ་དང༌། དེའི་རྣམ་པར་ཤེས་པའི་ལྟ་བ་དང་ལུས་ཀྱི་རྣམ་པར་ཤེས་པའི་བར་གྱི་ལྟ་བས་སོ། །ཡིད་ཀྱི་རྣམ་པར་རིག་པ་ནི་མིག་ལ་སོགས་པ་ཆོས་ཀྱི་མཐར་ཐུག་པའི་རྣམ་པར་རིག་པ་ཐམས་ཅད་ཀྱི་མཚན་མ་དང་བཅས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་རྣམ་པར་རིག་པས་ལྟ་བ་དང་བཅས་པ་དག་ཡིན་ཏེ། མཚན་མ་དང་ལྟ་བ་ནི་ཕྱིན་ཅི་ལོག་ལ་སོགས་པ་ཀུན་ནས་ཉོན་མོངས་པའི་གཞིའི་གནས་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི་དོན་མེད་པ་ལ་དོན་དུ་ཕྱིན་ཅི་ལོག་མེད་པར་འགྱུར་བ་དང༌། དེ་མེད་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཀུན་ནས་ཉོན་མོངས་པ་ཡང་མེད་པར་འགྱུར་བ་དང༌། དེ་མེད་ན་རྣམ་པར་བྱང་བ་ཡང་མེད་པའི་སྐྱོན་དུ་འགྱུར་ཏེ། རྣམ་པར་རིག་པའི་དེ་བཞིན་ཉིད། དེ་ཙམ་ཉིད་ཡིན་པར་རིགས་པ་དང་ལུང་གིས་རིག་པར་བྱའོ། །སེམས་ཀྱི་གནས་པ་རྣམ་པར་བཤད་ནས། ཇི་ལྟར་ན་བསླང་བ་ལ་མཁས་པ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་སེམས་ཀྱི་བསླང་བ་སྟོན་ཏོ། །བྱང་ཆུབ་སེམས་དཔའ་སེམས་ཀྱི་བསླང་བ་ལ་མཁས་པ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་མཚན་མའི་འཆིང་བ་དང༌། འཇིག་ཚོགས་ལ་སོགས་པ་ཉོན་མོངས་པའི་གནས་ངན་ལེན་གྱི་འཆིང་བ་ལས་སེམས་འདི་ནི་འདི་ལས་བསླང་བར་བྱའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པས། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོ་མངོན་པར་སྒྲུབ་པར་བྱེད་དོ། །སེམས་ཀྱི་བསླང་བ་རྣམ་པར་བཤད་ནས། ཇི་ལྟར་འཕེལ་བ་ལ་མཁས་པ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་སེམས་ཀྱི་འཕེལ་བ་སྟོན་ཏོ། །གལ་ཏེ་མཚན་མ་དང༌། གནས་ངན་ལེན་གྱི་གཉེན་པོའི་སེམས་གང་ཡིན་པ་དེ་སྐྱེ་བ་དང༌། འཕེལ་བའི་ཚེ་སྐྱེའོ་འཕེལ་ལོ་ཞེས་བྱ་བ་ལ་མཁས་པ་ཡིན་ནོ་ཞེས་བྱ་བ་ནི་གནས་ངན་ལེན་གྱི་འཆིང་བའི་གཉེན་པོར་གྱུར་བ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བས། འཇུག་པའི་མཚན་མ་འཕེལ་བ་ན། འཕེལ་ལོ་ཞེས་འཕེལ་བ་ལ་མཁས་པ་ཡིན་


DTG124_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །སེམས་ཀྱི་འཕེལ་བ་རྣམ་པར་བཤད་ནས། ཇི་ལྟར་ན་འགྲིབ་པ་ལ་མཁས་པ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་སེམས་ཀྱི་འགྲིབ་པ་སྟོན་ཏོ། །གལ་ཏེ་དེ་དང་མི་མཐུན་པའི་ཕྱོགས་སུ་གྱུར་པ་མཚན་མ་དང༌། གནས་ངན་ལེན་གྱིས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པའི་སེམས་དེ་འགྲིབ་ཅིང༌། འབྲི་བར་གྱུར་པ་ན་འགྲིབ་ཅིང་འབྲིའོ་ཞེས་འགྲིབ་པ་ལ་མཁས་པ་ཡིན་ནོ་ཞེས་བྱ་བ་ལ་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཞེས་བྱ་བ་ནི། གགས་དང་སྒྲིབ་པ་དང་རྣམ་པར་གཡེང་བ་དང་ལྡན་པའི་སེམས་ཞེས་བྱ་བའི་ཐ་ཚིག་གོ ། སེམས་ཀྱི་འགྲིབ་པ་རྣམ་པར་བཤད་ནས་ཇི་ལྟར་ན་ཐབས་ལ་མཁས་པ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་སེམས་ཀྱི་ཐབས་སྟོན་ཏོ། །གལ་ཏེ་རྣམ་པར་ཐར་བ་དང་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང༌། ཟད་པར་གྱི་སྐྱེ་མཆེད་དག་སྒོམ་པར་བྱེད་པ་སྟེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམ་པར་ཐར་པ་དང༌། ཟིལ་གྱིས་གནོན་པ་དང་ཟད་པར་གྱི་སྐྱེ་མཆེད་དག་སྒོམ་པར་བྱེད་པ་ནི། སེམས་རྣམ་པར་དག་པའི་ཐབས་ཡིན་ནོ། །བྱམས་པ་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་ནི། བྱང་ཆུབ་སེམས་དཔའ་དེ་ལྟར་གནས་དྲུག་ལ་མཁས་པ་རྣམས་ནི་བྱང་ཆུབ་སེམས་དཔའི་མཐུ་ཆེན་པོ་མངོན་པར་བསྒྲུབས་པ་དང༌། མངོན་པར་བསྒྲུབ་པར་འགྱུར་བ་དང༌། མངོན་པར་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་མཇུག་སྡུད་པར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཚོར་བ་ཐམས་ཅད་མ་ལུས་པར་འགོག་གོ་ཞེས་གང་གསུངས་པ་ལ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་ལ། བྱམས་པ་མདོར་བསྡུ་ན་ཚོར་བ་རྣམ་པ་གཉིས་ཏེ། གནས་ཀྱི་གནས་ངན་ལེན་རིག་པ་དང་དེའི་འབྲས་བུ་ཡུལ་རིག་པའོ། །དེ་ལ་གནས་ཀྱི་གནས་ངན་ལེན་རིག་པ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། གཟུགས་ཀྱི་གནས་རིག་པ་དང་ཞེས་བྱ་བ་ནི། གཟུགས་ཀྱི་ཕུང་པོ་གནས་གྱུར་པའི་ཕྱིར་ཞིང་དང༌། སྐུ་དང༌། མཚན་མ་དང༌། དཔེ་བྱད་བཟང་པོ་དང༌། གསུང་དབྱངས་མཐའ་ཡས་པ་དང༌། སྤྱི་གཙུག་པ་ལྟར་མི་མཐོང་བ་ཉིད་རིག་པའོ། །གཟུགས་མེད་པའི་གནས་རིག་


DTG124_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བ་ནི། ཕུང་པོ་གཟུགས་ཅན་མ་ཡིན་པ་རྣམ་པ་བཞི་གནས་གྱུར་པའི་མཚན་ཉིད་དེ། དེ་ལ་ཚོར་བའི་ཕུང་པོ་གནས་གྱུར་པའི་ཕྱིར་བདེ་བ་ཁ་ན་མ་ཐོ་བ་མེད་པ་ཚད་མེད་པ་རྒྱ་ཆེན་པོ་ལ་གནས་པ་རིག་པ་དང༌། འདུ་ཤེས་ཀྱི་ཕུང་པོ་གནས་གྱུར་པའི་ཚེ། མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌། ཡི་གེའི་ཚོགས་ཐམས་ཅད་ཀྱིས་སྟོན་པ་ལ་དབང་འབྱོར་བ་རིག་པ་དང༌། འདུ་བྱེད་ཀྱི་ཕུང་པོ་གནས་གྱུར་པའི་ཕྱིར་སྤྲུལ་པ་དང༌། བསྒྱུར་བ་དང༌། འཁོར་བསྡུ་བ་དང༌། དཀར་པོའི་ཆོས་ཅན་དགུག་པ་རིག་པ་དང༌། རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར་པའི་ཕྱིར། མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་སོ་སོར་རྟོག་པ་དང༌། བྱ་བ་གྲུབ་པའི་ཡེ་ཤེས་རིག་པའོ། །དེ་ལ་འབྲས་བུ་གྲུབ་པ་ནི་ད་ལྟར་གྱི་གང་ཡིན་པའོ་ཞེས་བྱ་བ་ནི་གཟུགས་དང༌། གཟུགས་མེད་པའི་གནས་རིག་པ་དེ་དག་ཉིད་སྐད་ཅིག་དེ་ལ་འབྱུང་བའོ། འབྲས་བུ་མ་གྲུབ་པ་ནི་མ་འོངས་པའི་རྒྱུར་གྱུར་བ་གང་ཡིན་པའོ་ཞེས་བྱ་བ་ནི་དེ་དག་ཉིད་ཀྱི་འབྲས་བུ་མ་འོངས་པའོ། །ཡུལ་རིག་པ་ཡང་རྣམ་པ་བཞིར་རིག་པར་བྱ་སྟེ། བཞི་གང་ཞེ་ན། གནས་རིག་པ་ནི་དེ་བཞིན་གཤེགས་པའི་གནས་གཞལ་མེད་ཁང་ཆེན་པོ་ཁ་དོག་དང༌། དབྱིབས་དང༌། ཚད་ལ་སོགས་པ་ཐུན་མོང་མ་ཡིན་པ་ཡོངས་སུ་གྲུབ་པའོ། །ཡོ་བྱད་རིག་པ་ནི་ལྷ་དང་མིའི་ལས་ཡང་དག་པར་འདས་པ་ཡོ་བྱད་ཚད་མེད་པ་སྣ་ཚོགས་སྣང་བའོ། །ལོངས་སྤྱོད་རིག་པ་ནི་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུ་གཉིས་ཀྱིས་བདག་དང༌། གཞན་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་མྱོང་བར་མཛད་པའོ། །ལྟོས་པ་རིག་པ་ནི། ཡུལ་རིག་པའི་རྒྱུ་གང་དག་དང་རྐྱེན་གང་དག་ཡིན་པ་དེ་དག་ཡོངས་སུ་མ་གཏུགས་པའོ། །དེ་ཡང་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ནའོ་ཞེས་བྱ་བ་ལ་དེ་ཡང་ཞེས་བྱ་བ་ནི་གནས་རིག་པ་དང༌། དེའི་འབྲས་བུ་ཡུལ་རིག་པ་སྟེ། དེ་བཞིན་གཤེགས་པའི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་ཡོད་པའོ། །འབྲས་བུ་མ་གྲུབ་པ་ཞེས་བྱ་བ་ནི་མ་འོངས་པའི་རྒྱུར་གྱུར་པའོ། །རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱོང་བ་ནི་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་དང༌།


DTG124_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པ་ཅན་མ་ཡིན་པའི་རིག་པ་མ་སྤངས་པའི་ཕྱིར་རོ། །དེའི་མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱི་ཐམས་ཅད་དུ་འགགས་པ་མ་ཡིན་ཏེ་ཞེས་བྱ་བ་ནི། རིག་པའི་འདུས་ཏེ་རེག་པ་ལས་བྱུང་བ་གནས་རིག་པ་རྙེད་པའི་ཕྱིར། དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རང་གི་རྣམ་པར་རྟོག་པས་ཀུན་དུ་གཟུང་བ་ཐུན་མོང་མ་ཡིན་པའི་ཚོར་བ་སྐྱེ་བའི་ས་བོན་འགགས་པ་དང༌། རིག་པའི་འདུས་ཏེ་རེག་པ་ལས་བྱུང་བ་དེའི་འབྲས་བུ་ཡུལ་རིག་པ་བརྙེས་པའི་ཕྱིར་ཡང་གཞན་གྱི་རྣམ་པར་རྟོག་པས་ཀུན་དུ་གཟུང་བ་ཐུན་མོང་པའི་ཚོར་བ་སྐྱེ་བའི་ས་བོན་དམིགས་པ་ཐམས་ཅད་ལ། སྒྲིབ་པ་མ་འགགས་པའི་ཕྱིར་རོ། །ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བ་ན། དེ་ཡང་འགགས་པར་འགྱུར་ཏེ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་རིག་པ་འདུས་ཏེ་རེག་པ་ལས་བྱུང་བ་གནས་དང༌། ཡུལ་རིག་པ་ད་ལྟར་བྱུང་ན། འཐོབ་པ་དེ་ཡང་འགོག་པར་མཛད་པ་སྟེ། ཚོར་བ་དང༌། ཚོར་བ་མེད་པའི་སྐྱེ་བའི་ས་བོན་ཀུན་གཞིའི་ལུས་ཡོངས་སུ་ཟད་པའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི། དེ་ཉིད་ཀྱིས་མཇུག་སྡུད་པར་བྱེད་དོ། །གལ་ཏེ་དེ་བཞིན་གཤེགས་པ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་ན། ཇི་ལྟར་འཁོར་བའི་བར་དུ་གཞན་གྱི་དོན་མཛད་པ་གྲུབ་པར་འགྱུར་ཞེ་ན། སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་ན། དེ་བཞིན་གཤེགས་པ་ནི་ཡོངས་སུ་མྱ་ངན་ལས་འདས་ཀྱང༌། སེམས་ཅན་གྱི་དོན་མཛད་པ་འགྲུབ་སྟེ། དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་ནི་སྣ་ཚོགས་ཡིན་པའི་ཕྱིར་རོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་བའི་མདོ་ལས། འཕགས་པ་བྱམས་པའི་ལེའུའི་བཤད་པ། སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ་རྫོགས་སོ།། །།


previousའཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་འཕགས་པ་བྱམས་པའི་ལེའུ་ཉི་ཚེ་བཤད་པ། ཡེ་ཤེས་སྙིང་པོ།no next