cover

སྡེ་དགེའི་བསྟན་འགྱུར་པོད་བརྒྱ་ཉེར་དགུ་པ།

སེམས་ཙམ། ཝི༽

ཐོགས་མེད།

Nitartha Publication

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའི་ས།
ཐོགས་མེད།


DTG129_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའི་ས། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བྱམས་པ་ལ་ཕྱག་འཚལ་ལོ། །ཆོས་བཅུ་པོ་འདི་དག་ནི། ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་སྡུད་པར་བྱེད་པ་ཡིན་ནོ། །བཅུ་གང་ཞེ་ན། གཞི་དང༌། རྟགས་དང༌། ཕྱོགས་དང། ལྷག་པའི་བསམ་པ་དང༌། གནས་པ་དང༌། སྐྱེ་བ་དང༌། ཡོངས་སུ་འཛིན་པ་དང༌། ས་དང༌། སྤྱོད་པ་དང༌། རབ་ཏུ་གནས་པའོ། །སྡོམ་ལ། གཞི་དང་རྟགས་དང་ཕྱོགས་རྣམས་དང༌། །ལྷག་པའི་བསམ་དང་གནས་པ་དང༌། །སྐྱེ་དང་ཡོངས་སུ་འཛིན་དང་ས། །སྤྱོད་དང་རབ་གནས་ཐ་མ་ཡིན། །དེ་ལ་གཞི་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའི་རང་གི་རིགས་དང༌། དང་པོ་སེམས་བསྐྱེད་པ་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ནི་གཞི་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་རིགས་ལ་བརྟེན་ཅིང་གནས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་


DTG129_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་བ་ཅན་དུ་འགྱུར་ཞིང༌། མཐུ་ཡོད་པར་འགྱུར་བའི་ཕྱིར་ཏེ། དེ་ལྟ་བས་ན་རིགས་ནི་སྐལ་བ་དང་ལྡན་པའི་གཞི་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་དང་པོ་སེམས་བསྐྱེད་པ་ལ་བརྟེན་ཅིང་གནས་ནས། སྦྱིན་པ་ལ་ཡང་སྦྱོར་བར་བྱེད། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་སྦྱོར་བར་བྱེད་དོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་བསོད་ནམས་ཀྱི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་སྦྱོར་བར་བྱེད་པའི་ཕྱིར་ཏེ། དེ་ལྟ་བས་ན་དང་པོ་སེམས་བསྐྱེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བ་དེ་ནི་གཞི་ཞེས་བྱའོ། །འདི་ལ་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བ་དེ་ཉིད་ལ་བརྟེན་ཅིང་གནས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་ཏེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བ་དེ་ནི། བྱང་ཆུབ་ཆེན་པོ་ཡོངས་སུ་རྫོགས་པ་དེའི་གཞི་ཞེས་བྱའོ། །གང་ཟག་རིགས་ལ་གནས་པ་མ་ཡིན་པ་རིགས་མེད་པ་ནི་སེམས་ཀྱང་སྐྱེད་ཅིང་འབད་པ་ལ་ཡང་དག་པར་གནས་པ་ཡོད་དུ་ཟིན་ཀྱང༌། བླ་ན་མེད་


DTG129_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་འགྱུར་བའི་སྐལ་བ་མེད་དོ། །དེ་ལྟ་བས་ན་རྣམ་གྲངས་འདིས་ནི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ཀྱང་མ་བསྐྱེད་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བ་མ་བྱས་ཀྱང༌། རིགས་ནི་གཞི་ཡིན་པར་རིག་པར་བྱའོ། །གལ་ཏེ་རིགས་ལ་གནས་ཀྱང་སེམས་སྐྱེད་པར་མི་བྱེད་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་དག་ལ་ཡང་སྦྱོར་བར་མི་བྱེད་ན་ནི་སྐལ་བ་ཡོད་ཀྱང་བྱང་ཆུབ་མྱུར་དུ་འགྲུབ་པར་མི་འགྱུར་རོ། །དེ་ལས་བཟློག་པ་ནི་མྱུར་དུ་འགྲུབ་པར་རིག་པར་བྱའོ། །རིགས་དེ་ནི་གཞི་ཞེས་ཀྱང་བྱ། རྟོན་པ་དང། རྒྱུ་དང༌། རྟེན་པ་དང༌། ཉེར་གནས་དང༌། སྔོན་དུ་འགྲོ་བ་དང༌། གནས་ཞེས་ཀྱང་བྱའོ། །རིགས་ཇི་ལྟ་བ་བཞིན་དུ་དང་པོ་སེམས་བསྐྱེད་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཀྱང་དེ་དང་འདྲའོ། །དེ་ལ་རིགས་གང་ཞེ་ན། མདོར་ན་རྣམ་པ་གཉིས་ཏེ། རང་བཞིན་གྱིས་གནས་པ་དང། ཡང་དག་པར་བསྒྲུབས་པའོ། །དེ་ལ་རང་བཞིན་གྱིས་གནས་པའི་རིགས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ། དེ་ནི་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ་ཐོག་མ་མེད་པའི་དུས་ཅན་ཆོས་ཉིད་ཀྱིས་ཐོབ་པ་དེ་ལྟ་བུ་ཡིན་ནོ། །དེ་ལ་ཡང་དག་པར་བསྒྲུབས་པའི་རིགས་ནི་སྔོན་དགེ་བའི་རྩ་བ་གོམས་པར་བྱས་པ་ལས་ཐོབ་པ་གང་ཡིན་པ་སྟེ། དོན་གྱི་སྐབས་འདིར་ནི་རྣམ་པ་གཉི་ག་ཡང་འདོད་དོ། །རིགས་དེ་ནི་ས་བོན་ཞེས་ཀྱང་བྱ། ཁམས་དེ་ནི་རང་བཞིན་ཞེས་ཀྱང་བྱའོ། །དེ་ཡང་འབྲས་བུ་ཡང་དག་པར་མ་གྲུབ་པ་ནི་འབྲས་བུ་མེད་པས་ཆ་ཕྲ་བ་ཡིན་ནོ། །འབྲས་བུ་ཡང་དག་པར་གྲུབ་པ་ནི་འབྲས་བུ་དང་བཅས་པར་རགས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་རིགས་དེ་དང་ལྡན་པ་རྣམས་ནི་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ལས་ཀྱང་འདས་པ་ཡིན་ན། སེམས་ཅན་གཞན་ཐམས་ཅད་ལྟ་ལས་ཅི་སྨོས་ཏེ། བླ་ན་མེད་པའི་ཁྱད་པར་ཅན་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མདོར་ན་རྣམ་པར་དག་པ་ནི་འདི་གཉིས་ཏེ། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་དང༌། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པ་ཡིན་ནོ། །དེ་ལ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རིགས་དེ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་


DTG129_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་པས་རྣམ་པར་དག་པར་འགྱུར་གྱི། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པས་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་རིགས་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་དང༌། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པས་ཀྱང༌། རྣམ་པར་དག་པར་འགྱུར་བའི་ཕྱིར་ཏེ། དེ་ལྟ་བས་ན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་བླ་ན་མེད་པ་ཞེས་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་རྣམ་པ་བཞིས་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་ལས་ཁྱད་པར་དུ་འཕགས་པར་རིག་པར་བྱ་སྟེ། བཞི་གང་ཞེ་ན། དབང་པོ་ལས་གྱུར་པ་དང༌། སྒྲུབ་པ་ལས་གྱུར་པ་དང༌། མཁས་པ་ལས་གྱུར་པ་དང༌། འབྲས་བུ་ལས་གྱུར་པའོ། །དེ་ལ་དབང་པོ་ལས་གྱུར་པའི་ཁྱད་པར་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་དབང་པོ་རྣོ་བ་ཡིན་ལ། རང་སངས་རྒྱས་ནི་དབང་པོ་འབྲིང་ཡིན། ཉན་ཐོས་ནི་དབང་པོ་རྟུལ་བ་ཡིན་ནོ། །དེ་ལ་སྒྲུབ་པ་ལས་གྱུར་པའི་ཁྱད་པར་ནི་འདི་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ནི་བདག་ལ་ཕན་པའི་ཕྱིར་ཞུགས་པ་ཡིན་ལ། བྱང་ཆུབ་སེམས་དཔའ་ནི་བདག་ལ་ཡང་ཕན་པ་དང༌། གཞན་ལ་ཡང་ཕན་པ་དང༌། སྐྱེ་བོ་མང་པོ་ལ་ཕན་པ་དང༌། སྐྱེ་བོ་མང་པོ་ལ་བདེ་བ་དང༌། འཇིག་རྟེན་ལ་སྙིང་བརྩེ་བ་དང༌། ལྷ་དང་མི་རྣམས་ཀྱི་སྐྱེ་བོ་ཕལ་པོ་ཆེའི་དོན་དང༌། ཕན་པ་དང་བདེ་བའི་ཕྱིར་ཞུགས་པ་ཡིན་ནོ། །དེ་ལ་མཁས་པ་ལས་གྱུར་པའི་ཁྱད་པར་ནི་འདི་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ནི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། གནས་དང་གནས་མ་ཡིན་པ་དང༌། བདེན་པ་ལ་མཁས་པར་བྱེད་ཅིང་བྱང་ཆུབ་སེམས་དཔའ་ནི་དེ་དག་དང༌། རིག་པའི་གནས་གཞན་ཐམས་ཅད་ལ་ཡང་མཁས་པར་བྱེད་དོ། །དེ་ལ་འབྲས་བུ་ལས་གྱུར་པའི་ཁྱད་པར་ནི་འདི་ཡིན་ཏེ། ཉན་ཐོས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པར་བྱེད་དོ། རང་སངས་རྒྱས་ནི་རང་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པར་བྱེད་དོ། །གང་དག་གིས་ན་འདི་ནི་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་གཞན་དག་གིས་དེ་ལྟར་ཤེས་པར་འགྱུར་བ་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་


DTG129_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་རྣམས་ཀྱི་རིགས་ཀྱི་རྟགས་ཡོད་པ་ནི་དྲུག་པོ་འདི་དག་ཡིན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ནི་འདི་ཡིན་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་སྦྱིན་པ་ལ་དགའ་བ་ཡིན་ཏེ། སྦྱིན་པར་བྱ་བའི་ཆོས་རྣམས་ཡོད་དེ་བདོག་ན་རྟག་ཏུ་རྒྱུན་མི་འཆད་པར་གཞན་དག་ལ་བགོ་བཤའ་བྱེད་པའི་ངང་ཚུལ་ཅན་ཡིན་ཏེ། རབ་ཏུ་དགའ་བའི་སེམས་ཀྱིས་སྦྱིན་པར་བྱེད་ཀྱི། ཡིད་མི་དགའ་བས་ནི་མ་ཡིན་ནོ། །ཉུང་དུ་ལས་ཀྱང་བགོ་བཤའ་བྱེད་པ་ཡིན་ཏེ། བཟང་པོ་སྦྱིན་པར་བྱེད་ཀྱི། ངན་པ་ནི་མ་ཡིན་ནོ། །སྦྱིན་པ་མི་བྱེད་མ་བྱིན་པར་ལེན་པ་ལ་ཡང་འཛེམ་པར་བྱེད་དོ་ཟེར་རོ། །གཞན་དག་ལ་ཡང་སྦྱིན་པའི་བསྔགས་པ་རྗོད་པར་བྱེད་དོ། །དེ་དག་ཀྱང་སྦྱིན་པ་ལ་འདུན་པ་སྐྱེད་དུ་འཇུག་པར་བྱེད་དོ། སྦྱིན་ཕོད་པ་མཐོང་ན་ཡང་ཡི་རངས་པ་དང༌། ཡིད་བདེ་པར་འགྱུར་རོ། །བླ་མ་རྣམས་དང༌། རྒན་རབས་རྣམས་དང༌། ཡོན་གནས་རྣམས་དང༌། བཀུར་སྟི་བྱ་བར་འོས་པ་རྣམས་ལ་ཡང་ལངས་ནས་སྟན་སྟོབས་པར་བྱེད་དོ། །སེམས་ཅན་གྱི་བྱ་བ་དག་ལ་དྲིས་ཀྱང་རུང༌། མ་དྲིས་ཀྱང་རུང་སྟེ། དེ་དང་དེ་དག་ལ་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ཏུ་བདེ་བར་འགྱུར་བའི་རིགས་པའི་མན་ངག་སྦྱིན་པར་བྱེད་དོ། །རྒྱལ་པོ་དང༌། དགྲ་དང༌། ཆོམ་རྐུན་དང༌། མེ་དང༌། ཆུ་ལ་སོགས་པས་འཇིགས་སྐྲག་པའི་སེམས་ཅན་རྣམས་ལ་མི་འཇིགས་པ་སྦྱིན་པར་བྱེད་ཅིང༌། དེ་དག་ལ་འཇིགས་པ་སྣ་ཚོགས་མང་པོ་དྲག་པོ་དེ་ལས་ཀྱང་ཅི་ནུས་ཀྱིས་ཡོངས་སུ་སྐྱོབ་པར་བྱེད་དོ། །དེའི་ལག་ཏུ་གཞན་གྱི་ནོར་གཏམས་ན་ཡང་དོར་མི་བྱེད་དོ། །གཞན་གྱི་བུ་ལོན་ཆགས་ན་ཡང་སླུ་བར་མི་བྱེད་ཅིང་དོར་མི་བྱེད་དོ། །རང་གི་རིགས་བརྒྱུད་ལ་ཡང་གཡོ་མི་བྱེད་ཅིང༌། ཀླན་ཀ་མི་ཚོལ་ལོ། །ནོར་བུ་དང༌། མུ་ཏིག་དང༌། བཻ་ཌཱུ་ཪྻ་དང༌། དུང་དང༌། མན་ཤེལ་དང༌། བྱི་རུ་དང༌། གསེར་དང༌། དངུལ་དང༌། རྡོའི་སྙིང་པོ་དང༌། སྤུག་དང༌། རིན་པོ་ཆེ་དམར་པོ་དང༌། གཡས་སུ་འཁྱིལ་པ་ལ་སོགས་པ་ཡོ་བྱད་ཀྱི་རྣམ་པ་དག་ལ་རྨོངས་ཤིང་སེམས་


DTG129_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཅི་ལོག་ཏུ་གྱུར་པ་ལ་ཡང༌། དེ་ཅི་ནས་གཞན་གྱིས་ཀྱང་སླུ་བར་མི་འགྱུར་བར་ཡང་དག་པར་ཁོང་དུ་ཆུད་པར་བྱེད་ན། དེ་ལ་བདག་ཉིད་ཀྱིས་སླུ་བར་ལྟ་ག་ལ་བྱེད། རང་བཞིན་གྱིས་ལོངས་སྤྱོད་རྒྱ་ཆེན་པོ་ལ་མོས་པ་ཡིན་ལ། དེ་ལ་ལོངས་སྤྱོད་དང་ཡོངས་སུ་སྤྱོད་པ་རྒྱ་ཆེན་པོ་ཐམས་ཅད་ལ་ཡང་སེམས་འཇུག་པར་བྱེད་དོ། །ལས་ཀྱི་མཐའ་རྒྱ་ཆེན་པོ་དག་ལ་མོས་པ་ཡིན་གྱི་འདུ་བའི་སྒོ་ཆུང་དུ་དག་ལ་མ་ཡིན་ནོ། །འཇིག་རྟེན་ན་ཞུགས་པ་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། བུད་མེད་ལ་ཞུགས་པ་དང༌། ཆང་ལ་ཞུགས་པ་དང༌། རྒྱན་པོ་ལ་ཞུགས་པ་དང༌། ཟློས་གར་མཁན་དང༌། བྲོ་གར་མཁན་དང༌། བཞད་གད་བྱེད་པ་དང༌། འཇོ་སྒེག་བྱེད་པ་ལ་སོགས་པ་ལ་ལྟ་བ་ལ་ཞུགས་པ་དང༌། དེ་ལྟ་བུ་དག་ལ་ཞུགས་པ་ལས་མྱུར་བ་མྱུར་བར་འདོད་ཆགས་དང་བྲལ་བ་ཐོབ་པར་འགྱུར་ཏེ། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་སྟོན་ཏོ། །ལོངས་སྤྱོད་རྒྱ་ཆེན་པོ་དག་རྙེད་ན་ཡང་ཤས་ཆེར་བརྐམ་པར་མི་འགྱུར་ན། ཆུང་ངུ་ལ་ལྟ་ཅི་སྨོས་ཏེ། དེ་ལྟར་འདི་ལྟ་བུ་དག་དང་མཐུན་པ་འདི་དག་ནི། བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ནི་འདི་དག་ཡིན་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་ལུས་དང་ངག་གི་ལས་མི་དགེ་བ་ཆུང་ངུ་དང་ལྡན་པ་ཡིན་གྱི། ཤིན་ཏུ་དྲག་པོ་དང༌། སེམས་ཅན་ལ་ཤིན་ཏུ་གནོད་པ་དང་ལྡན་པ་མ་ཡིན་ཏེ། སྡིག་པའི་ལས་ཤིག་བྱས་སུ་ཟིན་ཀྱང་མྱུར་བ་མྱུར་བར་འགྱོད་པར་འགྱུར་ལ། དེ་ལ་ཡང་འཛེམ་བཞིན་དུ་སྤྱོད་ཀྱི་དགའ་བཞིན་བས་མ་ཡིན་ནོ། །སེམས་ཅན་རྣམས་ལ་ལག་པ་དང༌། བོང་བ་དང༌། དབྱིག་པ་དང༌། མཚོན་ཆ་ལ་སོགས་པས་རྣམ་པར་མི་འཚེ་བའི་རང་བཞིན་ཅན་ནོ། །རང་བཞིན་གྱིས་མཉེས་གཤིན་པ་དང༌། སེམས་ཅན་རྣམས་ལ་དགའ་བ་ཡིན་ནོ། །བཀུར་སྟི་བྱ་བར་འོས་པ་རྣམས་ལ་ཡང་དུས་སུ་གུས་པར་སྨྲ་བ་དང༌། ཕྱག་བྱ་བ་དང༌། ལྡང་བ་དང༌། ཐལ་མོ་སྦྱོར་བ་དང༌། འདུད་པའི་ལས་ཀྱིས་བསྙེན་བཀུར་བྱེད་པ་ཡིན། མཐུན་པར་འཛིན་པ་དང༌། ཤེས་ཉེན་ཅན་དང༌། ཕ་རོལ་གྱི་སེམས་དང་མཐུན་


DTG129_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཇུག་པ་ཡིན། འཛུམ་པ་སྔོན་དུ་གཏོང་བ་དང༌། བཞིན་གྱི་མདངས་འབྱིན་པ་དང༌། ཁྲོ་གཉེར་མེད་པ་དང༌། གསོང་པོར་སྨྲ་བ་ཡིན་ནོ། །སེམས་ཅན་རྣམས་ལ་ཕན་འདོགས་པ་རྣམས་ལ་བྱས་པ་གཟོ་ཞིང་བྱས་པ་ཤེས་པ་ཡིན། སེམས་ཅན་སློང་བ་རྣམས་ལ་དྲང་པོར་བྱེད་ཀྱི། དེ་དག་ལ་གཡོ་དང་སྒྱུས་སླུ་བར་མི་བྱེད་དོ། །ཆོས་ཀྱིས་བབ་ཆེ་ལ་མ་ཡིན་པར་ལོངས་སྤྱོད་སྒྲུབ་པར་བྱེད་ཀྱི་ཆོས་མ་ཡིན་པས་ནི་མ་ཡིན་ནོ། །རང་བཞིན་གྱིས་ཀྱང་བསོད་ནམས་ལ་དགའ་བ་ཡིན་ཏེ། གཞན་བསོད་ནམས་བྱེད་པ་དག་ལ་ཡང་སྟོད་པར་བྱེད་ན། བདག་ཉིད་བྱེད་པ་ལྟ་ཅི་སྨོས། འདི་ལྟ་སྟེ་གཞན་དག་ལ་གསོད་པ་དང༌། འཆིང་བ་དང༌། གཅོད་པ་དང༌། རྡེག་པ་དང༌། སྨོད་པ་དང༌། བསྡིགས་པ་ལ་སོགས་པ་བྱེད་པ་མཐོང་ཡང་རུང༌། ཐོས་ཀྱང་རུང་སྟེ། གཞན་ལ་གནོད་པས་ཤིན་ཏུ་གནོད་པར་འགྱུར་རོ། །ཆོས་ཡང་དག་པར་བླང་བ་ཆེད་ཆེར་འཛིན་པ་དང༌། ཚེ་ཕྱི་མ་ཆེད་ཆེར་འཛིན་པ་ཡིན་ཏེ། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་ན་མང་པོ་ལྟ་ལ་ཅི་སྨོས། གཞན་གྱི་ལས་དང་གཞན་གྱི་བྱ་བ་དག་ལ་གྲོགས་བྱེད་དུ་འགྲོ་སྟེ། འདི་ལྟ་སྟེ་ཞིང་ལས་དང༌། ཚོང་བྱ་བ་དང༌། བ་ལང་འཚོ་བ་དང༌། རྒྱལ་པོའི་ཞ་འབྲིང་བྱ་བ་དང༌། ཡི་གེ་བྲི་བ་དང༌། རྩིས་བྱ་བ་དང༌། ཤོད་དགོད་པ་དང༌། གྲངས་བཟུང་བ་དང༌། ལག་རྩིས་བྱ་བ་དང༌། རྗེ་བོ་དང་བསྡུམས་པ་དང༌། ཁྱིམ་མི་དང་བསྡུམས་པ་དང༌། མཛའ་བཤེས་དང་མི་མཛའ་བ་བསྡུམས་པ་དང༌། རྒྱལ་པོ་དང་བསྡུམས་པ་དང༌། ལོངས་སྤྱོད་རྣམས་སྒྲུབ་པ་དང༌། བསྲུང་བ་དང༌། བསྡུ་བ་དང༌། ཕྱིར་འགྱེད་པ་དང༌། གཏོང་བ་དང༌། བག་མ་གཏོང་བ་དང༌། བག་མ་ལེན་པ་དང༌། ལྷག་པར་ཟ་བ་དང༌། འདུས་ཤིང་ཟ་བ་རྣམས་དང༌། དེ་ལྟ་བུ་དང་མཐུན་པ་དག་ལ་གྲོགས་བྱེད་དུ་འགྲོ་བར་བྱེད་ཀྱི། བདག་དང་གཞན་དག་ལ་གནོད་པ་དང༌། སྡུག་བསྔལ་བ་དང༌། ཕན་པར་མི་འགྱུར་བ་གང་དག་ཡིན་པའི་འཐབ་མོ་དང༌། མཚང་འདྲུ་བ་དང༌། འགྱེད་པ་དང༌། རྩོད་པ་རྣམས་དང༌། ཕ་རོལ་ལ་རྣམ་པར་འཆེ་བའི་ལས་གཞན་དག་ལ་ནི་མ་ཡིན་ནོ། །བྱ་བ་མ་ཡིན་པ་འདི་ལྟ་སྟེ། སྡིག་པ་མི་དགེ་བ་བཅུའི་ལས་ཀྱི་ལམ་དག་ལས་ཀྱང་དེ་དག་ཟློག་པར་བྱེད་དོ། །གཞན་གྱི་དབང་དུ་བྱེད་ཅིང༌། གཞན་ལ་


DTG129_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

རག་ལས་པར་བྱེད་དེ། བཟོད་པ་དང༌། ཚུལ་ཁྲིམས་མཚུངས་པའི་ཕྱིར། གཞན་དག་གིས་བདག་གི་དོན་འདོར་དུ་བཅུག་ནས། རང་གི་དོན་ལ་ཅི་དགའ་མགུར་བསྐོ་བར་བྱེད་དོ། །སེམས་མཉེན་ཞིང་སེམས་དེས་པ་ཡིན་ལ། ཀུན་ནས་མནར་སེམས་དང༌། ཁོང་ཁྲོ་བའི་སེམས་ཡུན་རིང་དུ་འཛིན་པར་མི་བྱེད་དེ། གཞན་དུ་ན་དེའི་མོད་ལ་དེའི་སེམས་བཟང་པོར་འགྱུར་རོ། །བདེན་པ་ཆེད་ཆེར་འཛིན་པ་ཡིན་ཏེ། ཡང་དག་པ་མ་ཡིན་པའི་ཚིག་གིས་གཞན་ལ་སླུ་བར་མི་བྱེད་དོ། །གཞན་དག་གི་མཛའ་བཤེས་ལ་དབྱེ་ན་བྱ་བར་མི་དགའ་ཞིང་མི་བྱེད་དོ། །མ་གཙིགས་པ་དང༌། མི་དགོས་པ་དང༌། དོན་མེད་པ་དང༌། བབ་ཆོལ་དུ་ཡང་སྨྲ་བར་མི་བྱེད་དོ། །བདག་གི་བྲན་ལ་སོགས་པ་གཡོག་འཁོར་རྣམས་ལ་ཡང་སྙན་པར་སྨྲ་ཞིང་ཕ་རོལ་གྱི་ཞེ་གཅོད་པ་མི་སྨྲ་ན་གཞན་དག་ལྟ་ལ་ཅི་སྨོས་ཡོན་ཏན་ལ་དགའ་བ་ཡིན་ཏེ། གཞན་དག་གི་ཡང་དག་པའི་བསྔགས་པ་རྗོད་པར་བྱེད་དེ། དེ་ལྟར་འདི་ལྟ་བུ་དང་མཐུན་པ་རྣམས་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ནི་འདི་དག་ཡིན་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་གཞན་དག་གིས་གནོད་པ་བྱས་ཀྱང་རང་བཞིན་གྱིས་ཀུན་ནས་མནར་སེམས་སུ་མི་བྱེད་ལ་གནོད་པར་ཡང་མི་བྱེད་དོ། །གྲོས་བཏབ་ན་ཡང་མྱུར་དུ་ཉན་པར་བྱེད་ལ་ཞེ་ལ་མི་འཛིན་ཅིང༌། ཡུན་རིང་དུ་འཁོན་དུ་འཛིན་པར་མི་བྱེད་དེ། དེ་ལྟར་འདི་ལྟ་བུ་དང་མཐུན་པ་རྣམས་ནི་བྱང་ཆུབ་སེམས་དཔའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ནི་འདི་དག་ཡིན་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་འབད་པ་དང་ལྡན་པ་ཡིན་ཏེ། ནང་བར་སྔར་ལྡང་ཞིང་དགོངས་ཀར་ཉལ་བར་བྱེད་པ་དང༌། གཉིད་ཀྱི་བདེ་བ་དང༌། ཉལ་བའི་བདེ་བ་དང༌། གློས་དབབ་པའི་བདེ་བ་ཧ་ཅང་ཉམས་སུ་ལེན་པར་མི་བྱེད་པ་དང༌། བྱ་བ་ཞིག་བྱུང་ན་དོན་དེ་འགྲུབ་པར་བྱ་བའི་ཕྱིར་བྱེད་མི་འདོད་པ་ཟིལ་གྱིས་མནན་ཏེ། ལེ་ལོ་ལ་སོ་སོར་བརྟགས་ནས། རྩོམ་


DTG129_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་དང༌། བྱ་བ་ཐམས་ཅད་རྩོལ་བ་ལ་ཡང་ངེས་པར་བརྟན་པ་ཡིན་ཏེ། མ་བྱས་སམ་མ་ཟིན་གྱི་བར་དུ། ཐམས་ཅད་ཀྱི་ཐམས་ཅད་དུ་བརྩོན་པ་མི་འདོར་ཞིང༌། བར་མ་དོར་ཡང་སྒྱིད་ལུག་པར་མི་བྱེད་པ་དང༌། དོན་གྱི་མཆོག་རྒྱ་ཆེན་པོ་དག་ལ་ཡང་སེམས་ཞུམ་པར་མི་བྱེད་ཅིང༌། བདག་ལ་ཁྱད་དུ་གསོད་པར་མི་བྱེད་པ་དང༌། བདག་གིས་ནི་འདི་དག་རྟོགས་པར་ནུས་ཏེ། ཞོ་ཤ་དང་ལྡན་ནོ་སྙམ་དུ་སྤྲོ་བ་བསྐྱེད་པ་དང༌། ཚོགས་པ་ཆེན་པོའི་ནང་དུ་འགྲོ་བའམ། གཞན་དག་དང་འགྱེད་པར་རམ། ཕྱིར་བརྒལ་བའམ། དེ་ལས་གཞན་པའི་ལས་དཀའ་བ་དག་ལ་ཡང་བརྟེན་པ་ཡིན་ཞིང། དོན་དང་ལྡན་པའི་བརྩལ་བ་ཆེན་པོ་དག་ལ་ཡང་ཤས་ཆེར་སྐྱོ་བར་མི་བྱེད་ན། ཆུང་ངུ་དག་ལྟ་ལ་ཅི་སྨོས་ཏེ། དེ་ལྟར་འདི་ལྟ་བུ་དང་མཐུན་པ་རྣམས་ནི་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ནི་འདི་དག་ཡིན་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་དོན་ལ་ངེས་པར་སེམས་པ་ན་རང་བཞིན་གྱིས་གཡེང་བ་མི་མང་བ་དང༌། དགོན་པ་ནགས་ཚལ་གྱི་གནས། བས་མཐའི་གནས་མལ་མི་རྣམས་ཀྱིས་དབེན་པར་གྱུར་པ་སྡིག་པའི་སྐྱེ་བོ་མེད་པ། ནང་དུ་ཡང་དག་འཇོག་དང་འཚམ་པ་དག་མཐོང་ངམ་ཐོས་པ་ན། ཀྱེ་མ་མངོན་པར་འབྱུང་བ་དང༌། རབ་ཏུ་དབེན་པ་ནི་བདེའོ་ཞེས་མངོན་པར་འབྱུང་བ་དང༌། རབ་ཏུ་དབེན་པ་ལ་ཤིན་ཏུ་སྤྲོ་བ་སྐྱེད་དོ། །རང་བཞིན་གྱིས་ཀྱང་ཉོན་མོངས་པ་ཤས་ཆུང་ཞིང་སྒྲིབ་པ་ཤས་ཆུང་བ་ལ་གནས་ངན་ལེན་ཤས་ཆུང་བ་ཡིན་ནོ། །དེ་རབ་ཏུ་དབེན་པ་ན་གནས་ཤིང༌། རང་གི་དོན་ལ་ཡོངས་སུ་རྟོག་པ་ན། སྡིག་པ་ཅན་གྱི་རྟོག་པ་རུང་བ་མ་ཡིན་པ་དག་གིས་ཤིན་ཏུ་སེམས་འཁྲུག་པར་མི་འགྱུར་ཞིང་ཡོངས་སུ་བཟུང་ནས་མི་གནས་སོ། །མི་མཛའ་བའི་ཕྱོགས་ལ་ཡང་མྱུར་བ་མྱུར་བར་བྱམས་པའི་སེམས་ཉེ་བར་འཇོག་པར་བྱེད་ན། མཛའ་བོ་དང་ཐ་མལ་པའི་ཕྱོགས་ལྟ་ལ་ཅི་སྨོས། སེམས་ཅན་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་སྡུག་བསྔལ་བ་དག་མཐོང་ངམ་ཐོས་ན་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་དེ། སེམས་ཅན་དེ་དག་གི་སྡུག་བསྔལ་བསལ་བའི་ཕྱིར། ཅི་ནུས་ཅི་


DTG129_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ལྕོགས་ཀྱིས་ཉམས་སུ་ལེན་པར་བྱེད་དོ། །རང་བཞིན་གྱིས་ཀྱང་སེམས་ཅན་རྣམས་ལ་ཕན་པར་འདོད་པ་དང༌། བདེ་བར་འདོད་པ་ཡིན་ནོ། །རྒུད་པར་གྱུར་པ་ཉ་དུས་སྡུག་བསྔལ་བའམ། ལོངས་སྤྱོད་ཀྱིས་སྡུག་བསྔལ་བའམ། བསད་པའམ། བཅིངས་པའམ། སྤྱུགས་པའམ། དེ་ལྟ་བུ་དང་མཐུན་པའི་རྒུད་པ་དག་ལ་ཡང་མི་དགའ་བ་མེད་པ་ཡིན་ནོ། །ཡིད་ཀྱང་གཞུངས་ཏེ། ཆོས་རྣམས་བླངས་པ་དང༌། གཟུང་བ་དང༌། ཤིན་ཏུ་འཛིན་པར་ནུས་སོ། །དྲན་པའི་སྟོབས་དང་ཡང་ལྡན་པ་ཡིན་ཏེ། དེས་བྱས་ནས་ཡུན་རིང་དུ་ལོན་པ་དང༌། བཤད་ནས་ཡུན་རིང་དུ་ལོན་པ་ཡང་རྗེས་སུ་དྲན་ལ། གཞན་དག་ལ་ཡང་རྗེས་སུ་དྲན་པར་བྱེད་དོ། །དེ་ལྟར་འདི་ལྟ་བུ་དང་མཐུན་པ་རྣམས་ནི་བྱང་ཆུབ་སེམས་དཔའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ནི་འདི་དག་ཡིན་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་རིག་པའི་གནས་ཤེས་བྱ་ཐམས་ཅད་ལ་འཇུག་པར་བྱ་བའི་ཕྱིར་ལྷན་ཅིག་སྐྱེས་པའི་ཤེས་རབ་དང་ལྡན་པ་ཡིན། ཡིད་མི་རྟུལ་བ་ཡིན། བློ་མི་ཞན་པ་ཡིན། རྨོངས་པའི་རང་བཞིན་ཅན་མ་ཡིན་ནོ། །བག་མེད་པའི་གནས་དེ་དང་དེ་དག་སྤོང་བ་ལ་སོ་སོར་རྟོག་པའི་མཐུ་དང་ལྡན་པ་ཡིན་ཏེ། དེ་ལྟར་འདི་ལྟ་བུ་དང་མཐུན་པ་རྣམས་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ཡིན་པར་རིག་པར་བྱ་སྟེ། དེ་དག་ནི་བྱང་ཆུབ་སེམས་དཔའི་རིགས་ཀྱི་རྟགས་རགས་པ་དང༌། རྗེས་སུ་དཔག་ཏུ་རུང་བ་ཡིན་པར་རིག་པར་བྱའོ། །ཡང་དག་པའི་དོན་དུ་ངེས་པར་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཉིད་ཀྱིས་མངོན་སུམ་དུ་གཟིགས་པར་ཟད་དོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་དེ་ནི་རང་བཞིན་གྱིས་དེ་ལྟར་ཡོན་ཏན་དང་ལྡན་ཞིང་བཟང་ལ། དགེ་བ་དང༌། དཀར་པོའི་ཆོས་དང་ལྡན་པ་དེའི་ཕྱིར་དེ་བཞིན་གཤེགས་པའི་གོ་འཕང་དེ་ཙམ་དུ་བསྐྱེད་པར་དཀའ་བ། གཙོ་བོར་གྱུར་པ། བསམ་གྱིས་མི་ཁྱབ་པ། མི་གཡོ་བ། བླ་ན་མེད་པ་དེ་འཐོབ་པའི་རྒྱུར་རུང་གི །དེ་མ་ཡིན་དུ་ཟིན་ན་ནི་མི་རུང་ངོ༌། །བྱང་ཆུབ་སེམས་དཔའ་ནི་ཇི་སྲིད་དུ་


DTG129_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོའི་ཆོས་དང་མི་མཐུན་པ་ཉེ་བའི་ཉོན་མོངས་པ་བཞི་ལས། ཟད་པར་རམ། ཁ་ཅིག་གིས་ཉེ་བའི་ཉོན་མོངས་པ་ཅན་དུ་མ་གྱུར་པ་དེ་སྲིད་དུ། རང་བཞིན་གྱིས་འདི་ལྟར་དགེ་བའི་ཆོས་དེ་དག་དང་ལྡན་པར་འགྱུར་རོ། །གང་གི་ཚེ་ཉེ་བའི་ཉོན་མོངས་པ་ཅན་དུ་གྱུར་པ་དེའི་ཚེ། དེ་དཀར་པོའི་ཆོས་འདི་དག་ལ་ཡང་མི་སྣང་ལ། ངན་སོང་དག་ཏུ་ཡང་སྐབས་འགའ་སྐྱེ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ནི་ངན་སོང་དུ་སྐྱེས་ན་ཡང༌། རིགས་ཀྱིས་བསྒྱུར་བས་དེ་ལས་གཞན་པའི་སེམས་ཅན་ངན་སོང་དུ་སྐྱེས་པ་རྣམས་ལས་ཤས་ཆེར་ཁྱད་པར་དུ་འཕགས་པར་རིག་པར་བྱའོ། །འདི་ལ་བྱང་ཆུབ་སེམས་དཔའ་ནི་ཡུན་རིང་མོ་ཞིག་ནས་བརྒྱ་ལམ་བརྒྱ་ལམ་ན་ངན་སོང་དུ་སྐྱེ་བར་ཟད་དེ། སྐྱེས་པར་གྱུར་ན་ཡང་ངན་སོང་དག་ནས་མྱུར་དུ་ཡོངས་སུ་ཐར་བར་འགྱུར་ལ། ཇི་ལྟར་སེམས་ཅན་གཞན་དག་ངན་སོང་དུ་སྐྱེས་པ་དེ་བཞིན་དུ་ངན་སོང་དུ་སྡུག་བསྔལ་དྲག་པོ་ཚོར་བ་མྱོང་བར་མི་འགྱུར་ཏེ། སྡུག་བསྔལ་གྱི་ཚོར་བ་ཤིན་ཏུ་ཆུང་ངུ་དེས་རེག་ན་ཡང་ཤས་ཆེར་སྐྱོ་བ་སྐྱེད་པར་འགྱུར་རོ། །དེར་སྐྱེས་པའི་སེམས་ཅན་སྡུག་བསྔལ་བ་དེ་དག་ལ་ཡང་འདི་ལྟར་སངས་རྒྱས་ཀྱི་སྙིང་རྗེ་ཆེན་པོའི་རྒྱུའི་རིགས་དེ་ཉིད་ཀྱིས་བསྐུལ་བས། སྙིང་རྗེའི་སེམས་སྐྱེ་བར་འགྱུར་ཏེ། འདི་ལྟ་བུ་དང་མཐུན་པ་དག་གིས་ན། བྱང་ཆུབ་སེམས་དཔའ་ངན་སོང་དུ་སྐྱེས་པ་ནི་དེ་ལས་གཞན་པའི་སེམས་ཅན་ངན་སོང་དུ་སྐྱེས་པ་རྣམས་ལས་ཁྱད་པར་དུ་འཕགས་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་དཀར་པོའི་ཆོས་དང་མི་མཐུན་པའི་ཉེ་བའི་ཉོན་མོངས་པ་བཞི་པོ་དེ་དག་གང་ཞེ་ན། སྔོན་བག་མེད་པར་གྱུར་ཅིང་ཉོན་མོངས་པ་ལ་གོམས་པས་ཉོན་མོངས་པ་དྲག་པོ་དང༌། ཉོན་མོངས་པ་ཡུན་རིང་བ་འདི་ནི་ཉེ་བའི་ཉོན་མོངས་པ་དང་པོའོ། །བླུན་ཞིང་མི་མཁས་ལ་སྡིག་པའི་གྲོགས་པོ་ལ་བརྟེན་པ་འདི་ནི་ཉེ་བའི་ཉོན་མོངས་པ་གཉིས་པའོ། །བླ་མ་དང༌། རྗེ་བོ་དང༌། རྒྱལ་པོ་དང༌། ཆོམ་རྐུན་དང༌། ཕྱིར་རྒོལ་བ་ལ་སོགས་པས་ནན་གྱིས་མནན་ཏེ། བདག་ལ་དབང་མེད་པ་དང༌། སེམས་ཀྱི་འཁྲུལ་པ་འདི་ནི་ཉེ་བའི་ཉོན་མོངས་པ་གསུམ་པའོ། །ཡོ་བྱད་མེད་ཅིང་འཚོ་བ་ལ་ལྟ་བ་འདི་ནི་ཉེ་བའི་ཉོན་མོངས་པ་བཞི་པའོ། །


DTG129_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་རིགས་དང་ལྡན་པ་ཡང་རྒྱུ་བཞིས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །བཞི་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་དང་པོ་ཉིད་ནས་ཀྱང་དགེ་བའི་བཤེས་གཉེན་སངས་རྒྱས་སམ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ལམ་ཕྱིན་ཅི་མ་ལོག་པར་སྟོན་པ་དང་མ་ཕྲད་པ་འདི་ནི་རྒྱུ་དང་པོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དང་ཕྲད་དུ་ཟིན་ཀྱང་བྱང་ཆུབ་སེམས་དཔའི་བསླབ་པ་དག་ལ་ཕྱིན་ཅི་ལོག་ཏུ་འཛིན་ཅིང༌། ཕྱིན་ཅི་ལོག་ཏུ་སློབ་པ་འདི་ནི་རྒྱུ་གཉིས་པའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དང་ཡང་ཕྲད་ལ། བྱང་ཆུབ་སེམས་དཔའི་བསླབ་པ་དག་ལ་ཕྱིན་ཅི་ལོག་ཏུ་མི་སློབ་ཏུ་ཟིན་ཀྱང༌། སྦྱོར་བ་དེ་ལ་སྦྱོང་བ་གཡེལ་ཞིང་ལེ་ལོ་བྱེད་པ་ཡིན་ཏེ། ཤས་ཆེར་རྒྱུན་དུ་བརྩོན་པ་དང་མི་ལྡན་པ་འདི་ནི་རྒྱུ་གསུམ་པའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དང་ཡང་ཕྲད་ལ་བྱང་ཆུབ་སེམས་དཔའི་བསླབ་པ་དག་ལ་ཡང་ཕྱིན་ཅི་མ་ལོག་པར་སློབ་ཅིང༌། སྦྱོར་བ་དེ་ལ་བརྩོན་འགྲུས་བརྩམས་སུ་ཟིན་ཀྱང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡུན་རིང་དུ་ཉམས་འོག་ཏུ་ཆུད་པར་མ་བྱས་པས་དབང་པོ་ཡོངས་སུ་མ་སྨིན་པ་དང་བྱང་ཆུབ་ཀྱི་ཕྱོགས་ཡོངས་སུ་མ་རྫོགས་པ་འདི་ནི་རྒྱུ་བཞི་པ་སྟེ། རིགས་ཡོད་དུ་ཟིན་ཀྱང་རྒྱུ་འདི་དག་དང་ལྡན་པའི་ཕྱིར་བྱང་ཆུབ་མི་ཐོབ་ལ། མི་ལྡན་ན་ནི་ཐོབ་པར་འགྱུར་རོ། །རིགས་མེད་ན་ནི་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་དུ་བྱང་ཆུབ་ཐོབ་པར་མི་འགྱུར་བ་ཁོ་ནར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས། རིགས་ཀྱི་ལེའུ་སྟེ་དང་པོའོ།། །།འདི་ལ་བྱང་ཆུབ་སེམས་དཔའི་དང་པོའི་སེམས་བསྐྱེད་པ་ནི་བྱང་ཆུབ་སེམས་དཔའི་ཡང་དགེ་བའི་སྨོན་ལམ་ཐམས་ཅད་ཀྱི་ནང་ན་ཡང་དག་པའི་སྨོན་ལམ་གྱི་དང་པོ་ཡིན་ཏེ། དེ་ལས་གཞན་པའི་ཡང་དག་པའི་སྨོན་ལམ་རྣམས་སྡུད་པ་ཡིན་ནོ། །དེ་ལྟ་བས་ན་དེ་ནི་ཡང་དག་པའི་སྨོན་ལམ་དང་པོའི་ངོ་བོ་ཉིད་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་ཏུ་སེམས་ཀྱིས་སྨོན་ལམ་འདེབས་པ་ན། འདི་ལྟར་སེམས་མངོན་པར་འདུ་


DTG129_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཅིང༌། ཚིག་འདི་སྐད་ཅེས་ཀྱང་སྨྲས་ཏེ། ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱི་དོན་ཡང་བྱེད་ཅིང་ཤིན་ཏུ་མཐར་ཐུག་པའི་མྱ་ངན་ལས་འདས་པ་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་འགོད་པར་གྱུར་ཅིག་ཅེས་དེ་དེ་ལྟར་བདག་གི་བྱང་ཆུབ་དང་སེམས་ཅན་གྱི་དོན་སྒྲུབ་པ་ན། སེམས་སྐྱེད་པར་བྱེད་དོ། །དེ་ལྟ་བས་ན་སེམས་བསྐྱེད་པ་ནི་སྒྲུབ་པའི་རྣམ་པ་ཡིན་ནོ། །སེམས་བསྐྱེད་པ་དེ་ཡང་བྱང་ཆུབ་དེ་དང༌། སེམས་ཅན་གྱི་དོན་ལ་དམིགས་ནས་སྒྲུབ་པར་བྱེད་ཀྱི། དམིགས་པ་མེད་པར་ནི་མ་ཡིན་ཏེ། དེ་ལྟ་བས་ན་སེམས་བསྐྱེད་པ་དེ་ནི་བྱང་ཆུབ་ལ་དམིགས་པ་དང༌། སེམས་ཅན་གྱི་དོན་ལ་དམིགས་པ་ཡིན་ནོ། །སེམས་བསྐྱེད་པ་དེ་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་དགེ་བའི་རྩ་བ་ཐམས་ཅད་སྡུད་པའི་ཐོག་མར་འགྲོ་བའི་ཕྱིར། དགེ་བ་དང༌། མཆོག་ཏུ་དགེ་བ་དང༌། བཟང་བ་དང༌། མཆོག་ཏུ་བཟང་བ་དང༌། ལེགས་པ་དང༌། མཆོག་ཏུ་ལེགས་པའི་ཡོན་ཏན་དང་ལྡན་པ་དང༌། སེམས་ཅན་ཐམས་ཅད་ལ་བརྟེན་པའི་ལུས་དང་ངག་དང་ཡིད་ཀྱི་ཉེས་པ་སྤྱོད་པ་དང་མི་མཐུན་པ་ཡིན་ནོ། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་དང་པོ་སེམས་བསྐྱེད་པ་དེ་ནི་དེ་ལས་གཞན་པ་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་དོན་དག་ལ་ཡང་དག་པའི་སྨོན་ལམ་དགེ་བ་དེ་དག་ཐམས་ཅད་ཀྱི་ནང་ན་ཡང་དག་པའི་སྨོན་ལམ་གྱི་མཆོག་བླ་ན་མེད་པ་ཡིན་ནོ། །དེ་ལྟར་ན་དང་པོ་སེམས་བསྐྱེད་པ་དེ་ནི་ངོ་བོ་ཉིད་ལས་ཀྱང་རིག་པར་བྱ། རྣམ་པ་དང༌། དམིགས་པ་དང༌། ཡོན་ཏན་དང༌། ཁྱད་པར་དུ་འཕགས་པ་ལས་ཀྱང་མཚན་ཉིད་ལྔར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ནི་སེམས་དེ་བསྐྱེད་མ་ཐག་ཏུ་བླ་ན་མེད་པའི་བྱང་ཆུབ་ཐེག་པ་ཆེན་པོ་ལ་ཞུགས་པ་དང༌། འདི་ལྟ་སྟེ། བརྡ་དང༌། ཐ་སྙད་ཀྱི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡང་ཡིན་ཏེ། དེ་ལྟ་བས་ན་སེམས་བསྐྱེད་པ་དེ་ནི་འཇུག་པར་བསྡུས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དེ་བསྐྱེད་ནས་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་གྱི། མ་བསྐྱེད་པར་ནི་མ་


DTG129_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། དེ་ལྟ་བས་ན་སེམས་བསྐྱེད་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྩ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་ཅན་སྡུག་བསྔལ་བ་རྣམས་ལ་སྙིང་རྗེ་དང་ལྡན་ཞིང༌། ཡོངས་སུ་བསྐྱབ་པར་སེམས་པ་ཡང་སེམས་དེ་སྐྱེད་པར་བྱེད་དེ། དེ་ལྟ་བས་ན་སེམས་བསྐྱེད་པ་དེ་ནི་སྙིང་རྗེའི་རྒྱུ་མཐུན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་སེམས་བསྐྱེད་པ་དེ་ལ་བརྟེན་ཅིང་གནས་ནས། བྱང་ཆུབ་སེམས་དཔའི་བསླབ་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང༌། སེམས་ཅན་གྱི་དོན་བྱ་བ་དག་ལ་སྦྱོར་བར་བྱེད་དེ། དེ་ལྟ་བས། ན་སེམས་བསྐྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་ཀྱི་རྟེན་ཡིན་ཏེ། དེ་ལྟར་དང་པོ་སེམས་བསྐྱེད་པ་དེ་ནི་བསྡུ་བ་དང༌། རྩ་བ་དང༌། རྒྱུ་མཐུན་པ་དང༌། རྟེན་དུ་གྱུར་པ་ལས་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་དང་པོ་སེམས་བསྐྱེད་པ་དེ་ཡང་མདོར་ན་རྣམ་པ་གཉིས་ཏེ། ངེས་པར་འབྱིན་པ་དང༌། ངེས་པར་འབྱིན་པ་མ་ཡིན་པའོ། །དེ་ལ་ངེས་པར་འབྱིན་པ་ནི་གང་སྐྱེས་ནས་གཏན་དུ་འཇུག་ལ་ཕྱིར་ལྡོག་པར་མི་འགྱུར་བའོ། །ངེས་པར་འབྱིན་པ་མ་ཡིན་པ་དེ་ནི་གང་སྐྱེས་ནས་གཏན་དུ་མི་འཇུག་ལ་ཕྱིར་ལྡོག་པར་འགྱུར་བའོ། །སེམས་བསྐྱེད་པ་དེའི་ལྡོག་པ་ལ་ཡང་རྣམ་པ་གཉིས་ཏེ། གཏན་དུ་བ་དང༌། གཏན་དུ་བ་མ་ཡིན་པའོ། །དེ་ལ་གཏན་དུ་བ་ནི་འདི་ལྟར་སེམས་ལན་ཅིག་ལོག་ནས་ཕྱིས་བྱང་ཆུབ་ཀྱི་ཕྱིར་མི་སྐྱེ་བའོ། །གཏན་དུ་བ་མ་ཡིན་པ་ནི་འདི་ལྟར་སེམས་ལོག་ཀྱང་བྱང་ཆུབ་ཀྱི་ཕྱིར་ཡང་དང་ཡང་སྐྱེ་བར་འགྱུར་བའོ། སེམས་སྐྱེ་བ་དེ་ཡང་རྐྱེན་བཞི་དང༌། རྒྱུ་བཞི་དང༌། སྟོབས་བཞིས་སྐྱེ་བར་རིག་པར་བྱའོ། །དེ་ལ་རྐྱེན་བཞི་གང་ཞེ་ན། འདི་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་དེ་བཞིན་གཤེགས་པའམ། བྱང་ཆུབ་སེམས་དཔའི་ཆོ་འཕྲུལ་དང༌། མཐུ་བསམ་གྱིས་མི་ཁྱབ་པ་དང༌། རྨད་དུ་བྱུང་བ་མཐོང་ངམ། ཡིད་བརྟན་པ་ལས་ཐོས་ཀྱང་རུང་སྟེ། དེས་མཐོང་ངམ་ཐོས་ནས་འདི་སྙམ་དུ་སེམས་ཏེ། ཀྱེ་མ་གང་ལ་གནས་པར་འགྱུར་བའམ། ཞུགས་པར་གྱུར་པའི་མཐུ་འདི་ལྟ་བུ་དེ་དང༌། ཆོ་འཕྲུལ་དེ་ལྟ་བུ་དེ་མཐོང་བ་དང༌། ཐོས་པའི་བྱང་ཆུབ་དེ་ནི་མཐུ་ཆེ་བ་ཡིན་ནོ་སྙམ་


DTG129_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེ་མཐུ་མཐོང་བ་དང་ཐོས་པ་དེ་ཉིད་ཀྱི་དབང་དུ་བྱས་ཏེ། བྱང་ཆུབ་ཆེན་པོར་མོས་ཤིང་བྱང་ཆུབ་ཆེན་པོར་སེམས་སྐྱེད་པར་བྱེད་པ་འདི་ནི་སེམས་སྐྱེ་བའི་རྐྱེན་དང་པོའོ། །དེས་མཐུ་མཐོང་བའམ་ཐོས་པ་མེད་དུ་ཟིན་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ཏེ། བྱང་ཆུབ་ཀྱི་སྡེ་སྣོད་སྟོན་པ་ན་དམ་པའི་ཆོས་ཉན་པར་བྱེད་དོ། །མཉན་ནས་ཀྱང་མངོན་པར་དད་པར་བྱེད་དོ། །མངོན་པར་དད་ནས་ཀྱང་དམ་པའི་ཆོས་ཐོས་པའི་དབང་དུ་བྱས་ནས། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་མོས་ཤིང༌། དེ་བཞིན་གཤེགས་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། སེམས་སྐྱེད་པར་བྱེད་པ་འདི་ནི་སེམས་སྐྱེ་བའི་རྐྱེན་གཉིས་པའོ། །དེས་ཆོས་མ་ཐོས་སུ་ཟིན་ཀྱང་བྱང་ཆུབ་སེམས་དཔའི་དམ་པའི་ཆོས་ནུབ་ཏུ་ཆ་བར་ཉེ་བར་གྱུར་པ་དག་མཐོང་ངོ༌། །མཐོང་ནས་ཀྱང་ཡང་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བྱང་ཆུབ་སེམས་དཔའི་དམ་པའི་ཆོས་གནས་པ་ནི་སེམས་ཅན་དཔག་ཏུ་མེད་པ་དག་གི་སྡུག་བསྔལ་སེལ་བར་བྱེད་པ་ཡིན་གྱིས། བདག་གིས་འདི་ལྟ་སྟེ། སེམས་ཅན་འདི་དག་ཉིད་ཀྱི་སྡུག་བསྔལ་བསལ་བའི་ཕྱིར། བྱང་ཆུབ་སེམས་དཔའི་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་དོན་དུ་སེམས་བསྐྱེད་པར་བྱ་གོར་མ་ཆག་སྙམ་ནས། དེ་དམ་པའི་ཆོས་གཟུང་བ་ཉིད་ཀྱི་དབང་དུ་བྱས་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་མོས་ཤིང༌། དེ་བཞིན་གཤེགས་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། སེམས་སྐྱེད་པར་བྱེད་པ་འདི་ནི་སེམས་སྐྱེ་བའི་རྐྱེན་གསུམ་པའོ། །དེས་དམ་པའི་ཆོས་ནུབ་ཏུ་ཉེ་བར་གྱུར་པ་མ་མཐོང་དུ་ཟིན་ཀྱང༌། དུས་ཀྱི་ཐ་མ་དུས་ཀྱི་མཇུག་ཏུ་བབ་པའི་ཚེ། དུས་ངན་པའི་སེམས་ཅན་རྣམས་ཀྱི་ལུས་འདི་ལྟར་ཉེ་བའི་ཉོན་མོངས་པ་བཅུ་པོ་འདི་ལྟ་སྟེ། གཏི་མུག་ཤས་ཆེ་བ་དང༌། ངོ་ཚ་མེད་ཅིང་ཁྲེལ་མེད་པ་ཤས་ཆེ་བ་དང༌། ཕྲག་དོག་དང་སེར་སྣ་ཤས་ཆེ་བ་དང༌། སྡུག་བསྔལ་ཤས་ཆེ་བ་དང༌། གནས་ངན་ལེན་ཤས་ཆེ་བ་དང༌། ཉོན་མོངས་པ་ཤས་ཆེ་བ་དང༌། ཉེས་པར་སྤྱོད་པ་ཤས་ཆེ་བ་དང༌། བག་མེད་པ་ཤས་ཆེ་བ་དང༌། ལེ་ལོ་ཤས་ཆེ་བ་དང༌། མ་དད་པ་ཤས་ཆེ་བ་རྣམས་ཀྱིས་ཉེ་བར་ཉོན་མོངས་པ་མཐོང་ངོ༌། །མཐོང་


DTG129_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱང་ཡང་འདི་སྙམ་དུ་སེམས་ཏེ། ཀྱེ་མ་སྙིགས་མའི་དུས་ཆེན་པོ་དེ་ནི་བྱུང་གིས་མེད་དོ། །ཉེ་བའི་ཉོན་མོངས་པ་ཅན་གྱི་དུས་འདིའི་སྐབས་སུ་ནི་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་བྱང་ཆུབ་དམན་པ་ལ་སེམས་བསྐྱེད་པ་ཡང་རྙེད་པར་སླ་བ་མ་ཡིན་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལྟ་ཅི་སྨོས་ཏེ། རེ་ཞིག་བདག་གིས་སེམས་བསྐྱེད་པ་དང༌། དེ་དག་ཀྱང་འདི་ལྟར་བདག་གི་རྗེས་སུ་སློབ་ཅིང༌། གཞན་དག་གིས་ཀྱང་སེམས་བསྐྱེད་པར་འགྱུར་རོ་སྙམ་ནས། དེ་དུས་ཀྱི་ཐ་མའི་ཚེ། སེམས་བསྐྱེད་པ་རྙེད་པར་དཀའ་བའི་དབང་དུ་བྱས་ཏེ། བྱང་ཆུབ་ཆེན་པོ་ལ་མོས་ཤིང་བྱང་ཆུབ་ཆེན་པོར་སེམས་སྐྱེད་པར་བྱེད་པ་འདི་ནི་སེམས་སྐྱེ་བའི་རྐྱེན་བཞི་པའོ། །དེ་ལ་རྒྱུ་བཞི་གང་ཞེ་ན། རིགས་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔའི་སེམས་སྐྱེ་བའི་རྒྱུ་དང་པོའོ། །སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ནི་བྱང་ཆུབ་སེམས་དཔའི་སེམས་སྐྱེ་བའི་རྒྱུ་གཉིས་པའོ། །སེམས་ཅན་རྣམས་ལ་སྙིང་རྗེ་བ་ནི་བྱང་ཆུབ་སེམས་དཔའི་སེམས་སྐྱེ་བའི་རྒྱུ་གསུམ་པའོ། །འཁོར་བའི་སྡུག་བསྔལ་དང༌། དཀའ་བ་སྤྱད་པའི་སྡུག་བསྔལ་ཡུན་རིང་པོ་རྣམ་པ་སྣ་ཚོགས་པ་དྲག་པ་བར་ཆད་མེད་པས་ཀྱང་མི་འཇིགས་པ་འདི་ནི་བྱང་ཆུབ་སེམས་དཔའི་སེམས་སྐྱེ་བའི་རྒྱུ་བཞི་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་རིགས་ཕུན་སུམ་ཚོགས་པ་ནི། ཆོས་ཉིད་ཀྱིས་ཐོབ་པ་ཉིད་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་བཤེས་གཉེན་ཕུན་སུམ་ཚོགས་པ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའི་བཤེས་གཉེན་ནི་ཐོག་མ་ནས་ཀྱང༌། བླུན་པོ་མ་ཡིན་ཞིང༌། ཡིད་རྟུལ་བའི་རང་བཞིན་ཅན་མ་ཡིན་ཏེ། མཁས་ཤིང་མཛངས་ལ་ལྟ་བ་ངན་པ་ལ་ཞུགས་པ་ཡང་མ་ཡིན་པ་འདི་ནི་བཤེས་གཉེན་ཕུན་སུམ་ཚོགས་པ་དང་པོའོ། །བག་མེད་པ་ལ་ཡང་དེ་འཇུག་པར་མི་བྱེད་ལ། བག་མེད་པའི་གནས་ཀྱང་དེ་ལ་སྒྲུབ་པར་མི་བྱེད་པ་འདི་ནི་བཤེས་གཉེན་ཕུན་སུམ་ཚོགས་པ་གཉིས་པའོ། །ཉེས་པར་སྤྱོད་པ་ལ་ཡང་དེ་འཇུག་པར་མི་བྱེད་ལ་ཉེས་པར་སྤྱོད་པའི་གནས་ཀྱང་དེ་ལ་སྒྲུབ་པར་


DTG129_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱེད་པ་འདི་ནི་བཤེས་གཉེན་ཕུན་སུམ་ཚོགས་པ་གསུམ་པའོ། །དེ་དད་པ་དང༌། འདུན་པ་དང༌། ཡང་དག་པར་བླང་བ་དང༌། བརྩོན་འགྲུས་དང༌། ཐབས་ཀྱི་ཡོན་ཏན་ཆེས་ཁྱད་པར་དུ་འཕགས་པ་དག་ལས་འདུན་པ་བཟློག་ལ། དད་པ་དང༌། འདུན་པ་དང༌། ཡང་དག་པར་བླང་བ་དང། བརྩོན་འགྲུས་དང༌། ཐབས་ཀྱི་ཡོན་ཏན་ཆེས་དམན་པ་དག་ལ་འཇུག་པར་མི་བྱེད་དེ། འདི་ལྟ་སྟེ། ཐེག་པ་ཆེན་པོ་ལས་འདུན་པ་བཟློག་ལ། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པ་ལ་འཇུག་པར་མི་བྱེད་པ་དང༌། བསྒོམས་པ་ལས་བྱུང་བ་ལས་འདུན་པ་བཟློག་ལ། བསམས་པ་ལས་བྱུང་བ་ལ་འཇུག་པའམ། བསམས་པ་ལས་བྱུང་བ་ལས་འདུན་པ་བཟློག་ལ། ཐོས་པ་ལས་བྱུང་བ་ལ་འཇུག་པ་འམ། ཐོས་པ་ལས་བྱུང་བ་ལས་འདུན་པ་བཟློག་ལ། ཞལ་ཏ་བྱེད་པ་ལ་འཇུག་པར་མི་བྱེད་པ་དང༌། ཚུལ་ཁྲིམས་ལས་བྱུང་བ་ལས་འདུན་པ་བཟློག་ལ། སྦྱིན་པ་ལས་བྱུང་བ་ལ་འཇུག་པའམ། དེ་ལྟར་འདི་ལྟ་བུ་དང་མཐུན་པའི་ཡོན་ཏན་ཆེས་ཁྱད་པར་དུ་འཕགས་པ་དག་ལས་འདུན་པ་བཟློག་ལ། འདི་ལྟ་བུ་དང་མཐུན་པའི་ཡོན་ཏན་ཆེས་དམན་པ་དག་འཛིན་དུ་འཇུག་པར་མི་བྱེད་པ་འདི་ནི་བཤེས་གཉེན་ཕུན་སུམ་ཚོགས་པ་བཞི་པའོ། །བྱང་ཆུབ་སེམས་དཔའ་ནི་རྒྱུ་རྣམ་པ་བཞིས་ན། སེམས་ཅན་རྣམས་ལ་སྙིང་རྗེ་བའི་ཤས་ཆེ་བ་ཡིན་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་འཇིག་རྟེན་གྱི་ཁམས་གང་ན་སྡུག་བསྔལ་མེད་པ་དེ་ལྟ་བུ་དག་ཀྱང་ཡོད་ན། བྱང་ཆུབ་སེམས་དཔའ་དེ་ནི་གང་ན་སྡུག་བསྔལ་ཡོད་ཅིང༌། སྡུག་བསྔལ་དང་བཅས་པའི་ཁམས་སུ་སྐྱེ་བར་བྱེད་ཀྱི། སྡུག་བསྔལ་མེད་པར་ནི་མ་ཡིན་ཏེ། གཞན་སྡུག་བསྔལ་ཅི་ཡང་རུང་བས་ཐེབས་ཤིང་གནོད་པར་གྱུར་ཏེ། ནོན་པ་མཐོང་བ་དང༌། བདག་ཀྱང་སྡུག་བསྔལ་ཅི་ཡང་རུང་བས་ཐེབས་ཤིང་གནོད་པར་གྱུར་ཏེ་ནོན་པ་མཐོང་བ་དང༌། གཞན་ནམ་བདག་གམ་གཉིས་ཀ་ཡང་རུང་སྟེ། སྡུག་བསྔལ་ཡུན་རིང་བ་རྣམ་པ་སྣ་ཚོགས་པ་དྲག་པོ་བར་ཆད་མེད་པས་ཐེབས་ཤིང་གནོད་པར་གྱུར་ཏེ་ནོན་པ་མཐོང་ན་འདི་ལྟར་བྱང་ཆུབ་སེམས་དཔའ་དེ་ནི་རང་གི་རིགས་


DTG129_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ཅིང༌། རང་བཞིན་གྱིས་དགེ་བས་ན་གོམས་པ་མེད་པར་ཡང་དམིགས་པ་རྟེན་བཞི་པོ་འདི་དག་གིས་སྙིང་རྗེ་ཆུང་ངུ་དང༌། འབྲིང་པོ་དང༌། ཆེན་པོ་སྐྱེ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ལ་སྙིང་རྗེ་ཡང་དག་པར་སྔོན་དུ་བཏང་ནས། རྒྱུ་བཞི་པོ་འདི་དག་གིས་འཁོར་བའི་སྡུག་བསྔལ་ཡུན་རིང་བ་རྣམ་པ་སྣ་ཚོགས་པ་དྲག་པོ་བར་ཆད་མེད་པས་ཀྱང་མི་འཇིགས་ཤིང་མི་སྐྲག་ན་ཆུང་ངུས་ལྟ་ཅི་སྨོས་ཏེ། རང་བཞིན་གྱིས་སྙིང་སྟོབས་ཆེ་ཞིང་བརྟན་པ་དང་ལྡན་སྟོབས་དང་ལྡན་པ་ཡིན་ཏེ། འདི་ནི་རྒྱུ་དང་པོའོ། །མཁས་པ་དང༌། ཡང་དག་པར་སེམས་པའི་ངང་ཚུལ་ཅན་དང༌། སོ་སོར་རྟོག་པའི་སྟོབས་དང་ལྡན་པ་ཡིན་ཏེ། འདི་ནི་རྒྱུ་གཉིས་པའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མོས་པ་ཆེན་པོ་དང་ལྡན་པ་ཡིན་ཏེ། འདི་ནི་རྒྱུ་གསུམ་པའོ། །སེམས་ཅན་རྣམས་ལ་ཡང་ཆེར་སྙིང་རྗེ་བ་དང་ལྡན་པ་ཡིན་ཏེ། འདི་ནི་རྒྱུ་བཞི་པའོ། །སྟོབས་བཞི་གང་ཞེ་ན། ནང་གི་སྟོབས་དང༌། གཞན་གྱི་སྟོབས་དང༌། རྒྱུའི་སྟོབས་དང༌། སྦྱོར་བའི་སྟོབས་སོ། །དེ་ལ་རང་གི་མཐུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པར་གྱུར་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཏུ་སེམས་སྐྱེ་བའི་ནང་གི་སྟོབས་ཞེས་བྱའོ། །གཞན་གྱི་མཐུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདོད་པ་སྐྱེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སེམས་སྐྱེ་བའི་གཞན་གྱི་སྟོབས་ཞེས་བྱའོ། །སྔོན་ཐེག་པ་ཆེན་པོ་དང་ལྡན་པའི་དགེ་བའི་ཆོས་ལ་གོམས་པས་ད་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐོང་བ་ཙམ་མམ། དེ་དག་གི་བསྔགས་པ་ཐོས་པ་ཙམ་གྱིས་ཀྱང་མྱུར་དུ་སེམས་སྐྱེ་བར་འགྱུར་ན། དམ་པའི་ཆོས་ཐོས་པའམ། མཐུ་མཐོང་བས་ལྟ་ཅི་སྨོས་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་སེམས་སྐྱེ་བའི་རྒྱུའི་སྟོབས་ཞེས་བྱའོ། །ཚེ་འདི་ཉིད་ལ་སྐྱེས་བུ་དམ་པ་ལ་བརྟེན་པ་དང༌། དམ་པའི་ཆོས་མཉན་པ་དང༌། སེམས་པ་ལ་སོགས་པ་དགེ་བའི་ཆོས་ཡུན་རིང་དུ་གོམས་པར་བྱས་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སེམས་སྐྱེ་བའི་སྦྱོར་བའི་སྟོབས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་རྐྱེན་བཞི་དང༌། རྒྱུ་བཞི་པོ་དག་ཚོགས་


DTG129_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། སོ་སོ་ལ་བརྟེན་ནས། གལ་ཏེ་སྟོབས་གཉིས་པོ་ནང་གི་སྟོབས་དང༌། རྒྱུའི་སྟོབས་འདི་གཉིས་ཚོགས་པའམ། སོ་སོ་ལས་ངེས་པར་སེམས་དེ་སྐྱེས་ན་ནི་དེས་ན་དེ་བརྟན་པ་དང༌། སྙིང་པོར་གྱུར་པ་དང༌། མི་གཡོ་བར་འགྱུར་རོ། །གཞན་གྱི་སྟོབས་དང༌། སྦྱོར་བའི་སྟོབས་གཉིས་ལས་སྐྱེས་པའི་སེམས་དེ་མི་བརྟན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་ལྡོག་པའི་རྒྱུ་ནི་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། རིགས་དང་མི་ལྡན་པ་ཡིན། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་ཡིན། སེམས་ཅན་རྣམས་ལ་སྙིང་རྗེ་ཆུང་བ་ཡིན། འཁོར་བའི་སྡུག་བསྔལ་ཡུན་རིང་པོ་རྣམ་པ་སྣ་ཚོགས་པ་དྲག་པོ་བར་ཆད་མེད་པས་འཇིགས་ཏེ། ཤིན་ཏུ་འཇིགས་ཤིང་སྐྲག་ལ་དང་ངས་པར་འགྱུར་བ་ཡིན་ཏེ། སེམས་ལྡོག་པར་འགྱུར་བའི་རྒྱུ་བཞི་པོ་འདི་དག་ནི་སེམས་སྐྱེ་བའི་རྒྱུ་བཞི་པོ་འདི་དག་བཟློག་པ་ལས་སྔ་མ་བཞིན་དུ་རྒྱས་པར་རིག་པར་བྱའོ། །འདི་གཉིས་ནི་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པ་བརྟན་པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་འཇིག་རྟེན་དང་ཐུན་མོང་མ་ཡིན་པ་སྟེ། གཉིས་གང་ཞེ་ན། སེམས་ཅན་ཐམས་ཅད་ཆུང་མའི་ཚུལ་དུ་ཡོངས་སུ་འཛིན་པ་དང༌། ཆུང་མ་ཡོངས་སུ་འཛིན་པའི་ཉེས་པས་ཀྱང་གོས་པར་མི་འགྱུར་བ་ཡིན་ནོ། །དེ་ལ་ཆུང་མ་ཡོངས་སུ་འཛིན་པའི་ཉེས་པ་ནི་འདི་ཡིན་ཏེ། ཆུང་མ་ལ་ཕན་འདོགས་པ་དང༌། གནོད་པ་བྱེད་པ་ལས་མཐུན་པ་དང་མི་མཐུན་པས་ཉོན་མོངས་པ་ཅན་དུ་འགྱུར་བ་སྟེ། དེ་གཉིས་ནི་བྱང་ཆུབ་སེམས་དཔའ་ལ་མེད་དོ། །འདི་གཉིས་ནི་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པ་བརྟན་པའི་སེམས་ཅན་རྣམས་ལ་ལྷག་པའི་བསམ་པ་བཟང་པོ་འཇུག་པར་འགྱུར་བ་ཡིན་ཏེ། གཉིས་གང་ཞེ་ན། ཕན་པ་བྱ་བའི་ལྷག་པའི་བསམ་པ་དང་བདེ་བ་བྱ་བའི་ལྷག་པའི་བསམ་པའོ། །དེ་ལ་ཕན་པ་བྱ་བའི་ལྷག་པའི་བསམ་པ་ནི་མི་དགེ་བའི་གནས་ནས་བཏོན་ནས། དགེ་བའི་གནས་སུ་འགོད་པར་འདོད་པ་གང་ཡིན་པའོ། །བདེ་བ་བྱ་བའི་ལྷག་པའི་བསམ་པ་ནི་སེམས་ཅན་ཕོངས་པ་དང༌། མགོན་མེད་པ་དང༌། རྟེན་མེད་པ་རྣམས་ལ་ཉོན་མོངས་པ་ཅན་སྤངས་ཏེ། ཕན་པའི་དངོས་པོ་སྒྲུབ་པར་འདོད་པ་གང་ཡིན་པའོ། །འདི་


DTG129_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ནི་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པ་བརྟན་པའི་སྦྱོར་བ་ཡིན་ཏེ། ལྷག་པའི་བསམ་པའི་སྦྱོར་བ་དང༌། སྒྲུབ་པའི་སྦྱོར་བའོ། །དེ་ལ་ལྷག་པའི་བསམ་པའི་སྦྱོར་བ་ནི་ཕན་པ་བྱ་བ་དང༌། བདེ་བ་བྱ་བའི་ལྷག་པའི་བསམ་པ་དེ་ཉིད་ཉིན་གཅིག་བཞིན་དུ་ཡང་དག་པར་སྤེལ་བའོ། །སྒྲུབ་པའི་སྦྱོར་བ་ནི་ཉིན་གཅིག་བཞིན་དུ་བདག་གིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པའི་སྦྱོར་བ་དང༌། ལྷག་པའི་བསམ་པའི་སྦྱོར་བ་ཉིད་ལ་བརྟེན་ནས་ཅི་ནུས་ཅི་ལྕོགས་ཀྱིས་སེམས་ཅན་རྣམས་ལ་ཡང་ཕན་པ་དང༌། བདེ་བསྒྲུབ་པའི་སྦྱོར་པའོ། །འདི་གཉིས་ནི་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པ་བརྟན་པའི་དགེ་བའི་ཆོས་ཆེན་པོ་འདུ་བའི་སྒོ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབ་པའི་ཕྱིར་བདག་གི་དོན་ལ་སྦྱོར་པ་དང༌། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་བསལ་བའི་ཕྱིར་གཞན་གྱི་དོན་ལ་སྦྱོར་བའོ། །འདུ་བའི་སྒོ་གཉིས་ཇི་ལྟ་བ་བཞིན་དུ་དགེ་བའི་ཆོས་ཀྱི་ཚོགས་ཆེན་པོ་གཉིས་དང༌། དགེ་བའི་ཆོས་ཀྱི་ཕུང་པོ་དཔག་ཏུ་མེད་པ་གཉིས་ཀྱང་དེ་བཞིན་དུ་སྦྱར་རོ། །འདི་གཉིས་ནི་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པ་བརྟན་པའི་སེམས་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་ཕྱིར་དགེ་བ་ཡོངས་སུ་འཛིན་པ་ནི་དེ་ལས་གཞན་པའི་དགེ་བ་ཡོངས་སུ་འཛིན་པ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། རྒྱུ་ཁྱད་པར་དུ་འཕགས་པ་དང༌། འབྲས་བུ་ཁྱད་པར་དུ་འཕགས་པའོ། །བྱང་ཆུབ་སེམས་དཔའི་དགེ་བ་ཡོངས་སུ་འཛིན་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཡིན་ཏེ། དེ་ཡང་དེའི་འབྲས་བུ་ཡིན་ནོ། །དེ་ལས་གཞན་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་དགེ་བ་ཡོངས་སུ་འཛིན་པ་ཡང་དེ་ལྟ་མ་ཡིན་ན། དེ་ལས་གཞན་པའི་སེམས་ཅན་རྣམས་ཀྱིས་ལྟ་ཅི་སྨོས། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བ་ཡོངས་སུ་འཛིན་པ་ནི་དེ་ལས་གཞན་པའི་དགེ་བ་ཡོངས་སུ་འཛིན་པ་ཐམས་ཅད་ལས་རྒྱུ་དང་འབྲས་བུའི་ངོ་བོས་ཁྱད་པར་དུ་འཕགས་པ་ཡིན་ནོ། །འདི་གཉིས་ནི་བྱང་ཆུབ་སེམས་དཔའ་དང་པོའི་སེམས་བསྐྱེད་པ་བརྟན་པའི་སེམས་བསྐྱེད་པའི་ཕན་ཡོན་ཡིན་ཏེ། སེམས་བསྐྱེད་མ་ཐག་གིས་


DTG129_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སེམས་ཅན་ཐམས་ཅད་ཀྱི་ཡོན་གནས་སུ་གྱུར་པ་དང༌། བླ་མར་གྱུར་པ་དང༌། བསོད་ནམས་ཀྱི་ཞིང་དང༌། སྐྱེ་དགུ་རྣམས་ཀྱི་ཕ་དང་འདྲ་བར་གྱུར་པ་དང༌། གནོད་པ་མེད་པའི་བསོད་ནམས་ཡོངས་སུ་འཛིན་པར་བྱེད་དོ། །དེ་ལས་གནོད་པ་མེད་པའི་བསོད་ནམས་ནི་གང་དང་ལྡན་ན་བྱང་ཆུབ་སེམས་དཔའ་འཁོར་ལོས་སྒྱུར་བ་ཀུན་ནས་བསྲུང་བའི་ཉིས་འགྱུར་གྱིས་བསྲུང་བ་ཡིན་ཏེ། ཀུན་ནས་བསྲུང་བ་དེ་དག་དེ་ལ་རྟག་ཏུ་ཉེ་བར་གནས་པས། གཉིད་ལོག་གམ། མྱོས་པར་གྱུར་པའམ། བག་མེད་པར་གྱུར་པ་ན་ཡང༌། གདུག་པའམ་གནོད་སྦྱིན་ནམ། མི་མ་ཡིན་པ་གཉུག་མར་གནས་པ་རྣམས་ཀྱིས་གཙེ་བར་མི་ནུས་པའོ། །ཚེ་བརྗེས་པའི་འོག་ཏུ་ཡང་བྱང་ཆུབ་སེམས་དཔའ་དེ་ནི་བསོད་ནམས་ཡོངས་སུ་བཟུང་བ་དེས་ན། གནོད་པ་ཉུང་ཞིང་རང་བཞིན་གྱིས་གནོད་པ་མེད་པ་ཡིན་ཏེ། གནོད་པ་ཡུན་རིང་བ་དང༌། དྲག་པོས་འདེབས་པར་མི་འགྱུར་རོ།། དེ་ལུས་དང་ངག་གིས་སེམས་ཅན་རྣམས་ཀྱི་དོན་དང༌། སེམས་ཅན་གྱི་བྱ་བ་དག་ལ་རྩོལ་བ་དང་ཆོས་སྟོན་པ་ན་ཤས་ཆེར་ལུས་ངལ་བར་མི་འགྱུར་ཞིང༌། བརྗེད་ངས་པར་མི་འགྱུར་ལ། སེམས་ཉམས་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའི་རིགས་ལ་གནས་པ་ནི་རང་བཞིན་གྱིས་ཀྱང་གནས་ངན་ལེན་ཤས་ཆུང་བ་ཡིན་ལ་སེམས་བསྐྱེད་ན་ནི་འདི་ལྟ་སྟེ། ལུས་ཀྱི་གནས་ངན་ལེན་དང༌། སེམས་ཀྱི་གནས་ངན་ལེན་གྱི་གནས་ངན་ལེན་ཤིན་ཏུ་ཆུང་བར་འགྱུར་རོ། །གསང་སྔགས་ཀྱི་ཚིག་དང༌། རིག་སྔགས་ཀྱི་ཚིག་སེམས་ཅན་རྣམས་ཀྱི་ཡམས་ཀྱི་ནད་དང༌། གནོད་པ་དང། ནད་འགོ་བ་ཞི་བར་བྱེད་པ་དག་དེ་ལས་གཞན་པའི་སེམས་ཅན་གྱི་ལག་ན་འདུག་པ་མ་གྲུབ་པ་རྣམས་ཀྱང་དེའི་ལག་ཏུ་འོངས་ན་འགྲུབ་པར་འགྱུར་ན། གྲུབ་པ་དག་ལྟ་ཅི་སྨོས། ལྷག་པར་ཡང་བཟོད་པ་དང༌། དེས་པ་དང་ལྡན་ཏེ། ཕ་རོལ་གྱི་གནོད་པ་བྱས་པ་བཟོད་པ་ཡིན་ནོ། །གཞན་ལ་ཡང་གནོད་པ་མི་བྱེད་ལ། གཞན་གྱིས་གཞན་ལ་གནོད་པ་བྱེད་པ་མཐོང་ངམ་ཐོས་ན་ཡང་ཤིན་ཏུ་མི་དགའ་བར་འགྱུར་རོ། །དེའི་ཉེ་བའི་ཉོན་མོངས་པ་ཁོང་ཁྲོ་བ་དང༌། ཕྲག་དོག་དང༌། གཡོ་དང་འཆབ་པ་ལ་སོགས་པ་རྣམས་ཀྱང་བཅོམ་སྟེ། ཉམས་སྨད་པས་བརྒྱ་ལ་སྤྱོད་པར་གྱུར་ན་


DTG129_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མྱུར་དུ་འབྲལ་བར་འགྱུར་རོ། །དེ་གྲོང་གི་གནས་གང་ན་གནས་པ་དེ་ཡང་འཇིགས་པ་དང༌། འཇིགས་པར་འགྱུར་བ་དང༌། མུ་གེའི་ཉེས་པ་རྣམས་དང༌། མི་མ་ཡིན་པས་བྱས་པའི་གནོད་པ་མ་བྱུང་བ་རྣམས་ནི་འབྱུང་བར་མི་འགྱུར་ལ། བྱུང་བ་རྣམས་ནི་རྣམ་པར་ཞི་བར་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པ་དེ་ལན་འགའ་ཞིག་ངན་སོང་གི་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་སུ་ཟིན་ཀྱང་དེ་ནི་གནོད་པ་མེད་པའི་བསོད་ནམས་ཡོངས་སུ་འཛིན་པའི་རྒྱུས་ཤས་ཆེར་ཤིན་ཏུ་མྱུར་བར་ཐར་བར་འགྱུར་ལ། སྡུག་བསྔལ་གྱི་ཚོར་བ་མྱོང་བ་ཡང་ཤིན་ཏུ་ཚབས་ཆུང་བ་མྱོང་བར་འགྱུར་ཏེ། སྐྱེ་བ་ཡང་ཤིན་ཏུ་སྐྱེ་བར་འགྱུར་རོ། །སེམས་ཅན་དེ་དག་ལ་ཡང་སྙིང་རྗེའི་སེམས་བསྐྱེད་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པས་ནི་གནོད་པ་མེད་པའི་བསོད་ནམས་ཡོངས་སུ་འཛིན་པ་ལས་འདི་ལྟ་བུ་དང༌། མཐུན་པའི་ཕན་ཡོན་མང་པོ་ཉམས་སུ་མྱོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས། སེམས་བསྐྱེད་པའི་ལེའུ་སྟེ་གཉིས་པའོ།། །།བམ་པོ་གཉིས་པ། འདི་ལྟར་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་གང་ཞེ་ན། དེ་ལ་རྣམ་པ་གསུམ་དུ་རིག་པར་བྱའོ་ཞེས་སྟོན་པ། མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་རྣམས་གང་ལ་སློབ་པ་དང༌། ཇི་ལྟར་སློབ་པ་དང༌། གང་དག་སློབ་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་རྣམས་གང་ལ་སློབ་ཅེ་ན། གནས་བདུན་ལ་སློབ་སྟེ། གནས་བདུན་པོ་དག་གང་ཞེ་ན། བདག་གི་དོན་དང༌། གཞན་གྱི་དོན་དང༌། དེ་ཁོ་ནའི་དོན་དང༌། མཐུ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། རང་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང༌། གནས་བདུན་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །སྡོམ་ནི། བདག་དང་གཞན་དོན་དེ་ཉིད་དོན། །མཐུ་དང་སེམས་ཅན་སྨིན་བྱེད་དང༌། །རང་གི་སངས་རྒྱས་ཆོས་རྣམས་སྨིན། །བྱང་ཆུབ་མཆོག་ནི་བདུན་པ་ཡིན། །བདག་དང་གཞན་གྱི་དོན་གང་ཞེ་ན། མདོར་བསྡུ་ན་


DTG129_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་གཞན་གྱི་དོན་ནི་རྣམ་པ་བཅུར་རིག་པར་བྱའོ། །འབའ་ཞིག་དང་གཞན་དང་འབྲེལ་པ་དང༌། ཕན་པའི་རྒྱུ་དང༌། བདེ་བའི་རྒྱུ་དང༌། རྒྱུར་བསྡུས་པ་དང༌། འབྲས་བུར་བསྡུས་པ་དང༌། ཚེ་འདི་པ་དང༌། ཚེ་རབས་གཞན་པ་དང༌། གཏན་དུ་བ་དང༌། གཏན་དུ་བ་མ་ཡིན་པའོ། །དེ་ལ་བདག་གི་དོན་དང་གཞན་གྱི་དོན་འབའ་ཞིག་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་བྱ་བ་ལས་ཐལ་ཞིང་འཚམ་པ་མ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་པར་བྱས་ལ་སྤང་བར་བྱའོ། །ལྷག་མ་རྣམས་ནི་བསླབ་པར་བྱའོ། །དེ་ལ་དེས་ཡོངས་སུ་ཤེས་ནས་སྤང་བར་བྱ་བ་གང་ཡིན་པའི་བྱང་ཆུབ་སེམས་དཔའི་བདག་གི་དོན་ནི་འདི་ཡིན་ཏེ། བདག་ཉིད་བདེ་བར་འདོད་པ་ལོངས་སྤྱོད་པ་དང༌། ཉེ་བར་སྤྱད་པ་རྣམས་ཡོངས་སུ་ཚོལ་བ་དང༌། ཆོས་ལ་སེར་སྣ་བྱེད་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔས་བཤད་པ་རྣམས་ཡོངས་སུ་ཚོལ་ཞིང་འཛིན་པར་བྱེད་པ་དང༌། མཐོ་རིས་འདོད་པ་མཐོ་རིས་ཀྱི་དོན་དུ་ཚུལ་ཁྲིམས་དང༌། བརྩོན་འགྲུས་རྩོམ་ཞིང༌། བསམ་གཏན་དང༌། ཤེས་རབ་ཡང་དག་པར་བླངས་ནས་འདུག་པ་དང༌། འཇིག་རྟེན་གྱི་ཟང་ཟིང་གི་འབྲས་བུ་འདོད་པ། འཇིག་རྟེན་གྱི་ཟང་ཟིང་འཐོབ་པའི་རྒྱུར་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱེད་པ་དང་རྙེད་པ་འདོད་པ་རྙེད་པའི་རྒྱུ་དང༌། རྙེད་པ་འགྲུབ་པའི་ཡང་དག་པ་མ་ཡིན་པའི་ཡོན་ཏན་སྣ་ཚོགས་དོན་མེད་པ་གཞན་དག་གི་སྤྲོ་བ་སྐྱེད་པ་དག་སྟོན་པ་དང༌། བདག་ལ་བསྙེན་བཀུར་བྱ་བ་བདག་གིར་བྱ་བར་འདོད་པས་བསྙེན་བཀུར་བྱ་བ་བདག་གིར་བྱ་བའི་དོན་དུ་ཆོས་མ་ཡིན་པས་ཚོགས་སྡུད་པར་བྱེད་ཀྱི། ཆོས་ཀྱིས་མ་ཡིན་པ་དང༌། གཞན་གྱི་བྲན་དུ་གྱུར་པའི་སེམས་ཅན་རྣམས་བདག་གི་བྲན་དུ་བྱ་བའི་ཆེད་ཀ་ཙམ་གྱི་ཕྱིར་བྲན་བྱེད་པ་ལས་ཐར་བར་བྱེད་པ་དང༌། སེམས་ཅན་བཅིང་བས་བཅིངས་པ་རྣམས་བདག་གི་བྱ་བ་སྒྲུབ་པའི་ཆེད་ཙམ་གྱི་ཕྱིར་བཅིངས་པ་ལས་ཐར་བར་བྱས་ཏེ། བདག་ཉིད་ཀྱིས་འཆིང་བར་བྱེད་པ་དང༌། སེམས་ཅན་ཆད་པ་ལ་སོགས་པའི་འཇིགས་པས་སྐྲག་པ་རྣམས་བདག་ཉིད་ཀྱིས་འཇིགས་པར་བྱས་པའི་ཆེད་ཙམ་གྱི་ཕྱིར། གཞན་གྱི་ཆད་པ་ལ་སོགས་པའི་འཇིགས་པ་ལས་ཐར་བར་བྱེད་པ་དང༌། ཚེ་འདིའི་བདེ་བ་ལ་གནས་ཤིང༌། སེམས་ཅན་གྱི་


DTG129_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་ངེས་པར་སེམས་པ་དང་བྲལ་བ་ནི། བྱང་ཆུབ་སེམས་དཔའི་བདག་གི་དོན་འབའ་ཞིག་ཡིན་པར་རིག་པར་བྱ་སྟེ། དེ་ལྟར་འདི་ལྟ་བུ་དང་མཐུན་པ་རྣམས་ནི་བྱང་ཆུབ་སེམས་དཔའ་ཡོངས་སུ་ཤེས་པར་བྱས་ནས་སྤང་བར་བྱ་བ་གང་ཡིན་པ། བྱང་ཆུབ་སེམས་དཔའི་བདག་གི་དོན་འབའ་ཞིག་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་སྦྱིན་པ་དང༌། བཟོད་པ་དང༌། སྙིང་རྗེ་སྔོན་དུ་འགྲོ་བའམ། བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའམ། མཐོ་རིས་ཀྱི་ཕྱིར་བསྔོས་པ་ནི་དུས་ཐམས་ཅད་དུ་བདག་གི་དོན་གཞན་དང་འབྲེལ་པ་ཁོ་ན་ཡིན་པར་རིག་པར་བྱའོ། དེ་ལྟར་ཇི་སྐད་བསྟན་པའི་རྣམ་པ་དེ་དག་ལ་མ་གཏོགས་པར་དེ་མ་ཡིན་པར་དེ་ལས་བཟློག་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་གི་དོན་ཐམས་ཅད་ནི་གཞན་གྱི་དོན་དང་འབྲེལ་པ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་གཞན་གྱི་དོན་འབའ་ཞིག་ཡིན་པས། བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་པར་བྱས་ནས་སྤང་བར་བྱ་བ་ནི་འདི་ཡིན་ཏེ། ལྟ་བ་ལོག་པར་ཞུགས་པ་དང༌། འོང་བ་མ་མཐོང་བ་དང༌། འབྲས་བུ་མ་མཐོང་བའི་སྦྱིན་པ་དང༌། ཚུལ་ཁྲིམས་ཉམས་པ་དང༌། སྒྲུབ་པ་མེད་པ་གཞན་དག་ལ་ཆོས་སྟོན་པ་དང༌། ས་འོག་མ་ལས་ཡང་དག་པར་འདས་པ། ས་འོག་མའི་དགེ་བའི་ཆོས་སྒྲུབ་པ་དང༌། བསམ་གཏན་བསྒྱུར་བ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་དེ་འདི་ལྟར་བསམ་གཏན་དག་གིས་གནས་ནས་བསམ་གཏན་བསྒྱུར་ཏེ། སྨོན་ལམ་བཏབ་ན་འདོད་པའི་ཁམས་གང་དུ་འདོད་པ་དེར་སྐྱེ་བར་འགྱུར་བ་དང༌། བྱང་ཆུབ་སེམས་དཔའ་དབང་ཐོབ་པ་ཕྱོགས་བཅུ་དག་ཏུ་སྤྲུལ་པ་སྣ་ཚོགས་པ་དག་གིས་སེམས་ཅན་སྣ་ཚོགས་དག་གི་དོན་བྱེད་པ་དང༌། ཐུབ་པ་དེ་དེ་བཞིན་གཤེགས་པ་རང་གི་དོན་མཛད་ཟིན་པ་སྟོབས་དང༌། མི་འཇིགས་པ་ལ་སོགས་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐམས་ཅད་ལ་བརྟེན་ནས། སེམས་ཅན་ཚད་མེད་པ་དག་ལ་དོན་ཚད་མེད་པ་མཛད་པ་དེ་ཡང་གཞན་གྱི་དོན་འབའ་ཞིག་ཡིན་པར་རིག་པར་བྱའོ། །དེ་ལ་གཞན་གྱི་དོན་འབའ་ཞིག་ཡིན་པ་ཇི་སྐད་བསྟན་པ་སྔ་མ་གཉིས་ནི་བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་པར་བྱས་ནས་སྤང་


DTG129_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་ཡིན་ནོ། །དེ་མ་ཡིན་པའི་གཞན་གྱི་དོན་འབའ་ཞིག་པ་ལ་ནི་ལྷུར་བསླབ་པར་བྱའོ། །རྣམ་པ་དེ་དག་ལས་མ་གཏོགས་པ་དང༌། དེ་དག་ལས་བཟློག་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞན་གྱི་དོན་ཐམས་ཅད་ནི་བདག་གི་དོན་དང་འབྲེལ་པ་ཡིན་ཏེ། དེ་ལ་ཡང་བྱང་ཆུབ་སེམས་དཔས་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའི་བདག་དང་གཞན་གྱི་དོན་ཕན་པའི་རྒྱུ་གང་ཞེ་ན། མདོར་བསྡུ་ན་རྣམ་པ་ལྔ་ཡོད་པར་རིག་པར་བྱ་སྟེ། ཁ་ན་མ་ཐོ་བ་མེད་པའི་མཚན་ཉིད་དང༌། ཕན་འདོགས་པའི་མཚན་ཉིད་དང༌། ཚེ་འདི་པ་དང༌། ཚེ་གཞན་པ་དང༌། ཞི་བར་བྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་བདག་ཀྱང་དགེ་བ་ཡོངས་སུ་བཟུང་བ་དང༌། དགེ་བ་སོགས་པ་ཆེ་ཡང་རུང་ཆུང་ཡང་རུང་སྟེ། གང་ཅི་ཡང་རུང་བྱེད་པ་དང༌། གཞན་ཡང་དགེ་བ་ཡོངས་སུ་བཟུང་བ་དང༌། དགེ་བ་སོགས་པ་ཆེ་ཡང་རུང་ཆུང་ཡང་རུང་བ་ཡང་དག་པར་འཛིན་དུ་འཇུག །འདུལ་བར་བྱེད། འཛུད་པར་བྱེད། འཇོག་པར་བྱེད་པ་དེ་དག་ནི་བྱང་ཆུབ་སེམས་དཔའི་བདག་དང་གཞན་གྱི་དོན་ཕན་པའི་རྒྱུ་ཁ་ན་མ་ཐོ་བ་མེད་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་བདག་གམ་གཞན་ལ་ཡོ་བྱད་ཀྱི་བདེ་བའམ། བསམ་གཏན་ལ་གནས་པའི་བདེ་བ་ཡང་རུང་སྟེ། ཉོན་མོངས་པ་ཅན་སྤངས་པའི་བདེ་བ་གང་ཅི་ཡང་རུང༌། ཉེ་བར་སྒྲུབ་པ་དེ་ནི་བྱང་ཆུབ་སེམས་དཔའི་བདག་དང་གཞན་གྱི་དོན་ཕན་པའི་རྒྱུ་ཕན་འདོགས་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་བདག་དང་གཞན་གྱི་དོན་ཚེ་འདི་ལ་ཕན་པ་ལ། ཚེ་གཞན་ན་དེ་ལྟ་བུ་མ་ཡིན་པ་ཡང་ཡོད། ཚེ་གཞན་ན་ཕན་ལ་ཚེ་འདི་ལ་དེ་ལྟ་མ་ཡིན་པ་ཡང་ཡོད། ཚེ་གཞན་ལ་ཡང་ཕན་ལ་ཚེ་འདི་ལ་ཡང་ཕན་པ་ཡང་ཡོད། ཚེ་གཞན་ན་ཡང་གནོད་ལ། ཚེ་འདི་ལ་ཡང་གནོད་པ་ཡང་ཡོད་དེ། བདག་དང་གཞན་གྱི་དོན་རྣམ་པ་བཞི་པོ་དེ་ཡང་ཆོས་ཡང་དག་པར་བླང་བ་བཞི་པོ་དག་ཏུ་གོ་རིམས་བཞིན་དུ་ཅི་རིགས་སུ་བལྟ་བར་བྱའོ། །ཆོས་ཡང་དག་པར་བླང་བ་བཞི་པོ་དག་གང་ཞེ་ན། ཆོས་ཡང་དག་པར་བླང་བ་ད་ལྟར་བྱུང་བ་ན་བདེ་ལ་ཕྱི་མ་ལ་རྣམ་པར་སྨིན་པ་སྡུག་བསྔལ་བར་འགྱུར་བ་ཡང་ཡོད། ཆོས་ཡང་དག་པར་བླང་བ་ད་ལྟར་བྱུང་


DTG129_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་སྡུག་བསྔལ་ལ། ཕྱི་མ་ལ་ཡང་རྣམ་པར་སྨིན་པ་བདེ་བ་ཡང་ཡོད། ད་ལྟར་བྱུང་བ་ན་ཡང་བདེ་ལ། ཕྱི་མ་ལ་ཡང་རྣམ་པར་སྨིན་པ་བདེ་བ་ཡང་ཡོད། ད་ལྟར་བྱུང་བ་ན་ཡང་སྡུག་བསྔལ་ལ། ཕྱི་མ་ལ་ཡང་རྣམ་པར་སྨིན་པ་སྡུག་བསྔལ་པ་ཡང་ཡོད་དེ། དེ་དག་གི་རྣམ་པར་དབྱེ་བ་ནི་མདོ་ལས་ཇི་སྐད་འབྱུང་བ་ཁོ་ན་བཞིན་དུ་བལྟ་བར་བྱའོ། །དེ་ལ་མྱ་ངན་ལས་འདས་པ་དང༌། མྱ་ངན་ལས་འདས་པ་ཡང་དག་པར་ཐོབ་པར་བྱེད་པ་དག་དང༌། མྱ་ངན་ལས་འདས་པའི་ཕྱོགས་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ཆོས་དེ་དག་ནི་མདོར་བསྡུ་ན་བྱང་ཆུབ་སེམས་དཔའི་བདག་དང་གཞན་གྱི་དོན་ཕན་པའི་རྒྱུ་ཞི་བར་བྱེད་པ་ཞེས་བྱ་བ་ཡིན་ཏེ། ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་བླ་ན་མེད་པ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་བདག་དང་གཞན་གྱི་དོན་བདེ་བའི་རྒྱུ་གང་ཞེ་ན། མདོར་བསྡུ་ན་བདེ་བ་རྣམ་པ་ལྔར་བསྡུ་བར་རིག་པར་བྱ་སྟེ། དེ་ལ་བདེ་བ་རྣམ་པ་ལྔ་པོ་ནི་འདི་དག་ཡིན་ཏེ། རྒྱུ་བདེ་བ་དང༌། ཚོར་བ་བདེ་བ་དང༌། སྡུག་བསྔལ་གྱི་གཉེན་པོའི་བདེ་བ་དང༌། ཚོར་བའི་རྒྱུན་ཆད་པའི་བདེ་བ་དང༌། གནོད་པ་མེད་པའི་བདེ་བ་དང་ལྔའོ། །དེ་ལ་བདེ་བའི་ཕྱོགས་ཀྱི་དབང་པོ་དང༌། ཡུལ་གཉིས་དང༌། རྒྱུ་དེ་ལས་བྱུང་བའི་བདེ་བའི་ཚོར་བར་འགྱུར་བའི་རེག་པ་གང་ཡིན་པ་དང༌། ཚེ་འདིའམ་ཚེ་རབས་གཞན་དུ་འདོད་པའི་འབྲས་བུ་འབྱུང་བའི་ལས་གང་ཡིན་པ་ཅི་ཡང་རུང༌། དེ་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་རྒྱུ་བདེ་བ་ཞེས་བྱ་སྟེ། འདི་ལས་གོང་ན་ཡང་མེད། འདི་ལས་ལྷག་པ་ཡང་མེད་དོ། །སྡུག་བསྔལ་རབ་ཏུ་ཞི་བ་ལ་མི་ལྟོས་པར་རྒྱུ་བདེ་བར་བསྡུས་པའི་རྒྱུ་གསུམ་པོ་དེ་དག་ཉིད་ལས་བྱུང་བ་ལུས་དང་སེམས་ལ་ཕན་འདོགས་པའི་མྱོང་བ་ནི་ཚོར་བ་བདེ་བ་ཞེས་བྱ་སྟེ། དེ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའོ། །དེ་ལ་ཟག་པ་མེད་པ་གང་ཡིན་པ་དེ་ནི་སློབ་པ་དང༌། མི་སློབ་པའི་ཟག་པ་དང་བཅས་པ་ནི་ཁམས་གསུམ་པའི་སྟེ། འདོད་པ་དང༌། གཟུགས་དང༌། གཟུགས་མེད་པ་དང་ལྡན་པའོ། །དེ་ཡང་ཅི་རིགས་པར་ཁམས་གསུམ་པ་ཐམས་ཅད་ཀྱི་སྐྱེ་མཆེད་རྣམ་པ་དྲུག་གི་བྱེ་བྲག་ལས་མིག་གི་འདུས་ཏེ་རེག་པ་ལས་བྱུང་བ་ནས། ཡིད་


DTG129_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་བར་དག་གོ །རྣམ་པ་དྲུག་པོ་དེ་དག་ཀྱང་རྣམ་པ་གཉིས་སུ་འགྱུར་ཏེ། ལུས་ཀྱི་དང་སེམས་ཀྱིའོ། །དེ་ལ་རྣམ་པར་ཤེས་པའི་ཚོགས་ལྔ་དང་མཚུངས་པར་ལྡན་པའི་ལུས་ཀྱིའོ། །ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ནི་སེམས་ཀྱིའོ། །གྲང་བ་དང་ཚ་བ་དང༌། བཀྲེས་པ་དང༌། སྐོམ་པ་ལ་སོགས་པའི་སྡུག་བསྔལ་རྣམ་པ་དུ་མ་དང༌། སྣ་ཚོགས་པ་མང་པོ་འབྱུང་ངོ་ཅོག་ལ། གྲང་བ་དང༌། ཚ་བ་དང༌། བཀྲེས་པ་དང༌། སྐོམ་པ་ལ་སོགས་པ་སྡུག་བསྔལ་གཉེན་པོས་ཞི་བར་བྱས་ཏེ། སྡུག་བསྔལ་ཞི་བར་གྱུར་པ་ཙམ་པོ་དེ་ཉིད་ལ་བདེ་བའི་བློ་སྐྱེ་བ་གང་ཡིན་པ་དེ་ནི་སྡུག་བསྔལ་གྱི་གཉེན་པོའི་བདེ་བ་ཞེས་བྱའོ། །འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་ནི་ཚོར་བའི་རྒྱུན་ཆད་པའི་བདེ་བ་ཞེས་བྱའོ། །གནོད་པ་མེད་པའི་བདེ་བ་ནི་མདོར་བསྡུ་ན་རྣམ་པ་བཞིར་རིག་པར་བྱ་སྟེ། མངོན་པར་འབྱུང་བའི་བདེ་བ་དང༌། རབ་ཏུ་དབེན་པའི་བདེ་བ་དང། ཉེ་བར་ཞི་བའི་བདེ་བ་དང༌། རྫོགས་པར་བྱང་ཆུབ་པའི་བདེ་བའོ། །དེ་ལ་དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་སྟེ། ཁྱིམ་སོའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ལས་ངས་པར་ཐར་པ་ནི་མངོན་པར་བྱུང་བའི་བདེ་བ་ཞེས་བྱའོ། །འདོད་པ་དང༌། སྡིག་པ་མི་དགེ་བའི་ཆོས་སྤངས་ཏེ་དབེན་པས་བསམ་གཏན་དང་པོ་ལ་དབེན་པ་ལས་སྐྱེས་པའི་དགའ་བ་དང༌། བདེ་བ་ནི་རབ་ཏུ་དབེན་པའི་བདེ་བ་ཞེས་བྱའོ། །བསམ་གཏན་གཉིས་པ་ལ་སོགས་པ་ལ་རྟོག་པ་དང༌། དཔྱོད་པ་ཉེ་བར་ཞི་བ་ནི་ཉེ་བར་ཞི་བའི་བདེ་བ་ཞེས་བྱའོ། །ཉོན་མོངས་པ་ཐམས་ཅད་དང་གཏན་བྲལ་བ་དང༌། ཤེས་བྱའི་དངོས་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་པས་བདེ་བ་གང་ཡིན་པ་དེ་ནི་རྫོགས་པར་བྱང་ཆུབ་པའི་བདེ་བ་ཞེས་བྱའོ། །དེ་ལ་རྒྱུ་བདེ་བ་ནི་བདེ་བའི་རྒྱུར་གྱུར་པའི་ཕྱིར་བདེ་བ་ཡིན་གྱི། ངོ་བོ་ཉིད་ཀྱིས་ནི་མ་ཡིན་ནོ། །ཚོར་བའི་བདེ་བ་ནི་རྒྱུའི་དངོས་པོས་ནི་མ་ཡིན་གྱི་ངོ་བོ་ཉིད་ཁོ་ནས་སོ། །སྡུག་བསྔལ་གྱི་གཉེན་པོའི་བདེ་བ་ནི་རྒྱུའི་དངོས་པོས་ཀྱང་མ་ཡིན་ལ། ངོ་བོ་ཉིད་ཀྱིས་ཀྱང་མ་ཡིན་ཏེ། སྡུག་བསྔལ་ཞི་བར་གྱུར་པ་ཙམ་དང༌། སྡུག་བསྔལ་བ་བསལ་བས་བདེ་བ་ཡིན་ནོ། །ཚོར་བའི་རྒྱུན་ཆད་མེད་པའི་བདེ་བ་ནི། རྒྱུའི་དངོས་པོས་ཀྱང་མ་ཡིན།


DTG129_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་ཀྱིས་ཀྱང་མ་ཡིན། སྡུག་བསྔལ་བསལ་བས་ཀྱང་མ་ཡིན་གྱི། འདི་ལ་ཚོར་བ་གང་ཅི་ཡང་རུང་བ་དེ་ནི་སྡུག་བསྔལ་བ་ཡིན་ལ། ཡང་དག་པར་སྡུག་བསྔལ་བ། དུས་དེ་ཙམ་ཞིག་གནས་པས་ཞི་བར་གྱུར་པ་ནི་བདེ་བ་སྟེ། གནོད་པ་མེད་པའི་བདེ་བར་གཏོགས་སོ། །ཐ་མ་རྫོགས་པར་བྱང་ཆུབ་ཀྱི་བདེ་བ་ནི་ཕྱི་མ་ལ་ཡང་ཡང་དག་པར་སྡུག་བསྔལ་བ་དེ་ནི་གཏན་དུ་ཞི་བར་གྱུར་ལ་ཚེ་འདི་ལ་ཡང་ཉོན་མོངས་པའི་ཕྱོགས་ཀྱི་གནས་ངན་ལེན་རྟེན་ལ་ཡོད་པ་ཐམས་ཅད་གཏན་མེད་པར་གྱུར་པའི་ཕྱིར་བདེ་བ་ཡིན་ནོ། །གནོད་པ་མེད་པ་དེའི་ལྷག་མ་རྣམས་ཀྱང་ཐ་མ་དེ་དང་མཐུན་པ་དང༌། དེའི་ཕྱོགས་ཡིན་པ་དང༌། དེ་འདྲེན་པ་ཡིན་པའི་ཕྱིར་གནོད་པ་མེད་པའི་བདེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ཕན་པའི་ཕྱོགས་ཀྱི་བདེ་བ་གང་ཡིན་པ་དེ་ཉིད་སེམས་ཅན་རྣམས་ལ་སྒྲུབ་པར་བྱེད་ཀྱི། གནོད་པའི་ཕྱོགས་ནི་མ་ཡིན་ནོ། །གནོད་པའི་ཕྱོགས་ཀྱི་བདེ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་ཡོངས་སུ་ཤེས་པར་བྱས་ཤིང༌། ཡོངས་སུ་ཤེས་པར་བྱས་ལ། དེ་ལ་སེམས་ཅན་རྣམས་འདུན་པ་བཟློག་པར་བྱ་སྟེ། ཅི་ནུས་ཀྱིས་དེ་ལས་བཟློག་ཅིང་བསལ་བའི་ཕྱིར་འབད་པར་བྱའོ། །ཕན་པར་འགྱུར་བ་གང་ཡིན་པ་དེ་ནི་སྡུག་བསྔལ་དང་འབྲེལ་དུ་ཟིན་ཀྱང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ལ་བརྟེན་ནས་སྡུག་བསྔལ་དང་བཅས་པ་དང༌། ཡིད་མི་བདེ་བ་དང་བཅས་པར་སེམས་ཅན་རྣམས་ལ་མི་འདོད་བཞིན་དུ་བསྒྲུབ་པར་བྱའོ། །མི་ཕན་པར་འགྱུར་བ་གང་ཡིན་པ་དེ་ནི་བདེ་བ་དང་འབྲེལ་དུ་ཟིན་ཀྱང་ཐབས་མཁས་པ་ལ་བརྟེན་ནས། བདེ་བ་དང་བཅས་པ་དང་ཡིད་བདེ་བ་དང་བཅས་པར་སེམས་ཅན་རྣམས་མི་དགའ་བཞིན་དུ་བཟློག་པར་བྱ་ཞིང་དྲང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྡུག་བསྔལ་དང་བཅས་པའི་བདེ་བ་སྒྲུབ་པ་གང་ཡིན་པ་དེ་དང་བདེ་བ་དང་བཅས་པའི་མི་ཕན་པ་ལས་བཟློག་པ་དེ་ནི་སེམས་ཅན་རྣམས་ལ་ཕྱིས་བདེ་བ་ཁོ་ན་ཡིན་པར་ངེས་པར་རིག་པར་བྱ་བའི་ཕྱིར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་ཕན་པར་འདོད་པ་གང་ཡིན་པ་དེ་ནི་དོན་གྱིས་ན་བདེ་བ་འདོད་པ་ཡིན་པར་ཤེས་པར་བྱའོ། །ཕན་པའི་སྦྱིན་པ་གང་ཡིན་པ་དེ་ནི་བདེ་བ་སྦྱིན་


DTG129_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པར་ཤེས་པར་བྱ་སྟེ། འདི་ལྟར་ཕན་པ་ནི་རྒྱུ་ལྟ་བུ་ཡིན་ལ། བདེ་བ་ནི་འབྲས་བུ་ལྟ་བུ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་གང་ལ་ལ་སེམས་ཅན་རྣམས་ལ་ཕན་པ་དང་ལྡན་པ་དེ་ནི་བདེ་བ་དང་ལྡན་པ་ཉིད་ཡིན་པར་རིག་པར་བྱའོ། །དེ་ལ་ཚེ་འདི་དང་ཚེ་རབས་གཞན་དུ་འདོད་པའི་འབྲས་བུར་འགྱུར་བའི་ལས་རྒྱུ་བདེ་བར་གཏོགས་པ་གང་ཡིན་པ་དང༌། སྡུག་བསྔལ་གྱི་གཉེན་པོའི་བདེ་བ་གང་ཡིན་པ་དང༌། ཚོར་བའི་རྒྱུན་ཆད་པའི་བདེ་བ་གང་ཡིན་པ་དང༌། གནོད་པ་མེད་པའི་བདེ་བ་གང་ཡིན་པ་དེ་དག་ནི་ཕན་འདོགས་པ་དང༌། ཁ་ན་མ་ཐོ་པ་མེད་པ་ཡིན་པས་དེ་དག་བྱང་ཆུབ་སེམས་དཔས་སེམས་ཅན་རྣམས་ལ་སྤྱད་པའི་ཕྱིར་དགོས་པར་ངེས་པར་བསྒྲུབ་པར་བྱའོ། །ཚོར་བའི་བདེ་བ་དང༌། རྒྱུ་བདེ་བ་དབང་པོ་དང༌། ཡུལ་དང་རེག་པས་བསྡུས་པ་ཀུན་ནས་ཉོན་མོངས་པར་འགྱུར་བ་དང༌། ཉོན་མོངས་པ་ཅན་དང༌། ཁ་ན་མ་ཐོ་བ་དང་བཅས་པ་མི་ཕན་པ་དང་མི་འཕྲོད་པ་གང་ཡིན་པ་ད་ནི་བསྒྲུབ་པར་མི་བྱའོ། །ཀུན་ནས་ཉོན་མོངས་པར་མི་འགྱུར་བ་དང༌། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་དང༌། ཁ་ན་མ་ཐོ་བ་མེད་པ་ཕན་པ་དང༌། འཕྲོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་སེམས་ཅན་རྣམས་ལ་ཅི་ནུས་ཅི་ལྕོགས་པ་བཞིན་དུ་བསྒྲུབ་པར་བྱའོ། །བདག་ཉིད་ཀྱིས་ཀྱང་དེ་བཞིན་དུ་ཡང་དག་པར་སྤྱད་པར་བྱའོ། །བསླབ་པར་བྱ། ཉམས་སུ་མྱོང་བར་བྱའོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་དང་གཞན་གྱི་དོན་ཕན་པ་དང་བདེ་བའི་རྒྱུ་ཡིན་པར་རིག་པར་བྱ་སྟེ། འདི་ལས་གོང་ན་ཡང་མེད་འདི་ལས་ལྷག་པ་ཡང་མེད་དོ། །དེ་ལ་བྱང་ཆུབ་སེམས་དཔའི་བདག་དང་གཞན་གྱི་དོན་རྒྱུ་དང་འབྲས་བུར་བསྡུས་པ་གང་ཞེ་ན། མདོར་བསྡུ་ན་རྒྱུ་ཡང་རྣམ་པ་གསུམ་ཡོད་ལ། འབྲས་བུ་ཡང་རྣམ་པ་གསུམ་ཡོད་པར་རིག་པར་བྱ་སྟེ། རྣམ་པར་སྨིན་པའི་རྒྱུ་དང༌། རྣམ་པར་སྨིན་པའི་འབྲས་བུ་དང༌། བསོད་ནམས་ཀྱི་རྒྱུ་དང༌། བསོད་ནམས་ཀྱི་འབྲས་བུ་དང༌། ཡེ་ཤེས་ཀྱི་རྒྱུ་དང༌། ཡེ་ཤེས་ཀྱི་འབྲས་བུའོ། །དེ་ལ་རྣམ་པར་སྨིན་པ་གང་ཞེ་ན། མདོར་བསྡུ་ན་རྣམ་པར་སྨིན་པ་ནི་བརྒྱད་དེ། ཚེ་ཕུན་སུམ་ཚོགས་པ་དང༌། ཁ་དོག་ཕུན་སུམ་ཚོགས་པ་དང༌། རིགས་ཕུན་སུམ་ཚོགས་པ་དང༌། དབང་ཕྱུག་ཕུན་སུམ་ཚོགས་པ་དང༌། ཚིག་བཙུན་པ་


DTG129_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

དང། དབང་ཆེ་བར་གྲགས་པ་ཉིད་དང༌། སྐྱེས་བུ་ཉིད་དང༌། བརྒྱད་པ་སྟོབས་ཕུན་སུམ་ཚོགས་པ་ཉིད་དོ། །དེ་ལ་བྱང་ཆུབ་པའི་ཚེ་ཕུན་སུམ་ཚོགས་པ་ནི་ཚེ་རིང་ཞིང་ཡུན་རིང་དུ་གནས་པ་ཉིད་དོ། །ཁ་དོག་ཕུན་སུམ་ཚོགས་པ་ནི་གཟུགས་བཟང་ཞིང་བ་ལྟ་ན་སྡུག་ལ་མཛེས་པ་ཉིད་དོ། །རིགས་ཕུན་སུམ་ཚོགས་པ་ནི་རིགས་མཐོན་པོ་རྣམས་སུ་སྐྱེ་བའོ། །དབང་ཕྱུག་ཕུན་སུམ་ཚོགས་པ་ནི་ལོངས་སྤྱོད་ཆེ་བ་དང༌། རྩ་འཇིང་ཆེ་བ་དང༌། འཁོར་ཕལ་ཆེ་བ་ཡིན་ནོ། །ཚིག་བཙུན་པ་ནི་ཡིད་བརྟན་དུ་རུང་ཞིང་ཡིད་ཆེས་པ་ཡིན་ཏེ། སེམས་ཅན་རྣམས་ཀྱི་རྩོད་པ་བྱུང་ངོ་ཅོག་དུ་ཚད་མར་གཞོག་པར་འོས་ལ། གཞལ་གླུགས་ལ་གཡོ་བྱེད་པ་དང༌། འཇལ་བ་ལ་གཡོ་བྱེད་པ་ལ་སོགས་པ་དང༌། གཡོ་སྒྱུ་དང་ནོར་གཏམས་པ་ལ་གཡོ་མི་བྱེད་ཅིང་སླུ་བར་མི་བྱེད་དེ། གཞི་དེས་སེམས་ཅན་རྣམས་ཀྱིས་ཚིག་འཛིན་པར་འགྱུར་བ་དེ་ནི་ཚིག་བཙུན་པ་ཞེས་བྱའོ། །དབང་ཆེ་བར་གྲགས་པ་ནི་དེའི་གྲགས་པ་ཆེན་པོ་དང་སྙན་པ་འདི་ལྟ་སྟེ། དཔའ་བའམ། བརྩོན་པའམ། བརྟན་པའམ། མཁས་པའམ། ཤེས་ཉེན་ཆེ་བའམ། ངང་ཚུལ་བཟང་བའམ། བཟོ་དང་ལས་ཀྱི་གནས་རྣམ་པ་སྣ་ཚོགས་དག་ལ་ལྷག་པར་རབ་དང་ཕུལ་དུ་མཁས་པ་ཡན་ཆད་ཀྱིས་འཇིག་རྟེན་དུ་གྲགས་པ་ཡིན་ཏེ། གཞི་དེས་སྐྱེ་བོའི་ཚོགས་ཆེན་པོའི་བླ་མར་གྱུར་ཞིང༌། བཀུར་སྟིར་བྱ་བ་དང༌། བཙུན་པར་བྱ་བ་དང༌། རི་མོར་བྱ་བ་དང༌། མཆོད་པར་བྱ་བའི་གནས་སུ་གྱུར་པ་དེ་ནི་དབང་ཆེ་བར་གྲགས་པ་ཞེས་བྱའོ། །སྐྱེས་པ་ཉིད་ནི་ཕོའི་དངོས་པོ་དང༌། ཕོའི་དབང་པོ་དང་ལྡན་པ་ཡིན་ནོ། །རང་བཞིན་གྱིས་སྟོབས་ཕུན་སུམ་ཚོགས་པ་ནི་གནོད་པ་ཆུང་བ་དང༌། ནད་མེད་པའི་རང་བཞིན་ཅན་དང༌། སྤྲོ་བ་ཆེ་བ་ཡིན་ནོ། །རྣམ་པར་སྨིན་པའི་རྒྱུ་གང་ཞེ་ན། སེམས་ཅན་རྣམས་ལ་མི་འཚེ་བ་དང༌། མི་འཚེ་བའི་བསམ་པ་ནི་ཚེ་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ནོ། །སྣང་བ་དང་གོས་སར་པ་སྦྱིན་པ་ནི་ཁ་དོག་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ནོ། །སེམས་ཅན་རྣམས་ལ་ང་རྒྱལ་ལེགས་པར་བཅོམ་པ་ནི་རིགས་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ནོ། །སློང་བ་རྣམས་དང་ཡོ་བྱད་མི་བདོག་པ་རྣམས་ལ་སྦྱིན་པ་ནི་དབང་ཕྱུག་


DTG129_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས་པའི་རྒྱུ་ཡིན་ནོ། །བདེན་པའི་ཚིག་དང་ལྡན་ཞིང་ཕྲ་མ་མེད་པ་དང༌། ཚིག་རྩུབ་པོ་མེད་པ་དང༌། ཚིག་ཀྱལ་པ་མེད་པ་ལ་གོམས་པ་ནི་ཚིག་བཙུན་པའི་རྒྱུ་ཡིན་ནོ། །ཚེ་ཕྱི་མ་ལ་བདག་ཉིད་ལ་ཡོན་ཏན་རྣམ་པ་སྣ་ཚོགས་སྒྲུབ་པར་སྨོན་ལམ་འདེབས་ཤིང༌། དཀོན་མཆོག་གསུམ་ལ་མཆོད་པ་བྱེད་པ་དང༌། བླ་མ་ལ་མཆོད་པ་བྱེད་པ་ནི་དབང་ཆེ་བར་གྲགས་པ་ཉིད་ཀྱི་རྒྱུ་ཡིན་ནོ། །སྐྱེས་པའི་དངོས་པོ་ལ་མངོན་པར་དགའ་ཞིང་བུད་མེད་ཀྱི་དངོས་པོ་ལ་མི་དགའ་སྟེ། དེ་ལ་ཉེས་དམིགས་སུ་ལྟ་བ་དང༌། བུད་མེད་རྣམས་ཀྱི་བུད་མེད་ཀྱི་དངོས་པོ་ལ་མངོན་པར་དགའ་བ་རྣམས་ཀྱང་བུད་མེད་ཀྱི་དངོས་པོ་ལས་འདུན་པ་བཟློག་པ་དང༌། ཕོའི་དབང་པོ་བཅད་པའི་ཕྱིར་བཟུང་སྟེ། ཁྲིད་པའི་མི་རྣམས་ཆོས་དང་མཐུན་པས་ངེས་པར་རྣམ་པར་ཐར་པར་བྱེད་པའི་རྒྱུ་གཉིས་ཀྱིས་གཞན་དག་ལ་སྐྱེས་པ་ཉིད་སྒྲུབ་པ་ནི་སྐྱེས་པ་ཉིད་ཀྱི་རྒྱུ་ཡིན་ནོ། །ལུས་ཀྱིས་སེམས་ཅན་རྣམས་ཀྱི་བྱ་བ་བྱུང་ངོ་ཅོག་ལ་ཆོས་དང་མཐུན་པ་དང༌། གཟུ་ལུམས་མེད་པར་ཅི་ནུས་ཅི་ལྕོགས་པ་བཞིན་དུ་ཞལ་ཏ་བྱེད་པ་དང༌། གྲོགས་བྱེད་པ་དང༌། འབྲས་ཆན་དང༌། སྐྱོ་མ་དང༌། ཐུག་པ་བཏུང་བ་དང༌། བརྟ་བར་འགྱུར་བ་དང༌། སྤྲོ་བ་སྐྱེད་པར་བྱེད་པའི་ཟས་དང༌། སྐོམ་དག་སེམས་ཅན་རྣམས་ལ་སྒྲུབ་པ་ནི་སྟོབས་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ཏེ། དེ་ལྟར་དེ་དག་གི་རྣམ་པར་སྨིན་པ་རྣམ་པ་བརྒྱད་ཀྱི་རྒྱུ་རྣམ་པ་བརྒྱད་ཡིན་པར་རིག་པར་བྱའོ། །རྒྱུ་དེ་དག་ཀྱང་མདོར་བསྡུ་ན་རྒྱུ་གསུམ་གྱིས་རྣམ་པར་སྨིན་པ་ཡོངས་སུ་རྫོགས་པ་དང༌། བརྟས་པ་དང༌། རྒྱ་ཆེ་བ་མངོན་པར་འགྲུབ་པར་འགྱུར་བའི་ཕྱིར་རྒྱས་པར་འགྱུར་ཏེ། རྒྱུ་གསུམ་པོ་དག་གང་ཞེ་ན། སེམས་རྣམ་པར་དག་པ་དང༌། སྦྱོར་བ་རྣམ་པར་དག་པ་དང༌། ཞིང་རྣམ་པར་དག་པའོ། །དེ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོས་པས་བསམ་པ་དག་པར་གྱུར་པ་གང་ཡིན་པ་དང༌། སྙིང་ཐག་པ་ནས་ལྷག་པའི་བསམ་པ་རྒྱ་ཆེ་ཞིང་དང་པས་སྤྱོད་པའི་ཕྱིར། བསམ་པ་དྲག་པོར་གྱུར་པ་གང་ཡིན་པ་དང༌། དེ་དང་ཆོས་མཐུན་པར་སྤྱོད་པ་མཐོང་ན། མངོན་པར་དགའ་བ་གང་ཡིན་པ་དང༌། ཉིན་གཅིག་བཞིན་དུ་སྐད་ཅིག་རེ་རེ་ལ་དེ་དང་མཐུན་


DTG129_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ཁོ་ན་ལ་ལན་མང་དུ་རྟོག་ཅིང་དཔྱོད་པ་གང་ཡིན་པ་དེ་ནི་སེམས་རྣམ་པར་དག་པ་ཞེས་བྱའོ། །དེ་ལ་ཡུན་རིང་པོར་གོམས་པར་བྱེད་ཅིང་རྒྱུན་དུ་བྱེད་ལ་གྲིམས་པར་བྱེད་པ་དང༌། དགེ་བ་དེ་ཡང་དག་པར་མ་བླངས་པ་གཞན་དག་ལ་ཡང་ཡང་དག་པར་ལེན་དུ་གཞུག་པའི་ཕྱིར་བསྔགས་པ་བརྗོད་པ་དང༌། ཡང་དག་པར་བླངས་པ་རྣམས་ལ་ཡང་ཡང་དག་པར་དགའ་བ་བསྐྱེད་པའི་ཕྱིར་བསྔགས་པ་བརྗོད་པ་དང༌། དེ་དག་ཉིད་དགེ་བའི་རྩ་བ་དེ་ལ་འཛུད་པ་དང༌། འགོད་པར་བྱེད་པ་གང་ཡིན་པ་དེ་ནི་སྦྱོར་བ་རྣམ་པར་དག་པ་ཞེས་བྱའོ། །དེ་ལ་མདོར་བསྡུ་ན་སྦྱོར་པ་ཡང་དག་པར་བསྒྲུབ་པ་དང༌། ཡང་དག་པར་སྦྱོར་བ་དེ་ཉིད་ཀྱི་འབྲས་བུ་ལ་གནས་པའི་ཕྱིར། ཞིང་རྣམ་པར་དག་པ་ཡིན་པར་རིག་པར་བྱའོ། །དེ་ལ་རྣམ་པར་སྨིན་པའི་འབྲས་བུ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཚེ་ཕུན་སུམ་ཚོགས་པར་གྱུར་ན། བདག་གི་དོན་དང༌། གཞན་གྱི་དོན་ལས་བརྩམས་ནས་ཡུན་རིང་པོར་དགེ་བའི་ཕྱོགས་ལ་སྦྱོར་བ་དང༌། དགེ་བའི་རྩ་བ་མང་པོ་སོགས་པར་བྱེད་པ་འདི་ནི་ཚེ་ཕུན་སུམ་ཚོགས་པའི་འབྲས་བུ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཁ་དོག་ཕུན་སུམ་ཚོགས་པར་གྱུར་ན། སྐྱེ་བོའི་ཚོགས་ཆེན་པོའི་སྙིང་དུ་སྡུག་པར་འགྱུར་ཏེ། སྙིང་དུ་སྡུག་ན་དྲུང་དུ་འདུ་བར་འགྱུར་ལ། གཟུགས་ཡིད་དུ་འོང་བ་དང༌། མངོན་དུ་ཕྲད་པར་གྱུར་པས་སྐྱེ་བོའི་ཚོགས་ཆེན་པོ་དག་དེའི་ཚིག་མཉན་པ་དང༌། བྱ་བར་སེམས་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་ཁ་དོག་ཕུན་སུམ་ཚོགས་པའི་འབྲས་བུ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་རིགས་ཕུན་སུམ་ཚོགས་པར་གྱུར་ན། སྐྱེ་བོའི་ཚོགས་ཆེན་པོས་བཀུར་བ་དང༌། མཆོད་པ་དང་བསྔགས་པར་འགྱུར་རོ། །བཀུར་ཞིང་མཆོད་ལ་བསྔགས་ན། སེམས་ཅན་རྣམས་དོན་གང་དང་གང་ལ་འཛུད་པ་དེ་དང་དེ་ལ་དེ་དག་གཟི་བྱིན་གྱིས་ནོན་པས་མྱུར་དུ་འཇུག་པར་འགྱུར་ཏེ། མི་བྱའོ་ཞེས་ཟློག་པར་མི་བྱེད། ལོག་པར་མི་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་རིགས་ཕུན་སུམ་ཚོགས་པའི་འབྲས་བུ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དབང་ཕྱུག་ཕུན་སུམ་ཚོགས་པར་གྱུར་ན། སྦྱིན་པས་སེམས་ཅན་རྣམས་སྡུད་ཅིང་ཡོངས་སུ་སྨིན་པར་བྱེད་དེ། དེ་ནི་བྱང་ཆུབ་སེམས་


DTG129_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་དབང་ཕྱུག་ཕུན་སུམ་ཚོགས་པའི་འབྲས་བུ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་ཚིག་བཙུན་པར་གྱུར་ན་སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པས་སེམས་ཅན་རྣམས་སྡུད་ཅིང་ཡོངས་སུ་སྨིན་པར་བྱེད་དེ། དེ་ནི་བྱང་ཆུབ་སེམས་དཔའི་ཚིག་བཅུན་པའི་འབྲས་བུ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དབང་ཆེ་བར་གྲགས་པར་གྱུར་ན། བྱ་བ་བྱེད་པ་རྣམ་པ་སྣ་ཚོགས་དག་གིས་སེམས་ཅན་གྱི་གྲོགས་བྱེད་དུ་འགྲོ་ཞིང་ཕན་འདོགས་པར་བྱེད་དོ། །ཕན་བཏགས་པ་དེས་ན། སེམས་ཅན་རྣམས་ཀྱི་སེམས་དང་འབྲེལ་པར་འགྱུར་བས་དེ་ལ་གུས་པ་དང༌། བྱས་པ་གཟོ་བར་གྱུར་ནས། བཀུར་སྟི་དང༌། གུས་པ་དང་བཅས་པས་མྱུར་བ་མྱུར་བར་བསྒོ་བ་བཞིན་དུ་ཉན་པར་བྱེད་དེ། དེ་ནི་བྱང་ཆུབ་སེམས་དཔའི་དབང་ཆེ་བར་གྲགས་པའི་འབྲས་བུ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སྐྱེས་པ་ཉིད་དུ་གྱུར་ན། ཕོའི་དབང་པོ་དང་ལྡན་པས། ཡོན་ཏན་ཐམས་ཅད་དང་བཙལ་བ་ཐམས་ཅད་དང༌། ཤེས་བྱ་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པ་དག་གི་སྣོད་དུ་གྱུར་པ་ཡིན་ཏེ། འཇིགས་པ་མེད་པར་གྱུར་ལ། དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་དང་འགྲོ་བའམ། སྨྲ་བའམ། འགྲོགས་པའམ། ལོངས་སྤྱོད་པའམ། དབེན་པ་དབེན་པར་གནས་པ་རྣམས་ལ་འཇུག་པ། སྒྲིབ་པ་མེད་པ་དེ་ནི་བྱང་ཆུབ་སེམས་དཔའི་སྐྱེས་པ་ཉིད་ཀྱི་འབྲས་བུ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སྟོབས་ཕུན་སུམ་ཚོགས་པར་གྱུར་ན། དགེ་བའི་ཆོས་སྒྲུབ་པའི་སྦྱོར་བ་དང་སེམས་ཅན་ལ་ཕན་གདགས་པའི་སྦྱོར་བས་མི་སྐྱོ་བར་འགྱུར་ལ། བརྩོན་འགྲུས་རྩོམ་པར་འགྱུར་ཞིང༌། བརྩོན་འགྲུས་བརྟན་པ་དང༌། མངོན་པར་ཤེས་པ་མྱུར་བར་འགྱུར་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་སྟོབས་ཕུན་སུམ་ཚོགས་པའི་འབྲས་བུ་ཡིན་པར་རིག་པར་བྱའོ། །དེ་ལྟར་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་སྨིན་པ་རྣམ་པ་བརྒྱད་ཀྱི་འབྲས་བུ་རྣམ་པ་བརྒྱད་ཡིན་ཏེ། དེ་ཡོད་ན་སེམས་ཅན་རྣམས་ལ་ཡང་ཕན་པ་དང༌། སངས་རྒྱས་ཀྱི་ཆོས་རྣམས་སྐྱེ་བ་ལ་ཡང་མཐུན་ཅིང་འཕྲོད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམ་པར་སྨིན་པའི་འབྲས་བུ་འདི་ལ་གནས་ན། བདག་ཉིད་ཀྱང་སེམས་


DTG129_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་ཀྱི་དོན་སྣ་ཚོགས་མང་པོ་བྱ་བ་ལ་ནུས་ཤིང་ལྕོགས་པར་འགྱུར་ལ། དེས་གདུལ་བར་བྱ་བ་དེ་དག་ཀྱང་འདི་ལྟ་སྟེ། རང་གི་དོན་བྱ་བ་ཡན་ཆད་ལ་ཇི་ལྟར་འདོད་པ་བཞིན་དུ་བྱ་བ་དག་ལ་བསྒོ་བ་བཞིན་དུ་ཉན་པར་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་དེ་བདག་ཉིད་ཀྱིས་ལྕོགས་སུ་ཟིན་ཀྱང་གདུལ་བྱར་བྱ་བ་དེས་བསྒོ་པ་བཞིན་དུ་མི་ཉན་པར་གྱུར་ན། དེ་ལྟ་ན་ཡང་དེའི་གཞན་གྱི་དོན་བྱ་བ་ལས་དོན་ཆེ་བ་མ་ཡིན་མཐུན་པ་མ་ཡིན་ཏེ། དེས་ན་དེས་གཞན་གྱི་དོན་བྱེད་མི་ནུས་སོ། །གལ་ཏེ་བྱང་ཆུབ་སེམས་དཔའ་དེ་བདག་ཉིད་ཀྱིས་ནི་མི་ནུས་མི་ལྕོགས་ལ། དེས་གདུལ་བར་བྱ་བ་རྣམས་ནི་རང་གི་དོན་བྱ་བ་ཡན་ཆད་ལ་བསྒོ་བ་བཞིན་དུ་ཉན་པར་གྱུར་ན། དེ་ལྟ་ན་ཡང་བྱང་ཆུབ་སེམས་དཔའི་གཞན་གྱི་དོན་བྱ་བ་ལས་དོན་ཆེ་བ་མ་ཡིན་མཐུན་པ་མ་ཡིན་ཏེ། དེས་ན་དེས་གཞན་གྱི་དོན་བྱེད་མི་ནུས་སོ། །དེ་ལྟ་བས་ན་དེ་གཉི་ག་ཚོགས་ལ་གཉི་ག་འབྱོར་པར་གྱུར་ན། བྱང་ཆུབ་སེམས་དཔའི་སེམས་ཅན་གྱི་དོན་བྱ་བ་ལ་ལས་དོན་ཆེ་ཞིང་མཐུན་པར་འགྱུར་ཏེ། དེས་ན་གཞན་གྱི་དོན་བྱེད་ནུས་པར་འགྱུར་རོ། །དེ་ལྟར་གྱུར་ན་བྱང་ཆུབ་སེམས་དཔའ་དེས་བདག་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་དང། སེམས་ཅན་རྣམས་ཀྱང་ཐེག་པ་གསུམ་ལ་མྱུར་བ་ཉིད་དུ་ཡོངས་སུ་སྨིན་པར་བྱེད་ལ། བདག་ཉིད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང༌། སེམས་ཅན་ཡོངས་སུ་སྨིན་པ་རྣམས་ཀྱང་རྣམ་པར་གྲོལ་པར་བྱེད་དོ། །དེ་བས་ན་རྣམ་གྲངས་དེས་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་བརྒྱད་པོ་དག་སེམས་ཅན་རྣམས་ལ་ཕན་པ་དང༌། བདེ་བར་འགྱུར་བ་དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་འཁོར་བའི་ཚེ་འབྲས་བུ་མེད་ཅིང་དོན་མེད་པ་དེ་ཡང་དེ་དག་ལ་འབྲས་བུ་ཡོད་པ་དང་དོན་ཆེ་བར་འགྱུར་རོ། །དེ་ལ་བསོད་ནམས་ནི་གང་ཡིན། ཡེ་ཤེས་ནི་གང་ཡིན་ཞེ་ན། བསོད་ནམས་ཞེས་བྱ་བ་ནི་མདོར་བསྡུ་ན་ཕ་རོལ་ཏུ་ཕྱིན་པ་གསུམ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཡེ་ཤེས་ནི་


DTG129_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཏུ་ཕྱིན་པ་གཅིག་པུ་སྟེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བསོད་ནམས་ཀྱི་ཕྱོགས་དང༌། ཡེ་ཤེས་ཀྱི་ཕྱོགས་སུ་རིག་པར་བྱ་སྟེ། བརྩོན་འགྲུས་ལ་བརྟེན་ནས་སྦྱིན་པ་སྦྱིན་པ་དང༌། ཚུལ་ཁྲིམས་ཡང་དག་པར་ལེན་ཅིང་བསྲུང་བ་དང༌། བྱམས་པ་ལ་སོགས་པ་ཚད་མེད་པ་རྣམས་བསྒོམ་པའམ། དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་ཕྱོགས་ཀྱི་བརྩོན་འགྲུས་སོ། །བརྩོན་འགྲུས་ལ་བརྟེན་ནས་ཐོས་པ་དང༌། བསམ་པ་དང༌། བསྒོམ་པའི་ཤེས་རབ་ལ་སྦྱོར་བར་བྱེད་ཅིང་ཕུང་པོ་ལ་མཁས་པ་དང༌། ཁམས་ལ་མཁས་པ་དང༌། སྐྱེ་མཆེད་ལ་མཁས་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང༌། གནས་དང་གནས་མ་ཡིན་པ་ལ་མཁས་པར་བྱེད་པ་དང༌། སྡུག་བསྔལ་བ་ལ་ནི་སྡུག་བསྔལ་བར། ཀུན་འབྱུང་བ་ལ་ནི་ཀུན་འབྱུང་བར། འགོག་པ་ལ་ནི་འགོག་བར། ལམ་ལ་ནི་ལམ་དུ་སོ་སོར་རྟོག་པའམ། དགེ་བ་དང་མི་དགེ་བའི་ཆོས་རྣམས་དང༌། ཁ་ན་མ་ཐོ་བ་དང་བཅས་པ་དང༌། ཁ་ན་མ་ཐོ་བ་མེད་པ་དང༌། བསྟེན་པར་བྱ་བ་དང༌། བསྟེན་པར་བྱ་བ་མ་ཡིན་པ་དང༌། ངན་པ་དང༌། བཟང་པོ་དང༌། ནག་པོ་དང༌། དཀར་པོའི་ཆོས་རྣམས་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་རབ་ཏུ་རྣམ་པར་དབྱེ་བ་དང་བཅས་པའི་ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་འབྱེད་ཅིང༌། སོ་སོར་རྟོག་པ་འདི་ནི་ཡེ་ཤེས་ཀྱི་ཕྱོགས་ཀྱི་བརྩོན་འགྲུས་ཞེས་བྱའོ། །བསམ་གཏན་ལ་བརྟེན་ནས་སྦྱིན་པ་སྦྱིན་པ་དང༌། ཚུལ་ཁྲིམས་ཡང་དག་པར་ལེན་ཅིང་བསྲུང་བའམ། བྱམས་པ་ལ་སོགས་པ་ཚད་མེད་པ་རྣམས་བསྒོམ་པའམ། དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་ཕྱོགས་ཀྱི་བསམ་གཏན་ཡིན་ནོ། །བསམ་གཏན་ལ་བརྟེན་ནས་ཐོས་པ་དང༌། བསམ་པ་དང༌། བསྒོམ་པའི་ཤེས་རབ་ལ་སྦྱོར་བར་བྱེད་ཅིང༌། ཕུང་པོ་ལ་མཁས་པ་ནས། སྔར་བརྩོན་འགྲུས་ཀྱི་སྐབས་སུ་ཇི་སྐད་བསྟན་པ་དེ་བཞིན་དུ་ཐམས་ཅད་བརྗོད་པར་བྱ་སྟེ། འདི་ནི་ཡེ་ཤེས་ཀྱི་ཕྱོགས་ཀྱི་བསམ་གཏན་ཡིན་ནོ། །བསོད་ནམས་དང༌། ཡེ་ཤེས་དེ་ཡང་མདོར་བསྡུ་ན་རྣམ་པ་དྲུག་ཡོད་དོ། །དེ་རེ་རེའི་


DTG129_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དབྱེ་བ་ནི། ཚད་མེད་པར་རིག་པར་བྱའོ། །བསོད་ནམས་དང་ཡེ་ཤེས་ཀྱི་རྒྱུ་གང་ཞེ་ན། བསོད་ནམས་དང་ཡེ་ཤེས་ཀྱི་རྒྱུ་ནི་མདོར་བསྡུ་ན་རྣམ་པ་གསུམ་ཡོད་པར་རིག་པར་བྱ་སྟེ། བསོད་ནམས་དང༌། ཡེ་ཤེས་ཐོབ་པ་དང༌། གནས་པ་དང་འཕེལ་བར་འགྱུར་བ་ལ་འདུན་པ་གང་ཡིན་པ་དང༌། མཐུན་ལ་མི་མཐུན་པ་མེད་པའི་རྐྱེན་དང༌། སྔོན་ཡང་བསོད་ནམས་དང་ཡེ་ཤེས་ལ་གོམས་པའོ། །དེ་ལ་མི་མཐུན་པ་མེད་པའི་རྐྱེན་ནི་འདི་ཡིན་ཏེ། ཕྱིན་ཅི་ལོག་གི་རྐྱེན་ནི་ཉེ་བར་མི་གནས་ཤིང༌། ཉེ་བར་མ་གྱུར་ལ། ཕྱིན་ཅི་མ་ལོག་པའི་རྐྱེན་ནི་ཉེ་བར་གནས་ཤིང༌། ཉེ་བར་གྱུར་པ་གང་ཡིན་པའོ། །དེ་ལ་སྡིག་པའི་གྲོགས་པོ་དང་ཕྲད་ནས་བསོད་ནམས་དང་ཡེ་ཤེས་ཕྱིན་ཅི་ལོག་ཏུ་བསྟན་པའམ། ཕྱིན་ཅི་ལོག་གི་ཡིད་ལ་བྱེད་པས། ཕྱིན་ཅི་ལོག་ཏུ་བཟུང་བ་དེ་ནི་ཕྱིན་ཅི་ལོག་གི་རྐྱེན་ཉེ་བར་གྱུར་པ་ཞེས་བྱའོ། །དེ་ལས་བཟློག་པ་དཀར་པོའི་ཕྱོགས་ནི་ཕྱིན་ཅི་མ་ལོག་པའི་རྐྱེན་ཉེ་བར་གྱུར་པ་མ་ཡིན་པར་རིག་པར་བྱའོ། །བསོད་ནམས་དང༌། ཡེ་ཤེས་འཐོབ་པ་དང༌། གནས་པ་དང་འཕེལ་བར་བྱ་བའི་ཕྱིར་སྦྱོར་བ་ལ་བར་དུ་གཅོད་པ་གང་ཡིན་པ་དེ་དག་སྤོང་ཞིང་མི་སྐྱེད་པ་འདི་ཡང་བྱང་ཆུབ་སེམས་དཔའི་བསོད་ནམས་དང་ཡེ་ཤེས་ཀྱི་མི་མཐུན་པ་མེད་པའི་རྐྱེན་ཞེས་བྱའོ། །རྒྱུ་གསུམ་པོ་འདི་དག་ལས་གང་ཡང་རུང་བ་ཅིག་མ་ཚང་ན་ཡང་བསོད་ནམས་ཀྱང་སྐྱེ་བར་མི་འགྱུར་ལ། ཡེ་ཤེས་ཀྱང་སྐྱེ་བར་མི་འགྱུར་བར་རིག་པར་བྱའོ། །བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་གང་ཞེ་ན། བསོད་ནམས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་གནོད་པ་མེད་པར་འཁོར་བ་ན་འཁོར་ཞིང་སྡུག་བསྔལ་དག་གིས་ཤིན་ཏུ་གཟིར་བ་མེད་པ་དང༌། ཅི་དགའ་མགུར་སེམས་ཅན་གྱི་དོན་དང༌། སེམས་ཅན་ལ་ཕན་འདོགས་ནུས་པར་འགྱུར་རོ། །ཡེ་ཤེས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་ཡང་དག་པར་བསོད་ནམས་ཡོངས་སུ་འཛིན་པར་བྱེད་ཀྱི། ལོག་པས་མ་ཡིན་པ་དང་མཁས་པར་བྱ་བ་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་དག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་འགྱུར་རོ། །དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ནི་མདོར་བསྡུ་ན་ཅི་


DTG129_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པར་རྣམ་པ་བཞིར་རིག་པར་བྱའོ། །དེ་དག་གི་རྣམ་པ་རབ་ཏུ་དབྱེ་བ་ནི་ཚད་མེད་དོ། །དེ་ལ་རྣམ་པར་སྨིན་པ་གང་ཡིན་པ་དང༌། རྣམ་པར་སྨིན་པའི་རྒྱུ་གང་ཡིན་པ་དང༌། རྣམ་པར་སྨིན་པའི་འབྲས་བུ་གང་ཡིན་པ་དེ་དག་ཐམས་ཅད་ནི་བསོད་ནམས་ལ་བརྟེན་ཅིང༌། བསོད་ནམས་ལས་བྱུང་བ་ཡིན་ནོ། །བསོད་ནམས་ཀྱང་ཡེ་ཤེས་ལ་བརྟེན་ཅིང་ཡེ་ཤེས་ལས་བྱུང་བ་ཡིན་ནོ། །དེ་བས་ན་འདི་གཉི་ག་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་བའི་གཙོ་བོ་ཡིན་ཏེ། བསོད་ནམས་ནི་གཙོ་བོ་ཡིན་ལ་ཡེ་ཤེས་ནི་བླ་ན་མེད་པ་ཡིན་ནོ། །བསོད་ནམས་དང་ཡེ་ཤེས་ལས་གང་ཡང་རུང་བ་ཅིག་མེད་ན་བྱང་ཆུབ་སེམས་དཔའ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་འཐོབ་སྟེ། དེ་ལྟར་ན་འདི་ནི་བྱང་ཆུབ་སེམས་དཔའི་བདག་དང་གཞན་གྱི་དོན་རྒྱུ་དང་འབྲས་བུར་བསྡུས་པ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཚེ་འདིའི་བདག་དང་གཞན་གྱི་དོན་ནི་གང་ཡིན། ཚེ་རབས་གཞན་གྱི་བདག་དང་གཞན་གྱི་དོན་ནི་གང་ཡིན་ཞེ་ན། སྐྱེས་བུའི་བྱེད་པ་རིག་པའི་བཟོའི་གནས་དང༌། ལས་ཀྱི་གནས་ཀྱིས་ལོངས་སྤྱོད་བསྒྲུབ་པ་གང་ཡིན་པ་དང༌། བསྒྲུབས་པ་དེ་དག་ཀྱང་ཚོད་ཟིན་པར་ལོངས་སྤྱོད་པ་དང༌། འདོད་པའི་འབྲས་བུ་རྣམ་པར་སྨིན་པར་འགྱུར་བའི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ཚེ་འདི་ལ་ལོངས་སྤྱོད་པར་འགྱུར་བ་གང་ཡིན་པ་དང༌། བྱང་ཆུབ་སེམས་དཔའ་བསམ་གཏན་སྒྱུར་བ་ལ་མཁས་པས་ཚེ་འདི་ཉིད་ལ་བདེ་བའི་དོན་དུ་བྱ་བ་དང༌། དེ་ལ་བརྟེན་ནས་ཚེ་འདི་ཉིད་ལ་གཞན་གྱི་དོན་བསྒྲུབ་པའི་ཕྱིར། བསམ་གཏན་ལ་བརྟེན་པ་དང༌། ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པར་གྱུར་པའི་མྱ་ངན་ལས་འདས་པ་གང་ཡིན་པ་དང༌། ཚེ་འདི་ཉིད་ལ་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ཆོས་འདུས་བྱས་དང་འདུས་མ་བྱས་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ཚེ་འདི་ཉིད་ལ་བདག་གི་དོན་དུ་འགྱུར་བ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཇི་ལྟ་བ་བཞིན་དུ། སེམས་ཅན་གཞན་གང་དག་བྱང་ཆུབ་སེམས་དཔས་བཏུལ་བ་རྣམས་ཀྱི་གཞན་གྱི་དོན་ཡང་ཡིན་པར་རིག་པར་བྱའོ། །དེ་ལ་ཕྱི་མ་ལ་འདོད་


DTG129_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁམས་སུ་ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར་བ་གང་ཡིན་པ་དང༌། ཕྱི་མ་ལ་ལུས་ཕུན་སུམ་ཚོགས་པར་འགྱུར་བ་གང་ཡིན་པ་དང༌། ཕྱི་མ་ལ་བསམ་གཏན་དང༌། གཟུགས་མེད་པར་སྐྱེ་བ་གང་ཡིན་པ་དང༌། ཚེ་འདི་ལ་སྡུག་བསྔལ་དང་བཅས། ཡིད་མི་བདེ་བ་དང་བཅས་པས། སོ་སོར་བརྟགས་ཤིང་ཕྱི་མ་ལ་ལོངས་སྤྱོད་དང༌། ལུས་ཕུན་སུམ་ཚོགས་པར་འགྱུར་བ་དང༌། བསམ་གཏན་དང༌། གཟུགས་མེད་པར་སྐྱེ་བ་དེའི་རྒྱུ་ལ་བརྟེན་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ཚེ་རབས་གཞན་གྱི་བདག་དང་གཞན་གྱི་དོན་ཁོ་ན་ཡིན་པར་རིག་པར་བྱའོ། །ཚེ་འདི་ལ་བདེ་བ་དང་བཅས་པ་དང༌། ཡིད་བདེ་བ་དང་བཅས་པས་ལོངས་སྤྱོད་དང༌། ལུས་ཕུན་སུམ་ཚོགས་པར་འགྱུར་བའི་རྒྱུ་ལ་བརྟེན་པ་གང་ཡིན་པ་དང༌། ཚེ་འདིར་ཉམས་པར་འགྱུར་བའི་ཆ་དང་མཐུན་པ་མ་ཡིན་པའི་བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་གང་ཡིན་པ་དེ་ནི་ཚེ་འདི་ཉིད་དང༌། ཚེ་རབས་གཞན་གྱི་བདག་དང་གཞན་གྱི་དོན་ཡིན་པར་རིག་པར་བྱའོ། །བདག་དང་གཞན་གྱི་དོན་གཏན་དུ་བ་ནི་གང༌། གཏན་དུ་བ་མ་ཡིན་པ་དེ་ནི་གང་ཞེ་ན། འདོད་པའི་ཁམས་སུ་ལོངས་སྤྱོད་དང༌། ལུས་ཕུན་སུམ་ཚོགས་པར་འགྱུར་བ་རྒྱུ་དང་འབྲས་བུར་བཅས་པ་དང༌། སོ་སོའི་སྐྱེ་བོ་རྣམས་ཀྱི་འཇིག་རྟེན་པའི་དག་པ་རྒྱུ་དང་འབྲས་བུར་བཅས་པ་ནི་བདག་དང་གཞན་གྱི་དོན་གཏན་དུ་བ་མ་ཡིན་ནོ། །ཉོན་མོངས་པ་ཐམས་ཅད་གཏན་སྤངས་པ་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། དེ་ལ་བརྟེན་ནས་འཇིག་རྟེན་ལས་འདས་པའི་དགེ་བའི་ཆོས་རྣམས་ཐོབ་པ་གང་ཡིན་པ་དེ་ནི་བདག་དང་གཞན་གྱི་དོན་གཏན་དུ་བ་ཡིན་ནོ། །དེ་ལ་ངོ་བོ་ཉིད་དང༌། ཡོངས་སུ་ཉམས་པ་དང༌། འབྲས་བུ་ལོངས་སྤྱོད་པས་ཡོངས་སུ་ཟད་པ། རྒྱུ་རྣམ་པ་གསུམ་གྱིས་ན་གཏན་དུ་བ་དང༌། གཏན་དུ་བ་མ་ཡིན་པར་རིག་པར་བྱའོ། །དེ་ལ་མྱ་ངན་ལས་འདས་པ་ནི་ངོ་བོ་ཉིད་ཀྱིས་གཏན་དུ་བ་ཡིན་ནོ། །འདུས་བྱས་ནི་ཐམས་ཅད་ཀྱང་གཏན་དུ་བ་མ་ཡིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཡོངས་སུ་ཉམས་པ་མ་ཡིན་པ་དང༌། འབྲས་བུ་ལོངས་སྤྱོད་པས་ཡོངས་སུ་ཟད་པར་


DTG129_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་བའི་ཕྱིར་གཏན་དུ་བ་ཡིན་ནོ། །དེ་ལས་གཞན་པ་དགེ་བའི་ཟག་པ་དང་བཅས་པའི་ཆོས་རྣམས་ནི་ཡོངས་སུ་ཉམས་པ་དང༌། འབྲས་བུ་ལོངས་སྤྱད་ནས་ཡོངས་སུ་ཟད་པར་འགྱུར་བའི་ཕྱིར་གཏན་དུ་བ་མ་ཡིན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་དང་གཞན་གྱི་དོན་བསྡུས་པ་དང༌། རྒྱས་པ་རྣམ་པ་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཅི་ནུས་ཅི་ལྕོགས་ཀྱིས་གང་ལ་བསླབ་པར་བྱ་བ་ཡིན་ཏེ། འདི་ལས་གོང་ན་ཡང་མེད། འདི་ལས་ལྷག་པ་ཡང་མེད་དོ། །འདས་པ་དང་མ་འོངས་པའི་དུས་ན་བདག་དང་གཞན་གྱི་དོན་ལ་བསླབས་པ་དང། སློབ་པར་འགྱུར་བ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་བདག་དང་གཞན་གྱི་དོན་རྣམ་པ་བཅུ་པོ་འདི་ཉིད་ལ་སློབ་སྟེ། འདི་ལས་གོང་ན་ཡང་མེད། འདི་ལས་ལྷག་པ་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་བདག་དང་གཞན་གྱི་དོན་གྱི་ལེའུ་སྟེ་གསུམ་པའོ།། །།དེ་ཁོ་ནའི་དོན་གང་ཞེ་ན། མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཇི་ལྟར་ཡོད་པ་ལས་བརྩམས་ཏེ། ཆོས་རྣམས་ཀྱི་ཡང་དག་པ་ཉིད་གང་ཡིན་པ་དང༌། ཇི་སྙེད་ཡོད་པ་ལས་བརྩམས་ཏེ་ཆོས་རྣམས་ཀྱི་ཐམས་ཅད་ཉིད་གང་ཡིན་པ་སྟེ། དེ་ལྟར་ཡང་དག་པ་ཉིད་དང༌། ཐམས་ཅད་ཉིད་ནི་ཆོས་རྣམས་ཀྱི་དེ་ཁོ་ནའི་དོན་མཐའ་དག་ཡིན་པར་རིག་པར་བྱའོ། །དེ་ཁོ་ནའི་དོན་དེ་ཡང་རབ་ཏུ་དབྱེ་ན་རྣམ་པ་བཞི་སྟེ། འཇིག་རྟེན་གྱི་གྲགས་པ་དང༌། རིགས་པ་གྲགས་པ་དང༌། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་དང༌། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་ལོ། །དེ་ལ་བརྡ་དང༌། ཀུན་རྫོབ་ལ་འདྲིས་པའི་རྗེས་སུ་འགྲོ་བས་ཞུགས་པའི་བློས་དངོས་པོ་གང་ལ་འཇིག་རྟེན་པ་ཐམས་ཅད་ཀྱི་ལྟ་བ་མཚུངས་པར་གྱུར་པ་འདི་ལྟ་སྟེ། ས་ལ་འདི་ནི་ས་ཁོ་ན་ཡིན་གྱི་མེ་མ་ཡིན་ནོ་ཞེས་བྱ་བ་དང༌། ས་ལ་ཇི་ལྟ་བ་བཞིན་དུ་མེ་དང༌། ཆུ་དང༌། རླུང་དང༌། གཟུགས་རྣམས་དང༌། སྒྲ་རྣམས་དང༌། དྲི་རྣམས་དང༌། རོ་རྣམས་དང༌། རེག་བྱ་རྣམས་དང༌། ཟས་དང༌། སྐོམ་དང༌། བཞོན་པ་དང༌། གོས་དང༌། རྒྱན་དུ་བྱ་བ་དང༌། སྣོད་སྤྱད་དང༌། སྤོས་དང༌། མེ་ཏོག་ཕྲེང་དང༌། བྱུག་པ་དང༌། བྲོ་གར་དང༌། གླུ་དང༌།


DTG129_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་མོ་དང༌། སྣང་བ་དང༌། སྐྱེས་པ་དང༌། བུད་མེད་ཀྱི་དགའ་མགུར་སྤྱོད་པ་དང༌། ཞིང་དང༌། ཚོང་ཁང་དང༌། ཁྱིམ་གྱི་དངོས་པོ་དང༌། བདེ་བ་དང༌། སྡུག་བསྔལ་བ་ཡང་དེ་བཞིན་ཏེ། འདི་ནི་སྡུག་བསྔལ་བ་ཡིན་གྱི་བདེ་བ་མ་ཡིན་ནོ། །འདི་ནི་བདེ་བ་ཡིན་གྱི་སྡུག་བསྔལ་བ་མ་ཡིན་ནོ་ཞེས་བྱ་བ་ལྟ་བུ་སྟེ། མདོར་བསྡུ་ན་འདི་ནི་འདི་ཡིན་གྱི། འདི་མ་ཡིན་ནོ། །འདི་ནི་འདི་ལྟ་བུ་ཡིན་གྱི་གཞན་དུ་མ་ཡིན་ནོ་ཞེས་འཇིག་རྟེན་པ་ཐམས་ཅད་ཀྱི་ངེས་པར་མོས་པའི་སྤྱོད་ཡུལ་གཅིག་ནས་གཅིག་ཏུ་འོངས་པའི་མིང་གིས་རང་གི་རྣམ་པར་རྟོག་པ་ལས་གྲགས་པ།། མ་བསམས་མ་དཔྱད་མ་བརྟགས་པར་བཟུང་བའི་དངོས་པོ་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་གྲགས་པའི་དེ་ཁོ་ན་ཞེས་བྱའོ། །རིགས་པས་གྲགས་པའི་དེ་ཁོ་ན་གང་ཞེ་ན། དམ་པའི་རིགས་པའི་དོན་ལ་མཁས་པ། མཛངས་པ། རྟོག་གེ་པ། དཔྱོད་པ་དང་ལྡན་པ། རྟོག་གེར་རྟོགས་པའི་ས། རང་གི་སྤོབས་པ་ལས་བྱུང་བ། སོ་སོའི་སྐྱེ་བོ་པ། དཔྱོད་པའི་རྗེས་སུ་དཔྱོད་པ་ལ་གནས་པ་རྣམས་ཀྱི་ཤེས་པ་ཤིན་ཏུ་རྣམ་པར་ཕྱེ་བ་ངེས་པའི་སྤྱོད་ཡུལ་ཤེས་བྱའི་དངོས་པོ་མངོན་སུམ་དང༌། རྗེས་སུ་དཔག་པ་དང༌། ཡིད་ཆེས་པའི་ལུང་གི་ཚད་མ་ལ་བརྟེན་ནས། འཐད་པས་བསྒྲུབས་པའི་རིགས་པས་རབ་ཏུ་བསྒྲུབས་ཤིང་རྣམ་པར་གཞག་པ་གང་ཡིན་པ་དེ་ནི་རིགས་པས་གྲགས་པའི་དེ་ཁོ་ན་ཞེས་བྱའོ། །ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་གང་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཟག་པ་མེད་པ་དང༌། ཟག་པ་མེད་པ་ཐོབ་པར་བྱེད་པ་དང༌། ཟག་པ་མེད་པའི་རྗེས་ལས་ཐོབ་པ་འཇིག་རྟེན་པའི་ཤེས་པས་སྤྱོད་ཡུལ་དུ་བྱ་བའི་ཡུལ་དེ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་ཞེས་བྱ་སྟེ། དེ་ལ་དམིགས་པས་ཉོན་མོངས་པའི་སྒྲིབ་པ་ལས་ཤེས་པ་རྣམ་པར་དག་པར་འགྱུར་ཞིང། ཕྱིས་སྒྲིབ་པ་མེད་པ་ཉིད་དུ་ཡང་དག་པར་གནས་པར་འགྱུར་ཏེ། དེ་བས་ན་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་ཞེས་བྱའོ། །དེ་ཁོ་ན་དེ་ཡང་གང་ཞེ་ན། འཕགས་པའི་བདེན་པ་བཞི་སྟེ། སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌། འགོག་པ་


DTG129_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

དང། ལམ་མོ། །ཤེས་པ་དེ་ནི་འཕགས་པའི་བདེན་པ་བཞི་པོ་དེ་དག་ལ་རབ་ཏུ་རྣམ་པར་འབྱེད་པ་དང༌། མངོན་པར་རྟོགས་པ་དང༌། མངོན་པར་རྟོགས་པར་གྱུར་པ་ན་སྐྱེ་བར་འགྱུར་རོ། །བདེན་པ་མངོན་པར་རྟོགས་པ་དེ་ཡང་ཉན་ཐོས་དང༌། རང་སངས་རྒྱས་ཕུང་པོ་ཙམ་དུ་དམིགས་ཤིང༌། ཕུང་པོ་རྣམས་ལས་གུད་ན་དོན་གཞན་དུ་གྱུར་པའི་བདག་མི་དམིགས་པ་རྣམས་སུ་གྱུར་པ་ན། རྟེན་ཅིང་འབྲེལ་པར་འབྱུང་བའི་འདུ་བྱེད་སྐྱེ་བ་དང༌། འཇིག་པ་དང་ལྡན་པའི་ཤེས་རབ་ཀྱི་ཕུང་པོ་ལ་མ་གཏོགས་པའི་གང་ཟག་མེད་པར་ལྟ་བ་གོམས་པར་བྱས་པ་ལས་འབྱུང་ངོ༌། །ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་གང་ཞེ་ན། ཤེས་བྱ་ལ་ཤེས་པའི་བགེགས་བྱེད་པ་ནི་སྒྲིབ་པ་ཞེས་བྱ་སྟེ། ཤེས་བྱའི་སྒྲིབ་པ་དེ་ལས་རྣམ་པར་གྲོལ་བའི་ཤེས་པའི་སྤྱོད་ཡུལ་གྱི་ཡུལ་གང་ཡིན་པ་དེ་ནི་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་ཡིན་པར་རིག་པར་བྱའོ། །དེའང་གང་ཞེ་ན། ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་ལས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་རྣམས་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཆོས་བདག་མེད་པ་ལ་འཇུག་པ་དང༌། ཞུགས་པར་གྱུར་པ་ཤིན་ཏུ་རྣམ་པར་དག་པ་འདོགས་པའི་ཚིག་གི་ངོ་བོ་ཉིད་རྣམ་པར་མི་རྟོག་པ་དང༌། མཚུངས་པས་སྤྱོད་ཡུལ་གྱི་ཡུལ་དུ་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་ཉིད་མཆོག་བླ་ན་མེད་པ། ཤེས་བྱའི་མཐར་ཐུག་པ་ཡིན་ལ། དེ་ལས་ཡང་དག་པར་ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པ་འགྲུབ་པར་འགྱུར་ཏེ། འདའ་བར་མི་འགྱུར་རོ། །དེ་ཁོ་ནའི་མཚན་ཉིད་དེ་ཡང་རྣམ་པར་གཞག་པས་ནི་གཉིས་སུ་མེད་པས་རབ་ཏུ་ཕྱེ་བ་ཡིན་པར་རིག་པར་བྱའོ། །གཉིས་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པའོ། །དེ་ལ་དངོས་པོ་ནི་འདོགས་པའི་ཚིག་གི་ངོ་བོ་ཉིད་དུ་རྣམ་པར་གཞག་པ་གང་ཡིན་པ་སྟེ། དེ་ཁོ་ན་བཞིན་དུ་ཡུན་རིང་པོ་ནས་འཇིག་རྟེན་གྱིས་མངོན་པར་ཞེན་པར་བྱས་པ་དང༌། འཇིག་རྟེན་གྱི་རྣམ་པར་རྟོག་པ་དང༌། སྤྲོས་པ་ཐམས་ཅད་ཀྱི་རྩ་བར་གྱུར་པ་སྟེ། འདི་ལྟ་སྟེ། གཟུགས་ཞེས་བྱ་བའམ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཞེས་བྱ་བའམ། མིག་ཅེས་བྱ་བའམ། རྣ་བ་དང༌། སྣ་དང༌།


DTG129_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ལྕེ་དང༌། ལུས་དང༌། ཡིད་ཅེས་བྱ་བའམ། ས་ཞེས་བྱ་བ་འམ། ཆུ་དང༌། མེ་དང༌། རླུང་ཞེས་བྱ་བའམ། གཟུགས་ཞེས་བྱ་བ་འམ། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་ཞེས་བྱ་བའམ། དགེ་བ་ཞེས་བྱ་བའམ། མི་དགེ་བ་ཞེས་བྱ་བའམ། ལུང་དུ་མ་བསྟན་པ་ཞེས་བྱ་བའམ། སྐྱེ་བ་ཞེས་བྱ་བའམ། འཇིག་པ་ཞེས་བྱ་བ་འམ། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བའམ། འདས་པ་ཞེས་བྱ་བའམ། མ་འོངས་པ་ཞེས་བྱ་བའམ། ད་ལྟར་བྱུང་བ་ཞེས་བྱ་བའམ། འདུས་བྱས་ཞེས་བྱ་བའམ། འདུས་མ་བྱས་ཞེས་བྱ་བ་འམ། འཇིག་རྟེན་འདི་དང༌། འཇིག་རྟེན་ཕ་རོལ་དང༌། ཉི་མ་དང༌། ཟླ་བ་འདི་གཉིས་དང༌། མཐོང་བ་དང༌། ཐོས་པ་དང༌། བྱེ་བྲག་ཕྱེད་པ་དང༌། རྣམ་པར་ཤེས་པ་གང་ཡིན་པ་དང༌། ཐོབ་པ་དང༌། ཡོངས་སུ་ཚོལ་བ་དང༌། ཡིད་ཀྱིས་རྗེས་སུ་རྟོག་པ་དང༌། རྗེས་སུ་དཔྱོད་པ་ཞེས་བྱ་བའམ། ཐ་ན་མྱ་ངན་ལས་འདས་པ་ཞེས་བྱ་བའི་བར་དུ་སྟེ། དེ་ལྟ་བུ་དང་མཐུན་པ་འདོགས་པའི་ཚིག་གི་གྲགས་པའི་ངོ་བོ་ཉིད་ཀྱི་ཆོས་རྣམས་ནི་འཇིག་རྟེན་གྱི་དངོས་པོ་ཞེས་བྱའོ། །དེ་ལ་དངོས་པོ་མེད་པ་ནི་གཟུགས་ཞེས་བྱ་བར་འདོགས་པའི་ཚིག་ནས། ཐ་ན་མྱ་ངན་ལས་འདའ་བ་ཞེས་བྱ་བའི་བར་དུ་འདོགས་པའི་ཚིག་དེ་ཉིད་དངོས་པོ་མེད་པ་ཉིད་དང༌། མཚན་མ་མེད་པ་ཉིད་དེ་གང་ལ་བརྟེན་ནས་འདོགས་པའི་ཚིག་འཇུག་པར་འགྱུར་བའི་འདོགས་པའི་ཚིག་གི་རྟེན་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་དང༌། ཡོད་པ་མ་ཡིན་པ་ཉིད་དེ་ནི་དངོས་པོ་མེད་པ་ཞེས་བྱའོ། །དངོས་པོ་སྔ་མ་གང་ཡིན་པ་དེ་དང༌། དངོས་པོ་མེད་པ་འདི་གཉིས་ཀྱི་ཡོད་པ་དང༌། མེད་པ་ལས་རྣམ་པར་གྲོལ་བའི་ཆོས་ཀྱི་མཚན་ཉིད་ཀྱིས་བསྡུས་པའི་དངོས་པོ་དེ་ནི་གཉིས་སུ་མེད་པ་ཡིན་ནོ། །གཉིས་སུ་མེད་པ་གང་ཡིན་པ་དེ་ནི་དབུ་མའི་ལམ་མཐའ་གཉིས་སྤངས་པ། བླ་ན་མེད་པ་ཞེས་བྱ་སྟེ། དེ་ཁོ་ན་དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ནི་ཤིན་ཏུ་རྣམ་པར་དག་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་པ་ནི་སློབ་པའི་ལམ་གྱིས་རབ་ཏུ་ཕྱེ་བ་ཡིན་པར་རིག་པར་བྱས་ཏེ། ཤེས་རབ་དེ་ཡང་བྱང་ཆུབ་སེམས་དཔའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཐབས་ཆེན་པོ་


DTG129_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་སྟོང་པ་ཉིད་ལ་མོས་པ་དེས་ན། སྐྱེ་བ་དེ་དང་དེ་དག་ཏུ་སྦྱོར་བ་ན་སེམས་ཅན་དང༌། རང་གི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འཁོར་བ་ན་འཁོར་ཏེ། འཁོར་བ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། འཁོར་བ་དེ་ལས་ཀྱང་མི་རྟག་པ་ལ་སོགས་པའི་རྣམ་པ་དག་གིས་ཡིད་སྐྱོ་བར་མི་བྱེད་དོ། །གལ་ཏེ་འཁོར་བ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུམ་ཤེས་ན་ནི། །འདོད་ཆགས་དང༌། ཞེས་སྡང་དང༌། གཏི་མུག་ལ་སོགས་པ་ཀུན་ནས་ཉོན་མོངས་པ་ཐམས་ཅད་ལ་སེམས་ལྷག་པར་བཏང་སྙོམས་སུ་འཇོག་པར་མི་ནུས་སོ། །ལྷག་པར་བཏང་སྙོམས་སུ་མ་བྱས་ན་ནི། སེམས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་ལ། འཁོར་བ་ན་འཁོར་བར་འགྱུར་རོ། །ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་འཁོར་བ་ནི། སངས་རྒྱས་ཀྱི་ཆོས་རྣམས་དང༌། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པར་མི་ནུས་སོ། །གལ་ཏེ་མི་རྟག་པ་ལ་སོགས་པའི་རྣམ་པ་དག་གིས་འཁོར་བ་ལས་སེམས་སྐྱོ་བར་གྱུར་ན། དེ་ལྟ་ན་ནི་བྱང་ཆུབ་སེམས་དཔའ་མྱུར་བ་མྱུར་བར་ཡོངས་སུ་མྱ་ནན་ལས་འདའ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་མྱུར་བ་མྱུར་བར་ཡོངས་སུ་མྱ་ངན་ལས་འདས་ན། དེ་ལྟ་ན་ཡང་སངས་རྒྱས་ཀྱི་ཆོས་རྣམས་དང༌། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་མི་ནུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ལྟ་ག་ལ་འགུར།། །།བམ་པོ་གསུམ་པ། །བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དུ་མོས་པ་དེས་སྦྱོར་བ་ན། མྱ་ངན་ལས་འདས་པས་སྐྲག་པར་ཡང་མི་འགྱུར་ལ། །མྱ་ངན་ལས་འདས་པ་དོན་དུ་གཉེན་བར་ཡང་མི་བྱེད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་པས་སྐྲག་པར་གྱུར་ན་ནི། འདི་ལྟར་ཡིད་སྐྲག་པས་མྱ་ངན་ལས་འདས་པའི་ཕན་ཡོན་མ་མཐོང་བ་དང༌། དེ་ལ་ཡོད་པའི་ཡོན་ཏན་མཐོང་བའི་དད་པ་དང༌། མོས་པ་སྤངས་པའི་བྱང་ཆུབ་སེམས་དཔའ་དེ་གོང་དུ་མྱ་ངན་ལས་འདས་པའི་ཚོགས་ཡོངས་སུ་རྫོགས་པར་མི་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་པ་དོན་དུ་གཉེར་བ་ལས་


DTG129_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཤས་ཆེར་གནས་པར་གྱུར་ན་ནི། མྱུར་བ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མྱུར་དུ་ཡོངས་སུ་མྱ་ངན་ལས་འདས་ན་སངས་རྒྱས་ཀྱི་ཆོས་རྣམས་དང༌། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པར་མི་འགྱུར་རོ། །དེ་ལ་འཁོར་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་མ་ཤེས་ཏེ། ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་འཁོར་བ་ན་འཁོར་བ་གང་ཡིན་པ་དང༌། འཁོར་བ་ལ་ཡིད་སྐྱོ་སྟེ། མྱུར་དུ་མྱ་ངན་ལས་འདའ་བ་གང་ཡིན་པ་དང༌། མྱ་ངན་ལས་འདས་པས་ཡིད་སྐྲག་སྟེ། དེའི་ཚོགས་ཡོངས་སུ་རྫོགས་པར་མི་འགྱུར་བ་གང་ཡིན་པ་དང༌། མྱ་ངན་ལས་འདས་པ་དོན་དུ་གཉེར་བ་ལ་ཤས་ཆེར་གནས་ཏེ། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བ་ལ་ཐབས་མི་མཁས་པ་ཡིན་པར་རིག་པར་བྱའོ། །འཁོར་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ཏེ། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་འཁོར་བ་ན་འཁོར་བ་གང་ཡིན་པ་དང༌། འཁོར་བ་ལ་མི་རྟག་པ་ལ་སོགས་པའི་རྣམ་པ་གང་གིས་ཡིད་མི་སྐྱོ་སྟེ། མྱུར་དུ་ཡོངས་སུ་མྱ་ངན་ལས་མི་འདའ་བ་གང་ཡི་པ་དང༌། མྱ་ངན་ལས་འདས་པས་ཡིད་མི་སྐྲག་སྟེ། དེའི་ཚོགས་ཡོངས་སུ་རྫོགས་པ་འགྱུར་བ་གང་ཡིན་པ་དང༌། མྱ་ངན་ལས་འདས་པའི་ཡོན་ཏན་དང༌། ཕན་ཡོན་མཐོང་སྟེ། ཧ་ཅང་སྤྲོ་བར་གྱུར་ཅིང་མྱུར་དུ་མྱ་ངན་ལས་འདའ་བ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཐབས་ཆེན་པོ་ཡིན་ནོ། །ཐབས་དེ་ཡང་སྟོང་པ་ཉིད་ཀྱི་མཆོག་ལ་མོས་པ་འདི་ལ་བརྟེན་པ་ཡིན་ཏེ། དེ་བས་ན་སྟོང་པ་ཉིད་ཀྱི་མཆོག་ལ་མོས་པར་སྒོམ་པ། བྱང་ཆུབ་སེམས་དཔའི་སློབ་པའི་ལམ་གྱིས་བསྡུས་པ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཐབས་ཆེན་པོ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་དེ་ནི་ཆོས་བདག་མེད་པའི་ཡེ་ཤེས་རིང་དུ་ཞུགས་པ་དེས་ཆོས་ཐམས་ཅད་ཀྱི་བརྗོད་དུ་མེད་པའི་ངོ་བོ་ཉིད་ཡང་དག་པ་ཇི་ལྟ་བཞིན་དུ་རྟོགས་པས་དངོས་པོ་ཙམ་མམ། དེ་བཞིན་ཉིད་ཙམ་དུ་འཛིན་པ་མ་གཏོགས་པར་ཆོས་གང་ཡང་


DTG129_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

རུང་སྟེ། ཇི་ལྟ་བུར་ཡང་རྣམ་པར་རྟོག་པར་མི་བྱེད་དོ། །འོན་ཀྱང་འདི་སྙམ་དུ་འདི་ནི་དངོས་པོ་ཙམ་མོ། །འདི་ནི་དེ་བཞིན་ཉིད་ཙམ་མོ་སྙམ་དུ་ཡང་དེ་མི་སེམས་ལ། བྱང་ཆུབ་སེམས་དཔའ་དེ་དོན་ནི་སྤྱོད་པར་བྱེད་དོ། །དོན་གྱི་དམ་པ་ལ་སྤྱོད་ན། ཆོས་ཐམས་ཅད་དེ་བཞིན་ཉིད་དེ་དང་མཚུངས་པར་མཉམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་རབ་ཀྱིས་མཐོང་སྟེ། ཐམས་ཅད་ལ་མཉམ་པར་ལྟ་ཞིང་སེམས་སྙོམས་པས་བཏང་སྙོམས་ཀྱི་མཆོག་ཐོབ་པར་འགྱུར་རོ། །དེ་ལ་བརྟེན་ན་བྱང་ཆུབ་སེམས་དཔའ་རིག་པའི་གནས་ཐམས་ཅད་ལ་མཁས་པར་བྱ་བ་ལ་སྦྱོར་བ་ན། ཡོངས་སུ་ངལ་བ་ཐམས་ཅད་དང༌། སྡུག་བསྔལ་གྱིས་ཐེབས་པ་ཐམས་ཅད་ཀྱི་སྒྱིད་ལུག་པར་མི་འགྱུར་ལ། ལུས་ངལ་བ་མེད་པ་དང་སེམས་ངལ་བ་མེད་པས་དེ་ལ་མཁས་པ་མྱུར་དུ་ཡང་དག་པར་སྒྲུབ་པར་བྱེད་དེ། དྲན་པའི་སྟོབས་བསྐྱེད་པ་ཆེན་པོ་ཡང་ཐོབ་པར་འགྱུར་རོ། །མཁས་པར་གྱུར་པ་དེས་ཀྱང་ཁེངས་པར་མི་འགྱུར་ལ། གཞན་དག་ལ་ཡང་སློབ་དཔོན་གྱི་དཔེ་མཁྱུད་མི་བྱེད་དོ། །མཁས་པར་བྱ་བ་ཐམས་ཅད་ལ་ཡང་སེམས་ཞུམ་པར་མི་འགྱུར་ཞིང༌། སྤྲོ་བ་དང་ལྡན་ཏེ། འཇུག་པ་ཡང་ཐོགས་པ་མེད་པར་འགྱུར་རོ། །གོ་ཆའི་སྦྱོར་བ་ཡང་བརྟན་པར་འགྱུར་ཏེ། ཇི་ལྟ་ཇི་ལྟར་འཁོར་བ་ན་འཁོར་བའི་ཚེ། སྡུག་བསྔལ་བའི་ཁྱད་པར་རྙེད་པ་དེ་ལྟ་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྤྲོ་བ་སྐྱེ་བར་འགྱུར་རོ། །ཇི་ལྟ་ཇི་ལྟར་ལུས་ཀྱི་ཁྱད་པར་ཐོབ་པར་གྱུར་པ་དེ་ལྟ་དེ་ལྟར་སེམས་ཅན་རྣམས་ལ་ཤིན་ཏུ་ང་རྒྱལ་མེད་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་ཤེས་པའི་ཁྱད་པར་ཐོབ་པ་དེ་ལྟ་དེ་ལྟར་གཞན་ལ་ཀླན་ཀ་ཚོར་བ་དང༌། རྩོད་པ་དང༌། སྨྲ་བ་མང་བ་དང༌། ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་དང༌། ཚུལ་འཁྲུལ་པ་ཀུན་ཏུ་སྤྱོད་པ་རྣམས་ཡོངས་སུ་ཤེས་པར་བྱས་ཤིང་ཡོངས་སུ་ཤེས་པར་བྱས་ནས། ཤས་ཆེར་སེམས་ཀྱིས་ལྷག་པར་བཏང་སྙོམས་སུ་བྱེད་དེ། ཇི་ལྟ་ཇི་ལྟར་ཡོན་ཏན་དག་གིས་སྐྱེ་བ་དེ་ལྟ་དེ་ལྟར་དགེ་བ་མི་སྤྱོམས་པར་འགྱུར་ཞིང༌། གཞན་ལས་ཤེས་ཀྱི་ཁེ་དང༌། རྙེད་པ་དང༌། བཀུར་སྟི་མི་ཚོལ་ཏེ། བྱང་ཆུབ་སེམས་དཔའ་ཡེ་ཤེས་དེ་ལ་བརྟེན་པ་ལ་ནི་དེ་ལྟ་བུ་འདི་དག་དང་མཐུན་པའི་ཕན་ཡོན་མང་པོ་བྱང་ཆུབ་ཀྱི་


DTG129_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་དང༌། བྱང་ཆུབ་དང་མཐུན་པ་དག་འབྱུང་བར་འགྱུར་རོ། །དེ་བས་ན་གང་ལ་ལ་དག་བྱང་ཆུབ་ཐོབ་པར་གྱུར་པ་དང༌། གང་ལ་ལ་དག་ཐོབ་པར་འགྱུར་བ་དང༌། གང་དག་ཐོབ་པ་དེ་དག་ཐམས་ཅད་ནི་ཡེ་ཤེས་དེ་ཉིད་ལ་བརྟེན་ནས། དམའ་བ་དང༌། ཁྱད་པར་ཅན་གཞན་ལས་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་ལྟར་སྤྲོས་པ་མེད་པའི་ཚུལ་ལ་ཞུགས་ཤིང༌། དེ་ལྟར་པན་ཡོན་མང་པོ་དང་ལྡན་པ་ནི། བདག་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང༌། གཞན་དག་ཀྱང་ཐེག་པ་གསུམ་གྱི་ཆོས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡང་དག་པར་ཞུགས་པ་ཡིན་ནོ། །འདི་ལྟར་ཡང་དག་པར་ཞུགས་པ་ཡིན་ཏེ། ལོངས་སྤྱོད་རྣམས་དང༌། ལུས་ལ་ཡང་སྲེད་པ་མེད་ལ། སེམས་ཅན་རྣམས་ལ་ལོངས་སྤྱོད་དང༌། ལུས་ཡོངས་སུ་གཏོང་བའི་ཕྱིར་ཡང་སྲེད་པ་མེད་པར་སློབ་བོ། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་ལུས་དང་ངག་བསྡམས་ཤིང། ཤིན་ཏུ་བསྡམས་པ་ཡང་ཡིན་ལ། རང་བཞིན་གྱིས་སྡིག་པ་ལ་མི་དགའ་བ་དང༌། རང་བཞིན་གྱིས་བཟང་ཞིང་དགེ་བའི་ཕྱིར་སྡོམ་པ་ལ་ཡང་སློབ་པའོ། །གཞན་ལ་གནོད་པ་དང༌། ལོག་པར་སྒྲུབ་པ་བྱུང་བ་ཐམས་ཅད་ལ་ཡང་བཟོད་པ་ཡིན་ལ། ཁྲོ་བ་ཆུང་བར་བྱ་བ་དང༌། གཞན་ལ་གནོད་པ་མི་བྱ་བའི་ཕྱིར་བཟོད་པ་ལ་ཡང་སློབ་བོ། །སེམས་ཅན་རྣམས་ཀྱི་ཐེ་ཚོམ་བསལ་བ་དང༌། ཕན་གདགས་པ་སྒྲུབ་པ་དང༌། བདག་ཉིད་ཐམས་ཅད་མཁྱེན་པ་ཉིད་ཉིད་རྒྱུ་ཡོངས་སུ་གཟུང་བའི་ཕྱིར་རིག་པའི་གནས་ཐམས་ཅད་ལ་ཡང་བརྩོན་པའམ་མཁས་པ་ཡིན་ནོ། །སེམས་ནང་ན་གནས་ཤིང་སེམས་ཤིན་ཏུ་མཉམ་པར་གཞག་པ་ཡང་ཡིན་ལ། སེམས་གནས་པར་བྱ་བ་དང༌། ཚངས་པའི་གནས་པ་བཞི་ཡོངས་སུ་དག་པར་བྱ་བ་དང༌། མངོན་པར་ཤེས་པ་ལྔས་རྣམ་པར་རྩེ་བས་སེམས་ཅན་གྱི་བྱ་བསྒྲུབ་པ་དང༌། མཁས་པར་བྱ་བ་ཐམས་ཅད་ལ་མངོན་པར་བརྩོན་པ་ལས་བྱུང་བའི་ངལ་བ་བསལ་བའི་ཕྱིར་ཡང་སློབ་བོ། །མཛངས་ཤིང་དེ་ཁོ་ན་མཆོག་ཤེས་པ་ཡང་ཡིན་ལ། ཕྱི་མ་ལ་བདག་ཉིད་ཐེག་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར། དེ་ཁོ་ན་མཆོག་ཤེས་པ་ལ་ཡང་སློབ་བོ། །བྱང་ཆུབ་སེམས་དཔའ་དེ་ལྟར་ཡང་དག་པའི་སྦྱོར་བ་བྱེད་


DTG129_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་དེ་ནི་སེམས་ཅན་ཡོན་ཏན་དང་ལྡན་པ་རྣམས་ལ་ནི་མཆོད་པ་དང༌། རྙེད་པ་དང༌། བཀུར་སྟི་བྱེད་པར་ཉེ་བར་གནས་པ་ཡིན་ནོ། །སེམས་ཅན་སྐྱོན་ཅན་རྣམས་ལ་ནི། མཆོག་ཏུ་སྙིང་རྗེའི་སེམས་དང༌། སྙིང་བརྩེ་བའི་སེམས་ཀྱིས་ཉེ་བར་གནས་པ་ཡིན་ཏེ། ཅི་ནུས་ཅི་ལྕོགས་སུ་དེ་དག་གི་སྐྱོན་བསྩལ་བའི་ཕྱིར་ཡང་སྦྱོར་བར་བྱེད་དོ། །སེམས་ཅན་གནོད་པ་བྱེད་པ་རྣམས་ལ་ནི་བྱམས་པའི་སེམས་ཀྱིས་ཉེ་བར་གནས་པ་ཡིན་ཏེ། གནོད་པ་བྱེད་པ་དེ་དག་གི་རང་གི་བསམ་པ་དང༌། སྦྱོར་བའི་ཉེས་པས་འཁོན་གྱི་སེམས་སུ་གྱུར་པ་སྤང་བའི་ཕྱིར། གཡོ་དང་སྒྱུ་མེད་པར་ཅི་ནུས་ཅི་ལྕོགས་སུ་ཕན་པ་དང༌། བདེ་བ་ཉེ་བར་སྒྲུབ་པོ། །སེམས་ཅན་ཕ་འདོགས་པ་རྣམས་ལ་ནི་བྱས་པ་གཟོ་བས་ལན་དུ་ཕན་གདགས་པ་དེ་དང་མཉམ་པའམ། ལྷག་པར་ཉེ་བར་གནས་པ་ཡིན་ཏེ། དེ་དག་གི་ཆོས་དང་མཐུན་པའི་བསམ་པ་ཡང་ཅི་ནུས་ཅི་ལྕོགས་སུ་ཡོངས་སུ་རྫོགས་པར་བྱེད་དོ། །མཐུ་མེད་ན་ཡང་མ་བཅོལ་བར་དོན་དུ་བྱ་བ་དེ་དང་དེ་དག་ལ་གུས་པར་རྩོལ་བ་སྟོན་པར་བྱེད་དེ། ལན་འགའ་བྱས་པ་ཙམ་གྱིས་མི་གཏོང་ཞིང་ཅི་ནས་བདག་གིས་མ་ནུས་པ་ཡིན་གྱི། བྱེད་མི་འདོད་པ་ནི་མ་ཡིན་ནོ་སྙམ་དུ་དེས་ཤེས་པར་བྱེད་དེ་དེ་ལྟ་བུ་དང་མཐུན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་སྤྲོས་པ་མེད་པའི་ཚུལ་ལ་ཞུགས་ཤིང་དེ་ཁོ་ན་མཆོག་ཤེས་པ་ལ་བརྟེན་པའི་ཡང་དག་པའི་སྦྱོར་བ་ཡིན་པར་རིག་པར་བྱའོ། །དེ་ལ་རིགས་པ་གང་གིས་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་ཡིན་པར་རིག་པར་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། ཆོས་རྣམས་ཀྱི་རང་གི་མཚན་ཉིད་དུ་འདོགས་པ་འདི་ལྟ་སྟེ། གཟུགས་ཞེས་བྱ་བའམ། ཚོར་བ་ཞེས་བྱ་བའམ། འདུ་ཤེས་ཞེས་བྱ་བའམ། འདུ་བྱེད་རྣམས་ཞེས་བྱ་བའམ། རྣམ་པར་ཤེས་པ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་ཐ་ན་མྱ་ངན་ལས་འདས་པ་ཞེས་བྱ་བའི་བར་གང་ཡིན་པ་དེ་ནི་བཏགས་པ་ཙམ་དུ་ཟད་པར་རིག་པར་བྱ་སྟེ། ངོ་བོ་ཉིད་ཀྱང་མ་ཡིན་ལ། དེ་ལས་མ་གཏོགས་པ་དང་དེ་ལས་གུད་ན་ཡང་དག་གི་སྤྱོད་ཡུལ་དང་ངག་གི་ཡུལ་མེད་དོ། །དེ་ལྟར་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་ཇི་ལྟར་བརྗོད་པ་དེ་བཞིན་དུ་ཡོད་པར་མི་འགྱུར་ལ། ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་ཡང་མ་ཡིན་ནོ། །དེ་དེ་ལྟར་ཡོད་པ་


DTG129_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་ཡིན་ལ། ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་ཡང་མ་ཡིན་ན། ཇི་ལྟར་ཡོད་ཅེ་ན། རང་གི་མཚན་ཉིད་ཀྱིས་ཡོད་པ་མ་ཡིན་པ་ལ་སྒྲོ་བཏགས་པའི་ལེགས་པར་མ་ཟིན་པ་སྤངས་པ་དང༌། ཡང་དག་པ་ལ་སྐུར་བ་བཏབ་པའི་ལེགས་པར་མ་ཟིན་པ་སྤངས་པ་ཡོད་དོ། །ཆོས་ཐམས་ཅད་ཀྱི་དོན་དམ་པའི་ངོ་བོ་ཉིད་དེ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་མ་ཡིན་པར་རིག་པར་བྱའོ། །གལ་ཏེ་ཆོས་གང་དག་དང༌། དངོས་པོ་གང་ལ་ཇི་ལྟར་བརྗོད་པ་འཇུག་པ་བཞིན་དུ་ཆོས་དེ་དག་དང་དངོས་པོ་དེ་དེའི་བདག་ཉིད་དུ་འགྱུར་ན་ནི། དེ་ལྟར་ན་ཆོས་གཅིག་པུ་དང༌། དངོས་པོ་གཅིག་པུའི་ངོ་བོ་ཉིད་རྣམ་པ་སྣ་ཚོགས་མང་པོར་འགྱུར་བར་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་གཅིག་པུ་དང༌། དངོས་པོ་གཅིག་པུ་ལ་མང་པོ་དག་གིས་རྣམ་པ་སྣ་ཚོགས་མང་པོར་བརྗོད་ཅིང་འདོགས་ཏེ་ཉེ་བར་འདོགས་པར་བྱེད་ལ། འདོགས་པའི་ཚིག་རྣམ་པ་སྣ་ཚོགས་མང་པོ་དག་པས་འདོགས་པའི་ཚིག་གང་ཡང་རུང་བ་གཅིག་ཅིག་ཆོས་དེ་དང་དངོས་པོ་དེ་ལ་དེའི་བདག་ཉིད་དང་དེའི་རང་བཞིན་གྱི་ངོ་བོ་ཉིད་དུ་འགྱུར་ལ། འདོགས་པའི་ཚིག་ལྷག་མ་གཞན་དག་ནི་མ་ཡིན་ཞེས་བྱ་བའི་ངེས་པ་ཅི་ཡང་མི་དམིགས་ཏེ། དེ་བས་ན་འདོགས་པའི་ཚིག་ཐམས་ཅད་ནི་མཐའ་དག་གམ། ཁ་ཅིག་ཀྱང་རུང་སྟེ། ཆོས་ཐམས་ཅད་དང་དངོས་པོ་ཐམས་ཅད་ཀྱི་དེའི་བདག་ཉིད་དུ་འགྱུར་པ་ཡང་མེད་ལ། དེའི་རང་བཞིན་གྱི་ངོ་བོ་ཉིད་དུ་འགྱུར་བ་ཡང་མེད་དོ། །གཞན་ཡང་གལ་ཏེ་གཟུགས་ལ་སོགས་པའི་ཆོས་སྔར་ཇི་སྐད་བསྟན་པ་རྣམས་འདོགས་པའི་ཚིག་གི་ངོ་བོ་ཉིད་ཡིན་དུ་ཟིན་ན། དེ་ལྟ་ན་ཇེ་དངོས་པོ་སྔར་བྱུང་ལ། ཕྱིས་དེ་ལ་དགའ་མགུར་འདོགས་པའི་ཚིག་ཉེ་བར་འདོགས་ན་ནི། འདོགས་པའི་ཚིག་གིས་ཉེ་བར་འདོགས་པའི་སྔ་རོལ་འདོགས་པའི་ཚིག་གིས་ཉེ་བར་མ་བཏགས་པའི་ཚེ། ཆོས་དེ་དང་དངོས་པོ་དེ་ངོ་བོ་ཉིད་མེད་པ་ཁོ་ནར་འགྱུར་རོ། །ངོ་བོ་ཉིད་མེད་པར་གྱུར་ན་ཡང་དངོས་པོ་མེད་པ་ལ་ནི་འདོགས་པའི་ཚིག་གིས་ཉེ་བར་གདགས་སུ་མི་རུང་ངོ༌། །འདོགས་པའི་ཚིག་གིས་ཉེ་བར་འདོགས་པ་མེད་ན་ཡང༌། ཆོས་དང་དངོས་པོར་འདོགས་པའི་ཚིག་གིས་ངོ་བོ་ཉིད་དུ་ཡོད་པར་མི་རུང་ངོ༌། །གལ་ཏེ་


DTG129_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས་པའི་ཚིག་ཉེ་བར་འདོགས་པའི་སྔ་རོལ་ནས། གཟུགས་དེ་གཟུགས་ཀྱི་བདག་ཉིད་ཡིན་ཏེ། ཕྱིས་ཀྱང་གཟུགས་ཀྱི་བདག་ཉིད་ལ་གདགས་པའི་ཚིག་གིས་བསྡུས་པའི་གཟུགས་སུ་ཉེ་བར་འདོགས་པར་བྱེད་ན་ཡང༌། དེ་ལྟ་ན་ནི་གཟུགས་ཞེས་འདོགས་པའི་ཚིག་ཉེ་བར་འདོགས་པ་དེ་མེད་བཞིན་དུ་ཡང་གཟུགས་ཞེས་བྱ་བར་འགྱུར་བའི་ཆོས་དང༌། གཟུགས་ཞེས་བྱ་བར་འགྱུར་བའི་དངོས་པོ་དེ་ལ་གཟུགས་ཀྱི་བློ་འཇུག་པར་འགྱུར་པའི་རིགས་ན་མི་འཇུག་སྟེ། དེ་བས་ན་གཏན་ཚིགས་འདི་དང༌། རིགས་པ་འདིས་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་དུ་ཁོང་དུ་ཆུད་པར་བྱའོ། །གཟུགས་ལ་ཇི་ལྟ་བ་བཞིན་དུ་ཚོར་བ་ལ་སོགས་པ་ནས། ཐ་ན་མྱ་ངན་ལས་འདས་པའི་བར་དུ་ཇི་སྐད་བསྟན་པའི་ཆོས་རྣམས་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །གཟུགས་ལ་སོགས་པའི་ཆོས་རྣམས་ལ་གཟུགས་ལ་སོགས་པའི་དངོས་པོ་ལ་འདོགས་པའི་ཚིག་གི་ངོ་བོ་ཉིད་ཀྱི་རང་གི་མཚན་ཉིད་ཡོད་པ་མ་ཡིན་པ་ལ་སྒྲོ་བཏགས་ནས་མངོན་པར་ཞེན་པ་གང་ཡིན་པ་དང༌། འདོགས་པའི་ཚིག་གི་མཚན་མའི་གཞི་འདོགས་པའི་ཚིག་གི་མཚན་མའི་རྟེན་དུ་གྱུར་པ། བརྗོད་དུ་མེད་པའི་བདག་ཉིད་ཀྱིས་དོན་དམ་པར་ཡོད་པ་ཡང་དག་པའི་དངོས་པོ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དོ་ཞེས་སྐུར་པ་འདེབས་ཤིང་ཆུད་གཟོན་པར་བྱེད་པ་གང་ཡིན་པ་འདི་གཉིས་ནི་ཆོས་འདུལ་བ་འདི་ལས་རབ་ཏུ་ཉམས་པ་ཡིན་པར་རིག་པར་བྱའོ། །ཡོད་པ་མ་ཡིན་པ་ལ་སྒྲོ་འདོགས་པའི་ཉེས་པ་གང་ཡིན་པ་དེ་དག་ནི་ཐོག་མ་ཉིད་དུ་དཔྱད་ཅིང་བསལ་བར་བྱས་ལ། བཀྲོལ་ཞིང་བསྟན་ཟིན་ཏེ་ཉེས་པ་དེ་དག་གིས་གཟུགས་ལ་སོགས་པའི་དངོས་པོ་ཡོད་པ་མ་ཡིན་པ་ལ་སྒྲོ་བཏགས་པས་ཆོས་འདུལ་བ་འདི་ལས་རབ་ཏུ་ཉམས་པ་ཡིན་པར་རིག་པར་བྱའོ། །གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་དངོས་པོ་ཙམ་ལ་ཡང་སྐུར་བ་འདེབས་ཤིང། ཐམས་ཅད་ཆུད་གཟོན་པ་དེ་དག་ཆོས་འདུལ་བ་འདི་ལས་ཇི་ལྟར་རབ་ཏུ་ཉམས་པར་འགུར་བ་དེ་ལྟར་བཤད་པར་བྱ་སྟེ། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་དངོས་པོ་ཙམ་ལ་སྐུར་བ་འདེབས་པ་ལ་ནི་དེ་ཁོ་ན་ཡང་མེད་པ་ལ་འདོགས་པ་ཡང་མེད་དེ། དེ་གཉི་ག་ཡང་མི་རིགས་སོ། །


DTG129_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་སྟེ་དཔེར་ན། གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཡོད་ན། གང་ཟག་གདགས་སུ་རུང་གི །མེད་དུ་ཟིན་ན་ནི་དངོས་པོ་མེད་པ་ལ་གང་ཟག་གདགས་སུ་མེད་དོ། །དེ་བཞིན་དུ་གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་དངོས་པོ་ཙམ་ཡོད་ན། གཟུགས་ལ་སོགས་པའི་ཆོས་འདོགས་པའི་ཚིག་ཉེ་བར་གདགས་སུ་རུང་གི །མེད་དུ་ཟིན་ན་དངོས་པོ་མེད་པ་ལ་གདགས་པའི་ཚིག་གིས་ཉེ་བར་འདོགས་པ་མེད་དོ། །དེ་ལ་འདོགས་པའི་གཞི་མེད་དུ་ཟིན་ན་ནི། གཞི་མེད་པར་གྱུར་པས་འདོགས་པའང་མེད་པར་འགྱུར་རོ། །དེ་བས་ན་གང་དག་ཁ་ཅིག་ཤེས་པར་དཀའ་བའི་མདོ་སྡེ་ཐེག་པ་ཆེན་པོ་དང་ལྡན་པ་ཟབ་མོ་སྟོང་པ་ཉིད་དང་ལྡན་པ། དགོངས་པའི་དོན་བསྟན་པ་དག་ཐོས་ན་བཤད་པའི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཤེས་ན། ཚུལ་བཞིན་མ་ཡིན་པ་རྣམ་པར་བརྟགས་ཏེ། རིགས་པ་མ་ཡིན་པས་བསྐྱེད་པའི་རྟོག་གེ་ཙམ་གྱིས་འདི་ཐམས་ཅད་ནི་བཏགས་པ་ཙམ་དུ་ཟད་དེ། འདི་ནི་དེ་ཁོ་ན་ཡིན་ནོ། །སུ་འདི་ལྟར་ལྟ་བ་དེ་ནི་ཡང་དག་པར་ལྟ་བ་ཡིན་ནོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །དེ་དག་གི་ལྟར་ན་འདོགས་པའི་གཞིའི་དངོས་པོ་ཙམ་ཡང་མེད་པས། འདོགས་པ་དེ་ཉིད་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་འགྱུར་ན། བཏགས་པ་ཙམ་གྱི་དེ་ཁོ་ན་ལྟ་ཡོད་པར་ག་ལ་འགྱུར་ཏེ། དེ་བས་ན་རྣམ་གྲངས་དེས་ན་དེ་དག་གིས་ནི་དེ་ཁོ་ན་དང་བཏགས་པ་དེ་གཉི་ག་ལ་ཡང་སྐུར་བ་བཏབ་པར་འགྱུར་ཏེ། བཏགས་པ་དང༌། དེ་ཁོ་ན་ལ་སྐུར་བ་བཏབ་པས་ན། མེད་པར་ལྟ་བའི་གཙོ་བོ་ཡིན་པར་རིག་པར་བྱའོ། །དེ་ལྟར་མེད་པར་ལྟ་བ་དེ་ནི་ཚངས་པ་མཚུངས་པར་སྤྱོད་པ་མཛངས་པ་རྣམས་ཀྱིས་སྨོས་པའི་འོས་མ་ཡིན་པ་དང༌། འགྲོགས་པར་མི་བྱ་བ་ཡིན་ཏེ། དེ་ནི་བདག་ཉིད་ཀྱང་ཕུང་བར་བྱེད་ལ། འཇིག་རྟེན་གང་དེའི་ལྟ་བ་ལ་ཕྱོགས་པ་ཡང་ཕུང་བར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་འདི་ལ་དགོངས་ནས། འདི་ན་ལ་ལ་གང་ཟག་ཏུ་ལྟ་བ་ནི་བླའི། ལ་ལ་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་བཀའ་སྩལ་ཏེ། དེ་ཅིའི་ཕྱིར་ཞེ་ན། གང་ཟག་ཏུ་ལྟ་བ་ཅན་གྱི་སྐྱེ་བོ་ནི་ཤེས་བྱ་ལ་རྨོངས་པ་འབའ་ཞིག་ཏུ་ཟད་དོ། །ཤེས་བྱ་ཐམས་ཅད་ལ་


DTG129_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་པ་འདེབས་པ་མ་ཡིན་ཏེ། གཞི་དེས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་མི་འགྱུར་ལ། གཞན་ཆོས་འདོད་པ་དང༌། སྡུག་བསྔལ་ལས་རྣམ་པར་ཐར་པར་འདོད་པ་དག་ཀྱང་ཕུང་བར་མི་བྱེད་ཅིང་སླུ་བར་མི་བྱེད་ལ། ཆོས་དང་བདེན་པ་ལ་ཡང་འགོད་པར་བྱེད་དོ། །བསླབ་པའི་གཞི་དག་ལ་ཡང་གཡེལ་བར་མི་འགྱུར་རོ། །སྟོང་པ་ཉིད་ལ་ལོག་པར་ཟིན་པ་ནི་ཤེས་བྱའི་དངོས་པོ་ལ་ཡང་རྨོངས་ལ། ཤེས་བྱ་ཐམས་ཅད་ལ་སྐུར་བ་འདེབས་ཏེ། གཞི་དེས་སེམས་ཅན་དམྱལ་བ་རྣམས་སུ་ཡང་སྐྱེ་བར་འགྱུར་ལ། གཞན་ཆོས་འདོད་པ་དང༌། སྡུག་བསྔལ་ལས་རྣམ་པར་ཐར་པར་འདོད་པ་རྣམས་ཀྱང་ཕུང་བར་བྱེད་དོ། །བསླབ་པའི་གཞི་དག་ལ་ཡང་གཡེལ་བར་འགྱུར་ཏེ། དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་གྱིས་དངོས་པོ་ལ་སྐུར་པ་འདེབས་པ་ནི་ཆོས་འདུལ་བ་འདི་ལས་རབ་ཏུ་ཉམས་པ་ཡིན་ནོ། །ཇི་ལྟར་ན་སྟོང་པ་ཉིད་ལ་ལོག་པར་འཛིན་པ་ཡིན་ཞེ་ན། དགེ་སྦྱོང་ངམ། བྲམ་ཟེ་གང་ལ་ལ་གང་གིས་སྟོང་པ་དེ་ཡང་མི་འདོད་ལ་གང་གིས་གང་སྟོང་པ་དེ་ཡང་མི་འདོད་པ་འདི་ལྟ་བུ་འདི་ནི་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་སྟོང་པ་དེ་མེད་པ་དང༌། གང་སྟོང་པ་དེ་ཡོད་པའི་སྟོང་པ་ཉིད་ནི་རིགས་པའི་ཕྱིར་རོ། །ཐམས་ཅད་མེད་ན་ནི་གང་དུ་ཅི་ཞིག་གང་གིས་སྟོང་པར་འགྱུར་ཏེ། དེས་ན་དེ་ཉིད་སྟོང་པ་ཉིད་དུ་འགྱུར་དུ་ནི་མི་རུང་ངོ༌། །དེ་བས་ན་དེ་ལྟ་བུ་ནི་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཡིན་ནོ། །ཇི་ལྟར་ན་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཡིན་ཞེ་ན། གང་གི་ཕྱིར་གང་ལ་གང་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པར་མཐོང་ལ། འདི་ལ་ལྷག་མ་གང་ཡིན་པ་དེ་ནི་འདི་ནི་ཡང་དག་པར་ཡོད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི་སྟོང་པ་ཉིད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་ཞུགས་པ་ཞེས་བྱ་སྟེ། འདི་ལྟ་སྟེ་གཟུགས་ཞེས་བྱ་བ་ལ་སོགས་པ་ཇི་སྐད་བསྟན་པའི་དངོས་པོ་རྣམས་ལ་གཟུགས་ཞེས་བྱ་བ་ལ་སོགས་པར་འདོགས་པའི་ཚིག་གི་བདག་ཉིད་ཀྱི་ཆོས་མེད་དེ་དེ་ལྟ་བས་ན་གཟུགས་ཞེས་བྱ་བ་ལ་སོགས་པའི་དངོས་པོ་དེ་གཟུགས་ཞེས་བྱ་བ་ལ་སོགས་པར་འདོགས་པའི་ཚིག་གི་བདག་ཉིད་དེས་སྟོང་ངོ༌། །གཟུགས་ཞེས་བྱ་བ་ལ་སོགས་


DTG129_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དངོས་པོ་དེའི་ལྷག་མ་གང་ཞེ་ན། འདི་ལྟ་སྟེ། གཟུགས་ཞེས་བྱ་བ་ལ་སོགས་པར་འདོགས་པའི་ཚིག་ཙམ་པོ་འདི་ཡིན་ཏེ། དེ་གཉི་ག་ཡང་འདི་ལྟ་སྟེ། དངོས་པོ་ཙམ་ཡོད་པ་དང༌། དངོས་པོ་ཙམ་དུ་འདོགས་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཡོད་པ་མ་ཡིན་པ་ལ་ཡང་སྒྲོ་མི་འདོགས་ལ། ཡང་དག་པ་ལ་ཡང་སྐུར་པ་མི་འདེབས་སོ། །ལྷག་པར་ཡང་མི་བྱེད་ལ་ཉུང་ངུར་ཡང་མི་བྱེད་དོ། །འདོར་བར་ཡང་མི་བྱེད་ལ། སྣོན་པར་ཡང་མི་བྱེད་དེ། ཡང་དག་པ་ཇི་ལྟ་བ་དེ་བཞིན་ཉིད་བརྗོད་དུ་མེད་པའི་ངོ་བོ་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི་སྟོང་པ་ཉིད་ལེགས་པར་ཟིན་པ་ཞེས་བྱ་སྟེ། ཡང་དག་པའི་ཤེས་རབ་ཀྱིས་ཤིན་ཏུ་རྟོགས་པ་ཞེས་བྱའོ། །འདི་ནི་རེ་ཞིག་འཐད་པས་སྒྲུབ་པའི་རིགས་པ་དང་རྗེས་སུ་མཐུན་པ་ཡིན་ཏེ། འདིས་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་དུ་རིག་པར་བྱའོ། །ཡིད་ཆེས་པའི་ལུང་གིས་ཀྱང་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་དུ་རིག་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་སྲིད་པ་འཕོ་བའི་མདོ་ལས། དོན་འདི་ཉིད་ཚིགས་སུ་བཅད་པའི་དབྱངས་ཀྱིས་འདི་སྐད་དུ། མིང་ནི་གང་དང་གང་གིས་སུ། །ཆོས་རྣམས་གང་དང་གང་བརྗོད་པ། །དེ་ལ་དེ་ནི་ཡོད་མ་ཡིན། །འདི་ནི་ཆོས་རྣམས་ཆོས་ཉིད་དོ། །ཞེས་གསུངས་ཏེ། ཚིགས་སུ་བཅད་པ་འདིས་དོན་ཇི་ལྟར་བསྟན་ཅེ་ན། གཟུགས་ལ་སོགས་པར་མིང་བཏགས་པའི་ཆོས་ཀྱི་གཟུགས་ཞེས་བྱ་བ་ལ་སོགས་པའི་མིང་གང་ཡིན་པ་གཟུགས་ཞེས་བྱ་བ་ལ་སོགས་པའི་མིང་དེས་གཟུགས་ལ་སོགས་པར་མིང་བཏགས་པའི་ཆོས་དེ་དག་ལ་གཟུགས་ཞེས་བྱ་བའམ། ཚོར་བ་ཞེས་བྱ་བ་ནས་རྒྱས་པར་མྱ་ངན་ལས་འདས་པ་ཞེས་བྱ་བའི་བར་དུ་བརྗོད་ཅིང་བསྙད་པ་དེ་ལ་གཟུགས་ཞེས་བྱ་བ་ལ་སོགས་པའི་ཆོས་རྣམས་བདག་ཉིད་ཀྱིས་ཀྱང་གཟུགས་ཀྱི་བདག་ཉིད་མ་ཡིན་ལ། དེ་དག་ལ་ཡང་དེ་ལས་གཞན་པ་གཟུགས་ལ་སོགས་པའི་བདག་ཉིད་ཀྱི་ཆོས་མེད་དེ། གཟུགས་ལ་སོགས་པར་མིང་བཏགས་པའི་ཆོས་དེ་དག་གིས་བརྗོད་དུ་མེད་པའི་དོན་དུ་ཡོད་པ་ཉིད་གང་ཡིན་པ་དེ་ནི། ཡང་དག་པར་ངོ་བོ་ཉིད་ཀྱི་ཆོས་ཉིད་ཡིན་པར་རིག་པར་བྱའོ། །བཅོམ་


DTG129_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་དོན་གྱི་སྡེ་ཚན་དག་ལས་ཀྱང༌། འཇིག་རྟེན་དག་ན་ཀུན་རྫོབ་གང་ཅི་ཡོད། །དེ་ཀུན་ཐུབ་པས་ཞལ་གྱིས་མི་བཞེས་ཏེ། །གཟིགས་དང་གསན་ལ་བཞེད་པར་མི་མཛད་པས། །དེ་ནི་ཞལ་གྱིས་མི་བཞེས་གང་གིས་འཛིན། །ཞེས་གསུངས་ཏེ། ཚིགས་སུ་བཅད་པ་འདིས་དེའི་དོན་ཇི་ལྟར་བསྟན་ཅེ་ན། གཟུགས་ལ་སོགས་པར་མིང་བཏགས་པའི་དངོས་པོ་ལ་གཟུགས་ཞེས་བྱ་བ་ལ་སོགས་པར་བཏགས་པ་གང་ཡིན་པ་དེ་དག་ནི་ཀུན་རྫོབ་ཅེས་བྱ་སྟེ། བཏགས་པ་དེ་དག་ནི་དངོས་པོ་དེ་དེའི་བདག་ཉིད་ཡིན་ནོ་ཞེས་བྱ་བར་དེ་ལྟར་མི་བཞེད་དེ། དེ་དག་ཀུན་རྫོབ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་ནི་བསྐྱེད་པ་དང་སྐུར་བའི་ལྟ་བ་མི་མངའ་སྟེ། དེ་བས་ན་དེ་ལ་ཕྱིན་ཅི་ལོག་ཉེ་བར་འཇོག་པའི་ལྟ་བ་དེ་མི་མངའ་བའི་ཕྱིར། ཞལ་གྱིས་མི་བཞེས་ཞེས་བྱའོ། །དེ་དེ་ལྟར་ཞལ་གྱིས་མི་བཞེས་པས་ལྟ་བ་དེ་མེད་པར་དངོས་པོ་དེ་ལ་སྒྲོ་འདོགས་པའམ། སྐུར་པ་འདེབས་པར་གང་གིས་འཛིན། འཛིན་པ་མི་མངའ་ན་ཤེས་བྱ་ཡང་དག་པར་གཟིགས་པ་ཡིན་ཏེ། དེ་ནི་དེའི་གཟིགས་པ་ཡིན་ནོ། །ཤེས་བྱ་དེ་ཉིད་ཀྱིས་བརྗོད་པ་གསན་པ་གང་ཡིན་པ་དེ་ནི་དེའི་གསན་པ་ཡིན་ཏེ། གཟིགས་པ་དང་གསན་པ་དེ་ལ་སྲེད་པ་སྐྱེད་པར་མི་མཛད་འཕེལ་བར་མི་མཛད་ཀྱི། དམིགས་པ་དེ་སྤོང་ཞིང་བཏང་སྙོམས་ཅན་དུ་གནས་ཏེ། དེ་ལྟར་ན་བཞེད་པར་མི་མཛད་དོ། །ཡང་བཅོམ་ལྡན་འདས་ཀྱིས་སྡུམས་བྱེད་ཀ་ཏའི་བུ་ལས་བརྩམས་ཏེ། བཀའ་སྩལ་པ། འདི་ན་དགེ་སློང་སྡུམས་བྱེད་ནི་ས་ལ་བརྟེན་ཅིང་བསམ་གཏན་མི་བྱེད་དོ། །ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའ་དང༌། རྣམ་ཤེས་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང༌། འཇིག་རྟེན་འདི་དང༌། འཇིག་རྟེན་ཕ་རོལ་དང༌། ཉི་མ་དང༌། ཟླ་བ་འདི་གཉིས་དང༌། མཐོང་བ་དང༌། ཐོས་པ་དང༌། བྱེ་བྲག་ཕྱེད་པ་དང༌། རྣམ་པར་ཤེས་པ་དང༌། རྙེད་པ་དང༌། བཅལ་བ་དང༌། ཡིད་ཀྱིས་རྗེས་སུ་བརྟགས་པ་དང༌། རྗེས་སུ་དཔྱད་པ་དེ་དག་ཐམས་ཅད་ལ་བརྟེན་ཅིང་བསམ་གཏན་མི་བྱེད་དོ། །བསམ་གཏན་པ་ཇི་ལྟར་ས་ལ་བརྟེན་ཅིང་བསམ་གཏན་མི་བྱེད་ལ། རྒྱས་པར་


DTG129_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་བར་ལ་བརྟེན་ཅིང་བསམ་གཏན་མི་བྱེད་ཅེ་ན། འདི་ན་དགེ་སློང་སྡུམས་བྱེད་ནི་ས་ལ་སར་འདུ་ཤེས་པ་གང་ཡིན་པ་དེ་བསལ་བ་ཡིན་ནོ། །ཆུ་ལ་ཆུར་འདུ་ཤེས་པ་ནས་རྒྱས་པར་ཐམས་ཅད་ལ་ཐམས་ཅད་དུ་འདུ་ཤེས་པ་གང་ཡིན་པ་དེ་བསལ་བ་ཡིན་ཏེ། དེ་ལྟར་དགེ་སློང་བསམ་གཏན་པ་ནི་ས་ལ་བརྟེན་ཅིང་བསམ་གཏན་མི་བྱེད་ལ། རྒྱས་པར་ཐམས་ཅད་ལ་ཐམས་ཅད་ཅེས་བྱ་བའི་བར་དུ་བརྟེན་ཅིང་བསམ་གཏན་མི་བྱེད་དོ། །དགེ་སློང་བསམ་གཏན་པ་དེ་ལྟ་བུ་ལ་ནི་དབང་པོ་དང་བཅས་པའི་ལྷ་རྣམས་དང༌། དབང་བདག་དང་བཅས་པ་རྣམས་དང༌། སྐྱེ་དགུའི་བདག་པོ་དང་བཅས་པ་རྣམས། སྐྱེས་བུ་ཅད་ཤེས་ཁྱོད་ལ་ཕྱག་འཚལ་ལོ། །སྐྱེས་བུ་དམ་པ་ཁྱོད་ལ་ཕྱག་འཚལ་ལོ། །ཅི་ལ་ཁྱོད་རྟེན་བསམ་གཏན་མཛད་པ་ཡི། །ཁྱོད་ཀྱི་དེ་ནི་བདག་ཅག་མ་འཚལ་ཏོ། །ཞེས་རྒྱང་མ་ནས་ཕྱག་འཚལ་བར་བྱེད་དོ། །མདོའི་ཚིག་དེར་དོན་འདི་ཇི་ལྟར་སྟོན་ཅེ་ན། ས་ལ་སོགས་པར་མིང་བཏགས་པའི་དངོས་པོ་ལས་ཞེས་བྱ་བ་ལ་སོགས་པའི་མིང་དུ་བརྡར་བཏགས་པ་གང་ཡིན་པ་དེ་ནི་ས་ལ་སོགས་པའི་འདུ་ཤེས་ཞེས་བྱའོ། །འདུ་ཤེས་དེ་ཡང་ས་ལ་སོགས་པར་མིང་བཏགས་པའི་དངོས་པོ་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་ཡིན་ཏེ། དེའི་ངོ་བོ་ཉིད་ཀྱིས་དངོས་པོར་འཛིན་པ་ནི་སྒྲོ་འདོགས་པ་ཡིན་ནོ། །དངོས་པོ་ཙམ་གྱི་ཡང་དག་པ་འཇིག་པར་འཛིན་པ་ནི་སྐུར་པ་འདེབས་པའི་འདུ་ཤེས་ཞེས་བྱ་སྟེ། དེའི་འདུ་ཤེས་དེ་བསལ་བ་ཡིན་ནོ། །བསལ་ཞེས་བྱ་བ་ནི་སྤངས་པ་དང་བཏང་བའོ། །དེ་བས་ན་ལུང་གིས་ཀྱང་དེ་བཞིན་གཤེགས་པ་མཆོག་ཏུ་ཡིད་ཆེས་པའི་ལུང་ལས་ཆོས་ཐམས་ཅད་དུ་བརྗོད་དུ་མེད་པའི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ། །དེ་ལྟར་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་ཡིན་ན། ཅིའི་ཕྱིར་བརྗོད་པ་སྦྱོར་བར་བྱེད་ཅེ་ན། འདི་ལྟར་བརྗོད་པ་མེད་ན་ཡང་བརྗོད་དུ་མེད་པའི་ཆོས་ཉིད་དེ་གཞན་དག་ལ་བསྙད་པ་དང༌། ཐོས་པར་བྱེད་ཀྱང་མི་ནུས་ལ། ཚིག་དང་ཐོས་པ་མེད་ན་ཡང་བརྗོད་དུ་མེད་པའི་ངོ་བོ་ཉིད་དེ་ཤེས་པར་མི་ནུས་སོ། །དེ་བས་ན་ཐོས་པ་དང་ཤེས་པར་བྱ་བའི་ཕྱིར་བརྗོད་པར་ཡང་སྦྱོར་བར་བྱེད་དོ། །དེ་བཞིན་ཉིད་དེ་དེ་ལྟར་ཡོངས་སུ་མ་


DTG129_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པས། གཞི་དེ་ལས་བྱིས་པ་རྣམས་ཀྱི་རྣམ་པར་རྟོག་པ་དངོས་པོ་གསུམ་སྐྱེད་པ་དང༌། སེམས་ཅན་དང༌། སྣོད་ཀྱི་འཇིག་རྟེན་ཐམས་ཅད་སྒྲུབ་པ་རྣམ་པ་བརྒྱད་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། ངོ་བོ་ཉིད་དུ་རྣམ་པར་རྟོག་པ་དང༌། བྱེ་བྲག་ཏུ་རྣམ་པར་རྟོག་པ་དང༌། རིལ་པོར་འཛིན་པའི་རྣམ་པར་རྟོག་པ་དང༌། བདག་གོ་སྙམ་པའི་རྣམ་པར་རྟོག་པ་དང༌། བདག་གི་སྙམ་པའི་རྣམ་པར་རྟོག་པ་དང༌། སྡུག་པར་རྣམ་པར་རྟོག་པ་དང༌། མི་སྡུག་པར་རྣམ་པར་རྟོག་པ་དང༌། དེ་གཉི་ག་ལས་བཟློག་པའི་རྣམ་པར་རྟོག་པའོ། །རྣམ་པར་རྟོག་པ་རྣམ་པ་བརྒྱད་པོ་དེ་དངོས་པོ་གསུམ་པོ་གང་དག་གིས་སྐྱེད་པ་ཡིན་ཞེ་ན། ངོ་བོ་ཉིད་དུ་རྣམ་པར་རྟོག་པ་གང་ཡིན་པ་དང༌། བྱེ་བྲག་ཏུ་རྣམ་པར་རྟོག་པ་གང་ཡིན་པ་དང༌། རིལ་པོར་འཛིན་པའི་རྣམ་པར་རྟོག་པ་གང་ཡིན་པའི་རྣམ་པར་རྟོག་པ་གསུམ་པོ་འདི་དག་ནི་རྣམ་པར་རྟོག་པ་སྤྲོས་པའི་གནས་དང༌། རྣམ་པར་རྟོག་པ་སྤྲོས་པའི་དམིགས་པའི་དངོས་པོ་གཟུགས་ལ་སོགས་པའི་མིང་བཏགས་པར་སྐྱེད་དོ། །དངོས་པོ་དེ་ལ་བརྟེན་ནས་སྤྲོས་པར་བྱེད་ན། མིང་གི་འདུ་ཤེས་ཀྱི་བརྗོད་པ་ཡོངས་སུ་བཟུང་བ། མིང་གི་འདུ་ཤེས་ཀྱི་བརྗོད་པས་ཡོངས་སུ་བསྒོམས་པའི་རྣམ་པར་རྟོག་པ་སྣ་ཚོགས་མང་པོ་རྣམ་པ་དུ་མ་དངོས་པོ་དེ་ཉིད་ལས་འབྱུང་བར་འགྱུར་རོ། །དེ་ལ་བདག་གོ་སྙམ་པའི་རྣམ་པ་གང་ཡིན་པ་དང༌། བདག་གི་སྙམ་པའི་རྣམ་པར་རྟོག་པ་འདི་གཉིས་ནི་འཇིག་ཚོགས་ལ་ལྟ་བ་དེ་ལས་གཞན་པའི་ལྟ་བ་ཐམས་ཅད་ཀྱི་རྩ་བར་གྱུར་པ་དང༌། ང་རྒྱལ་གྱི་རྩ་བ་ངའོ་སྙམ་པའི་ང་རྒྱལ་དེ་ལས་གཞན་པའི་ང་རྒྱལ་ཐམས་ཅད་ཀྱི་རྩ་བར་གྱུར་པ་སྐྱེད་དོ། །དེ་ལ་སྡུག་པར་རྣམ་པར་རྟོག་པ་དང༌། མི་སྡུག་པར་རྣམ་པར་རྟོག་པ་དང༌། དེ་གཉི་ག་ལས་བཟློག་པའི་རྣམ་པར་རྟོག་པ་ནི་ཅི་རིགས་པར་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་རྣམས་སྐྱེད་དོ། །དེ་ལྟར་ན་རྣམ་པར་རྟོག་པ་རྣམ་པ་བརྒྱད་པོ་འདི་ནི་འདི་ལྟ་སྟེ། རྣམ་པར་རྟོག་པའི་གནས་སྤྲོས་པའི་དངོས་པོ་དང༌། ལྟ་བ་དང་ངའོ་སྙམ་པའི་ང་རྒྱལ་དང༌། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་རྣམས་དང༌། དངོས་པོ་འདི་གསུམ་སྐྱེད་པར་འཇུག་པ་ཡིན་ནོ། །དེ་ལ་རྣམ་པར་རྟོག་པའི་སྤྲོས་པའི་དངོས་པོ་ལ་ནི་འཇིག་ཚོགས་ལ་ལྟ་བ་དང༌། ངའོ་སྙམ་


DTG129_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ང་རྒྱལ་བརྟེན་ནོ། །འཇིག་ཚོགས་ལ་ལྟ་བ་དང༌། ངའོ་སྙམ་པའི་ང་རྒྱལ་ལ་ནི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་རྣམས་བརྟེན་ཏེ། གཞི་གསུམ་པོ་འདི་དག་གིས་འཇིག་རྟེན་ཐམས་ཅད་ཀྱི་འཇུག་པའི་ཕྱོགས་མ་ལུས་པར་བསྟན་པ་ཡིན་ནོ། །དེ་ལ་ངོ་བོ་ཉིད་དུ་རྣམ་པར་རྟོག་པ་གང་ཞེ་ན། གཟུགས་ལ་སོགས་པའི་མིང་བཏགས་པའི་དངོས་པོ་ལ་གཟུགས་ཞེས་བྱ་བ་ལ་སོགས་པར་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ངོ་བོ་ཉིད་དུ་རྣམ་པར་རྟོག་པ་ཞེས་བྱའོ། །བྱེ་བྲག་ཏུ་རྣམ་པར་རྟོག་པ་གང་ཞེ་ན། གཟུགས་ལ་སོགས་པར་མིང་བཏགས་པའི་དངོས་པོ་དེ་ཉིད་ལ་འདི་ནི་གཟུགས་ཅན་ནོ། །འདི་ནི་གཟུགས་ཅན་མ་ཡིན་ནོ། །འདི་ནི་བསྟན་དུ་ཡོད་པའོ། །འདི་ནི་བསྟན་དུ་མེད་པའོ། །དེ་བཞིན་དུ་ཐོགས་པ་དང་བཅས་པ་དང༌། ཐོགས་པ་མེད་པ་དང་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་དང༌། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་དང༌། དེ་ལྟ་བུ་དང་མཐུན་པའི་ཚུལ་གྱི་དབྱེ་བ་ཚད་མེད་པས་ངོ་བོ་ཉིད་དུ་རྣམ་པར་རྟོག་པ་ལ་བརྟེན་པ་དེ་བྱེ་བྲག་ཏུ་བྱ་བའི་ཕྱིར་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་བྱེ་བྲག་ཏུ་རྣམ་པར་རྟོག་པ་ཞེས་བྱའོ། །རིལ་པོར་འཛིན་པའི་རྣམ་པར་རྟོག་པ་གང་ཞེ་ན། གཟུགས་ལ་སོགས་པར་མིང་དུ་བཏགས་པའི་དངོས་པོ་དེ་ཉིད་ལ་བདག་དང་སེམས་ཅན་དང༌། སྲོག་དང༌། སྐྱེ་བ་པོའི་མིང་གི་བརྡ་དང་ལྡན་པ། ཁྱིམ་དང༌། དམག་དང༌། ནགས་ལ་སོགས་པ་དང༌། ཟས་དང༌། སྐོམ་དང༌། བཞོན་པ་དང༌། གོས་ལ་སོགས་པ་དེ་དག་ལ་དེ་དག་གི་མིང་གི་བརྡ་དང་ལྡན་ལ། ཆོས་མང་པོ་བསྡུས་པ་དག་ལ་རིལ་པོར་འཛིན་པའི་རྒྱུ་ལས་བྱུང་བ་འཇུག་པ་གང་ཡིན་པ་དེ་ནི་རིལ་པོར་འཛིན་པའི་རྣམ་པར་རྟོག་པ་ཞེས་བྱའོ། །བདག་གོ་སྙམ་པ་དང༌། བདག་གི་སྙམ་པའི་རྣམ་པར་རྟོག་པ་གང་ཞེ་ན། དངོས་པོ་གང་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་མཐུན་པར་བཅས་པ་གང་ལ་ཡུན་རིང་པོ་ནས་བདག་ཏུའམ། བདག་གིར་འདྲིས་ཤིང་མངོན་པར་ཞེན་པ་ལ་གོམས་པས། ལོག་པར་འཛིན་ཅིང་འདྲིས་པ་དེ་ལས་རང་གི་ལྟ་བའི་གནས་དང་མཐུན་པའི་དངོས་པོ་ལ་བརྟེན་ནས།


DTG129_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ལོག་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་བདག་གོ་སྙམ་པ་དང༌། བདག་གི་སྙམ་པའི་རྣམ་པར་རྟོག་པ་ཞེས་བྱའོ། །སྡུག་པར་རྣམ་པར་རྟོག་པ་གང་ཞེ་ན། མཛེས་པ་ཡིད་དུ་འོང་བའི་དངོས་པོ་ལ་དམིགས་པའི་རྣམ་པར་རྟོག་པ་གང་ཡིན་པའོ། །མི་སྡུག་པར་རྣམ་པར་རྟོག་པ་གང་ཞེ་ན། མི་མཛེས་པ་ཡིད་དུ་མི་འོང་བའི་དངོས་པོ་ལ་དམིགས་པའི་རྣམ་པར་རྟོག་པ་གང་ཡིན་པའོ། །སྡུག་པ་དང་མི་སྡུག་པ་གཉི་ག་ལས་བཟློག་པའི་རྣམ་པར་རྟོག་པ་གང་ཞེ་ན། མཛེས་པ་དང༌། མི་མཛེས་པ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་དེ་གཉིས་ལ་མ་གཏོགས་པའི་དངོས་པོ་ལ་དམིགས་པའི་རྣམ་པར་རྟོག་པ་གང་ཡིན་པ་སྟེ། དེ་ཡང་མདོར་བསྡུ་ན་རྣམ་པ་གཉིས་སུ་འགྱུར་ཏེ། རྣམ་པར་རྟོག་པ་དང་རྣམ་པར་རྟོག་པའི་རྟེན་རྣམ་པར་རྟོག་པའི་དམིགས་པའི་དངོས་པོའོ། །དེ་གཉི་ག་ཡང་ཐོག་མ་མེད་པ་དང༌། གཅིག་གི་རྒྱུ་ལས་གཅིག་བྱུང་བ་ཡིན་པར་རིག་པར་བྱ་སྟེ། རྣམ་པར་རྟོག་པ་སྔ་མ་ནི་ད་ལྟར་བྱུང་བའི་རྣམ་པར་རྟོག་པའི་དམིགས་པའི་དངོས་པོ་འབྱུང་བའི་རྒྱུ་ཡིན་ནོ། །ད་ལྟར་བྱུང་བའི་རྣམ་པར་རྟོག་པའི་དམིགས་པའི་དངོས་པོ་བྱུང་བ་ནི། ད་ལྟར་བྱུང་བ་དེ་ལ་དམིགས་པའི་རྣམ་པར་རྟོག་པ་འབྱུང་བའི་རྒྱུ་ཡིན་ནོ། །དེ་ལ་ད་ལྟར་གྱི་རྣམ་པར་རྟོག་པ་ཡོངས་སུ་མ་ཤེས་པ་ནི། ཕྱི་མ་ལ་དེའི་དམིགས་པའི་དངོས་པོ་འབྱུང་བའི་རྒྱུའོ། །དེ་བྱུང་ན་དེ་ལ་གནས་པ་དེ་ལ་བརྟེན་པའི་རྣམ་པར་རྟོག་པ་ཡང་ངེས་པར་འབྱུང་བར་འགྱུར་རོ། །རྣམ་པར་རྟོག་པ་དེ་ཇི་ལྟར་ཤེས་པར་འགྱུར་ཞེ་ན། ཡོངས་སུ་ཚོལ་བ་རྣམ་པ་བཞི་དང༌། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་རྣམ་པ་བཞིས་འགྱུར་ཏེ། ཡོངས་སུ་ཚོལ་བ་རྣམ་པ་བཞི་གང་ཞེ་ན། མིང་ཡོངས་སུ་ཚོལ་བ་དང༌། དངོས་པོ་ཡོངས་སུ་ཚོལ་བ་དང༌། ངོ་བོ་ཉིད་དུ་བཏགས་པ་ཡོངས་སུ་ཚོལ་བ་དང༌། བྱེ་བྲག་ཏུ་བཏགས་པ་ཡོངས་སུ་ཚོལ་བའོ། །དེ་ལ་མིང་ཡོངས་སུ་ཚོལ་བ་ནི་བྱང་ཆུབ་སེམས་དཔའ་གང་མིང་ལ་མིང་ཙམ་དུ་ལྟ་བ་གང་ཡིན་པའོ། །དེ་བཞིན་དུ་དངོས་པོ་ལ་དངོས་པོ་ཙམ་དུ་ལྟ་བ་ནི། དངོས་པོ་ཡོངས་སུ་ཚོལ་བའོ། །ངོ་བོ་ཉིད་དུ་བཏགས་པ་ལ་ངོ་བོ་ཉིད་དུ་བཏགས་པ་ཙམ་དུ་ལྟ་པ་ནི་ངོ་བོ་ཉིད་དུ་བཏགས་པ་ཡོངས་སུ་ཚོལ་བའོ། །བྱེ་བྲག་ཏུ་


DTG129_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པ་ལ་བྱེ་བྲག་ཏུ་བཏགས་པ་ཙམ་དུ་ལྟ་བ་ནི་བྱེ་བྲག་ཏུ་བཏགས་པ་ཡོངས་སུ་ཚོལ་བ་སྟེ། དེས་མིང་དང་དངོས་པོའི་མཚན་ཉིད་ཐ་དད་པ་དང༌། འབྲེལ་པར་ཡང་མཐོང་ལ། མིང་དང་དངོས་པོ་འབྲེལ་པ་ལ་བརྟེན་པ་ངོ་བོ་ཉིད་དུ་བཏགས་པ་དང་བྱེ་བྲག་ཏུ་བཏགས་པ་ཡང་ཁོང་དུ་ཆུད་དོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་བཞི་པོ་དེ་དག་གང་ཞེ་ན། མིང་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང༌། དངོས་པོ་ཚོལ་བར་གྱུར་པ་དང༌། ངོ་བོ་ཉིད་དུ་བཏགས་པ་ཚོལ་བར་གྱུར་པ་དང༌། བྱེ་བྲག་ཏུ་བཏགས་པ་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའོ། །མིང་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་དེས་མིང་ལ་མིང་ཙམ་དུ་ཡོངས་སུ་བཙལ་ནས། མིང་དེ་ལ་འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ཏེ། འདི་ལྟར་མིང་འདི་ནི་འདི་ལྟ་བུའི་དོན་དུ་དངོས་པོ་ལ་རྣམ་པར་འཇོག་སྟེ། འདི་ལྟར་འདུ་བྱེད་ཀྱི་དོན་དང༌། ལྟ་བའི་དོན་དང༌། ཉེ་བར་འདོགས་པའི་དོན་དུའོ། །གལ་ཏེ་གཟུགས་ལ་སོགས་པར་མིང་དུ་བཏགས་པའི་དངོས་པོ་ལ་གཟུགས་ཞེས་བྱ་བའི་མིང་རྣམ་པར་མི་འཇོག་ན་ནི། སུས་ཀྱང་དངོས་པོ་དེ་ལ་གཟུགས་ཞེས་བྱ་བར་དེ་ལྟར་ཤེས་པར་མི་འགྱུར་རོ། །མི་ཤེས་ན་ནི་སྒྲོ་འདོགས་ཤིང་མངོན་པར་ཞེན་པར་མི་འགྱུར་རོ། །མངོན་པར་ཞེན་པ་མེད་ན་བརྗོད་པར་མི་འགྱུར་ཏེ། གང་གིས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི་མིང་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ཞེས་བྱའོ། །དངོས་པོ་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གང་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔས་དངོས་པོ་ལ་དངོས་པོ་ཙམ་དུ་ཡོངས་སུ་བཙལ་ནས། གཟུགས་ལ་སོགས་པར་མིང་བཏགས་པའི་དངོས་པོ་དེ་བརྗོད་པ་ཐམས་ཅད་དང་མ་འདྲེས་ཤིང་བརྗོད་དུ་མེད་པར་མཐོང་སྟེ། འདི་ནི་དངོས་པོ་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གཉིས་པའོ། །ངོ་བོ་ཉིད་དུ་བཏགས་པ་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གང་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་གཟུགས་


DTG129_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པར་མིང་བཏགས་པའི་དངོས་པོ་ལ་ངོ་བོ་ཉིད་དུ་བཏགས་པ་ཙམ་དུ་ཡོངས་སུ་བཙལ་ནས། ངོ་བོ་ཉིད་དུ་བཏགས་པ་དེས་དེའི་ངོ་བོ་ཉིད་མ་ཡིན་པའི་དངོས་པོ་ལ་དེའི་ངོ་བོ་ཉིད་དུ་སྣང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་ཅིང་རབ་ཏུ་ཤེས་ཏེ། དེས་དེའི་ངོ་བོ་ཉིད་དུ་སྤྲུལ་པ་དང༌། གཟུགས་བརྙན་དང༌། བྲག་ཅ་དང༌། མིག་ཡོར་དང༌། ཆུ་ཟླ་དང༌། རྨི་ལམ་དང༌། སྒྱུ་མ་ལྟ་བུར་མཐོང་སྟེ། དེར་སྣང་བ་ནི་དེའི་བདག་ཉིད་མ་ཡིན་པར་མཐོང་ན་དེ་ནི་ཤིན་ཏུ་ཟབ་པའི་དོན་སྤྱོད་ཡུལ་དུ་གྱུར་པ་ངོ་བོ་ཉིད་དུ་བཏགས་པ་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གསུམ་པའོ། །བྱེ་བྲག་ཏུ་བཏགས་པ་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གང་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་བྱེ་བྲག་ཏུ་བཏགས་པ་ལ་བཏགས་པ་ཙམ་དུ་བཙལ་ནས། གཟུགས་ལ་སོགས་པར་མིང་བཏགས་པའི་དངོས་པོ་དེ་ལ་བྱེ་བྲག་ཏུ་བཏགས་པ་རྣམས་ལ་གཉིས་སུ་མེད་པའི་དོན་དུ་མཐོང་ལ། དངོས་པོ་དེ་ཡང་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ཏེ། བརྗོད་པའི་བདག་ཉིད་ཀྱིས་ཡོངས་སུ་གྲུབ་པ་མ་ཡིན་པའི་ཕྱིར། ཡོད་པ་མ་ཡིན་ལ་བརྗོད་དུ་མེད་པའི་བདག་ཉིད་དུ་རྣམ་པར་གནས་པའི་ཕྱིར་མེད་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་དོན་དམ་པའི་བདེན་པས་ནི། གཟུགས་ཅན་མ་ཡིན་ལ། ཀུན་རྫོབ་ཀྱི་བདེན་པས་ནི། དེ་ལ་གཟུགས་སུ་ཉེ་བར་འདོགས་པས་གཟུགས་ཅན་མ་ཡིན་པ་ཡང་མ་ཡིན་ནོ། །དངོས་པོ་ཡོད་པ་དང༌། དངོས་པོ་མེད་པ་དང༌། གཟུགས་ཅན་དང༌། གཟུགས་ཅན་མ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་བསྟན་དུ་ཡོད་པ་དང༌། བསྟན་དུ་མེད་པ་ལ་སོགས་པར་བྱེ་བྲག་ཏུ་བཏགས་པའི་རྣམ་གྲངས་ཐམས་ཅད་ལ་ཡང་ཚུལ་དུ་འདིས་དེ་ལྟར་རིག་པར་བྱ་སྟེ། དེ་ལྟར་གང་གིས་བྱེ་བྲག་ཏུ་བཏགས་པ་སྟེ་གཉིས་སུ་མེད་པའི་དོན་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་འདི་ནི་བྱེ་བྲག་ཏུ་བཏགས་པ་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་ཞིན་དུ་ཡོངས་སུ་ཤེས་པ་ཞེས་བྱའོ། །དེ་ལ་བྱེས་པ་རྣམས་ཀྱི་ལོག་པར་རྟོག་པ་རྣམ་པ་བརྒྱད་པོ་གཞི་གསུམ་སྐྱེད་པ་འཇིག་རྟེན་འགྲུབ་པར་བྱེད་པ་གང་ཡིན་པ་དེ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་རྣམ་པ་བཞི་པོ་དེ་མེད་


DTG129_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང། མི་གནས་ན་འབྱུང་བར་འགྱུར་རོ། །ལོག་པའི་རྣམ་པར་རྟོག་པ་དེ་ལས་ནི་ཀུན་ནས་ཉོན་མོངས་པ་འབྱུང་བར་འགྱུར་རོ། །ཀུན་ནས་ཉོན་མོངས་པ་ལས་ནི་འཁོར་བ་ན་འཁོར་བར་འགྱུར་རོ། །འཁོར་བ་ན་འཁོར་བ་ལས་ནི་འཁོར་བའི་རྗེས་སུ་སོང་བ་སྐྱེ་བ་དང༌། རྒ་བ་དང༌།། ན་བ་དང༌། འཆི་བ་ལ་སོགས་པའི་སྡུག་བསྔལ་འབྱུང་བར་འགྱུར་རོ། །གང་གི་ཚེ་བྱང་ཆུབ་སེམས་དཔས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་རྣམ་པ་བཞི་པོ་ལ་བརྟེན་ནས། རྣམ་པར་རྟོག་པ་རྣམ་པ་བརྒྱད་པོ་དེ་ཡོངས་སུ་ཤེས་པར་གྱུར་པ་ན། ཚེ་འདི་ཉིད་ལ་དེ་ཡོངས་སུ་ཤེས་པར་གྱུར་པས་ཕྱི་མ་ལ་དེའི་རྟེན་དང་དེའི་དམིགས་པ་སྤྲོས་པར་གཏོགས་པའི་དངོས་པོ་འབྱུང་བར་མི་འགྱུར་རོ། །དེ་མ་སྐྱེས་ཤིང་མ་བྱུང་བས་དེ་ལ་དམིགས་པའི་རྣམ་པར་རྟོག་པ་ཡང་ཕྱི་མ་ལ་འབྱུང་བར་མི་འགྱུར་རོ། །དེ་ལྟར་ན་དངོས་པོ་དང་བཅས་པའི་རྣམ་པར་རྟོག་པ་དེའི་འགོག་པ་གང་ཡིན་པ་དེ་ནི་སྤྲོས་པ་ཐམས་ཅད་འགོག་པ་ཡིན་པར་རིག་པར་བྱའོ། །སྤྲོས་པ་འགོག་པ་དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་པར་རིག་པར་བྱའོ། །ཚེ་འདི་ཉིད་ལ་དེ་ཁོ་ནའི་དོན་གྱི་མཆོག་སྤྱོད་ཡུལ་བའི་ཡེ་ཤེས་དེ་རྣམ་པར་དག་པས་བྱང་ཆུབ་སེམས་དཔའ་དེས་ཐམས་ཅད་ལ་དབང་ཐོབ་པ་རྙེད་པར་འགྱུར་ཏེ། འདི་ལྟ་སྟེ། སྤྲུལ་པ་སྣ་ཚོགས་ལ་ཡང་སྤྲུལ་པའི་རྫུ་འཕྲུལ་གྱིས་སོ། །ཡོངས་སུ་བསྒྱུར་བ་སྣ་ཚོགས་ལ་ཡང་ཡོངས་སུ་བསྒྱུར་བའི་རྫུ་འཕྲུལ་གྱིས་སོ། །ཤེས་བྱ་ཐམས་ཅད་ཤེས་པ་ཡང་ངོ༌། །ཇི་སྲིད་དུ་འདོད་པ་དེ་སྲིད་དུ་གནས་པ་དང། གནོད་པ་མེད་པར་དགའ་མགུར་འཆི་འཕོ་བ་ལ་ཡང་ངོ༌། །དེ་དེ་ལྟར་དབང་ཐོབ་པས་ན། སེམས་ཅན་ཐམས་ཅད་ཀྱི་གཙོ་བོ་བླ་ན་མེད་པ་ཡིན་ནོ། །དེ་ལྟར་ཐམས་ཅད་ལ་དབང་བའི་བྱང་ཆུབ་སེམས་དཔའ་དེ་ལ་ཕན་ཡོན་གྱི་མཆོག་རྣམ་པ་ལྔ་ཡོད་པར་རིག་པར་བྱ་སྟེ། གནས་པ་རབ་ཏུ་ཞི་བས་སེམས་ཞི་བའི་མཆོག་ཐོབ་པར་འགྱུར་ཏེ། ཉོན་མོངས་པ་རབ་ཏུ་ཞི་བས་ནི་མ་ཡིན་པ་དང༌། རིག་པའི་གནས་ཐམས་ཅད་ལ་དེའི་ཡེ་ཤེས་མཐོང་བ་ཐོགས་པ་མེད་པ་ཡོངས་སུ་དག་པ། ཡོངས་སུ་བྱང་བ་འཇུག་པ་དང༌། སེམས་ཅན་རྣམས་ཀྱི་དོན་དུ་འཁོར་བ་ན་འཁོར་བས་མི་སྐྱོ་བར་འགྱུར་


DTG129_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང། དེ་བཞིན་གཤེགས་པ་རྣམས་ཀྱི་ལྡེམ་པོའི་ངག་ཐམས་ཅད་ལ་འཇུག་པ་དང༌། གཞན་གྱི་དྲིང་མི་འཇོག་པའི་ཕྱིར་ཐེག་པ་ཆེན་པོ་ལ་མོས་པ་མི་བཟློག་པ་ཡིན་ནོ། །ཕན་ཡོན་རྣམ་པ་ལྔ་པོ་དེ་དག་གི་ལས་ཀྱང་རྣམ་པ་ལྔ་ཁོ་ནར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཕྱིར་སྦྱོར་བ་ཚར་ཕྱིན་པའི་ལུས་དང་སེམས་ཀྱིས་འབད་པ་དང་ངལ་བ་མེད་པར་བྱ་བའི་ཕྱིར་ཚེ་འདི་ལ་བདེ་བར་གནས་པའི་མཆོག་དེ་ནི་སེམས་ཞི་བའི་ཕན་ཡོན་གྱི་ལས་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་དེ་ནི་རིག་པའི་གནས་ཐམས་ཅད་ལ་ཤེས་པ་ཐོགས་པ་མེད་པའི་ཕན་ཡོན་གྱི་ལས་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དེ་ནི་འཁོར་བས་མི་སྐྱོ་བའི་ཕན་ཡོན་གྱི་ལས་ཡིན་པར་རིག་པར་བྱའོ། །གདུལ་བ་རྣམས་ཀྱི་ཐེ་ཚོམ་སྐྱེས་སོ་ཅོག་སེལ་བ་དང༌། བསྟན་པ་ནུབ་པར་བྱེད་པ་དམ་པའི་ཆོས་ལྟར་བཅོས་པ་རྣམས་ཡོངས་སུ་ཤེས་པ་དང༌། བསྟན་པ་དང་བསལ་བས་ཆོས་ཀྱི་ཚུལ་ཡུན་རིང་པོར་ཡོངས་སུ་སྡུད་ཅིང༌། ཡང་དག་པར་འཛིན་པ་དེ་ནི་ལྡེམ་པོ་ངག་ཐམས་ཅད་ལ་འཇུག་པའི་ཕན་ཡོན་གྱི་ལས་ཡིན་པར་རིག་པར་བྱའོ། །ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པ་དང༌། བརྩོན་འགྲུས་བརྟན་པ་དང༌། སྨོན་ལམ་ལས་མི་ཉམས་པ་དེ་ནི་གཞན་གྱི་དྲིང་མི་འཇོག་པས་མི་འཕྲོགས་པའི་ཕན་ཡོན་གྱི་ལས་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་བྱ་བ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་ཕན་ཡོན་གྱི་ལས་རྣམ་པ་ལྔ་པོ་འདི་དག་གིས་ཡོངས་སུ་བསྡུས་པ་ཡིན་ནོ། །བྱ་བ་དེ་དག་ཀྱང་གང་ཞེ་ན། བདག་གི་བདེ་བ་ལ་ཀུན་ནས་ཉོན་མོངས་པ་མེད་པ་དང༌། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། དམ་པའི་ཆོས་གཟུང་བ་དང༌། སྨོན་ལམ་མི་འགྱུར་ཞིང་བརྩོན་འགྲུས་དྲག་པོས་ཕས་ཀྱི་རྒོལ་བ་རྣམ་པར་ཚར་གཅད་པའོ། །དེ་ལ་དེ་ཁོ་ནའི་དོན་རྣམ་པ་བཞི་ལ་དང་པོ་གཉིས་ནི་ཐ་མའོ། །གསུམ་པ་ནི་འབྲིང༌། བཞི་པ་ནི་མཆོག་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་


DTG129_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལས་དེ་ཁོ་ནའི་ལེའུ་སྟེ་བཞི་པའོ།། །།བམ་པོ་བཞི་པ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་གང་ཞེ་ན། མདོར་བསྡུ་ན་སེམས་ལས་སུ་རུང་བ། སེམས་ཤིན་ཏུ་ཡོངས་སུ་བསྒོམས་པ། ཏིང་ངེ་འཛིན་ལ་དབང་ཐོབ་པ། ཏིང་ངེ་འཛིན་ལ་བརྟེན་ནས་འདོད་པ་ཙམ་གྱིས་དོན་ཐམས་ཅད་འགྲུབ་པ་ནི་འཕགས་པའི་མཐུ་ཞེས་བྱའོ། །ཆོས་རྣམས་ཀྱི་འབྲས་བུ་ཆེན་པོ་དང༌། ཕན་ཡོན་ཆེན་པོ་གང་ཡིན་པ་ཡང་དེ་དག་གི་མཐུ་ཞེས་བྱའོ། །སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ཆེན་པོ་སྔོན་བསགས་པ་ལས་ལྷན་ཅིག་སྐྱེས་པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་དེ་ཡང་དེ་དག་གི་ལྷན་ཅིག་སྐྱེས་པའི་མཐུ་གཞན་ཡིན་པར་རིག་པར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་དེ་ཡང་རྣམ་པའི་རབ་ཏུ་དབྱེ་བས་རྣམ་པ་ལྔར་འགྱུར་ཏེ། མངོན་པར་ཤེས་པའི་མཐུ་དང༌། ཆོས་ཀྱི་མཐུ་དང༌། ལྷན་ཅིག་སྐྱེས་པའི་མཐུ་དང༌། ཉན་ཐོས་དང༌། རང་སངས་རྒྱས་རྣམས་དང༌། ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པའོ། །དེ་ལ་མངོན་པར་ཤེས་པ་དྲུག་པོ་རྫུ་འཕྲུལ་གྱི་ཡུལ་དང༌། ལྷའི་རྣ་བ་དང༌། སེམས་ཀྱི་རྣམ་གྲངས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང། འཆི་འཕོ་དང༌། སྐྱེ་བ་མཐོང་བ་དང༌། ཟག་པ་ཟད་པ་ཞེས་པ་མངོན་སུམ་དུ་བྱ་བ་ནི་མངོན་པར་ཤེས་པའི་མཐུ་ཞེས་བྱའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ནི་ཆོས་རྣམས་ཞེས་བྱ་སྟེ། ཆོས་དེ་དག་གི་མཐུ་གང་ཡིན་པ་དེ་ནི་ཆོས་ཀྱི་མཐུ་ཞེས་བྱའོ། །དེ་ལ་རྫུ་འཕྲུལ་གང་ཞེ་ན། མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཡོངས་སུ་བསྒྱུར་བ་དང༌། སྤྲུལ་པའོ། །རྣམ་པ་དེ་གཉིས་ལ་ཡང་རྣམ་པའི་རབ་ཏུ་དབྱེ་བས་ནི་རྣམ་པ་དུ་མ་ཡོད་དོ། །དེ་ལ་ཡོངས་སུ་བསྒྱུར་བའི་རྫུ་འཕྲུལ་གྱི་རྣམ་པའི་རབ་ཏུ་དབྱེ་བ་གང་ཞེ་ན། འདི་ལྟ་སྟེ། གཡོ་བར་བྱེད་པ་དང༌། འབར་བར་བྱེད་པ་དང༌། ཁྱབ་པར་བྱེད་པ་དང༌། རྣམ་པར་སྟོན་པ་དང༌། གཞན་དུ་འགྱུར་བར་བྱེད་པ་དང༌། འགྲོ་བ་དང༌། འོང་བ་དང༌། སྡུད་པ་དང༌། རྒྱས་པར་བྱེད་པ་དང༌། གཟུགས་ཐམས་ཅད་ལུས་སུ་འཇུག་པར་བྱེད་པ་དང༌། སྐལ་


DTG129_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཉམ་པའི་གན་དུ་འགྲོ་བ་དང༌། སྣང་བར་བྱེད་ཅིང་མི་སྣང་བར་ཡང་བྱེད་པ་དང༌། དབང་བྱེད་པ་དང༌། གཞན་གྱི་རྫུ་འཕྲུལ་ཟིལ་གྱིས་གནོན་པ་དང༌། སྤོབས་པ་སྦྱིན་པ་དང༌། དྲན་པ་སྦྱིན་པ་དང༌། བདེ་བ་སྦྱིན་པ་དང༌། འོད་ཟེར་འབྱིན་པ་དང༌། དེ་ལྟ་བུ་དང་མཐུན་པའི་རྫུ་འཕྲུལ་ནི་ཡོངས་སུ་བསྒྱུར་བ་ཞེས་བྱའོ། །དེ་ལ་གཡོ་བར་བྱེད་པ་ནི་འདི་ལ་དེ་བཞིན་གཤེགས་པའམ། ཏིང་ངེ་འཛིན་ལ་དབང་ཐོབ་པ་སེམས་ལས་སུ་རུང་བའི་བྱང་ཆུབ་སེམས་དཔས་གཙུག་ལག་ཁང་ཡང་གཡོ་བར་བྱེད། ཁྱིམ་དང༌། གྲོང་དང༌། གྲོང་ཁྱེར་དང༌། ཞིང་དང༌། སེམས་ཅན་དམྱལ་བའི་འཇིག་རྟེན་དང། དུད་འགྲོའི་འཇིག་རྟེན་དང༌། ཡི་དགས་ཀྱི་འཇིག་རྟེན་དང༌། མིའི་འཇིག་རྟེན་དང༌། ལྷའི་འཇིག་རྟེན་དང༌། གླིང་བཞི་པ་དང༌། སྟོང་གི་འཇིག་རྟེན་དང༌། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང༌། སྟོང་གསུམ་པ་བརྒྱ་དང། སྟོང་གསུམ་པ་སྟོང་དང༌། སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་འབུམ་ནས། སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་གྲངས་མེད་པའི་བར་དུ་ཡང་གཡོ་བར་བྱེད་དོ། །དེ་ལ་འབར་བར་བྱེད་པ་ནི་རོ་སྟོད་ནས་མེ་འབར་བར་བྱེད་ལ། རོ་སྨད་ནས་ཆུ་གྲང་མོའི་རྒྱུན་འབྱིན་པ་དང༌། རོ་སྨད་ནས་མེ་འབར་བར་བྱེད་ལ། རོ་སྟོད་ནས་ཆུ་གྲང་མོའི་རྒྱུན་འབྱིན་པ་དང༌། མེའི་ཁམས་ལ་ཡང་སྙོམས་པར་འཇུག་ཅིང་ལུས་ཐམས་ཅད་ནས་མེ་འབར་བར་བྱེད་དོ། །ལུས་ཐམས་ཅད་ནས་མེ་འབར་བས་ན། ལུས་ལས་འོད་ཟེར་སྣ་ཚོགས་སྔོན་པོ་དང༌། སེར་པོ་དང། དམར་པོ་དང༌། དཀར་པོ་དང༌། བཙོད་ཀ་དང༌། ཤེལ་གྱི་ཁ་དོག་ལྟ་བུ་འབྱུང་བའོ། །དེ་ལ་ཁྱབ་པར་བྱེད་པ་ནི་འདི་ལྟ་སྟེ། ཁྱིམ་ཡང་འོད་ཀྱིས་ཁྱབ་པར་བྱེད། གཙུག་ལག་ཁང་ནས་སྔ་མ་བཞིན་དུ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པའི་བར་དུ་ཡང་ཁྱབ་པར་བྱེད་པ་དེ་ལྟ་བུ་སྟེ། སྔ་མ་བཞིན་དུ་འདི་ལྟ་སྟེ། གཡོ་བར་བྱེད་པ་དང་འདྲའོ། །དེ་ལ་རྣམ་པར་སྟོན་པ་ནི་འདི་ལྟ་སྟེ། དགེ་སྦྱོང་དང༌། བྲམ་ཟེ་དང༌། ཉན་ཐོས་དང༌། བྱང་ཆུབ་སེམས་དཔའ་དང༌། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་


DTG129_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ལྷགས་ཤིང་བདེ་བར་འཁོད་པའི་འཁོར་དུ་དེ་བཞིན་གཤེགས་པའམ། བྱང་ཆུབ་སེམས་དཔའ་འོག་ཏུ་ནི་ངན་སོང་དག་ཀྱང་རྣམ་པར་སྟོན། སྟེང་དུ་ནི་ལྷ་དང་མི་རྣམས་ཀྱང་རྣམ་པར་སྟོན་པ་དང༌། དེ་མ་ཡིན་པ་སངས་རྒྱས་ཀྱི་ཞིང་དག་ཀྱང་རྣམ་པར་སྟོན་པ་དང༌། དེ་དག་ཏུ་ཡང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་སྟོན་ཏེ། སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ལས་ཀྱང་འདའ་ཞིང༌། སངས་རྒྱས་ཀྱི་ཞིང་མིང་ཇི་སྐད་གྲགས་པ་དང༌། སངས་རྒྱས་ཀྱི་ཞིང་དེ་ན་དེ་བཞིན་གཤེགས་པའི་མཚན་གང་ཡིན་པའི་སངས་རྒྱས་ཀྱི་ཞིང་དེ་དང༌། དེ་བཞིན་གཤེགས་པ་དེ་ཡང་སྟོན་ལ། སངས་རྒྱས་ཀྱི་ཞིང་དེའི་མིང་དེ་དང༌། དེ་བཞིན་གཤེགས་པའི་མཚན་དེ་ཡང་སྟོན་པ་དང༌། དེའི་ཚུ་རོལ་དང༌། དེའི་ཕ་རོལ་དག་ཀྱང་གང་འདོད་པ་དང༌། ཇི་སྲིད་དུ་འདོད་པར་རྣམ་པར་སྟོན་ཅིང་རྗོད་པར་བྱེད་པའོ། །དེ་ལ་གཞན་དུ་འགྱུར་བར་བྱེད་པ་ནི་གལ་ཏེ་ས་ལ་ཆུར་མོས་ན་ཡང་དེ་དེ་ཁོ་ན་བཞིན་དུ་འགྱུར་གྱི་གཞན་དུ་མི་འགྱུར་བ་དང༌། མེ་དང་རླུང་དུ་མོས་ན་ཡང་དེ་དེ་ཁོ་ན་བཞིན་དུ་འགྱུར་གྱི་གཞན་དུ་མི་འགྱུར་བ་དང༌། གལ་ཏེ་ཆུ་ལ་སར་མོས་སམ། མེ་དང་རླུང་དུ་མོས་ན་ཡང་དེ་དེ་ཁོ་ན་བཞིན་དུ་འགྱུར་གྱི་གཞན་དུ་མི་འགྱུར་བ་དང༌། གལ་ཏེ་མེ་ལ་སར་མོས་སམ། ཆུའམ་རླུང་དུ་མོས་སམ། གལ་ཏེ་རླུང་ལ་སར་མོས་སམ། ཆུ་དང་མེར་མོས་ན་ཡང་དེ་དེ་ཁོ་ན་བཞིན་དུ་འགྱུར་གྱི། གཞན་དུ་མི་འགྱུར་བ་དང༌། ཇི་ལྟར་འབྱུང་བ་ཆེན་པོ་རྣམས་ཕན་ཚུན་དུ་བསྒྱུར་ཞིང་གཞན་དུ་འགྱུར་བར་བྱེད་པ་བཞིན་དུ་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་རྣམས་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །གལ་ཏེ་རྩྭ་དང༌། ལོ་མ་དང༌། བ་ལང་གི་ལྕི་བ་དང༌། ས་ལ་སོགས་པའི་ལྷ་རྫས་རྣམས་ལས་ཟས་དང༌། སྐོམ་དང༌། བཞོན་པ་དང༌། གོས་དང༌། རྒྱན་དང༌། སྣོད་སྤྱད་དང༌། སྤོས་དང། མེ་ཏོག་ཕྲེང་བ་དང༌། བྱུག་པར་མོས་སམ། རྡོ་དང༌། གསེག་མ་དང༌། གྱོ་དུམ་དང༌། གྱོ་མོ་ལ་སོགས་པ་ལ་ནོར་བུ་དང༌། མུ་ཏིག་དང༌། བཻཌཱུ་ཪྻ་དང༌། དུང་དང༌། མན་ཤེལ་དང༌། བྱི་རུར་མོས་སམ། རིའི་རྒྱལ་པོ་གངས་ལ་སོགས་པ་རི་ཐམས་ཅད་ལ་གསེར་དུ་མོས་ན་ཡང་དེ་


DTG129_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཐམས་ཅད་དེ་ཁོ་ན་བཞིན་དུ་འགྱུར་གྱི། གཞན་དུ་མི་འགྱུར་བ་དང༌། དེ་བཞིན་དུ་སེམས་ཅན་མདོག་བཟང་པོ་རྣམས་ལ་མདོག་ངན་པ་དག་ཏུ་མོས་སམ། མདོག་ངན་པ་རྣམས་ལ་མདོག་བཟང་པོ་དག་ཏུའམ། དེ་གཉི་ག་ལ་མ་གཏོགས་པ་རྣམས་ལ་མདོག་བཟང་པོ་དག་ཏུ་འམ། མདོག་ངན་པ་དག་ཏུའམ། དེ་གཉི་གར་རམ། མདོག་བཟང་པོ་དང༌། མདོག་ངན་པ་རྣམས་ལ་ཇི་ལྟ་བ་དེ་བཞིན་དུ། ཡན་ལག་མ་ཚང་བ་དང༌། ཡན་ལག་ཚང་བ་དང༌། རིད་པ་དང༌། ཚ་བ་ལ་སོགས་པ་རང་གི་མཚན་ཉིད་དུ་ཡོད་པ་ལས་གཞན་དུ་བསྒྱུར་བ་ཅི་ཡང་རུང་བ་དང༌། ནུས་པའི་ངོ་བོ་ལ་གཞན་དུ་མོས་པ་དེ་དག་ཐམས་ཅད་ཇི་ལྟར་མོས་པ་དེ་བཞིན་དུ་འགྱུར་བ་ཡིན་ནོ། །དེ་ལ་འགྲོ་བ་དང་འོང་བ་ནི་རྩིག་པ་ལ་ཡང་ཐད་ཀར། རི་བྲགས་ལ་ཡང་ཐད་ཀར། རབ་ལ་ཡང་ཐད་ཀར་ལུས་ཀྱིས་ཐོགས་པ་མེད་པར་འགྲོ་སྟེ། རྒྱས་པར་ཚངས་པའི་འཇིག་རྟེན་དུ་ཡང་འགྲོ་ཞིང་ཕྱིར་ཡང་འོང་བ་ནས། གོང་དུ་འོག་མིན་ལ་ཐུག་པ་དང༌། ཐད་ཀར་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པའི་བར་དུ་ཡང་འབྱུང་བ་ཆེན་པོ་བཞི་ལས་བྱུང་བའི་ལུས་རགས་པས་འགྲོ་ཞིང་ཕྱིར་ཡང་འོང་པ་དང༌། རྒྱང་རིང་པོ་ལ་ཉེ་བར་མོས་ན་ཡིད་དང་འདྲ་བར་མགྱོགས་པར་འགྲོ་བ་དང་འོང་བ་ཡིན་ནོ། །དེ་ལ་སྡུད་པ་དང་རྒྱས་པར་བྱེད་པ་ནི་རིའི་རྒྱལ་པོ་གངས་ཀྱང་རྡུལ་ཕྲ་རབ་ཙམ་དུ་སྡུད་ལ། རྡུལ་ཕྲ་རབ་ཀྱང་རིའི་རྒྱལ་པོ་གངས་ཙམ་དུ་སྐྱེད་པ་ཡིན་ནོ། །དེ་ལ་གཟུགས་ཐམས་ཅད་ལུས་སུ་འཇུག་པར་བྱེད་པ་ནི། འཁོར་ཆེན་པོ་སྣ་ཚོགས་ཀྱི་མདུན་དུ། གྲོང་དང༌། གྲོང་ཁྱེར་དང༌། གྲོང་རྡལ་དང༌། རྩྭ་དང༌། ནགས་ཚལ་དང༌། ས་གཞི་དང༌། རིའི་གཟུགས་ཀྱི་ཚོགས་བདག་གི་ལུས་སུ་འཇུག་པར་བྱེད་དོ། །འཁོར་དེ་ཐམས་ཅད་ཀྱིས་ཀྱང་བདག་ཅག་ལུས་དེ་ཉིད་ཀྱི་ནང་དུ་སོང་བར་ཤེས་པ་ཡིན་ནོ། །དེ་ལ་སྐལ་པ་མཉམ་པའི་གན་དུ་འགྲོ་བ་ནི་རྒྱལ་རིགས་ཀྱི་འཁོར་གྱི་ནང་དུ་སོང་སྟེ། ཕྱིན་ནས་དེ་དག་གི་ཁ་དོག་རྒྱས་པ་ཇི་ལྟ་བུར་འདུག་པ་དེ་བཞིན་དུ། དེའི་ཡང་དེ་དང་འདྲ་བ་དང༌། དེ་དག་གི་ཆུ་ཞེང་ཇི་ལྟ་བ་དང༌། སྨྲ་བའི་སྟངས་ཇི་ལྟ་བ་བཞིན་དུ་དེའི་ཡང་དེ་དང་འདྲ་བ་དང༌། དེ་དག་


DTG129_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གང་སྨྲ་བར་བྱེད་པ་དེ་ནི་དེ་ཡང་སྨྲ་བར་བྱེད་པ་དང༌། དེ་དག་དོན་གང་སྨྲ་བར་མི་བྱེད་པ་དེ་ནི་དེ་ཡང་སྨྲ་བར་མི་བྱེད་པ་དང༌། མཇུག་ཏུ་དེ་དག་ལ་ཆོས་དང་མཐུན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་མི་སྣང་བར་བྱེད་ལ། དེ་མི་སྣང་བར་གྱུར་པ་ལ་མི་སྣང་བར་གྱུར་པ་འདི་ལྷའམ། མིའམ་སུ་ཞིག་སྙམ་དུ་སེམས་སོ། །རྒྱལ་རིགས་ཀྱི་འཁོར་ལ་ཇི་ལྟ་བ་བཞིན་དུ་བྲམ་ཟེ་དང༌། ཁྱིམ་བདག་དང༌། དགེ་སྦྱོང་གི་འཁོར་དང༌། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང༌། དེ་བཞིན་དུ་ཚངས་རིས་དང༌། ཚངས་པ་མདུན་ན་འདོན་དང༌། ཚངས་ཆེན་དང༌། འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་དང༌། དགེ་ཆུང་དང༌། ཚད་མེད་དགེ་དང༌། དགེ་རྒྱས་དང༌། སྤྲིན་མེད་དང༌། བསོད་ནམས་སྐྱེས་དང༌། འབྲས་བུ་ཆེ་བ་དང༌། མི་ཆེ་བ་དང༌། མི་གདུང་བ་དང༌། ཤིན་ཏུ་མཐོང་དང༌། གྱ་ནོམ་སྣང་བ་དང༌། འོག་མིན་དུ་ཡང་དེ་བཞིན་ནོ། །དེ་ལ་སྣང་བར་ཡང་མི་བྱེད་མི་སྣང་བར་ཡང་མི་བྱེད་པ་ནི་འཁོར་ཆེན་པོའི་མདུན་དུ་ལན་བརྒྱའམ། ལན་སྟོང་ངམ། དེ་བས་ལྷག་པར་ཡང་མི་སྣང་བར་བྱེད་ལ། ཕྱིར་ཡང་དེ་བཞིན་དུ་བདག་ཉིད་སྟོན་ཅིང་སྣང་བར་བྱེད་པ་ཡིན་ནོ། །དེ་ལ་དབང་བྱེད་པ་ནི་སེམས་ཅན་གྱི་ཁམས་གང་ཇི་སྙེད་ཡོད་པ་དེ་ཐམས་ཅད་འགྲོ་བ་དང༌། འོང་བ་དང༌། གནས་པ་ལ་སོགས་པའི་བྱ་བ་རྣམས་ལ་ཡང་དབང་བྱེད་པ་སྟེ། གལ་ཏེ་དེས་འདི་སྙམ་དུ་སོང་ཞིག་སྙམ་ན་ནི་འགྲོ་བར་འགྱུར། སྡོད་ཅིག་སྙམ་ན་ནི་སྡོད་པར་འགྱུར། འོངས་ཤིག་སྙམ་ན་ནི་འོངས་པར་འགྱུར། སྨྲོས་ཤིག་སྙམ་ན་ནི་སྨྲ་བར་འགྱུར་བ་ཡིན་ནོ། །དེ་ལ་གཞན་གྱི་རྫུ་འཕྲུལ་ཟིལ་གྱིས་གནོན་པ་ནི་དེ་བཞིན་གཤེགས་པ་ནི་དེ་ལས་གཞན་པ་རྫུ་འཕྲུལ་དང་ལྡན་པ་ཐམས་ཅད་ཀྱི་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་ཟིལ་གྱིས་མནན་ནས། ཅི་དགྱེས་པར་དོན་སྒྲུབ་པར་མཛད་པ་དང༌། མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་དང༌། སྲིད་པ་ཐ་མ་པ་ནི་དེ་བཞིན་གཤེགས་པ་དང་མཚུངས་བར་


DTG129_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་བྱང་ཆུབ་སེམས་དཔའ་མ་གཏོགས་པར་དེ་ལས་གཞན་པ་ཐམས་ཅད་ཀྱི་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་ཟིལ་གྱིས་གནོན་པ་དང༌། དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཆེས་མཆོག་ཏུ་གྱུར་པའི་ས་ལ་ཞུགས་པ་རྣམས་དང་མཚུངས་པར་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམས་མ་གཏོགས་པར་དེ་ལས་གཞན་པ་རྫུ་འཕྲུལ་དང་ལྡན་པ་ཐམས་ཅད་ཀྱི་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་ཟིལ་གྱིས་གནོན་པ་ཡིན་ནོ། །དེ་ལ་སྤོབས་པ་སྦྱིན་པ་ནི་སྤོབས་པ་ཡོངས་སུ་གཏུགས་པ་ལ། སྤོབས་པ་ཉེ་བར་སྒྲུབ་པ་ཡིན་ནོ། །དེ་མ་དྲན་པ་སྦྱིན་པ་ནི་ཆོས་རྣམས་ལ་དྲན་པ་བརྗེད་པ་ལ་དྲན་པ་ཉེ་བར་སྒྲུབ་པ་ཡིན་ནོ། །དེ་ལ་བདེ་བ་སྦྱིན་པ་ནི་དེ་སྟོན་པ་ན། གང་དག་ཆོས་ཉན་པ་དེ་དག་ལ་ཤིན་ཏུ་སྦྱངས་པའི་བདེ་བ་གང་གིས་དེ་དག་སྒྲིབ་པ་མེད་པར་ཆོས་ཉན་པར་འགྱུར་བ་དེ་ལྟ་བུའི་ལུས་དང་སེམས་ལ་ཕན་འདོགས་པ་ཉེ་བར་སྒྲུབ་པར་བྱེད་དོ། །དེ་ཡང་དེ་ཙམ་གྱི་ཚུལ་གྱིས་བྱེད་ཀྱི་གཏམ་དུ་ནི་མ་ཡིན་ནོ། །ཁམས་མ་སྙོམས་པ་དང༌། གནོད་པ་ལས་བྱུང་བ་དང༌། མི་མ་ཡིན་པས་བཏང་བའི་ནད་འགོ་བ་ཡང་ཞི་བར་བྱེད་པ་ཡིན་ནོ། །དེ་ལ་འོད་ཟེར་འབྱིན་པ་ནི་བྱང་ཆུབ་སེམས་དཔའམ། དེ་བཞིན་གཤེགས་པས་རྫུ་འཕྲུལ་གྱི་འོད་ཟེར་འདི་ལྟ་བུ་ལུས་ལས་འབྱིན་ཏེ། གང་དག་ཁ་ཅིག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་ཏུ་དོང་ནས། སེམས་ཅན་དམྱལ་བའི་སེམས་ཅན་རྣམས་ཀྱི་སེམས་ཅན་དམྱལ་བའི་སྡུག་བསྔལ་རྒྱུན་གཅོད་པར་བྱེད་པ་དང༌། ཁ་ཅིག་ནི་ལྷའི་འཇིག་རྟེན་ན་གནས་པའི་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་རྒྱ་ཆེན་པོ་རྣམས་ཀྱི་རང་རང་གི་གནས་སུ་དོང་ནས་འདིར་འོང་བར་བྱ་བའི་ཕྱིར་སྐུལ་བར་བྱེད་དོ། །དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་ན། འཇིག་རྟེན་གྱི་ཁམས་གཞན་དག་ན་གནས་པའི་བྱང་ཆུབ་སེམས་དཔའ་དག་འདིར་འོང་བར་བྱ་བའི་ཕྱིར་སྐུལ་བར་བྱེད་དོ། །མདོར་བསྡུ་ན་དེ་བཞིན་གཤེགས་པས་འོད་ཟེར་སྣ་ཚོགས་དཔག་ཏུ་མེད་གྲངས་མེད་པ་དག་གིས་སེམས་ཅན་ཚད་མེད་པ་དག་གི་དོན་དཔག་ཏུ་མེད་གྲངས་མེད་པ་དག་མཛད་པའོ། །ཡོངས་སུ་


DTG129_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་བའི་རྫུ་འཕྲུལ་དེ་དག་ཐམས་ཅད་ཀྱི་རྣམ་པ་ནི་རེ་རེ་ནས་དབྱེ་ན་དཔག་ཏུ་མེད་གྲངས་མེད་པར་རིག་པར་བྱ་སྟེ། རང་བཞིན་དེ་མ་ཡིན་པའི་དངོས་པོ་དེ་ལས་གཞན་དུ་བསྒྱུར་ཞིང་བསྒྲུབ་པ་ལ་ནི་ཡོངས་སུ་བསྒྱུར་བ་ཞེས་བྱ་སྟེ། དེ་ལྟ་བས་ན་འདི་ནི་ཡོངས་སུ་བསྒྱུར་བའི་རྫུ་འཕྲུལ་ཞེས་བྱའོ། །དེ་ལ་སྤྲུལ་པའི་རྫུ་འཕྲུལ་གང་ཞེ་ན། མདོར་བསྡུ་ན། དངོས་པོ་མེད་པ་ལས་སྤྲུལ་པ་སྟེ། སྤྲུལ་པའི་སེམས་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་མངོན་པར་འདུས་བྱས་ནས་འགྲུབ་པར་འགྱུར་བ་དེ་ནི་སྤྲུལ་པའི་རྫུ་འཕྲུལ་ཞེས་བྱའོ། །དེ་ཡང་ལུས་སྤྲུལ་པ་དང༌། ངག་སྤྲུལ་པ་དང། ཡུལ་སྤྲུལ་པ་རྣམ་པ་དུ་མ་ཡོད་དེ། ལུས་སྤྲུལ་པ་དེ་ཡང་དེ་བདག་དང་འདྲ་བའམ། མི་འདྲ་བའམ། གཞན་དང་འདྲ་བའམ། མི་འདྲ་བར་སྤྲུལ་པ་སྟེ། ལུས་སྤྲུལ་པ་བདག་དང༌། གཞན་དང་འདྲ་བ་དང༌། མི་འདྲ་བ་དེ་ཡང་དབང་པོ་འདྲ་བ་དང༌། དབང་པོའི་རྟེན་སྤྲུལ་པར་བྱེད་ཀྱི་དབང་པོ་ཉིད་ནི་མ་ཡིན་ནོ། །ཡུལ་དང་འདྲ་བའི་སྤྲུལ་པ་སྤྲུལ་པར་བྱེད་པ་ནི། འདི་ལྟ་སྟེ་ཟས་དང་སྐོམ་ལ་སོགས་པ་དང༌། ནོར་བུ་དང༌། མུ་ཏིག་དང༌། བཻ་ཌཱུ་ཪྻ་ལ་སོགས་པ་དང༌། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱར་གཏོགས་པའི་ཕྱི་རོལ་གྱི་ཡོ་བྱད་གང་ཅི་ཡང་རུང་བ་དེ་དང་འདྲ་བ་དེ་མ་ཡིན་པ་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དུ་སྤྲུལ་པར་བྱེད་དོ། །བདག་དང་འདྲ་བ་དེ་ཡང་རྣམ་པ་དུ་མ་མང་པོ་སྣ་ཚོགས་ཡོད་དེ། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོའི་བྱད་གཟུགས་དང༌། མིའི་བྱད་གཟུགས་དང༌། དུད་འགྲོ་དང༌། ཡི་དགས་དང༌། སེམས་ཅན་དམྱལ་བའི་བྱད་གཟུགས་དང༌། ཉན་ཐོས་ཀྱི་བྱད་གཟུགས་དང༌། རང་སངས་རྒྱས་ཀྱི་བྱེད་གཟུགས་དང༌། བྱང་ཆུབ་སེམས་དཔའི་བྱད་གཟུགས་དང༌། དེ་བཞིན་གཤེགས་པའི་སྐུ་བྱད་རྣམས་སོ། །དེ་གལ་ཏེ་བྱང་ཆུབ་སེམས་དཔའ་ཉིད་ཅི་འདྲ་བ། དེ་འདྲ་བ་ཉིད་དུ་སྤྲུལ་པ་སྤྲུལ་པ་ན། དེའི་སྤྲུལ་བ་འདི་ནི་བདག་དང་འདྲ་བ་ཡིན་ནོ། །དེ་ལྟ་མ་ཡིན་པ་ནི་སྤྲུལ་པ་བདག་དང་མི་འདྲ་བར་འགྱུར་རོ། །གལ་ཏེ་གཞན་དག་ལྷར་གྱུར་པ་དེ་དང་འདྲ་བར་སྤྲུལ་ན་ནི། དེའི་གཞན་དང་འདྲ་བའི་སྤྲུལ་པ་ཡིན་ནོ། །གལ་ཏེ་མི་འདྲ་བར་


DTG129_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་ན་ནི། གཞན་དང་མི་འདྲ་བ་ཡིན་ནོ། །ལྷར་གྱུར་པ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པར་གྱུར་པའི་བར་དུ་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་ལ་ལུས་ཀྱི་སྤྲུལ་པ་མང་པོ་གང་ཞེ་ན། འདི་ལ་དེ་བཞིན་གཤེགས་པའམ། བྱང་ཆུབ་སེམས་དཔས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་ཏུ་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་གི་དོན་སྤྲུལ་པ་བྱད་གཟུགས་སྣ་ཚོགས་དེ་དག་གིས་ཅིག་ཅར་མཛད་པ་དང༌། བྱང་ཆུབ་སེམས་དཔའམ། དེ་བཞིན་གཤེགས་པ་འདས་པའི་འོག་ཏུ་ཡང་སྤྲུལ་པ་ལ་ལ་གནས་པ་ཁོ་ནར་བྱིན་གྱིས་རློབ་པ་དང། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲུལ་པ་ལ་ལ་ནི་སེམས་ཅན་རྣམས་ལ་རྣམ་པར་བསྟན་པ་ཙམ་དུ་ཟད་དེ། སྒྱུ་མ་ལྟ་བུ་ཡིན་པ་དང༌། ལ་ལ་ནི་ནོར་རྫས་གང་གིས་ནོར་རྫས་ཀྱི་བྱ་བ་བྱེད་པ་ཡང་དག་པའི་ཟས་དང༌། སྐོམ་དང༌། བཞོན་པ་དང༌། གོས་ལ་སོགས་པ་དང༌། ནོར་བུ་དང༌། མུ་ཏིག་དང༌། བཻ་ཌཱུ་ཪྻ་དང༌། དུང་དང༌། མན་ཤེལ་དང༌། བྱི་རུ་ལ་སོགས་པར་སྤྲུལ་པ་དེ་ཁོ་ན་བཞིན་དུ་འབྱུང་བ་ཡིན་ཏེ། གཞན་དུ་མི་འགྱུར་བ་འདི་ནི་རེ་ཞིག་ལུས་ཀྱི་སྤྲུལ་པ་ཡིན་ནོ། །ངག་གི་སྤྲུལ་པ་ནི་གདངས་སྙན་པ་དང་ལྡན་པ་ཡང་ཡོད། སྐད་གསལ་བ་དང་ལྡན་པ་དང༌། བདག་དང་འབྲེལ་པ་དང༌། གཞན་དང་འབྲེལ་པ་དང༌། འབྲེལ་པ་མ་ཡིན་པ་དང༌། ཆོས་སྟོན་པར་གཏོགས་པ་དང༌། བག་མེད་པ་ལས་བསྐུལ་བར་གཏོགས་པ་ཡང་ཡོད་དོ། །དེ་ལ་གདངས་སྙན་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚིག་བརྗོད་པའི་སྤྲུལ་པ་ཟབ་པ་ཡིན་ཏེ། འབྲུག་སྒྲ་ལྟ་བུ་དང༌། ཀ་ལ་པིང་ཀའི་སྐད་ཡིད་དུ་འོང་བ་འདྲ་བ་དང༌། དགའ་བར་བྱེད་པས་སྙིང་དུ་འཐད་པ་དང༌། ངག་སྤྲུལ་པ་དེ་གྲོང་ཁྱེར་དུ་འགྲོ་བ་ཡིན་པ་དང༌། སྙན་ཅིང་འཇེབས་པ་དང༌། རྣར་སྙན་པ་དང༌། ཟུར་ཕྱིན་པ་དང༌། བརྡ་ཕྲད་པ་དང༌། སྙན་པ་དང༌། མི་མཐུན་པ་མེད་པ་དང༌། མི་བརྟེན་པ་དང༌། མི་ཟད་པ་ཡིན་ནོ། །དེ་ལ་སྐད་གསལ་བ་ནི་དེ་བཞིན་གཤེགས་པའམ། བྱང་ཆུབ་སེམས་དཔའ་བཞེད་ན། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། ཉན་ཐོས་དང༌།


DTG129_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་འཁོར་སྣ་ཚོགས་འདུས་ཤིང་འཁོད་པའི་འཁོར་གྱི་དཀྱིལ་འཁོར་དཔག་ཚད་གཅིག་གི་བར་གྱི་མཐར་ཐུག་པར་གང་དག་ཐག་རིང་པོ་ན་འདུག་པའམ། གང་དག་དྲུང་ན་འདུག་པ་ཡང་རུང་སྟེ། ཐམས་ཅད་ལ་ཡང་གསུང་བ་ཤིན་ཏུ་ཡོངས་སུ་རྫོགས་པས་གོ་བར་མཛད་པ་དང༌། བཞེད་ན་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་སུ་གསུང་གིས་གོ་བར་མཛད་པ་དང༌། སྟོང་གཉིས་པ་འམ། སྟོང་གསུམ་པའམ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་ཏུ་གསུང་གིས་གོ་བར་མཛད་དེ། སྒྲ་དེ་ལས་ཀྱང་སེམས་ཅན་རྣམས་ལ་ཆོས་སྟོན་པ། སེམས་ཅན་རྣམས་ཀྱི་དོན་དུ་འགྱུར་བ་གང་ཡིན་པ་རྣམ་པ་དུ་མ་འབྱུང་བར་འགྱུར་བ་ཡིན་ནོ། །དེ་ལ་བདག་དང་འབྲེལ་བའི་ངག་གི་སྤྲུལ་པ་ལ་ནི་བདག་ཉིད་ཀྱིས་སྤྲུལ་པའི་ཚིག་གིས་ཆོས་སྟོན་པའམ། བག་མེད་པ་ལས་བསྐུལ་བ་གང་ཡིན་པའོ། །གཞན་དང་འབྲེལ་པ་ནི་གཞན་སྤྲུལ་པའི་ཚིག་གིས་ཆོས་སྟོན་པ་འམ། བག་མེད་པ་ལས་བསྐུལ་བ་གང་ཡིན་པའོ། །དེ་ལ་འབྲེལ་པ་མ་ཡིན་པའི་ངག་གི་སྤྲུལ་པ་ནི་ནམ་མཁའ་དང༌། སྤྲུལ་པ་སེམས་ཅན་གྱི་སེམས་ཀྱི་རྒྱུད་མ་ཡིན་པ་ལས་ཚིག་འབྱུང་བ་གང་ཡིན་པའོ། །དེ་ལ་ཆོས་སྟོན་པའི་སྤྲུལ་པ་ནི་དེ་དང་དེར་རྨོངས་པ་རྣམས་ལ་རིགས་པས་ཡང་དག་པར་སྟོན་པའི་ཆེད་གང་ཡིན་པའོ། །དེ་ལ་སྤྲུལ་པའི་སྤྲུལ་པ་ནི་རྨོངས་པ་མེད་ཅིང་དད་པ་རྙེད་པ་བག་མེད་པར་གྱུར་པ་རྣམས་བག་མེད་པ་ལ་ངོ་ཚ་བ་སྐྱེད་པ་དང༌། བག་ཡོད་པ་ཡང་དག་པར་འཛིན་དུ་འཇུག་པའི་ཆེད་གང་ཡིན་པའོ། །སྤྲུལ་པ་རྣམ་པ་དུ་མ་དེ་ཡང་མདོར་བསྡུ་ན་ལུས་ཀྱི་སྤྲུལ་པ་དང༌། དག་གི་སྤྲུལ་པ་དང༌། ཡུལ་གྱི་སྤྲུལ་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་སྤྲུལ་པའི་རྫུ་འཕྲུལ་དེ་དག་ཀྱང་རེ་རེ་ནས་རྣམ་པར་དབྱེ་ན་དཔག་ཏུ་མེད་གྲངས་མེད་པར་རིག་པར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་རྣམ་པ་དེ་གཉིས་ཀྱང་མངོན་པར་མདོར་བསྡུ་ན་དོན་རྣམ་པ་གཉིས་བསྒྲུབ་པ་ཡིན་ཏེ། སེམས་ཅན་རྣམས་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་འདུན་པར་བྱས་ནས་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱེད་པ་དང༌། སེམས་ཅན་སྡུག་བསྔལ་བ་རྣམས་


DTG129_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕན་གདགས་པ་རྣམ་པ་དུ་མ་མང་པོ་སྣ་ཚོགས་ཉེ་བར་སྒྲུབ་པ་ཡིན་ནོ། །དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྔོན་གྱི་གནས་མཁྱེན་པ་གང་ཞེ་ན། འདི་ལ་དེ་བཞིན་གཤེགས་པའམ། བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱིས་བདག་ཉིད་ཀྱི་སྔོན་གྱི་གནས་ཡང་དག་པར་དགོངས་ཏེ། གང་དུ་སེམས་ཅན་ཆེ་གེ་མོ་ཞེས་བྱ་བ་དེ་དག་གི་ནང་དུ་བདག་བྱུང་བ་ན་མིང་འདི་ཞེས་བྱ་བའོ་ཞེས་རྒྱ་ཆེར་མདོ་ལས་འབྱུང་བ་བཞིན་དུ་སེམས་ཅན་གྱི་ལུས་ཚོགས་ལ་སོགས་པ་ཐམས་ཅད་ཀྱང་རྗེས་སུ་དགོངས་སོ། །ཇི་ལྟར་བདག་ཉིད་ཀྱིས་བདག་ཉིད་ཡང་དག་པར་རྗེས་སུ་དགོངས་པ་དེ་བཞིན་དུ། གཞན་དག་ལ་ཡང་དྲན་པར་མཛད་དེ། བདག་ཉིད་ཀྱིས་གཞན་དག་གི་ཡང་དགོངས་སོ། །སྔོན་གྱི་མཐའི་སེམས་ཅན་གྱི་ཚོགས་གང་ཡིན་པ་དེ་དག་གི་བདག་ཉིད་ཀྱིས་དགོངས་ཤིང༌། གཞན་དག་ལ་ཡང་དྲན་པར་མཛད་དེ། གང་དུ་སེམས་ཅན་ཆེ་གོ་མོ་ཞེས་བྱ་བ་དེ་དག་གི་ནང་དུ་བདག་བྱུང་བ་ནི་མིང་འདི་ཞེས་བྱའོ་ཞེས་རྒྱ་ཆེར་སྦྱར་བར་བྱའོ། །སེམས་ཅན་དེ་དག་གི་སྔོན་གྱི་གནས་ཐམས་ཅད་ཀྱང་བདག་གི་ཚེ་འདི་ཉིད་ལ་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་ཡང་དག་པར་དགོངས་སོ། །ཆ་ཕྲ་བ་ཡང་ཡང་དག་པར་རྗེས་སུ་དགོངས་སོ། །སྔོན་གྱི་སྤྱོད་པ་ཉུང་དུའམ། མང་པོ་སྔོན་དྲན་པ་ལས་བརྗེད་པ་གང་ཅི་ཡང་རུང་བ་ཡང་ངོ༌། །སྐད་ཅིག་བར་ཆད་མེད་པའི་ཚུལ་གྱིས་གོ་རིམས་གང་གིས་རྒྱུན་མ་ཆད་པར་བྱས་པར་རྒྱུན་ཆགས་པ་ཡང་ཡང་དག་པར་རྗེས་སུ་དགོངས་སོ། །གང་བསྐལ་པ་བགྲང་བའི་ཚུལ་གྱིས་གྲངས་སུ་བྱར་ནུས་པའི་ཚད་ཀྱང་རྗེས་སུ་དགོངས་སོ། །གང་བསྐལ་པ་བགྲང་བའི་ཚུལ་གྱིས་གྲངས་སུ་བྱར་མི་ནུས་པ་དཔག་ཏུ་མེད་གྲངས་མེད་པ་ཡང་རྗེས་སུ་དགོངས་སོ། །དེའི་སྔོན་གྱི་གནས་མཁྱེན་པ་ནི་མདོར་བསྡུ་ན་གང་བཞེད་པ་དང༌། ཇི་ལྟར་བཞེད་པ་དང༌། ཇི་ཙམ་བཞེད་པ་ཐོགས་པ་མེད་པར་འཇུག་སྟེ། བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པའི་སྔོན་གྱི་གནས་སུ་གཏོགས་པའི་མཐུ་ནི་དེ་ལྟ་བུ་ཡིན་ནོ། །དེ་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པ་དེས་སེམས་ཅན་རྣམས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དད་པ་བསྐྱེད་པ་དང༌། གུས་པ་བསྐྱེད་པ་དང༌། སྐྱོ་བ་བསྐྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའི་


DTG129_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་གྱི་སྤྱོད་པའི་མཆོག་ཏུ་རྨད་དུ་བྱུང་བའི་སྤྱོད་པའི་སྐྱེས་པའི་རབས་སྣ་ཚོགས་རྣམ་པ་དུ་མ་སྟོན་ཏོ། །སེམས་ཅན་རྣམས་ཀྱི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལས་བརྩམས་ཏེ། སྔོན་གྱི་ཚུལ་དང་ལྡན་པའི་དེ་ལྟ་བུ་བྱུང་བ་དག་ཀྱང་སྟོན་ཏོ། །འདི་ལྟ་སྟེ། སྔོན་གྱི་མཐར་རྟོགས་པའི་རྟག་པར་སྨྲ་བ་རྣམས་དང༌། ཁ་ཅིག་རྟག་པར་འཛིན་པའི་སེམས་ཅན་རྟག་པར་ལྟ་བ་རྣམས་ཀྱི་རྟག་པར་ལྟ་བ་ཡང་སེལ་བར་མཛད་དོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷའི་རྣ་བ་མཁྱེན་པ་གང་ཞེ་ན། འདི་ལ་དེ་བཞིན་གཤེགས་པའམ། བྱང་ཆུབ་སེམས་དཔས་ལྷའི་རྣ་བས་ལྷ་དང་མིའི་སྒྲ་དང༌། འཕགས་པ་རྣམས་དང༌། འཕགས་པ་མ་ཡིན་པ་རྣམས་དང༌། སྒྲ་ཆེན་པོ་རྣམས་དང༌། སྒྲ་ཆུང་དུ་རྣམས་དང༌། གསལ་བ་རྣམས་དང༌། མི་གསལ་བ་རྣམས་དང༌། སྤྲུལ་པ་རྣམས་དང༌། སྤྲུལ་པ་མ་ཡིན་པ་རྣམས་དང༌། རྒྱང་རིང་པོ་དང༌། དྲུང་ན་འདུག་པ་རྣམས་ཐོས་པ་ཡིན་ཏེ། དེ་ལ་ལྷ་རྣམས་ཀྱི་སྒྲ་ནི་གལ་ཏེ་ཡན་ཆད་དུ་འཇུག་པར་མི་མཛད་ན། གོང་དུ་འོག་མིན་གྱི་གནས་མན་ཆད་དུ་སེམས་ཅན་སྐྱེས་པ་རྣམས་ཀྱིའོ། །ཇི་སྟེ་འཇུག་པ་མཛད་ན་ནི་གྱེན་དུ་དེ་ལས་འདས་པའི་འཇིག་རྟེན་གྱི་ཁམས་གཞན་གྱི་ཡང་གསན་ཏོ། །དེ་ལ་མི་རྣམས་ཀྱི་སྒྲ་ནི་ཐད་ཀར་གླིང་བཞི་པ་ཐམས་ཅད་དུ་སེམས་ཅན་སྐྱེས་པ་རྣམས་ཀྱིའོ། །དེ་ལ་སྒྲ་འཕགས་པ་རྣམས་ཀྱི་སངས་རྒྱས་རྣམས་དང༌། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་དང༌། རང་སངས་རྒྱས་རྣམས་ཀྱི་སྒྲ་དང༌། དེ་ལས་གཞན་པའི་སེམས་ཅན་རྣམས་ཀྱིས་དེ་དག་ཐོས་ནས་རྗེས་སུ་སྒྲོགས་པར་བྱེད་དེ། འདི་ལྟ་སྟེ། དགེ་བ་ཡང་དག་པར་བླང་བ་དང༌། མི་དགེ་བ་སྤང་བ་ལས་བརྩམས་ནས་ཡང་དག་པར་སྟོན་པ་དང༌། ཡང་དག་པར་ལེན་དུ་འཇུག་པ་དང༌། ཡང་དག་པར་གཟེངས་བསྟོད་པ་དང༌། ཡང་དག་པར་དགའ་བར་བྱེད་པ་རྣམས་ཀྱི་གང་དག་ཡིན་པའོ། །དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་ལུང་ནོད་པ་དང༌། ཁ་ཏོན་བྱེད་པ་དང༌། གཏན་ལ་འབེབས་པ་དང༌། ལགས་པར་བསྐུལ་བ་དང༌། དྲན་པར་བྱེད་པ་དང༌། འདོམས་པ་དང༌། རྗེས་སུ་སྟོན་པ་ཡང་ངོ༌། །གཞན་ཡང་ལེགས་པར་སྨྲས་


DTG129_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང། ལེགས་པར་བརྗོད་པ་དང༌། དོན་དང་ལྡན་པ་གཞན་གང་ཅི་ཡང་རུང་བ་དེ་དག་ནི་སྒྲ་འཕགས་པ་རྣམས་ཞེས་བྱའོ། །སྒྲ་འཕགས་པ་མ་ཡིན་པ་རྣམས་ནི་སེམས་ཅན་རྣམས་ཀྱི་བརྫུན་དུ་སྨྲ་བ་དང༌། ཕྲ་མ་དང༌། ངག་རྩུབ་པོ་དང༌། ཚིག་ཀྱལ་པའི་སྒྲ་གང་ཡིན་པ་རྣམས་དང༌། འོག་ཏུ་ངན་སོང་དུ་སྐྱེས་པ་རྣམས་དང༌། གོང་དུ་ལྷའི་ནང་དུ་སྐྱེས་པ་རྣམས་དང༌། ཐད་ཀར་མིའི་ནང་དུ་སྐྱེས་པ་རྣམས་ཀྱིའོ། །དེ་ལ་སྒྲ་ཆེན་པོ་རྣམས་ནི་སེམས་ཅན་གྱི་ཚོགས་ཆེན་པོའི་སྒྲ་རྣམས་སམ། གནོད་པ་རྣམ་པ་སྣ་ཚོགས་ཀྱིས་གནོད་པར་གྱུར་ནས། ཉམ་ཐག་པའི་སྐད་ཀྱིས་ངུ་ཞིང༌། ཀུ་ཅོ་འདོན་པ་རྣམས་ཀྱིའམ། འབྲུག་སྒྲ་གྲག་པའམ། དུང་དང༌། རྔ་བོ་ཆེ་དང༌། རྔ་པ་ཊ་ཧའི་སྒྲ་རྣམས་ཡིན་ནོ། །སྒྲ་ཆུང་ངུ་རྣམས་ནི་ཐ་ན་རྣ་བར་གཤུག་པའི་སྒྲ་ཡན་ཆད་དོ། །སྒྲ་གསལ་བ་རྣམས་ནི་གང་དག་གིས་དོན་གོ་བ་ཡིན་ནོ། །སྒྲ་མི་གསལ་བ་རྣམས་ནི་གང་དག་གིས་དོན་གོ་བར་མི་འགྱུར་བ་སྟེ། འདི་ལྟ་སྟེ་འགྲོ་ལྡིང་བའི་གསང་སྔགས་རྣམས་སམ། རླུང་དང༌། ནགས་ཚལ་དང༌། ནེ་ཙོ་དང༌། རེ་སྐེགས་དང༌། ཁུ་བྱུག་དང༌། ཤང་ཤང་ཏེའུ་ལ་སོགས་པ་རྣམས་ཀྱི་སྒྲ་ཡིན་ནོ། །དེ་ལ་སྒྲ་སྤྲུལ་པ་རྣམས་ནི་རྫུ་འཕྲུལ་དང་ལྡན་པ་སེམས་ལ་དབང་ཐོབ་པ་རྣམས་ཀྱིས་རྫུ་འཕྲུལ་མངོན་པར་འདུས་བྱས་པ་གང་ཡིན་པ་རྣམས་སོ། །རྒྱང་རིང་པོའི་སྒྲ་རྣམས་ནི་གྲོང་གི་གནས་སམ། གཙུག་ལག་ཁང་གང་ནི་དེ་བཞིན་གཤེགས་པའམ། བྱང་ཆུབ་སེམས་དཔའ་བཞུགས་པ་དེར་སྒྲ་བྱུང་བ་གང་ཡིན་པ་དེ་དག་མ་གཏོགས་པར་དེ་ལས་གཞན་པ་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་རབ་ཏུ་བྱུང་བ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆི་འཕོ་བ་དང༌། སྐྱེ་བ་མཁྱེན་པ་གང་ཞེ་ན། འདི་ལ་དེ་བཞིན་གཤེགས་པ་འམ། བྱང་ཆུབ་སེམས་དཔས་ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པས་སེམས་ཅན་རྣམས་འཆི་འཕོའི་ཚེ་དང༌། ཤི་འཕོས་པ་ན་ཡང་གཟིགས་ཏེ། མདོག་སྡུག་པ་དང་མདོག་མི་སྡུག་པ་དང༌། ངན་པ་དང༌། བཟང་པོ་དང༌། ཕྱི་མའི་མཐར་སྐྱེས་ཤིང་རྒས་པའི་རྒྱུས་དབང་པོ་རྣམས་ཡོངས་སུ་སྨིན་པས་ལུས་ཀྱི་སྤྱོད་པ་སྣ་ཚོགས་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་ལ་


DTG129_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་རྣམས་དང༌། དེ་བཞིན་དུ་སྣང་བ་ཡང་གཟིགས་ཤིང་མཁྱེན་ཏོ། །ཆ་ཕྲ་བ་ཡང་གཟིགས་ཤིང་མཁྱེན་ཏོ། །གཟུགས་སྤྲུལ་པ་གང་ཡིན་པ་དང༌། ལྷའི་གཟུགས་དང་བ་གང་ཡིན་པ་གཟིགས་སོ། །གལ་ཏེ་འོག་དང་སྟེང་གི་འཇིག་རྟེན་གྱི་ཁམས་དག་ཏུ་གཟུགས་གཟིགས་པ་དག་ལས་བརྩམས་ཏེ། འཇུག་པ་མི་མཛད་ན་ནི་འོག་ཏུ་མནར་མེད་པ་ལ་ཐུག་པ་ཡན་ཆད་གོང་དུ་འོག་མིན་གྱི་གནས་ལ་ཐུག་པ་མན་ཆད་གཟིགས་སོ། །ཇི་སྟེ་ཆེད་དུ་གཟིགས་ན་ནི་དེ་ལས་འདས་པའི་འོག་ཏུ་སྟེང་དང་ཐད་ཀར་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་ན་གཟུགས་ཡོད་པ་ཐམས་ཅད་ཀྱང་གཟིགས་ཏེ། ཆེར་ན་སངས་རྒྱས་ཀྱི་ཞིང་དེ་དང་དེ་དག་ན་དེ་བཞིན་གཤེགས་པ་འཁོར་སྣ་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོའི་ནང་ན་ཆོས་སྟོན་ཅིང་བཞུགས་པ་དེ་དང་དེ་དག་ཀྱང་གཟིགས་སོ། །དེ་ལ་དེ་བཞིན་གཤེགས་པའམ། བྱང་ཆུབ་སེམས་དཔས་ལྷའི་མིག་གིས་ཕྱོགས་བཅུའི་སེམས་ཅན་རྣམས་ཀྱི་ལས་ཀྱི་སྤྱོད་པ་དགེ་བ་དང༌། མི་དགེ་བ་དག་གཟིགས་ནས་ཅི་རིགས་ཅི་འོས་པར་དེ་དག་ལ་ནན་ཏན་མཛད་དོ། །ལྷའི་རྣ་བས་ཀྱང་ངག་གི་སྤྱོད་པ་དག་དགེ་བ་དང༌། མི་དགེ་བ་དག་གསན་ནས་སེམས་ཅན་དེ་དག་ལ་ཅི་རིགས་ཅི་འོས་པར་ནན་ཏན་མཛད་དོ། །མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་རྣམས་ནི་ལྷའི་མིག་དང༌། ལྷའི་རྣ་བ་འདིས་ཕྲིན་ལས་མཛད་དོ། །དེ་ལ་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཀྱི་རྣམ་གྲངས་མཁྱེན་པ་གང་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའམ། དེ་བཞིན་གཤེགས་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་ན་སེམས་ཅན་འཁོད་པ་གཞན་དག་གི་སེམས་ཉོན་མོངས་པས་ཀུན་ནས་དཀྲིས་པ་དང་བྲལ་བ་དང༌། ཉོན་མོངས་པ་དང་འབྲེལ་པར་བཅས་ཤིང་བག་ལ་ཉལ་བ་དང་བཅས་པ་དང༌། ཉོན་མོངས་པ་དང་འབྲེལ་པ་མ་ཡིན་ཞིང་བག་ལ་ཉལ་བ་མེད་པ་ཡང་མཁྱེན་ཏོ། །སྨོན་ལམ་ལོག་པར་བཏབ་པའི་སེམས་འདི་ལྟ་སྟེ། མུ་སྟེགས་ཅན་གྱི་སེམས་དང༌། ཟང་ཟིང་དང་བཅས་པའི་བསམ་པ་ཅན་གྱི་ཉོན་མོངས་པ་མ་ཡིན་པའི་སེམས་གང་ཡང་རུང་བ་ཡང་མཁྱེན་ཏོ། །དེ་ལས་བཟློག་པ་སྨོན་ལམ་


DTG129_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བཏབ་པའི་སེམས་ཀྱང་མཁྱེན་ཏོ། །སྨོན་པའི་སེམས་འདི་ལྟ་སྟེ། འདོད་པའི་ཁམས་སུ་སྐྱེས་པའི་སེམས་ཅན་ཐ་ན་རི་དྭགས་དང་བྱ་ཡན་ཆད་ཐམས་ཅད་ཀྱི་སེམས་ཀྱང་མཁྱེན་ཏོ། །བར་མའི་སེམས་འདི་ལྟ་སྟེ། གཟུགས་ཀྱི་ཁམས་སུ་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱི་ཡང་མཁྱེན་ཏོ། །གྱ་ནོམ་པའི་སེམས་ཅན་འདི་ལྟ་སྟེ། གཟུགས་མེད་པར་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱི་ཡང་མཁྱེན་ཏོ། །བདེ་བ་དང་ལྡན་པ་དང༌། སྡུག་བསྔལ་དང་ལྡན་པ་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་ལྡན་པའི་སེམས་ཀྱང་མཁྱེན་ཏོ། །ཕ་རོལ་གྱི་སེམས་མཁྱེན་པ་གཅིག་གིས་སེམས་ཅན་གཅིག་གང་གི་སེམས་གང་ཡིན་པ་དང༌། ཇི་ལྟ་བུ་དང༌། ཅི་འདྲ་བ་དང༌། ཇི་སྙེད་པ་ཉེ་བར་གནས་པ་དེ་ཡང་ཅིག་ཅར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ། །ཕ་རོལ་གྱི་སེམས་མཁྱེན་པ་གཅིག་ཁོ་ནས་སེམས་ཅན་མང་པོ་གང་དག་གི་སེམས་གང་ཡིན་པ་དང༌། ཇི་ལྟ་བུ་དང༌། ཅི་འདྲ་པ་དང༌། ཇི་སྙེད་ཉེ་བར་གནས་པ་དེ་ཡང་ཅིག་ཅར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་དེ་ཡང་སེམས་ཅན་རྣམས་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་དང༌། མོས་པ་སྣ་ཚོགས་མཁྱེན་པ་དང༌། ཁམས་དང༌། སྤྱོད་པ་སྣ་ཚོགས་མཁྱེན་པ་དང༌། མྱ་ངན་ལས་འདས་པར་འགྲོ་བའི་ལམ་སྣ་ཚོགས་དག་ཏུ་ཅི་རིགས་པར་ཡང་དག་པར་སྦྱོར་བར་བྱེད་པ་སྟེ། དེ་ནི་དེའི་ལས་ཡིན་པར་རིག་པར་བྱའོ། །དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཟག་པ་ཟད་པ་མཁྱེན་པ་གང་ཞེ་ན། འདི་ལ་དེ་བཞིན་གཤེགས་པའམ། བྱང་ཆུབ་སེམས་དཔས་ཉོན་མོངས་པ་རྣམས་ཟད་པ་ཐོབ་པ་ཟག་པ་ཟད་པ་བདག་གིས་སམ་གཞན་དག་གིས་ཐོབ་པའམ། མ་ཐོབ་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །བདག་དང་གཞན་དག་གི་ཟག་པ་ཟད་པ་འཐོབ་པའི་ཐབས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཐབས་ཇི་ལྟ་བ་བཞིན་དུ་ཐབས་མ་ཡིན་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གཞན་དག་གི་ཟག་པ་ཟད་པ་ཐོབ་པའི་མངོན་པའི་ང་རྒྱལ་ཡར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །མངོན་པའི་ང་རྒྱལ་མེད་


DTG129_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །བྱང་ཆུབ་སེམས་དཔའ་ནི་དེ་དག་ཐམས་ཅད་ནི་མཁྱེན་ཀྱང་ཟག་པ་ཟད་པ་ཡང་བདག་ཉིད་ཀྱིས་མངོན་སུམ་དུ་མི་མཛད་དོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ནི་ཟག་པ་དང་བཅས་པའི་དངོས་པོ་ཟག་པ་རྣམས་དང་ལྷན་ཅིག་ཏུ་མི་འདོར་རོ། །ཟག་པ་དང་བཅས་པའི་དངོས་པོ་དེ་ལ་ཡང་སྤྱོད་ལ་ཀུན་ནས་ཉོན་མོངས་པ་ཅན་དུ་ཡང་མི་འགྱུར་ཏེ། དེ་ནི་དེའི་མཐུ་ཐམས་ཅད་ཀྱི་ནང་ན་ཆེས་མཐུ་ཆེ་བ་ཡིན་པར་རིག་པར་བྱ་སྟེ། ཟག་པ་ཟད་པ་མཁྱེན་པ་དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བདག་ཉིད་ཀྱང་ཀུན་ནས་ཉོན་མོངས་པ་ཅན་དུ་མི་འགྱུར་ལ། གཞན་དག་ལ་ཡང་སྟོན་ཅིང་མངོན་པའི་ང་རྒྱལ་ཡང་སེལ་བར་མཛད་པ་འདི་ནི་དེའི་ལས་ཡིན་པར་རིག་པར་བྱའོ། །དེ་ལ་ཆོས་ཀྱི་མཐུ་གང་ཞེ་ན། སྦྱིན་པའི་མཐུ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་མཐུའོ། །སྦྱིན་པ་ལ་སོགས་པའི་ཆོས་འདི་དག་གི་མཐུ་དེ་ཡང་མདོར་བསྡུ་ན་རྣམ་པ་བཞིར་རིག་པར་བྱ་སྟེ། མི་མཐུན་པའི་ཕྱོགས་སྤོང་བ་དང༌། ཚོགས་ཡོངས་སུ་སྨིན་པར་བྱེད་པ་དང༌། བདག་དང་གཞན་ལ་ཕན་འདོགས་པ་དང༌། ཕྱི་མ་ལ་འབྲས་བུ་འབྱིན་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སྦྱིན་པ་སྦྱིན་པ་ན་སྦྱིན་པའི་མི་མཐུན་པའི་ཕྱོགས་སེར་སྣ་ཡང་སྤོང་ངོ༌། །དེའི་སྦྱིན་པ་དེ་བདག་ཉིད་ཀྱི་བྱང་ཆུབ་ཀྱི་ཚོགས་སུ་གྱུར་པ་ཡང་ཡིན་ལ་བསྡུ་བའི་དངོས་པོ་སྦྱིན་པས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སྦྱིན་པའི་སྔ་རོལ་དུ་ཡང་ཡིད་དགའ་ལ། སྦྱིན་པའི་ཚེ་ཡང་སེམས་དང་བར་བྱེད་ཅིང་བྱིན་པའི་འོག་ཏུ་ཡང་འགྱོད་པ་མེད་དེ། དུས་གསུམ་དུ་རབ་ཏུ་དགའ་བའི་སེམས་ཀྱིས་བདག་ཉིད་ལ་ཕན་འདོགས་པ་དང༌། གཞན་དག་བཀྲེས་པ་དང༌། སྐོམ་པ་དང༌། གྲང་བ་དང༌། ཚ་བ་དང༌། ན་བ་དང༌། འདོད་པས་ཕོངས་པ་དང༌། འཇིགས་པའི་སྡུག་བསྔལ་སེལ་བས་གཞན་ལ་ཕན་འདོགས་པ་དང༌། ཕ་རོལ་ཏུ་ཡང་གང་དང་གང་དུ་སྐྱེས་པར་ཕྱུག་པ་དང༌། ལོངས་སྤྱོད་ཆེ་བ་དང༌། བཙན་འགྱིང་ཆེ་བ་དང༌། གཡོག་འཁོར་མང་བར་འགྱུར་ལ། སྦྱིན་པ་ལ་ཡང་མོས་པར་འགྱུར་ཏེ། དེ་ལྟར་ན་རྣམ་པ་བཞི་པོ་འདི་དག་ནི་སྦྱིན་པའི་མཐུ་ཡིན་ཏེ། འདི་ལས་གང་ན་ཡང་


DTG129_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དོ། །འདི་ལས་ལྷག་པ་ཡང་མད་དོ། །བྱང་ཆུབ་སེམས་དཔའ་ལུས་དང་ངག་གི་སྡོམ་པའི་ཚུལ་ཁྲིམས་ཡང་དག་པར་ལེན་པ་ན་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་འཆལ་པའི་ཚུལ་ཁྲིམས་ཀྱང་སྤོང་ངོ༌། །དེའི་ཚུལ་ཁྲིམས་ཡང་དག་པར་བླངས་པ་དེ་བྱང་ཆུབ་ཀྱི་ཚོགས་སུ་འགྱུར་བ་ཡང་ཡིན་ལ། དོན་མཐུན་པའི་བསྡུ་བའི་དངོས་པོས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །འཆལ་པའི་ཚུལ་ཁྲིམས་ཀྱི་རྐྱེན་གྱིས་འཇིགས་པ་དང༌། ཁ་ན་མ་ཐོ་བ་དང༌། འཁོན་དུ་འཛིན་པ་སྤོང་བ་ན་བདག་ཉིད་ལ་ཕན་འདོགས་ཏེ། བདེ་བར་གཉིད་ཀྱིས་ལོག་ཅིང་བདེ་བར་སད་པར་འགྱུར་ལ། དེ་བཞིན་དུ་ཚུལ་ཁྲིམས་དང་ལྡན་པ་ལ་ནི་འགྱོད་པ་མེད་ཅིང་མཆོག་ཏུ་དགའ་བ་ནས། སེམས་ཀྱི་ཏིང་ངེ་འཛིན་པའི་བར་དུ་འགྱུར་ཏེ། དེ་ལྟར་བདག་ཉིད་ལ་ཕན་འདོགས་སོ། །སེམས་ཅན་ཐམས་ཅད་ལ་ཡང་རྣམ་པ་ཐམས་ཅད་ཀྱིས་རྣམ་པར་ཐོ་མི་འཚམས་པས་མི་འཇིགས་པའི་སྦྱིན་པ་བྱེད་དེ། དེ་ལྟར་གཞན་ལ་ཕན་འདོགས་སོ། །ལུས་ཞིག་ནས་ཀྱང་གཞི་དེས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཞིང༌། ཚུལ་ཁྲིམས་ལ་ཡང་མོས་པར་འགྱུར་ཏེ། དེ་ལྟར་ན་རྣམ་པ་བཞི་པོ་འདི་དག་ནི་ཚུལ་ཁྲིམས་ཀྱི་མཐུ་ཡིན་ཏེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་བཟོད་པ་དང་ལྡན་པ་ནི་བཟོད་པའི་མི་མཐུན་པའི་ཕྱོགས་མི་བཟོད་པ་ཡང་སྤོང་ངོ༌། །དེའི་བཟོད་པ་དེ་བྱང་ཆུབ་ཀྱི་ཕྱོགས་སུ་གྱུར་པ་ཡང་ཡིན་ལ། དོན་མཐུན་པས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །བདག་དང་གཞན་ཡང་འཇིགས་པ་ཆེན་པོ་ལས་ཡོངས་སུ་སྐྱོབ་པར་བྱེད་པས་ན། བཟོད་པ་དེས་བདག་དང་གཞན་ལ་ཡང་ཕན་འདོགས་སོ། །གཞི་དེས་བྱང་ཆུབ་སེམས་དཔའ་ཕྱི་མ་ལ་འཁོན་པ་མང་བར་མི་འགྱུར་ཞིང༌། འབྱེད་པ་མི་མང་ལ་སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་མང་བར་མི་འགྱུར་ཏེ། ཚེ་འདི་ཉིད་ལ་ཡང་འགྱོད་པ་མེད་པར་འཆི་བའི་དུས་བྱེད་པར་འགྱུར་ཞིང༌། ལུས་ཞིག་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཞིང༌། བཟོད་པ་ལ་མོས་པར་འགྱུར་ཏེ། དེ་ལྟར་ན་རྣམ་པ་བཞི་པོ་འདི་དག་ནི་བཟོད་པའི་མཐུ་ཡིན་ཏེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་


DTG129_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དོ། །བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་ཏེ། གནས་པ་ནི་བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་ལེ་ལོ་ཡང་སྤོང་ངོ༌། །བརྩོན་འགྲུས་དེ་ནི་བྱང་ཆུབ་ཀྱི་ཚོགས་སུ་གྱུར་པ་དང༌། རྟེན་ཀྱང་ཡིན་ལ་དོན་མཐུན་པས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ།། བརྩོན་འགྲུས་བརྩམས་པ་སྡིག་པ་མི་དགེ་བའི་ཆོས་རྣམས་དང་མ་འདྲེས་པར་བདེ་བ་ལ་རེག་པར་གནས་པ་ན། སྔོན་ལས་གོང་དུ་བོགས་པར་གྱུར་པ་མཐོང་ནས། དགའ་ཞིང་མཆོག་ཏུ་དགའ་བས་བདག་ཉིད་ལ་ཡང་ཕན་འདོགས་སོ། །དགེ་བའི་ཕྱོགས་ལ་བརྩོན་པས་གཞན་ལ་ལུས་དང་ངག་གིས་རྣམ་པར་མི་འཚེ་བ་དང༌། གཞན་དག་ཀྱང་བརྩོན་འགྲུས་རྩོམ་པ་ལ་འདུན་པ་སྐྱེད་དེ། དེ་ལྟར་གཞན་ལ་ཡང་ཕན་འདོགས་སོ། །ཕྱི་མ་ལ་ཡང་རྒྱུའི་སྟོབས་དང་ལྡན་ཞིང་སྐྱེས་བུའི་རྩལ་ལ་མངོན་པར་དགའ་བར་འགྱུར་ཏེ། དེ་ལྟར་ན་རྣམ་པ་བཞི་པོ་འདི་དག་ནི་བརྩོན་འགྲུས་ཀྱི་མཐུ་ཡིན་ཏེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །བྱང་ཆུབ་སེམས་དཔས་བསམ་གཏན་ལ་སྙོམས་པར་འཇུག་པ་ན། བསམ་གཏན་གྱི་མི་མཐུན་པའི་ཕྱོགས་ཀྱི་ཉོན་མོངས་པའི་ཚིག་གི་རྟོག་པ་དང༌། དགའ་བ་དང༌། བདེ་བ་དང༌། གཟུགས་ཀྱི་འདུ་ཤེས་ལ་སོགས་པའི་ཉེ་བའི་ཉོན་མོངས་པ་རྣམས་ཀྱང་སྤོང་ངོ༌། །དེའི་བསམ་གཏན་དེ་བྱང་ཆུབ་ཀྱི་ཚོགས་སུ་འགྱུར་བའི་རྟེན་དུ་འགྱུར་བ་ཡང་ཡིན་ལ་དོན་མཐུན་པས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །ཚེ་འདི་ཉིད་ལ་བདེ་བར་གནས་པས་བདག་ལ་ཕན་འདོགས་སོ། །ཞི་ཞིང་རབ་ཏུ་ཞི་ལ་སེམས་འདོད་ཆགས་དང་བྲལ་བས་སེམས་ཅན་རྣམས་ཀྱི་ནང་ན་གནོད་པ་མེད་ཅིང་རྣམ་པར་མི་འཁྲུགས་པས་གཞན་ལ་ཕན་འདོགས་སོ། །བསམ་གཏན་གྱི་འབྲས་བུ་ཕྱི་མ་ལ་ཡེ་ཤེས་རྣམ་པར་དག་པ་དང༌། མངོན་པར་ཤེས་པ་མངོན་པར་སྒྲུབ་པ་དང༌། རྣམ་པར་དག་པའི་ལྷར་སྐྱེ་བར་འགྱུར་ཏེ། དེ་ལྟར་ན་རྣམ་པ་བཞི་པོ་འདི་དག་ནི་བསམ་གཏན་གྱི་མཐུ་ཡིན་ཏེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་ཤེས་རབ་དང་ལྡན་པ་ནི་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་མ་རིག་པ་ཡང་སྤོང་ངོ༌། །དེའི་ཤེས་རབ་དེ་བྱང་ཆུབ་ཀྱི་ཚོགས་སུ་གྱུར་པ་


DTG129_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡིན་ལ་སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་མཐུན་པ་དང༌། དོན་སྤྱོད་པས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །ཤེས་བྱའི་དངོས་པོ་དོན་ཇི་ལྟ་བ་བཞིན་དུ། སོ་སོར་རྟོགས་པ་དང་ལྡན་པའི་དགའ་བ་དང༌། མཆོག་ཏུ་དགའ་བ་རྒྱ་ཆེན་པོས་བདག་ཉིད་ལ་ཕན་འདོགས་སོ། །ཐམས་ཅད་དུ་རིགས་པར་ལུང་འབོགས་པས་ཚེ་འདི་དང་ཚེ་ཕྱི་མ་ལ་ཕན་པ་དང༌། བདེ་བས་སེམས་ཅན་རྣམས་ལ་ཡང་ཕན་འདོགས་སོ། །ཕྱི་མ་ལ་ཡང་དེས་དགེ་བའི་རྩ་བ་ཐམས་ཅད་ཀྱང་ཡང་དག་པར་སྡུད་པར་བྱེད་ཅིང༌། སྒྲིབ་པ་རྣམ་པ་གཉིས་དང་བྲལ་བ། ཉོན་མོངས་པའི་སྒྲིབ་པ་དང་བྲལ་བ་དང༌། ཤེས་བྱའི་སྒྲིབ་པ་དང་བྲལ་བ་མངོན་སུམ་དུ་བྱེད་པར་འགྱུར་ཏེ། རྣམ་པ་བཞི་པོ་འདི་དག་ནི་ཤེས་རབ་ཀྱི་མཐུ་ཡིན་ཏེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དེ། འདི་ནི་ཆོས་ཀྱི་མཐུ་ཞེས་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་མཐུ་གང་ཞེ་ན། རང་བཞིན་གྱིས་ཚེ་རབས་དགོངས་པ་དང༌། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་སོ་སོར་བརྟགས་ནས་སྡུག་བསྔལ་ཡུན་རིང་བ་རྣམ་པ་སྣ་ཚོགས་མི་བཟད་པ་རྒྱུན་མི་འཆད་པས་མི་མཇེད་པ་དང༌། སེམས་ཅན་རྣམས་ཀྱི་དོན་ཁོ་ནའི་ཕྱིར་སེམས་ཅན་གྱི་དོན་སྒྲུབ་པའི་སྡུག་བསྔལ་བས་དགའ་བ་དང༌། དགའ་ལྡན་དུ་སྐྱེས་ནས་ཚེའི་ཚད་ཇི་སྲིད་པར་དགའ་ལྡན་ན་གནས་པ་དང༌། དགའ་ལྡན་དུ་སྐྱེས་པའི་ལྷའི་བུ་གཞན་རྣམས་གནས་གསུམ་པོ་ལྷའི་ཚེ་དང༌། ལྷའི་མདོག་དང༌། ལྷའི་གྲགས་པས་ཟིལ་གྱིས་གནོན་པ་དང༌། ཡུམ་གྱི་ལྷུམས་སུ་གཤེགས་པ་ན་སྣང་བ་ཆེན་པོས་འཇིག་རྟེན་གྱི་ཁམས་ཁྱབ་པར་མཛད་པ་དང༌། ཡང་དག་པར་མཁྱེན་བཞིན་དུ་ཡུམ་གྱི་ལྷུམས་སུ་གཤེགས་པ་དང༌། གནས་པ་དང༌། བལྟམ་ཁ་དང༌། བསྟམས་པ་དང༌། བལྟམས་མ་ཐག་ཏུ་ཡང་སུས་ཀྱང་མ་བརྟེན་པར་ས་ལ་གོམ་པ་བདུན་འདོར་ཞིང་ཚིག་ཀྱང་གསུང་བ་དང༌། བལྟམས་པ་ན་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང་ཆེ་བ་དག་གིས་ལྷའི་མེ་ཏོག་ཕྲེང་དང༌། རོལ་མོའི་སྒྲ་དང༌། འདུག་པ་དང༌། ན་བཟའ་འབུལ་བ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་ལ་སོགས་


DTG129_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

པ་དམ་པ་རབ་མཆོག་དག་གིས་མཆོད་པའི་ལས་བྱེད་པ་དང༌། སྐྱེས་བུ་ཆེན་པོའི་མཚན་བླ་ན་མེད་པ་སུམ་ཅུ་རྩ་གཉིས་ཀྱིས་སྐུ་ལ་མཚན་ལེགས་པར་བརྒྱན་པ་དང༌། སྲིད་པ་ཐ་མ་སྐུ་ཚེ་ཐ་མ་ལ་ཕྱིར་རྒོལ་བ་དང༌། བདུད་ཀྱི་སྡེ་ཐམས་ཅད་དང༌། གནོད་པ་ཐམས་ཅད་ཀྱིས་མི་བརྫི་བ་དང༌། བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་ནས། བདུད་ཀྱི་དཔུང་ཐམས་ཅད་བྱམས་པས་ཕམ་པར་མཛད་པ་དང༌། སྐུའི་ཚིགས་ཐམས་ཅད་ཀྱི་ཚིགས་རེ་རེ་ལ་ཡང་སྲེད་མེད་ཀྱི་བུའི་སྟོབས་མངའ་བ་དང༌། སྐུ་ནས་གཞོན་ཏེ་བདག་ཉིད་ཀྱིས་མཁས་པ་ལ་བྱང་བར་སྦྱངས་པ་མ་མཛད་བཞིན་དུ་འཇིག་རྟེན་གྱི་བཟོ་དང༌། ལས་ཀྱི་གནས་ཐམས་ཅད་མྱུར་བ་མྱུར་བར་ཐུགས་སུ་ཆུད་པ་དང༌། གཅིག་བུ་སློབ་དཔོན་མེད་པར་བདག་ཉིད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོར་བྱང་ཆུབ་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། མི་མཇེད་ཀྱི་བདག་པོ་ཚངས་པ་ཡང་རང་འོངས་ན། འཇིག་རྟེན་དུ་དམ་པའི་ཆོས་བཤད་པར་བསྐུལ་བ་དང༌། འབྲུག་སྒྲ་ཆེན་པོ་ཡང་མི་གསན་ཅིང་མི་བཞེངས་པས་སྙོམས་པར་འཇུག་པ་ཞི་བ་དང༌། བྱང་ཆུབ་སེམས་དཔའ་ལ་རི་དྭགས་དང༌། བྱ་དང༌། ཐ་ན་རི་དྭགས་ཕྲ་མོ་རྣམས་ཀྱང་མཆོག་ཏུ་ཡིད་རྟོན་ཏེ། རྟག་ཏུ་འོང་ཞིང་དེའི་དྲུང་དུ་ཅི་དགའ་བར་འཁོད་པ་དང༌། དེ་བཞིན་གཤེགས་པ་ལ་ནི་ཐ་ན་དུད་འགྲོ་རྣམས་ཀྱང་མཆོད་པ་བྱེད་དེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་སྤྲེའུས་སྦྲང་རྩི་མ་བསྐོལ་བ་ཕུལ་ཏེ། བཅོམ་ལྡན་འདས་ཀྱིས་དེ་བཞེས་ནས། སྤྲེའུ་དེ་ཡིད་དགའ་བར་གྱུར་ཏེ། གར་བྱེད་ཅིང་ཕྱིར་ནུར་དུ་སོང་བ་ལྟ་བུ་དང༌། སྤྲིན་ཡང་དེ་བཞིན་གཤེགས་པ་ཁྲུས་མཛད་ཀྱིས་འདི་ལ་ཁྲུས་གསོལ་ལོ་སྙམ་སྟེ། བཅོམ་ལྡན་འདས་འབའ་ཞིག་གི་ཕྱིར་སྡོད་པ་དང༌། བྱང་ཆུབ་སེམས་དཔའམ། དེ་བཞིན་གཤེགས་པ་ཤིང་དྲུང་ན་བཞུགས་ན། ཤིང་ཐམས་ཅད་ཀྱི་གྲིབ་མ་ཤར་ཕྱོགས་སུ་སོང་ཡང་ཤིང་དེའི་གྲིབ་མ་སྐུ་ལས་མི་ཡོལ་བ་དང༌། བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་དེ་བཞིན་གཤེགས་པ་ལ་བདུད་ཀྱིས་གླགས་བཙལ་ཀྱང་ལོ་དྲུག་གི་བར་དུ་གླགས་མ་རྙེད་པ་དང༌། རྟག་ཏུ་དྲན་པ་དང་ལྡན་པས་རྟག་པར་རྒྱུན་དུ་ཉེ་བར་གནས་པ་དང༌། དྲན་པ་དང་ལྡན་པས་ཚོར་བ་རྣམས་དང༌། འདུ་ཤེས་རྣམས་དང༌། རྟོགས་པ་རྣམས་སོ་སོར་ཡང་དག་པར་


DTG129_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་བཞིན་དུ་འབྱུང་བ་དང༌། གནས་པ་དང༌། འགག་པར་འགྱུར་བ་དང༌། དེ་བཞིན་དུ་སངས་རྒྱས་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་མཐུ་ནི་མཐོང་བ་དང༌། འཕགས་པའི་སྤྱོད་པ་དང༌། གནས་པས་བསྡུས་པས་ཀྱང་ཕན་འདོགས་པར་མཛད་དེ། དེ་ལ་མཐོང་བས་ཕན་འདོགས་པར་མཛད་པ་ནི་འདི་ལྟ་སྟེ། མྱོས་པ་དང༌། སེམས་འཁྲུགས་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་མཐོང་ན་རང་གི་སེམས་ཐོབ་པར་འགྱུར་བ་དང༌། བུད་མེད་མངལ་མི་མཐུན་པར་གནས་པ་རྣམས་མངལ་མཐུན་པར་གནས་པར་འགྱུར་བ་དང༌། ལོང་བ་རྣམས་མིག་ཐོབ་པར་འགྱུར་བ་དང༌། འོན་པ་རྣམས་རྣ་བས་ཐོས་པར་འགྱུར་བ་དང༌། ཆགས་པ་རྣམས་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དང་བྲལ་བར་འགྱུར་བ་དང༌། ཞེ་སྡང་བ་རྣམས་ཞེ་སྡང་གི་ཀུན་ནས་དཀྲིས་པ་དང་བྲལ་བར་འགྱུར་བ་དང༌། རྨོངས་པ་རྣམས་གཏི་མུག་གི་ཀུན་ནས་དཀྲིས་པ་དང་བྲལ་བར་འགྱུར་བ་དང༌། དེ་ལྟ་བུ་དང་མཐུན་པ་རྣམས་ནི་མཐོང་བས་ཕན་འདོགས་པར་མཛད་པའི་ལྷན་ཅིག་སྐྱེས་པའི་མཐུ་ཡིན་པར་རིག་པར་བྱའོ། །དེ་ལ་འཕགས་པའི་སྤྱོད་པ་དང༌། གནས་པས་བསྡུས་པ་ལྷན་ཅིག་སྐྱེས་པའི་མཐུ་ནི་འདི་ལྟ་སྟེ། གློ་གཡས་ཕྱོགས་ཀྱིས་སེང་གེའི་ཉལ་སྟབས་ཀྱིས་གཟིམས་ཏེ། དེའི་རྩྭ་དང་ལོ་མ་བཏིང་བ་དེ་ཡང་ཕྱོགས་གཅིག་ཏུ་འདུག་པ་ཡིན་ཏེ། དེ་བཞིན་གཤེགས་པ་དག་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཟིམས་མལ་མི་འཁྲུགས་པ་དང༌། དེའི་ཆོས་གོས་ལུས་ལས་རླུང་གིས་མི་བསྐྱོད་པ་དང༌། སེང་གེའི་སྟབས་སུ་གཤེགས་པ་དང༌། ཁྱུ་མཆོག་གི་སྟབས་སུ་གཤེགས་པ་དང༌། ཐོག་མར་ཞབས་གཡས་པ་འདེགས་ལ། དེའི་འོག་ཏུ་ཞབས་གཡོན་པ་དེའི་ཕྱི་བཞིན་གཏོང་བ་དང༌། དེ་གཤེགས་པ་ནས་ཕྱོགས་མཐོན་པོ་ནི་དམའ་བར་འགྱུར་ལ། དམའ་བ་ནི་མཐོན་པོར་འགྱུར་ཏེ། ལག་མཐིལ་ལྟར་མཉམ་པར་གྱུར་པ་དང༌། རྡོ་དང༌། གསེག་མ་དང༌། གྱོ་མོ་མེད་པ་དང། དབེན་པ་ལ་གཞོལ་བའི་སེམས་ཀྱིས་གྲོང་དུ་འགྲོ་བ་དང༌། གཤེགས་པའི་ཚེ་ཡང་སྒོ་དམའ་བ་རྣམས་མཐོན་པོར་འགྱུར་བ་དང༌། ཞལ་ཟས་གསོལ་བ་ན་འབྲས་ཆན་འབྲུམ་བུ་གཅིག་ཀྱང་ལེགས་པར་མ་བཅས་པར་མི་གསོལ་བ་དང༌། ཞལ་ཁམ་ཕྱི་མ་གསོལ་བ་ཙམ་ན་ལྷག་མ་མི་ལུས་པ་


DTG129_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

དང། དེ་ལྟ་བུ་དང་མཐུན་པ་རྣམས་ནི་འཕགས་པའི་སྤྱོད་པ་དང་གནས་པས་བསྡུས་པའི་མཐུ་ཡིན་པར་རིག་པར་བྱའོ། །ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་ཡང་ས་ཆེན་པོ་གཡོ་བ་དང༌། སྐར་མདའ་ལྟུང་བ་དང༌། ཕྱོགས་མེ་འབར་བ་ལྟ་བུ་དང༌། བར་སྣང་ལས་ལྷའི་རྔ་སྒྲ་དག་སྒྲོགས་ཏེ། དེ་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་མཐུ་ཁོ་ན་ཡིན་གྱི། མངོན་པར་ཤེས་པས་མངོན་པར་འདུ་བྱས་པ་ནི་མ་ཡིན་ཏེ། དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་མཐུ་ཞེས་བྱའོ། །དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་ཉན་ཐོས་དང༌། རང་སངས་རྒྱས་རྣམས་དང༌། ཐུན་མོང་མ་ཡིན་པ་ནི་གང༌། ཐུན་མོང་བ་ནི་གང་ཞེ་ན། ཐུན་མོང་མ་ཡིན་པ་ནི་མདོར་བསྡུ་ན་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཆ་ཕྲ་བ་དང༌། རྣམ་པ་དང༌། ཁམས་སོ། །འདི་ལ་དེ་བཞིན་གཤེགས་པའམ་བྱང་ཆུབ་སེམས་དཔའ་ནི་མཐུའི་ཐབས་དཔག་ཏུ་མེད། གྲངས་མེད་པས་ཇི་ལྟར་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་རྣམས་ཀྱི་དོན་མཛད་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། དེ་ལྟ་བུ་ནི་ཆ་ཕྲ་བའོ། །མངོན་པར་ཤེས་པའི་མཐུ་དང༌། ཆོས་ཀྱི་མཐུ་དང༌། ལྷན་ཅིག་སྐྱེས་པའི་མཐུ་རྣམ་པ་ཐམས་ཅད་དང་ལྡན་པ་ཡིན་ཏེ། དེ་ལྟ་བུ་ནི་རྣམ་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་དེའི་མཐུའི་ཡུལ་ཡིན་ཏེ། དེ་ལྟ་བུ་ནི་ཁམས་སོ། །ཉན་ཐོས་ཀྱི་མངོན་པར་ཤེས་པའི་ཡུལ་ནི་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་སེམས་ཅན་གྱི་ཁམས་དང་བཅས་པ་ཡིན་ནོ། །རང་སངས་རྒྱས་ཀྱི་མངོན་པར་ཤེས་པའི་ཡུལ་ནི་སྟོང་གསུམ་པ་ཐམས་ཅད་ཁོ་ནའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་བདག་གཅིག་པུ་འདུལ་བའི་ཕྱིར་ཞུགས་པ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་ཕྱིར་མ་ཡིན་ཏེ། དེ་བས་ན་དེ་དག་གི་མཐུའི་ཡུལ་ནི་འཇིག་རྟེན་གྱི་ཁམས་གཅིག་པུར་ཟད་དོ། །རྣམ་པ་འདི་དག་ལ་མ་གཏོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་དེ་ལས་གཞན་པ་ནི་ཉན་ཐོས་དང༌། རང་སངས་རྒྱས་རྣམས་དང་ཐུན་མོང་མ་ཡིན་པར་རིག་པར་བྱའོ། །དེའི་ཕྱིར་དེ་ལྟར་ཉན་ཐོས་དང༌།


DTG129_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

རང་སངས་རྒྱས་རྣམས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང༌། མངོན་པར་ཤེས་པ་མཉམ་པ་མ་ཡིན་ན། ལྷ་དང་མི་དང༌། མུ་སྟེགས་ཅན་སོ་སོའི་སྐྱེ་བོ་ཐམས་ཅད་དང་ལྟ་མཚུངས་རེ་སྐན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་དང༌། ཀུན་བརྗོད་པ་དང༌། རྗེས་སུ་བསྟན་པར་གཏོགས་པའི་ཆོ་འཕྲུལ་གྱི་མཐུ་གང་ཡིན་པ་དེ་ཡང་མངོན་པར་ཤེས་པའི་མཐུ་རྫུ་འཕྲུལ་གྱི་ཡུལ་དང༌། སེམས་ཀྱི་རྣམ་གྲངས་དང༌། ཟག་པ་ཟད་པ་ཤེས་པའི་མངོན་པར་ཤེས་པའི་མཐུ་རྣམས་སུ་ཅི་རིགས་པར་འདུས་པ་ཁོ་ནར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་མཐུའི་ལེའུ་སྟེ་ལྔ་པའོ།། །།བམ་པོ་ལྔ་པ། དེ་ལ་ཡོངས་སུ་སྨིན་པ་གང་ཞེ་ན། ཡོངས་སུ་སྨིན་པ་ནི་མདོར་བསྡུ་ན་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། ངོ་བོ་ཉིད་དང་ཡོངས་སུ་སྨིན་པར་བྱ་བའི་གང་ཟག་དང༌། ཡོངས་སུ་སྨིན་པའི་རྣམ་པའི་དབྱེ་བ་དང༌། ཡོངས་སུ་སྨིན་པར་བྱ་བའི་ཐབས་དང༌། ཡོངས་སུ་སྨིན་པར་བྱེད་པའི་གང་ཟག་དང༌། ཡོངས་སུ་སྨིན་པའི་གང་ཟག་གི་མཚན་ཉིད་དོ། །དེ་ལ་ཡོངས་སུ་སྨིན་པའི་ངོ་བོ་ཉིད་ནི་འདི་ཡིན་ཏེ། དགེ་བའི་ཆོས་ཀྱི་ས་བོན་ཡོད་ན། དགེ་བའི་ཆོས་རྣམས་ལ་ཀུན་ཏུ་བསྟེན་པའི་རྒྱུས་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་སྤང་བ་རྣམ་པར་དག་པ་དང་མཐུན་པའི་ལུས་དང་སེམས་ལས་སུ་རུང་བ་དང༌། ཉམས་བདེ་བ་ཡང་དག་པའི་སྦྱོར་བ་མཐར་ཕྱིན་པ་དེ་ལ་གནས་ན་སྟོན་པ་དང་ཕྲད་ཀྱང་རུང༌། སྟོན་པ་དང་མ་ཕྲད་ཀྱང་རུང་སྟེ། དེའི་མོད་ལ་ཉོན་མོངས་པའི་སྒྲིབ་པ་སྤང་བའམ། ཤེས་བྱའི་སྒྲིབ་པ་སྤང་བ་མངོན་སུམ་དུ་བྱ་བའི་སྐལ་པ་དང་ལྡན་ཞིང་མཐུ་ཡོད་པར་འགྱུར་རོ། །འདི་ལྟ་སྟེ། རྨ་ནི་གང་གི་ཚེ་བརྟོལ་ལ་རག་པར་མཐར་ཐུག་པར་གྱུར་པ་ན། དེའི་མོད་ལ་བརྟོལ་བའི་འོས་ཡིན་ཏེ། དེ་ནི་ཡོངས་སུ་སྨིན་པ་ཞེས་བྱའོ། །བུམ་པ་དང༌། རྫེའུ་དང༌། ཁམ་ཕོར་ལ་སོགས་པ་ཁམ་པའི་སྣོད་ནི་གང་གི་ཚེ་སྤྱད་ལ་རག་པར་སྦྱོར་བ་མཐར་ཐུག་པར་གྱུར་པ་ན་དེའི་མོད་ལ་ཡོངས་སུ་སྤྱད་པའི་འོས་ཡིན་ཏེ། དེའི་ཚེ་ཚོས་པ་ཞེས་བྱའོ། །ཤིང་ཐོག་ཨ་མྲའམ། པ་ན་ས་ལ་སོགས་པ་ནི་གང་གི་ཚེ་ཡོངས་སུ་ལོངས་སྤྱོད་ལ་རག་པར་མཐར་ཐུག་པར་གྱུར་པ་ན། དེའི་མོད་ལ་ཡོངས་སུ་ལོངས་སྤྱོད་པར་


DTG129_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

འོས་པ་ཡིན་ཏེ། དེའི་ཚེ་ཡོངས་སུ་སྨིན་པ་ཞེས་བྱའོ། །དེ་བཞིན་དུ་དགེ་བའི་ཆོས་རྣམས་ལ་ཀུན་ཏུ་བསྟེན་པའི་རྒྱུས་ཡང་དག་པའི་སྦྱོར་བ་གང་ཡིན་པའི་མཐར་ཐུག་པ་ན། དེའི་མོད་ལ་རྣམ་པར་དག་པར་འགྱུར་ཏེ། དེ་ནི་ཡོངས་སུ་སྨིན་པའི་ངོ་བོ་ཉིད་ཡིན་ནོ། །དེ་ལ་ཡོངས་སུ་སྨིན་པར་བྱ་བའི་གང་ཟག་རྣམས་ནི་སྒྲུབ་པ་དང་འབྲས་བུའི་དབྱེ་བས་མདོར་བསྡུ་ན་རྣམ་པ་བཞི་སྟེ། བྱང་ཆུབ་སེམས་དཔའ་རྣམས་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཉན་ཐོས་ཀྱི་རིགས་ནི་ཉན་ཐོས་ཀྱི་ཐེག་པ་ལ། རང་སངས་རྒྱས་ཀྱི་རིགས་ནི་རང་སངས་རྒྱས་ཀྱི་ཐེག་པ་ལ། སངས་རྒྱས་ཀྱི་རིགས་ནི་ཐེག་པ་ཆེན་པོ་ལ་ཡོངས་སུ་སྨིན་པར་མཛད་པ་དང༌། གང་ཟག་རིགས་མེད་པ་ཡང་བདེ་འགྲོར་འགྲོ་བར་བྱ་བའི་ཕྱིར་ཡོངས་སུ་སྨིན་པར་མཛད་པ་ཡིན་ཏེ། གང་ཟག་རྣམ་པ་བཞི་པོ་དེ་དག་ནི་གཞི་རྣམ་པ་བཞི་པོ་འདི་དག་ཏུ་ཡོངས་སུ་སྨིན་པར་བྱ་བ་ཡིན་ནོ། །དེ་ལྟར་ན་ཡོངས་སུ་སྨིན་པར་བྱ་བའི་གང་ཟག་ལས་ཡོངས་སུ་སྨིན་པར་རིག་པར་བྱའོ། །དེ་ལ་ཡོངས་སུ་སྨིན་པའི་རྣམ་པའི་དབྱེ་བ་གང་ཞེ་ན། མདོར་བསྡུ་ན་རྣམ་པ་དྲུག་སྟེ། དབང་པོ་ཡོངས་སུ་སྨིན་པ་དང༌། དགེ་བའི་རྩ་བ་ཡོངས་སུ་སྨིན་པ་དང༌། ཤེས་པ་ཡོངས་སུ་སྨིན་པ་དང། ཡོངས་སུ་སྨིན་པ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོའོ། །དེ་ལ་དབང་པོ་ཡོངས་སུ་སྨིན་པ་ནི་ཚེ་དང་མདོག་དང༌། རིགས་དང༌། དབང་ཕྱུག་ཕུན་སུམ་ཚོགས་པ་དང༌། ཚིག་བཙུན་པ་དང༌། དབང་ཆེ་བར་གྲགས་པ་དང༌། སྐྱེས་པ་ཉིད་དང༌། སྤྲོ་བ་ཆེན་པོ་གང་ཡིན་པ་སྟེ། རྣམ་པར་སྨིན་པའི་འབྲས་བུ་ཕུན་སུམ་ཚོགས་པའི་ལུས་དེ་ལ་བརྟེན་ནས་བརྟུལ་བ་དང༌། རྗེས་སུ་སྦྱོར་བའི་སྐལ་བ་ཅན་དུ་འགྱུར་ཏེ། རིག་པའི་གནས་ཐམས་ཅད་ལ་ཡང་དག་པར་བསྒྲུབ་པར་བརྩོན་པར་བྱ་བ་རྣམས་ལ་ཡིད་ཡོངས་སུ་སྐྱོ་བར་མི་འགྱུར་བ་ཡང་ཡིན་ནོ། །དགེ་བའི་རྩ་བ་ཡོངས་སུ་སྨིན་པ་གང་ཞེ་ན། རང་བཞིན་གྱིས་ཉོན་མོངས་པ་ཆུང་བ་དེ་ལ་གནས་ན་དེ་རང་བཞིན་གྱིས་སྡིག་པ་མི་དགེ་བའི་ཆོས་རྣམས་ལ་སེམས་མི་འཇུག་ཅིང༌། སྒྲིབ་པ་ཆུང་བ་དང༌། རྟོག་པ་ཉུང་བ་དང༌། དྲང་ཞིང་མཐུན་པར་འཛིན་པ་ཡིན་ནོ། །ཤེས་པ་ཡོངས་སུ་སྨིན་པ་གང་ཞེ་ན། དྲན་པ་དང་ལྡན་པ་དང༌།


DTG129_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་གཞུངས་པ་དང༌། ལེགས་པར་གསུངས་པ་དང༌། ཉེས་པར་བཤད་པའི་ཆོས་རྣམས་ཀྱི་དོན་ཀུན་ཏུ་ཤེས་པར་བྱ་བ་དང༌། བླང་བར་བྱ་བ་དང༌། གཟུང་བར་བྱ་བ་དང༌། རབ་ཏུ་རྟོགས་པར་བྱ་བར་ནུས་པ་ལྷན་ཅིག་སྐྱེས་པའི་ཤེས་རབ་དང་ལྡན་པ་ཡིན་ཏེ། ཤེས་རབ་དེ་ལ་བརྟེན་ན་ཐམས་ཅད་ནས་ཉོན་མོངས་པ་ཐམས་ཅད་ལས་སེམས་གཏན་དུ་རྣམ་པར་གྲོལ་བར་བྱེད་པའི་སྐལ་བ་དང་ལྡན་ཞིང་ནུས་པ་ཡིན་ནོ། །དེ་ལ་དབང་པོ་ཡོངས་སུ་སྨིན་པས་ནི་རྣམ་པར་སྨིན་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་རོ། །དགེ་བའི་རྩ་བ་ཡོངས་སུ་སྨིན་པས་ནི་ལས་ཀྱི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་རོ། །ཤེས་པ་ཡོངས་སུ་སྨིན་པས་ནི་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་རོ། །ཡོངས་སུ་སྨིན་པ་ཆུང་ངུ་གང་ཞེ་ན། རྒྱུ་རྣམ་པ་གཉིས་ཀྱིས་ཡོངས་སུ་སྨིན་པ་ཆུང་ངུར་འགྱུར་ཏེ། དབང་པོ་དང༌། དགེ་བའི་རྩ་བ་དང༌། ཤེས་པ་ཡོངས་སུ་སྨིན་པའི་རྒྱུ་ལ་ཡུན་རིང་པོ་ནས་མ་གོམས་པ་དང༌། རྒྱུ་ཡོངས་སུ་མ་བརྟས་པ་དང༌། ཆུང་ངུ་ལ་གོམས་པའོ། །ཡོངས་སུ་སྨིན་པ་འབྲིང་ནི་རྒྱུ་དེ་གཉིས་ལས་གང་ཡང་རུང་བ་ཞིག་མེད་ལ། གང་ཡང་རུང་བ་ཞིག་ཡོད་པ་ཡིན་པར་རིག་པར་བྱའོ། །ཡོངས་སུ་སྨིན་པ་ཆེན་པོ་ནི་རྒྱུ་དེ་གཉིས་ཀ་ཡོད་པ་ཡིན་པར་རིག་པར་བྱའོ། །དེ་ལ་ཡོངས་སུ་སྨིན་པར་བྱ་བའི་ཐབས་གང་ཞེ་ན། རྣམ་པ་ཉི་ཤུ་རྩ་བདུན་དུ་རིག་པར་བྱ་སྟེ། ཁམས་བརྟས་པ་དང༌། ད་ལྟར་གྱི་རྐྱེན་ཉེ་བར་སྒྲུབ་པ་དང༌། འཇུག་པ་དང༌། དགའ་བར་འཛིན་པ་དང༌། དང་པོ་འཇུག་པ་དང༌། དང་པོ་འཇུག་པ་མ་ཡིན་པ་དང༌། རྣམ་པར་དག་པ་ཐག་རིང་བ་དང༌། རྣམ་པར་དག་པ་ཐག་ཉེ་བ་དང༌། སྦྱོར་བ་དང༌། བསམ་པ་དང༌། ཟང་ཟིང་ཉེ་བར་སྒྲུབ་པ་དང༌། ཆོས་ཉེ་བར་སྒྲུབ་པ་དང༌། རྫུ་འཕྲུལ་གྱིས་འདུན་པར་བྱེད་པ་དང༌། ཆོས་སྟོན་པ་དང༌། གསང་སྟེ་ཆོས་བརྗོད་པ་དང༌། རྣམ་པར་ཕྱེ་སྟེ་ཆོས་བརྗོད་པ་དང༌། སྦྱོར་བ་ཆུང་ངུ་དང༌། སྦྱོར་བ་འབྲིང་དང༌། སྦྱོར་བ་ཆེན་པོ་དང༌། ཐོས་པ་དང༌། སེམས་པ་དང༌། བསྒོམ་པ་དང༌། སྡུད་པ་དང༌། ཚར་གཅོད་པ་དང་བདག་ཉིད་ཀྱིས་བྱེད་པ་དང༌། གཞན་ལ་བཅོལ་བ་དང༌། དེ་གཉི་གའོ། །དེ་ལ་ཁམས་བརྟས་པ་གང་ཞེ་ན། རང་བཞིན་གྱིས་དགེ་བའི་ཆོས་ཀྱི་ས་བོན་ཕུན་སུམ་ཚོགས་པ་ལ་


DTG129_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས། སྔོན་དགེ་བའི་ཆོས་ལ་གོམས་པ་ལས་དགེ་བའི་ཆོས་ཀྱི་ས་བོན་རྣམས་ཕྱིར་ཞིང་ཕྱིར་ཞིང་རབ་ཏུ་བརྟས་ལ། ཕུལ་དུ་བརྟས་པ་སྐྱེ་ཞིང་གནས་པ་འདི་ནི་ཁམས་བརྟས་པ་ཞེས་བྱའོ། །དེ་ལ་ད་ལྟར་གྱི་རྐྱེན་ཉེ་བར་བསྒྲུབ་པ་གང་ཞེ་ན། ཚེ་འདི་ཉིད་ལ་ཕྱིན་ཅི་མ་ལོག་པའི་ཆོས་སྟོན་ལ། དེ་ལ་ཡང་ཕྱིན་ཅི་མ་ལོག་པར་འཛིན་པ་དང༌། ཇི་ལྟ་བ་བཞིན་དུ་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པའོ། །དེ་ལ་ཁམས་བརྟས་པ་ནི་སྔོན་གྱི་རྒྱུས་ད་ལྟར་གྱི་ཡོངས་སུ་སྨིན་པ་འགྲུབ་པ་ཡིན་ནོ། །ད་ལྟར་གྱི་རྐྱེན་ཉེ་བར་སྒྲུབ་པ་ནི་རྒྱུ་ཡང་ད་ལྟར་གྱི་ཉིད་ཡིན་ལ། ཡོངས་སུ་སྨིན་པ་ཡང་ད་ལྟར་གྱི་ཉིད་ཡིན་པར་རིག་པར་བྱའོ། །འཇུག་པ་གང་ཞེ་ན། དད་པ་ཐོབ་པའི་དབང་དུ་བྱས་ནས། ཁྱིམ་ན་གནས་ན་ཉེས་པར་སྤྱོད་པ་ལས་དབེན་པའི་བསླབ་པའི་གཞི་ཡང་དག་པར་ལེན་པ་དང༌། ཁྱིམ་ན་གནས་པ་མ་ཡིན་ཏེ། རབ་ཏུ་བྱུང་ན་འདོད་པ་ལས་དབེན་པའི་བསླབ་པའི་གཞི་ཡང་དག་པར་ལེན་པ་ཡིན་ནོ། །དགའ་བར་འཛིན་པ་གང་ཞེ་ན། སྡུག་བསྔལ་ཐམས་ཅད་ལས་ངེས་པར་འབྱིན་པའི་ལམ་དང༌། འདོད་པའི་བདེ་བ་དང༌། བདག་ཉིད་དུབ་པར་བྱེད་པའི་མཐའ་སྤངས་པ་བདེ་བའི་ལམ་ལ་བརྟེན་ན། ལེགས་པར་གསུངས་པའི་ཆོས་འདུལ་བ་བསྟན་པ་ལ་མངོན་པར་དགའ་བ་གང་ཡིན་པའོ། །དེ་ལ་དང་པོར་འཇུག་པ་གང་ཞེ་ན། ཐོག་མ་ཁོ་ནར་སྐྱོ་བར་བྱ་བའི་ཆོས་རྣམས་ལ་ཡིད་བྱུང་བ་ལ་བརྟེན་ནས། རིགས་པས་དོན་བསྒྲུབ་པའི་ཕན་ཡོན་ཡང་ཁོང་དུ་ཆུད་ནས། འཇུག་པ་གང་ཡིན་པ་དེ་ནི་དང་པོ་འཇུག་པ་ཞེས་བྱའོ། །དང་པོ་འཇུག་པ་མ་ཡིན་པ་གང་ཞེ་ན། གང་ཟག་ཞུགས་ཟིན་པ་ཡོངས་སུ་སྨིན་པར་བྱ་བ་ལ་རག་ལས་པར་གྱུར་པ། བྱང་ཆུབ་སེམས་དཔའ་རྣམས་དང༌། སངས་རྒྱས་རྣམས་ཀྱི་བཏང་སྙོམས་མི་མཛད་པར་གྱུར་པ་ལ་བརྟེན་ཅིང་བཀྲོལ་བའི་གནས་རྣམས་ཡང་དང་ཡང་དུ་གསལ་བར་བྱེད་པ་ལ་ཡང་བརྟེན་ནས། ཕྱིར་ཞིང་ཡོངས་སུ་སྨིན་པར་གྱུར་པ་གང་ཡིན་པའོ། །དེ་ལ་རྣམ་པར་དག་པ་ཐག་རིང་བ་གང་ཞེ་ན། ལེ་ལོའམ་རྐྱེན་དང་མི་ལྡན་པ་ལ་བརྟེན་ནས་དུས་ཡུན་རིང་པོ་འགྱངས་པ་ཚེ་རབས་བརྗེས་པའམ། བསྐལ་པ་བརྗེས་


DTG129_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

པ་མང་པོ་ཞིག་གི་རྣམ་པར་དག་པ་འགྱུར་བའི་སྐལ་པ་ཅན་དུ་འགྱུར་བ་གང་ཡིན་པའོ། །དེ་ལས་བཟློག་པ་ནི་རྣམ་པར་དག་པ་ཐག་ཉེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་སྦྱོར་བ་གང་ཞེ་ན། རང་གི་དོན་ཐོབ་པར་བྱ་བ་ལ་འདུན་པ་དྲག་པོ་ལ་ཡང་བརྟེན། ཕྱི་མ་ལ་ཡང་ལོག་པར་ལྟུང་བའི་འཇིགས་པ་ལ་བརྟེན་ཏེ། ཚེ་འདི་ཉིད་ལ་གཞན་པ་ལ་མི་སྙན་པར་གྲགས་པའི་འཇིགས་པ་ལ་ཡང་བརྟེན་ནས། བསླབ་པའི་གཞི་དག་ལ་རྟག་ཏུ་བྱེད་པ་དང༌། གུས་པར་བྱེད་པར་བསྲུངས་པ་གང་ཡིན་པའོ། །དེ་ལ་བསམ་པ་གང་ཞེ་ན། ཆོས་འདུལ་བ་འདི་ལས་མི་འཕྲོགས་པར་བྱ་བའི་ཕྱིར། ཆོས་རྣམས་ལ་ཡང་དག་པར་རྟོག་པའི་བཟོད་པ་ལ་ཡང་བརྟེན་ཅིང༌། ཡོན་ཏན་སྲིད་པ་ལ་ཡང་བརྟེན་ནས། གཞན་དག་གི་ཐོབ་པ་ལ་ཡིད་ཆེས་ཞིང༌། དཀོན་མཆོག་གསུམ་དང་བདག་གི་དོན་ཐོབ་པར་བྱ་བ་ལ་དད་པ་མི་གཡོ་བ་གང་ཡིན་པའོ། །ཟང་ཟིང་ཉེ་བར་སྒྲུབ་པ་གང་ཞེ་ན། ཟས་དང༌། སྐོམ་ལ་སོགས་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་རྣམས་ལ། ཟས་དང་སྐོམ་ལ་སོགས་པ་ཉེ་བར་སྒྲུབ་པ་དང༌། མཐུན་པའི་ཟས་དང་སྐོམ་ལ་སོགས་པ་མེད་པ་རྣམས་ལ་ཡང༌། མཐུན་པའི་ཟས་དང་སྐོམ་ལ་སོགས་པ་ཉེ་བར་སྒྲུབ་པ་གང་ཡིན་པའོ། །དེ་ལ་ཆོས་ཉེ་བར་སྒྲུབ་པ་གང་ཞེ་ན། ལུང་འབོགས་པས་སམ། དོན་ཡང་དག་པར་འགྲེལ་པས་ཆོས་རྣམས་སྦྱིན་པར་བྱེད་པ་གང་ཡིན་པའོ། །དེ་ལ་རྫུ་འཕྲུལ་གྱིས་འདུན་པར་བྱེད་པ་གང་ཞེ་ན། རྫུ་འཕྲུལ་དང་ལྡན་པས་སེམས་ཅན་འདི་དག་ནི་རྫུ་འཕྲུལ་མཐོང་ངམ། ཐོས་ན་བསྟན་པ་ལ་བསམ་པ་དག་པ་ཐོབ་པར་འགྱུར་ཞིང༌། ཡང་དག་པར་སྦྱོར་བར་འགྱུར་རོ་སྙམ་སྟེ། སེམས་ཅན་རྣམས་ཀྱི་བསམ་པ་དག་པའམ། སྦྱོར་བ་དག་པའི་དབང་དུ་བྱས་ནས། སེམས་ཅན་རྣམས་ལ་སྙིང་བརྩེ་བས་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པར་སྟོན་ཏེ། དེ་དག་ཀྱང་ཆོ་འཕྲུལ་དེས་འདུན་པར་བྱས་པའི་ཡིད་ཀྱིས་བསམ་པ་དག་པ་ཐོབ་པའམ། ཡང་དག་པར་སྦྱོར་བར་འགྱུར་བ་གང་ཡིན་པའོ། །དེ་ལ་ཆོས་སྟོན་པ་གང་ཞེ་ན། བདག་ཉིད་ཀྱིས་རང་གི་དོན་འཐོབ་པར་མི་ནུས་པ་ལ་ཡང་དག་པར་སྒྲུབ་པའི་གྲོགས་སུ་གྱུར་པའི་དམ་པའི་ཆོས་སྟོན་པ་དང༌། རུས་པ་


DTG129_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་མྱུར་དུ་མངོན་པར་ཤེས་པར་འགྱུར་བ་དང༌། མཐུན་པའི་དམ་པའི་ཆོས་སྟོན་པའོ། །དེ་ལ་གསང་སྟེ་ཆོས་བརྗོད་པ་གང་ཞེ་ན། སེམས་ཅན་བྱིས་པ་ཤེས་རབ་ཅན་རྣམས་ལ། ཤིན་ཏུ་རྒྱ་ཆེ་ཞིང་ཟབ་པའི་ཆོས་བཅབས་ཏེ། གསལ་ཞིང་འཇུག་པར་སླ་ལ། ཐབས་སླ་བས་འཇུག་པའི་ཆོས་སྟོན་པ་གང་ཡིན་པའོ། །རྣམ་པར་ཕྱེ་སྟེ་ཆོས་བརྗོད་པ་གང་ཞེ་ན། སེམས་ཅན་ཤེས་རབ་རྒྱ་ཆེ་ཞིང་སངས་རྒྱས་ཀྱི་བསྟན་པའི་ཚུལ་ལ་ལེགས་པར་ཞུགས་པ་རྣམས་ལ། ཤིན་ཏུ་རྒྱ་ཆེ་ཞིང་ཟབ་པའི་གནས་རྣམ་པར་འགྲེལ་པ་གང་ཡིན་པའོ། །དེ་ལ་སྦྱོར་བ་ཆུང་ངུ་གང་ཞེ་ན། རྟག་ཏུ་སྦྱོར་བ་མེད་པ་དང༌། གུས་པར་སྦྱོར་བ་མེད་པ་གང་ཡིན་པའོ། །དེ་ལ་སྦྱོར་བ་འབྲིང་གང་ཞེ་ན། རྟག་ཏུ་སྦྱོར་བ་མེད་པ་དང༌། གུས་པར་སྦྱོར་བ་མེད་པའི་སྦྱོར་བ་འདི་གཉིས་ལས་གང་ཡང་རུང་བ་མེད་པ་གང་ཡིན་པའོ། །དེ་ལ་སྦྱོར་བ་ཆེན་པོ་གང་ཞེ་ན། སྦྱོར་བ་དེ་གཉིས་ཀ་དང་ལྡན་པ་སྟེ། རྟག་ཏུ་སྦྱོར་བ་དང་ལྡན་པ་དང༌། གུས་པས་སྦྱོར་བ་དང་ལྡན་པ་གང་ཡིན་པའོ། །དེ་ལ་ཐོབ་པ་གང་ཞེ་ན། སངས་རྒྱས་ཀྱི་གསུང་རབ་ལ་མོས་པས་མདོ་ལ་སོགས་པའི་ཆོས་རྣམས་ལེན་པ་དང༌། འཛིན་པ་དང༌། ཁ་ཏོན་བྱེད་པ་ལ་མངོན་པར་བརྩོན་པ་གང་ཡིན་པའོ། །དེ་ལ་སེམས་པ་གང་ཞེ་ན། རབ་ཏུ་དབེན་པར་ཆོས་ངེས་པར་སེམས་པ་ལ་མངོན་པར་དགའ་བས་དོན་ལ་མངོན་པར་རྟོག་པ་དང༌། ཀུན་ཏུ་དཔྱོད་པ་དང༌། གཏན་ལ་འབེབས་པ་གང་ཡིན་པའོ། །བསྒོམ་པ་གང་ཞེ་ན། ཞི་གནས་དང༌། རབ་ཏུ་འཛིན་པ་དང༌། བཏང་སྙོམས་ཀྱི་རྒྱུ་རྣམས་ཡང་དག་པར་རྟོགས་པ་སྔོན་དུ་བཏང་བས་ཞི་གནས་དང༌། ལྷག་མཐོང་དང༌། བཏང་སྙོམས་ལ་གོམས་པར་བྱེད་པར་དགའ་བའོ། །དེ་ལ་སྡུད་པ་གང་ཞེ་ན། ཡང་དག་པར་ཟང་ཟིང་མེད་པའི་སེམས་ཀྱིས་སློབ་དཔོན་དང༌། མཁན་པོའི་ཚུལ་དུ་རྟེན་སྦྱིན་པར་བྱེད་པ་དང༌། བསྙེན་བཀུར་རྣམ་སྣ་ཚོགས་ཀྱང་བྱེད་དེ། འདི་ལྟ་སྟེ། ནད་པ་ལ་རིམ་གྲོས་བསྙེན་བཀུར་བྱེད་པ་དང༌། ཆོས་དང་མཐུན་པར་གོས་དང༌། ཟས་དང༌། མལ་ཆ་དང༌། སྟན་དང༌། ན་བའི་གསོས་སྨན་གྱིས་བསྙེན་བཀུར་བྱེད་པ་དག །མྱ་ངན་དང་འགྱོད་པ་བསལ་བས་


DTG129_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་བཀུར་བྱེད་པ་དང༌། ཉོན་མོངས་པ་བསལ་བས་བསྙེན་བཀུར་བྱེད་པ་དང༌། དེ་ལྟ་བུ་དང་མཐུན་པ་དག་ནི་བསྙེན་བཀུར་རྣམ་པ་སྣ་ཚོགས་བྱེད་པ་ཡིན་པར་རིག་པར་བྱའོ། །ཚར་གཅོད་པ་གང་ཞེ་ན། བདག་ལ་ཡོད་པའི་ཀུན་ནས་ཉོན་མོངས་པ་རྣམས་ཀུན་ཏུ་བསྲུངས་ནས། ཉེས་པ་ཆུང་ངུ་བྱེད་པ་ལ་ནི་འཁྲུལ་པ་གླེང་བར་བྱེད། ཉེས་པ་འབྲིང་བྱེད་པ་ལ་ནི་སྤྲོ་བར་བྱེད། ཉེས་པ་ཆེན་པོ་བྱེད་པ་ལ་ནི་སྐོད་པར་བྱེད་དེ། དེ་ལ་གླེང་པ་གང་ཡིན་པ་དང༌། སྤྱོ་བ་གང་ཡིན་པ་དེ་ནི་དེ་དག་ཉིད་དང༌། དེ་ལས་གཞན་པ་དག་ལ་ཡང་ཕན་པ་དང༌། བདེ་བའི་དོན་དུ་འགྱུར་བ་ཡིན་ནོ། །སླར་དགུག་པའི་ཕྱིར་བསྐྲད་པ་གང་ཡིན་པ་དེ་ཡང་དེ་དག་ཉིད་དང༌། གཞན་དག་ལ་ཕན་པ་དང་བདེ་བར་འགྱུར་རོ། །སླར་མི་དགུག་པར་བསྐྲད་པ་གང་ཡིན་པ་དེ་ནི་གཞན་དག་ཁོ་ན་ལ་ཕན་པ་དང་བདེ་བར་འགྱུར་བ་ཡིན་ཏེ། འདི་ལྟར་གཞན་དག་གིས་ཉེས་པར་བྱས་པའི་གཞིས་བསྐྲད་པ་དེ། གཞན་དག་ལ་མཐོང་ནས་ཉེས་པ་མི་བྱ་བར་སེམས་པའི་ཕྱིར་རོ། །ཇི་ལྟར་ན་བདག་ཉིད་ཀྱིས་ཡོངས་སུ་སྨིན་པར་བྱེད་ཅེ་ན། མི་དགེ་བའི་གནས་ནས་བསླངས་ཏེ། དགེ་བའི་གནས་སུ་བཞག་པའི་ཕྱིར་མཐུན་པའི་ཆོས་ཀྱང་སྟོན་ཏོ། །ཇི་སྐད་དུ་སྨྲས་པ་དེ་བཞིན་དུ་བྱེད་པ་ཡང་ཡིན་ཏེ། རང་གི་ཚིག་དང་མཐུན་པར་རྗེས་སུ་ཞུགས་པ་ནི་ཆོས་ཀྱི་རང་ཉིད་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་ནས། དེ་དང་མཐུན་པར་འཇུག་པ་སྟེ། ཇི་ནས་གཞན་དག་འདི་སྐད་དུ་ཁྱོད་བདག་ཉིད་ཀྱང་ད་དུང་མི་དགེ་བའི་གནས་ནས་མ་ལངས་ཤིང༌། དགེ་བའི་གནས་ལ་ཡང་གནས་པར་མ་གྱུར་ན། ཅིའི་ཕྱིར་ཁྱོད་ཀྱིས་གཞན་དག་དེ་ལ་ཡང་དག་པར་ལེན་དུ་འཇུག་ཅིང་བསྐུལ་བ་དང༌། དྲན་པར་བྱེད་པར་སེམས། ཁྱོད་བདག་ཉིད་ཀྱང་ད་དུང་གཞན་དག་གིས་བསྐུལ་བ་དང༌། དྲན་པར་བྱ་བ་དང༌། ཡང་དག་པར་ལེན་དུ་གཞུག་དགོས་སོ་ཞེས་ཟེར་བར་མི་འགྱུར་བར་བྱ་བ་ཡིན་ནོ། །ཇི་ལྟར་ན་གཞན་དག་ལ་བཅོལ་བ་ཡིན་ཞེ་ན། སེམས་ཅན་རྣམས་གང་ལ་ཤས་ཆེར་དགའ་ཞིང་གུས་པ་ཡོད་པར་གྱུར་ལ། དེ་ཡང་ཆོས་བསྟན་པའི་ཐབས་ཤེས་ཤིང་ལེགས་པར་བསླབ་པར་གྱུར་པ་དེ་ལ་བཅོལ་ཞིང་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བྱེད་དུ་འཇུག་པ་


DTG129_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །གཉི་གས་བྱ་བ་ནི་དེ་གཉིས་འདུས་པ་སྟེ། བདག་ཀྱང་བྱེད་ཅིང་གཞན་དག་ལ་ཡང་བཅོལ་ནས་ཡོངས་སུ་སྨིན་པར་བྱེད་པ་ཡིན་པར་རིག་པར་བྱ་སྟེ། དེ་ལྟར་ན་ཡོངས་སུ་སྨིན་པར་བྱ་བའི་ཐབས་ཀྱི་ཚུལ་རྣམ་པ་ཉི་ཤུ་རྩ་བདུན་པོ་འདིས་ཡོངས་སུ་སྨིན་པའི་རབ་ཏུ་དབྱེ་བ་རྣམ་པ་དྲུག་པོ་དབང་པོ་ཡོངས་སུ་སྨིན་པ་དང༌། དགེ་བའི་རྩ་བ་ཡོངས་སུ་སྨིན་པ་དང༌། ཤེས་པ་ཡོངས་སུ་སྨིན་པ་དང༌། ཡོངས་སུ་སྨིན་པ་ཆུང་ངུ་དང༌། འབྲིང་དང་ཆེན་པོ་དེ་ཕུན་སུམ་ཚོགས་པ་ཡིན་པར་རིག་པར་བྱའོ། །དེ་ལ་ཡོངས་སུ་སྨིན་པར་བྱེད་པའི་གང་ཟག་རྣམས་གང་ཞེ་ན། མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་ས་དྲུག་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམ་པ་དྲུག་པོ་དག་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། མོས་པས་སྤྱོད་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པ་དང་ལྷག་པའི་བསམ་པ་དག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་དག་པ་དང༌། སྤྱོད་པ་ལ་འཇུག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྤྱོད་པ་ལ་ཞུགས་པ་དང༌། ངེས་པའི་སལ་གནས་པའི་བྱང་ཆུབ་སེམས་དཔའ་ངེས་པར་གྱུར་པ་དང༌། ངེས་པའི་སྤྱོད་པ་དྲུག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ངེས་པའི་སྤྱོད་པའི་ས་ལ་ཞུགས་པ་དང༌། མཐར་ཐུག་པར་འགྱུར་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་མཐར་ཐུག་པར་འགྱུར་པ་ཡིན་ནོ། །དེ་ལ་རིགས་མེད་པར་གནས་པའི་གང་ཟག་རྣམས་ཀྱི་བདེ་འགྲོར་འགྲོ་བའི་ཡོངས་སུ་སྨིན་པ་ནི་ཡང་དང་ཡང་དུ་ཕྱིར་ལྡོག་ཅིང་ཡང་དང་ཡང་དུ་བྱ་དགོས་པ་ཡིན་ནོ། །རིགས་ལ་གནས་པ་རྣམས་ཀྱི་ཡོངས་སུ་སྨིན་པ་ནི་ཕྱིར་མི་ལྡོག་ཅིང་ཡང་དང་ཡང་དུ་བྱ་མི་དགོས་པ་ཡིན་ནོ། །དེ་ལ་ཡོངས་སུ་སྨིན་པའི་གང་ཟག་གི་མཚན་ཉིད་མཚན་མ་དང་རྟགས་གང་གིས་སེམས་ཅན་རྣམས་ཀྱི་ཡོངས་སུ་སྨིན་པའི་བྱེ་བྲག་གཅོད་ཅིང་ཉེ་བར་མཚོན་པར་བྱེད་པ་ནི་སྨིན་པའི་མཚན་ཉིད་དེ་བརྗོད་དོ། །མདོར་བསྡུ་ན་རྒྱུ་དང་འབྲས་བུའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །རྒྱུར་གཏོགས་པའི་མཚན་ཉིད་ཀྱང་གཉིས་ཏེ། བསམ་པ་དང་ལས་ཀྱི་བྱེ་བྲག་གིས་སོ། །དེས་ན་སྨྲས་པ། མཚན་ཉིད་གང་ཞེ་ན།


DTG129_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ཐོས་ནི་སྔོན་དགེ་བ་ལ་གོམས་པས་གང་གི་ཚེ་སྨིན་པ་ཆུང་ངུ་ལ་གནས་པར་གྱུར་པ་དེ་ནི་འདུན་པ་ཆུང་བ་དང༌། སྦྱོར་བ་ཆུང་བ་ཡིན་ཏེ། ངན་སོང་རྣམས་སུ་ཡང་འགྲོ་ལ་ཚེ་དེ་ཉིད་ལ་དགེ་སྦྱོང་གི་འབྲས་བུ་ཡང་མི་ཐོབ་ཅིང་ཚེ་འདི་ཉིད་ལ་མྱ་ངན་ལས་འདས་པ་ཡང་མི་འཐོབ་བོ། །གང་གི་ཚེ་སྨིན་པ་འབྲིང་ལ་གནས་པར་གྱུར་པ་དེ་ནི་འདུན་པ་འབྲིང་དང་སྦྱོར་བ་འབྲིང་ཡིན་ཏེ། ངན་སོང་རྣམས་སུ་ཡང་མི་འགྲོ་ལ་ཚེ་དེ་ཉིད་ལ་ཡང་དགེ་སྦྱོང་གི་འབྲས་བུ་འཐོབ་པར་འགྱུར་ཏེ། ཚེ་དེ་ཉིད་ལ་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་རོ། །ཡོངས་སུ་སྨིན་པ་ཆེན་པོ་ལ་གནས་པ་འདི་ནི་འདུན་པ་ཆེ་བ་དང༌། སྦྱོར་བ་ཆེ་བ་ཡིན་ཏེ། ངན་སོང་རྣམས་སུ་ཡང་མི་འགྲོ་ལ་ཚེ་འདི་ཉིད་ལ་ཡང་དགེ་སྦྱོང་གི་འབྲས་བུ་འཐོབ་པར་འགྱུར་ཞིང༌། ཚེ་དེ་ཉིད་ལ་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་འགྱུར་རོ། །རང་སངས་རྒྱས་ནི་ཉན་ཐོས་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཉན་ཐོས་རྣམས་དང༌། ལམ་གྱི་རང་བཞིན་མཚུངས་པའི་ཕྱིར་རོ། །ཉན་ཐོས་རྣམས་ལས་རང་སངས་རྒྱས་རྣམས་ཀྱི་བྱེ་བྲག་ནི་འདི་ཡིན་ཏེ། སྲིད་པ་ཐ་མ་ལ་ལུས་ཐ་མ་ཐོབ་པར་འགྱུར་བ་ནི་སློབ་དཔོན་མེད་པར་སྔོན་གོམས་པའི་དབང་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་རྣམས་བསྒོམས་ནས། ཉོན་མོངས་པ་ཐམས་ཅད་སྤངས་པའི་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་དེ། དེ་ལྟ་བས་ན་རང་སངས་རྒྱས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ས་ལ་གནས་པ་ནི་ཡོངས་སུ་སྨིན་པ་ཆུང་ངུ་ཡིན་པར་རིག་པར་བྱའོ། །ལྷག་པའི་བསམ་པ་དག་པ་ནི་སྨིན་པ་འབྲིང་པོ་ཡིན་ནོ། །ངེས་པ་དང་མཐར་ཐུག་པར་གྱུར་པ་ནི་སྨིན་པ་ཆེན་པོ་ཡིན་ནོ། །དེ་ལ་སྨིན་པ་ཆུང་ངུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་འདུན་པ་ཆུང་ངུ་དང༌། སྦྱོར་བ་ཆུང་ངུ་ཡིན་ཏེ། ངན་སོང་རྣམས་སུ་ཡང་འགྲོ་ལ། བསྐལ་པ་གྲངས་མེད་པ་དང་པོར་གཏོགས་པར་རིག་པར་བྱ་སྟེ། དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་སྦྱངས་པ་དང༌། མི་གཡོ་བ་དང༌། ཤིན་ཏུ་རྣམ་པར་དག་པ་ཐམས་ཅད་དང་མི་ལྡན་པ་ཁོ་ན་ཡིན་ནོ། །སྨིན་པ་འབྲིང་གི་བྱང་ཆུབ་སེམས་དཔའ་ནི་འདུན་པ་འབྲིང་དང་སྦྱོར་བ་འབྲིང་ཡིན་ཏེ། ངན་སོང་རྣམས་སུ་ཡང་མི་འགྲོ་ལ།


DTG129_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་གྲངས་མེད་པ་གཉིས་པར་གཏོགས་ཏེ། དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་སྦྱངས་པ་དང༌། མི་གཡོ་བ་རྣམས་དང་མི་ལྡན་ལ་ཤིན་ཏུ་རྣམ་པར་དག་པ་རྣམས་དང་ནི་མི་ལྡན་པ་ཡིན་ནོ། །ཡོངས་སུ་སྨིན་པ་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་འདུན་པ་ཆེ་བ་དང་སྦྱོར་བ་ཆེ་བ་ཡིན་ཏེ། ངན་སོང་རྣམས་སུ་ཡང་མི་འགྲོ་ལ། བསྐལ་པ་གྲངས་མེད་པ་གསུམ་པར་གཏོགས་ཏེ། དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་སྦྱངས་པ་དང༌། མི་གཡོ་བ་དང༌། ཤིན་ཏུ་རྣམ་པར་དག་པ་རྣམས་དང་ལྡན་པ་ཡིན་ནོ། །དེ་ལ་རང་བཞིན་གྱིས་བརླིང་བ་དང། གསལ་བ་དང་འབྲས་བུ་ཤིན་ཏུ་ཆེ་བ་དང་ཕན་ཡོན་ཤིན་ཏུ་ཆེ་བའི་ཕྱིར་སྦྱངས་པ་ཞེས་བྱའོ། །ཕྱིར་མི་ལྡོག་པ་དང༌། ཡོངས་སུ་མི་ཉམས་པ་དང༌། ཁྱད་པར་དུ་འགྲོ་བའི་ཕྱིར་མི་གཡོ་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་སའི་ནང་ན་གོང་ན་མེད་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་ཞེས་བྱའོ། །དེ་ལ་ཟང་ཟིང་ལས་གྱུར་པའི་ཡོངས་སུ་སྨིན་པ་གང་ཡིན་པ་དང༌། རྫུ་འཕྲུལ་གྱིས་འདུན་པར་བྱས་པ་ལས་བྱུང་བ་གང་ཡིན་པ་དང༌། གསང་སྟེ་ཆོས་བརྗོད་པ་ལས་གྱུར་པ་གང་ཡིན་པ་དང༌། སྦྱོར་བ་ཆུང་ངུ་ལས་གྱུར་པ་གང་ཡིན་པ་དང༌། ཐོས་པ་ཙམ་ལས་གྱུར་པའི་ཡོངས་སུ་སྨིན་པ་གང་ཡིན་པ་དང༌། ཡོངས་སུ་སྨིན་པ་རྣམ་པ་ལྔ་པོ་འདི་དག་ནི་དགེ་བའི་ཆོས་དེ་དག་ཡུན་རིང་པོར་གོམས་པར་བྱས་ཀྱང་ཆུང་ངུ་ཁོ་ན་ཡིན་ལ་ཡུན་ཐུང་ངུར་གོམས་པར་བྱས་པ་ལྟ་ཅི་སྨོས། ཡོངས་སུ་སྨིན་པའི་རྒྱུ་དེ་ལས་གཞན་པ་ཐམས་ཅད་ནི་ཡོངས་སུ་སྨིན་པ་རྣམ་པ་གསུམ་གྱི་ཚུལ་དུ་རིག་པར་བྱ་སྟེ། ཆུང་དུ་གོམས་པས་ནི་ཆུང་ངུར་འགྱུར་རོ། །འབྲིང་དུ་གོམས་པས་ནི་འབྲིང༌། ཆེར་གོམས་པས་ནི་ཡོངས་སུ་སྨིན་པ་ཆེ་བར་རིག་པར་བྱའོ། །ཡོངས་སུ་སྨིན་པ་ཆུང་ངུ་དང་འབྲིང་དང༌། ཆེན་པོ་དེ་དག་རེ་རེ་ལ་ཡང་རྣམ་པ་གསུམ་གསུམ་གྱི་ཚུལ་དུ་རིག་པར་བྱ་སྟེ། ཆུང་ངུ་ལ་ཡང་ཆུང་ངུའི་ཆུང་ངུ་དང༌། ཆུང་ངུའི་འབྲིང་པོ་དང༌། ཆུང་ངུའི་ཆེན་པོ་དང༌། འབྲིང་པོ་ལ་ཡང་འབྲིང་པོའི་ཆུང་ངུ་དང༌། འབྲིང་པོའི་འབྲིང་པོ་དང༌། འབྲིང་པོའི་ཆེན་པོ་དང༌། ཆེན་པོ་ལ་ཡང་ཆེན་པོའི་ཆུང་ངུ་དང༌། ཆེན་པོའི་འབྲིང་པོ་དང༌། ཆེན་པོའི་ཆེན་པོའོ། །དེ་ལྟ་བུ་དང་མཐུན་པར་སངས་


DTG129_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དང་བྱང་ཆུབ་སེམས་དཔའ་གོང་ནས་གོང་དུ་རབ་ཏུ་དབྱེ་བའི་ཚུལ་གྱིས་སེམས་ཅན་རྣམས་ཀྱི་ཡོངས་སུ་སྨིན་པའི་རབ་ཏུ་དབྱེ་བ་ཚད་མེད་པར་མཛད་པར་རིག་པར་བྱའོ། །ཇི་སྐད་བསྟན་པའི་ཐབས་དེ་དག་གིས་གཞན་གསོལ་བ་འདེབས་པ་མ་གཏོགས་པའི་བདེ་བ་གཉིས་ལ་རྒྱུད་ལ་དབང་པོ་ཡོངས་སུ་སྨིན་པ་ནས་ཉེས་པ་སྨིན་པའི་བར་དང༌། སྨིན་པ་ཆུང་ངུ་ནས་ཆེན་པོའི་བར་གྱིས་བུདྡྷའི་ཆོས་རྣམས་རྒྱུ་འབྲས་སྨིན་པ་ནི་གང་སྨིན་པའི་བདག་ཅེས་བྱ་བ་དང༌། སེམས་ཅན་གཞན་རྣམས་ཐམས་ཅད་ཅེས་པ་དང༌། གང་ཟག་གཞན་རྣམས་ཞེས་པ་གསུམ་མོ། །དེ་བཞིན་དུ་སེམས་ཅན་གཞན་དང་གང་ཟག་གཞན་ཡང་དབང་པོ་ལ་སོགས་པ་ཐོབ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ཡོངས་སུ་སྨིན་པའི་རྒྱུ་ཇི་སྐད་བསྟན་པ་འདི་དག་གི་བདག་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང༌། སེམས་ཅན་གཞན་རྣམས་དང༌། གང་ཟག་གཞན་རྣམས་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བར་བྱ་བའི་ཕྱིར་དབང་པོ་ཡོངས་སུ་སྨིན་པ་དང༌། དགེ་བའི་རྩ་བ་ཡོངས་སུ་སྨིན་པ་དང༌། ཤེས་པ་ཡོངས་སུ་སྨིན་པ་དང༌། ཡོངས་སུ་སྨིན་པ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་ཡང་དག་པར་སྒྲུབ་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་ཡོངས་སུ་སྨིན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ལ་བྱང་ཆུབ་གང་ཞེ་ན། མདོར་བསྡུ་ན་སྤངས་པ་རྣམ་པ་གཉིས་དང༌། ཡེ་ཤེས་རྣམ་པ་གཉིས་ལ་ནི་བྱང་ཆུབ་ཅེས་བྱ་སྟེ། དེ་ལ་སྤངས་པ་རྣམ་པ་གཉིས་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པ་དང༌། ཤེས་བྱའི་སྒྲིབ་པ་སྤངས་པའོ། །ཡེ་ཤེས་རྣམ་པ་གཉིས་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་ནས་དྲི་མ་མེད་ཅིང་ཉོན་མོངས་པ་ཐམས་ཅད་དང་རྗེས་སུ་འབྲེལ་པ་མེད་པའི་ཡེ་ཤེས་གང་ཡིན་པ་དང༌། ཤེས་བྱའི་སྒྲིབ་པ་སྤངས་ནས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་ཅིང་སྒྲིབ་པ་མེད་པའི་ཡེ་ཤེས་གང་ཡིན་པའོ། །རྣམ་གྲངས་གཞན་ཡང་ཡང་དག་པའི་ཡེ་ཤེས་དང༌། ཐམས་ཅད་མཁྱེན་པ་དང༌། ཆགས་པ་མེད་པའི་ཡེ་ཤེས་དང༌། ཉོན་མོངས་པའི་བག་ཆགས་ཐམས་ཅད་ཡང་དག་པར་བཅོམ་པ་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་མ་ལུས་པར་སྤངས་པ་ནི་བླ་


DTG129_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱའོ། །དེ་ལ་ཉོན་མོངས་པའི་བག་ཆགས་དང་བཅས་པ་ཐམས་ཅད་རྣམ་པ་ཐམས་ཅད་དུ་གཏན་སྤངས་པའི་ཡེ་ཤེས་གང་ཡིན་པ་དེ་ནི་དག་པ་ཞེས་བྱའོ། །ཁམས་ཐམས་ཅད་དང༌། དངོས་པོ་ཐམས་ཅད་དང༌། རྣམ་པ་ཐམས་ཅད་དང༌། དུས་ཐམས་ཅད་དུ་མཁྱེན་པ་ཐོགས་པ་མེད་པར་འཇུག་པ་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེན་པ་ཞེས་བྱའོ། །དེ་ལ་ཁམས་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་གྱི་ཁམས་དང༌། སེམས་ཅན་གྱི་ཁམས་སོ། །དེ་ལ་དངོས་པོ་ནི་རྣམ་པ་གཉིས་ཏེ། འདུས་བྱས་དང༌། འདུས་མ་བྱས་སོ། །འདུས་བྱས་དང་འདུས་མ་བྱས་ཀྱི་དངོས་པོ་དེ་གཉིས་ལ་ཡང་རང་གི་མཚན་ཉིད་ཀྱིས་ཕྱི་མ་ཕྱི་མའི་རྣམ་པའི་རབ་ཏུ་དབྱེ་བ་དང༌། སྤྱིའི་མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་དང༌། རྒྱུ་དང་འབྲས་བུའི་རབ་ཏུ་དབྱེ་བ་དང༌། ཁམས་དང༌། འགྲོ་བ་དང༌། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་ལ་སོགས་པའི་རབ་ཏུ་དབྱེ་བས་རྣམ་པའི་རབ་ཏུ་དབྱེ་བ་ཚད་མེད་དོ། །དེ་ལ་དུས་ནི་རྣམ་པ་གསུམ་སྟེ། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའོ། །དེ་ལྟར་ན་ཁམས་ཐམས་ཅད་དང༌། དངོས་པོ་ཐམས་ཅད་དང༌། རྣམ་པ་ཐམས་ཅད་དང༌། དུས་ཐམས་ཅད་མཁྱེན་པ་དེ་ནི་ཐམས་ཅད་མཁྱེན་པ་ཞེས་བྱའོ། །དེ་ལ་ཆགས་པ་མེད་པའི་ཡེ་ཤེས་ནི་དགོངས་པ་ཙམ་ཁོ་ནས་ཐམས་ཅད་དུ་ཐོགས་པ་མེད་ཅིང་མྱུར་བར་ཡེ་ཤེས་ཆགས་པ་མེད་པར་འཇུག་པ་གང་ཡིན་པ་སྟེ། ཡེ་ཤེས་དེ་ཡང་དང་ཡང་དུ་དགོངས་པར་མཛད་པ་ནི་མ་ཡིན་གྱི། ལན་ཅིག་དགོངས་པ་དང་འབྲེལ་པ་ཁོ་ན་ཡིན་ནོ། །རྣམ་གྲངས་གཞན་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུ་དང༌། དེ་བཞིན་གཤེགས་པའི་ཉོན་མོངས་པ་མེད་པ་དང༌། སྨོན་ནས་མཁྱེན་པ་དང༌། སོ་སོ་ཡང་དག་པར་རིག་པ་གང་ཡིན་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱའོ། དེ་ལ་སངས་རྒྱས་ཀྱི་ཆོས་བརྒྱ་བཞི་བཅུ་ནི་འདི་དག་ཡིན་ཏེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་དང༌། རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི་དང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། དྲན་པ་ཉེ་བར་གཞག་པ་གསུམ་དང༌། བསྲུང་བ་


DTG129_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་གསུམ་དང༌། སྙིང་རྗེ་ཆེན་པོ་དང༌། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང༌། བག་ཆགས་ཡང་དག་པར་བཅོམ་པ་དང༌། རྣམ་པ་ཐམས་ཅད་ཀྱི་མཆོག་གི་ཡེ་ཤེས་སོ། །སངས་རྒྱས་ཀྱི་ཆོས་དེ་དག་གི་རྣམ་པར་དབྱེ་བ་ནི་རྣམ་པར་རབ་ཏུ་གནས་པའི་ལེའུ་ལས་བྱུང་བའོ། །དེ་ལ་བྱང་ཆུབ་དམ་པ་འདི་ནི་དམ་པ་བདུན་དང་ལྡན་པ་ཡིན་ཏེ། དེས་ན་འདི་ནི་བྱང་ཆུབ་ཐམས་ཅད་ཀྱི་དམ་པ་ཞེས་བྱའོ། །དམ་པ་བདུན་གང་ཞེ་ན། སྐུ་དམ་པ་དང༌། སྒྲུབ་པ་དམ་པ་དང༌། ཕུན་སུམ་ཚོགས་པ་དམ་པ་དང༌། ཡེ་ཤེས་དམ་པ་དང༌། མཐུ་དམ་པ་དང༌། སྤངས་པ་དམ་པ་དང༌། གནས་པ་དམ་པའོ། །གང་དེ་བཞིན་གཤེགས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པའི་སྐུ་དང་ལྡན་པ་དེ་ནི་དེའི་སྐུ་དམ་པ་ཞེས་བྱའོ། །གང་དེ་བཞིན་གཤེགས་པ་བདག་ལ་ཕན་པ་དང༌། གཞན་ལ་ཕན་པ་དང༌། སྐྱེ་བོ་མང་པོ་ལ་ཕན་པ་དང༌། སྐྱེ་བོ་མང་པོ་ལ་བདེ་བ་དང༌། འཇིག་རྟེན་ལ་ཐུགས་བརྩེ་བ་དང༌། ལྷ་རྣམས་དང་མི་རྣམས་ཀྱི་དོན་དང༌། ཕན་པ་དང༌། བདེ་བའི་ཕྱིར་ཞུགས་པ་དེ་ནི་དེའི་སྒྲུབ་པ་དམ་པ་ཞེས་བྱའོ། །གང་དེ་བཞིན་གཤེགས་པ་ཕུན་སུམ་ཚོགས་པ་གོང་ན་མེད་པ། ཟླ་མེད་པ་བཞི་པོ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང། ལྟ་བ་ཕུན་སུམ་ཚོགས་པ་དང༌། ཆོ་ག་ཕུན་སུམ་ཚོགས་པ་དང༌། འཚོ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་ནི་དེའི་ཕུན་སུམ་ཚོགས་པ་དམ་པ་ཞེས་བྱའོ། །གང་དེ་བཞིན་གཤེགས་པ་སོ་སོ་ཡང་དག་པར་རིག་པ་གོང་ན་མེད་པ་ཟླ་མེད་པ་བཞི་པོ་ཆོས་སོ་སོ་ཡང་དག་པར་རིག་པ་དང༌། དོན་སོ་སོ་ཡང་དག་པར་རིག་པ་དང༌། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང༌། སྤོབས་པ་སོ་སོ་ཡང་དག་པར་རིག་པ་དང་ལྡན་པ་དེ་ནི་ཡེ་ཤེས་དམ་པ་ཞེས་བྱའོ། །གང་དེ་བཞིན་གཤེགས་པ་མངོན་པར་ཤེས་པ་གོང་ན་མེད་པ་ཟླ་མེད་པ་དྲུག་པོ་སྔར་ཇི་སྐད་བསྟན་པ་རྣམས་དང་ལྡན་པ་དེ་ནི་དེ་བཞིན་གཤེགས་པའི་མཐུ་དམ་པ་ཞེས་བྱའོ། །གང་དེ་བཞིན་གཤེགས་པ་ཉོན་མོངས་པ་བག་ཆགས་དང་བཅས་པ་ཐམས་ཅད་སྤངས་པ་དང༌། ཤེས་བྱའི་སྒྲིབ་པ་སྤངས་པ་གོང་ན་མེད་པ་ཟླ་མེད་པ་དང་ལྡན་པ་དེ་ནི་དེའི་སྤངས་པ་དམ་པ་ཞེས་བྱའོ། །གང་དེ་བཞིན་གཤེགས་པའི་གནས་ལ་


DTG129_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

གོང་ན་མེད་པ་ཟླ་མེད་པ་གསུམ་པོ་འཕགས་པའི་གནས་པ་དང༌། ལྷ་དང་ཚངས་པའི་གནས་པས་མང་དུ་གནས་པ་དེ་ནི་དེའི་གནས་པ་དམ་པ་ཞེས་བྱའོ། །དེ་ལ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པས་གནས་པ་དང༌། འགོག་པའི་སྙོམས་པར་འཇུག་པས་གནས་པ་ནི་འཕགས་པའི་གནས་པ་ཞེས་བྱའོ། །བསམ་གཏན་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་ལྷའི་གནས་པ་ཞེས་བྱའོ། །ཚད་མེད་པ་བཞི་ནི་ཚངས་པའི་གནས་པ་ཞེས་བྱའོ། །གནས་པ་གསུམ་པོ་དེ་དག་ལས་ཀྱང་བཞི་ནི་གནས་པ་དམ་པ་ཡིན་ཏེ། གནས་པ་དེ་དག་གིས་དེ་བཞིན་གཤེགས་པ་མང་དུ་གནས་པར་མཛད་དེ། འཕགས་པའི་གནས་པ་ལས་སྟོང་པ་ཉིད་ཀྱིས་གནས་པ་དང༌། འགོག་པའི་སྙོམས་པར་འཇུག་པས་གནས་པ་དང༌། ལྷའི་གནས་པ་ལས་བསམ་གཏན་བཞི་པ་མི་གཡོ་བས་གནས་པ་དང༌། ཚངས་པའི་གནས་པ་ལས་སྙིང་རྗེས་གནས་པ་སྟེ། དེས་དེ་བཞིན་གཤེགས་པ་རྣམས་སངས་རྒྱས་ཀྱི་སྤྱན་གྱིས། སུ་འཕེལ། སུ་འགྲིབ། སུའི་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་བསྐྱེད་པར་བྱ་ཞེས་བྱ་བ་ནས་རྒྱས་པར་བྱ་སྟེ། སུ་ཞིག་འབྲས་བུའི་མཆོག་དགྲ་བཅོམ་པ་ཉིད་ལ་གཞག་པར་བྱ་ཞེས་བྱ་བའི་བར་དུ་ཉིན་ལན་གསུམ་མཚན་ལན་གསུམ་སྟེ། ཉིན་མཚན་ལན་དྲུག་འཇིག་རྟེན་ལ་རྣམ་པར་གཟིགས་པར་མཛད་དོ། །དེ་ལ་སྐུ་དམ་པས་ནི་དེ་བཞིན་གཤེགས་པ་རྣམས་སྐྱེས་བུ་ཆེན་པོ་ཞེས་བྱའོ། །གྲུབ་པ་དམ་པས་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཞེས་བྱའོ། །ཕུན་སུམ་ཚོགས་པ་དམ་པས་ནི་ཚུལ་ཁྲིམས་ཆེན་པོ་དང༌། ཆོས་ཆེན་པོ་ཞེས་བྱའོ། །ཡེ་ཤེས་དམ་པས་ནི་ཤེས་རབ་ཆེན་པོ་ཞེས་བྱའོ། །མཐུ་དམ་པས་ནི་མངོན་པར་ཤེས་པ་ཆེན་པོ་ཞེས་བྱའོ། །སྤངས་པ་དམ་པས་ནི་རྣམ་པར་གྲོལ་བ་ཆེན་པོ་ཞེས་བྱའོ། །གནས་པ་དམ་པས་ནི་གནས་པ་ཆེན་པོས་མང་དུ་གནས་པ་ཞེས་བྱའོ། །རྣམ་པ་བཅུས་དེ་བཞིན་གཤེགས་པ་དེ་དག་གི་ཡོན་ཏན་བརྗོད་པ་དང༌། ཡོན་ཏན་རྗེས་སུ་དྲན་པ་ཡིན་ཏེ། བཅུ་པོ་དག་གང་དག་ཞེ་ན། འདི་ལྟར་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ།


DTG129_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་སྟེ། དེ་ལ་ཕྱིན་ཅི་མ་ལོག་པར་གསུང་བས་ན། དེ་བཞིན་གཤེགས་པ་ཞེས་བྱའོ། །ཐོབ་པར་བྱ་བའི་དོན་ཐམས་ཅད་བརྙེས་པར་བྱ་བ་དང༌། བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ཡིན་པའི་ཕྱིར་མཆོད་པར་འོས་པ་ཡང་ཡིན་པས་ན་དགྲ་བཅོམ་པ་ཞེས་བྱའོ། །ཆོས་རྣམས་ཇི་ལྟ་བ་བཞིན་དུ་དོན་དམ་པར་ཐུགས་སུ་ཆུད་པས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །རིག་པ་གསུམ་དང༌། མདོ་ལས་ཇི་སྐད་གསུངས་པའི་ཞབས་ལྷག་མཐོང་དང༌། ཞི་གནས་དང༌། དེ་གཉིས་ཀའི་ཕྱོགས་དང་ཤིན་ཏུ་ལྡན་པས་ན་རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱའོ། །མཆོག་ཏུ་ཁྱད་ཞུགས་པར་གཤེགས་པ་དང༌། ཡང་ཕྱིར་མི་ལྡོག་པར་གཤེགས་པ་ན། བདེ་བར་གཤེགས་པ་ཞེས་བྱའོ། །སེམས་ཅན་གྱི་ཁམས་དང༌། འཇིག་རྟེན་གྱི་ཁམས་ཀྱི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་རྣམ་པ་ཐམས་ཅད་མཁྱེན་པས་ན། འཇིག་རྟེན་མཁྱེན་པ་ཞེས་བྱའོ། །སེམས་ཅན་འདུལ་བའི་ཐབས་དམ་པ་མཁྱེན་པ་དང༌། འཇིག་རྟེན་དུ་སྐྱེས་བུར་གྱུར་པ་གཅིག་པུ་བྱུང་བས་ན། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ཞེས་བྱའོ། །མིག་ལྟར་གྱུར་པའི་ཕྱིར་དང༌། ཡེ་ཤེས་དང་དོན་དང་ཆོས་སུ་གྱུར་པའི་ཕྱིར། དོན་གསལ་བ་གཏན་ལ་འབེབས་པའི་ཕྱིར་དང༌། དོན་ཐམས་ཅད་སྟོན་པ་དང༌། མི་རྟོག་པའི་དོན་རྟོགས་པར་མཛད་པའི་ཕྱིར་དང་ཐེ་ཚོམ་སྐྱེས་པ་གཅོད་པར་མཛད་པ་དང༌། ཟབ་མོའི་གནས་རྣམ་པར་འགྲེལ་པ་དང༌། ཡོངས་སུ་བྱང་བར་མཛད་པ་དང༌། དེ་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པ་དང༌། དེ་འདྲེན་པ་ཡིན་པ་དང༌། དེ་སྟོན་པ་ཡིན་པས་ན་ལྷ་དང་མི་རྣམས་ལ་སྡུག་བསྔལ་ཐམས་ཅད་ལས་བྱུང་བ་ཡང་དག་པར་སྟོན་ཅིང༌། རྣམ་པར་བརྗོད་པས་ན་དེའི་ཕྱིར་ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱའོ། །དོན་དང་ལྡན་པའི་ཆོས་ཀྱི་ཚོགས་དང༌། དོན་དང་མི་ལྡན་པའི་ཆོས་ཀྱི་ཚོགས་དང༌། དོན་དང་ལྡན་པ་ཡང་མ་ཡིན། དོན་དང་མི་ལྡན་པ་ཡང་མ་ཡིན་པའི་ཆོས་ཀྱི་ཚོགས་མཐའ་དག་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་


DTG129_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སུ་ཆུད་པས་ན་སངས་རྒྱས་ཞེས་བྱའོ། །བདུད་དཔུང་དང་བཅས་པ་ཐམས་ཅད་ཀྱི་གཡུལ་ཆེན་པོ་བཅོམ་པས་ན། བཅོམ་ལྡན་འདས་ཞེས་བྱའོ། །དེ་ལ་བསྐལ་པ་དུ་མར་ཡང་སངས་རྒྱས་གཅིག་ཀྱང་མི་འབྱུང་ལ། བསྐལ་པ་གཅིག་ལ་ཡང་སངས་རྒྱས་མང་པོ་འབྱུང་བར་འགྱུར་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་གྲངས་མེད་པ་དེ་དང་དེ་དག་ཏུ་སངས་རྒྱས་དཔག་ཏུ་མེད་གྲངས་མེད་པ་དག་འབྱུང་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཕྱོགས་བཅུ་དག་ན་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་གྲངས་མེད་པ་གང་དག་དུས་གཅིག་ཏུ་སྨོན་ལམ་བཏབ་པ་དང༌། ཚོགས་ཡང་དག་པར་སྒྲུབ་པ་མཚུངས་པ་དག་ཡོད་པའི་ཕྱིར་ཏེ། ཞག་དང་ཟླ་བ་ཕྱེད་པ་དང༌། ཟླ་བ་དང་ལོ་གང་ཁོ་ན་ལ་བྱང་ཆུབ་སེམས་དཔའ་གཅིག་གིས་བྱང་ཆུབ་སེམས་ཀྱིས་སྨོན་ལམ་བཏབ་པ་དེའི་ཉིན་མོ་དང༌། ཟླ་བ་ཕྱེད་དང༌། ཟླ་བ་དང༌། ལོ་དེ་ཁོ་ན་ལ་ཐམས་ཅད་ཀྱིས་སྨོན་ལམ་བཏབ་སྟེ། གཅིག་གིས་ཇི་ལྟར་སྤྲོ་བ་བསྐྱེད་པ་དང༌། བསྒྲུབ་པ་དང༌། བརྩལ་བ་དེ་བཞིན་དུ་ཀུན་གྱིས་ཀྱང་བཙལ་ཏེ། འདི་ལྟར་འཇིག་རྟེན་གྱི་ཁམས་འདི་ཉིད་ན་ཡང་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་དུ་མ་གང་དག་དུས་གཅིག་ཏུ་སྨོན་ལམ་འདེབས་པ་དང༌། སྟོང་པ་མཚུངས་པ་དང༌། ཚུལ་ཁྲིམས་མཚུངས་པ་དང༌། བཟོད་པ་མཚུངས་པ་དང༌། བརྩོན་འགྲུས་མཚུངས་པ་དང༌། ཏིང་ངེ་འཛིན་མཚུངས་པ་དང༌། ཤེས་རབ་མཚུངས་པ་དག་སྣང་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་ལྟ་ཅི་སྨོས། སངས་རྒྱས་ཀྱི་ཞིང་སྟོང་གསུམ་གྱི་སྟོང་ཆེན་པོ་ཡང་ཕྱོགས་བཅུ་དག་ན་དཔག་ཏུ་མེད་གྲངས་མེད་པ་དག་ཡོད་དོ། །བྱང་ཆུབ་སེམས་དཔའ་ཚོགས་ཡང་དག་པར་སྒྲུབ་པ་མཚུངས་པ་གཉིས་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གཅིག་ཏུ་ཅིག་ཅར་བྱུང་བའི་སྐབས་ཀྱང་མེད་ན་དཔག་ཏུ་མེད་གྲངས་མེད་པ་དག་ན་ལྟ་ཅི་སྨོས། ཚོགས་མཚུངས་པ་རྣམས་རིམ་གྱིས་གོ་རིམས་སུ་བྱུང་བ་ཡང་མི་རིགས་ལ། ཐམས་ཅད་ཀྱི་ཐམས་ཅད་དུ་འབྱུང་བར་མི་འགྱུར་བར་ཡང་མི་རིགས་ཏེ། དེ་ལྟ་བས་ན་ཕྱོགས་བཅུ་དཔག་ཏུ་མེད་གྲངས་


DTG129_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཇི་ལྟར་ཡོངས་སུ་དག་པར་བྱས་པ། དེ་བཞིན་གཤེགས་པ་སྟོང་པ་དེ་དག་ཏུ་བྱང་ཆུབ་སེམས་དཔའ་ཚོགས་མཚུངས་པ་རྣམས་སངས་རྒྱས་ཀྱི་ཞིང་ཐ་དད་པར་འབྱུང་བར་རིག་པར་བྱའོ། །དེའི་ཕྱིར་རྣམ་གྲངས་འདིས་འཇིག་རྟེན་གྱི་ཁམས་མང་པོ་དག་ཏུ་སངས་རྒྱས་མང་པོ་འབྱུང་བ་དག་རིགས་ཀྱི། སངས་རྒྱས་ཀྱི་ཞིང་གཅིག་ཏུ་དེ་བཞིན་གཤེགས་པ་གཉིས་ཅིག་ཅར་འབྱུང་བར་ནི་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཡུན་རིང་པོ་ནས་འདི་སྐད་དུ་ཇི་ནས་བདག་ཡོངས་སུ་འདྲེན་པ་མེད་པའི་འཇིག་རྟེན་དུ་ཡོངས་སུ་འདྲེན་པར་གྱུར་ནས་སེམས་ཅན་རྣམས་འདུལ་ཞིང་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་གྲོལ་བར་བྱས་ཏེ། ཡོངས་སུ་མྱ་ངན་ལས་ཟློ་བར་གྱུར་ཅིག་ཅེས་སྨོན་ལམ་བསྐྱེད་པའི་ཕྱིར་ཏེ། དེ་ལྟར་ཡུན་རིང་པོ་ནས་སྨོན་ལམ་བསྐྱེད་པ་ཡང་དག་པར་བསྒྲུབ་པའི་ཡོངས་སུ་བཟུང་བ་དེ་འགྲུབ་པ་ཉིད་དུ་འགྱུར་རོ། །ཡང་དེ་བཞིན་གཤེགས་པ་གཅིག་གིས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོ་སངས་རྒྱས་ཀྱི་ཞིང་གཅིག་ཏུ་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་པར་སྤྱོད་དོ། །དེའི་ཕྱིར་དེ་བཞིན་གཤེགས་པ་གཉིས་པ་འབྱུང་བ་འདི་ནི་དོན་མེད་པ་ཉིད་དུ་འགྱུར་རོ། །ཡང་དེ་བཞིན་གཤེགས་པ་གཅིག་འཇིག་རྟེན་དུ་བྱུང་ན་སེམས་ཅན་རྣམས་ཀྱི་རང་གི་དོན་གྱི་བྱ་བ་འགྲུབ་པ་ཆེས་མང་བར་འགྱུར་ཞིང་ཆེས་མཐུན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་ནི་འགྲོ་བ་མ་ལུས་པ་ལ་འདི་གཅིག་པུར་ཟད་དེ། གཉིས་སུ་མེད་ན་འདི་ལྗོངས་རྒྱུ་ཞིང་གཤེགས་སམ། ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ན་ནི། གཞན་གང་གིས་ཐད་དུ་བདག་ཅག་གིས་ཚངས་པར་སྤྱོད་པ་སྤྱད་པར་བྱ་བའམ། ཆོས་མཉན་པར་བྱ་བ་གཉིས་སུ་ཡང་མེད་དོ་སྙམ་དུ་རིག་ནས་ཚངས་པར་སྤྱོད་པ་ལ་གནས་པར་བྱ་བ་དང༌། དམ་པའི་ཆོས་མཉན་པའི་ཕྱིར་འདུན་པ་དང༌། རྩོལ་བ་ཤིན་ཏུ་དྲག་པོ་མྱུར་དུ་བྱེད་པར་འགྱུར་གྱིས། དེ་དག་གིས་སངས་རྒྱས་མང་པོ་མཐོང་དུ་ཟིན་ན་སྐྱེན་པར་མི་བྱེད་དེ། དེ་ལྟར་ན་སངས་རྒྱས་གཅིག་བྱུང་ན་དེ་དག་ནི་རང་གི་དོན་གྱི་བྱ་བ་འགྲུབ་པ་ཆེས་མང་བར་འགྱུར་ཞིང་ཆེས་མཐུན་པར་


DTG129_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་ལ་སངས་རྒྱས་ཐམས་ཅད་ནི་གནས་བཞི་པོ་སྐུ་ཚེ་དང༌། མཚན་དང༌། གདུང་དང༌། སྐུ་མ་གཏོགས་པར་ཐམས་ཅད་མཚུངས་ཤིང་མཉམ་སྟེ། ཁྱད་པར་མེད་དོ། །སངས་རྒྱས་རྣམས་ནི་ཆོས་བཞི་པོ་འདི་དག་གིས་སྐྱེད་འབྲིར་འགྱུར་ཞིང་མི་མཐུན་པར་ཟད་ཀྱི་གཞན་གང་གིས་ཀྱང་མ་ཡིན་ནོ། །བུད་མེད་ཀྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་བསྐལ་པ་གྲངས་མེད་པ་དང་པོ་འདས་པ་ཉིད་ནས་བུད་མེད་ཀྱི་དངོས་པོ་སྤངས་པས་ན། ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་ནམས་ཀྱང་བུད་མེད་དུ་མི་འགྱུར་བ་དང༌། བུད་མེད་ཐམས་ཅད་ནི་རང་བཞིན་གྱིས་ཉོན་མོངས་པ་མང་བ་དང༌། ཤེས་རབ་འཆལ་བ་ཡིན་ལ་རང་བཞིན་གྱིས་ཉོན་མོངས་པ་མང་བའི་རྒྱུད་དང༌། ཤེས་རབ་འཆལ་པའི་རྒྱུད་ཀྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་པའི་ཕྱིར་རོ། །དེ་ལྟར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ནི་ངོ་བོ་ཉིད་ཀྱིས་ཀྱང་ཇི་སྐད་བསྟན་པ་བཞིན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རིག་པར་བྱའོ། །དམ་པར་གྱུར་པ་དང༌། ཡོན་ཏན་བརྗོད་པ་དང༌། རྗེས་སུ་དྲན་པ་དང༌། འབྱུང་བ་དང༌། ཁྱད་པར་གྱིས་ཀྱང་དེ་སྐད་བསྟན་པ་བཞིན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རིག་པར་བྱའོ། །ཡང་རྟོགས་པའི་ལམ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཉིད་དོ། །ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་དཔག་ཏུ་མེད་པ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཉན་ཐོས་དང༌། རང་སངས་རྒྱས་དང༌། དེ་བཞིན་གཤེགས་པ་རྣམས་མངོན་པར་འགྲུབ་པར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་བྱང་ཆུབ་འདི་ནི་མཆོག་དང༌། གཙོ་བོ་དང༌། དམ་པ་དང༌། གྱ་ནོམ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་བྱང་ཆུབ་ཀྱི་ལེའུར་སྟེ་བདུན་པའོ།། །།རེ་ཞིག་བྱང་ཆུབ་སེམས་དཔའ་གང་ལ་བསླབ་པར་བྱ་བ་ནི་བསྟན་ཟིན་ཏེ། ཇི་ལྟར་བསླབ་པར་བྱ་བ་དེ་བསྟན་པར་བྱའོ། །སྡོམ་ནི། མོས་པ་མང་བ་ཉིད་དང་ནི། །


DTG129_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འཚོལ་བ་དང་སྟོན་པ་དང༌། །སྒྲུབ་པ་དང་ནི་དེ་བཞིན་དུ། །ལེགས་པར་གདམས་དང་རྗེས་བསྟན་དང༌། །ལུས་དང་ངག་དང་ཡིད་ཀྱི་ལས། །ཐབས་དང་བཅས་པ་ཕྱི་མ་ཡིན། །འདི་ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་བསླབ་པ་དག་ལ་བསླབ་པར་འདོད་པས་ཐོག་མ་ཁོ་ནར་མོས་པ་མང་པར་བྱའོ། །ཆོས་ཡོངས་སུ་ཚོལ་བ་དང༌། ཆོས་སྟོན་པ་དང༌། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པ་དང༌། ལེགས་པར་གདམས་པ་དང༌། རྗེས་སུ་བསྟན་པ་དང༌། ལེགས་པར་གདམས་པ་དང༌། རྗེས་སུ་བསྟན་པ་ལ་གནས་པ་དང༌། ཐབས་ཀྱིས་ཡོངས་སུ་ཟིན་པའི་ལུས་དང༌། ངག་དང་ཡིད་ཀྱི་ལས་ཅན་དུ་བྱའོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མོས་པ་མང་བ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་མོས་པའི་གནས་བརྒྱད་པོ་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་གྱི་ཡོན་ཏན་དཀོན་མཆོག་གསུམ་གྱི་ཡོན་ཏན་རྣམས་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་མཐུ་ཇི་སྐད་བསྟན་པ་དང༌། དེ་ཁོ་ནའི་དོན་ཇི་སྐད་བསྟན་པ་དང༌། རྒྱུ་དང་འབྲས་བུ་སྣ་ཚོགས་ཅི་རིགས་པར་གྱུར་པ་དང༌། ཐོབ་པར་བྱ་བའི་དོན་ཕྱིན་ཅི་མ་ལོག་པ་ལ་བདག་གིས་འཐོབ་པར་ནུས་སོ་ཞེས་བྱ་བ་དང༌། ཐོབ་པར་བྱ་བའི་དོན་ལ་ཇི་ལྟ་བར་འཐོབ་པའི་ཐབས་ལ་ཡང་དེ་བཞིན་ཏེ། ཐོབ་པར་བྱ་བའི་དོན་གྱི་འཐོབ་པའི་ཐབས་དེ་ནི་ཡོད་དོ་ཞེས་བྱ་བ་སྟེ། དེ་ལ་ཐོབ་པར་བྱ་བའི་དོན་ནི་བླ་ན་མེད་པའི་བྱང་ཆུབ་བོ། །འཐོབ་པའི་ཐབས་ནི་བྱང་ཆུབ་སེམས་དཔའི་སློབ་པའི་ལམ་ཐམས་ཅད་དོ། །དེ་བཞིན་དུ་ལེགས་པར་གསུངས་པ། ལགས་པར་བསྙད་པ། ལེགས་པར་བརྗོད་པ་འདི་ལྟ་སྟེ། མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པའི་སྡེ་དང༌། ལུང་དུ་བསྟན་པའི་སྡེ་ལ་སོགས་པའི་ཆོས་རྣམས་ལ་དད་པ་དང་དང་བ་སྔོན་དུ་འགྲོ་བའི་ངེས་པ་དང་འདོད་པ་དང་ལྡན་པ་ཡིན་ནོ། །དེ་ལ་མོས་པའི་གནས་རྣམ་པ་བརྒྱད་པོ་འདི་ལ་རྒྱུ་གཉིས་ཀྱིས་བྱང་ཆུབ་སེམས་དཔའི་མོས་པ་མང་བར་འགྱུར་བར་རིག་པར་བྱ་སྟེ། མོས་པ་ལ་གོམས་པ་ལན་མང་དུ་བྱེད་པ་དང༌། བཟོད་པ་དྲག་པོ་ཡོད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཆོས་ཚོལ་བས་ཅི་ཞིག་ཚོལ། ཇི་ལྟར་ཚོལ་ཅིའི་ཕྱིར་ཚོལ་ཞེ་ན། མདོར་བསྡུ་


DTG129_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ན་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཚོལ་བའོ། །ཉན་ཐོས་ཀྱི་སྡེ་སྣོད་དང༌། ཕྱི་རོལ་གྱི་བསྟན་བཅོས་རྣམས་དང༌། འཇིག་རྟེན་པའི་བཟོ་དང༌། ལས་ཀྱི་གནས་ཤེས་པ་རྣམས་ཚོལ་ལོ། །དེ་ལ་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་ལས་ཤིན་ཏུ་རྒྱས་པའི་སྡེ་སྣོད་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡིན་ནོ། །ལྷག་མ་ནི་ཉན་ཐོས་ཀྱི་སྡེ་སྣོད་ཡིན་པར་རིག་པར་བྱའོ། །ཕྱི་རོལ་གྱི་བསྟན་བཅོས་རྣམས་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། གཏན་ཚིགས་ཀྱི་བསྟན་བཅོས་དང༌། སྒྲའི་བསྟན་བཅོས་དང༌། གསོ་བའི་བསྟན་བཅོས་སོ། །དེ་ལ་འཇིག་རྟེན་པའི་བཟོ་དང༌། ལས་ཀྱི་གནས་ནི་རྣམ་པ་དུ་མ་རྣམ་པ་སྣ་ཚོགས་མང་པོ་ཡོད་དེ། གསེར་མ་གར་དང༌། ལྕགས་མགར་དང༌། ནོར་བུ་མཁན་གྱི་ལས་ཤེས་པ་ལ་སོགས་པ་སྟེ། རིག་པའི་གནས་ཀྱིས་ཡོངས་སུ་བསྡུས་པ་དེ་དག་ཐམས་ཅད་ནི་རིག་པའི་གནས་ལྔ་པོ་དག་ཡིན་ཏེ། ནང་གི་རིག་པ་དང༌། གཏན་ཚིགས་ཀྱི་རིག་པ་དང༌། སྒྲའི་རིག་པ་དང༌། ནད་གསོ་བའི་རིག་པ་དང༌། བཟོ་དང་ལས་ཀྱི་གནས་ཀྱི་རིག་པའོ། །བྱང་ཆུབ་སེམས་དཔས་བཙལ་པ་གང་ཡིན་པ་དེ་ནི་རིག་པའི་གནས་ལྔ་པོ་འདི་དག་ཡིན་ཏེ། དེ་ལྟར་ན་དེས་རིག་པའི་གནས་ཐམས་ཅད་བཙལ་བ་ཡིན་ནོ། །དེ་ལ་སངས་རྒྱས་ཀྱི་གསུང་རབ་ནི་ནང་གི་བསྟན་བཅོས་ཞེས་བྱ་སྟེ། དེ་ཡང་རྣམ་པ་དུས་འཇུག །དེ་བཞིན་དུ་འཇིག་རྟེན་པའི་བཟོ་དང༌། ལས་ཀྱི་གནས་ཤེས་པའི་བར་དུ་རྣམ་པ་དུས་འཇུག་ཅེ་ན། སངས་རྒྱས་ཀྱི་གསུང་རབ་ནི་མདོར་བསྡུ་ན་རྣམ་པ་གཉིས་ཀྱིས་འཇུག་སྟེ། རྒྱུ་དང་འབྲས་བུ་ཡང་དག་པར་སྟོན་པའི་རྣམ་པ་དང༌། བྱས་པ་ཆུད་མི་ཟ་ཞིང་མ་བྱས་པ་དང་འཕྲད་པར་མི་འགྱུར་བར་སྟོན་པའི་རྣམ་པའོ། །གཏན་ཚིགས་ཀྱི་བསྟན་བཅོས་ཀྱང་རྣམ་པ་གཉིས་ཏེ། ཕ་རོལ་ཀླན་ཀ་ཚོལ་བ་བརྗོད་པའི་ཕན་ཡོན་སྟོན་པའི་རྣམ་པ་དང༌། གཞན་ལས་བྱུང་བ་དེ་ལྟ་བུ་སྨྲ་བ་ལས་ཐར་པའི་ཕན་ཡོན་སྟོན་པའི་རྣམ་པའོ། །སྒྲའི་བསྟན་བཅོས་ཀྱང་རྣམ་པ་གཉིས་ཏེ། སྐད་ཀྱི་བྱིངས་ཀྱི་ངོ་བོ་བསྒྲུབ་པ་རྣམ་པར་གཞག་པ་སྟོན་པའི་རྣམ་པ་དང༌། ཚིག་ལེགས་པར་སྦྱོར་བའི་ཕན་ཡོན་སྟོན་པའི་


DTG129_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པའོ། །གསོ་བའི་བསྟན་བཅོས་ནི་རྣམ་པ་བཞིས་འཇུག་སྟེ། ནད་ལ་མཁས་པ་སྟོན་པའི་རྣམ་པ་དང༌། ནད་ཅི་ལས་བྱུང་བ་ལ་མཁས་པ་སྟོན་པའི་རྣམ་པ་དང༌། ནད་བྱུང་བ་བསལ་བ་ལ་མཁས་པ་སྟོན་པའི་རྣམ་པ་དང༌། ནད་བསལ་ནས་ཕྱིས་མི་འབྱུང་བར་བྱ་བ་ལ་མཁས་པ་སྟོན་པའི་རྣམ་པའོ། །འཇིག་རྟེན་པའི་བཟོ་དང༌། ལས་ཀྱི་གནས་ཤེས་པ་རྣམས་ནི་རང་རང་གི་བཟོ་དང༌། ལས་ཀྱི་གནས་སྒྲུབ་པའི་འབྲས་བུ་ཡོངས་སུ་གྲུབ་པ་སྟོན་པའི་རྣམ་པའོ། །ཇི་ལྟར་ན་སངས་རྒྱས་ཀྱི་གསུང་རབ་རྒྱུ་དང་འབྲས་བུ་ཕྱིན་ཅི་མ་ལོག་པ་སྟོན་ཅེ་ན། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་དང༌། འཇིག་རྟེན་པ་རྣམས་ཀྱི་ལོག་རྟོག་ལ་སོགས་པ་ལུང་དུ་མ་བསྟན་པ་དེ་དང༌། དེ་དག་འབྱུང་བའི་རྒྱུ་བཅུ་པོ་འདི་དག་ནི་ཕྱིན་ཅི་མ་ལོག་པའི་རྒྱུ་རྣམ་པར་གཞག་པ་དང་རྒྱུ་ཐམས་ཅད་བསྡུས་པ་ཡིན་པར་རིག་པར་བྱའོ། །རྒྱུ་བཅུ་པོ་དག་གང་ཞེ་ན། རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་དང༌། ལྟོས་པའི་རྒྱུ་དང༌། འཕེན་པའི་རྒྱུ་དང༌། ཡོངས་སུ་འཛིན་པའི་རྒྱུ་དང༌། མངོན་པར་འགྲུབ་པའི་རྒྱུ་དང༌། འདྲེན་པའི་རྒྱུ་དང༌། སོ་སོར་ངེས་པའི་རྒྱུ་དང༌། ལྷན་ཅིག་བྱེད་པའི་རྒྱུ་དང༌། མི་མཐུན་པའི་རྒྱུ་དང༌། མི་མཐུན་པ་མེད་པའི་རྒྱུའོ། །དེ་ལ་ཆོས་ཐམས་ཅད་ཀྱི་མིང་དང༌། མིང་སྔོན་དུ་འགྲོ་བའི་འདུ་ཤེས་དང༌། འདུ་ཤེས་སྔོན་དུ་འགྲོ་བའི་བརྗོད་པ་གང་ཡིན་པ་དེ་ནི་ཆོས་དེ་དང་དེ་དག་གི་རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་ཡིན་ནོ། །དེ་ལ་གང་ལ་ལྟོས་ཤིང་རྒྱུ་གང་ལས་བྱུང་བ་དངོས་པོ་གང་ལ་འདོད་པ་དང་ལེན་པར་གྱུར་པ་དེ་ནི་དེའི་ལྟོས་པའི་རྒྱུ་ཞེས་བྱ་སྟེ། འདི་ལྟ་སྟེ། ལག་པ་ལ་ལྟོས་ཤིང་ལག་པའི་རྒྱུ་ལས་བྱུང་བ་ནི་ལེན་པའི་ལས་སོ། །རྐང་པ་ལ་ལྟོས་ཤིང་རྐང་པའི་རྒྱུ་ལས་བྱུང་བ་ནི་འགྲོ་བ་དང་འོང་བའི་ལས་སོ། །ཚིགས་ལ་ལྟོས་ཤིང་ཚིགས་ཀྱི་རྒྱུ་ལས་བྱུང་བ་ནི་བསྐུམ་པ་དང་བརྐྱང་བའི་ལས་སོ། །བཀྲེས་པ་དང་སྐོམ་པ་ལ་ལྟོས་ཤིང་བཀྲེས་པ་དང་སྐོམ་པའི་རྒྱུ་ལས་བྱུང་བ་ནི་ཟས་དང་སྐོམ་ལེན་པ་དང་ཚོལ་བ་ཡིན་ཏེ། དེ་ལྟ་བུ་དང་མཐུན་པ་ཚད་མེད་པའི་ཡུལ་དང་ལྡན་པ་ནི་ལྟོས་པའི་རྒྱུ་ཡིན་པར་རིག་པར་བྱའོ། །དེ་ལ་ས་བོན་ནི་རང་གི་འབྲས་བུ་ཐ་མའི་བར་གྱི་འཕེན་པའི་རྒྱུ་ཡིན་ནོ། །ས་བོན་མ་གཏོགས་པར་དེ་ལས་


DTG129_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་པའི་རྐྱེན་ནི་ཡོངས་སུ་འཛིན་པའི་རྒྱུ་ཡིན་ནོ། །ས་བོན་དེ་ཉིད་ནི་རང་གི་འབྲས་བུ་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ། །ས་བོན་ལས་གྲུབ་པའི་འབྲས་བུ་དེ་ནི་ས་བོན་གྱིས་འཕངས་པའི་འབྲས་བུ་ཕྱི་མའི་འདྲེན་པའི་རྒྱུ་ཡིན་ནོ། །རྣམ་པ་སྣ་ཚོགས་རྣམ་པ་ཐ་དད་པའི་རྒྱུ་ཉིད་ནི་སོ་སོར་ངེས་པའི་རྒྱུ་ཡིན་ནོ། །ལྟོས་པའི་རྒྱུ་གང་ཡིན་པ་དང༌། འཕེན་པའི་རྒྱུ་གང་ཡིན་པ་དང༌། ཡོངས་སུ་འཛིན་པའི་རྒྱུ་གང་ཡིན་པ་དང༌། མངོན་པར་འགྲུབ་པའི་རྒྱུ་གང་ཡིན་པ་དང༌། འདྲེན་པའི་རྒྱུ་གང་ཡིན་པ་དང༌། སོ་སོར་ངེས་པའི་རྒྱུ་གང་ཡིན་པའི་རྒྱུ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་ལྷན་ཅིག་བྱེད་པའི་རྒྱུ་ཞེས་བྱའོ། །སྐྱེ་བ་ལ་བར་དུ་གཅོད་པའི་རྒྱུ་ནི་མི་མཐུན་པའི་རྒྱུ་ཡིན་ནོ། །བར་དུ་གཅོད་པ་མེད་པ་ནི་མི་མཐུན་པ་མེད་པའི་རྒྱུ་ཡིན་ནོ། །དེ་ལ་མི་མཐུན་པའི་རྒྱུ་ནི་མདོར་བསྡུ་ན་རྣམ་པ་དྲུག་སྟེ། ཚིག་མི་མཐུན་པ་ནི་འདི་ལྟ་སྟེ། དགེ་སྦྱོང་དང༌། བྲམ་ཟེ་ཁ་ཅིག་གི་བསྟན་བཅོས་སྔ་ཕྱི་མི་མཐུན་པ་རྣམས་ལྟ་བུ་ཡིན་ནོ། །རིགས་པ་དང་འགལ་བ་ནི་སྒྲུབ་པར་བྱེད་པ་ཤེས་པར་བྱ་བའི་དོན་སྒྲུབ་པ་ལ་འཐད་པར་སྒྲུབ་པའི་རིགས་པ་མི་རུང་བ་ཡིན་ནོ། །སྐྱེ་བ་དང་མི་མཐུན་པ་ནི་འདི་ལྟ་སྟེ། སྐྱེ་བའི་རྐྱེན་མེད་པ་དང༌། སྐྱེ་བ་ལ་བར་དུ་གཅོད་པའི་ཆོས་ཡོད་ན། སྐྱེ་བར་མི་འགྱུར་བ་ལྟ་བུ་ཡིན་ནོ། །ལྷན་ཅིག་གནས་པ་མི་མཐུན་པ་ནི་འདི་ལྟ་སྟེ། སྣང་བ་དང་མུན་པ་གཉིས་དང༌། འདོད་ཆགས་དང་ཞེ་སྡང་གཉིས་དང༌། བདེ་བ་དང་སྡུག་བསྔལ་གཉིས་ལྟ་བུ་ཡིན་ནོ། །མི་འཕྲོད་པའི་མི་མཐུན་པ་ནི་འདི་ལྟ་སྟེ། སྦྲུལ་དང་སྲེ་མོང་གཉིས་དང༌། བྱི་ལ་དང། བྱི་བ་གཉིས་དང༌། གཅིག་ལ་གཅིག་ཕྱིར་རྒོལ་ཞིང་དགྲར་གྱུར་པ་གཉིས་ལྟ་བུ་ཡིན་ནོ། །མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་མི་མཐུན་པ་ནི་འདི་ལྟ་སྟེ། མི་སྡུག་པ་བསྒོམ་པ་དང་འདོད་པའི་འདོད་ཆགས་གཉིས་དང༌། བྱམས་པ་བསྒོམ་པ་དང་གནོད་སེམས་གཉིས་དང། སྙིང་རྗེ་བསྒོམ་པ་དང་རྣམ་པར་འཚེ་བ་གཉིས་དང༌། བྱང་ཆུབ་ཀྱི་ཡན་ལག་དང་ལམ་ཡན་ལག་བརྒྱད་པ་བསྒོམ་པ་དང༌། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་ཐམས་ཅད་ལྟ་བུ་ཡིན་ནོ། །དོན་གྱི་སྐབས་འདིར་ནི་སྐྱེ་བ་དང་མི་མཐུན་པ་ཉིད་དུ་འདོད་དོ། །ཡང་རྒྱུ་འདི་དག་


DTG129_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ནི་རྒྱུ་གཉིས་ཀྱིས་བསྡུས་ཏེ་བསྐྱེད་པའི་རྒྱུ་དང༌། ཐབས་ཀྱི་རྒྱུ་ཡིན་ནོ། །དེ་ལ་འཕེན་པ་དང་མངོན་པར་འགྲུབ་པར་བྱེད་པའི་ས་བོན་གང་ཡིན་པ་དེ་ནི་བསྐྱེད་པའི་རྒྱུ་ཡིན་ནོ། །རྒྱུ་ལྷག་མ་རྣམས་ནི་ཐབས་ཀྱི་རྒྱུ་ཡིན་པར་རིག་པར་བྱའོ།། །།བམ་པོ་དྲུག་པ། རྐྱེན་ནི་བཞི་སྟེ། རྒྱུའི་རྐྱེན་དང༌། མཚུངས་པ་དེ་མ་ཐག་པའི་རྐྱེན་དང༌། དམིགས་པའི་རྐྱེན་དང༌། བདག་པོའི་རྐྱེན་ཏོ། །དེ་ལ་བསྐྱེད་པའི་རྒྱུ་གང་ཡིན་པ་དེ་ནི་རྒྱུའི་རྐྱེན་ཏོ། །ཐབས་ཀྱི་རྒྱུ་གང་ཡིན་པ་དེ་ནི། བདག་པོའི་རྐྱེན་ཡིན་པར་རིག་པར་བྱའོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་དང༌། དམིགས་པའི་རྐྱེན་ནི། སེམས་དང་སེམས་ལས་བྱུང་བ་པའི་ཆོས་རྣམས་ཀྱི་ཡིན་ཏེ། འདི་ལྟར་སེམས་དང་སེམས་ལས་བྱུང་བའི་ཆོས་སྔ་མ་སྐྱེས་པ་རྣམས་སྐབས་འབྱེད་པས་ཡོངས་སུ་ཟིན་པ་དང༌། དམིགས་པས་ཡོངས་སུ་ཟིན་པ་ལ་འབྱུང་ཞིང་འཇུག་པར་འགྱུར་རོ། །དེ་ལྟ་བས་ན་དེ་མ་ཐག་པའི་རྐྱེན་དང། དམིགས་པའི་རྐྱེན་ནི་ཡོངས་སུ་འཛིན་པའི་རྒྱུས་བསྡུས་པར་རིག་པར་བྱའོ། །དེ་ལ་རྒྱུ་བཅུ་པོ་འདི་དག་གིས་འཇིག་རྟེན་པའི་དངོས་པོ་ཐམས་ཅད་ནི་ཇི་ལྟར་འབྱུང་བར་འགྱུར། ཀུན་ནས་ཉོན་མོངས་པ་ནི་ཇི་ལྟར་འགྱུར་རྣམ་པར་བྱང་བར་ནི་ཇི་ལྟར་འགྱུར་ཞེ་ན། འདི་ལྟར་འཇིག་རྟེན་ན་འབྲས་བུའི་གྲངས་སུ་གཏོགས་པའི་ལོ་ཏོག་གང་དག་གིས་འཇིག་རྟེན་འདི་འཚོ་བར་བྱེད་པ་གང་ཡིན་པ་དེ་དག་གི་མིང་དང༌། འདུ་ཤེས་དང༌། ཚིག་ཏུ་བརྗོད་པ་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། ནས་དང༌། འབྲས་སཱ་ལུ་དང༌། གྲོ་དང༌། ཏིལ་དང༌། མོན་སྲན་སྡེའུ་དང༌། མོན་སྲན་གྲེའུ་དང༌། རྒྱ་སྲན་ཞེས་བྱ་བ་ལ་སོགས་པ་འདི་ནི་དེ་དག་གི་ཐ་སྙད་ནས་ཁྱེར་ཏེ་ཤོག །ཁྱེར་ཅིག་ཐོགས་ཤིག་ཞོགས་ཤིག་ཅེས་བྱ་བ་ལ་སོགས་པའི་རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་ཡིན་ནོ། །ནས་ལ་ཇི་ལྟ་བ་བཞིན་དུ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །བཀྲེས་པ་དང༌། སྐོམ་པ་དང༌། ཉམ་ཆུང་བ་དང༌། ལུས་གནས་པར་བྱ་བ་ལ་ལྟོས་པ་དང༌། ཁམ་གྱི་ཟས་མྱོང་བར་བྱེད་པ་ལ་ལྟོས་ནས། དེ་དག་འདོད་པ་དང༌། ཚོལ་བ་དང༌། ལེན་པ་དང༌། ལོངས་སྤྱོད་པར་བྱེད་པ་འདི་ནི་དེ་དག་གི་ལྟོས་པའི་རྒྱུ་ཡིན་ནོ། །རང་གི་ས་བོན་གང་དང་གང་ལས་ལོ་ཏོག་གང་དང་གང་འབྱུང་བའི་


DTG129_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ས་བོན་དེ་ནི་དེའི་འཕེན་པའི་རྒྱུ་ཡིན་ནོ། །ས་དང་ཆར་པ་ལ་སོགས་པའི་རྐྱེན་ལས་མྱུ་གུ་འབྱུང་བར་གྱུར་པ་དེ་ནི་ཡོངས་སུ་འཛིན་པའི་རྒྱུ་ཡིན་ནོ། །ས་བོན་དེ་ནི་མྱུ་གུ་དེའི་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ། །མྱུ་གུ་དང་སྡོང་པོ་དང་ལོ་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུན་དེ་ནི་ལོ་ཏོག་དེ་འགྲུབ་པ་དང་ལོ་ཏོག་དེ་ཡོངས་སུ་སྨིན་པའི་འདྲེན་པའི་རྒྱུ་ཡིན་ནོ། །ནས་ཀྱི་ས་བོན་ལས་ཀྱང་ནས་ཀྱི་མྱུ་གུ་དང༌། ནས་ཀྱི་ལོ་ཏོག་འབྱུང་བར་འགྱུར་གྱི་གཞན་ནི་མ་ཡིན་ནོ། །དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་རིག་པར་བྱ་སྟེ། འདི་ནི་དེ་དག་གི་སོ་སོར་ངེས་པའི་རྒྱུ་ཡིན་ནོ། །ལྟོས་པའི་རྒྱུ་ནས་བཟུང་སྟེ། སོ་སོར་ངེས་པའི་རྒྱུ་ལ་ཐུག་པའི་རྒྱུ་དེ་དག་ཐམས་ཅད་ནི་ལོ་ཏོག་འགྲུབ་པའི་ལྷན་ཅིག་བྱེད་པའི་རྒྱུ་ཡིན་ནོ། །འབྲུ་དེ་རྒྱུ་གང་ཡང་རུང་བ་མ་ཚང་ན་འགྲུབ་པར་མི་འགྱུར་ཏེ། དེ་ལྟ་བས་ན་དེ་དག་ཐམས་ཅད་ཚོགས་པ་ནི་ལྷན་ཅིག་བྱེད་པའི་རྒྱུ་ཞེས་བྱའོ། །སེར་བ་དང་ལོ་ཏོག་ལ་གནོད་པ་བྱུང་བ་ལ་སོགས་པ་བར་དུ་གཅོད་པ་རྣམས་ནི་མི་མཐུན་པའི་རྒྱུ་ཡིན་ནོ། །དེ་དག་མེད་དེ་བར་དུ་གཅོད་པ་མེད་པ་ནི་མི་མཐུན་པ་མེད་པའི་རྒྱུ་ཡིན་ནོ། །དེ་ལྟར་རྒྱུ་བཅུ་པོ་དེ་དག་ནི་འབྲུ་བསྡུས་པ་རྣམས་ལ་ཇི་ལྟ་བ་བཞིན་དུ་དེ་ལས་གཞན་པའི་འཇིག་རྟེན་པའི་དངོས་པོ་དག་ལ་ཡང་ཅི་རིགས་པར་སྦྱར་བར་རིག་པར་བྱའོ། །དེ་ལ་འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཐམས་ཅད་ཀྱི་མིང་དང༌། འདུ་ཤེས་དང་ཚིག་ཏུ་བརྗོད་པ་འདི་ལྟ་སྟེ། མ་རིག་པ་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དང༌། མིང་དང་གཟུགས་ནས་རྒྱས་པར་རྒ་ཤི་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་ཞེས་བྱ་བ་འདི་ནི་རེ་ཞིག་ཀུན་ནས་ཉོན་མོངས་པའི་ཐ་སྙད་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་ལ་སོགས་པའི་རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་ཡིན་ནོ། །ཡུལ་མྱོང་བ་ལ་ལྟོས་ནས་སྲིད་པའི་ཡན་ལག་འདི་དག་འཇུག་པ་དེ་དག་ནི་དེའི་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་ནོ། །ཚེ་འདི་ལ་སྐྱེས་ཤིང་བྱུང་བའི་མ་རིག་པ་ལ་སོགས་པའི་ཆོས་རྣམས་ཀྱི་ས་བོན་གང་དག་ཡིན་པ་དེ་དག་ནི་སྐྱེ་བ་གཞན་གྱི་སྐྱེ་བ་དང༌། རྒ་ཤིའི་


DTG129_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

འཕེན་པའི་རྒྱུ་ཡིན་ནོ། །སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་པ་དང༌། དམ་པའི་ཆོས་མ་ཡིན་པ་ཐོས་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། སྔོན་གོམས་པའི་འཕེན་པ་ནི་མ་རིག་པ་ལ་སོགས་པ་དག་འབྱུང་བའི་ཡོངས་སུ་འཛིན་པའི་རྒྱུ་ཡིན་ནོ། །མ་རིག་པ་ལ་སོགས་པའི་རང་རང་གི་ས་བོན་ནི་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ། །མ་རིག་པ་ལ་སོགས་པ་སྲིད་པ་ལ་ཐུག་པ་དེ་དག་ནི་ཕྱི་མ་ཕྱི་མ་འདྲེན་ཅིང་གཅིག་ནས་གཅིག་ཏུ་བརྒྱུད་པས་ཚེ་གཞན་གྱི་སྐྱེ་བ་དང༌། རྒ་ཤི་དེའི་འདྲེན་པའི་རྒྱུ་ཡིན་ནོ། །མ་རིག་པ་ལ་སོགས་པ་སྲིད་པའི་མཐར་ཐུག་པ་རང་གི་ས་བོན་རྣམས་དང་བཅས་པ་གཞན་དག་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བ་དང༌། གཞན་དག་དུད་འགྲོ་དང༌། ཡི་དགས་དང༌། ལྷ་དང་མིར་འགྱུར་བ་དེ་ནི་ཀུན་ནས་ཉོན་མོངས་པའི་སོ་སོར་ངེས་པའི་རྒྱུ་ཡིན་ནོ། །ལྟོས་པའི་རྒྱུ་ལ་སོགས་པ་སོ་སོར་ངེས་པའི་རྒྱུ་ལ་ཐུག་པ་ཡན་ཆད་རྒྱུ་དེ་དག་ཐམས་ཅད་ལྷན་ཅིག་བྱེད་པའི་རྒྱུ་ཞེས་བྱའོ། །ཀུན་ནས་ཉོན་མོངས་པ་དེའི་མི་མཐུན་པའི་རྒྱུ་ནི་རིགས་དང་ལྡན་པ་དང༌། སངས་རྒྱས་རྣམས་འབྱུང་བ་དང༌། དམ་པའི་ཆོས་བསྟན་པ་དང༌། སྐྱེས་བུ་དམ་པ་ལ་བརྟེན་པ་དང༌། དམ་པའི་ཆོས་མཉན་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པ་དང༌། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་གྲུབ་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དོ། །མི་མཐུན་པ་མེད་པའི་རྒྱུ་ནི་ཇི་སྐད་བསྟན་པའི་ཆོས་འདི་དག་ཉིད་མེད་པ་དང་བྲལ་བ་ཉིད་དོ། །དེ་ལྟར་རྒྱུ་བཅུ་པོ་འདི་དག་གིས་སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་ཐམས་ཅད་རིག་པར་བྱའོ། །དེ་ལ་རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་ཐམས་ཅད་དང༌། འགོག་པ་མྱ་ངན་ལས་འདས་པ་ལ་མྱ་ངན་ལས་འདས་པའི་མིང་དང༌། འདུ་ཤེས་དང༌། ཚིག་ཏུ་བརྗོད་པ་གང་ཡིན་པ་དེ་ནི་རྣམ་པར་བྱང་བའི་རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་ཡིན་ཏེ། དྲན་པ་ཉེ་བར་གཞག་པ་རྣམས་དང༌། ཡང་དག་པར་སྤོང་བ་རྣམས་ནས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང༌། མ་རིག་པ་འགགས་པས་འདུ་བྱེད་འགག་པ་ནས་རྒྱས་པར་སྐྱེ་བ་འགགས་པས་རྒ་ཤི་འགག་པའི་བར་དེ་དག་དང༌། དེ་ལྟ་བུ་དང་མཐུན་པ་རྣམས་ནི་རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་ཡིན་ནོ། །དེ་ལ་འདུ་བྱེད་ཀྱི་ཉེས་


DTG129_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ལ་ལྟོས་ནས་རྣམ་པར་བྱང་བ་ཚོལ་བ་དང༌། རྣམ་པར་བྱང་བ་ཡོངས་སུ་འཛིན་པ་དང༌། རྣམ་པར་བྱང་བ་ཡོངས་སུ་གྲུབ་པ་གང་ཡིན་པ་དེ་ནི་དེའི་ལྟོས་པའི་རྒྱུ་ཡིན་ནོ། །གང་ཟག་རིགས་ལ་གནས་པའི་རིགས་དང་ལྡན་པ། ཕུང་པོ་ལྷག་མ་དང་བཅས་པ་དང༌། ཕུང་པོ་ལྷག་མ་མེད་པ་འཐོབ་པའི་སྔོན་དུ་འགྲོ་བ་གང་ཡིན་པ་དེ་ནི་རྣམ་པར་བྱང་བ་འཕེན་པའི་རྒྱུ་ཡིན་ནོ། །སྐྱེས་བུ་དམ་པ་ལ་བརྟེན་པ་དང་དམ་པའི་ཆོས་མཉན་པ་དང༌། ཚུལ་བཞིན་ཡིད་ལ་བྱ་བ་དང༌། སྔོན་དབང་པོ་ཡོངས་སུ་སྨིན་པར་བྱས་པ་ནི་ཡོངས་སུ་འཛིན་པའི་རྒྱུ་ཡིན་ནོ། །རིགས་ཀྱིས་བསྡུས་པ་ནི་ཟག་པ་མེད་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་ས་བོན་དེ་དག་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དེ་དག་གི་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་རང་གི་ས་བོན་ལས་མངོན་པར་འགྲུབ་པ་དེ་དག་ནི་ཕུང་པོའི་ལྷག་མ་དང་བཅས་པ་དང༌། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་རིམ་གྱིས་འདྲེན་པའི་རྒྱུ་ཡིན་ནོ། །དེ་ལ་ཉན་ཐོས་ཀྱི་རིགས་གང་ཡིན་པ་དེ་ནི་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དང༌། རང་སངས་རྒྱས་ཀྱི་རིགས་ནི་རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དང༌། ཐེག་པ་ཆེན་པོའི་རིགས་ནི་ཐེག་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེ་ནི་རྣམ་པར་བྱང་བའི་སོ་སོར་ངེས་པའི་རྒྱུ་ཡིན་ནོ། །ལྟོས་པའི་རྒྱུ་རྣམ་པར་བྱང་བའི་ཕྱོགས་གང་ཡིན་པ་ནས། སོ་སོར་ངེས་པའི་རྒྱུ་གང་ཡིན་པའི་བར་དེ་ནི་དེའི་ལྷན་ཅིག་བྱེད་པའི་རྒྱུ་ཞེས་བྱའོ། །རིགས་དང་མི་ལྡན་པ་དང༌། སངས་རྒྱས་མི་འབྱུང་བ་དང༌། མི་ཁོམ་པར་སྐྱེས་པ་དང༌། སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་པ་དང༌། དམ་པའི་ཆོས་མ་ཡིན་པ་མཉན་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། ལོག་པར་སྒྲུབ་པ་ནི་མི་མཐུན་པའི་རྒྱུ་ཡིན་ནོ། །མི་མཐུན་པའི་རྒྱུ་དེ་ཉིད་མེད་པ་དང་བྲལ་བ་ཉིད་གང་ཡིན་པ་དེ་ནི་མི་མཐུན་པ་མེད་པའི་རྒྱུ་ཞེས་བྱའོ། །དེ་ལ་ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་མི་མཐུན་པའི་རྒྱུ་གང་ཡིན་པ་དེ་ནི་རྣམ་པར་བྱང་བའི་རྒྱུ་ཡིན་པར་བལྟ་བར་བྱའོ། །རྣམ་པར་བྱང་བའི་ཕྱོགས་ལ་མི་མཐུན་པའི་རྒྱུ་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་པར་བལྟ་བར་


DTG129_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ལྟར་ན་རྒྱུ་བཅུ་པོ་དེ་དག་གིས་ཀུན་ནས་ཉོན་མོངས་པར་འགྱུར་ལ། བཅུ་པོ་དེ་དག་ཉིད་ཀྱིས་རྣམ་པར་བྱང་བར་འགྱུར་ཏེ། འདས་པའི་དུས་ན་བྱུང་བ་དང༌། མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའི་རྒྱུ་གཞན་ནི་འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །དེ་ལ་འབྲས་བུ་གང་ཞེ་ན། མདོར་བསྡུ་ན། འབྲས་བུ་ནི་ལྔ་སྟེ། རྣམ་པར་སྨིན་པའི་འབྲས་བུ་དང༌། རྒྱུ་མཐུན་པའི་འབྲས་བུ་དང༌། བྲལ་བའི་འབྲས་བུ་དང༌། སྐྱེས་བུ་བྱེད་པའི་འབྲས་བུ་དང༌། བདག་པོའི་འབྲས་བུའོ། །མི་དགེ་བའི་ཆོ་རྣམས་ཀྱི་རྣམ་པར་སྨིན་པ་ངན་སོང་དག་ཏུ་རྣམ་པར་སྨིན་པར་འགྱུར་བ་དང༌། དགེ་བ་ཟག་པ་དང་བཅས་པ་རྣམས་ཀྱི་བདེ་འགྲོར་རྣམ་པར་སྨིན་པར་འགྱུར་བ་དེ་ནི་རྣམ་པར་སྨིན་པའི་འབྲས་བུའོ། །མི་དགེ་བ་ལ་གོམས་པས་མི་དགེ་བ་ལ་དགའ་ཞིང་མི་དགེ་བ་མང་བར་གནས་པ་དང༌། དགེ་བ་ལ་གོམས་པས་དགེ་བ་ལ་དགའ་ཞིང་དགེ་བ་མང་བ་དང༌། སྔོན་གྱི་ལས་དང་མཐུན་པས་ཕྱིས་འབྲས་བུ་རྗེས་སུ་མཐུན་པ་གང་ཡིན་པ་དེ་ནི་རྒྱུ་མཐུན་པའི་འབྲས་བུ་ཡིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པས་ཉོན་མོངས་པ་འགོག་པ་ནི་བྲལ་བའི་འབྲས་བུའོ། །སོ་སོའི་སྐྱེ་བོ་རྣམས་ཀྱི་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་འགོག་པ་གང་ཡིན་པ་དེ་ནི་གཏན་དུ་རྗེས་སུ་འཇུག་པ་མ་ཡིན་ཏེ། དེ་ལྟ་བས་ན་དེ་ནི་བྲལ་བའི་འབྲས་བུ་མ་ཡིན་ནོ། །ཚེ་འདི་ཉིད་ལ་ལ་ལ་བཟོ་དང་ལས་ཀྱི་གནས་གང་ཡང་རུང་བ་ལ་བརྟེན་ནས། སྐྱེས་བུ་བྱེད་པས་ཡང་ན་ཞིང་རྨེད་པ། ཡང་ན་ཚོང་བྱེད་དམ། ཡང་ན་རྒྱལ་པོའི་ཞ་འབྲིང་བྱེད་དམ། ཡི་གེ་དང་རྩིས་དང༌། ཤོད་དགོད་པ་དང༌། བགྲང་བ་དང༌། ལག་རྩིས་ཀྱི་ལོ་ཏོག་ལ་སོགས་པ་དང༌། རྙེད་པ་ལ་སོགས་པའི་འབྲས་བུ་མངོན་པར་འགྲུབ་པ་གང་ཡིན་པ་དེ་ནི་སྐྱེས་བུའི་བྱེད་པའི་འབྲས་བུ་ཞེས་བྱའོ། །མིག་གི་རྣམ་པར་ཤེས་པ་ནི་མིག་གི་དབང་པོའི་བདག་པོའི་འབྲས་བུའོ། །དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་ཀྱི་དབང་པོ་ཡིན་ནོ། །དེ་བཞིན་དུ་སྲོག་དང་མ་བྲལ་པ་ནི་སྲོག་གི་དབང་པོ་ཡིན་ནོ། །དེ་ལྟར་ན་དབང་པོ་ཉི་ཤུ་རྩ་གཉིས་པོ་ཐམས་ཅད་ཀྱི་སོ་སོའི་དབང་གིས་འབྲས་བུ་གང་གྲུབ་པ་དེ་ནི། བདག་པོའི་


DTG129_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཡིན་པར་རིག་པར་བྱའོ། །དབང་པོ་ཉི་ཤུ་རྩ་གཉིས་པོ་རྣམས་ཀྱི་དབང་པོ་དེ་ནི་འདི་ལྟ་སྟེ། གཞི་བསྡུ་བ་ལས་རིག་པར་བྱའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་གསུང་རབ་རྒྱུ་དང་འབྲས་བུ་ཡང་དག་པར་སྟོན་པའི་རྣམ་པ་རྟོགས་ནས་གནས་དང་གནས་མ་ཡིན་པ་ཤེས་པའི་སྟོབས་ཀྱིས་རིགས་ཀུན་ཏུ་བསྟན་པའི་རྒྱུས་རིམ་གྱིས་རྣམ་པར་དག་པར་བྱེད་ཅིང་རྣམ་པར་འཕེལ་བར་བྱེད་དོ། །མ་བྱས་པ་དང་གཞན་གྱིས་བྱས་པ་ནི་སུ་ལ་ཡང་རྣམ་པར་སྨིན་པར་མི་འགྱུར་ལ། བྱས་པ་དང་བདག་གིས་བྱས་པའི་ལས་རྣམས་ནི་འབྲས་བུ་འབྱིན་ཅིང་བསྐལ་པ་བརྒྱར་ཡང་ཆུད་ཟ་བར་མི་འགྱུར་རོ། །དེ་བཞིན་དུ་མ་བྱས་པ་དང་ཕྲད་པར་མི་འགྱུར་བ་དང༌། བྱས་པ་ཆུད་མི་ཟ་བ་སངས་རྒྱས་ཀྱི་གསུང་རབ་བསྟན་པ་ཡང་བྱང་ཆུབ་སེམས་དཔས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་ནས། ལས་བདག་གིར་བྱ་བ་ཤེས་པའི་སྟོབས་ཀྱིས་རིགས་རིམ་གྱིས་རྣམ་པར་དག་པར་བྱེད་ཅིང་རྣམ་པར་འཕེལ་བར་བྱེད་དོ། །དེ་ལ་ཇི་ལྟར་བྱང་ཆུབ་སེམས་དཔའ་ཐོས་པ་ཚོལ་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གུས་པ་ཆེན་པོ་ཉེ་བར་བཞག་ནས་ལེགས་པར་གསུངས་པ་ལེགས་པར་བསྙད་པའི་ཆོས་ཚོལ་ཏེ། དེ་ནི་མདོར་བསྡུ་ན་འདི་ལྟ་བུའི་ཚུལ་གྱིས་ཀྱང་ལེགས་པར་གསུངས་པ་ལ་གུས་པ་ཉེ་བར་གནས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་ལེགས་པར་གསུངས་པ་གཅིག་མཉན་པའི་ཕྱིར་ཡང་གལ་ཏེ་དེ་ལྟར་མ་བྱས་ན་ལེགས་པར་གསུངས་པ་ཐོས་པར་མི་འགྱུར་བ་ལྟ་ན་ལྕགས་ཀྱིས་གཞི་ཚ་ཞིང་འབར་བ་ལ་ཡང་མཆོག་ཏུ་དགའ་བ་དང༌། གུས་པའི་མཆོག་གིས་འགྲོ་བར་བྱེད་ན། ལེགས་པར་གསུངས་པ་མང་པོའི་ཕྱིར་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའི་ལུས་ཀྱི་ཡོ་བྱད་ཟས་དང༌། སྐོམ་ལ་སོགས་པ་གཞན་དག་ལ་ལྟ་ཅི་སྨོས་ཀྱི། བདག་གི་ལུས་ཀྱི་ཁོག་པ་ལ་དགའ་བ་དང། གུས་པ་གང་ཡིན་པ་དང༌། ལེགས་པར་གསུངས་པ་མཉན་པ་ལ་དགའ་བ་དང༌། གུས་པ་གང་ཡིན་པ་ལས་དགའ་བ་དང༌། གུས་པ་སྔ་མ་ནི་དགའ་བ་དང་གུས་པ་ཕྱི་མ་དང་སྦྱར་ན་བརྒྱའི་ཆར་ཡང་མི་ཕོད་དོ། །སྟོང་གི་ཆ་དང༌། གྲང་དང༌། ཆ་དང༌། བགྲང་བ་དང༌། རྒྱུར་ཡང་


DTG129_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཕོད་དོ། །དེ་དེ་ལྟར་ལེགས་པར་གསུངས་པ་ལ་གུས་པར་གྱུར་ནས། ལེགས་པར་གསུངས་པ་ཉན་པ་ན་སྐྱོ་བར་ཡང་མི་འགྱུར་ཆོག་ཤེས་པར་ཡང་མི་འགྱུར་ཏེ། དད་པ་དང་ལྡན་ཞིང་དད་པ་མང་བ་དང༌། རྒྱུད་མཉེན་ཅིང་དྲང་བ་དང༌། ལྟ་བ་དྲང་པོ་ཡིན་ནོ། །དེ་ཡོན་ཏན་འདོད་པས་ཆོས་སྨྲ་བའི་ཐད་དུ་འགྲོ་བར་བྱེད་ཀྱི། ཀླན་ཀ་ཚོལ་བའི་སེམས་ཀྱིས་ནི་མ་ཡིན་ནོ། །གུས་པ་དང་བཅས་པས་འགྲོའི་ང་རྒྱལ་གྱི་ཁེངས་པས་ནི་མ་ཡིན་ནོ། །དགེ་བ་ཇི་ལྟ་བུ་ཞིག་བཙལ་སྙམ་པས་འགྲོའི་བདག་ཉིད་བསྒྲགས་པའི་ཕྱིར་ནི་མ་ཡིན་ནོ། །བདག་དང་གཞན་དག་དགེ་བའི་རྩ་བ་ལ་ཡང་དག་པར་སྦྱོར་བར་བྱའོ་སྙམ་གྱི་རྙེད་པ་དང་བཀུར་སྟིའི་ཕྱིར་མ་ཡིན་ནོ། །དེ་དེ་ལྟར་འགྲོ་བ་དང་ལྡན་པས་ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་གཡེང་བ་མེད་པར་ཆོས་ཉན་ཏོ། །ཇི་ལྟར་ཀུན་ནས་ཉོན་མོངས་པ་མེད་པར་ཉན་ཅེ་ན། ཁེངས་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བ་དང༌། ཁྱད་དུ་གསོད་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བ་དང༌། ཞུམ་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བས་སོ། །དེ་ལ་རྣམ་པ་དྲུག་གིས་ནི་ཁེངས་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་འགྱུར། རྣམ་པ་བཞིས་ནི་ཁྱད་དུ་གསོད་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་འགྱུར། རྣམ་པ་གཅིག་གིས་ནི་ཞུམ་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་འགྱུར་ཏེ། དུས་སུ་ཉན་པ་དང༌། བཀུར་སྟི་བྱེད་པ་དང༌། སྲིད་ཞུ་བྱེད་པ་དང༌། མི་ཁྲོ་བ་དང༌། རྗེས་སུ་སྒྲུབ་པ་དང༌། ཀླན་ཀ་མི་ཚོལ་བ་དང༌། རྣམ་པ་དྲུག་པོ་འདི་དག་གིས་ནི་ཁེངས་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་འགྱུར་རོ། །ཆོས་ལ་གུས་པ་ཉེ་བར་གཞག་པ་དང༌། ཆོས་སྨྲ་བའི་གང་ཟག་ལ་གུས་པ་ཉེ་བར་གཞག་པ་དང༌། ཆོས་ལ་ཁྱད་དུ་མི་གསོད་པ་དང༌། ཆོས་སྨྲ་བའི་གང་ཟག་ལ་ཁྱད་དུ་མི་གསོད་པ་དང༌། རྣམ་པ་བཞི་པོ་དེ་དག་གིས་ནི་ཁྱད་དུ་གསོད་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་ཉན་ནོ། །བདག་ཉིད་ལ་ཁྱད་དུ་མི་གསོད་པར་ཉན་པར་བྱེད་དོ། །རྣམ་པ་གཅིག་པོ་འདིས་ཞུམ་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བས་ཉན་པར་བྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཀུན་ནས་ཉོན་མོངས་པ་མེད་པར་ཆོས་ཉན་པ་ཡིན་ནོ། །དེ་ལ་ཇི་ལྟར་ན་


DTG129_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་རྣམ་པར་མི་གཡེང་བར་ཆོས་ཉན་ཅེ་ན། རྣམ་པ་ལྔ་སྟེ། ཀུན་ཤེས་པར་བྱ་བའི་སེམས་དང་ལྡན་པ་དང༌། སེམས་རྩེ་གཅིག་པ་དང༌། རྣ་བླགས་པ་དང༌། ཡིད་བཏུད་པ་དང༌། སེམས་ཀུན་གྱིས་བསམས་ནས་ཆོས་ཉན་པ་ཉན་ནུས་ཏེ། བྱང་ཆུབ་སེམས་དཔའ་ནི་དེ་ལྟར་ཐོས་པ་ཚོལ་བར་བྱེད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་ཅིའི་ཕྱིར་ཐོས་པ་ཚོལ་བར་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཀྱི་ནན་ཏན་གྱིས་ཡང་དག་པར་བསྒྲུབ་པར་བྱ་བའི་ཕྱིར་དང༌། གཞན་དག་ལ་ཡང་རྒྱ་ཆར་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་བཀའ་ཡོངས་སུ་ཚོལ་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་གཏན་ཚིགས་ཀྱི་རིག་པ་ཚོལ་བར་བྱེད་དེ། བསྟན་བཅོས་དེ་ཉིད་ལ་ཉེས་པར་བཤད་པ་དང༌། ཉེས་པར་བརྗོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་དང༌། ཕས་ཀྱི་རྒོལ་བ་ཚར་གཅད་པའི་ཕྱིར་དང༌། བསྟན་པ་འདི་ལ་མ་དད་པ་རྣམས་དད་པར་བྱ་བའི་ཕྱིར་དང༌། དད་པ་རྣམས་ཀྱང་ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་སྒྲའི་རིག་པ་ཚོལ་བར་བྱེད་དེ། ཚིག་དང་ཡི་གེ་ངེས་པའི་ཚིག་བཟང་པོ་དཔྱོད་པས་ལེགས་པར་སྦྱར་ཏེ། བརྗོད་པ་ལ་མོས་པ་རྣམས་བདག་ལ་ཡིད་ཆེས་པ་བསྐྱེད་པའི་ཕྱིར་དང༌། དོན་གཅིག་ལ་ཡང་ངེས་པའི་ཚིག་རྣམ་པ་སྣ་ཚོགས་ཀྱིས་རྗེས་སུ་ཐ་སྙད་གདགས་པ་ལ་འཇུག་པར་བྱ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་གསོ་བའི་བསྟན་བཅོས་ཚོལ་བར་བྱེད་དེ། སེམས་ཅན་རྣམས་ཀྱི་ནད་རྣམ་པ་སྣ་ཚོགས་རྣམ་པར་ཞི་བར་བྱ་བའི་ཕྱིར་དང༌། སྐྱེ་བོའི་ཚོགས་ཆེན་པོ་ལ་ཕན་གདགས་པར་བྱ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་པའི་བཟོ་དང་ལས་ཀྱི་གནས་ཤེས་པ་རྣམས་ཚོལ་བར་བྱེད་དོ། །སེམས་ཅན་རྣམས་ཀྱི་དོན་དུ་ཚོགས་ཆུང་ངུས་ལོངས་སྤྱོད་བསྒྲུབ་པའི་ཕྱིར་དང། སེམས་ཅན་རྣམས་ཀྱིས་གཅེས་པར་བྱ་བ་བསྐྱེད་པའི་ཕྱིར་དང༌། བཟོ་དང་ལས་ཀྱི་གནས་ཤེས་པ་སྦྱིན་པའི་ཕན་འདོགས་པས་བསྡུས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་རིག་པའི་གནས་ལྔ་པོ་འདི་དག་ཐམས་ཅད་ཚོལ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་


DTG129_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཏེ། ཐམས་ཅད་ལ་དེ་ལྟར་མ་བསླབས་ན་རིམ་གྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲིབ་པ་མེད་པ་ཐོབ་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་གང་ཚོལ་བ་དང༌། ཇི་ལྟར་ཚོལ་བ་དང༌། གང་གི་ཕྱིར་ཚོལ་བ་དེ་ནི་བཤད་ཟིན་ཏོ། །དེ་ལ་བྱང་ཆུབ་སེམས་དཔས་གཞན་དག་ལ་ཅི་ཞིག་སྟོན་ཅི་ལྟར་སྟོན། ཅིའི་ཕྱིར་སྟོན་ཅེ་ན། དེ་ལ་གང་བཙལ་བ་དེ་ཉིད་སྟོན་ཏོ། །གང་གི་ཕྱིར་བཙལ་བ་དེ་ཉིད་ཀྱི་ཕྱིར་གཞན་དག་ལ་སྟོན་ཏོ། །རྣམ་པ་གཉིས་ཀྱིས་སྟོན་ཏེ། མཐུན་པའི་ཕྱིར་གཏམ་བརྗོད་པ་དང༌། ཡོངས་སུ་དག་པས་སོ། །དེ་ལ་ཇི་ལྟར་ན་མཐུན་པའི་གཏམ་བརྗོད་ཅེ་ན། སྤྱོད་ལམ་གྱི་ཚུལ་དང་མཐུན་པའི་གནས་པ་ལ་སྟོན་གྱིས། ཚུལ་དང་མི་མཐུན་པ་ལ་མ་ཡིན་ཏེ། མིན་པར་སྟན་ཆེས་མཐོ་བ་ལ་འདུག་པ་ལ་མ་ཡིན། མགོ་གཡོགས་པ་ལ་མ་ཡིན། མདུན་དུ་འགྲོ་བ་ལ་མ་ཡིན་ཏེ། རྒྱས་པར་མདོ་ལས་ཇི་སྐད་བྱུང་བ་བཞིན་དུ་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བླ་མ་ཡིན་པའི་ཕྱིར་ཏེ། ཆོས་ལ་བཀུར་སྟི་བྱས་ན་གཞན་དག་ཀྱང་ཤས་ཆེར་ཆོས་ལ་གུས་པ་བསྐྱད་པར་འགྱུར་ལ། ཉན་པའི་ཚེ་ཡང་གུས་པར་བྱེད་ཅིང་ཁྱད་དུ་གསོད་པར་མི་བྱེད་དོ། །ཆོས་ལ་སེར་སྣ་མི་བྱེད་པ་དང༌། ཆོས་རྣམས་ལ་སློབ་དཔོན་གྱིས་དཔེ་མཁྱུད་མི་བྱེད་པར་ཐམས་ཅད་ལ་སྟོན་ཅིང་རྒྱུན་མི་འཆད་པར་ཐམས་ཅད་ལ་སྟོན་ཏོ། །ཚིག་དང་ཡི་གེ་གོ་རིམས་བཞིན་དུ་སྟོན་ཅིང༌། ཚིག་དང་ཡི་གེ་གོ་རིམས་བཞིན་དུ་བསྟན་ནས་ཀྱང༌། གོ་རིམས་ཁོ་ན་བཞིན་དུ་དོན་རྣམ་པར་འབྱེད་དོ། །ཆོས་ཀྱང་དོན་དང་ལྡན་པ་དང༌། དོན་ཡང་ཆོས་དང་ལྡན་པར་སྟོན་ཅིང་འཆད་ཀྱི། དོན་དང་མི་ལྡན་པ་ནི་མ་ཡིན་ནོ། །ཡང་དག་པར་བསྟན་པར་འོས་པ་རྣམས་ལ་ནི་ཡང་དག་པར་སྟོན། ཡང་དག་པར་འཛིན་དུ་གཞུག་པར་འོས་པ་རྣམས་ལ་ནི་ཡང་དག་པར་འཛིན་དུ་འཇུག །ཡང་དག་པར་གཟེངས་བསྟོད་པར་འོས་པ་རྣམས་ལ་ནི་ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱ་བར་འོས་པ་རྣམས་ལ་ནི་ཡང་དག་པར་དགའ་བར་བྱེད་དོ། །མངོན་སུམ་དང༌། རྗེས་སུ་དཔག་པ་དང༌། ཡིད་ཆེས་པའི་ལུང་དང་ལྡན་པའི་གཏམ་བྱེད་ཀྱི། ཚད་མ་དང་མི་ལྡན་པ་ནི་མ་ཡིན་ནོ། །


DTG129_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་འགྲོར་འགྲོ་བ་དང༌། མཐུན་པ་དང༌། འཇུག་སླ་ཞིང་གླགས་གླགས་པ་མ་ཡིན་པས་རྣམ་པར་མ་འཁྲུགས་པ་དང༌། འཕགས་པའི་བདེན་པ་བཞི་དང་ལྡན་པ་ལ་ཡང་ངོ༌། །འཁོར་ཐམས་ཅད་དུ་ཡང་འཁོར་གང་ལ་གཏམ་གང་བྱ་བར་འོས་པ་དེ་ཉིད་ལ་གཏམ་དེ་བྱེད་དེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏམ་ནི་རེ་ཞིག་རྣམ་པ་བཅོ་ལྔ་པོ་དེ་དག་གིས་སེམས་ཅན་རྣམས་ལ་གཞན་གྱི་དོན་ཐམས་ཅད་ལ་མཐུན་པ་ཡིན་པར་རིག་པར་བྱའོ། །ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གནོད་པ་བྱེད་པ་དག་ལ་ནི་བྱམས་པའི་སེམས་ཉེ་བར་གཞག་སྟེ་གཏམ་བྱེད་དོ། །སེམས་ཅན་ཉེས་པར་སྤྱད་པ་སྤྱོད་པ་རྣམས་ལ་ནི་ཕན་པའི་སེམས་ཉེ་བར་གཞག་སྟེ་གཏམ་བྱེད་དོ། །སེམས་ཅན་སྐྱིད་པ་དང་སྡུག་བསྔལ་བ་དང༌། བག་མེད་པ་རྣམས་དང༌། ཞུམ་པ་རྣམས་ལ་ཕན་པ་དང༌། བདེ་བ་དང་སྙིང་བརྩེ་བའི་སེམས་ཉེ་བར་གཞག་སྟེ་གཏམ་བྱེད་དོ། །ཕྲག་དོག་གིས་ཀུན་ནས་དཀྲིས་པའི་དབང་དུ་བྱས་ཏེ། བདག་ལ་སྟོད་པར་མི་བྱེད། གཞན་ལ་སྨོད་པར་མི་བྱེད་དོ། །ཟང་ཟིང་མེད་པའི་སེམས་ཀྱིས་རྙེད་པ་དང༌། བཀུར་སྟི་དང༌། ཚིགས་སུ་བཅད་པ་ལ་མི་རེ་བར་གཞན་དག་ལ་ཆོས་སྟོན་ཏེ། བྱང་ཆུབ་སེམས་དཔའ་ནི་རྣམ་པ་ལྔ་པོ་དེ་དག་གིས་ཡོངས་སུ་དག་པའི་གཏམ་བྱེད་དོ། །དེ་དག་ཀྱང་མདོར་བསྡུ་ན་རྣམ་པ་ཉི་ཤུར་འགྱུར་ཏེ། དུས་དང་བཀུར་སྟི་དང༌། གོ་རིམས་དང༌། མཚམས་སྦྱོར་བ་དང༌། རྗེས་སུ་མཐུན་པ་དང༌། དགའ་བར་བྱེད་པ་དང༌། འདོད་པར་བྱེད་པ་དང༌། མགུ་བར་བྱེད་པ་དང༌། སྤྲོ་བར་བྱེད་པ་དང༌། སྨ་མི་འབེབས་པ་དང༌། རིག་པ་དང་འཚམ་པ་དང༌། མ་འདྲེས་པ་དང༌། ཆོས་དང་ལྡན་པ་དང༌། འཁོར་ཇི་ལྟ་བ་དང་བྱམས་པའི་སེམས་དང༌། ཕན་པའི་སེམས་དང༌། སྙིང་བརྩེ་བའི་སེམས་དང༌། རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ལ་མི་གནས་པ་དང༌། བདག་ལ་མི་བསྟོད་ཅིང་གཞན་ལ་མི་སྨོད་པ་སྟེ། བྱང་ཆུབ་སེམས་དཔའ་ནི་དེ་ལྟར་གཞན་དག་ལ་ཆོས་སྟོན་པར་བྱེད་དོ། །དེ་ལ་བྱང་ཆུབ་སེམས་དཔའི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་གང་ཞེ་ན། མདོར་བསྡུ་ན་རྣམ་པ་ལྔར་རིག་པར་བྱ་སྟེ། ཇི་ལྟར་ཡོངས་སུ་བཙལ་བ་དང༌། ཇི་ལྟར་བཟུང་བའི་ཆོས་དེ་དག་ཉིད་ལུས་དང་


DTG129_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ངག་དང་ཡིད་ཀྱིས་རྗེས་སུ་བསྒྲུབ་པ་དང༌། ལེགས་པར་སེམས་པ་དང༌། སྒོམ་པར་བྱེད་པ་དང༌། བཅོམ་ལྡན་འདས་ཀྱིས་ཆོས་གང་དག་ལུས་དང༌། ངག་དང་ཡིད་ཀྱིས་བྱེད་དུ་མ་གནང་བ་དག་དང༌། གང་དག་ལུས་དང་ངག་དང་ཡིད་ཀྱིས་བྱེད་དུ་མ་གནང་བ་ལུས་དང་ངག་དང་ཡིད་ཀྱི་ལས་དེ་དེ་ཁོ་ན་བཞིན་དུ་ཡོངས་སུ་སྤོང་བ་དང༌། སོ་སོར་བསྟེན་ཅིང་ཡང་དག་པར་སྡུད་ལ། ལུས་དང་ངག་དང་ཡིད་ཀྱིས་རྗེས་སུ་སྒྲུབ་པ་ནི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ལེགས་པར་སེམས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཇི་སྐད་ཐོས་པའི་ཆོས་རྣམས་བསམ་པར་འདོད་པ་དང༌། གཞལ་བར་འདོད་པ་དང༌། ཉེ་བར་བརྟག་པར་འདོད་པ་ནི་གཅིག་པུ་དབེན་པར་སོང་སྟེ། ཐོག་མ་ཁོ་ནར་བསམ་པར་བྱ་བ་མ་ཡིན་པའི་གནས་རྣམས་སྤངས་ནས། ཆོས་རྣམས་བསམ་པ་བརྩོན་པར་བྱེད་དོ། །རྟག་ཏུ་གུས་པར་བྱེད་པའི་སྦྱོར་བས་རྒྱུན་དུ་སེམས་པར་བྱེད་དོ། །ལྷོད་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་པ་ལ་ཞུགས་པ་ནི་ལ་ལ་ལ་ནི་རིགས་པས་དཔྱད་ཅིང་རྗེས་སུ་འཇུག་པར་བྱེད་དོ། །ལ་ལ་ལ་ནི་མོས་པ་ཁོ་ནར་བྱེད་དོ། །སེམས་པ་ན་ཡང་དོན་ལ་རྟོན་པར་བྱེད་ཀྱི། ཚིག་འབྲུ་ལ་རྟོན་པར་མི་བྱེད་དོ། །ནག་པོ་བསྟན་པ་དང༌། ཆེན་པོ་བསྟན་པ་རྣམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་བྱེད་དོ། །ཐོག་མ་འཇུག་པ་ནས་ཀྱང་སེམས་པ་ལ་འཇུག་གོ །ཞུགས་ནས་ཀྱང་ཡང་དག་ཡང་དུ་ཡིད་ལ་བྱེད་པས་སྙིང་པོ་ཉིད་ཐོབ་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་བསམ་པར་བྱ་བ་མ་ཡིན་པ་སྤོང་བ་ན་རྨོངས་པ་དང་སེམས་གཡེངས་པར་མི་འགྱུར་རོ། །རྟག་ཏུ་གུས་པར་བྱེད་པའི་སྦྱོར་བས་རྒྱུན་དུ་སེམས་པར་བྱེད་ན་སྔོན་མ་རྟོགས་པའི་དོན་ཁོང་དུ་ཆུད་ཅིང་ཐོབ་པར་འགྱུར་ལ། རྟོགས་ཤིང་ཐོབ་པར་འགྱུར་བའི་དོན་ཡང་ཆུད་ཟ་བར་མི་འགྱུར་ཏེ་བརྗེད་པར་མི་འགྱུར་རོ། །ལ་ལ་ནི་རིགས་པས་རྣམ་པར་དབྱེ་ཞིང་བརྟགས་ན་རིགས་པས་བརྟགས་པའི་ཆོས་དེ་དག་ལ་གཞན་གྱི་དྲིང་མི་འཇོག་པར་འགྱུར་རོ། །ལ་ལ་ཞིག་མོས་པའི་ཚེ་ཆོས་ཟབ་མོ་གང་དག་ལ་དེའི་བློ་འཇུག་པར་མ་གྱུར་ན་ཡང་ཆོས་དེ་དག་ནི་དེ་བཞིན་གཤེགས་པའི་


DTG129_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཡུལ་ཡིན་གྱི། བདག་གི་བློའི་སྤྱོད་ཡུལ་མ་ཡིན་ནོ་ཞེས་དེ་ལྟར་ཆོས་དེ་དག་མི་སྤོང་ན་བདག་ཉིད་མ་སྨས་མ་ཉམས་པར་བསྲུང་ཞིང་ཁ་ན་མ་ཐོ་བ་མེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དོན་ལ་རྟོན་གྱི་ཚིག་འབྲུ་ལ་མི་རྟོན་ན་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་ཏེ་གསུངས་པ་ཐམས་ཅད་ཀྱི་རྗེས་སུ་འཇུག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནག་པོ་བསྟན་པ་དང༌། ཆེན་པོ་བསྟན་པ་ལ་མཁས་པ་ནི་དེ་ཁོ་ནའི་དོན་ལ་སུས་ཀྱང་རྣམ་པར་བསྐྱོད་པའམ། རྣམ་པར་བསྐུལ་བར་ཇི་ལྟར་ཡང་མི་ནུས་སོ། །བྱང་ཆུབ་སེམས་དཔའ་ཐོག་མ་ནས་སེམས་དཔའ་ལ་འཇུག་པ་ནི་བཟོད་པ་སྔོན་མ་ཐོབ་པ་ཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་བཟོད་པ་ཐོབ་པ་དེ་ཉིད་སྙིང་པོར་བྱེད་པ་ནི་བསྒོམ་པ་ལ་རྗེས་སུ་འཇུག་པ་སྟེ། བསམ་པར་བསྡུས་པ་རྣམ་པ་བརྒྱད་པོ་འདི་དག་གིས་བྱང་ཆུབ་སེམས་དཔའི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པ་ལ་ཞུགས་པ་ཡིན་ནོ། །བསྒོམ་པ་གང་ཞེ་ན། མདོར་བསྡུ་ན་རྣམ་པ་བཞིར་རིག་པར་བྱ་སྟེ། ཞི་གནས་དང༌། ལྷག་མཐོང་དང༌། ཞི་གནས་དང་ལྷག་མཐོང་ལ་གོམས་པ་དང༌། ཞི་གནས་དང་ལྷག་མཐོང་ལ་མངོན་པར་དགའ་བའོ། །དེ་ལ་ཞི་གནས་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་བསམ་པ་རྣམ་པ་བརྒྱད་པོ་དག་ཤིན་ཏུ་རྫོགས་པའི་ཕྱིར་བརྗོད་དུ་མེད་པའི་དངོས་པོ་ཙམ་དང༌། དོན་ཙམ་གྱི་དམིགས་པ་ལ་སེམས་ངེས་པར་བཏགས་ནས། སྤྲོས་པ་ཐམས་ཅད་དང་བྲལ་བ་དང༌། སེམས་ཡོངས་སུ་གཡེང་བ་ཐམས་ཅད་དང་བྲལ་བའི་འདུ་ཤེས་ཡིད་ལ་བྱེད་པས་དམིགས་པ་ཐམས་ཅད་ལ་མོས་པས་ན། ནང་གི་ཏིང་ངེ་འཛིན་གྱི་མཚན་མ་རྣམས་ལ་སེམས་འཇོག་པར་བྱེད་པ་དང༌། ཡང་དག་པར་འཇོག་པར་བྱེད་པ་ན། རྒྱས་པར་རྒྱུད་གཅིག་ཏུ་བྱེད་པ་དང༌། ཏིང་ངེ་འཛིན་དུ་བྱེད་རྩེ་གཅིག་ཏུ་བྱེད་ཅིང་མཉམ་པར་འཇོག་པ་འདི་ནི་ཞི་གནས་ཞེས་བྱའོ། །ལྷག་མཐོང་གང་ཞེ་ན། ཞི་གནས་ཡོངས་སུ་བསྒོམ་པའི་ཡིད་ལ་བྱེད་པ་དེ་ཉིད་ཀྱིས་ཇི་ལྟར་བསམ་པའི་ཆོས་དེ་དག་ཉིད་ཀྱི་མཚན་མ་ཡིད་ལ་བྱེད་ཅིང་འབྱེད་པ་དང༌། རབ་ཏུ་རྣམ་པར་འབྱེད་པ་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པ་ནས། རྒྱས་པར་མཁས་པ་དང༌། ཤེས་རབ་ཀྱི་འཇུག་པའི་བར་གང་ཡིན་


DTG129_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ནི་ལྷག་མཐོང་ཞེས་བྱའོ། །ཞི་གནས་དང༌། ལྷག་མཐོང་ལ་གོམས་པ་གང་ཞེ་ན། ཞི་གནས་དང་ལྷག་མཐོང་ལ་རྟག་ཏུ་སྦྱོར་ཞིང་གུས་པར་སྦྱོར་བ་གང་ཡིན་པའོ། །ཞི་གནས་དང་ལྷག་མཐོང་ལ་མངོན་པར་དགའ་བ་གང་ཞེ་ན། ཞི་གནས་དང་ལྷག་མཐོང་གི་མཚན་མ་དེ་དག་གཉིས་ལས་སེམས་མི་གཡོ་ལ་རང་གི་ངང་གིས་མངོན་པར་འདུ་ཤེས་མེད་པར་འཇུག་ཅིང་གནས་པ་དང༌། སྡུད་ཅིང་མི་འཕྲོ་བ་གང་ཡིན་པ་འདི་ནི་ཞི་གནས་དང༌། ལྷག་མཐོང་ལ་མངོན་པར་དགའ་བ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ཇི་ལྟ་ཇི་ལྟར་ཞི་གནས་དང་ལྷག་མཐོང་ལ་གོམས་པར་བྱེད་པ་དེ་ལྟ་དེ་ལྟར་ཞི་གནས་དང་ལྷག་མཐོང་ལ་མངོན་པར་དགའ་བར་གནས་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་ཞི་གནས་དང་ལྷག་མཐོང་ལ་མངོན་པར་དགའ་བར་གནས་པ་དེ་ལྟ་དེ་ལྟར་ཞི་གནས་དང་ལྷག་མཐོང་ཡོངས་སུ་དག་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་ཞི་གནས་རྣམ་པར་དག་པ་དེ་ལྟ་དེ་ལྟར་ལུས་ཤིན་ཏུ་སྦྱངས་པ་དང༌། སེམས་ཤིན་ཏུ་སྦྱངས་པ་ཆེ་བ་དང༌། འཕེལ་བ་དང་རྒྱས་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་ལྷག་མཐོང་རྣམ་པར་དག་པ་དེ་ལྟ་དེ་ལྟར་ཡེ་ཤེས་མཐོང་བ་ཆེ་བ་དང་འཕེལ་བ་དང་རྒྱས་པར་འགྱུར་རོ། །བསྒོམ་པའི་བྱ་བ་ནི་འདིར་ཟད་དེ། འདི་ལྟ་སྟེ། རྟེན་ལ་ཡོད་པའི་གནས་ངན་ལེན་བསལ་བར་བྱ་བ་དང༌། ཤེས་བྱ་ཐམས་ཅད་ལ་ཡང་ཡེ་ཤེས་མཐོང་བ་རྣམ་པར་དག་པར་བྱ་བ་སྟེ། བྱང་ཆུབ་སེམས་དཔའི་བསྒོམ་པའི་ལས་དེ་དག་ཐམས་ཅད་ཀྱང་བསྒོམ་པ་རྣམ་པ་བཞི་པོ་འདིས་འགྲུབ་པར་འགྱུར་རོ། །གདམས་ངག་གང་ཞེ་ན། མདོར་བསྡུ་ན་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ནི་གང་དག་ལ་འདོམས་པར་འདོད་པའམ། བྱང་ཆུབ་སེམས་དཔའ་གཞན་ནམ། དེ་བཞིན་གཤེགས་པ་དེ་ལ་འདོམས་པར་མཛད་པ་གང་ཡང་རུང་སྟེ། དེས་ཐོག་མ་ཉིད་དུ་ཏིང་ངེ་འཛིན་ལ་བརྟེན་ཏམ། འགྲོགས་པའི་རྒྱུས་སེམས་བཙལ་ནས་མཁྱེན་ཏོ། །སེམས་བཙལ་ནས་དབང་པོ་བཙལ་ཏེ་མཁྱེན་ཏོ། །དབང་པོ་བཙལ་ནས་བསམ་པ་བཙལ་ཏེ་མཁྱེན་ཏོ། །བསམ་པ་བཙལ་ནས་བག་ལ་ཉལ་བཙལ་ཏེ་མཁྱེན་ཏོ། །བག་ལ་ཉལ་བཙལ་ནས་ཅི་རིགས་ཅི་འོས་པར་འཇུག་པའི་སྒོ་སྣ་ཚོགས་དག་ཏུ་ཡང་ན་ནི་མི་སྡུག་པ་


DTG129_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

འམ། ཡང་ན་ནི་བྱམས་པའམ། ཡང་ན་ནི་རྐྱེན་འདི་པ་ཉིད་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བའམ། ཡང་ན་ནི་ཁམས་རབ་ཏུ་དབྱེ་བའམ། ཡང་ན་ནི་དབུགས་འབྱུང་བ་དང་རྔུབ་པ་དྲན་པས་འཛུད་པར་མཛད་དོ། །ཅི་རིགས་ཅི་འོས་པར་འཇུག་པའི་སྒོ་དག་ལ་བཙུད་ནས་ལེགས་པར་བཟུང་བ་མ་ཡིན་པའི་རྟག་པའི་མཐའི་གཉེན་པོར་དབུ་མའི་ལམ་སྟོན་པ་དང༌། ལེགས་པར་བཟུང་བ་མ་ཡིན་པའི་ཆད་པའི་མཐའི་གཉེན་པོར་དབུ་མའི་ལམ་སྟོན་པ་དང༌། མ་བྱས་པ་ལ་བྱས་སོ་སྙམ་པའི་མངོན་པའི་ང་རྒྱལ་འདོར་དུ་གཞུག་པ་དང༌། མ་ཐོབ་པ་དང༌། མ་རིག་པ་དང༌། མངོན་སུམ་དུ་མ་བྱས་པ་ལ་མངོན་སུམ་དུ་བྱས་སོ་སྙམ་པའི་མངོན་པའི་ང་རྒྱལ་འདོར་དུ་འཇུག་པའོ། །གདམས་ངག་རྣམ་པ་བརྒྱད་པོ་དེ་དག་ཀྱང་མདོར་བསྡུ་ན་གནས་གསུམ་གྱིས་བསྡུས་པར་རིག་པར་བྱའོ། །གནས་གསུམ་པོ་དག་གང་ཞེ་ན། སེམས་མི་གནས་པ་གནས་པར་བྱ་བའི་ཕྱིར་ཐོག་མ་དམིགས་པ་ལ་ལེགས་པར་གཏོད་པ་དང༌། སེམས་གནས་པ་ལ་རང་གི་དོན་ཐོབ་པར་བྱ་བའི་ཕྱིར་ཐབས་ཀྱི་ལམ་ཡང་དག་པར་སྟོན་པ་དང༌། རང་གི་དོན་དགོས་པ་མཐར་མ་ཕྱིན་པ་ལ་བར་མ་དོའི་གནས་འདོར་དུ་འཇུག་པའོ། །དེ་ལ་སེམས་དང་དབང་པོ་དང༌། བསམ་པ་དང༌། བག་ལ་ཉལ་ཤེས་པ་དང༌། ཅི་རིགས་པ་ཤེས་པ་སྒོར་འཛུད་པས་ནི་སེམས་གནས་པར་བྱ་བའི་ཕྱིར་དམིགས་པ་ལ་སེམས་ལེགས་པར་གཏོད་པར་རིག་པར་བྱའོ། །དེ་ལ་ལེགས་པར་བཟུང་བ་མ་ཡིན་པའི་རྟག་པ་དང་ཆད་པའི་མཐའི་གཉེན་པོར་དབུ་མའི་ལམ་གྱིས་ནི་སེམས་གནས་པའི་རང་གི་དོན་ཐོབ་པར་བྱ་བའི་ཕྱིར་ཐབས་ཀྱི་ལམ་ཡང་དག་པར་སྟོན་པ་ཡིན་པར་རིག་པར་བྱའོ། །དེ་ལ་མ་བྱས་པ་ནས་མངོན་སུམ་དུ་མ་བྱས་པའི་བར་དག་ལ་མངོན་སུམ་དུ་བྱས་སོ་སྙམ་པའི་མངོན་པའི་ང་རྒྱལ་འདོར་དུ་བཅུག་པས་ནི་རང་གི་དགོས་པ་མཐར་མ་ཕྱིན་པའི་བར་མ་དོའི་གནས་ཡོངས་སུ་སྤོང་བར་རིག་པར་བྱ་སྟེ། དེ་ལྟར་ན་གནས་གསུམ་པོ་འདི་དག་གིས་གདམས་ངག་རྣམ་པ་བརྒྱད་པོ་བསྡུས་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་གདམས་ངག་གཞན་ལས་ཐོས་པའམ། གཞན་དག་ལ་སྦྱིན་པས་སྟོབས་བརྒྱད་པོ་བསམ་གཏན་དང༌། རྣམ་པར་ཐར་


DTG129_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་དང༌། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང༌། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང༌། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང༌། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པའི་མཁྱེན་པའི་སྟོབས་དང༌། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང༌། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱི་རིགས་རིམ་གྱིས་རྣམ་པར་སྦྱོང་ཞིང་རྣམ་པར་འཕེལ་བར་བྱེད་དོ། །དེ་ལ་རྗེས་སུ་བསྟན་པ་གང་ཞེ་ན། དེ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། ཁ་ན་མ་ཐོ་བ་དང་བཅས་པ་ཀུན་ཏུ་སྤྱོད་པ་དགག་པ་དང༌། ཁ་ན་མ་ཐོ་བ་མེད་པ་ཀུན་ཏུ་སྤྱོད་པ་གནང་བ་དང༌། དགག་པ་དང༌། གནང་བའི་ཆོས་རྣམས་ལ་འཁྲུལ་པར་ཀུན་ཏུ་སྤྱོད་པ་བསྐུལ་བ་དང༌། ཡང་དང་ཡང་དུ་མ་གུས་པར་འགྱུར་ཏེ། འཁྲུལ་པ་ལ་རྙོག་པ་མེད་པ་དང༌། མི་མཐུན་པ་མེད་པ་དང༌། སྣུམ་པའི་བསམ་པས་སྨ་དབབ་པས་དྲན་པར་བྱེད་དུ་གཞུག་པ་དང༌། ཡང་དག་པར་ཞུགས་པ་ལ་དགག་པ་དང༌། གནང་བའི་ཆོས་རྣམས་ལས་ཡོན་ཏན་ཡང་དག་པ་དང་དགའ་བ་བསྙད་པས་ཡང་དག་པར་དགའ་བར་བྱའོ། །བྱང་ཆུབ་སེམས་དཔའི་རྗེས་སུ་བསྟན་པ་འདི་ནི་མདོར་བསྡུ་ན་རྣམ་པ་ལྔར་རིག་པར་བྱ་སྟེ། འདི་ལྟ་སྟེ། དགག་པ་དང༌། གནང་བ་དང༌། བསྐུལ་བ་དང༌། སྨ་དབབ་པ་དང༌། ཡང་དག་པར་དགའ་བར་བྱ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་དང་ངག་དང་ཡིད་ཀྱི་ལས་ཐབས་ཀྱིས་ཟིན་བ་གང་ཞེ་ན། མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྡུ་བའི་དངོས་པོ་བཞི་ནི་ཐབས་ཞེས་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་བསྡུ་བའི་དངོས་པོ་བཞིས་བསྡུས་པའི་ཐབས་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཅིའི་ཕྱིར་བསྡུ་བའི་དངོས་པོ་བཞི་ལ་ཐབས་ཞེས་བྱ་ཞེ་ན། མདོར་བསྡུ་ན་སེམས་ཅན་རྣམས་གདུལ་བ་དང༌། བསྡུ་བའི་ཐབས་ནི་རྣམ་པ་བཞི་སྟེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །འདི་ལྟ་སྟེ། ཕན་འདོགས་པ་དང༌། འཛིན་དུ་འཇུག་པ་དང༌། འཇུག་པར་བྱེད་པ་དང༌། མཐུན་


DTG129_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྒྲུབ་པའོ། །དེ་ལ་སྦྱིན་པ་ནི་བྱང་ཆུབ་སེམས་དཔའི་ཕན་འདོགས་པའི་ཐབས་ཡིན་ཏེ། འདི་ལྟར་ཟང་ཟིང་གི་སྦྱིན་པ་སྣ་ཚོགས་ཀྱིས་ཕན་བཏགས་ན། སེམས་ཅན་རྣམས་ཚིག་ཉན་པ་དང་བྱེད་པར་སེམས་སོ། །དེའི་འོག་ཏུ་བྱང་ཆུབ་སེམས་དཔས་སྙན་པར་སྨྲ་བས་དེ་དང་དེར་ཀུན་ཏུ་རྨོངས་པ་རྣམས་ཀྱི་ཀུན་ཏུ་རྨོངས་པ་མ་ལུས་པ་བསལ་བའི་ཕྱིར་རིགས་པ་འཛིན་དུ་འཇུག་ཅིང་ཡང་དག་པར་སྟོན་པར་བྱེད་དེ། དེ་ལྟར་ན་དེའི་སྙན་པར་སྨྲ་བ་ནི་འཛིན་དུ་འཇུག་པའི་ཐབས་ཡིན་ནོ། །དེ་ལྟར་རིགས་པས་འཛིན་དུ་འཇུག་ཅིང་ཡང་དག་པར་བསྟན་པའི་སེམས་ཅན་རྣམས་མི་དགེ་བའི་གནས་ནས་བསླངས་ནས་དག་པའི་གནས་ཡང་དག་པར་འཛིན་དུ་འཇུག་ཅིང་འདུལ་བ་དང༌། འཇོག་པ་དང༌། འགོད་པ་དེ་ནི་དེའི་དོན་སྤྱོད་པ་སྟེ་འཇུག་པར་བྱེད་པའི་ཐབས་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་དེ་དག་བཙུད་ནས་དེ་དག་དང་མཐུན་པའི་ཚུལ་ཀུན་ཏུ་སྤྱོད་པས་མཐུན་པར་བསྒྲུབ་སྟེ། གང་གིས་ན་དེ་ལ་ད་དུང་ཁྱེད་བདག་ཉིད་དད་པ་དང་ལྡན་པ་མ་ཡིན། ཚུལ་ཁྲིམས་དང་ལྡན་པ་མ་ཡིན། གཏོང་བ་དང་ལྡན་པ་མ་ཡིན། ཤེས་རབ་དང་ལྡན་པ་མ་ཡིན་ན། ཅིའི་ཕྱིར་ཁྱོད་ཀྱིས་གཞན་དག་དེ་ལ་ཡང་དག་པར་འཛིན་དུ་འཇུག་པར་བྱེད་ལ། དེས་སྐུལ་བར་བྱེད་ཅིང་དྲན་པར་བྱས་ནས། འདུལ་བ་རྣམས་སྨྲ་བར་མི་འགྱུར་བར་བྱེད་དོ། །དེ་ལྟ་བས་ན་དོན་མཐུན་པ་ནི་བྱང་ཆུབ་སེམས་དཔའ་མཐུན་པར་བསྒྲུབ་པའི་ཐབས་ཏེ། བཞི་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ལུས་ཀྱི་ལས་དང༌། ངག་གི་ལས་དང༌། ཡིད་ཀྱི་ལས་ཐབས་བཞི་པོ་དེ་དག་བསྡུས་པའམ། སོ་སོ་བས་ཡོངས་སུ་ཟིན་པ་གང་ཡིན་པ་དེ་ནི་སེམས་ཅན་རྣམས་ཡང་དག་པར་བསྡུ་བ་དང༌། གདུལ་བ་དང༌། ཡོངས་སུ་སྨིན་པར་བྱ་བ་ལ་ཐབས་ཀྱིས་ཡོངས་སུ་ཟིན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་སྟོབས་ཀྱི་རིགས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།སྡོམ་ནི། ངོ་བོ་ཉིད་དང་ཐམས་ཅད་དང༌། །དཀའ་བ་དང་ནི་སྒོ་ཀུན་དང༌། །སྐྱེས་བུ་དམ་པ་ལྡན་པ་དང༌། །དེ་བཞིན་རྣམ་པ་ཐམས་ཅད་དང༌། །ཕོངས་ཤིང་འདོད་དང་ལྡན་པ་དང༌། །འདི་དང་གཞན་དུ་


DTG129_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་འགྱུར་དང༌། །དེ་བཞིན་རྣམ་དག་དེ་མདོར་ན། །བྱང་ཆུབ་སེམས་དཔའ་སྦྱིན་པ་ཡིན། །འདི་ལ་བྱང་ཆུབ་སེམས་དཔའ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་རིམ་གྱིས་ཡོངས་སུ་རྫོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། སྦྱིན་པ་རྣམ་པ་དགུ་ནི་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་སྟེ། སྦྱིན་པའི་ངོ་བོ་ཉིད་དང༌། ཐམས་ཅད་སྦྱིན་པ་དང༌། དཀའ་བའི་སྦྱིན་པ་དང༌། ཐམས་ཅད་ཀྱི་སྒོ་ནས་སྦྱིན་པ་དང༌། སྐྱེས་བུ་དམ་པའི་སྦྱིན་པ་དང༌། རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་དང། ཕོངས་ཤིང་འདོད་པ་ལ་སྦྱིན་པ་དང༌། འདི་དང་གཞན་དུ་བདེ་བར་འགྱུར་བའི་སྦྱིན་པ་དང༌། རྣམ་པར་དག་པའི་སྦྱིན་པའོ། །སྦྱིན་པའི་ངོ་བོ་ཉིད་གང་ཞེ་ན། ཡོ་བྱད་ཐམས་ཅད་དང༌། རང་གི་ལུས་ལ་མི་ལྟ་བའི་བྱང་ཆུབ་སེམས་དཔའ་མ་ཆགས་པ་དང་ལྷན་ཅིག་སྐྱེས་པའི་སེམས་པ་གང་ཡིན་པ་དང༌། དེས་ཀུན་ནས་བསླང་བའི་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བའི་ལུས་དང༌། ངག་གི་ལས་དང༌། སྦྱིན་པར་བྱ་བའི་དངོས་པོ་ཁ་ན་མ་ཐོ་བ་མེད་པ་ཐམས་ཅད་ཡོངས་སུ་གཏོང་བ་དང༌། སྡོམ་པ་ལ་གནས་པ་དང༌། འོང་བ་མཐོང་ཞིང་འབྲས་བུ་ལ་ལྟ་བ་དང༌། སུ་གང་འདོད་པ་དེ་ལ་དངོས་པོ་དེ་སོ་སོར་སྦྱིན་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའི་སྦྱིན་པའི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ། །དེ་ལ་ཐམས་ཅད་སྦྱིན་པ་གང་ཞེ་ན། ཐམས་ཅད་ཅེས་བྱ་བ་ནི་མདོར་བསྡུ་ན་སྦྱིན་པར་བྱ་བའི་དངོས་པོ་རྣམ་པ་གཉིས་ཏེ། ནང་གི་དང་ཕྱི་རོལ་གྱིའོ། །དེ་ལ་རྐང་ཡན་ཆད་རང་གི་ལུས་ཡོངས་སུ་གཏོང་བ་ནི་བྱང་ཆུབ་སེམས་དཔའི་ནང་གི་དངོས་པོ་ཡོངས་སུ་གཏོང་བ་འབའ་ཞིག་པ་ཞེས་བྱའོ། །སེམས་ཅན་སྐྱུགས་པ་ཟ་བས་འཚོ་བ་རྣམས་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་ཟས་སྐོམ་ཟོས་འཐུངས་ཤིང་སྐྱུག་པར་བྱེད་པ་གང་


DTG129_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ནང་དང་ཕྱི་རོལ་གྱི་དངོས་པོ་འདྲེས་པའི་སྦྱིན་པ་ཞེས་བྱའོ། །ཇི་སྐད་སྨོས་པ་འདི་ལ་མ་གཏོགས་པའི་ལྷག་མའི་སྦྱིན་པ་བྱ་བའི་དངོས་པོ་ཡོངས་སུ་གཏོང་བ་ནི་ཕྱི་རོལ་གྱི་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བ་ཁོ་ན་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ཕ་རོལ་འདོད་པ་དག་ལ་མདོར་ན་རྣམ་པ་གཉིས་ཀྱིས་རང་གི་ལུས་སྦྱིན་པར་བྱེད་དེ། ཅི་དགའ་མགུར་བྱེད་དུ་འཇུག་པས་གཞན་ལ་དབང་ཡོད་པ་དང༌། གཞན་ལ་རག་ལས་པར་བྱེད་ཅིང་བདག་ཉིད་གཞན་དག་ལ་སྦྱིན་པར་བྱེད་དོ། །དཔེར་ན་ལ་ལ་ཞིག་ཟས་དང་སྐོམ་གྱི་ཕྱིར་གཞན་དག་ལ་བྲན་གྱི་དངོས་པོར་ཁས་ལེན་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཟང་ཟིང་མེད་པའི་སེམས་དང་ལྡན་པ་ཡང་བྱང་ཆུབ་དམ་པ་འདོད་དོ། །ཕ་རོལ་ལ་ཕན་པ་དང༌། བདེ་བར་བྱ་བར་འདོད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པར་འདོད་དེ། ཅི་དགའ་མགུར་བྱེད་དུ་འཇུག་པས་གཞན་དག་ལ་དབང་ཡོད་པ་དང༌། རག་ལུས་པར་བྱེད་ཅིང༌། བདག་ཉིད་སྦྱིན་པར་བྱེད་པ་དང༌། ལག་པ་དང༌། རྐང་པ་དང༌། མིག་དང༌། མགོ་བོ་དང༌། ཡན་ལག་དང༌། ཉིང་ལག་རྣམས་འདོད་པ་དག་དང༌། ཤ་དང༌། ཁྲག་དང༌། རྒྱུས་པ་འདོད་པ་དང༌། རྐང་གི་བར་དུ་འདོད་པ་དག་ལ་རྐང་གི་བར་དུ་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་རྣམ་པ་གཉིས་ཀྱིས་ཕྱི་རོལ་གྱི་དངོས་པོ་སེམས་ཅན་ལ་ཡོངས་སུ་གཏོང་སྟེ། ཅི་བདེར་ལོངས་སྤྱོད་དུ་གཞུག་པའི་ཕྱིར་བརྙན་པོར་སྦྱིན་པ་དང༌། དེ་དབང་བར་བྱ་བའི་ཕྱིར་ཐམས་ཅད་ཀྱི་ཐམས་ཅད་དུ་གཏོང་པའི་སེམས་ཀྱིས་སྦྱིན་པར་བྱེད་དོ། །འོན་ཀྱང་བྱང་ཆུབ་སེམས་དཔའ་ནི་ནང་དང་ཕྱི་རོལ་གྱི་དངོས་པོ་ཐམས་ཅད་བྱེ་བྲག་མེད་པར་རྣམ་པ་ཐམས་ཅད་དུ་སེམས་ཅན་རྣམས་ལ་སྦྱིན་པར་ནི་མི་བྱེད་དོ། །འོ་ན་བྱང་ཆུབ་སེམས་དཔའ་ནི་ནང་དང་ཕྱི་རོལ་གྱི་དངོས་པོ་རྣམ་པ་གཉིས་ལས་ཅི་ཞིག་ན་སེམས་ཅན་རྣམས་ལ་སྦྱིན་པར་བྱེད། ཅི་ཞིག་ནི་སྦྱིན་པར་མི་བྱེད། ཇི་ལྟར་ན་སྦྱིན་པར་བྱེད། ཇི་ལྟར་ན་སྦྱིན་པར་མི་བྱེད་ཅེ་ན། ནང་དང་ཕྱི་རོལ་གྱི་དངོས་པོ་དེ་ལས་སྦྱིན་པ་གང་སེམས་ཅན་རྣམས་ལ་བདེ་བ་ཁོ་ནར་འགྱུར་གྱི། ཕན་པར་མི་འགྱུར་བ་འམ། ཡང་ན་བདེ་བར་མི་འགྱུར་


DTG129_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཕན་པར་ཡང་མི་འགྱུར་པ་དེ་ནི་བྱང་ཆུབ་སེམས་དཔས་གཞན་དག་ལ་སྦྱིན་པར་མི་བྱེད་དོ། །སྦྱིན་པ་གང་ཕན་པར་མི་འགྱུར་ལ། བདེ་བར་འགྱུར་བ་ནི་མ་ངེས་པའམ། ཡང་ན་བདེ་བར་ཡང་འགྱུར་ལ་ཕན་པར་ཡང་འགྱུར་བ་དེ་ནི་བྱང་ཆུབ་སེམས་དཔས་གཞན་དག་ལ་སྦྱིན་པར་བྱེད་དོ། །དེ་ལྟར་འདི་ནི་སྦྱིན་པ་དང༌། མི་སྦྱིན་པའི་མདོར་བསྟན་པ་ཡིན་ནོ། །འདི་མན་ཆད་ནི་རྒྱས་པར་རྣམ་པར་དབྱེ་བ་ཡིན་པར་རིག་པར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཕ་རོལ་ལ་གནོད་པར་བྱ་བ་དང༌། ཕ་རོལ་བྲིད་པ་དང༌། མི་རིགས་པས་བསྐྱེད་པས་བྱེད་དུ་བཅུག་ན་ཕ་རོལ་དབང་ཡོད་པ་དང༌། ཕ་རོལ་ལ་རག་ལས་པར་བྱེད་པར་བདག་ཉིད་སྦྱིན་པར་མི་བྱེད་དེ། བྱང་ཆུབ་སེམས་དཔའ་ནི་གཞན་དག་ལ་བདག་ཉིད་ཀྱི་སྲོག་ལན་བརྒྱའམ། ལན་སྟོང་ངམ། ལན་འབུམ་དུ་ཡོངས་སུ་གཏོང་བར་ཡང་ཁས་ལེན་མོད་ཀྱི། འོན་ཀྱང་ཕ་རོལ་གྱིས་བསྒོ་བ་དང། ཕ་རོལ་དགའ་བར་བྱ་བའི་ཕྱིར་ཕ་རོལ་ལ་གནོད་པའམ། ཕ་རོལ་གསོད་པའམ། ཕ་རོལ་འདྲིད་པར་མི་བྱེད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སྦྱིན་པ་ལས་བརྩམས་ཏེ། བསམ་པ་དག་པ་ཡིན་དུ་ཟིན་ཀྱང༌། དེ་ཡང་སེམས་ཅན་གྱི་དོན་མང་པོ་བྱ་བ་ཉེ་བར་གནས་པར་གྱུར་ན་རང་གི་ལུས་དང༌། ཡན་ལག་དང་ཉིད་ལག་སློང་བ་བྱུང་ཡང༌། རང་གི་ལུས་དང་ཡན་ལག་དང་ཉིང་ལག་རྣམས་སྦྱིན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སྦྱིན་པ་ལས་བརྩམས་ཏེ་བསམ་པ་དག་པ་དེ་ནི་རྣམ་གྲངས་གང་གིས་ཀྱང་འདི་ནི་སྦྱིན་ནོ། །འདི་ནི་མི་སྦྱིན་ནོ་སྙམ་དུ་སེམས་ཞུམ་པ་མེད་པའི་ཕྱིར་ཏེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་དེ་ནི་གང་གི་ཚེ་བསམ་པ་དག་པར་བྱ་བའི་ཕྱིར་རོ། །སེམས་ཅན་གྱི་དགོས་པ་འབྱུང་བ་བཏང་སྙོམས་སུ་བྱས་ཏེ་སྦྱིན་པར་མི་བྱེད་ན། དེ་ནི་དེའི་བསམ་པ་དག་པ་ཡིན་པའི་ཕྱིར་སེམས་ཅན་གྱི་དགོས་པ་བྱུང་བ་བཏང་སྙོམས་སུ་བྱས་ཏེ་སྦྱིན་པར་མི་བྱེད་དོ། །བདུད་ཀྱི་རིས་ཀྱི་ལྷ་རྣམས་ལ་ཇི་ལྟར་ཐོ་འཚམས་པའི་བསམ་པས་སློད་དུ་འོང་བ་རྣམས་ལ་ཡང་དེ་དག་ཉིད་ལ་གནོད་པ་དང༌། ཕུང་བ་ཆེན་པོར་མི་འགྱུར་བར་བྱ་བའི་ཕྱིར། རང་གི་ལུས་དང་ཡན་ལག་གསེ་ཞིང་སྦྱིན་པར་མི་བྱེད་དོ། །


DTG129_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱི་རིགས་ཀྱི་ལྷ་རྣམས་ལ་ཇི་ལྟ་བ་བཞིན་དུ་དེས་བྱིན་གྱིས་རློབས་པའི་སེམས་ཅན་རྣམས་ལ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ནི་སྨྱོས་པ་དང༌། སེམས་འཁྲུག་པ་རྣམས་ལ་ཡང་རང་གི་ལུས་དང་ཡན་ལག་གསེ་ཞིང་སྦྱིན་པར་མི་བྱེད་དོ། །དེ་དག་ནི་རང་གི་སེམས་ལ་གནས་པ་ཡང་མ་ཡིན་ལ། འདོད་པའི་ཕྱིར་སློང་བ་ཡང་མ་ཡིན་ཏེ། དེ་ནི་དེ་དག་གི་སེམས་ལ་རང་དབང་མེད་པའི་ཕྱིར། བརླ་རྡོལ་ཙམ་དུ་ཟད་པས་དེའི་ཕྱིར་སྦྱིན་པར་མི་བྱེད་དོ། །རྣམ་པ་དེ་དག་ལ་མ་གཏོགས་པར་དེ་ལས་བཟློག་པའི་འདོད་པ་རྣམས་ལ་ནི་བྱང་ཆུབ་སེམས་དཔས་རང་གི་ལུས་ཕ་རོལ་དབང་བར་བྱས་པ་ཙམ་གྱི་ཕྱིར་རམ། ཡན་ལག་དང་ཉིད་ལག་གསེ་ཞིང་ཡོངས་སུ་གཏོང་བར་ཡང་བྱེད་དོ། །བྱང་ཆུབ་སེམས་དཔའི་ནང་གི་དངོས་པོ་སྦྱིན་པ་དང༌། མི་སྦྱིན་པ་ནི་དེ་ལྟ་བུ་ཡིན་པར་རིག་པར་བྱའོ། །ཕྱི་རོལ་གྱི་དངོས་པོ་ལས་ནི་བྱང་ཆུབ་སེམས་དཔས་དུག་དང༌། མེ་དང༌། མཚོན་ཆ་དང༌། ཆང་སེམས་ཅན་རྣམས་ལ་གནོད་པར་འགྱུར་བ་གང་ཡིན་པ་དེ་དག་ལ་གནོད་པར་བྱ་བའམ། ཕ་རོལ་ལ་གནོད་པར་བྱ་བའི་ཕྱིར་འདོད་དེ་སློང་ན། སློང་བ་རྣམས་ལ་སྦྱིན་པར་མི་བྱེད་དོ། །དུག་དང༌། མེ་དང༌། མཚོན་ཆ་དང༌། ཆང་སེམས་ཅན་རྣམས་ལ་ཕན་པར་འགྱུར་བ་གང་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔས་བདག་ལ་ཕན་པར་བྱ་བ་འམ། ཕ་རོལ་ལ་ཕན་པར་བྱ་བའི་ཕྱིར་འདོད་དེ། སློང་ན་སློང་བ་རྣམས་ལ་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ཕ་རོལ་ཡིད་བརྟན་པ་མ་ཡིན་པའི་རྫས་ཀྱང་གཞན་དག་ལ་སྦྱིན་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་སྨྱན་བྱེད་ཅིང་ཕ་རོལ་གྱི་ཆུང་མ་བཀུག་སྟེ། གཞན་དག་ལ་ཡང་སྦྱིན་པར་མི་བྱེད་དོ། །བཟའ་བ་དང་བཏུང་བ་སྲོག་ཆགས་དང་བཅས་པ་ཡང་སྦྱིན་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའི་སྦྱིན་པར་བྱ་བའི་དངོས་པོ་གང་དགའ་བ་དང༌། རྩེ་བ་དང་ལྡན་པ་སེམས་ཅན་རྣམས་ལ་གནོད་པ་དང་ལྡན་པ་དེ་ཡང་བྱང་ཆུབ་སེམས་དཔས་སློང་བ་རྣམས་ལ་སྦྱིན་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བྱིན་ན་དེ་དག་བྱང་ཆུབ་སེམས་དཔའ་ལ་སེམས་དགའ་བ་ཙམ་སྐྱེ་བར་འགྱུར་མོད་ཀྱི། འོན་ཀྱང་སྦྱིན་པ་དེ་ནི་དེ་ལ་


DTG129_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་ཆེས་ཆེ་བར་བྱེད་པ་ཡིན་ཏེ། དེའི་རྒྱུས་ད་དག་རྒྱགས་པ་དང༌། བག་མེད་པ་དང༌། ཉེས་པ་སྤྱོད་པ་ལ་ཞུགས་པས་ལུས་ཞིག་ནས་ངན་སོང་དག་ཏུ་སྐྱེ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་དགའ་བ་དང༌། རྩེད་མོ་ལ་སོགས་པའི་དངོས་པོ་ཡིན་ལ། ངན་སོང་དག་ཏུ་འགྲོ་བར་བྱེད་པ་ཡང་མ་ཡིན་མི་དགེ་བའི་རྩ་བ་ལ་སོགས་པར་འགྱུར་བ་ཡང་མ་ཡིན་ན་ནི། དེ་ལྟ་བུའི་དགའ་བ་དང་རྩེད་མོ་ལ་སོགས་པའི་དངོས་པོ་དེ་སེམས་དགའ་བར་བྱ་བའི་ཕྱིར་སློང་བ་རྣམས་ལ་སྦྱིན་པར་བྱེད་དེ། དངོས་པོ་དེས་ཀྱང་སྡུད་པ་དང༌། ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སློང་བ་རྣམས་ལ་དགའ་བ་དང༌། རྩེད་མོའི་དངོས་པོ་ཇི་ལྟ་བུ་ནི་སྦྱིན་པར་མི་བྱེད། ཇི་ལྟ་བུ་ནི་སྦྱིན་པར་བྱེད་ཅེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ནི་རི་དགས་བསད་པའི་ཐབས་བསླབ་པ་སྦྱིན་པར་མི་བྱེད་དོ། །མཆོད་སྦྱིན་ངན་པ་ཡོ་ལང་ཆེན་པོར་གང་དུ་སྲོག་ཆགས་མང་པོ་བསགས་ནས་གསོད་པར་འགྱུར་བ་དེ་ལྟ་བུའི་མཆོད་སྦྱིན་དག་བདག་ཉིད་ཀྱང་མི་བྱེད་ལ། གཞན་དག་ཀྱང་མཆོད་སྦྱིན་བྱེད་དུ་མི་འཇུག་གོ །ལྷ་རྟེན་རྣམས་སུ་ཕྱུགས་གསོད་པ་སྦྱིན་པར་ཡང་མི་བྱེད་དོ། །སྲོག་ཆགས་མང་པོ་གནས་པའི་ས་ཕྱོགས་སྲོག་ཆགས་ཆུ་ནས་སྐྱེས་པའམ། སྐོམ་ལས་སྐྱེས་པ་རྣམས་གནས་པ་ལྟ་བུ་སྲོག་ཆགས་དེ་དག་ལ་གནོད་པར་བྱ་བའི་ཕྱིར་སློང་ན་སྦྱིན་པར་མི་བྱེད་དོ། །རྒྱ་དང་རྔོན་གྱི་འཁྲུལ་འཁོར་དང༌། རྒྱ་དང་རྔོན་གྱི་འཁྲུལ་འཁོར་བསླབ་པ་ཡང་སྲོག་ཆགས་རྣམས་ལ་གནོད་པར་བྱ་བའི་ཕྱིར་སློང་ན་སྦྱིན་པར་མི་བྱེད་དོ། །སྤྱོ་བ་དང༌། གསོད་པ་དང༌། བཅིང་བ་དང༌། ཆད་པས་བཅད་པ་དང༌། གནོད་པ་བྱེད་དུ་གཞུག་པའི་ཕྱིར་ཡང་དགྲ་རྣམས་ཀྱི་དགྲ་སྦྱིན་པར་མི་བྱེད་དེ། མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ཀྱི་དགའ་བ་དང༌། རྩེད་མོའི་དངོས་པོ་སེམས་ཅན་ཕ་རོལ་ལ་གནོད་པར་འགྱུར་བ་དང༌། སེམས་ཅན་ཕ་རོལ་ལ་སྡུག་བསྔལ་བར་འགྱུར་བ་གང་ཅི་ཡང་རུང་བ་དེ་ཐམས་ཅད་སློང་བ་རྣམས་ལ་སྦྱིན་པར་མི་བྱེད་དོ། །གླང་པོ་ཆེ་དང༌། རྟ་དང༌། ཤིང་རྟ་དང༌། འདེག་པ་དང༌། བཞོན་པ་རྣམས་དང༌། གོས་དང་རྒྱན་རྣམས་དང༌། བཟའ་བ་དང༌། བཏུང་


DTG129_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང། བསོད་པ་རྣམས་དང༌། གར་དང༌། གླུ་དང༌། རོལ་མོའི་སྒྲ་བསླབ་པ་རྣམས་དང༌། གར་དང༌། གླུ་དང༌། རོལ་མོའི་སྒྲའི་ཆ་བྱད་རྣམས་དང༌། སྤོས་དང༌། མེ་ཏོག་ཕྲེང་བ་དང༌། བྱུག་པ་སྣ་ཚོགས་དང༌། སྣོད་སྤྱད་སྣ་ཚོགས་དང༌། སྐྱེད་མོས་ཚལ་དང༌། ཁང་ཁྱིམ་དང༌། དགའ་མགུར་སྤྱོད་པའི་བུད་མེད་རྣམས་དང༌། བཟོ་དང་ལས་ཀྱི་གནས་རྣམ་པ་སྣ་ཚོགས་བསླབ་པ་གང་ཡིན་པ་དེ་དག་དང༌། དེ་ལྟ་བུའི་དགའ་བ་དང༌། རྩེ་མོའི་དངོས་པོ་གང་ཡིན་པ་རྣམས་ནི་བྱང་ཆུབ་སེམས་དཔས་སེམས་དགའ་བར་བྱ་བའི་ཕྱིར་སློང་བ་རྣམས་ལ་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ནད་པ་སློང་དུ་ཟིན་ཀྱང་ཁ་ཟས་དང་བཏུང་བ་ཚོད་མ་ཟིན་པའམ་གནོད་པར་འགྱུར་བ་སྦྱིན་པར་ཡང་མི་བྱེད་དོ། །སེམས་ཅན་བརྐམ་པའི་རང་བཞིན་ཅན་འབྲངས་པ་རྣམས་ལ་བཟའ་བ་དང་བཏུང་བ་བསོད་པ་སྦྱིན་པར་ཡང་མི་བྱེད་དོ།། སེམས་ཅན་མྱ་ངན་གྱིས་གདུང་བ་རྣམས་རང་འགེག་པར་བྱེད་པའམ། རྡེག་པར་བྱེད་པའམ་དུག་འཐུང་བའམ། གཡང་དུ་མཆོང་བ་ལ་ཡང་དགའ་མ་གུར་བྱེད་དུ་མི་འཇུག་གོ །།བམ་པོ་བདུན་པ། བྱང་ཆུབ་སེམས་དཔའ་ནི་སློང་བ་རྣམས་ལ་ཕ་མ་ཐམས་ཅད་ཀྱི་ཐམས་ཅད་དུ་སྦྱིན་པར་ཡང་མི་བྱེད་དེ། འདི་ལྟར་བྱང་ཆུབ་སེམས་དཔའི་ཕ་མ་ནི་བླ་མ་ལྟ་བུ་མཆོག་ཡིན་ཏེ། ནུ་མ་སྣུན་པ་དང༌། གསོ་བ་དང༌། སྐྱེད་པ་ཡིན་པས་དེའི་ཕྱིར་བྱང་ཆུབ་སེམས་དཔས་ཡུན་རིང་པོར་སྤྱི་བོ་ལ་ཁྱེར་ན་ཡང་སྐྱོ་བར་མི་བྱ་སྟེ། སྤུ་གཏའ་དང༌། གཏར་གཞུག་པ་དང། བཙོང་བའི་ཚུལ་གྱིས་བདག་ཉིད་དེ་གཉིས་ལ་སྦྱིན་ཞིང་དབང་བ་དང༌། རག་ལུས་པར་བྱ་བ་ཡིན་ན། བྱང་ཆུབ་སེམས་དཔས་གཞན་དག་ལ་སྦྱིན་པར་ཇི་ལྟར་སེམས་ཏེ། སྦྱིན་པར་ལྟ་ག་ལ་བྱེད། བྱང་ཆུབ་སེམས་དཔའ་ནི་རྒྱལ་པོ་སྤྱི་བོ་ནས་དབང་བསྐུར་བའི་བདག་པོར་གྱུར་ན་ཡང་བདག་གིས་རིས་སུ་གཏོགས་པའི་སེམས་ཅན་ཡོངས་སུ་འཛིན་པ་དང་བཅས་པ་རྣམས་ཀྱི་གཞན་གྱི་བུ་དང་ཆུང་མ་གཞན་དག་ལས་ཕྲོགས་ཏེ། གཞན་དག་ལ་སྦྱིན་པར་མི་བྱེད་ཀྱི། ང་ལ་ཇི་ལྟར་གྱུར་པ་ལྟར་དེ་དག་ལའང་དེ་བཞིན་དུ་གྱུར་ཅིག་སྙམ་ནས་གྲོང་རིལ་པོ་འམ། གྲོང་གི་


DTG129_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་འགའམ། ལྗོངས་རིལ་པོའམ། ལྗོངས་ཀྱི་ཕྱོགས་འགའ་ལོངས་སྤྱོད་དུ་བྱ་བར་སྦྱིན་པར་ཟད་དོ། །བྱང་ཆུབ་སེམས་དཔའ་ནི་བདག་གི་བུའམ། ཆུང་མ་དང༌། བྲན་དང༌། བྲན་མོ་དང༌། ལས་བྱེད་པ་དང༌། ཞོ་ཤས་འཚོ་བ་དང༌། ཡོངས་སུ་ཟིན་པ་རྣམས་ལེགས་པར་བརྡ་མ་སྤྲད་པའམ། མི་འདོད་པ་སྦྱིན་པ་དང་ཡིད་མི་དགའ་བ་བཞིན་དུ་གཞན་འདོད་པ་རྣམས་ལ་སྦྱིན་པར་ཡང་མི་བྱེད་དོ། །ལེགས་པར་བརྡ་སྤྲད་དེ་ཡིད་དགའ་ཞིང་འདུན་པར་གྱུར་དུ་ཟིན་ཀྱང་མི་མཛའ་བ་རྣམས་དང༌། གནོད་སྦྱིན་དང༌། སྲིན་པོ་རྣམས་དང༌། བརྗེད་ངས་པ་སྦྱིན་པར་མི་བྱེད་དེ། བུ་དང་ཆུང་མ་སྐྱིད་དེ་བར་འདུག་པ་རིགས་ཀྱི་མི་ནི་བྲན་དུ་སྦྱིན་པར་ཡང་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་སློང་བ་པོ་ཤས་ཆེར་གཞན་ལ་གནོད་པ་བྱེད་པར་ཞུགས་ཤིང་བརྗེད་ངས་པ་རྣམས་ལ་རྒྱལ་སྲིད་སྦྱིན་པར་ཡང་མི་བྱེད་དོ། །གལ་ཏེ་དབྱུང་བའི་མཐུ་ཡོད་ན་དེ་འདྲ་བའི་གང་ཟག་ནི་རྒྱལ་སྲིད་ལས་ཀྱང་འབྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ཕ་མའི་ལོངས་སྤྱོད་ཕྲོགས་ཏེ། སློང་བ་རྣམས་ལ་སྦྱིན་པར་ཡང་མི་བྱེད་དོ། །ཕ་མ་ཇི་ལྟ་བ་བཞིན་དུ་བུ་དང་ཆུང་མ་དང༌། བྲན་དང༌། བྲན་མོ་དང༌། ལས་བྱེད་པ་དང༌། ཞོ་ཤས་འཚོ་བ་རྣམས་ཀྱི་ཡང་དེ་དང་འདྲའོ། །ཕ་མ་ལ་གནོད་པ་བྱས་པ་ནས་རྒྱས་པར་ལས་བྱེད་པ་དང་ཞོ་ཤས་འཚོ་བའི་བར་དག་ལ་གནོད་པ་བྱས་ནས་ཕ་རོལ་སློང་བ་རྣམས་ལ་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བར་ཡང་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱིས་བབ་ཆོལ་མ་ཡིན་པར་ལོངས་སྤྱོད་རྣམས་བསྒྲུབས་ནས་སྦྱིན་པ་སྦྱིན་པར་བྱེད་ཀྱི། ཆོས་མ་ཡིན་པས་མ་ཡིན། བབ་ཆོལ་དུ་མ་ཡིན། ཕ་རོལ་ལ་གནོད་པ་བྱས་ཤིང་ཉམ་ང་བར་བྱས་པས་ཀྱང་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཇི་ལྟ་བུར་ཡང་བསླབ་པ་ལས་འགལ་བར་བྱས་ཏེ། སྦྱིན་པ་སྦྱིན་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་བྱིན་ན་ཡང་མཛའ་བཤེས་དང༌། དགྲ་དང་ཐ་མལ་པ་རྣམས་དང༌། ཡོན་ཏན་ཅན་རྣམས་དང༌། སྐྱོན་ཅན་རྣམས་དང༌། དམའ་བ་རྣམས་དང༌། མཚུངས་


DTG129_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་དང༌། ཁྱད་པར་དུ་འཕགས་པ་རྣམས་དང༌། སྐྱིད་པ་རྣམས་དང༌། སྡུག་པ་རྣམས་ལ་ཡོན་གནས་ཡིན་པའི་བློ་ཉེ་བར་གཞག་སྟེ། སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ཇི་སྐད་སྨྲས་པ་དང། ཇི་ལྟར་དམ་བཅས་པ་ལས་བསྙུངས་ཏེ། སློང་བ་ལ་སྦྱིན་པ་སྦྱིན་པར་ཡང་མི་བྱེད་ཀྱི། མཚུངས་པའམ་ལྷག་པ་ཁོ་ནར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་དངོས་པོ་བཟང་པོ་སྦྱིན་པར་དམ་བཅས་ན། ངན་པ་དང་ཐ་ཆད་སྦྱིན་པར་མི་བྱེད་དེ། ངན་པ་དང༌། ཐ་ཆད་སྦྱིན་པར་དེས་དམ་བཅས་སུ་ཟིན་ཀྱང༌། བཟང་པོ་ཡོད་ན་བཟང་པོ་འབའ་ཞིག་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ཡིད་མི་དགའ་བ་དང༌། ཁྲོས་པ་དང༌། ཡིད་འཁྲུགས་པས་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དོ། །སྦྱིན་པ་བྱིན་ནས་ཀྱང་ཡང་དང་ཡང་དུ་བརྗོད་ཅིང་ཁྱོད་ནི་འདི་དང་འདི་ལྟ་བུར་དས་སྦྱིན་པས་ཕན་བཏགས་སོ་ཞེའམ། བསྐྱེད་དོ་ཞེའམ། དྲངས་སོ་ཞེས་སྨོད་པར་ཡང་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་མི་ངན་པ་ལ་སྦྱིན་པ་བྱིན་ན་ཡང་བརྙས་ཤིང་མ་གུས་པར་སྦྱིན་པ་སྦྱིན་པར་ཡང་མི་བྱེད་ན་ཡོན་ཏན་ཅན་ལ་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་ནི་སློང་བ་པོ་ལོག་པར་བསྒྲུབ་པ་རྣམ་པ་སྣ་ཚོགས་དག་ལ་གནས་པ། རྒོད་པ་བདག་ཉིད་མ་བསྡམས་པ། གཤེ་བ། ཁྲོ་བ་སྤྱོད་འདེམས་བྱེད་པ་རྣམས་ཀྱི་ལོག་པར་སྒྲུབ་པས་སྐྱོ་བའི་ཡིད་ཀྱིས་སྦྱིན་པར་སྦྱིན་པར་ཡང་མི་བྱེད་ཀྱི། བྱང་ཆུབ་སེམས་དཔའ་ནི་དེ་དག་ཉིད་ལ་ཤས་ཆེར་ཉོན་མོངས་པས་བརླམས་པའི་རང་བཞིན་ཅན་ཡིན་པར་རྟོགས་ནས། སྙིང་བརྩེ་བའི་སེམས་ཁོ་ན་ཉེ་བར་གཞག་སྟེ། སྦྱིན་པ་སྦྱིན་པར་བྱེད་དོ། །ལྟ་བ་ངན་པ་མཆོག་ཏུ་འཛིན་ཅིང་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དོ། །འདི་ལྟ་སྟེ། གནོད་པ་ཆེན་པོའི་མཆོད་སྦྱིན་རྣམས་དང༌། འཚེ་བའི་སྦྱིན་པས་ཆོས་སུ་འགྱུར་བར་མི་འཛིན་པ་དང༌། དགེ་མཚན་དང་བཀྲ་ཤིས་དང་སྦྱར་ཏེ། སྦྱིན་པ་སྦྱིན་པར་ཡང་མི་བྱེད་དོ། །རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་ཙམ་ཤིན་ཏུ་རྣམ་པར་དག་པས་ཀྱང་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བ་རྣམ་པར་དག་པར་འགྱུར་བར་ཡང་མི་འཛིན་


DTG129_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། སྦྱིན་པ་ནི་རྣམ་པར་དག་པར་འགྱུར་བའི་ཚོགས་ཙམ་འབའ་ཞིག་ཡིན་པར་འཛིན་ཏོ། །འབྲས་བུ་ལ་ལྟ་ཞིང་སྦྱིན་པར་ཡང་མི་བྱེད་དོ། །སྦྱིན་པ་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དོ། །སྦྱིན་པ་རྣམ་པ་ཐམས་ཅད་ཀྱི་འབྲས་བུ་རྣམ་པ་ཐམས་ཅད་རྣམ་པར་སྨིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ཞིང་མངོན་པར་ཡིད་ཆེས་པ་སྐྱེས་པའི་བྱང་ཆུབ་སེམས་དཔའ་ནི་གཞན་གྱི་དྲིང་མི་འཇོག་ཅིང༌། གཞན་གྱིས་བཀྲི་བ་མེད་པར་སྦྱིན་པ་སྦྱིན་པར་བྱེད་དོ། །དཔེར་ན། ཟས་བྱིན་པས་ནི་སྟོབས་ཅན་འགྱུར། །གོས་བྱིན་པས་ནི་ཁ་དོག་ལྡན། །བཞོན་པ་བྱིན་པས་བདེ་འགྱུར་བསྟན། །མར་མེ་བྱིན་པས་མིག་དང་ལྡན། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ནི་དབུལ་པོར་འགྱུར་དུ་དོགས་པའི་འཇིགས་པས་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དོ། །སྙིང་རྗེའི་བསམ་པ་འབའ་ཞིག་གིས་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་སློང་བ་རྣམས་དང་མི་མཐུན་པའི་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དོ། །འདི་ལྟ་སྟེ། སྔོམ་པ་ལ་བརྩོན་པ་རྣམས་ལ་ཟས་དང༌། སྐོམ་ལྷག་མར་གྱུར་པའམ། ཕྱིས་དང༌། གཅིན་དང༌། མཆིལ་མ་དང༌། སྣབས་དང༌། སྐྱུགས་པ་དང༌། དམྱང་བུ་དང༌། རྣག་དང༌། ཁྲག་གིས་འབགས་པ་དང༌། ཞག་ལོན་པའི་ཁེངས་བུ་མ་བསྙད་མ་སྦྲན་པ། འབྲས་ཆན་དང༌། ནས་ཆན་དང༌། ཟན་དྲོན་དོར་བར་འོས་པ་རྣམས། དེ་བཞིན་དུ་སྒོག་བཙོང་མི་ཟ་བ་དག་ལ་སྒོག་བཙོང་གིས་འབགས་པའམ། དེ་བཞིན་དུ་ཤ་མི་ཟ་བ་དང༌། ཆང་མི་འཐུང་བ་དག་ལ་ཆང་དང་འདྲེས་ཤིང་ཆང་དང་འབགས་པའམ། དེ་བཞིན་དུ་མི་མཐུན་པའི་ལས་བྱེད་དུ་མི་འཇུག་ཅིང༌། བྱང་ཆུབ་སེམས་དཔའ་གཞན་དག་ལ་སྦྱིན་པ་སྦྱིན་པར་མི་བྱེད་དེ། འདི་ལྟ་བུ་དང་མཐུན་པ་རྐྱེན་དུ་མི་འབའ་པའི་སྦྱིན་པ་སྦྱིན་པར་མི་བྱེད་དོ།། བྱང་ཆུབ་སེམས་དཔའ་ནི་སློང་བ་པོ་ཡང་དང་ཡང་བསླང་དགོས་པ་དང༌། སོང་ཞིང་ཕྱིར་འོང་དུ་གཞུག་པ་དང༌། བསྙེན་པས་འཚོ་བའི་ཚུལ་གྱིས་ཉོན་མོངས་ཤིང་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དོ། བསླངས་མ་ཐག་ཁོ་ནར་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་གྲགས་པ་དང༌། སྒྲ་


DTG129_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཚིགས་སུ་བཅད་པ་ལ་བརྟན་ཅིང་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དོ། །ཕ་རོལ་ལ་ལན་འོང་བ་ལ་བརྟེན་པ་དང༌། བརྒྱ་བྱིན་ཉིད་དང༌། བདུད་ཉིད་དང༌། འཁོར་ལོས་སྒྱུར་བ་ཉིད་དང༌། དབང་ཕྱུག་ལ་བརྟེན་ཅིང་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དེ། ཕ་རོལ་རྒྱལ་པོ་དང༌། ཞད་བློན་ཆེན་པོ་དང༌། གྲོང་རྡལ་གྱི་མིའམ། ལྗོངས་ཀྱི་མི་རྣམས་དང༌། བྲམ་ཟེ་རྣམས་དང༌། ཁྱིམ་བདག་རྣམས་དང༌། ཕྱུག་པོ་རྣམས་དང༌། ཚོང་དཔོན་རྣམས་དང༌། དེད་དཔོན་རྣམས་ཀྱིས་གཏོང་ཕོད་པ་དང༌། སྦྱིན་བདག་ཡིན་པར་ཤེས་ནས་བཀུར་སྟིར་བྱེད་བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་པར་འགྱུར་ཡང་ཅི་མ་རུང་སྙམ་སྟེ། གཞན་དག་ལ་ཚུལ་འཆོས་པའི་ཕྱིར་ཡང་སྦྱིན་པར་མི་བྱེད་པའི་ཕྱིར་རོ། །བཀྲེན་པའི་ཚུལ་དུ་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དེ། ཉུང་དུ་ལས་ཀྱང་ཕལ་ཆེར་སྦྱིན་པར་བྱེད་ན། མང་པོ་ལྟ་ཅི་སྨོས་འདི་སྦྱིན་པ་དེས་བྲིད་དེ། ཡིད་ཆེས་པར་བྱས་ལ། དེའི་འོག་ཏུ་བསླུ་བར་བྱའོ་སྙམ་སྟེ། གཞན་དག་ལ་གླགས་བཅལ་བའི་ཕྱིར་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དོ། །འདི་ལྟ་སྟེ། སྦྱིན་པས་གྲོང་ངམ། གྲོང་གི་ཕྱོགས་གཅིག་གམ། ལྗོངས་སམ། ལྗོངས་ཀྱི་ཕྱོགས་གཅིག་གི་དབྱེན་བྱས་ཏེ། བདག་པོ་དག་ལས་ཕྲོགས་ལ་བཀུར་བར་བྱའོ་སྙམ་དུ་གཞན་དག་དང་དབྱེ་བའི་ཕྱིར། གཞན་དག་ལ་དབྱེ་བ་སྦྱིན་པ་སྦྱིན་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་མཁས་པ་དང༌། ལེ་ལོ་མེད་པ་དང༌། སྒྲུབ་ཕོད་པ་དང་བདག་ཉིད་ཀྱིས་སྟ་གོན་དུ་བསྡོགས་པ་ཡིན་ཏེ། སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བའི་སྔོན་དུ་འགྲོ་བས། རང་གིས་ཀྱང་སྦྱིན་པར་བྱེད་ལ། གཞན་དག་ཀྱང་སྦྱིན་དུ་འཇུག་ཅིང༌། བདག་ཉིད་སྙོམ་ལས་མེད་པར་བསྟེན། གཞན་དག་སྦྱིན་དུ་འཇུག་ཅིང་མངག་པར་མི་བྱེད་དོ། །སློང་བའི་ཚོགས་ཆེན་པོ་འདུས་པ། ཚུལ་ཁྲིམས་དང་ལྡན་པ་དང་ཚུལ་ཁྲིམས་འཆལ་པ་རྣམས་འདུས་ཤིང་འཁོད་པར་ཤེས་ནས། རྒན་རིམས་ནས་གཞོན་རིམས་ཀྱི་བར་དུ་གྲལ་རིམ་བཞིན་དུ་ཡང་དང་ཡང་དུ་འགྲོ་ཞིང་འོང་སྟེ། སྦྱིན་པར་བྱ་བའི་དངོས་པོ་ཐམས་ཅད་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ལོངས་སྤྱོད་མང་པོ་རྒྱ་ཆེ་ཞིང་རྒྱས་པ་ཡོད་བཞིན་དུ་སྦྱིན་པ་ཉུང་དུ་སྦྱིན་པར་


DTG129_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱེད་དོ། །གཞན་པ་དག་ལ་གཙོ་བའི་ཕྱིར་གཞན་དག་ལ་སྦྱིན་པ་སྦྱིན་པར་མི་བྱེད་དོ། གཤེ་པའམ། ཁྲོ་བའམ། བརྡེག་པ་འམ། བསྡིགས་པའམ། སྨད་པའམ། གསད་པའམ། བཅིང་བའམ། ཆད་པས་གཅད་པའམ། གོ་རར་གཞུག་པའམ། བསྐྲད་པའི་ཕྱིར་སྦྱིན་པ་སྦྱིན་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་སྦྱིན་པའི་སྔ་རོལ་ཉིད་ནས་ཀྱང་ཡིད་དགའ་ལ་སྦྱིན་པའི་ཚེ་ཡང་སེམས་དགའ་བར་བྱེད་ཅིང་བྱིན་ནས་ཀྱང་འགྱོད་པ་མེད་དོ། །ནོར་བུ་དང༌། མུ་ཏིག་དང༌། བཻ་ཌཱུཪྻ་དང༌། དུང་དང༌། མན་ཤེལ་དང༌། བྱི་རུ་ལ་སོགས་པ་འདྲ་བར་བཅོས་པ་རྣམས་ཀྱང་དེ་འདོད་པའི་སེམས་ཅན་རྣམས་ལ་གཡོ་སྒྱུའི་སྦྱིན་པ་སྦྱིན་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱ་བའི་དངོས་པོ་ཉུང་དུའམ། མང་པོ་ཅི་ཡང་རུང་སྟེ། སྔ་ནས་སེམས་ཀྱིས་སེམས་ཅན་ཐམས་ཅད་ལ་མ་བཏང་བ་མེད་དེ། ཕྱིས་སློང་བ་པོས་བདག་གི་ནོར་བརྙན་པོར་བཏང་བ། བྱང་ཆུབ་སེམས་དཔའ་ལས་ཕྱིར་འགུགས་པ་བཞིན་ནོ། །བྱང་ཆུབ་སེམས་དཔའ་ནི་དུས་དུས་སུ་སྦྱིན་པ་སྦྱིན་པར་བྱེད་ཀྱི་དུས་མ་ཡིན་པར་ནི་མ་ཡིན་ནོ། །བདག་དང་ཕ་རོལ་ལ་རུང་བ་སྦྱིན་པར་བྱེད་ཀྱི་མི་རུང་བ་ནི་མ་ཡིན་ནོ། །ཚུལ་བཞིན་དུ་ཡིད་ལ་བྱེད་ཀྱི་ཚུལ་བཞིན་མ་ཡིན་པར་མི་བྱེད་དོ། །སེམས་མ་གཡེངས་པས་སྦྱིན་པར་བྱེད་ཀྱི་སེམས་གཡེངས་པས་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་སློང་བ་ལ་འཕྱ་བར་མི་བྱེད་ཀྱི་བསྟིང་བར་མི་བྱེད་ཅིང༌། དེ་སྤ་གོང་བར་ཡང་མི་བྱེད་དོ། །ཁྲོ་གཉེར་ཅན་དུ་ཡང་མི་བྱེད་དོ།། བཞིན་གྱི་མདངས་གསལ་ཞིང་སྔར་འཇུམ་ལ་གསོང་པོར་སྨྲ་བར་བྱེད་དོ། །སྦྱིན་པ་བརྒྱངས་ཏེ་སྦྱིན་པར་མི་བྱེད་ཀྱི་ལ་གོར་དུ་མྱུར་དུ་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་མ་བསླངས་པར་བདག་ཉིད་ཀྱིས་སྐབས་ཕྱེ་ཞིང་གཞན་དག་ལ་སུ་ཅི་འདོད་པ་དེ་ལ་དེ་སྦྱིན་པར་བྱེད་དོ། །རང་རང་གིས་བླངས་པ་དེ་དག་ལ་ཡང་རྗེས་སུ་གནང་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་འཆལ་བའི་ཤེས་རབ་ཀྱིས་སྦྱིན་པར་ཡང་མི་བྱེད་དོ། །སྦྱིན་པ་ན་ཤེས་རབ་ཅན་གྱི་སྦྱིན་པ་ཁོ་ན་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ཤེས་རབ་ཅན་གྱི་སྦྱིན་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་


DTG129_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པར་བྱ་བའི་ཆོས་དག་ཡོད་དེ། བདོག་ན་སློང་བ་མ་འོངས་པའི་སྔ་རོལ་ཉིད་ནས་སེམས་འདི་སྙམ་དུ་མངོན་པར་འདུ་བྱེད་དེ། སྦྱིན་པར་བྱ་བའི་ཆོས་བདོག་ཀྱང་རུང༌། མི་བདོག་ཀྱང་རུང༌། ཟང་ཟིང་གི་སྦྱིན་པ་ཁྱིམ་པ་དབང་དུ་བྱས་པ། གལ་ཏེ་སྐྱིད་ཅིང་བཀྲིན་པ་མ་ཡིན་ལ། ཕོངས་པ་མ་ཡིན་པ། མགོན་དང་བཅས། རྟེན་དང་བཅས་པ་དང༌། སྡུག་ཅིང་བཀྲེན་ལ་ཕོངས་པ་མགོན་མེད་པ། རྟེན་མེད་པ་རྣམ་པ་གཉིས་ཤིག་བདག་ལ་སློང་དུ་འོངས་ན་དེ་ལ་བདག་གིས་གལ་ཏེ་གཉི་ག་ཡང་ཡིད་ཚིམ་པར་ཡང་བྱ་བ་དང༌། འདོད་པ་བཞིན་དུ་ཡོངས་སུ་བསྐང་བའི་ལོངས་སྤྱོད་འབྱོར་ན་ནི་དེའི་ཚེ་བདག་གིས་གཉི་ག་ཡང་ཚིམ་པར་བྱ་ཞིང་གཉི་གའི་འདོད་པ་ཡོངས་སུ་བསྐང་བར་བྱའོ། །གལ་ཏེ་བདག་གིས་གཉི་ག་ཚིམ་པར་བྱ་བའམ། འདོད་པ་བཞིན་དུ་ཡོངས་སུ་བསྐང་བར་བྱ་བའི་ལོངས་སྤྱོད་མ་འབྱོར་ན་ནི་སྐྱིད་པ་ཤོས་བཏང་སྟེ། སྡུག་པ་ཤོས་ལ་སྦྱིན་པ་སྦྱིན་ནོ། །བཀྲེན་པ་མ་ཡིན་ཞིང་ཕོངས་པ་མ་ཡིན་ལ་མགོན་དང་བཅས། རྟེན་དང་བཅས་པ་བཏང་སྟེ། བཀྲེན་ཞིང་ཕོངས་པ་མགོན་མེད་པ་དང༌། རྟེན་མེད་པ་ལ་སྦྱིན་པ་སྦྱིན་པར་བྱའོ་སྙམ་མོ། །དེ་ལྟར་ན་སེམས་མངོན་པར་འདུ་བྱས་ནས། ཇི་ལྟར་མངོན་པར་འདུ་བྱས་པ་ཁོ་ན་བཞིན་དུ་ལས་སུ་གྲུབ་པར་བྱེད་དོ། །གལ་ཏེ་སློང་བ་སྐྱིད་པ་ཤོས་ཀྱི་འདོད་པ་བཞིན་དུ་ཡོངས་སུ་བསྐང་བ་མ་ནུས་ན་ཡང༌། དེས་བདག་གི་སེམས་ཀྱི་མངོན་པར་འདུ་བྱེད་པའི་རྟོག་པ་སྔ་མ་དེ་ཉིད་ལ་བརྟེན་ཏེ། སློང་བ་དེ་ལ་འདི་སྐད་དུ་སྡུག་པ་ཉིད་ལ་སྦྱིན་པར་བྱ་བའི་དངོས་པོ་འདི་ངས་སྔ་ནས་བཏང་ཟིན་ཏེ། སྔ་ནས་ཡི་དམ་དུ་བཅས་པའི་ཕྱིར་རམ། ངས་འདི་ལ་བྱིན་པ་ཡིན་གྱི། ཁྱོད་ལ་སྦྱིན་མི་འདོད་པ་ནི་མ་ཡིན་ནོ། །དེ་བས་ན་བཞིན་བཟངས་ཁྱོད་ངོ་བཟློག་གོ་སྙམ་དུ་ང་ལ་མ་སེམས་ཤིག་ཅེས་ཤད་ཀྱིས་བྱང་བར་བྱས་ཏེ་གཏོང་བར་བྱེད་དོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སྦྱིན་པ་སྦྱིན་པར་བྱ་བའི་ཆོས་དག་ཡོད་དེ། བདོག་ན་སེར་སྣ་ཅན་གྱི་ཁྱིམ་དང༌། མཆོག་ཏུ་སེར་སྣ་ཅན་གྱི་ཁྱིམ་ཡོ་བྱད་རྣམས་ཀུན་ཏུ་འཛིན་ཅིང་འཇུངས་ལ། ལན་འགའ་ཡང་དགེ་སྦྱོང་དང༌། བྲམ་ཟེ་རྣམས་ལ་སྦྱིན་པར་བྱ་བའི་ཆོས་རྣམས་གཏོང་མ་མྱོང་བའི་ཁྱིམ་དེ་དག་ཏུ་བྱང་ཆུབ་


DTG129_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སོང་ནས། ཡང་དག་པར་མགུ་བར་བྱས་ཤིང་བག་ཕེབས་པར་བྱས་ཏེ། འདི་སྐད་དུ་ཀྱེ་ཚུར་ཤོག །ཁྱོད་ནོར་འགོད་པ་མེད་པར་དེ་ལ་ཕན་གདགས་པ་ཆེན་པོས་ཉེ་བར་གནས་པར་གྱིས་ཤིག །ངའི་ཁྱིམ་ན་ལོངས་སྤྱོད་རྒྱ་ཆེན་པོ་དང༌། སྦྱིན་པར་བྱ་བའི་ཆོས་རྒྱ་ཆེན་པོ་དག་ཡོད་དེ། ངའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སློང་བ་པོ་འདོད་ཀྱིས་གལ་ཏེ་ཁྱོད་སློང་བ་དང་ཕྲད་ན་བཟློག་སྟེ་མ་བཏང་བར་ཡང་ན་ནི་ངའི་ནོར་སྦྱིན་པར་བྱ་བའི་ཆོས་ལས་ལོང་ལ་དེ་དག་ལ་ཅི་བདེར་བྱིན་ཅིག །ཡང་ན་ནི་སློང་བ་དེ་དག་ངའི་ཐད་དུ་ཁྲིད་དེ་ཤོག་ཤིག །ངས་སྦྱིན་པ་སྦྱིན་པ་ལ་རྗེས་སུ་ཡི་རང་བར་ཡང་གྱིས་ཤིག་ཅེས་བསྒོའོ། །དེ་དག་གིས་ཀྱང་དེ་ལས་ཐོས་ནས། ནོར་མི་འགོད་ཅིང་དགའ་བར་བྱ་བས་རིགས་ཀྱི་བུ་འདི་བདག་ཅག་ལ་སེམས་དགའ་བར་འགྱུར་སྙམ་སྟེ་དེ་བཞིན་དུ་བྱེད་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེས་དེ་དག་ལ་ཕྱི་མ་ལ་སེར་སྣའི་དྲི་མ་བསལ་བའི་ས་བོན་བཏབ་པ་ཡིན་ཏེ། རིམ་གྱིས་གོམས་པར་བྱས་པ་དེ་དག་ཤེས་རབ་སྔོན་དུ་འགྲོ་བའི་ཐབས་ལ་མཁས་པ་དེས་ན་རང་རང་གིས་ཀྱང་ནོར་ཉུང་དུ་སྦྱིན་པ་བྱེད་ཅིང་མ་ཆགས་པ་ཉུང་དུ་ལ་བརྟེན་ནས་འབྲིང་པོ་ཐོབ་པར་འགྱུར་ལ། འབྲིང་ལ་བརྟེན་ནས་ཆེན་པོ་ཐོབ་པར་འགྱུར་རོ། །གཞན་ཡང་བྱང་ཆུབ་སེམས་དཔའ་དེའི་མཁན་པོ་དང༌། སློབ་དཔོན་དང༌། ལྷན་ཅིག་གནས་པའི་སློབ་མ་དང༌། ཚངས་པ་མཚུངས་པར་སྤྱོད་པ་གང་དག་ཆགས་པའི་རང་བཞིན་ཅན་དང༌། བརྐམ་པའི་རང་བཞིན་ཅན་ཡིན་ནམ། གང་དག་བརྐམ་པའི་རང་བཞིན་ཅན་མ་ཡིན་ཡང་སྦྱིན་པར་བྱ་བའི་ཆོས་མེད་དེ། འདོད་པས་ཕོངས་པར་གྱུར་ན། དེ་ལ་བྱང་ཆུབ་སེམས་དཔའ་སངས་རྒྱས་ལ་བརྟེན་པའམ། ཆོས་དང་དགེ་འདུན་ལ་བརྟེན་ཏེ། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བྱེད་པར་འདོད་པས་སྦྱིན་པར་བྱ་བའི་ཆོས་དེ་རྣམས་དེ་དག་ཉིད་ལ་སྦྱིན་ཞིང་དེ་དག་བྱེད་དུ་འཇུག་སྟེ་བདག་ཉིད་མི་བྱེད་དོ། །དེ་ལྟར་བྱས་པས་བྱང་ཆུབ་སེམས་དཔའ་དེས་བདག་ཉིད་ཀྱིས་ཀྱང་བསོད་ནམས་ཤིན་ཏུ་མང་དུ་བསྐྱེད་པ་ཡིན། ཚངས་པ་མཚུངས་པར་སྤྱོད་པ་དེ་ཁ་ཅིག་གི་ཉོན་མོངས་པ་ཡང་བཏུལ་བ་ཡིན།


DTG129_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་གི་ཆོས་འདོད་པ་ཡང་ཡོངས་སུ་རྫོགས་པར་བྱ་བ་ཡིན་ཏེ། སེམས་ཅན་བསྡུས་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱས་པར་ཡང་འགྱུར་རོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱ་བའི་ཆོས་དག་ཡོད་དེ། བདོག་ན་སློང་བ་པོའི་བསམ་པ་མཚན་མ་ཙམ་གྱིས་རྟོགས་ན་ཡང་ཅི་འདོད་པ་སྦྱིན་པར་བྱ་བའི་ཆོས་རྣམས་སྦྱིན་པར་བྱེད་དོ། །གང་ཞིག་འདི་སྒྱུ་ཚོང་གིས་བྲིད་པར་བྱའི་སྙམ་སྟེ། དེའི་ཐད་དུ་འོངས་ན་ཡང་དེའི་བསམ་པ་རྟོགས་ནས་དེའི་ཉེས་པར་སྤྱོད་པ་གཞན་དག་ལ་ཡང་འཆབ་པར་བྱེད་ན་དེ་ཉིད་ལྟ་ལ་ཅི་སྨོས། དེའི་འདོད་པ་ཡོངས་སུ་རྫོགས་པར་བྱེད་ལ། ཅི་ནས་ཀྱང་དེ་སྐྱེད་པར་མི་འགྱུར་བ་དང༌། མགུ་ཞིང་འཇིགས་པ་མེད་པ་དང༌། ཡིད་དགའ་བར་འགྱུར་བས་ཕྱིར་འགྲོ་བར་བྱེད་དོ། །གང་གིས་བྱང་ཆུབ་སེམས་དཔའ་གཡོ་སྒྱུས་བྲིད་པར་གྱུར་ལ། བྲིད་པ་དེ་ཡང་དེས་སྔར་མ་རྟོགས་ཏེ། ཕྱིས་རྟོགས་པར་གྱུར་ན་ཡང་འདྲིད་པའི་གང་ཟག་དེ་ལ་གཞི་དེས་གླེང་པའམ། དྲན་པར་མི་བྱེད་ལ། དེའི་སྒྱུ་ཐབས་ཀྱིས་མ་བྱིན་པར་ལེན་པ་དེ་དག་ཐམས་ཅད་ལ་ཡང་བསམ་པས་རྗེས་སུ་དགའ་བར་བྱེད་དེ། དེ་ལྟ་བུ་དང་མཐུན་པ་ཡང་བྱང་ཆུབ་སེམས་དཔའ་སྦྱིན་པར་བྱ་བའི་ཆོས་ཡོད་དེ། བདོག་པ་རྣམས་ཤེས་རབ་ཅན་གྱི་སྦྱིན་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱ་བའི་ཆོས་དག་མེད་དེ། མི་བདོག་ན་ཡང་བྱང་ཆུབ་སེམས་དཔའ་བཟོ་དང་ལས་ཀྱི་གནས་དེ་དང་དེ་དག་ལ་སྦྱངས་པ་དེ་བཟོ་དང་ལས་ཀྱི་གནས་དེ་ལྟ་བུ་མངོན་དུ་བྱེད་ཅིང༌། དེས་ཚིགས་ཆུང་ངུས་ནོར་གྱི་ཕུང་པོ་ཆེན་པོ་བསྒྲུབས་ཏེ་གནས་སོ། །ཡང་ན་བྱང་ཆུབ་སེམས་དཔའ་གཏམ་སྣ་ཚོགས་དང༌། སྙན་པའི་གཏམ་དང༌། སྤོབས་པ་དགེ་བ་དང་ལྡན་པ་ཅི་ནས་སེམས་ཅན་དབུལ་པོ་རྣམས་ཀྱང་སྦྱིན་པར་བྱེད་འདོད་པར་གྱུར་ན། ཕྱུག་པོ་རྣམས་ལྟ་སྨོས་ཀྱང་ཅི་འཆལ་བ་དང༌། སེར་སྣ་ཅན་རྣམས་ཀྱང་སྦྱིན་པ་བྱེད་པར་འདོད་པར་གྱུར་ན། སྟོང་པའི་རང་བཞིན་ཅན་རྣམས་ལྟ་སྨོས་ཀྱང་ཅི་དགོས་པ་དེ་ལྟ་བུར་གཞན་དག་ལ་ཆོས་སྟོན་པར་བྱེད་དོ། །ཡང་ན་སློང་བ་པོ་ལྷགས་ཤིང་ལྷགས་པ་


DTG129_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དད་པ་དང་ལྡན་པའི་ཁྱིམ་གང་དག་ན་ལོངས་སྤྱོད་རྒྱ་ཆེན་པོ་དང་ལྡན་པས་ཉིན་གཅིག་བཞིན་དུ་སྦྱིན་པར་བྱ་བའི་ཆོས་ཁོ་ན་ལ་འཇུག་པའི་ཁྱིམ་དེ་དག་ཏུ་གཏོང་བར་བྱེད་དོ། །བདག་ཉིད་ཀྱང་སྦྱིན་པ་སྦྱིན་ཞིང་བསོད་ནམས་བྱེད་པ་དག་ཏུ་སོང་ནས་མཁས་པ་དང༌། ལེ་ལོ་མེད་པ་དང༌། སྒྲུབ་ཕོད་པས་སེམས་མངོན་པར་དགའ་བར་བྱས་ནས། ལུས་དང་ངག་གིས་ཅི་ནུས་ཅི་ལྕོགས་ཀྱིས་ཉམས་སུ་ལེན་པར་བྱེད་ན། སྦྱིན་པ་དེ་ཡང་སློང་བ་རྣམས་ལ་ལེགས་པར་སྦྱིན་པར་བྱེད་དོ། །དེ་ལྟར་ན་ངོ་མ་སྙོམས་པ་དང༌། ཚུལ་མ་ཡིན་པའམ། བརྗེད་ངས་པས་ཞལ་ཏ་བྱེད་པ་དང༌། མི་མཐུན་པའི་ཕྱིར་སྦྱིན་པ་དེ་ཉེས་པར་བྱིན་པར་འགྱུར་པ་གང་ཡིན་པ་དེ་མེད་པར་འགྱུར་རོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ནི་ཇི་སྲིད་དུ་བསམ་པ་རྣམ་པར་དག་པ་མ་ཐོབ་ཀྱི་བར་དུ་ལོངས་སྤྱོད་དག་མེད་དེ། མི་བདོག་བཞིན་དུ་ཤེས་རབ་ཅན་གྱི་སྦྱིན་པ་སྦྱིན་པར་བྱེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་དག་པ་ནི་ཇི་ལྟ་བུར་ངན་སོང་ལས་དག་པར་འདས་པ་ཐོབ་པར་འགྱུར་བ་དེ་ལྟ་བུར་ཚེ་རབས་ཐམས་ཅད་དུ་ལོངས་སྤྱོད་ཟད་མི་ཤེས་པ་ཐོབ་པར་འགྱུར་རོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་མུ་སྟེགས་ཅན་གླགས་ཚོལ་བ་ལ་ཆོས་ཁས་འཆད་པའམ། གླེགས་བམ་དུ་བྱས་པ་ལ་ཡང་སྦྱིན་པར་མི་བྱེད་དོ། །ཆགས་པའི་རང་བཞིན་ཅན་གླེགས་བམ་འཚོང་བར་འདོད་པའམ། སྦེད་པར་འདོད་པའམ། དེ་ཤེས་པས་དོན་དུ་གཉེར་བ་མ་ཡིན་པ་ལ་ཡང་སྦྱིན་པར་མི་བྱེད་དོ། །ཤེས་པར་འདོད་པ་ལ་ནི་གལ་ཏེ་གླེགས་བམ་བདག་ལ་དགོས་པའི་དོན་བྱས་ཟིན་ན། དེ་ལ་ཅི་བདེར་སྦྱིན་པར་བྱེད་དོ། །གལ་ཏེ་དས་རང་གི་དོན་དུ་གླེགས་བམ་དེ་བསྒྲུབ་པའི་དོན་མ་གྲུབ་ན་ནི། འདི་ལྟར་བྱང་ཆུབ་སེམས་དཔའ་དེས་དཔེ་གཞན་མཐོང་ན་སྦྱིན་པར་བྱེད་དོ། །ཡང་ན་ནི་གཞན་བྲིས་ཏེ་སྦྱིན་པར་བྱེད་དོ། །གལ་ཏེ་དཔེ་གཞན་ཡང་མ་མཐོང་ངམ། འདྲི་ཡང་མ་ནུས་ན་ནི་དེས་ཐོག་མ་ཁོ་ནར་བདག་གི་སེམས་ལ་བརྟག་པར་བྱ་སྟེ། བདག་གི་སེམས་ཆོས་ལ་སེར་སྣ་བྱེད་པའི་དྲི་མས་ཀུན་ནས་དཀྲིས་པར་མ་གྱུར་གྲང༌། བདག་ཆོས་བྲིས་པ་སྙིང་ནས་སྦྱིན་པར་


DTG129_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདོད་པ་ཁོ་ན་མ་ཡིན་གྲང་སྙམ་དུ་བརྟག་པར་བྱའོ། །གལ་ཏེ་དེས་དེ་ལྟར་བརྟགས་པ་ན་བདག་ལ་ཆོས་ལ་སེར་སྣ་བྱེད་པའི་དྲི་མ་ཅུང་ཟད་ཀུན་ཏུ་སྤྱོད་པ་ཡང་ཡོད་དོ་སྙམ་དུ་ཤེས་ན་ནི། བྱང་ཆུབ་སེམས་དཔའ་དེས་འདི་སྙམ་དུ་གལ་ཏེ་བདག་ཆོས་ཀྱི་སྦྱིན་པ་འདིས་ཚེ་འདི་ལ་ལྐུགས་པ་ཁོ་ནར་འགྱུར་ན་ཡང་བདག་གིས་ཉོན་མོངས་པ་དང་དུ་བླང་བར་མི་བྱ་སྟེ། ཆོས་ཀྱི་སྦྱིན་པ་ངེས་པར་སྦྱིན་དགོས་ན། ཡེ་ཤེས་ཀྱི་ཚོགས་མེད་པར་འགྱུར་བ་ལྟ་ཅི་སྨོས་སྙམ་དུ་སེམས་མངོན་པར་འདུ་བྱས་ཏེ། ཆོས་ཀྱི་སྦྱིན་པ་དེས་ངེས་པ་ཁོ་ནར་སྦྱིན་པར་བྱའོ། །གལ་ཏེ་དེ་ལྟར་རྟོག་པ་ན་བདག་ལ་ནི་ཆོས་ལ་སེར་སྣ་བྱེད་པའི་དྲི་མ་ཅུང་ཟད་ཙམ་དུ་ཀུན་ཏུ་སྤྱོད་པ་ཡང་མེད་དོ་སྙམ་དུ་ཤེས་ན་ནི་བྱང་ཆུབ་སེམས་དཔའ་དེས་འདི་ལྟར་བསླབ་པར་བྱ་སྟེ། བདག་གིས་ནི་ཉོན་མོངས་པ་གཞོམ་པའི་ཕྱིར་རམ། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རམ། སེམས་ཅན་དགའ་བར་བྱ་བའི་ཕྱིར་ཆོས་ཀྱི་སྦྱིན་པ་འདི་སྦྱིན་པར་བྱ་བ་ཡིན་ན། ངས་ཉོན་མོངས་པ་ཡང་མ་མཐོང་ལ། མ་བྱིན་ན་ཚེ་འདི་དང་ཕྱི་མ་ལ་ཡེ་ཤེས་ཀྱི་ཚོགས་ཆེས་མང་དུ་མཐོང་ལ། བྱིན་ན་ནི་རྟོགས་པ་ཆེན་པོར་མི་འགྱུར་ཞིང་ཚེ་ཕྱི་མ་ལ་ཆོས་ཀྱི་རྙེད་པ་ཆེན་པོར་འགྱུར་གྱི་ཆུང་བ་མ་ཡིན་ལ། མ་བྱིན་ན་ནི་ངས་སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། བདེ་བར་བྱ་བའི་ཕྱིར་ཡེ་ཤེས་བསྒྲུབས་པས་སེམས་ཅན་འདི་དང་སེམས་ཅན་གཞན་ཐམས་ཅད་དགའ་བར་བྱེད་པར་འགྱུར་གྱི། བྱིན་དུ་ཟིན་ན་ནི་སེམས་ཅན་འདི་གཅིག་པུ་དགའ་བར་འགྱུར་རོ་སྙམ་སྟེ། དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ནས་གལ་ཏེ་བྱང་ཆུབ་སེམས་དཔའ་མ་བྱིན་ན་ནི། ཁ་ན་མ་ཐོ་བར་ཡང་མི་འགྱུར། འགྱོད་པར་ཡང་མི་འགྱུར། བྱང་ཆུབ་སེམས་དཔའི་ཚུལ་ལས་ཀྱང་འགལ་བར་ཡང་མི་འགྱུར་རོ། །ཇི་ལྟར་མི་སྦྱིན་ཅེ་ན། བྱང་ཆུབ་སེམས་དཔའ་ནི་སློང་བ་ལ་ཁྱོད་ལ་མི་སྦྱིན་ནོ་ཞེས་ཚིག་བརླང་པོས་ཕྱིར་ཟློག་པར་མི་བྱེད་མོད་ཀྱི། འོན་ཀྱང་ཐབས་མཁས་པས་དེ་བརྡ་སྤྲད་དེ་གཏོང་བར་བྱེད་དོ། །དེ་ལ་ཐབས་མཁས་པ་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔས་ནི་ཡོ་བྱས་ཐམས་ཅད་དང༌། སྦྱིན་པར་བྱ་བའི་ཆོས་ཐམས་


DTG129_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཐོག་མ་ཉིད་ནས་ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ལ་བསམ་པ་རྣམ་པར་དག་པས་ཕུལ་ཞིང་བསྔོས་ཟིན་ཏེ། དཔེར་ན་དགེ་སློང་གིས་སློབ་དཔོན་ནམ། མཁན་པོ་ལ་ཆོས་གོས་བསྔོས་པ་བཞིན་ནོ། །དེས་དེ་ལྟར་བསྔོས་པའི་ཕྱིར་ཡོ་བྱད་དང༌། སྦྱིན་པར་བྱ་བའི་ཆོས་སྣ་ཚོགས་རྒྱ་ཆེན་པོ་ཐམས་ཅད་བསགས་པར་གྱུར་དུ་ཟིན་ཀྱང་འཕགས་པའི་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །བསོད་ནམས་དཔག་ཏུ་མེད་པ་ཡང་འཕེལ་བར་འགྱུར་རོ། །དེའི་བསོད་ནམས་དེ་ཡང་རྟག་ཏུ་དེ་ལན་མང་དུ་ཡིད་ལ་བྱེད་པས། དུས་ཐམས་ཅད་དུ་ལྡན་པར་མངོན་པར་འཕེལ་བར་འགྱུར་རོ། །དེས་སྦྱིན་པར་བྱ་བའི་ཆོས་དེ་དག་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཏམས་ཏེ་གཞག་པ་དང་འདྲ་བར་འཚང་བར་བྱེད་དོ། །གལ་ཏེ་སློང་བ་པོ་མཐོང་ལ་དེ་ལ་སྦྱིན་པར་བྱ་བའི་ཆོས་ཅི་འདོད་པ་སྦྱིན་པར་འོས་པ་ཞིག་མཐོང་ན་ནི། དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་རྣམས་ཡོངས་སུ་མ་བཏང་བ་དེ་གང་ཡང་མེད་དོ་སྙམ་དུ་ཤེས་པར་བྱས་ནས། སློང་བ་པོའི་འདོད་པ་ཡོངས་སུ་རྫོགས་པར་བྱེད་དོ། །གལ་ཏེ་འོས་མ་ཡིན་པར་མཐོང་ན་ནི་དེས་རྟོག་པ་དེ་ཉིད་ལ་བརྟེན་ནས། བཞིན་བཟངས་དག་འདི་ནི་གཞན་གྱི་ཡིན་ཏེ། ཁྱེད་ལ་སྦྱིན་པ་གནང་བ་མེད་དོ་ཞེས་དེ་ལ་ཚིག་འཇམ་པོས་གོ་བར་བྱས་ཏེ་གཏོང་བར་བྱེད་དོ། །ཡང་ན་དེ་གཞན་དེའི་ཉིས་འགྱུར་རམ། སུམ་འགྱུར་སྦྱིན་ཞིང་རིམ་གྲོ་དང༌། བཀུར་སྟི་བྱས་ནས་གཏོང་པར་བྱེད་དོ། །ཅི་ནས་དེ་བྱང་ཆུབ་སེམས་དཔའ་འདི་ནི་ཆགས་པའི་རང་བཞིན་ཅན་དུ་གྱུར་ཏེ། བདག་ཅག་ལ་སྦྱིན་པར་མི་འདོད་པ་མ་ཡིན་གྱི། འདི་ནི་གླེགས་བམ་གྱི་ཆོས་འདི་ནི་སྦྱིན་པའི་དབང་མེད་པ་ཞིག་ཡིན་གོར་མ་ཆག་སྟེ་དེའི་ཕྱིར་སྦྱིན་པར་མི་བྱེད་དོ་སྙམ་དུ་ཤེས་པར་བྱེད་དེ། འདི་ཡང་བྱང་ཆུབ་སེམས་དཔའི་ཆོས་ཀྱི་སྦྱིན་པ་ལས་བརྩམས་ཏེ། ཤེས་རབ་ཅན་གྱི་སྦྱིན་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་ཆོས་དང་ཟང་ཟིང་གི་རང་བཞིན་གྱི་སྦྱིན་པ་ཐམས་ཅད་རྣམ་གྲངས་དང༌། མཚན་ཉིད་དང༌། ངེས་པའི་ཚིག་དང༌། རྒྱུ་དང་འབྲས་


DTG129_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བུ་དང། རབ་ཏུ་དབྱེ་བ་ལས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ནས་སྦྱིན་པར་བྱེད་དེ། འདི་ཡང་བྱང་ཆུབ་སེམས་དཔའི་ཤེས་རབ་ཅན་གྱི་སྦྱིན་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ལ་གནོད་པ་བྱེད་པ་རྣམས་ལ་བྱམས་པའི་བསམ་པས་སྦྱིན་པ་སྦྱིན་པར་བྱེད་དོ། །སྡུག་བསྔལ་བ་རྣམས་ལ་ནི་སྙིང་རྗེའི་བསམ་པ་དང༌། ཡོན་ཏན་ཅན་རྣམས་ལ་དགའ་བའི་བསམ་པ་དང༌། ཕན་འདོགས་པ་རྣམས་དང༌། མཛའ་བཤེས་རྣམས་དང༌། སྙིང་དུ་སྡུག་པ་རྣམས་ལ་ནི་བཏང་སྙོམས་ཀྱི་བསམ་པས་སྦྱིན་པ་སྦྱིན་པར་བྱེད་དེ། འདི་ཡང་བྱང་ཆུབ་སེམས་དཔའི་ཤེས་རབ་ཅན་གྱི་སྦྱིན་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སྦྱིན་པའི་གེགས་བྱེད་པ་དང༌། སྦྱིན་པའི་གེགས་བྱེད་པའི་གཉེན་པོ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ལ་སྦྱིན་པའི་གེགས་བྱེད་པ་ནི་བཞི་སྟེ། སྔོན་མ་གོམས་པ་དང༌། སྦྱིན་པར་བྱ་བའི་ཆོས་ཉུང་སྟེ་མི་ལྡན་པ་དང༌། དངོས་པོ་མཆོག་དང་ཡིད་དུ་འོང་བ་ལ་ཞེན་པ་དང༌། ཕྱི་མ་ལོངས་སྤྱོད་ཕུན་སུམ་ཚོགས་པའི་འབྲས་བུ་ལ་ལྟ་ཞིང་མངོན་པར་དགའ་བའོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་སྦྱིན་པར་བྱ་བའི་ཆོས་དག་ཡོད་བཞིན་དུ་སློང་བ་པོ་ལེགས་པར་འོངས་པ་ནི་སྦྱིན་པ་ལ་སེམས་མི་འཇུག་ན་དེ་ཉེས་པ་འདི་ནི་བདག་མ་གོམས་བས་ལན་ནོ་སྙམ་དུ་མྱུར་བ་མྱུར་བར་ཤེས་རབ་ཀྱིས་རྟོགས་པར་འགྱུར་ཞིང་འདི་ལྟར་ཡང་བདག་གིས་ནི་སྔོན་སྦྱིན་པ་མ་བྱིན་པ་གོར་མ་ཆག་སྟེ། དེས་ན་བདག་ད་ལྟར་ལོངས་སྤྱོད་རྣམས་ཀྱང་ཡོད་ལ། སློང་བ་པོ་ལེགས་པར་འོངས་བཞིན་དུ་སྦྱིན་པ་ལ་སེམས་མི་འཇུག་གོ །གལ་ཏེ་དེ་ལྟར་སོ་སོར་བརྟགས་ནས་སྦྱིན་པ་མ་བྱས་ན་ཕྱི་མ་ལ་ཡང་བདག་སྦྱིན་པ་ལ་ཞེ་སྡང་བར་འགྱུར་རོ་སྙམ་དུ་རྟོགས་པར་བྱེད་དེ། དེས་དེ་ལྟར་རྟོགས་པ་ནས་ཀྱང་སྦྱིན་པའི་གེགས་བྱེད་པའི་གཉེན་པོ་ལ་བརྟེན་ནས་སོ་སོར་བརྟགས་ཏེ་སྦྱིན་པར་བྱེད་ཀྱི། མ་གོམས་པ་ལས་གྱུར་པའི་ཉེས་པའི་རྗེས་སུ་འབྲང་ཞིང་དེའི་དབང་དུ་འགྲོ་བ་མ་ཡིན་ནོ། །གཞན་ཡང་གལ་ཏེ་སློང་བ་པོ་ལེགས་པར་འོངས་པ་ན་


DTG129_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་ཆུང་བས་སྦྱིན་པ་ལ་བྱང་ཆུབ་སེམས་དཔའ་སེམས་མི་འཇུག་ན་དེས་སྦྱིན་པའི་གེགས་བྱེད་པའི་རྒྱུ་ཕོངས་པ་ལས་གྱུར་པ་དེ་མྱུར་བ་མྱུར་བར་ཤེས་རབ་ཀྱིས་རྟོགས་ནས། ཕོངས་པ་ལས་གྱུར་པའི་སྡུག་བསྔལ་དེ་དང་དུ་བླངས་ཏེ། སོ་སོར་བརྟགས་ནས་སྙིང་རྗེས་སྦྱིན་པ་སྦྱིན་པར་བྱེད་དེ། དེ་འདི་སྙམ་དུ་འཁོར་བ་ནས་ཕ་རོལ་ལ་ཕན་བཏགས་པ་སྔོན་གྱི་ལས་ཀྱི་ཉེས་པའམ། གཞན་གྱི་དབང་དུ་བྱས་པས་བདག་གིས་བཀྲིས་པ་དང༌། སྐོམ་པ་ལ་སོགས་པའི་སྡུག་བསྔལ་བཟོད་བླགས་མེད་པ་མང་དུ་མྱོང་བར་འགྱུར་གྱིས། གལ་ཏེ་ཚེ་འདིའི་སྡུག་བསྔལ་གཞན་ལ་ཕན་འདོགས་པའི་རྒྱུ་ལས་བྱུང་བའི་སྦྱིན་པ་དེས་བདག་འཆི་ཞིང་དུས་བྱེད་པ་དེས་བདག་འཆི་ཞིང་དུས་བྱེད་པར་འགྱུར་དུ་ཟིན་ནས་ཀྱང་བདག་ལ་ནི་སྦྱིན་པ་ཁོ་ན་ལེགས་པར་འགྱུར་གྱི། སློང་བ་པོ་ཕྱིར་བཟློག་པ་ནི་དེ་ལྟ་མ་ཡིན་གྱི། དེ་མེད་དུ་ཟིན་ཀྱང་ཁ་ཅིག་སྔོ་རྔད་ཅི་ཡང་རུང་བཙམ་གྱིས་འཚོའོ་སྙམ་དུ་སེམས་ཏེ། དེ་ལྟར་བྱང་ཆུབ་སེམས་དཔས་ཕོངས་པ་ལས་གྱུར་པའི་སྡུག་བསྔལ་དེ་དང་དུ་བླངས་ནས་སྦྱིན་པ་སྦྱིན་པར་འབྱེད་དོ། །གཞན་ཡང་སློང་བ་པོ་ལེགས་པར་འོངས་པ་ན། གལ་ཏེ་སྦྱིན་པར་བྱ་བའི་དངོས་པོ་ཤས་ཆེར་ཡིད་དུ་འོང་ཞིང་མཆོག་ཏུ་གྱུར་པའི་ཕྱིར་སྦྱིན་པ་ལ་བྱང་ཆུབ་སེམས་དཔའི་སེམས་མི་འཇུག་ན། བྱང་ཆུབ་སེམས་དཔས་ཞེན་པ་ལས་གྱུར་པའི་ཉེས་པ་དེ་མྱུར་བ་མྱུར་བར་ཤེས་རབ་ཀྱིས་རྟོགས་ནས་བདག་སྡུག་བསྔལ་ལ་བདེའོ་སྙམ་དུ་བདག་གི་འདུ་ཤེས་ཕྱིན་ཅི་ལོག་པ་འདི་ནི་ཕྱི་མ་ལ་སྡུག་བསྔལ་བསྐྱེད་པ་ཡིན་ནོ་སྙམ་དུ་ཕྱིན་ཅི་ལོག་ཏུ་ཡོངས་སུ་ཤེས་ནས། དེ་སྤངས་ཏེ་ཡོངས་སུ་སོར་བརྟགས་ནས་དངོས་པོ་དེ་སྦྱིན་པར་བྱེད་དོ། །གཞན་ཡང་བྱང་ཆུབ་སེམས་དཔའ་གལ་ཏེ་སྦྱིན་པ་བྱིན་ནས་སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཆེན་པོའི་ཕན་ཡོན་ལ་ལྟ་བར་གྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕན་ཡོན་ལ་མི་ལྟ་བར་གྱུར་ན། བྱང་ཆུབ་སེམས་དཔའ་ལོག་པའི་འབྲས་བུ་ལ་ལྟ་བ་ལས་གྱུར་པའི་ཉེས་པ་དེ་མྱུར་བ་མྱུར་བར་ཤེས་རབ་ཀྱིས་རྟོགས་ནས། འདུ་བྱེད་ཐམས་ཅད་སྙིང་པོ་མེད་པ་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོགས་ཏེ། འདུ་བྱེད་ཐམས་ཅད་ནི་སྐད་ཅིག་ལ་འཇི་


DTG129_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དང་ཅན་དང༌། འབྲས་བུ་ལོངས་སྤྱོད་པ་རྣམས་ནི་ཡོངས་སུ་ཟད་ནས། འཇིག་པའི་ངང་ཅན་དང་བྲལ་བས་འཇིག་པའི་ངང་ཅན་ནོ་སྙམ་སྟེ། དེ་དེ་ལྟར་སོ་སོར་རྟོག་པ་ན་འབྲས་བུ་ལ་ལྟ་བ་སྤངས་ནས་སྦྱིན་པ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པ་ཁོ་ནས་སྦྱིན་པར་བྱེད་དེ། འདི་ནི་བྱང་ཆུབ་སེམས་དཔའི་སྦྱིན་པ་ལ་གེགས་བྱེད་པ་རྣམ་པ་བཞི་དང༌། སྦྱིན་པ་ལ་གེགས་བྱེད་པའི་གཉེན་པོ་རྣམ་པ་བཞི་ཤེས་པ་ཡིན་པར་རིག་པར་བྱ་སྟེ། རྟོགས་པ་དང༌། སྡུག་བསྔལ་དང་དུ་ལེན་པ་དང༌། ཕྱིན་ཅི་ལོག་ཡོངས་སུ་ཤེས་པ་དང། འདུ་བྱེད་ལ་སྙིང་པོ་མེད་པ་ཉིད་དུ་ལྟ་བའོ། །དེ་ལ་གཉེན་པོ་ཤེས་པ་སྔ་མ་རྣམ་པ་གསུམ་གྱིས་ནི་བྱང་ཆུབ་སེམས་དཔའ་ངེས་པ་དང༌། ལེགས་པར་སྦྱིན་པ་སྦྱིན་པར་བྱེད་དོ། །གཉེན་པོ་ཤེས་པ་ཐ་མ་གཅིག་གིས་ནི་ཡང་དག་པའི་བསོད་ནམས་ཀྱི་འབྲས་བུ་ཡོངས་སུ་འཛིན་པར་བྱེད་དེ། འདི་ཡང་བྱང་ཆུབ་སེམས་དཔའི་ཤེས་རབ་ཅན་གྱི་སྦྱིན་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་དབེན་པར་སོང་སྟེ། ནང་དུ་བསྡུས་ནས་བསམ་པ་དག་ཅིང་སྙིང་ཐག་པ་ནས་དང་བས་ཀུན་ཏུ་རྟོག་པ་དག་གིས་སྦྱིན་པར་བྱ་བའི་ཆོས་རྣམ་པ་སྣ་ཚོགས་པ་རྒྱ་ཆེན་པོ་དཔག་ཏུ་མེད་པ་དག་མོས་ཤིང་སེམས་ཅན་རྣམས་སྦྱིན་པ་སྟོབས་པར་འདོད་དོ། །དེས་བྱང་ཆུབ་སེམས་དཔའ་ཚེགས་ཆུང་དུས་བསོད་ནམས་དཔག་ཏུ་མེད་པ་འཕེལ་བར་འགྱུར་རོ། །འདི་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཅན་གྱི་སྦྱིན་པ་ཡིན་པར་རིག་པར་བྱའོ།། འདི་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཆེན་པོ་དང་ལྡན་པའི་ཤེས་རབ་ཅན་གྱི་སྦྱིན་པ་ཡིན་ནོ། །དེ་ལྟར་མདོར་བསྡུ་ན་ཟང་ཟིང་གི་སྦྱིན་པར་གཏོགས་པའི་སྦྱིན་པར་བྱ་བའི་ཆོས་བདོག་པ་རྣམས་དང༌། མི་བདོག་པ་རྣམས་དང༌། དེ་བཞིན་དུ་ཆོས་ཀྱི་སྦྱིན་པ་ལ་བརྟེན་ནས། སོ་སོ་ཡང་དག་པར་རིག་པ་ལ་བརྟེན་པ་དང༌། ལྷག་པའི་བསམ་པའི་སྦྱིན་པ་ལ་བརྟེན་པ་དང༌། སྦྱིན་པ་ལ་གེགས་བྱེད་པའི་གཉེན་པོའི་ཤེས་པ་ལ་བརྟེན་པ་དང༌། ལྷག་པའི་བསམ་པས་མོས་པའི་སྦྱིན་པ་ལ་བརྟེན་པ་ན། བྱང་ཆུབ་སེམས་དཔའ་ཁོ་ནའི་མ་འདྲེས་པ་ཡིན་པར་རིག་པར་བྱ་


DTG129_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། བྱང་ཆུབ་སེམས་དཔའ་ནི་ནང་དང་ཕྱི་རོལ་གྱི་དངོས་པོ་ཐམས་ཅད་སྦྱིན་པའི་རབ་ཏུ་དབྱེ་བ་རྒྱས་པ་ནི་དེ་ལྟ་བུ་ཡིན་པར་རིག་པར་བྱའོ། །འདི་མན་ཆད་དཀའ་བའི་སྦྱིན་པ་ལ་སོགས་པ་གཞན་ཐམས་ཅད་ནི་སྦྱིན་པ་འདི་ཉིད་ཀྱིས་རབ་ཏུ་དབྱེ་བར་བྱ་བ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་དཀའ་བའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སྦྱིན་པར་བྱེད་པའི་དངོས་པོ་ཆུང་ངུ་བདོག་ན་བདག་ཉིད་ལ་གནོད་པར་བྱས་ཏེ། སྡུག་བསྔལ་དང་དུ་བླང་ནས་གཞན་དག་ལ་སྦྱིན་པར་བྱེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་དཀའ་བའི་སྦྱིན་པ་དང་པོའོ།། བྱང་ཆུབ་སེམས་དཔའི་སྡུག་པའི་དངོས་པོ་རང་བཞིན་གྱིས་བྱམས་པ་འམ། ཡུན་རིང་པོ་ནས་འདྲིས་པར་རམ། ཤས་ཆེར་ཕན་པའམ། སྦྱིན་པར་བྱ་བའི་དངོས་པོ་མཆོག་དང་རབ་མཆོག་ཏུ་གྱུར་པ་ལ་ཞེན་པ་བསལ་ནས། གཞན་དག་ལ་སྦྱིན་པར་བྱེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་དཀའ་བའི་སྦྱིན་པ་གཉིས་པའོ། །བྱང་ཆུབ་སེམས་དཔའི་སྦྱིན་པར་བྱ་བའི་ཆོས་ཚེགས་ཆེན་པོས་བསྒྲུབས་པ་རྣམས། གཞན་དེ་དག་ལ་སྦྱིན་པར་བྱེད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་དཀའ་བའི་སྦྱིན་པ་གསུམ་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཐམས་ཅད་ཀྱི་སྒོ་ནས་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱི་འམ། ཡང་ན་གཞན་དག་ལས་བསླངས་ནས་སྦྱིན་པར་བྱ་བའི་དངོས་པོ་བདག་གི་ཚལ་ཟ་དང༌། ཕ་མ་དང༌། བུ་དང༌། ཆུང་མ་དང༌། བྲན་ཕོ་དང༌། བྲན་མོ་དང༌། ལས་བྱེད་པ་དང༌། ཞོ་ཤས་འཚོ་བ་དང༌། མཛའ་བཤེས་དང༌། གྲོས་གྲོགས་དང༌། ཉེ་དུ་དང༌། རྒན་རབས་རྣམས་སམ། ཡང་ན་གཞན་འདོད་པ་རྣམས་ལ་སྦྱིན་པར་བྱེད་པ་གང་ཡིན་པ་རྣམ་པ་བཞི་པོ་འདི་ནི་མདོར་བསྡུ་ན། བྱང་ཆུབ་སེམས་དཔའི་ཐམས་ཅད་ཀྱི་སྒོ་ནས་སྦྱིན་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྐྱེས་བུ་དམ་པ་རྣམས་ཀྱི་སྐྱེས་བུ་དམ་པའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་དད་པ་དང༌། བཀུར་སྟི་དང༌། རང་གི་ལག་པ་དང༌། དུས་ལ་བབ་པ་དང༌། གཞན་ལ་མི་གནོད་པ་སྦྱིན་པ་སྦྱིན་པར་བྱེད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་སྐྱེས་བུ་དམ་པ་རྣམས་ཀྱི་སྐྱེས་བུ་དམ་པའི་སྦྱིན་པ་ཞེས་བྱའོ། །དེ་ལ་


DTG129_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་གང་ཞེ་ན། མི་བརྟེན་པར་སྦྱིན་པ་དང༌། མི་བསྲི་བར་སྦྱིན་པ་དང༌། དགའ་བས་སྦྱིན་པ་དང༌། རྒྱུན་མི་འཆད་པར་སྦྱིན་པ་དང༌། སྣོད་ལ་སྦྱིན་པ་དང༌། སྣོད་མ་ཡིན་པ་ལ་སྦྱིན་པ་དང༌། ཐམས་ཅད་སྦྱིན་པ་དང། ཀུན་ལ་སྦྱིན་པ་དང༌། དུས་ཐམས་ཅད་དུ་སྦྱིན་པ་དང༌། ཁ་ན་མ་ཐོ་བ་མེད་པའི་སྦྱིན་པ་དང༌། སེམས་ཅན་གྱི་དངོས་པོ་སྦྱིན་པ་དང༌། ཡུལ་གྱི་དངོས་པོ་སྦྱིན་པ་དང༌། ནོར་དང་འབྲུའི་དངོས་པོ་སྦྱིན་པ་དང༌། སྦྱིན་པ་རྣམ་པ་བཅུ་གསུམ་པོ་ནི་བྱང་ཆུབ་སེམས་དཔའི་རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཕོངས་ཤིང་འདོད་པ་ལ་སྦྱིན་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཟས་དང་སྐོམ་གྱིས་ཕོངས་ཤིང་འདོད་པ་རྣམས་ལ་ཟས་དང་སྐོམ་སྦྱིན་པར་བྱེད་པ་དང༌། བཞོན་པ་འདོད་པ་རྣམས་ལ་བཞོན་པ་དང༌། གོས་འདོད་པ་རྣམས་ལ་གོས་དང༌། རྒྱན་འདོད་པ་རྣམས་ལ་རྒྱན་དང༌། སྣོད་སྤྱད་རྣམ་པ་སྣ་ཚོགས་འདོད་པ་རྣམས་ལ་སྣོད་སྤྱད་རྣམ་པ་སྣ་ཚོགས་སྦྱིན་པར་བྱེད་པ་དང༌། སྤོས་དང་མེ་ཏོག་ཕྲེང་དང༌། བྱུག་པ་འདོད་པ་རྣམས་ལ་སྤོས་དང་མེ་ཏོག་ཕྲེང་དང༌། བྱུག་པ་དང༌། གནས་འདོད་པ་རྣམས་ལ་གནས་དང༌། སྣང་བས་ཕོངས་ཤིང་འདོད་པ་རྣམས་ལ་སྣང་བ་སྦྱིན་པར་བྱེད་པ་དང༌། རྣམ་པ་བརྒྱད་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ཕོངས་ཤིང་འདོད་པ་རྣམས་ལ་སྦྱིན་པ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་འདི་དང་གཞན་དུ་བདེ་བར་འགྱུར་བའི་སྦྱིན་པ་གང་ཞེ་ན། ཟང་ཟིང་གི་སྦྱིན་པ་དང༌། ཆོས་ཀྱི་སྦྱིན་པ་དང༌། མི་འཇིགས་པའི་སྦྱིན་པ་ནི་མདོར་བསྡུ་ན་སེམས་ཅན་རྣམས་ཀྱི་འདི་དང་གཞན་དག་ཏུ་བདེ་བར་འགྱུར་བའི་སྦྱིན་པ་ཡིན་པར་རིག་པར་བྱའོ། །ཟང་ཟིང་གི་སྦྱིན་པ་དེ་ནི་སེར་སྣའི་དྲི་མ་དང༌། སོག་འཇོག་གི་དྲི་མ་བསལ་ནས་བཟང་པོ་དང༌། གཙང་བ་དང༌། རུང་བ་སྦྱིན་པར་བྱེད་པའོ། །དེ་ལ་སེར་སྣའི་དྲི་མ་བསལ་བ་ནི། སེམས་ཀྱི་ཀུན་ཏུ་འཛིན་པ་ཡོངས་སུ་བཏང་བའི་ཕྱིར་རོ། །སོག་འཇོག་གི་དྲི་མ་བསལ་བ་ནི་ལོངས་སྤྱོད་ཀུན་འཛིན་པ་ཡོངས་སུ་བཏང་བ་ཡིན་པར་རིག་པར་བྱའོ། །མི་འཇིགས་པའི་སྦྱིན་པ་


DTG129_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སེང་གེ་དང༌། སྟག་དང༌། ཆུ་སྲིན་འཛིན་ཁྲི་དང༌། རྒྱལ་པོ་དང༌། ཆོམ་རྐུན་དང༌། ཆུ་ལ་སོགས་པའི་འཇིགས་པ་ལས་ཡོངས་སུ་སྐྱོབ་པ་ཡིན་པར་རིག་པར་བྱའོ། །ཆོས་ཀྱི་སྦྱིན་པ་ནི་ཕྱིན་ཅི་མ་ལོག་པར་ཆོས་སྟོན་པ་དང༌། རིགས་པར་ཆོས་སྟོན་པ་དང༌། བསླབ་པའི་གཞི་ཡང་དག་པར་འཛིན་དུ་འཇུག་པ་སྟེ། བྱང་ཆུབ་སེམས་དཔའི་སྦྱིན་པའི་རྣམ་པ་དགུ་པོ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི། སེམས་ཅན་རྣམས་ཀྱི་འདི་དང་གཞན་དུ་བདེ་བར་འགྱུར་བའོ། །དེ་ལ་ཟང་ཟིང་དང༌། མི་འཇིགས་པའི་སྦྱིན་པ་རབ་ཏུ་དབྱེ་བ་དང་བཅས་པ་ནི་ཚེ་འདིའི་བདེ་བའོ།། ཆོས་ཀྱི་སྦྱིན་པ་གང་རབ་ཏུ་དབྱེ་བ་དང་བཅས་པ་ནི་གཞན་ན་བདེ་བའོ། །དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་སྦྱིན་པ་གང་ཞེ་ན། དེ་ནི་རྣམ་པ་བཅུར་རིག་པར་བྱ་སྟེ། ཐོགས་པ་མེད་པ་དང༌། མཆོག་ཏུ་འཛིན་པ་མེད་པ་དང༌། བསགས་པ་མེད་པ་དང༌། ཁེངས་པ་མེད་པ་དང༌། མི་བརྟེན་པ་དང༌། ཞུམ་པ་མེད་པ་དང༌། ངན་པ་མ་ཡིན་པ་དང༌། རྒྱབ་ཀྱིས་ཕྱོགས་པ་མེད་པ་དང༌། ལན་ལ་མི་ལྟ་བ་དང༌། རྣམ་པར་སྨིན་པ་ལ་མི་ལྟ་བའོ། །དེ་ལ་ཐོགས་པ་མེད་པའི་སྦྱིན་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་སློང་བ་པོ་ལེགས་པར་འོངས་ནས་མི་སྐྱོ་བར་ལ་གོར་དུ་སྐྱེན་པར་སྦྱིན་པར་བྱེད་དེ། བྱང་ཆུབ་སེམས་དཔའ་ནི་འདི་ལྟར་སྦྱིན་པ་ལས་བརྩམས་ཏེ། སྐྱེན་དུ་བྱེད་པ་ལྟ་བུར་ནི་སློང་བ་པོས་རྙེད་པ་ལས་བརྩམས་ཏེ། དེ་ལྟར་སྐྱེན་པར་མི་བྱེད་དོ། །མཆོག་ཏུ་འཛིན་པ་མེད་པའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་འདི་ལྟར་སྦྱིན་པ་འདིའི་འབྲས་བུ་མེད་དོ་ཞེའམ། འཚེ་བའི་སྦྱིན་པས་ཆོས་སུ་འགྱུར་རོ་ཞེའམ། སྦྱིན་པ་ཤིན་ཏུ་རྫོགས་པ་ཙམ་གྱིས་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་རྣམ་པར་དག་པར་འགྱུར་རོ་ཞེས་ལྟ་བས་མཆོག་ཏུ་འཛིན་པར་མི་བྱེད་དོ། །བསགས་པ་མེད་པའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱ་བའི་ཆོས་ཡུན་རིང་པོར་བསགས་ཤིང་ཚོགས་བྱས་ནས། ཕྱིས་ཅིག་ཅར་སྦྱིན་པ་སྦྱིན་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱེད་པའི་ཆོས་གང་དག་ཡོད་བཞིན་དུ་སློང་བ་པོ་ལེགས་པར་འོངས་པ་ཕྱིར་བཟློག་པར་མི་


DTG129_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ལ། གང་གིས་ཕྱིར་བཟློག་པར་བྱ་བའི་འོས་ཀྱང་མི་མཐོང་ན་སོགས་པར་ལྟ་ག་ལ་བྱེད། བྱང་ཆུབ་སེམས་དཔས་ནི་བསགས་པའི་སྦྱིན་པ་ལས་བསོད་ནམས་འདུ་བའི་སྒོ་ལྷག་པར་འགྱུར་བར་མ་མཐོང་སྟེ། སྦྱིན་པར་བྱ་བའི་དངོས་པོ་ཡང་མཚུངས་ལ། སློང་བ་པོ་སྔ་ཕྱི་དང་མགོ་མཉམ་དུ་འོངས་པ་དང་མཚུངས་པ་རྣམས་ལ་མཐར་གྱིས་སྦྱིན་པ་དང༌། ཅིག་ཅར་སྦྱིན་པ་ན། ཅིའི་ཕྱིར་བསོད་ནམས་ཁྱད་པར་ཡོད་པར་ཡོངས་སུ་འཛིན་པར་འགྱུར་སྙམ་དུ་མཐོང་བའི་ཕྱིར་རོ། །གཞན་ཡང་བྱང་ཆུབ་སེམས་དཔའི་བསགས་པའི་སྦྱིན་པ་ནི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་གྱི་ལོངས་སྤྱོད་ཇི་ལྟར་བྱུང་བ་བཞིན་དུ་སྦྱིན་པ་ནི་ཁ་ན་མ་ཐོ་བ་མེད་པར་མཐོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བསགས་པའི་སྦྱིན་པ་སྦྱིན་པས་ནི། སློང་བ་པོ་རྣམས་ཀྱིས་བསླངས་ན་སྔར་སློང་བ་བརྒྱ་ཕྱིར་བཟློག་ནས་དེ་དག་གིས་ཀུན་ནས་མནར་སེམས་དང༌། མི་བཟོད་པ་དང༌། ཡིད་མི་ཆེས་པ་བསྐྱེད་པའི་འོག་ཏུ་མ་བསླངས་པར་ཡང་ཁ་ཅིག་ལ་བསགས་པའི་སྦྱིན་པ་སྦྱིན་པར་བྱེད་པའི་ཕྱིར་ཏེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ནི་བསགས་ཏེ་སྦྱིན་པ་སྦྱིན་པར་མི་བྱེད་དོ། །ཁེངས་པ་མེད་པའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སློང་བ་པོ་ལ་དམའ་བའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་མི་བྱེད་དོ། །གཞན་ལ་འགྲན་པའི་ཕྱིར་ཡང་སྦྱིན་པར་མི་བྱེད་དོ། །སྦྱིན་པ་བྱིན་ནས་ཀྱང་བདག་ཉིད་ནི་གཏོང་ཕོད་ཅིང་སྦྱིན་པའི་བདག་པོ་ཡིན་གྱི། གཞན་དག་དེ་ནི་ལྟ་མ་ཡིན་ནོ་སྙམ་དུ་སྦྱིན་པ་དེས་རློམ་སེམས་སུ་མི་བྱེད་དོ།། མི་བརྟེན་པའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་གྲགས་པ་དང༌། སྒྲ་དང༌། ཚིགས་སུ་བཅད་པ་ལ་བརྟེན་ཅིང་སྦྱིན་པ་སྦྱིན་པར་མི་བྱེད་དེ། གྲགས་པ་ནི་རྣམ་པར་རྟོག་པའི་ཡི་གེ་ལས་བྱུང་བ་དང༌། སྒྲ་ཙམ་དང་འབྲེལ་པ་དང༌། ལོ་མ་སྐམ་པོ་ལྟ་བུ་ཡིན་པར་འཛིན་པའི་ཕྱིར་རོ། །ཞུམ་པ་མེད་པའི་སྦྱིན་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་སྦྱིན་པའི་སྔ་རོལ་ནས་ཡིད་དགའ་ཞིང་སྦྱིན་པའི་ཚེ་སེམས་དང་བར་བྱེད་ལ་བྱིན་ནས་ཀྱང་འགྱོད་པ་མེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཡངས་ཤིང་མཆོག་ཏུ་རྒྱ་ཆེ་བ་དག་ཐོས་


DTG129_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡང་བདག་ཉིད་ལ་ཁྱད་དུ་གསོད་ཅིང་ཞུམ་པར་མི་བྱེད་དོ། །ངན་པ་མ་ཡིན་པ་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱ་བའི་ཆོས་དག་ལས་ནན་ཏན་དུ་གདམས་ཤིང་གདམས་ཤིང་ཟས་དང༌། སྐོམ་དང༌། བཞོན་པ་དང༌། གོས་ལ་སོགས་པ་མཆོག་དང༌། རབ་མཆོག་གང་ཡིན་པ་དེ་དག་སྦྱིན་པར་བྱེད་དོ། །རྒྱབ་ཀྱིས་ཕྱོགས་པ་མེད་པའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྙོམས་པའི་སེམས་ཀྱིས་མཛའ་བོ་དང༌། དགྲ་དང༌། ཐ་མལ་པ་རྣམས་ལ་ཕྱོགས་སུ་འབྱེད་པ་མེད་པར་སྙོམས་པའི་སྙིང་རྗེས་སྦྱིན་པ་སྦྱིན་པར་བྱེད་དོ། །ལན་ལ་མི་ལྟ་བའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སྙིང་རྗེའི་སེམས་དང༌། སྙིང་བརྩེ་བའི་སེམས་དང་ལྡན་པར་སྦྱིན་པ་སྦྱིན་པར་ནི་ཕ་རོལ་ལས་ལན་དུ་ཕན་འདོགས་སུ་རེ་བ་མེད་དོ། །སྐྱེ་བོ་བདེ་བར་འདོད་པ་དང༌། སྲེད་པའི་མེས་ཚིག་པ་དང༌། མཐུ་མེད་པ་དང༌། རང་བཞིན་གྱིས་སྡུག་བསྔལ་བ་དག་མཐོང་བའི་ཕྱིར་རོ། །རྣམ་པར་སྨིན་པ་ལ་མི་ལྟ་བའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་བྱིན་ནས། ཕྱི་མ་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པའམ། ལུས་ཕུན་སུམ་ཚོགས་པར་གྱུར་པར་སྦྱིན་པའི་འབྲས་བུ་རྣམ་པར་སྨིན་པ་ལ་རེ་བ་མེད་དོ། །འདུ་བྱེད་ཐམས་ཅད་ནི་སྙིང་པོ་མེད་པར་ལྟ་ལ། བྱང་ཆུབ་མཆོག་ལ་ནི་ཕན་ཡོན་དུ་ལྟ་བའི་ཕྱིར་རོ། །རྣམ་པ་བཅུ་པོ་འདི་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་རྣམ་པར་དག་ཅིང་ཤིན་ཏུ་རྣམ་པར་དག་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་སྦྱིན་པ་རྣམ་པ་དགུ་པོ་འདི་དག་ལ་བརྟེན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་སྦྱིན་པའི་ལེའུ་སྟེ་དགུ་པའོ།། །།བམ་པོ་བརྒྱད་པ། སྡོམ་ནི། ངོ་བོ་ཉིད་དང་ཐམས་ཅད་དང༌། །དཀའ་བ་དང་ནི་སྒོ་ཀུན་དང༌། །སྐྱེས་བུ་དམ་པ་ལྡན་པ་དང༌། །དེ་བཞིན་རྣམ་པ་ཐམས་ཅད་དང༌། །ཕོངས་ཤིང་འདོད་པ་ལྡན་པ་དང༌། །འདི་དང་གཞན་དུ་བདེ་འགྱུར་དང༌། །རྣམ་པར་དག་དང་རྣམ་དགུ་སྟེ། །མདོར་ན་ཚུལ་ཁྲིམས་


DTG129_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་གང་ཞེ་ན། དེ་ནི་རྣམ་པ་དགུར་རིག་པར་བྱ་སྟེ། ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་དང༌། ཚུལ་ཁྲིམས་ཐམས་ཅད་དང༌། དཀའ་བའི་ཚུལ་ཁྲིམས་དང༌། ཐམས་ཅད་ཀྱི་སྒོ་ནས་ཚུལ་ཁྲིམས་དང༌། སྐྱེས་བུ་དམ་པའི་ཚུལ་ཁྲིམས་དང༌། རྣམ་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང༌། ཕོངས་ཤིང་འདོད་པ་ལ་ཚུལ་ཁྲིམས་དང༌། འདི་དང་གཞན་དུ་བདེ་བར་འགྱུར་བའི་ཚུལ་ཁྲིམས་དང༌། རྣམ་པར་དག་པའི་ཚུལ་ཁྲིམས་སོ། །དེ་ལ་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་གང་ཞེ་ན། མདོར་བསྡུ་ན་ཡོན་ཏན་རྣམ་པ་བཞི་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ཡིན་པར་རིག་པར་བྱ་སྟེ། བཞི་གང་ཞེ་ན། ཕ་རོལ་ལས་ལེགས་པར་ཡང་དག་པར་བླངས་པ་དང༌། བསམ་པ་ཤིན་ཏུ་རྣམ་པར་དག་པ་དང༌། ཉམས་པར་གྱུར་ན་ཕྱིར་གསོ་བར་བྱེད་པ་དང༌། མི་ཉམས་པར་བྱ་བའི་ཕྱིར་གུས་པ་བསྐྱེད་ནས་དྲན་པ་ཉེ་བར་གནས་པའོ། །དེ་ལ་ཕ་རོལ་ལས་ཚུལ་ཁྲིམས་ཡང་དག་པར་བླངས་པས་ནི། བྱང་ཆུབ་སེམས་དཔའ་བསླབ་པ་ལས་ཉམས་པར་བྱེད་པ་ན་ཕ་རོལ་ལ་བརྟེན་ཏེ་ཁྲེལ་ཡོད་པ་སྐྱེ་བར་འགྱུར་རོ། །བསམ་པ་ཤིན་ཏུ་རྣམ་པར་དག་པས་ནི་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་རྣམས་ལ་བསླབ་པ་ཉམས་པར་བྱེད་པ་ན་བདག་ཉིད་ལ་བརྟེན་ནས་ངོ་ཚ་ཤེས་པ་སྐྱེ་བར་འགྱུར་རོ། །བསླབ་པའི་གཞི་ཉམས་པ་རྣམས་སོར་ཆུད་ནས་ཐོག་མ་ཉིད་ནས་ཉམས་པར་མི་འགྱུར་བར་གུས་པ་སྐྱེས་པའི་རྒྱུ་འདི་གཉིས་ཀྱིས་ནི་བྱང་ཆུབ་སེམས་དཔའ་འགྱོད་པ་མེད་པར་འགྱུར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་དེ་ཡང་དག་པར་བླངས་པ་དང༌། བསམ་པ་རྣམ་པར་དག་པ་ལ་བརྟེན་ནས། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་སྐྱེད་དོ། །ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པར་གྱུར་ན། ཚུལ་ཁྲིམས་ཡང་དག་པར་བླངས་པ་བསྲུང་བར་འགྱུར་རོ། །བསྲུང་ནས་འགྱོད་པ་མེད་པར་འགྱུར་རོ། །དེ་ལ་ཕ་རོལ་ལས་ཡང་དག་པར་བླངས་པ་གང་ཡིན་པ་དང༌། ལྷག་པའི་བསམ་པ་རྣམ་པར་དག་པའི་ཆོས་གང་ཡིན་པ་འདི་གཉིས་མི་ཉམས་པ་ལས་ཕྱིར་གསོ་བ་གང་ཡིན་པ་དང༌། ཉམས་པར་མི་འགྱུར་བར་


DTG129_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པར་བྱེད་པ་གང་ཡིན་པའི་ཆོས་འདི་གཉིས་འདྲེན་པ་ཡིན་ནོ། །དེ་ལ་ཕ་རོལ་ལས་ཡང་དག་པར་བླངས་པ་གང་ཡིན་པ་དང༌། ལྷག་པའི་བསམ་པ་ཤིན་ཏུ་རྣམ་པར་དག་པ་གང་ཡིན་པ་དང༌། ཉམས་པར་མི་འགྱུར་བར་གུས་པར་བྱེད་པ་གང་ཡིན་པའི་ཆོས་འདི་གསུམ་གྱིས་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཉམས་པར་མི་འགྱུར་བར་རིག་པར་བྱའོ། །ཉམས་པ་ལས་ཕྱིར་གསོ་བར་བྱེད་པས་ནི་ཞིག་པ་ལས་ཕྱིར་འཆོས་ཤིང་སློང་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ཡོན་ཏན་བཞི་དང་ལྡན་པ་དེ་ནི་ཡང་དག་པར་བླངས་པ་དང༌། རྗེས་སུ་སློབ་པས་བདག་ལ་ཕན་པ་དང༌། གཞན་ལ་ཕན་པ་དང༌། སྐྱེ་བོ་མང་པོ་ལ་ཕན་པ་དང༌། སྐྱེ་བོ་མང་པོ་ལ་བདེ་བ་དང༌། འཇིག་རྟེན་ལ་སྙིང་བརྩེ་བ་དང༌། ལྷ་དང་མི་རྣམས་ཀྱི་དོན་དང༌། ཕན་པ་དང་བདེ་བར་འགྱུར་བའི་ཕྱིར་དགེ་བ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་དཔག་ཏུ་མེད་པ་ཡོངས་སུ་བསྡུས་པས་དཔག་ཏུ་མེད་པར་རིག་པར་བྱའོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། བདེ་བའི་ཕྱིར་ཉེ་བར་གནས་པས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པ་ཡིན་པར་རིག་པར་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་ཡོངས་སུ་འཛིན་ཅིང་སྦྱིན་པར་བྱེད་པས་འབྲས་བུ་དང་ཕན་ཡོན་ཆེ་བར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་གང་ཞེ་ན། མདོར་བསྡུ་ན་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཁྱིམ་པའི་ཕྱོགས་སུ་གཏོགས་པ་དང༌། རབ་ཏུ་བྱུང་བའི་ཕྱོགས་སུ་གཏོགས་པ་ནི་ཚུལ་ཁྲིམས་ཐམས་ཅད་ཅེས་བྱའོ། །ཁྱིམ་པའི་ཕྱོགས་ལ་བརྟེན་པ་དང༌། རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པའི་ཚུལ་ཁྲིམས་དེ་ཡང་མདོར་བསྡུ་ན་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་ལ་ཕན་འདོགས་པའི་ཚུལ་ཁྲིམས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ནི་སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླངས་པ་རིས་བདུན་པོ་དགེ་སློང་དང༌། དགེ་སློང་མ་དང༌། དགེ་ཚུལ་དང༌། དགེ་ཚུལ་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མའི་ཚུལ་ཁྲིམས་གང་ཡིན་པ་སྟེ། དེ་ཡང་ཁྱིམ་པ་དང༌། རབ་ཏུ་བྱུང་


DTG129_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱོགས་ལ་ཅི་རིགས་པར་རིག་པར་བྱའོ། །དེ་ལ་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི་བྱང་ཆུབ་སེམས་དཔས་སྡོམ་པའི་ཚུལ་ཁྲིམས་ཡང་དག་པར་བླངས་པའི་འོག་ཏུ་བྱང་ཆུབ་ཆེན་པོའི་ཕྱིར་ལུས་དང་ངག་གིས་དགེ་བ་བསགས་པ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་མདོར་བསྡུ་ན། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཞེས་བྱའོ། །དེ་ཡང་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཚུལ་ཁྲིམས་ལ་བརྟེན་ཅིང་ཚུལ་ཁྲིམས་ལ་གནས་ནས། ཐོས་པ་དང༌། བསམ་པ་དང༌། ཞི་གནས་དང༌། ལྷ་མཐོང་བསྒོམ་པ་དང༌། གཅིག་ཏུ་དགའ་བ་ལ་བརྩོན་པར་བྱེད་དོ། །དེ་བཞིན་དུ་བླ་མ་རྣམས་ལ་དུས་དུས་སུ་གུས་པར་སྨྲ་བ་དང༌། ཕྱག་འཚལ་བ་དང༌། མྱུར་དུ་ལྡང་བ་དང༌། ཐལ་མོ་སྦྱོར་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་དུས་དུས་སུ་བླ་མ་དེ་དག་ཉིད་ལ་གུས་པར་རིམ་གྲོ་བྱེད་པ་ཡིན་ནོ། །ནད་པ་རྣམས་ལ་རིམ་གྲོ་བྱས་ཏེ། སྙིང་རྗེས་ནད་གཡོག་བྱེད་པ་ཡིན་ནོ། །དེ་བཞིན་དུ་ལེགས་པར་སྨྲས་པ་ལ་ལེགས་སོ་ཞེས་བྱ་བ་སྦྱིན་པར་བྱེད་པ་ཡིན་ནོ། །གང་ཟག་ཡོན་ཏན་དང་ལྡན་པ་རྣམས་ཀྱི་ཡང་དག་པའི་བསྔགས་པ་ཀུན་རྗོད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ལ་བསམ་པ་ཐག་པ་ནས་དགའ་བའི་སེམས་བསྐྱེད་ནས་ཚིག་ཏུ་བརྗོད་ཅིང་རྗེས་སུ་ཡི་རང་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་གཞན་དག་གིས་ཉེས་པ་བྱད་པ་ཐམས་ཅད་ལ་སོ་སོར་བརྟགས་ཏེ་བཟོད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ལུས་དང་ངག་དང་ཡིད་ཀྱིས་དགེ་བ་བྱས་པ་དང༌། མ་བྱས་པ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་ཡིན་ནོ། །དུས་དུས་སུ་ཡང་དག་པར་སྨོན་ལམ་རྣམ་པ་སྣ་ཚོགས་འདེབས་པ་དང༌། དཀོན་མཆོག་གསུམ་ལ་མཆོད་པ་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་བྱེད་པ་ཡིན་ནོ། །རྟག་ཏུ་རྒྱུན་མི་འཆད་པར་དགེ་བའི་ཕྱོགས་རྣམས་ལ་བརྩོན་ཞིང་བརྩོན་འགྲུས་རྩོམ་པར་བྱེད་དེ། བག་ཡོད་པར་གནས་པ་ཡིན་ནོ། །ལུས་དང་ངག་གིས་བསླབ་པའི་གཞི་རྣམས་ལ་དྲན་པ་དང་ཤེས་བཞིན་དུ་སྤྱོད་པས་ཀུན་ནས་སྲུང་བར་བྱེད་པ་ཡིན་ནོ། །དབང་པོ་རྣམས་ཀྱི་སྒོ་བསྲུང་ཤིང་ཟས་ཀྱི་


DTG129_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཚོད་རིག་པ་ཡིན་ནོ། །ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བ་ལ་བརྩོན་པ་ཡིན་ནོ། །སྐྱེས་བུ་དམ་པ་ལ་བརྟེན་པ་དང༌། དགེ་བའི་བཤེས་གཉེན་ལ་བརྟེན་པ་ཡིན་ནོ། །བདག་གི་འཁྲུལ་པ་རྣམས་ཀྱང་ཡོངས་སུ་ཤེས་ཤིང་ཉེས་པར་ལྟ་བ་ཡིན་ཏེ། ཤེས་ཤིང་ཉེས་པར་མཐོང་ནས་ཀྱང་གཏོང་བར་བྱེད་པ་ཡིན་ནོ། །འཁྲུལ་པ་ཡང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་རྣམས་དང༌། ཆོས་མཐུན་པ་རྣམས་ལ་ཉེས་པ་འཆགས་པར་བྱེད་དེ། དེ་ལྟ་བུ་དང་མཐུན་པའི་དགེ་བའི་ཆོས་རྣམས་སྒྲུབ་པ་དང༌། སྲུང་བ་དང༌། རྣམ་པར་འཕེལ་བར་བྱེད་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སེམས་ཅན་ལ་ཕན་འདོགས་པའི་ཚུལ་ཁྲིམས་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱ་སྟེ། རྣམ་པ་བཅུ་གཅིག་གང་ཞེ་ན། སེམས་ཅན་གྱི་བྱ་བ་དོན་དང་ལྡན་པ་རྣམ་པ་སྣ་ཚོགས་ལ་གྲོགས་བྱེད་ཅིང༌། སེམས་ཅན་རྣམས་ལ་ནད་ལ་སོགས་པའི་སྡུག་བསྔལ་བྱུང་ངོ་ཅོག་ལ་ནད་གཡོག་ལ་སོགས་པས་གྲོགས་བྱེད་པ་དང༌། དེ་བཞིན་དུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དོན་རྣམས་ལ་ཆོས་བསྟན་པ་སྔོན་དུ་གཏོང་བ་དང༌། ཐབས་བསྟན་པ་སྔོན་དུ་གཏོང་བའི་རིགས་པ་སྟོན་པ་དང༌། ཕན་འདོགས་པའི་སེམས་ཅན་རྣམས་ལ་བྱས་པ་གཟོ་བ་རྗེས་སུ་བསྲུང་ཞིང་འཚམ་པར་ལན་དུ་ཕན་འདོགས་པས་ཉེ་བར་གནས་པ་དང༌། སེང་གེ་དང༌། སྟག་དང༌། རྒྱལ་པོ་དང༌། ཆོམ་རྐུན་དང༌། ཆུ་དང་མེ་ལ་སོགས་པའི་འཇིགས་པའི་གནས་རྣམ་པ་སྣ་ཚོགས་ལས་སེམས་ཅན་རྣམས་ཀུན་ནས་བསྲུང་བ་དང༌། ལོངས་སྤྱོད་དང༌། གཉེན་གྱི་སྡུག་བསྔལ་བར་གནས་པ་རྣམས་ལ་མྱ་ངམ་སེལ་བ་དང༌། སེམས་ཅན་ཡོ་བྱད་ཀྱིས་ཕོངས་པ་རྣམས་ལ་རིགས་པས་ཡོ་བྱད་ཐམས་ཅད་ཉེ་བར་སྒྲུབ་པར་དང༌། ཡང་དག་པའི་རྟེན་སྦྱིན་པས་ཆོས་ཀྱི་ཚོགས་ཡོངས་སུ་སྡུད་པ་དང༌། སྨྲ་བ་དང༌། ཀུན་ཏུ་སྨྲ་བ་དང༌། སོ་སོར་ཡང་དག་པར་དགའ་བར་བྱ་བས་དུས་དུས་སུ་ཐད་དུ་འགྲོ་བ་དང༌། གཞན་ལས་ཟས་དང༌། སྐོམ་ལ་སོགས་པ་ལེན་པ་དང༌། འཇིག་རྟེན་པའི་དོན་དང་མཐུན་པར་སྤྱོད་པ་དང༌། བོས་ན་འོང་ཞིང་འགྲོ་བ་དང༌། མདོར་བསྡུ་ན་


DTG129_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དང་ལྡན་པ་མ་ཡིན་པ་ཡིད་དུ་མི་འོང་བ་ཀུན་ཏུ་སྤྱོད་པ་ཐམས་ཅད་མ་གཏོགས་པ་ལ་སེམས་དང་མཐུན་པར་བྱེད་པ་དང༌། དེ་ཉིད་ཀྱི་ཡང་དག་པའི་ཡོན་ཏན་རྣམས་ལྐོག་གམ། མིང་སྔར་བསྒྲགས་པས་ཡང་དག་པར་དགའ་བར་བྱ་བ་དང༌། འདི་ལྟ་སྟེ། མི་དགེ་བའི། གནས་ནས་བསླང་སྟེ། དགེ་བའི་གནས་ལ་ཡང་དག་པར་གཟུང་པའི་ཕྱིར་ནང་གི་སེམས་འཇམ་ཞིང་ཕན་པ་དང༌། ལྷག་པའི་བསམ་པ་དང་ལྡན་པས་ཚར་གཅད་པར་བྱ་བ་སྨ་དབབ་པ་དང༌། ཆད་པའི་ལས་བྱེད་དུ་གཞུག་པའམ། བསྐྲད་པ་དང༌། རྫུ་འཕྲུལ་གྱི་སྟོབས་ཀྱིས་སེམས་ཅན་དམྱལ་བ་ལ་སོགས་པའི་འགྲོ་བ་མངོན་སུམ་དུ་བསྟན་པས་མི་དགེ་བ་ལས་སྐྱོ་བར་བྱེད་ཅིང་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱ་བའི་ཕྱིར་འདུན་པར་བྱེད་མགུ་བར་བྱེད་ཡ་མཚན་དུ་འཛིན་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སྡོམ་པའི་ཚུལ་ཁྲིམས་ལ་གནས་པ་དང༌། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་ལ་གནས་པ་དང༌། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ལ་གནས་པ་ཇི་ལྟར་ན་ལེགས་པར་གདམས་པའི་ཚུལ་ཁྲིམས་ཅན་དང༌། དགེ་བ་ལེགས་པར་བསྡུས་པའི་ཚུལ་ཁྲིམས་ཅན་དང༌། སེམས་ཅན་གྱི་དོན་གྱི་རྣམ་པ་ཐམས་ཅད་བྱ་བའི་ཚུལ་ཁྲིམས་ཅན་དུ་འགྱུར་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སོ་སོར་ཐར་པའི་སྡོམ་པ་ལ་གནས་པ། གལ་ཏེ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱང་བོར་ཏེ་རབ་ཏུ་བྱུང་བར་གྱུར་ན། དེ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དེ་ལ་འདི་ལྟར་མི་ལྟ་བ་ཡིན་ཏེ། དཔེར་ན་རྩྭའམ། མི་གཙང་བ་ལ་ཅི་ལྟ་བ་བཞིན་ནོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་བསམ་པ་རྣམ་པར་དག་པ་ལ་བརྟེན་ཏེ། རབ་ཏུ་བྱུང་བ་མི་འདོད་པ་ཐམས་ཅད་ཀྱི་མཆོག་འཁོར་ལོས་སྒྱུར་བའི་འདོད་པ་རྣམས་ལ་མི་ལྟ་བ་དེ་ལྟར་ནི་མི་ངན་པ་འཚོ་བའི་བསམ་པ་ཅན་འདོད་པ་ཐམས་ཅད་རྣམ་པར་སྤངས་ཏེ། རབ་ཏུ་བྱུང་བ་འདོད་པ་ཐ་ཆད་དེ་དག་ལ་མི་ལྟ་བར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནི་འདོད་པ་དེ་དག་འཇིགས་པ་ཆེན་པོ་སྣ་ཚོགས་གཟིང་གཟིང་བར་འཇུག་པ་ལྟ་བུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའི་ཕྱིར། མ་འོངས་པ་དག་ན་ཡང་བདུད་ཀྱི་གནས་སུ་གཏོགས་པའི་འདོད་པ་རྣམས་ལ་ཡང་མངོན་པར་


DTG129_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་མ་ཡིན་ཏེ། དེ་དག་གི་དོན་དུ་སྨོན་ལམ་བཏབ་ནས་ཚངས་པར་སྤྱད་པར་སྤྱོད་པར་མི་བྱེད་ན། དེ་ལས་གཞན་པའི་ལྷ་རྫས་རྣམས་ལྟ་ལ་ཅི་སྨོས། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་ད་ལྟར་གྱི་དུས་ན་ཡང་སེམས་ཅན་རྒྱ་ཆེན་པོ་དག་གི་རྙེད་པ་དང་བཀུར་སྟི་རྒྱ་ཆེན་པོ་ཡང་ཁ་ཟས་ཀྱི་སྐྱུགས་པ་དང་འདྲ་བར་ཡང་དག་པའི་ཤེས་རབ་ཀྱིས་མཐོང་སྟེ། རོ་མྱོང་བར་མི་བྱེད་ན། སེམས་ཅན་ཐམས་ཅད་བདག་གི་རྙེད་པ་དང་བཀུར་སྟི་ཐ་ཆད་ལྟ་ལ་ཅི་སྨོས། གཅིག་པུ་རབ་ཏུ་དབེན་པར་མངོན་པར་དགའ་བ་ཡིན་ལ། དགེ་འདུན་ཚོགས་ཀྱི་ནང་ན་འདུག་ཀྱང་དུས་ཐམས་ཅད་དུ་སེམས་དབེན་པར་གནས་ཏེ། དེ་ཚུལ་ཁྲིམས་ཀྱི་སྡོམ་པ་ཙམ་གྱིས་ཆོག་པར་མི་འཛིན་གྱི། ཚུལ་ཁྲིམས་ལ་བརྟེན་ཅིང་གནས་ནས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་གང་ཡིན་པ་དེ་དག་མངོན་པར་སྒྲུབ་པ་དང༌། དབང་ཐོབ་པར་བྱ་བའི་ཕྱིར་འབད་པར་བྱེད་དོ། །འདུ་འཛིའི་ནང་ན་འདུག་ཀྱང་ངན་པའི་གཏམ་དང༌། ངན་པའི་ཚིག་ཅུང་ཟད་ཀྱང་དང་དུ་ལེན་པར་མི་བྱེད་ལ། རབ་ཏུ་དབེན་པ་ན་འདུག་ཀྱང་རྟོག་པ་ངན་པ་ཅུང་ཟད་ཀྱང་མི་སེམས་སོ། །བརྗེད་ངས་པས་དེ་ཀུན་ཏུ་སྤྱོད་པའི་ཕྱིར་དུས་དུས་སུ་འགྱོད་པ་དྲག་པོ་དང་ཉེས་དམིགས་སུ་ལྟ་བ་སྐྱེད་པར་བྱེད་དེ། རྒྱུན་མི་འཆད་པར་འགྱོད་པ་དང་ཉེས་དམིགས་སུ་ལྟ་བ་དེ་ལ་བརྟེན་ནས་ངན་པའི་གཏམ་དང༌། རྟོགས་པ་ངན་པ་བྱུང་མ་ཐག་ཏུ་མྱུར་བ་མྱུར་བར་དྲན་པ་ཉེ་བར་གནས་ཤིང་མི་བྱ་བའི་སེམས་ཀྱང་ཐོབ་པར་འགྱུར་ཏེ། དེས་ན་འདོར་བར་འགྱུར་རོ། །འདོར་བ་ལ་གོམས་ན་རིམ་གྱིས་སྔོན་ཇི་ལྟར་དེ་ཀུན་ཏུ་སྤྱོད་པ་ལ་དགའ་བར་གྱུར་པ་དེ་ལྟར་དེ་ཀུན་ཏུ་མི་སྤྱོད་པ་ལ་དགའ་བ་དང༌། ཀུན་ཏུ་སྤྱོད་པ་དང་མི་མཐུན་པར་ཡང་གནས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་ས་ཆེན་པོར་ཆུད་པ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་བསླབ་པའི་གཞི་རྒྱ་ཆེ་ཞིང་དཔག་ཏུ་མེད་ལ་བསམ་གྱིས་མི་ཁྱབ་ཅིང༌། ད་ལྟ་རིང་དུ་ལོན་པ་དང། མཆོག་ཏུ་དགའ་བ་ཐམས་ཅད་ཐོས་ན་ཡང་སེམས་སྐྲག་པ་འམ། ཞུམ་ཞིང་འགོང་བར་མི་འགྱུར་ཏེ། དེ་འདི་སྙམ་དུ་དེ་དག་ཀྱང་མིར་གྱུར་པ་ཡིན་ལ། བྱང་ཆུབ་སེམས་དཔའི་བསླབ་པ་ངག་ལ་རིམ་གྱིས་བསླབས་པས་ལུས་དང་ངག་གི་སྡོམ་པ་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་


DTG129_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་དང་ལྡན་པར་གྱུར་པར་ཟད་པས། བདག་ཀྱང་མིར་གྱུར་པ་ཡིན་ཏེ། རིམ་གྱིས་བསླབས་ན་ལུས་དང་ངག་གི་སྡོམ་པ་ཕུན་སུམ་ཚོགས་པ་དེ་དག་གདོན་མི་ཟ་བར་ཐོབ་པར་འགྱུར་རོ་སྙམ་དུ་སེམས་སོ། །བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པ་ནི་བདག་གི་ཉེས་པ་དང་འཁྲུལ་པ་ལ་རྟོག་པར་བྱེད་ཀྱི། གཞན་གྱི་ཉེས་པ་དང་འཁྲུལ་པ་ལ་རྟོག་པར་མི་བྱེད་དོ། །ཆོས་བཞིན་གྱིས་སྙིང་རྗེ་ཆེན་པོ་ལ་བརྟེན་ནས་སེམས་ཅན་མ་རུངས་པ་དང༌། ཚུལ་ཁྲིམས་འཆལ་པ་ཐམས་ཅད་ལ་ཡང་ཀུན་ནས་མནར་སེམས་ཀྱི་སེམས་དང༌། ཁོང་ཁྲོ་བའི་སེམས་མེད་དེ། དེ་དག་ལ་བྱང་ཆུབ་སེམས་དཔའ་ཤས་ཆེར་སྙིང་བརྩེ་བའི་སེམས་དང༌། བྱེད་འདོད་པའི་སེམས་ཉེ་བར་གནས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སྡོམ་པའི་ཚུལ་ཁྲིམས་ལ་གནས་པ་ནི་ལག་པ་དང༌། བོང་བ་དང༌། དབྱུག་པ་དང༌། མཚོན་ཆས་བསྣུན་ཀྱང་གཞན་དག་ལ་སེམས་ཀྱིས་ཀྱང་སྡང་བར་མི་བྱེད་ན། སྡིག་པའི་ཚིག་འབྱིན་པའམ། ཕྱིར་རྡེག་པར་ལྟ་ག་ལ་བྱེད་དེ། སྤྱོ་བའམ། ཁྲོ་བའམ། བརྒྱད་བཀག་པ་དག་གིས་སྡུག་བསྔལ་བར་འགྱུར་བའི་གནོད་པ་ཆུང་ངུ་དག་གིས་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ལ་གནས་པ་ནི་ཡན་ལག་ལྔས་པ་སྡུས་པའི་བག་ཡོད་པ་དང་ལྡན་པ་ཡིན་ཏེ། སྔོན་གྱི་མཐའ་དང་ལྡན་པ་དང༌། ཕྱི་མའི་མཐའ་དང་ལྡན་པ་དང༌། དབུས་ཀྱི་མཐའ་དང་ལྡན་པ་དང༌། སྔ་ནས་བྱ་བ་དང༌། ལྷན་ཅིག་རྗེས་སུ་སྤྱོད་པའོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་བསླབ་པ་དག་ལ་སློབ་པ་ནི་འདས་པའི་དུས་ལ་བརྟེན་ནས་ཉེས་པ་བྱུང་བ་གང་ཡིན་པ་དེ་དེས་ཆོས་བཞིན་དུ་ཕྱིར་བཅོས་པ་དེ་ནི་དེའི་སྔོན་གྱི་མཐའ་དང་ལྡན་པའི་བག་ཡོད་པའོ། །མ་འོངས་པའི་དུས་ལ་བརྟེན་ནས་ཉེས་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ཡང་ཆོས་བཞིན་དུ་ཕྱིར་འཆོས་པར་འགྱུར་བ་དེ་ནི་དེའི་ཕྱི་མའི་མཐའ་དང་ལྡན་པའི་བག་ཡོད་པའོ། །ད་ལྟར་བྱུང་བའི་དུས་ལ་བརྟེན་ནས། ཉེས་པ་བྱུང་བ་གང་ཡིན་པ་དེ་ཡང་ཆོས་བཞིན་དུ་ཕྱིར་འཆོས་པ་དེ་ནི་དེའི་དབུས་ཀྱི་མཐའ་དང་ལྡན་པའི་བག་ཡོད་པའོ། །ཉེས་པ་མ་བྱུང་བ་ནི་སྔ་རོལ་ནས་བྱང་ཆུབ་སེམས་དཔའ་བདག་ཇི་ལྟ་


DTG129_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་སྤྱོད་ཅིང་ཇི་ལྟ་ཇི་ལྟར་གནས་ན་ཉེས་པ་འབྱུང་བར་མི་འགྱུར་བ་དེ་ལྟ་དེ་ལྟར་སྤྱོད་ཅིང་དེ་ལྟ་དེ་ལྟར་གནས་ཀྱང་ཅི་མ་རུང་སྙམ་དུ་རབ་ཏུ་སྒྲིམ་པར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་སྔ་ནས་བྱ་བའི་བག་ཡོད་པའོ། །དེ་སྔ་ནས་བྱ་བའི་བག་ཡོད་པ་དེ་ཉིད་ལ་བརྟེན་ནས་ཇི་ལྟ་ཇི་ལྟར་སྤྱོད་ཅིང་ཇི་ལྟ་ཇི་ལྟར་གནས་ན་ཉེས་པ་འབྱུང་བར་མི་འགྱུར་བ་དེ་ལྟ་དེ་ལྟར་སྤྱོད་ཅིང་དེ་ལྟ་དེ་ལྟར་གནས་པ་དེ་ནི་དེའི་ལྷན་ཅིག་རྗེས་སུ་སྤྱོད་པའི་བག་ཡོད་པའོ། །བྱང་ཆུབ་སེམས་དཔའ་སྡོམ་པའི་ཚུལ་ཁྲིམས་ལ་གནས་པ་ནི་དགེ་བ་མི་སྤྱོམས་ཤིང་སྡིག་པ་རྣམ་པར་འབྱེད་པ་དང༌། འདོད་པ་ཆུང་བ་དང༌། ཆོག་ཤེས་པ་དང༌། སྡུག་བསྔལ་ལ་ཇི་མི་སྙམ་པ་དང༌། ཡོངས་སུ་གདུང་བ་མེད་པའི་རང་བཞིན་ཅན་དང༌། རྒོད་པ་མེད་པ་དང༌། ཡེང་ཡེང་པོ་མ་ཡིན་པ་དང༌། སྤྱོད་ལམ་རབ་ཏུ་ཞི་བ་དང༌། ཚུལ་འཆོས་པ་ལ་སོགས་པ་ལོག་པར་འཚོ་བར་བྱད་པའི་ཆོས་ཐམས་ཅད་རྣམ་པར་སྤངས་པ་སྟེ། ཡན་ལག་བཅུ་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སྡོམ་པའི་ཚུལ་ཁྲིམས་ལ་གནས་པ་འདི་ལྟ་སྟེ། འདས་པའི་འདོད་པ་རྣམས་ལ་མི་ལྟ་བ་དང༌། མ་འོངས་པ་རྣམས་ལ་མངོན་པར་དགའ་བ་མེད་པ་དང༌། ད་ལྟར་བྱུང་བ་རྣམས་ལ་ལྷག་པར་ཞེན་པ་མེད་པ་དང༌། རབ་ཏུ་དབེན་པ་ན་གནས་པར་མངོན་པར་དགའ་བ་དང༌། ངག་དང་རྟོགས་པ་ཡོངས་སུ་དག་པར་བྱེད་པ་དང༌། བདག་ཉིད་ལ་ཁྱད་དུ་མི་གསོད་པ་དང༌། དེས་པ་དང༌། བཟོད་པ་དང༌། བག་ཡོད་པ་དང༌། ཆོ་ག་དང༌། འཚོ་བ་རྣམ་པར་དག་པའི་ཕྱིར་ལེགས་པར་གདམས་པའི་ཚུལ་ཁྲིམས་ཅན་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའ་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་ལ་གནས་པ་ནི་ལུས་དང་ལོངས་སྤྱོད་ལ་ལྟ་བ་བྱུང་བ་ཆུང་ངུ་ཡང་དང་དུ་ལེན་པར་མི་བྱེད་ན་མང་པོ་ལྟ་ཅི་སྨོས། འཆལ་བའི་ཚུལ་ཁྲིམས་ཀྱི་གཞིར་གྱུར་པ་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་ཁྲོ་བ་དང༌། ཁོན་དུ་འཛིན་པ་ལ་སོགས་པ་བྱུང་བ་ཐམས་ཅད་དང་དུ་ལེན་པར་མི་བྱེད་དོ། །གཞན་དག་ལ་ཀུན་ནས་མནར་སེམས་དང༌། ཁོང་ཁྲོ་བ་དང༌། འཁོན་པའི་སེམས་བྱུང་བ་དང་དུ་ལེན་པར་མི་བྱེད་དོ། །སྙོམ་ལས་དང་ལེ་ལོ་སྐྱེས་པ་དང་དུ་ལེན་པར་མི་བྱེད་དོ། །སྙོམས་པར་འཇུག་པའི་རོ་མྱོང་བ་དང༌། སྙོམས་


DTG129_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཇུག་པའི་ཉོན་མོངས་པ་བྱུང་བ་དང་དུ་ལེན་པར་མི་བྱེད་དོ། །གནས་ལྔ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དགེ་བའི་འབྲས་བུའི་ཕན་ཡོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དགེ་བའི་རྒྱུ་དང༌། དགེ་བའི་རྒྱུའི་འབྲས་བུ་ལ་ཕྱིན་ཅི་ལོག་པ་དང། ཕྱིན་ཅི་མ་ལོག་པ་དང༌། དགེ་བ་སྡུད་པ་ལ་བར་དུ་གཅོད་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའ་ནི་དགེ་བའི་འབྲས་བུ་ལ་ཕན་ཡོན་དུ་མཐོང་ནས། དགེ་བ་སྡུད་པའི་ཕྱིར་དགེ་བའི་རྒྱུ་ཡོངས་སུ་ཚོལ་ལོ། །བྱང་ཆུབ་སེམས་དཔས་ཕྱིན་ཅི་ལོག་པ་དང། ཕྱིན་ཅི་མ་ལོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དགེ་བའི་འབྲས་བུ་ཐོབ་ནས་མི་རྟག་པ་ལ་རྟག་པར་ལྟ་བར་མི་འགྱུར། སྡུག་བསྔལ་བ་ལ་བདེ་བར་ལྟ་བར་མི་འགྱུར་མི་གཙང་བ་ལ་གཙང་བར་ལྟ་བར་མི་འགྱུར། བདག་མེད་པ་ལ་བདག་ཏུ་ལྟ་བར་མི་འགྱུར་རོ། །དགེ་བ་སྡུད་པའི་བར་དུ་གཅོད་པ་ཡང་རབ་ཏུ་ཤེས་ནས་ཡོངས་སུ་སྤོང་བར་བྱེད་དོ། །རྣམ་པ་བཅུ་གཉིས་པོ་འདི་དག་གིས་དགེ་བ་སྡུད་པའི་ཚུལ་ཁྲིམས་ལ་གནས་པ་དེ་མྱུར་བ་ཁོ་ནར་དགེ་བ་སྡུད་བར་འགྱུར་ཞིང༌། རྣམ་པ་ཐམས་ཅད་ཀྱང་སྡུད་པར་འགྱུར་ཏེ། འདི་ལྟ་སྟེ། སྦྱིན་པའི་ཉེར་གནས་དང༌། ཚུལ་ཁྲིམས་ཀྱི་ཉེར་གནས་དང༌། བཟོད་པའི་ཉེར་གནས་དང༌། བརྩོན་འགྲུས་ཀྱི་ཉེར་གནས་དང༌། བསམ་གཏན་གྱི་ཉེར་གནས་དང༌། ཤེས་རབ་ཀྱི་རྣམ་པ་ལྔས་སྡུད་དོ། །ཡང་བྱང་ཆུབ་སེམས་དཔའ་རྣམ་པ་བཅུ་གཅིག་གིས་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་རྣམ་པ་ཐམས་ཅད་ལ་གནས་པ་ནི་རྣམ་པ་རེ་རེ་ཡང་རྣམ་པ་ཐམས་ཅད་ཀྱི་རྣམ་པ་དང་ལྡན་པ་ཡིན་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ཀྱི་བྱ་བ་དེ་དང་དེ་དག་ལ་གྲོགས་སུ་འགྲོ་བ་ན། བྱ་བ་སེམས་པ་དང༌། བྱ་བ་གཏན་ལ་འབེབས་པ་དང༌། ལམ་དུ་འགྲོ་ཞིང་འོང་བ་དང༌། ཡང་དག་པའི་ལས་ཀྱི་མཐའ་ལ་སྦྱོར་བ་དང༌། ལོངས་སྤྱོད་རྣམས་བ་སྲུང་བ་དང༌། བྱ་བ་རྣམས་ཕན་ཚུན་སྡུམ་པ་དང༌། དགའ་སྟོན་དང་བསོད་ནམས་བྱ་བ་ལ་གྲོགས་སུ་འགྲོ་བའོ། །ཡང་བྱང་ཆུབ་སེམས་དཔའ་ནི་སྡུག་བསྔལ་བ་རྣམས་ཀྱི་གྲོགས་སུ་འགྲོ་བར་བྱེད་དོ། །སེམས་ཅན་ནད་ཀྱིས་


DTG129_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཐེབས་པ་རྣམས་ཀྱི་ནད་གཡོག་བྱེད་དོ། །ལོང་བ་རྣམས་ཁྲིད་ཅིང་ལམ་སྟོན་པར་བྱེད་དོ། །འོན་པ་རྣམས་ལ་མིང་གི་མཚན་མ་སྟོན་པའི་སྒོ་ནས་ལག་བརྡས་དོན་གོ་བར་བྱེད་དོ། །རྐང་ལག་མེད་པ་རྣམས་ལ་མགོ་བོའམ། བཞོན་པས་བཏེག་སྟེ་ཁྱེར་བར་བྱེད་དོ། །སེམས་ཅན་འདོད་པའི་འདུན་པས་ཀུན་ནས་དཀྲིས་པས་སྡུག་བསྔལ་བ་རྣམས་ཀྱི་འདོད་པའི་འདུན་པས་ཀུན་ནས་དཀྲིས་པའི་སྡུག་བསྔལ་སེལ་བར་བྱེད་དོ། །སེམས་ཅན་གནོད་སེམས་དང༌། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཚོམ་གྱི་ཀུན་ནས་དཀྲིས་པས་སྡུག་བསྔལ་བ་རྣམས་ཀྱི་ཐེ་ཚོམ་གྱི་ཀུན་ནས་དཀྲིས་པ་སེལ་བར་བྱེད་དོ། །སེམས་ཅན་འདོད་པའི་རྟོག་པས་ཀུན་ནས་དཀྲིས་པས་སྡུག་བསྔལ་བ་རྣམས་ཀྱི་འདོད་པའི་རྟོག་པ་སེལ་བར་བྱེད་དོ། །འདོད་པའི་རྟོག་པ་ཅི་ལྟ་བ་བཞིན་དུ་གནོད་སེམས་དང༌། རྣམ་པར་འཚེ་བ་དང༌། ཉེ་དུ་དང༌། ཡུལ་གྱི་མི་དང༌། མི་འཆི་བའི་རྟོག་པ་དང༌། ཁྱད་དུ་གསོང་པ་དང་ལྡན་པ་དང༌། ཁྱིམ་གྱི་འབྱོར་པ་དང་ལྡན་པའི་རྟོག་པ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །སེམས་ཅན་གཞན་གྱིས་སྨ་ཕབ་ཅིང་ཕམ་པར་བྱས་པའི་སྡུག་བསྔལ་གྱིས་སྡུག་བསྔལ་བ་རྣམས་ཀྱི་གཞན་གྱིས་སྨ་ཕབ་ཅིང་ཕམ་པར་བྱས་པའི་སྡུག་བསྔལ་སེལ་བར་བྱེད་དོ། །ལམ་གྱིས་ངལ་བར་གྱུར་པ་རྣམས་ལ་གནས་དང་སྟན་སྦྱིན་པ་དང༌། ལུས་མཉེ་བས་ངལ་དུབ་པའི་སྡུག་བསྔལ་སེལ་བར་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ལ་རིགས་པས་སྟོན་པར་བྱེད་དོ། །སེམས་ཅན་ཉེས་པར་སྤྱད་པ་སྤྱོད་པ་རྣམས་ཀྱི་ཉེས་པར་སྤྱད་པ་སྤང་བའི་ཕྱིར་ཚིག་འབྲུ་འབྱོར་པ་རྣམས་དང༌། འབྲེལ་པ་རྣམས་དང༌། རྗེས་སུ་མཐུན་པ་རྣམས་དང༌། རྗེས་སུ་འཕྲོད་པ་རྣམས་དང༌། ཐབས་དང་ལྡན་པ་རྣམས་དང༌། འཚམ་པ་རྣམས་དང༌། མཐུན་པ་རྣམས་དང༌། འགྲུས་སྐྱོང་གི་ཡན་ལག་གི་ཚོགས་རྣམས་ཀྱིས་ཆོས་སྟོན་ཏོ། །ཡང་ན་ཐབས་མཁས་པས་ཀྱང་སྟོན་པར་བྱེད་དོ། །སེམས་ཅན་ཉེས་པར་སྤྱད་པ་སྤྱོད་པ་རྣམས་ཀྱི་ཉེས་པར་སྤྱོད་པ་སྤང་བའི་ཕྱིར། ཇི་ལྟ་བ་བཞིན་དུ་སེར་སྣ་ཅན་རྣམས་ཀྱི་སེར་སྣ་སྤང་བ་དང༌། ཚེ་འདི་ལ་ཡང་དག་པ་དང༌། ཚོགས་ཆུང་ངུས་ལོངས་སྤྱོད་རྣམས་


DTG129_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པ་དང༌། བསྲུང་བ་དང༌། བསྟན་པ་འདི་ལ་ལྟ་བ་རྣམས་དད་པ་ཐོབ་བར་བྱ་བ་དང༌། ལྟ་བ་རྣམ་པར་དག་པས་ངན་སོང་ལས་ཡང་དག་པར་འདའ་བར་བྱ་བ་དང༌། ཀུན་ཏུ་སྦྱོར་བ་ཐམས་ཅད་མཐར་ཐུག་པས་སྡུག་བསྔལ་ཐམས་ཅད་ལས་ཡང་དག་པར་འདའ་བར་བྱ་བ་ཡང་དེ་དང་འདྲའོ། །ཡང་བྱང་ཆུབ་སེམས་དཔའ་ནི་ཕན་འདོགས་པའི་སེམས་ཅན་རྣམས་ལ་བྱས་པ་གཟོ་བ་སྟོན་པའི་ཚེ་མཐོང་ན་གུས་པར་བྱས་ཏེ། ཚུར་སྤྱོན་ལེགས་པར་བྱོན་ཏོ་ཞེས་བརྗོད་པས་སྨྲ་ཞིང་ཀུན་ཏུ་སྨྲ་ལ། ཡང་དག་པར་དགའ་བར་བྱེད། སྟན་དང་གནས་སྦྱིན་པས་ཀྱང་བསུ་བར་བྱེད་དོ། །དེའི་རྙེད་པ་དང༌། བཀུར་སྟིའི་ལན་དེ་དང་མཉམ་པ་དང༌། ལྷག་པར་ཉེ་བར་གནས་པར་བྱེད་ཀྱི། ཆུང་ངུས་ནི་མ་ཡིན་ནོ། །དེ་བྱ་བ་རྣམས་ལ་ནི་མ་བཅོལ་བར་གྲོགས་སུ་འགྲོ་ལ་བཅོལ་ན་ལྟ་ཅི་སྨོས། བྱ་བ་རྣམས་ལ་ཇི་ལྟ་བ་བཞིན་དུ་སྡུག་བསྔལ་བ་རྣམས་དང༌། ཚུལ་བཞིན་དུ་བསྟན་པ་དང༌། འཇིགས་པའི་སྐྱབས་བྱ་བ་དང༌། སྡུག་བསྔལ་བར་གནས་པ་མྱ་ངན་བསལ་བ་དང༌། ཡོ་བྱད་ཉེ་བར་སྒྲུབ་པ་དང༌། གནས་སྦྱིན་པ་དང༌། སེམས་དང་མཐུན་པར་བྱ་བ་དང༌། ཡང་དག་པའི་ཡོན་ཏན་གྱིས་དགའ་བར་བྱ་བ་དང༌། ནང་གི་སེམས་འཇམ་པོས་ཚར་གཅད་པ་དང༌། རྫུ་འཕྲུལ་གྱིས་སྐྲག་པར་བྱ་བ་དང༌། འདུན་པར་བྱ་བ་ལ་ཡང་དེ་དང་འདྲ་བར་སྦྱར་བར་བྱའོ། །ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་འཇིགས་པ་རྣམས་འཇིགས་པ་དག་ལས་སྲུང་བར་བྱེད་དོ། །གཅན་གཟན་གྱི་གནོད་པའི་འཇིགས་པ་ལས་ཀྱང་སེམས་ཅན་རྣམས་སྲུང་ངོ༌། །ཀློང་དང་ཆུ་སྲིན་འཛིན་ཁྲིའི་འཇིགས་པ་དང༌། རྒྱལ་པོའི་འཇིགས་པ་དང༌། ཆོམ་རྐུན་གྱི་འཇིགས་པ་དང༌། ཕྱིར་རྒོལ་བས་འཇིགས་པ་དང༌། རྗེ་བོ་དང་བདག་པོའི་འཇིགས་པ་དང༌། འཚོ་བ་མེད་པའི་འཇིགས་པ་དང༌། མི་སྙན་པའི་འཇིགས་པ་དང༌། འཁོར་དུ་བག་ཚ་བའི་འཇིགས་པ་དང༌། མི་མ་ཡིན་པའི་འཇིགས་པ་དང༌། རོ་ལངས་ཀྱི་འཇིགས་པ་ལས་ཀྱང་སྲུང་བར་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་སྡུག་བསྔལ་ཞིང་འདུག་པ་རྣམས་ཀྱི་མྱ་ངན་སེལ་བར་བྱེད་དེ། གཉེན་བཤེས་ཀྱི་སྡུག་བསྔལ་ལས་བརྩམས་ཏེ་


DTG129_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་མ་ཤི་ན་ཡང་མྱ་ངན་སེལ་བར་བྱེད་དོ། །བུ་དང་ཆུང་མ་ཤི་བ་དང༌། བྲན་དང་བྲན་མོ་དང༌། ལས་བྱེད་པ་དང༌། ཞོ་ཤས་འཚོ་བ་ཤི་བ་དང༌། མཛའ་བཤེས་དང༌། གྲོས་གྲོགས་དང༌། ཉེ་དུ་དང༌། རྒན་རབས་ཤི་བ་དང༌། སློབ་དཔོན་དང༌། མཁན་པོ་དང༌། བླ་མ་ལྟ་བུ་ཤི་ན་ཡང་མྱ་ངན་སེལ་བར་བྱེད་དོ། །ཡང་ལོངས་སྤྱོད་ཀྱི་སྡུག་བསྔལ་ལས་བརྩམས་ཏེ། གལ་ཏེ་གཞན་དག་གི་ལོངས་སྤྱོད་རྒྱལ་པོས་ཕྲོགས་ན་ཡང་དེ་ལ་མྱ་ངན་སེལ་བར་བྱེད་དོ། །ཆོམ་རྐུན་གྱིས་ཕྲོགས་པར་གྱུར་པའམ། མེས་ཚིག་གམ། ཆུས་ཁྱེར་རམ། གཏེར་དག་ཏུ་ལེགས་པར་མ་སྦས་པས་ཆུད་ཟོས་པའམ། ལས་རྣམས་ནན་ཏན་དུ་མ་བྱས་པས་མ་རུངས་པས་གྱུར་པའམ། བགོ་སྐལ་ལ་སྤྱོད་པ་མི་འཛའ་བ་རྣམས་ཀྱིས་ཁྱེར་བར་གྱུར་བའམ། ཁྱིམ་དུ་ཁྱིམ་གྱི་ཕུང་ཁྲོལ་བྱུང་བར་གྱུར་བའམ། གང་གིས་ལོངས་སྤྱོད་དེ་དག་ལ་ཚུལ་མ་ཡིན་པས་སྡུག་བསྔལ་བྱས་པར་གྱུར་ཏེ། གཞི་དེ་ལས་སེམས་ཅན་རྣམས་ཀྱི་མྱ་ངན་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་རྣམས་སྐྱེས་པ་ཡང་བྱང་ཆུབ་སེམས་དཔས་ཡང་དག་པར་སེལ་བར་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་ཡོ་བྱད་འདོད་པ་རྣམས་ལ་ཡོ་བྱད་སྒྲུབ་པར་བྱེད་དེ། ཟས་འདོད་པ་རྣམས་ལ་ཟས་སྦྱིན་པར་བྱེད་དོ། །སྐོམ་འདོད་པ་རྣམས་ལ་སྐོམ་དང༌། བཞོན་པ་འདོད་པ་རྣམས་ལ་བཞོན་པ་དང༌། གོས་འདོད་པ་རྣམས་ལ་གོས་དང༌། རྒྱན་འདོད་པ་རྣམས་ལ་རྒྱན་དང༌། སྣོད་སྤྱད་འདོད་པ་རྣམས་ལ་སྣོད་སྤྱད་དང༌། སྤོས་དང་མེ་ཏོག་ཕྲེང་དང༌། བྱུག་པ་འདོད་པ་རྣམས་ལ་སྤོས་དང༌། མེ་ཏོག་ཕྲེང་དང༌། བྱུག་པ་དང༌། གནས་འདོད་པ་རྣམས་ལ་གནས་དང༌། སྣང་བ་འདོད་པ་རྣམས་ལ་སྣང་བ་འདོད་པ་རྣམས་ལ་སྣང་བ་སྦྱིན་པར་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་ཡོངས་སུ་སྡུད་པའི་ཚུལ་ཁྲིམས་ཀྱིས་སེམས་ཅན་རྣམས་ཚོགས་ཡོངས་སུ་བསྡུ་བའི་ཚུལ་གྱིས་ཡོངས་སུ་སྡུད་པར་བྱེད་དེ། སྙིང་བརྩེ་བའི་སེམས་ཁོ་ན་སྔོན་དུ་བཏང་སྟེ། ཟང་ཟིང་མེད་པའི་སེམས་ཀྱིས་ཐོག་མར་ཇེ་གནས་སྦྱིན་པར་བྱེད་དོ། །དེའི་འོག་ཏུ་དེ་དག་གི་དོན་གྱི་ཕྱིར་བྲམ་ཟེ་དང༌། ཁྱིམ་བདག་དད་པ་ཅན་རྣམས་ལས་ཆོས་བཞིན་དུ་གོས་དང༌། ཟས་དང༌། མལ་ཆ་དང༌། སྟན་དང༌། ན་བའི་གསོས་


DTG129_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་དང༌། ཡོ་བྱད་རྣམས་ཚོལ་བར་བྱེད་དོ། །རང་གི་གོས་དང༌། ཟས་དང་མལ་ཆ་དང༌། སྟན་དང༌། ན་བའི་གསོས་སྨན་དང༌། ཡོ་བྱས་ཆོས་དང་མཐུན་ཞིང་ཆོས་བཞིན་དུ་རྙེད་པ་རྣམས་ཀྱང་ཐུན་མོང་དུ་ལོངས་སྤྱོད་པར་བྱེད་དེ། སྦེད་ཅིང་སྤྱོད་པ་མ་ཡིན་ནོ། །དུས་དུས་སུ་མཐུན་པའི་གདམས་ངག་རྣམ་པ་བརྒྱད་ཀྱང་སྦྱིན་པར་བྱེད་ལ། རྗེས་སུ་བསྟན་པ་རྣམ་པ་ལྔ་ཡང་རྗེས་སུ་སྟོན་པར་བྱེད་དོ། །གདམས་ངག་དང་རྗེས་སུ་བསྟན་པ་ནི་སྟོབས་ཀྱི་རིགས་ཀྱི་ལེའུ་ལས་ཇི་སྐད་བསྟན་པ་ཡིན་ཏེ། འདིར་ཡང་དེ་བཞིན་དུ་རིག་པར་བྱའོ། །ཡང་བྱང་ཆུབ་སེམས་དཔའ་ནི་སེམས་དང་མཐུན་པར་བྱེད་པའི་ཚུལ་ཁྲིམས་ཀྱིས་སེམས་ཅན་རྣམས་ཀྱི་སེམས་དང་མཐུན་པར་བྱེད་པ་ན། ཐོག་མ་ཁོ་ནར་སེམས་ཅན་རྣམས་ཀྱི་བསམ་པ་དང༌། རང་བཞིན་དང༌། ཁམས་ཤེས་སོ། །བསམ་པ་དང༌། རང་བཞིན་དང༌། ཁམས་ཤེས་ནས་སེམས་ཅན་གང་དག་དང་ཇི་ལྟར་ལྷན་ཅིག་གནས་པར་བྱ་བ་ད་ལྟར་དེ་དག་དང་གནས་སོ། །སེམས་ཅན་གང་དག་ལ་ཇི་ལྟར་བསྒྲུབ་པར་བྱ་བ་དེ་ལྟར་དེ་དག་ལ་སྒྲུབ་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་ཅན་གང་གི་སེམས་དང་མཐུན་པར་བྱེད་འདོད་པར་གྱུར་པ་དེ་ལ་གལ་ཏེ་ལུས་དང་ངག་གི་དངོས་པོ་ཀུན་ཏུ་སྤྱོད་པ་དེ་ལྟ་བུ་དེ་འདྲ་བས་དེའི་སྡུག་བསྔལ་དང༌། ཡིད་མི་བདེ་བ་སྐྱེ་བར་མཐོང་ལ། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དེས་ཀྱང་དེ་མི་དགེ་བའི་གནས་ནས་བསླངས་ཏེ། དགེ་བའི་གནས་སུ་འཇོག་པར་མི་འགྱུར་ན་ནི་བྱང་ཆུབ་སེམས་དཔས་སོ་སོར་བརྟགས་ནས་ལུས་དང་ངག་གིས་ཀུན་ཏུ་སྤྱོད་པ་དེ་བསྒྲིམས་ཏེ་ཡོངས་སུ་སྤོང་ཞིང་ཀུན་ཏུ་སྤྱོད་པར་མི་བྱེད་དོ། །གལ་ཏེ་སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དེས་ཀྱང་དེ་མི་དགེ་བའི་གནས་ནས་བསླངས་ཏེ་དགེ་བའི་གནས་སུ་འཇོག་པར་མཐོང་ན་ནི། བྱང་ཆུབ་སེམས་དཔའ་འདི་ལྟ་སྟེ། གཞན་ལ་སྙིང་བརྩེ་བ་ཁོ་ན་ཉེ་བར་བཟུང་ནས་སོ་སོར་བརྟགས་ཏེ། གཞན་གྱི་སེམས་དང་མཐུན་པར་མི་བྱེད་དོ། །གཞན་དག་ལས་ལུས་དང༌། ངག་གི་དངོས་པོ་ཀུན་ཏུ་སྤྱོད་པ་གང་གིས་གཞན་དག་གི་སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་སྐྱེ་བར་འགྱུར་ལ་དེ་ཡང་གཞན་དག་དང༌། དེ་ལས་གཞན་པ་རྣམས་མི་དགེ་བའི་གནས་ནས་བསླངས་


DTG129_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དགེ་བའི་གནས་སུ་འཇོག་པར་མི་འགྱུར་ན་ཡང༌། བྱང་ཆུབ་སེམས་དཔས་སོ་སོར་བརྟགས་ཏེ། དེ་ལས་གཞན་པ་རྣམས་ཀྱི་སེམས་དང་མཐུན་པར་མི་བྱ་བའི་ཕྱིར། ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་དེ་གཏོང་བར་བྱེད་དོ། །གལ་ཏེ་གཞན་དག་དང་དེ་ལས་གཞན་པ་རྣམས་སམ། དེ་གཉི་ག་མི་དགེ་བའི་གནས་ནས་བསླངས་ཏེ། དགེ་བའི་གནས་སུ་འཇོག་པར་མཐོང་ན་ནི་བྱང་ཆུབ་སེམས་དཔས་སྙིང་བརྩེ་བའི་སེམས་ཁོ་ན་ཉེ་བར་བཞག་སྟེ། སོ་སོར་བརྟགས་ནས་ལུས་དང་ངག་གི་ཀུན་ཏུ་སྤྱོད་པར་བྱེད་དེ། སེམས་ཅན་དེ་དག་གི་སེམས་དང་མཐུན་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་བདག་ཉིད་ཀྱི་ལུས་དང་ངག་གིས་དངོས་པོ་ཀུན་ཏུ་སྤྱོད་པ་གང་གིས་ཕ་རོལ་དག་གི་སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་སྐྱེ་བར་ཡང་དག་པར་མཐོང་ལ། ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་དེ་ཡང་བསླབ་པའི་གཞིར་གཏོགས་པ་ཡང་མ་ཡིན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་ཡང་མ་ཡིན་ལ། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དེས་ཀྱང་གཞན་དག་མི་དགེ་བའི་གནས་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་རིག་པར་བྱ་སྟེ། གཞན་གྱི་སེམས་བསྲུང་བའི་ཕྱིར་བྱང་ཆུབ་སེམས་དཔས་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་དེ་གཏོང་བར་བྱེད་དོ། །དེ་ལས་བཟློག་པའི་ཀུན་ཏུ་སྤྱོད་པ་ཡང་སྔ་མ་བཞིན་དུ་རིགས་པར་བྱའོ། །སྡུག་བསྔལ་བ་དང་ཡི་མི་བདེ་བ་ཇི་ལྟ་བ་བཞིན་དུ་བདེ་བ་དང་ཡིད་བདེ་བ་ཡང་དེ་དང་འདྲ་སྟེ། ཅི་རིགས་པར་རྒྱས་པར་རིགས་པར་བྱའོ། །བྱང་ཆུབ་སེམས་དཔའ་གཞན་གྱི་སེམས་དང་མཐུན་པར་བྱེད་པ་ནི་གཞན་ཁོ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པ་ལ་ཁྲོ་བའི་ཀུན་ནས་དཀྲིས་པ་མེད་པར་མ་གྱུར་གྱི་བར་དུ་མངོན་སུམ་དུ་བསྔགས་པ་ཡང་མི་བརྗོད་ན་བསྔགས་པ་མ་ཡིན་པ་ལྟ་ཅི་སྨོས་ཏེ་ཤད་ཀྱིས་སྦྱང་བར་མེ་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་གཞན་གྱི་སེམས་དང་མཐུན་པར་བྱེད་པ་ནི། གཞན་མི་སྨྲ་བ་ལ་ཡང་སྨྲ་ཞིང་ཡང་དག་པར་དགའ་བར་བྱེད་ན། སྨྲ་བ་དང་ཡང་དག་པར་དགའ་བར་བྱེད་པ་ལྟ་ལ་ཅི་སྨོས། བྱང་ཆུབ་སེམས་དཔའ་གཞན་གྱི་སེམས་དང་མཐུན་པར་བྱེད་པ་ནི་གཞན་དག་ལ་འཁྲུག་པར་མི་བྱེད་དེ། དེ་དག་ཉིད་ལ་སྙིང་བརྩེ་བའི་ཕྱིར་སྨ་དབབ་པར་འདོད་པར་


DTG129_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་དེ། དབང་པོ་རྣམས་རབ་ཏུ་ཞི་བས་སྨ་འབེབས་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་གཞན་གྱི་སེམས་དང་མཐུན་པར་བྱེད་པ་ནི་གཞན་དག་ལ་འཕྱ་བར་ཡང་མི་བྱེད། བསྟིང་བར་ཡང་མི་བྱེད་ལ། དེ་བག་འཁུམས་པར་མི་བྱེད་དོ། །བདེ་བ་ལ་རེག་པར་མི་གནས་པར་བྱ་བའི་ཕྱིར་ཐེ་ཚོམ་སློང་བར་ཡང་མི་བྱེད་དོ། །ཆད་པས་བཅད་ཅིང་སྨ་བབ་ཟིན་པ་ལ་ཡང་ཆད་པའི་གནས་ཀྱིས་གླེང་བར་མི་བྱེད་དོ། །དགའ་བའི་ཤས་ཆུང་བ་ལ་ཡང་བདག་ཉིད་མཐོ་བར་མི་སྟོན་ཏོ། །བྱང་ཆུབ་སེམས་དཔའ་གཞན་གྱི་སེམས་དང་མཐུན་པར་བྱེད་པ་ནི་གཞན་དག་ལ་མི་བསྟེན་པར་ཡང་མི་བྱེད། ཧ་ཅང་བསྟེན་པར་ཡང་མི་བྱེད། དུས་མ་ཡིན་པར་ཡང་བསྟེན་པར་ཡང་མི་བྱེད། དེ་དག་གི་མདུན་དུ་མཛའ་བོ་ལ་སྨོད་པར་ཡང་མི་བྱེད། མི་མཛའ་བའི་བསྔགས་པ་ཡང་མི་བརྗོད། མ་འདྲིས་པ་ལ་ཡིད་རྟོན་པར་ཡང་མི་བྱེད། རྒྱུན་དུ་སློང་བར་ཡང་མི་བྱེད། བླང་བ་ལ་ཡང་ཚོད་ཤེས་པ་ཡིན། ཟས་དང་སྐོམ་ལ་སོགས་པ་ལ་བོས་ན་ཡང་སྤོང་བར་མི་བྱེད་དོ། །ཡང་ན་ཆོས་དང་མཐུན་པར་ཤད་ཀྱིས་བྱང་བར་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་ཡང་དག་པའི་ཡོན་ཏན་གྱིས་ཡང་དག་པར་དགའ་བར་བྱ་བའི་ཚུལ་ཁྲིམས་ཀྱིས་སེམས་ཅན་རྣམས་ཡང་དག་པར་དགའ་བར་བྱེད་པ་ན། དད་པའི་ཡོན་ཏན་དང་ལྡན་པ་རྣམས་ལ་ནི་དད་པའི་ཡོན་ཏན་གྱི་འབྲེལ་བའི་གཏམ་གྱིས་ཡང་དག་པར་དགའ་བར་བྱེད་དོ། །ཚུལ་ཁྲིམས་ཀྱི་ཡོན་ཏན་དང་ལྡན་པ་རྣམས་ལ་ནི་ཚུལ་ཁྲིམས་ཀྱི་ཡོན་ཏན་གྱི་འབྲེལ་བའི་གཏམ་གྱིས་ཡང་དག་པར་དགའ་བར་བྱེད་དོ། །། ཐོས་པའི་ཡོན་ཏན་དང་ལྡན་པ་རྣམས་ལ་ནི་ཐོས་པའི་ཡོན་ཏན་གྱི་འབྲེལ་བའི་གཏམ་གྱིས་ཡང་དག་པར་དགའ་བར་བྱེད་དོ། །གཏང་བའི་ཡོན་ཏན་དང་ལྡན་པ་རྣམས་ལ་ནི་གཏོང་བའི་ཡོན་ཏན་གྱི་འབྲེལ་བའི་གཏམ་གྱིས་ཡང་དག་པར་དགའ་བར་བྱེད་དོ། །ཤེས་རབ་ཀྱི་ཡོན་ཏན་དང་ལྡན་པ་རྣམས་ལ་ནི་ཤེས་རབ་ཀྱི་ཡོན་ཏན་གྱི་འབྲེལ་བའི་གཏམ་གྱིས་ཡང་དག་པར་དགའ་བར་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་ཚར་གཅོད་པའི་ཚུལ་ཁྲིམས་ཀྱིས་སེམས་ཅན་རྣམས་ཚར་གཅོད་པར་བྱེད་དེ། ཉེས་པ་ཆུང་ངུ་དང༌། འགལ་བ་ཆུང་ངུ་ལ་ནི་བསམ་པ་འཇམ་པོ་དང་སྡང་བ་


DTG129_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་སྨ་དབབ་པ་ཆུང་ངུས་སྨ་འབེབས་པར་བྱེད་དོ། །ཉེས་པ་འབྲིང་དང༌། འགལ་བ་འབྲིང་ལ་ནི་སྨ་དབབ་པ་འབྲིང་གིས་སྨ་འབེབས་པར་བྱེད་དོ། །ཉེས་པ་ཆེན་པོ་དང་འགལ་བ་ཆེན་པོ་ལ་སྨ་དབབ་པ་ཆེན་པོས་སྨ་འབེབས་པར་བྱེད་དོ། །སྨ་དབབ་པ་ཇི་ལྟ་བ་བཞིན་དུ་ཆད་པས་བཅད་པ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །ཉེས་པ་ཆུང་ངུ་དང༌། འབྲིང་དང༌། འགལ་བ་ཆུང་ངུ་དང༌། འབྲིང་ལ་ནི་བྱང་ཆུབ་སེམས་དཔས་དེ་དག་ཉིད་དང་གཞན་དག་ལ་ལེགས་པར་རྗེས་སུ་བསྟན་པའི་ཕྱིར་སྙིང་བརྩེ་བའི་སེམས་དང་ཕན་པའི་སེམས་ཀྱིས་ཕྱིར་དགུག་པའི་ཕྱིར། རེ་ཞིག་པའི་ཚུལ་གྱིས་སྐྲོད་པར་བྱེད་དོ། །ཉེས་པ་ཆེན་པོ་དང་འགའ་བ་ཆེན་པོ་ལ་ནི་དེ་དག་ཉིད་ལ་སྙིང་བརྩེ་བས་དེ་དག་བསྟན་པ་འདི་ལ་བསོད་ནམས་མ་ཡིན་པ་ཆེས་མང་དུ་ཡོངས་སུ་འཛིན་པར་མི་འགྱུར་བར་བྱ་བའི་ཕྱིར་དང༌། གཞན་དག་ལ་ཡང་ཕན་པར་འདོད་པས་ལེགས་པར་རྗེས་སུ་བསྟན་པའི་ཕྱིར་ཕྱིན་ཆད་འགྲོགས་པར་མི་བྱ་བ་དང༌། ལོངས་སྤྱོད་པར་མི་བྱ་བ་དང༌། ཇི་སྲིད་འཚོའི་བར་དུ་ཡང་ཕྱིར་མི་དགུག་པའི་ཚུལ་གྱིས་སྐྲོད་པར་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་གྱི་སྟོབས་ཀྱིས་སེམས་ཅན་རྣམས་སྐྲག་པར་བྱེད་འདོད་པ་དང༌། འདུན་པར་བྱེད་འདོད་པ་ནི་སེམས་ཅན་ཉེས་པར་སྤྱད་པར་སྤྱོད་པ་རྣམས་ལ་ཉེས་པར་སྤྱད་པར་སྤྱོད་པའི་རྣམ་པར་སྨིན་པའི་འབྲས་བུ་ངན་སོང་སེམས་ཅན་དམྱལ་བ་རྣམས་དང༌། སེམས་ཅན་དམྱལ་བ་ཆེན་པོ་རྣམས་དང༌། གྲང་བའི་སེམས་ཅན་དམྱལ་བ་རྣམས་དང༌། ཉི་ཚེ་བའི་སེམས་ཅན་དམྱལ་བ་རྣམས་བསྙེན་ཅིང་སྟོན་པར་བྱེད་དེ། མིར་གྱུར་པ་དག་གིས་ཉེས་པར་སྤྱོད་པ་བྱས་ཤིང་བསགས་པའི་མི་སྡུག་པའི་འབྲས་བུ་རྣམ་པར་སྨིན་པ་མི་བཟད་ཅིང༌། མཆོག་ཏུ་ཚ་བ་སོ་སོར་ཉམས་སུ་མྱོང་བ་འདི་ལྟ་བུ་འདི་དག་ལ་ཁྱེད་ལྟོས་ཞེས་བསྒོ་ནས། དེ་དག་གིས་ཀྱང་དེ་མཐོང་སྟེ། སྐྲག་ཅིང་སྐྱོ་བར་གྱུར་ནས་ཉེས་པར་སྤྱོད་པ་སྤོང་བར་བྱེད་དོ། །སེམས་ཅན་ཁ་ཅིག་བྱང་ཆུབ་སེམས་དཔའ་འཁོར་ཆེན་པོའི་ནང་ན་འདུག་པ་ལ་དྲི་བས་སྨ་དབབ་པས་ཚིག་མི་བཙུན་པར་བྱ་བར་འདོད་པ་དག་ལ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེའམ། གནོད་སྦྱིན་ཁ་དོག་སྤ་ཞིང་ལུས་ཆེ་ལ་སྟོབས་ཆེ་བ་གང་ཡང་རུང་བ་


DTG129_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཏུ་མངོན་པར་སྤྲུལ་ནས་འཇིགས་པར་བྱེད། སྐྲག་པར་བྱེད་དེ། རྒྱུ་དེས་ཡིད་ཆེས་པ་སྐྱེས་ཤིང་གཅེས་པར་འཛིན་པར་འགྱུར་ལ། གུས་པ་བྱེད་པར་གྱུར་པ་ལ་དྲི་བ་ལེགས་པ་ཁོ་ནར་ལུང་བསྟན་པར་བྱ་བ་དང༌། སྐྱེ་བོ་ཕལ་པོ་ཆེ་དེ་དག་སོ་སོར་དྲིས་པ་ལན་བཏབ་པ་དེས་གདུལ་བའི་ཕྱིར་རོ། །ཡང་ན་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་དང༌། མང་པོར་གྱུར་ནས་གཅིག་ཏུ་འགྱུར་བ་དང༌། རྩིག་པ་ལ་ཡང་ཐད་ཀར་འགྲོ་བ་དང༌། རི་བྲགས་ལ་ཡང་ཐད་ཀར་འགྲོ་བ་དང༌། ར་བ་ལ་ཡང་ཐད་ཀར་འགྲོ་བ་ལ་ལུས་ཀྱིས་ཐོགས་པ་མེད་པར་འགྲོ་བ་ནས། རྒྱས་པར་ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་བྱེད་པ་དང༌། མེའི་ཁམས་ལ་ཡང་སྙོམས་པར་འཇུག་ཅིང་ཆོ་འཕྲུལ་ཕྲུགས་སུ་སྟོན་པ་དང༌། ཡང་ན་ཉན་ཐོས་དང་ཐུན་མོང་པའི་རྫུ་འཕྲུལ་བསྟན་པས་འདུན་པར་བྱས། མགུ་བར་བྱས། ཡང་དག་པར་དགའ་བར་བྱས་ནས། མ་དད་པ་ནི་དད་པ་ཕུན་སུམ་ཚོགས་པ་ལ་འགོད་པར་བྱེད། ཚུལ་ཁྲིམས་འཆལ་པ་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ལ་འགོད་པར་བྱེད། ཐོས་པ་ཉུང་ངུ་ནི་ཐོས་པ་ཕུན་སུམ་ཚོགས་པ་ལ་འགོད་པར་བྱེད། སེར་སྣ་ཅན་ནི་གཏོང་བ་ཕུན་སུམ་ཚོགས་པ་ལ་འགོད་པར་བྱེད། ཤེས་རབ་འཆལ་པ་ནི་ཤེས་རབ་ཕུན་སུམ་ཚོགས་པ་ལ་འགོད་པར་བྱེད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་གསུམ་པོ་སྡོམ་པའི་ཚུལ་ཁྲིམས་སུ་གཏོགས་པ་དང༌། དགེ་བ་སྡུད་པའི་ཚུལ་ཁྲིམས་སུ་གཏོགས་པ་དང༌། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་སུ་གཏོགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དེ་དག་ནི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པའམ་རབ་ཏུ་བྱུང་བ་རྣམས་བྱང་ཆུབ་སེམས་དཔའི་བསླབ་པ་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པ་གསུམ་པོ་འདི་དག་ལ་སློབ་པར་འདོད་ཅིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པས། བྱང་ཆུབ་སེམས་དཔའ་སྨོན་ལམ་བཏབ་པའི་ཆོས་མཐུན་པ་བ། སྡོམ་པ་བླངས་


DTG129_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཁས་པ། ངག་གི་རྣམ་པར་རིག་བྱེད་ཀྱི་དོན་འཛིན་པ་དང༌། གོ་བར་ནུས་པ་དེ་ལྟ་བུའི་བྱང་ཆུབ་སེམས་དཔའི་རྐང་པ་གཉིས་ལ་ཐོག་མར་ཕྱག་བྱས་ནས་གསོལ་བ་གདབ་པར་བྱ་སྟེ། འདི་སྐད་ཅེས་བདག་རིགས་ཀྱི་བུ་ཁྱོད་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་མནོད་པར་འཚལ་གྱིས། དེ་ལས་གནོད་པ་མ་མཆིས་ན་བདག་ལ་ཐུགས་བརྩེ་བའི་སླད་དུ་ཅུང་ཟད་ཅིག་གསན་ཅིང་སྩལ་བའི་རིགས་སོ་ཞེས་བརྗོད་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ནུས་པ་དེས། བྱང་ཆུབ་སེམས་དཔའ་འདོད་པ་དེ་ལ་བྱང་ཆུབ་སེམས་དཔའི་སྡོམ་པའི་ཕན་ཡོན་རྒྱ་ཆེར་བརྗོད་ནས། སྡོམ་པ་འདོད་པ་དེ་ལ་བསླབ་པའི་གཞི་ལྕི་ཡང་དག་ཀྱང་བརྗོད་ཅིང་སྤྲོ་བ་བསྐྱེད་པར་ཡང་བྱ་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཉོན་ཅིག །ཁྱོད་འདི་ལྟར་སེམས་ཅན་མ་རྒལ་བ་རྣམས་བསྒྲལ་བ་དང༌། མ་གྲོལ་བ་རྣམས་དགྲོལ་བ་དང། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་འདོད་དམ། དེ་ལ་ཁྱོད་ཀྱིས་སེམས་བསྐྱེད་པ་བརྟན་པ་དང༌། ཡི་དམ་བརྟན་པར་ཡང་བྱའོ་ཞེས་དེ་ལྟར་མི་ཤེས་པའི་རིགས་མཐོང་ནས། སྤྲོ་བ་བསྐྱེད་པའི་ཕྱིར་བརྗོད་པར་བྱའོ། །དེ་ནས་འདོད་པ་དེས་ལེགས་པར་གསོལ་བ་བཏབ་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་བཞུགས་པ་ཡེ་ཤེས་དང༌། མཐུ་ཆེན་པོ་ཐོབ་པ་ཕྱོགས་བཅུ་ན་བཞུགས་པ་རྣམས་ལ་མཆོད་པ་བྱས་ནས། དེ་དག་གི་ཡོན་ཏན་རྣམས་ཀྱང་མངོན་སུམ་དུ་བྱས་པ་ལ་བསམ་པ་ཐག་པ་ནས་དང་བའི་སེམས་སམ། ཡང་ན་དེས་ཅི་ནུས་པ་དང༌། རྒྱུའི་སྟོབས་ཅི་ཡོད་པས་ཆུང་ངུ་ཡང་བསྐྱེད་ལ། དེ་བཞིན་གཤེགས་པའི་སྐུ་གཟུགས་མདུན་དུ་བཞག་སྟེ། ལེགས་པར་མཆོད་པར་བྱས་ནས་གདུང་བའི་ཚུལ་གྱིས་པུས་མོའི་ལྷ་ང་ས་ལ་བཙུགས་པའམ། ཙོག་ཙོག་པོར་འདུག་ཀྱང་རུང་སྟེ། བྱང་ཆུབ་སེམས་དཔའ་མཁས་པ་དེ་ལ་འདི་སྐད་


DTG129_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བརྗོད་པར་བྱ་སྟེ། རིགས་ཀྱི་བུའམ། ཚེ་དང་ལྡན་པའམ། བཙུན་པས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བདག་ལ་སྩལ་དུ་གསོལ་ཞེས་སྨྲས་ནས། དྲན་པ་རྩེ་གཅིག་ཏུ་བཞག་སྟེ། སེམས་དང་པོ་ཁོ་ན་བསྐྱེད་ནས། ང་ནི་བདག་གིས་རིང་པོར་མི་ཐོགས་པར་བསོད་ནམས་ཀྱི་གཏེར་ཆེན་པོ་བླ་ན་མེད་པ་ཟད་མི་ཤེས་ཤིང༌། དཔག་ཏུ་མེད་པ་ཐོབ་པར་འགྱུར་རོ་སྙམ་དུ་དོན་དེ་ཉིད་རྗེས་སུ་བསམ་ཞིང་ཅང་མི་སྨྲ་བར་བྱའོ། །དེ་ལྟར་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་ལ་བྱང་ཆུབ་སེམས་དཔའ་མཁས་པས་འགྲེང་ཡང་རུང། སྟན་ལ་འདུག་ཀྱང་རུང་སྟེ། དེས་སེམས་མ་ཡེངས་པར་འདི་སྐད་ཅེས་བརྗོད་པར་བྱ་སྟེ། རིགས་ཀྱི་བུའམ་ཆོས་ཀྱི་སྤུན་མིང་འདི་ཞེས་བྱ་བ་ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ། བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ་ཞེས་སྨྲོས་ཤིག །དེས་ཀྱང་ལགས་སོ་ཞེས་ཁས་ལོང་ཤིག ། དེའི་འོག་ཏུ་དེ་ལ་ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། རིགས་ཀྱི་བུ་མིང་འདི་ཞེས་བྱ་བ་ཁྱོད་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་རྣམས་དང༌། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང༌། མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་རྣམས་དང༌། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང༌། ད་ལྟར་ན་ཕྱོགས་བཅུ་དག་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་གང་ཡིན་པ་རྣམས་དང༌། ཚུལ་ཁྲིམས་གང་ཡིན་པ་བསླབ་པའི་གཞི་གང་དག་དང༌། ཚུལ་ཁྲིམས་གང་དག་ལ་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབ་པར་གྱུར་པ་དང༌། མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་འགྱུར་བ་དང༌། ཕྱོགས་བཅུ་དག་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟར་ན་སློབ་པ་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ང་ལས་ནོད་དམ་ཞེས་སྨྲོས་ཤིག །དེས་ཀྱང་ནོད་ལགས་


DTG129_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཞེས་ཁས་ལོང་ཤིག །བྱང་ཆུབ་སེམས་དཔའ་མཁས་པ་དེས་ཀྱང་དེ་ལྟར་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ། །དྲིས་ན་ནོད་པའི་བྱང་ཆུབ་སེམས་དཔའ་དེས་ཀྱང་ལན་གསུམ་གྱི་བར་དུ་ཁས་བླང་བར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་མཁས་པ་དེས་ནོད་པའི་བྱང་ཆུབ་སེམས་དཔའ་དེ་ལ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ལན་གསུམ་གྱི་བར་དུ་ཕོག་སྟེ། ཁས་ལེན་དུ་ཡང་བཅུག་ནས་ནོད་པའི་བྱང་ཆུབ་སེམས་དཔའ་དེ་མ་ལངས་པར་དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ཉིད་ཀྱི་སྤྱན་སྔར་ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་བཞུགས་ཤིང་འཚོ་བ་ཐམས་ཅད་ཀྱི་ཞབས་ལ་གཏུགས་ཏེ་ཐལ་མོ་སྦྱར་ནས་འདི་ལྟར་མཁྱེན་པར་མཛད་དུ་གསོལ་བ་བྱ་སྟེ། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་འདིས། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ལན་གསུམ་གྱི་བར་དུ་མནོས་ལགས་ཏེ། བདག་མིང་འདི་ཞེས་བགྱི་བ་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་འདིའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ་བདག་དབང་དུ་གྱུར་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་འཕགས་པའི་མཆོག་ལྐོག་ཏུ་གྱུར་ཀྱང་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་རྣམས་ལ་མཁྱེན་པར་གསོལ་ལོ་ཞེས་དེ་སྐད་ལན་གཉིས་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ།། །།བམ་པོ་དགུ་པ། འདི་ནི་ཆོས་ཉིད་ཡིན་ཏེ། དེ་ལྟར་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པའི་ལས་ཡོངས་སུ་རྫོགས་མ་ཐག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན། དེ་བཞིན་གཤེགས་པ་རྣམས་དང༌། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་བཞུགས་ཏེ། འཚོ་བ་རྣམས་ལ་གང་གིས་དེ་དག་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་དེས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ཡང་དག་པར་མནོས་སོ་སྙམ་དུ་དགོངས་པར་འགྱུར་བ་དེ་ལྟ་བུའི་ལྟས་འབྱུང་བར་འགྱུར་རོ།།


DTG129_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྗེས་ལ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་དེ་ལ་དགོངས་པར་འགྱུར་ཏེ། དགོངས་པར་གྱུར་ན་ཡེ་ཤེས་གཟིགས་པ་འཇུག་གོ །དེ་དག་གི་ཡེ་ཤེས་གཟིགས་པ་དེས་འདི་ལྟར་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བས་འཇིག་རྟེན་གྱི་ཁམས་ཀྱི་གེ་མོ་ཞིག་ཏུ་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལེགས་པར་མནོས་སོ་ཞེས་བྱ་བར་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་ཐུགས་སུ་ཆུད་པར་འགྱུར་ཏེ། དེ་དག་ཐམས་ཅད་ཀྱང་དེ་ལ་བུ་དང་འདྲ་བ་དང༌། སྤུན་དང་འདྲ་བར་དགོངས་པ་བཟང་པོས་སོ་སོ་ནས་ཐུགས་བརྩེ་བར་མཛད་དོ། །དེ་ལྟར་དགོངས་པ་བཟང་པོས་སོ་སོ་ནས་ཐུགས་བརྩེ་བར་མཛད་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་ཆོས་རྣམས་ནི་རྒྱ་ཆེར་འཕེལ་བར་འགྱུར་ཏེ། ཉམས་པར་མི་འགྱུར་བར་ཤེས་པར་བྱའོ། །ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་མཁྱེན་པར་གསོལ་བ་དེ་ཡང་དེ་དག་གིས་ཐུགས་སུ་ཆུད་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བའི་ལས་དེ་ཡོངས་སུ་རྫོགས་ནས། བྱང་ཆུབ་སེམས་དཔའ་དེ་གཉིས་ཀས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་བཞུགས་པའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དེ་དག་ལ་མཆོད་པ་བྱས་ལ་ཞབས་ལ་གཏུགས་ཏེ་ལྡང་བར་བྱའོ། །བྱང་ཆུབ་སེམས་དཔའ་དེའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་འདི་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། བླ་ན་མེད་པ་དང༌། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པ་དང༌། སེམས་ཀྱི་བསམ་པ་མཆོག་ཏུ་དགེ་བས་བསྐྱེད་པ་དང༌། སེམས་ཅན་ཐམས་ཅད་ལ་ཉེས་པར་སྤྱོད་པ་རྣམ་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པ་ཡིན་ནོ། །སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླངས་པ་ཐམས་ཅད་ནི་འདི་ལྟ་སྟེ། བསོད་ནམས་ཡོངས་སུ་བཟུང་བ་ལ་བརྟེན་ནས། ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་དེ་ནི། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང༌། གྲངས་དང༌། ཆ་དང༌། བགྲང་བ་དང༌། དཔེ་


DTG129_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དང། རྒྱུར་ཡང་ཉེ་བར་མི་འགྲོའོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་འདི་ལྟར་བདག་ཉིད་ཀྱིས་ཀྱང་བརྟག་ཅིང་བརྟག་འདི་ནི་བྱང་ཆུབ་སེམས་དཔས་བྱ་བའི་ཆ་ཡིན་ནོ། །འདི་ནི་བྱ་བའི་ཆ་མ་ཡིན་ནོ་སྙམ་ནས། དེ་ཕྱིན་ཆད་དེ་ཁོ་ན་བཞིན་དུ་ལས་སུ་བསྒྲུབ་པར་བྱ་ཞིང་བསྲུང་བར་བྱའོ། །བྱང་ཆུབ་སེམས་དཔའི་མདོ་སྡེའི་སྣོད་ལས་ཀྱང་བསྒྲིམས་ཏེ། མཉམ་པའམ། ཡང་ན་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་ཀྱི་མ་མོ་བསྡུས་པ་འདི་ལས་ཀྱང་མཉན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་མདོ་སྡེ་དེ་དང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞི་སྟོང་ཕྲག་དུ་མ་གསུངས་པ་དག་བསྒྲུབ་པའི་ཕྱིར་དེ་ཁོ་ན་བཞིན་དུ་བསླབ་པར་བྱའོ། །མཁས་པ་ཡིན་དུ་ཟིན་ཀྱང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལས་བྱང་ཆུབ་སེམས་དཔས་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་དེ་མནོད་པར་མི་བྱ་སྟེ། དད་པ་མེད་པ་གང་ཐོག་མར་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་འདི་ལ་མ་མོས་ཤིང་མི་འཇུག་ལ་མི་རྟོག་པ་ལས་ཀྱང་མནོད་པར་མི་བྱའོ། །བརྐམ་ཆགས་ཅན་དང༌། ཆགས་པས་ཟིལ་གྱིས་ནོན་པ་དང༌། འདོད་པ་ཆེ་བ་དང༌། ཆོག་མི་ཤེས་པ་ལས་ཀྱང་མནོད་པར་མི་བྱའོ། །ཚུལ་ཁྲིམས་ཉམས་པ་དང༌། བསླབ་པ་དག་ལ་གུས་པར་མི་བྱེད་དེ། ལྷོད་པ་ལས་ཀྱང་མནོད་པར་མི་བྱའོ། །ཁྲོ་བ་དང༌། ཁོན་དུ་འཛིན་པ་དང༌། མི་བཟོད་པའི་ཤས་ཆེ་བ་དང༌། ཕ་རོལ་གྱི་ཉེས་པ་མི་བཟོད་པ་ལས་མནོད་པར་མི་བྱའོ། །སྙོམ་ལས་ཅན་དང༌། ལེ་ལོ་དང༌། ཤས་ཆེར་ཉིན་མཚན་དུ་གཉིད་ཀྱི་བདེ་བ་དང༌། གློས་འབེབས་པའི་བདེ་བ་དང༌། ཉལ་བའི་བདེ་བ་ཉམས་སུ་ལེན་པ་དང༌། འདུ་འཛིའི་གཏམ་གྱིས་དུས་ཡོལ་བར་བྱེད་པ་ལས་ཀྱང་མནོད་པར་མི་བྱའོ། །སེམས་རྣམ་པར་གཡེངས་ཏེ། ཐ་ན་འཇོས་ཙམ་གྱི་བར་དུ་ཡང་དགེ་བ་ལས་སེམས་རྩེ་གཅིག་ཏུ་བསྒོམ་མི་ནུས་པ་ལས་ཀྱང་མནོད་པར་མི་བྱའོ། །ཡིད་རྟུལ་བ་དང༌། རྨོངས་པའི་རང་བཞིན་ཅན་དང༌། ཧ་ཅང་སེམས་ཞུམ་པ་དང༌། བྱང་ཆུབ་སེམས་དཔའི་མདོ་སྡེ་སྡེ་སྣོད་དང༌། བྱང་ཆུབ་སེམས་དཔའི་


DTG129_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་སྣོད་ཀྱི་མ་མོ་ལ་སྐུར་བ་འདེབས་པ་ལས་ཀྱང་མནོད་པར་མི་བྱའོ། །བྱང་ཆུབ་སེམས་དཔས་སྡོམ་པ་ཡང་དག་པར་བླང་བའི་ཆོ་ག་འདི་བཟུང་ཞིང་ཀུན་ཆུབ་པར་བྱས་ཀྱང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སྡང་ཞིང་མ་དད་པའི་སེམས་ཅན་རྣམས་ལ་གྱ་ཚོམ་དུ་བསྒྲག་པར་མི་བྱ་ཞིང་ཤེས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་གིས་ཐོས་ན་མ་མོས་ཤིང་མི་ཤེས་པའི་སྒྲིབ་པ་ཆེན་པོས་བསྒྲིབས་པས་སྐུར་བ་འདེབས་པར་འགྱུར་བའི་ཕྱིར་ཏེ། དེ་ལ་སྐུར་བ་འདེབས་པ་དེ་ནི་སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཇི་ཙམ་དང་ལྡན་པར་འགྱུར་བ་དེ་ཙམ་དུ། དེ་ནི་སྡིག་པའི་ཚིག་དང༌། སྡིག་པའི་ལྟ་བ་དང༌། སྡིག་པའི་ཀུན་ཏུ་རྟོག་པ་དེ་དག་ཇི་སྲིད་དུ་ཐམས་ཅད་ཀྱི་ཐམས་ཅད་དུ་མ་སྤངས་པའི་བར་དུ་བསོད་ནམས་མ་ཡིན་པའི་ཕུང་པོ་དཔག་ཏུ་མེད་པ་དེ་ཙམ་ཁོ་ན་དང་ལྡན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་འདོད་པ་ལ་སྔ་ནས་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་ཀྱི་མ་མོ་འདི་ལས་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་དང༌། ཉེས་པའི་གནས་གང་དག་བསྟན་པ་དེ་དག་བསྒྲག་པར་བྱ་སྟེ། གལ་ཏེ་སྙིང་ནས་བརྟགས་ཤིང་ཤེས་རབ་ཀྱིས་སོ་སོར་བརྟགས་ནས། སྤྲོས་པར་གྱུར་ལ་ཕ་རོལ་གྱིས་ཡང་དག་པར་འཛིན་དུ་བཅུག་པའི་ཕྱིར་ཡང་མ་ཡིན། ཕ་རོལ་དང་འགྲན་པའི་ཕྱིར་ཡང་མ་ཡིན་ན། བྱང་ཆུབ་སེམས་དཔའ་བརྟན་པོ་ཡིན་པར་རིག་པར་བྱ་སྟེ། ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་འདི་ཆོ་ག་འདི་བཞིན་དུ་དེས་ཀྱང་མ་ནོད་པར་བྱ་ཞིང་དེ་ལ་དབོག་པར་ཡང་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པའི་ཕས་ཕམ་པའི་གནས་ལྟ་བུའི་ཆོས་བཞི་ཡོད་དེ། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཞེན་ཏེ། བདག་ལ་བསྟོད་པ་དང༌། གཞན་ལ་སྨོད་པ་བྱང་ཆུབ་སེམས་དཔའི་ཕས་ཕམ་པའི་གནས་ལྟ་བུའི་ཆོས་དང༌། ལོངས་སྤྱོད་དག་ཡོད་དེ། བདོག་བཞིན་དུ་ཆགས་པའི་རང་བཞིན་གྱི་སྡུག་བསྔལ་བ་དང༌། བཀྲེན་པ་དང༌། མགོན་མེད་པ་དང༌། རྟེན་མེད་པའི་སློང་བ་པོ་ལེགས་པར་འོངས་པ་རྣམས་ལ་སྙིང་


DTG129_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

སྲ་བས་ཟང་ཟིང་མི་གཏོང་བ་དང༌། ཆོས་ལ་སེར་སྣ་བྱེད་པའི་ཕྱིར་དོན་དུ་གཉེར་བ་ལེགས་པར་འོངས་པ་རྣམས་ལ་ཆོས་ཀྱི་བགོ་བཤའ་མི་བྱེད་པ་ནི་བྱང་ཆུབ་སེམས་དཔའི་ཕམ་པའི་གནས་ལྟ་བུའི་ཆོས་དང༌། གང་གིས་བྱང་ཆུབ་སེམས་དཔའི་ཚིག་རྩུབ་པོས་སྨྲས་པ་ཙམ་གྱིས་གཏོང་བར་མི་བྱེད་དེ། ཁྲོ་བོའི་ཀུན་ནས་དཀྲིས་པ་དེ་ལྟ་བུ་འཕེལ་བར་བྱེད་ལ། ཁྲོ་བས་ཟིལ་གྱིས་ནོན་ནས། ལག་པའམ། བོང་བའམ། དབྱུང་བ་སེམས་ཅན་རྣམས་ལ་རྡེག་པར་བྱེད། རྣམ་པར་འཚེ་བར་བྱེད། རྣམ་པར་ཐོ་འཚམས་པར་བྱེད་པ་ལ། གཞན་དག་གིས་འགལ་བཤད་ཀྱིས་སྦྱངས་ཀྱང་ཁྲོ་བའི་བསམ་པས་བསྔོ་བའི་ཁོ་ན་ཞལ་བཟུང་སྟེ། མི་ཉན་ཅིང་མི་བཟོད་ལ་བསམ་པས་མི་གཏོང་བ་འདི་ཡང་བྱང་ཆུབ་སེམས་དཔའི་ཕམ་པའི་གནས་ལྟ་བུའི་ཆོས་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སྐུར་བ་བཏབ་པས་འདེབས་པ་དང༌། བདག་ཉིད་དམ། གཞན་དག་གིས་གཡམ་ལ་དམ་པའི་ཆོས་ལྟར་བཅོས་པ་ལ་མོས་ནས་དམ་པའི་ཆོས་ལྟར་བཅོས་པ་རྣམས་ལ་དགའ་བ་དང༌། སྟོན་པ་དང༌། འཇོག་པ་ནི་བྱང་ཆུབ་སེམས་དཔའི་ཕམ་པའི་གནས་ལྟ་བུའི་ཆོས་སོ། །བཞི་པོ་དེ་དག་ནི་ཕམ་པའི་གནས་ལྟ་བུའི་ཆོས་རྣམས་ཡིན་ཏེ། དེ་དག་ལས་བྱང་ཆུབ་སེམས་དཔས་ཆོས་གང་ཡང་རུང་བ་བྱས་ན་ཡང་ཚེ་འདི་ལ་བྱང་ཆུབ་ཀྱི་ཚོགས་རྒྱ་ཆེན་པོ་སོགས་པ་དང༌། ཡོངས་སུ་འཛིན་པའི་སྐལ་བ་མེད་པར་འགྱུར་ན་ཐམས་ཅད་ལ་བྱས་ན་ལྟ་ཅི་སྨོས། ཚེ་འདི་ཉིད་ལ་བསམ་པ་རྣམ་པར་དག་པར་འགྱུར་བའི་སྐལ་པ་ཡང་མེད་དེ། དེ་ནི་བྱང་ཆུབ་སེམས་དཔའ་ལྟར་བཅོས་པ་ཡིན་གྱི་ཡང་དག་པའི་བྱང་ཆུབ་སེམས་དཔའ་མ་ཡིན་ནོ། །ཕམ་པའི་གནས་ལྟ་བུ་བཞི་པོ་འདི་དག་གིས་ཀུན་ནས་དཀྲིས་པ་ཆུང་ངུ་དང༌། འབྲིང་གིས་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དེ་བྱང་ཆུབ་སེམས་དཔས་གཏང་བར་མི་འགྱུར་རོ། །ཀུན་ནས་དཀྲིས་པ་ཆེན་པོས་ནི་གཏང་བར་འགྱུར་ཏེ། གང་གི་བྱང་ཆུབ་སེམས་དཔས་ཕམ་པའི་གནས་ལྟ་བུའི་ཆོས་བཞི་པོ་འདི་དག་རྒྱུན་མི་འཆད་པར་ཀུན་ཏུ་སྤྱོད་པ་དང༌། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་ཆུང་ངུ་ཙམ་ཡང་མི་བསྐྱེད་པ་དང༌། དེས་མགུ་བར་བྱེད་ཅིང་དེ་


DTG129_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགའ་བ་དང༌། དེ་ཉིད་ལ་ཡོན་ཏན་དུ་ལྟ་བ་ཅན་དུ་གྱུར་པ་འདི་ནི་ཀུན་ནས་དཀྲིས་པ་ཆེན་པོ་ཡིན་པར་རིག་པར་བྱའོ། །འདི་ལྟ་སྟེ། ཕམ་པའི་ཆོས་རྣམས་བྱས་པའི་དགེ་སློང་གིས་སོ་སོར་ཐར་པའི་སྡོམ་པ་བཏང་བར་འགྱུར་པ་བཞིན་དུ། བྱང་ཆུབ་སེམས་དཔའི་ཕམ་པའི་གནས་ལྟ་བུའི་ཆོས་ཅན་ལན་ཅིག་ཙམ་ཀུན་ཏུ་སྤྱད་པས་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བཏང་བར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནི་ཡང་དག་པར་བླངས་པ་ཡོངས་སུ་བཏང་དུ་ཟིན་ཀྱང་ཚེ་འདི་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ཕྱིར་མནོད་པའི་སྐལ་པ་ཡོད་དེ། འདི་ལྟ་སྟེ། དགེ་སློང་སོ་སོར་ཐར་པའི་སྡོམ་པ་ལ་གནས་པ་ཕམ་པ་བྱུང་བཞིན་དུ་སྐལ་བ་མེད་པ་ཁོ་ནར་འགྱུར་བ་མ་ཡིན་ནོ། །མདོར་བསྡུ་ན་རྒྱུ་གཉིས་ཁོ་ནས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་གཏང་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་ཡོངས་སུ་བཏང་བ་དང༌། ཕམ་པའི་གནས་ལྟ་བུའི་ཆོས་ཀྱི་ཀུན་ནས་དཀྲིས་པ་ཆེན་པོས་ཀུན་ཏུ་སྤྱོད་པའོ། །བྱང་ཆུབ་སེམས་དཔའ་གང་གིས་སྨོན་ལམ་ཡང་མ་བཏང་ལ། ཕམ་པའི་གནས་ལྟ་བུའི་ཆོས་རྣམས་ཀྱི་ཀུན་ནས་དཀྲིས་པ་ཆེན་པོ་ཡང་ཀུན་ཏུ་མ་སྤྱད་ན། ཚེ་བརྗེས་སུ་ཟིན་ཀྱང་འོག་དང་སྟེང་དང་ཐད་ཀ་ཐམས་ཅད་དུ་སྐྱེས་པ་ནས། བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་སྤོང་བར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཚེ་བརྗེས་ཏེ་བརྗེད་ན་ཡང་དགེ་བའི་བཤེས་གཉེན་བསྟེན་པ་ལ་བརྟེན་ནས། དྲན་པ་གསོ་པའི་ཕྱིར་ཡང་དང་ཡང་ནོད་པར་བྱེད་པར་ཟད་ཀྱི། གསར་དུ་ཡང་དག་པར་ལེན་པ་ནི་མ་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པའི་ཉེས་པའམ། ཉེས་པ་མ་ཡིན་པ་དང༌། ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་ཅན་མ་ཡིན་པ་དང༌། ཆུང་ངུ་དང༌། འབྲིང་དང༌། ཆེན་པོར་ཡང་རིག་པར་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པས་ཉིན་གཅིག་


DTG129_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ནམ། ཆོས་སམ། ཆོས་ཀྱི་གླེགས་བམ་དུ་བྱས་པ། བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་དམ། བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་ཀྱི་མ་མོའམ། དགེ་འདུན་ལ་ཡང་རུང་སྟེ། ཕྱོགས་བཅུ་དག་ན་ས་ཆེན་པོར་ཆུད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་འདུན་གང་ཡིན་པ་ལ་མཆོད་པའི་བྱ་བ་ཆུད་དུའམ། ཆེན་པོ་ཅི་ཡང་རུང་སྟེ། ཐ་ན་ལུས་ཀྱིས་ཕྱག་གཅིག་ཙམ་འཚལ་བ་དང༌། ཐ་ན་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་རྣམས་ཀྱི་ཡོན་ཏན་རྣམས་ལས་བརྩམས་ཏེ་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ཅིག་ཚིག་ཏུ་བརྗོད་པ་དང༌། ཐ་ན་སེམས་ཀྱིས་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་གྱི་ཡོན་ཏན་རྗེས་སུ་དྲན་པ་སྔོན་དུ་འགྲོ་བའི་དང་པ་གཅིག་ཙམ་ཡང་མ་བྱས་པར་ཉིན་མཚན་འདའ་བར་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་པ་དང་བཅས་པར་འགྱུར་ཏེ། གལ་ཏེ་མ་གུས་པ་དང༌། སྙོམ་ལས་དང༌། ལེ་ལོས་ཉེས་པ་བྱུང་ན་ནི། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །གལ་ཏེ་བརྗེད་པས་ཉེས་པ་བྱུང་ན་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པ་འབྱུང་བར་འགྱུར་རོ། །སེམས་འཁྲུགས་པ་ལ་ནི་ཉེས་པ་མེད་དོ། །བསམ་པ་དག་པའི་སར་ཆུད་པ་ལ་ཉེས་པ་མེད་དེ། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་བསམ་པ་དག་པའི་ཕྱིར་ཏེ། དཔེར་ན་དགེ་སློང་གིས་ཤེས་ནས་དད་པ་ཐོབ་པ་ནི་དུས་ཐམས་ཅད་དུ་ཡང་ཆོས་ཉིད་ཀྱིས་སྟོན་པ་དང༌། ཆོས་དང་དགེ་འདུན་ལ་བསྙེན་བཀུར་བྱེད་ཅིང་མཆོད་པ་དམ་པས་མཆོད་པ་བྱེད་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་འདོད་པ་ཆེ་བ་དང༌། ཆོག་མི་ཤེས་པ་དང༌། རྙེད་པ་དང༌། བཀུར་སྟི་ལ་ཆགས་པ་བྱུང་བ་དང་དུ་ལེན་པར་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །དེ་སྤང་པའི་ཕྱིར་འདུན་པ་སྐྱེས་ཤིང་བརྩོན་འགྲུས་རྩོམ་ལ་དེའི་གཉེན་པོ་ཡོངས་སུ་འཛིན་པས་དེའི་གགས་ལ་གནས་པ་རང་བཞིན་གྱིས་ཉོན་མོངས་པ་ཤས་ཆེ་བའི་ཕྱིར་ཟིལ་གྱིས་མནན་ནས་ཡང་དང་ཡང་དུ་ཀུན་ཏུ་སྤྱོད་པ་ལ་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་ཆེས་རྒན་ཞིང་ཡོན་ཏན་དང་ལྡན་ལ། བཀུར་


DTG129_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སྟི་བྱ་བར་འོས་པ་ཆོས་མཐུན་པ་མཐོང་བ་ན། ང་རྒྱལ་གྱིས་ནོན་ཏམ། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་ནམ། ཁོང་ཁྲོ་བའི་སེམས་དང་ལྡན་ཡང་རུང་སྟེ། ལངས་ཤིང་སྟན་མི་སྟོབས་པ་དང༌། གཞན་དག་ལ་སྨྲ་ཞིང་ཀུན་ཏུ་སྨྲ་ལ། ཡང་དག་པར་དགའ་བར་བྱེད་ཅིང་འདྲི་བ་ལ་ང་རྒྱལ་ཁོ་ནས་ནོན་ཏམ། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་ནམ། ཁོང་ཁྲོ་བའི་སེམས་དང་ལྡན་ཡང་རུང་སྟེ། རིགས་པའི་ཚུལ་གྱིས་ཚིག་སླར་བརྗོད་པར་མི་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །གལ་ཏེ་ང་རྒྱལ་གྱིས་ནོན་པ་མ་ཡིན། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་མ་ཡིན། ཁོང་ཁྲོ་བའི་སེམས་དང་ལྡན་པ་མ་ཡིན་ཡང་རུང་སྟེ། སྙོམ་ལས་དང༌། ལེ་ལོའམ། ལུང་དུ་མ་བསྟན་པའི་སེམས་སམ། བརྗེད་པར་བྱས་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པ་ཁོ་ནར་འགྱུར་གྱི། ཉོན་མོངས་པ་ཅན་གྱི་ཉེས་པར་ནི་མི་འགྱུར་རོ། །ནད་ཚ་བས་ཆེ་བའམ། སེམས་འཁྲུགས་པ་ལ་ཉེས་པ་མེད་དོ། །དེ་གཉིད་ཀྱིས་ལོག་པ་ལས་སད་པའི་འདུ་ཤེས་ཀྱིས་འཁྱུད་པར་བྱེད་པ་དང༌། སྨྲ་བ་དང༌། ཀུན་ཏུ་སྨྲ་བ་དང༌། ཡང་དག་པར་དགའ་བར་བྱེད་པ་དང༌། འདྲི་བ་ལ་ཉེས་པ་མེད་དོ། །གཞན་དག་ལ་ཆོས་སྟོན་པའམ། འབྲེལ་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་ལ་བརྩོན་པ་ལ་ཉེས་པ་མེད་དོ། །དེ་མ་ཡིན་པ་གཞན་དག་ཡང་དག་པར་དགའ་བར་བྱེད་ན་ཉེས་པ་མེད་དོ། །གཞན་དག་ཆོས་སྟོན་པའམ། འབྲེལ་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་ལ་རྣ་བླགས་ཏེ་ཉན་ན་ཉེས་པ་མེད་དོ། །ཆོས་ཀྱི་གཏམ་ལ་མི་དགའ་བར་འགྱུར་བ་དང༌། ཆོས་སྨྲ་བའི་སེམས་བསྲུང་ན་ཉེས་པ་མེད་དོ། །ཐབས་དེས་སེམས་ཅན་དེ་དག་དུལ་བར་བྱེད་ཅིང་འདུལ་ལ་མི་དགེ་བའི་གནས་ནས་བསླང་སྟེ། དགེ་བའི་གནས་ལ་འགོད་ན་ཉེས་པ་མེད་དོ། །དགེ་འདུན་གྱི་ནང་ཁྲིམས་བསྲུང་ན་ཉེས་པ་མེད་དོ། །གཞན་ཆེས་མང་བ་རྣམས་ཀྱི་སེམས་བསྲུང་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་གཞན་དག་གིས་ཁྱིམ་མམ། གཙུག་ལག་ཁང་གཞན་ནམ། ཁྱིམ་གཞན་དུ་བས་དང་སྐོམ་དང༌།


DTG129_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

གོས་ལ་སོགས་པ་ཡོ་བྱད་རྣམས་ལ་བོས་པ་ལས་ང་རྒྱལ་གྱིས་ནོན་ཏམ། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་ནམ། ཁོང་ཁྲོ་བའི་སེམས་དང་ལྡན་ཡང་རུང་སྟེ། མི་འགྲོ་ཞིང་བོས་པ་བདག་གིར་མི་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོའི་དབང་གིས་མ་སོང་ན་ནི། ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །ན་སྟེ་མི་ནུས་པའམ། སེམས་འཁྲུགས་པ་ལ་ཉེས་པ་མེད་དོ། །ཡུལ་མཛད་མ་རིང་དུ་གྱུར་པའམ། ལམ་ན་འཇིགས་པ་ཡོད་ན་ཉེས་པ་མེད་དོ། །ཐབས་དེས་དེ་དུལ་བར་བྱེད་འདོད་ཅིང་འདུལ་བར་འདོད་ལ་མི་དགེ་བའི་གནས་ནས་བསླང་སྟེ། དགེ་བའི་གནས་སུ་འཇོག་པར་འདོད་ན་ཉེས་པ་མེད་དོ། །ཚེ་སྔར་གཞན་ལ་ཁས་བླངས་ན་ཉེས་པ་མེད་དོ། །རྒྱུན་དུ་དགེ་བའི་ཕྱོགས་ཀྱི་བར་ཆད་དུ་འགྱུར་བ་བསྲུང་བའི་ཕྱིར་མ་སོང་ན་ཉེས་པ་མེད་དོ། །ཆོས་ཀྱི་དོན་དང་ལྡན་པ་སྔོན་མ་ཐོས་པ་ཉན་པ་ལས་ཉམས་པར་འགྱུར་དུ་དོགས་པའི་ཕྱིར་མ་སོང་ན་ཉེས་པ་མེད་དོ། །ཆོས་ཀྱི་དོན་མཉན་པ་ཇི་ལྟ་བ་བཞིན་དུ་འབྲེལ་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་ལ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །ཐོ་འཚམས་པའི་བསམ་པས་བོས་ན་ཉེས་པ་མེད་དོ། །གཞན་ཆེས་མང་བ་དག་གི་ཀུན་ནས་མནར་སེམས་ཀྱི་སེམས་བསྲུང་ན་ཉེས་པ་མེད་དོ། །དགེ་འདུན་གྱི་ནང་ཁྲིམས་བསྲུང་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་གཞན་དག་ལ་གསེར་དང༌། དངུལ་དང༌། ནོར་བུ་དང༌། མུ་ཏིག་དང། བཻ་ཌཱུ་ཪྻ་ལ་སོགས་པ་ནོར་གྱི་སྣ་གྲངས་རྣམ་པ་སྣ་ཚོགས་མང་པོ་མཆོག་རྣམས་ཐོབ་ཅིང༌། དུས་ཀྱིས་བསྟབས་པ་ལས་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་ནམ། ཁོང་ཁྲོ་བའི་སེམས་དང་ལྡན་པས་ལེན་དུ་མི་བཏུབ་ཅིང་སྤོང་བར་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། སེམས་ཅན་ཡལ་བར་འདོར་བའི་ཕྱིར་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོས་ལེན་པར་མི་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་ནི་འགྱུར་ལ་ཉོན་མོངས་པ་ཅན་གྱི་ཉེས་པར་ནི་མི་འགྱུར་རོ། །སེམས་


DTG129_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུགས་པ་ལ་ཉེས་པ་མེད་དོ། །དེ་བླངས་པས་སེམས་ཆགས་པར་འགྱུར་བར་མཐོང་ན་ཉེས་པ་མེད་དོ། །དེ་ཕྱིས་འགྱོད་པར་འགྱུར་དུ་དོགས་ན་ཉེས་པ་མེད་དོ། །དེས་སྦྱིན་པ་འཁྲུལ་དུ་དོགས་ན་ཉེས་པ་མེད་དོ། །ཀུན་ཏུ་འཛིན་པ་བཏང་བ་དེའི་རྒྱུས་སྦྱིན་བདག་དབུལ་ཞིང་ཕོངས་པར་འགྱུར་དུ་དོགས་ན་ཉེས་པ་མེད་དོ། །དགེ་འདུན་གྱིའམ། མཆོད་རྟེན་གྱི་ཡིན་དུ་དོགས་ན་ཉེས་པ་མེད་དོ། །གཞན་ལས་མི་རིགས་པར་ཕྲོགས་པ་ཡིན་དུ་དོགས་ཏེ། རྒྱུ་དེས་བསད་པའམ། བཅིང་བའམ། ཆད་པས་བཅད་པའམ། གནོད་པར་འགྱུར་བའམ། སད་པར་འགྱུར་བ་ཞིག་ཡིན་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་གཞན་ཆོས་འདོད་པ་རྣམས་ལ་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་ནམ། ཁོང་ཁྲོ་བའི་སེམས་དང་ལྡན་ནམ། རང་བཞིན་གྱིས་ཕྲག་དོག་ཅན་ཡིན་ཡང་རུང་སྟེ། ཆོས་སྦྱིན་པར་མི་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོས་སྦྱིན་པར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་ནི་འགྱུར་ལ། ཉོན་མོངས་པ་ཅན་གྱི་ཉེས་པར་ནི་མི་འགྱུར་རོ། །མུ་སྟེགས་ཅན་གླགས་ཚོལ་བ་ལ་མ་བྱིན་ན་ཡང་ཉེས་པ་མེད་དོ། །ནད་ཚབས་ཆེ་བ་དང༌། སེམས་འཁྲུགས་པ་ལ་ཉེས་པ་མེད་དོ། །ཐབས་དེས་འདུལ་བར་བྱེད་འདོད་ཅིང་འདུལ་བར་འདོད་ལ། མི་དགེ་བའི་གནས་ནས་བསླང་སྟེ། དགེ་བའི་གནས་སུ་འགོད་པར་འདོད་ན་ཉེས་པ་མེད་དོ། །ཆོས་མི་ཤེས་ན་ཉེས་པ་མེད་དོ། །གལ་ཏེ་མ་གུས་ཤིང་ཞེས་མེད་ལ་སྤྱོད་ལམ་ངན་པས་ནོད་པ་ལ་མ་བྱིན་ན་ཉེས་པ་མེད་དོ། །དབང་པོ་རྟུལ་པོ་ཆོས་རྒྱ་ཆེན་པོ་བསྟན་པས། ཆོས་ཐོས་པས་སྐྲག་ཅིང་ལོག་པར་ལྟ་བ་དང༌། ལོག་པར་མངོན་པར་ཞེན་པ་དང༌། གནོད་པ་དང༌། ཉམས་པར་འགྱུར་དུ་དོགས་ན་ཉེས་པ་མེད་དོ། །དེའི་ལག་ཏུ་སོང་ན་གཞན་སྣོད་དུ་མ་གྱུར་པ་རྣམས་ལ་ཆོས་འཕེལ་དུ་དོགས་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་ཅན་མ་རུངས་པ་རྣམས་དང༌། ཚུལ་ཁྲིམས་འཆལ་པ་རྣམས་མ་རུངས་པ་ཡིན་པ་དང༌། ཚུལ་ཁྲིམས་འཆལ་པ་ཡིན་པའི་རྐྱེན་གྱིས་ཀུན་ནས་མནར་


DTG129_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་སེམས་དང་ལྡན་ནམ། ཁོང་ཁྲོ་བའི་སེམས་དང་ལྡན་པས་ཡལ་བར་འདོར་བའམ། ཁྱད་དུ་གསོད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོས་ཡལ་བར་འདོར་བ་དང༌། བརྗོད་པས་ཁྱད་དུ་བསད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་ནི་འགྱུར་ལ། ཉོན་མོངས་པ་ཅན་གྱི་ཉེས་པར་ནི་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་མ་རུངས་པ་རྣམས་དང༌། ཚུལ་ཁྲིམས་འཆལ་པ་རྣམས་དང༌། སྡུག་བསྔལ་གྱི་རྒྱུ་ལ་གནས་པ་རྣམས་ལ་ཇི་ལྟར་སྙིང་བརྩེ་བའི་སེམས་བྱེད་འདོད་པས་ཉེ་བར་གནས་པ་ལྟ་བུར་ཚུལ་ཁྲིམས་དང་ལྡན་ཞིང༌། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་སྤྱོད་པ་ཞི་བ་ལ་ནི་དེ་ལྟར་མ་ཡིན་པའི་ཕྱིར་རོ། །སེམས་འཁྲུགས་པ་ལ་ནི་ཉེས་པ་མེད་དོ། །ཐབས་དེས་དེ་འདུལ་བར་བྱེད་འདོད་པ་ལས་སྔ་མ་བཞིན་ཏེ་ཉེས་པ་མེད་དོ། །གཞན་མང་པོ་དག་གི་སེམས་བསྲུང་ན་ཉེས་པ་མེད་དོ། །དགེ་འདུན་གྱི་ནང་ཁྲིམས་བསྲུང་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་ནི་བཅོམ་ལྡན་འདས་ཀྱིས་གཞན་དག་གི་སེམས་བསྲུང་བའི་ཕྱིར་མ་དད་པ་རྣམས་དད་པར་བྱ་བ་དང༌། དད་པ་རྣམས་ཕྱིར་ཞིང་དབྱུང་བར་བྱ་བའི་ཕྱིར། སོ་སོ་ཐར་པའི་འདུལ་བ་ལས་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་རྣམ་པར་གཞག་པ་གང་ཡིན་པ་དེ་ལ་ཉན་ཐོས་རྣམས་དང་མཚུངས་པར་སློབ་སྟེ། ཐ་དད་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་རྣམས་ནི་བདག་གི་དོན་ལྷུར་ལེན་པ་ཙམ་དུ་ཟད་ན། དེ་དག་ཀྱང་མ་དད་པ་རྣམས་དད་པར་བྱ་བ་དང༌། དད་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་གཞན་གྱི་ཡིད་མི་སྲུང་བར་མི་བྱེད་དེ། བསླབ་པ་རྣམས་ལ་སློབ་ན། བྱང་ཆུབ་སེམས་དཔའ་གཞན་གྱི་དོན་ལྷུར་ལེན་པ་རྣམས་ལྟ་ཅི་སྨོས། བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་ཀྱི་དོན་ཉུང་བ་དང༌། བྱ་བ་ཉུང་བ་དང༌། སྙིང་ལས་ཆུང་ངུར་གནས་པར་བྱ་བ་ལས་བརྩམས་ཏེ། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་དེ་ལ་ནི། བྱང་ཆུབ་སེམས་དཔས་ཉན་ཐོས་རྣམས་དང་མཚུངས་པར་སློབ་པར་མི་བྱེད་དོ། །དེ་


DTG129_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་ཕྱིར་ཞེ་ན། ཉན་ཐོས་བདག་གི་དོན་ལྷུར་བྱེད་ཅིང་གཞན་གྱི་དོན་ལ་མི་ལྟ་བས། གཞན་གྱི་དོན་ལས་བརྩམས་ཏེ། དོན་ཉུང་ཞིང་བྱ་བ་ཉུང་ལ། སྙིང་ལས་ཆུང་ངུར་གནས་པ་ནི་མཛེས་ཀྱི། བྱང་ཆུབ་སེམས་དཔའ་གཞན་གྱི་དོན་ལྷུར་ལེན་པས། གཞན་གྱི་དོན་ལས་བརྩམས་ཏེ། དོན་ཉུང་ཞིང་བྱ་བ་ཉུང་ལ་སྙིང་ལས་ཆུང་ངུར་གནས་པ་ནི་མཛེས་པ་མ་ཡིན་ཏེ། འདི་ལྟར་བྱང་ཆུབ་སེམས་དཔས་གཞན་དག་གི་དོན་དུ་གོས་བརྒྱ་སྙེད་དང༌། གོས་སྟོང་སྙེད་ཉེ་དུར་མི་འོང་བའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལས་བཙལ་བར་བྱ་སྟེ། སྐབས་འབྱེད་པ་ཞིག་ཡོད་ན་ཡང་སེམས་ཅན་དེ་དག་གི་ཆོག་གམ་མི་ཆོག་བརྟགས་ནས། ཅི་ཙམ་དགོས་པ་བླང་བར་བྱའོ། །གོས་རྣམས་ཇི་ལྟ་བ་བཞིན་དུ་ལྷུང་བཟེད་རྣམས་ཀྱང་དེ་དང་འདྲའོ། །ཇི་ལྟར་བཙལ་བར་བྱ་བ་དེ་བཞིན་དུ་བདག་ཉིད་ཀྱི་རྒྱུ་སྐུད་པ་བླངས་པ་ཉེ་དུར་མི་འོང་བའི་ཐག་པ་ལ་འཐག་ཏུ་འཇུག་པ་ཡང་དེ་དང་འདྲའོ། །གཞན་དག་གི་དོན་དུ་མོན་དར་གྱི་མལ་སྟན་བརྒྱ་སྙེད་དང༌། སྟན་དུ་གདེང་བ་བརྒྱ་སྙེད་ཀྱང་བསྟབ་པར་བྱའོ། །གསེར་དངུལ་སྲང་བྱེ་བ་ཕྲག་འབུམ་པས་ལྷག་པ་ཡང་བདག་གིར་བྱའོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པ་དེ་ལ་སོགས་པ་ཉན་ཐོས་རྣམས་ཀྱི་དོན་ཉུང་ཞིང་བྱ་བ་ཉུང་ལ་སྙིང་ལས་ཆུང་ངུར་གནས་པ་ལས་བརྩམས་ཏེ། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ལ་མཚུངས་པར་སློབ་ཅིང་སེམས་ཅན་གྱི་དོན་ལས་བརྩམས་ཏེ། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་དང༌། ཁོང་ཁྲོ་བའི་སེམས་དང་ལྡན་པས་དོན་ཉུང་ཞིང་བྱ་བ་ཉུང་ལ། སྙིང་ལས་ཆུང་ངུར་གནས་པར་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོས་དོན་ཉུང་ཞིང་བྱ་བ་ཉུང་ལ་སྙིང་ལས་ཆུང་ངུར་གནས་པར་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་ནི་འགྱུར་ལ་ཉོན་མོངས་པ་ཅན་གྱི་ཉེས་པར་ནི་མི་འགྱུར་རོ། །རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་ལ་ལ་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་དེ་ལྟ་བུས་ཀུན་ཏུ་སྤྱད་ན་དེས་ཉེས་


DTG129_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡང་མི་འགྱུར་ལ། བསོད་ནམས་མང་པོ་ཡང་འཕེལ་བར་འགྱུར་བ་ཡང་ཡོད་དེ། འདི་ལྟར་ཆོམ་པོ་དང་རྐུན་པོས་སྲོག་ཆགས་ཆེ་བའི་བདག་ཉིད་ཅན་ཉན་ཐོས་དང་རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་མང་པོ་དག་ཟང་ཟིང་ཅུང་ཟད་ཀྱི་ཕྱིར་གསད་པར་ཆད་དེ། མཚམས་མེད་པའི་ལས་མང་པོ་བྱེད་པ་ལ་ཞུགས་པ། བྱང་ཆུབ་སེམས་དཔས་མཐོང་ལ། མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཀྱིས་སེམས་མངོན་པར་འདུ་བྱེད་དེ། སྲོག་ཆགས་འདི་བསད་ན་བདག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་མོད་ཀྱི་བདག་སེམས་ཅན་དམྱལ། བར་སྐྱེ་བར་འགྱུར་བ་ནི་མདོ་མེད་དེ། སེམས་ཅན་འདིས་མཚམས་མེད་པའི་ལས་བྱས་ནས། སེམས་ཅན་དམྱལ་བར་འགྲོ་ན་མི་རུང་ངོ་སྙམ་སྟེ། དེ་ལྟ་བུའི་བསམ་པས་བྱང་ཆུབ་སེམས་དཔས་དགེ་བའི་སེམས་སམ་ལུང་དུ་མ་བསྟན་པའི་སེམས་སུ་རིག་ནས་འཛེམ་བཞིན་དུ་ཕྱི་མ་ལ་སྙིང་བརྩེ་བའི་སེམས་ཁོ་ནས་སྲོག་ཆགས་དེ་བསད་ན། ཉེས་པར་ཡང་མི་འགྱུར་ལ་བསོད་ནམས་མང་པོ་ཡང་འཕེལ་བར་འགྱུར་རོ། །འདི་ལྟར་བྱང་ཆུབ་སེམས་དཔའི་ནི་ནུས་ན། སེམས་ཅན་རྒྱལ་པོའམ། བློན་པོ་ཆེན་པོ་གང་དག་ཤས་ཆེར་བརླང་ཞིང་སེམས་ཅན་རྣམས་ལ་སྙིང་རྗེ་མེད་ལ། གཅིག་ཏུ་ངེས་པར་ཕ་རོལ་ལ་གནོད་པ་བྱེད་པ་ལ་ཞུགས་པ་དག །གང་ལ་གནས་ན་གཞི་དེས་བསོད་ནམས་མ་ཡིན་པ་མང་དུ་འཕེལ་བར་འགྱུར་བ་དེ་དག་སྙིང་བརྩེ་བའི་སེམས་དང་ཕན་པའི་བསམ་པས་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བ་དེ་ལས་འབྱིན་པར་བྱེད་དོ། །ཆོམ་པོ་དང་རྐུན་པོ་གཞན་གྱི་ནོར་འཕྲོགས་པ་གང་དག་གིས་དགེ་འདུན་དང་མཆོད་རྟེན་གྱི་ནོར་མང་པོ་ཕྲོགས་ནས་བདག་གིར་བྱས་ཏེ། ལོངས་སྤྱོད་པར་འདོད་པ་དེ་དག་ལས་བྱང་ཆུབ་སེམས་དཔས་ནོར་ཕྱིར་ཕྲོགས་ཏེ། ནོར་ལོངས་སྤྱད་པས་དེས་དེ་དག་ལ་ཡུན་རིང་པོར་གནོད་པ་དང༌། ཕན་པ་མ་ཡིན་པ་ཁོ་ནར་འགྱུར་ན་མི་རུང་ངོ་སྙམ་ནས། རྐྱེན་དེ་ཁོ་ནའི་ཕྱིར་སླར་ཕྲོགས་ཏེ། དགེ་འདུན་གྱི་ནི་དགེ་འདུན་ལ་འབུལ་བར་བྱེད། མཆོད་སྦྱིན་གྱི་ནི་མཆོད་རྟེན་ལ་འབུལ་བར་བྱེད་དོ། །ཞལ་ཏ་བྱེད་པའམ། སྐྱེད་མོས་ཚལ་བསྲུང་བ་གང་དག་གིས་དགོས་


DTG129_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་ནམ། མཆོད་རྟེན་གྱི་ནོར་མི་རིགས་པར་ཆུད་གསོན་པ་དང༌། གང་ཟག་བདག་ཉིད་ཀྱིས་སྤྱད་པར་བྱེད་པ་དེ་དག་ལ་བྱང་ཆུབ་སེམས་དཔས་སོ་སོར་བརྟགས་ནས་ལས་དེ་དང་ལོག་པར་ལོངས་སྤྱད་པ་དེས་དེ་དག་ལ་ཡུན་རིང་པོར་གནོད་པ་དང༌། ཕན་པ་མ་ཡིན་པར་གྱུར་ན་མི་རུང་ངོ་སྙམ་ནས་དབང་བྱེད་པ་དེ་ལས་འབྱིན་པར་བྱེད་དེ། དེ་ལྟར་རྣམ་གྲངས་དེས་བྱང་ཆུབ་སེམས་དཔའ་མ་བྱིན་པར་ལེན་བཞིན་དུ་ཉེས་པར་ཡང་མི་འགྱུར་ལ། བསོད་ནམས་ཀྱང་མང་དུ་འཕེལ་བར་འགྱུར་རོ། །འདི་ལྟར་བྱང་ཆུབ་སེམས་དཔའ་ཁྱིམ་པས་བུད་མེད་མགོ་གཙང་མི་ཚངས་པར་སྤྱོད་པར་འདོད་པས་གཟིར་བ་དང༌། འབྲེལ་པའི་སེམས་དང་ལྡན་པ་ཞིག་ལ་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པར་གྱུར་ནས། བསོད་ནམས་མ་ཡིན་པ་མང་དུ་འཕེལ་བར་འགྱུར་ན་མི་རུང་ངོ་སྙམ་ནས། ཅི་དགའ་དགུར་དགེ་བའི་རྩ་བ་ལ་གཟུད་པ་དང༌། མི་དགེ་བའི་རྩ་བ་ཡོངས་སུ་གཏོང་དུ་གཞུག་པ་ལ་དབང་དུ་འགྱུར་རོ་སྙམ་སྟེ། སྙིང་བརྩེ་བའི་སེམས་ཁོ་ན་ཉེ་བར་བཞག་སྟེ་འཁྲིག་པའི་ཆོས་བསྟེན་ན་མི་ཚང་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ཀྱང་ཉེས་པར་ཡང་མི་འགྱུར་ལ་བསོད་ནམས་ཀྱང་མང་དུ་འཕེལ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ཉན་ཐོས་ཀྱི་བསྟན་པ་མི་འཇིག་པར་རྗེས་སུ་བསྲུང་བས་ནི་མི་ཚངས་པར་སྤྱོད་པ་བསྟེན་པ་རྣམ་པ་ཐམས་ཅད་དུ་མི་བྱའོ། །འདི་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་མང་པོ་སྲོག་ཐར་བར་བྱ་བ་དང༌། བཅིངས་པ་ལས་ཐར་བར་བྱ་བ་དང༌། ལག་པ་དང༌། རྐང་པ་དང༌། སྣ་དང་རྣ་བ་བཅད་པ་ལས་ཐར་བར་བྱ་བ་དང༌། མིག་དབྱུང་བ་ལས་བསྐྱབ་པའི་ཕྱིར། བྱང་ཆུབ་སེམས་དཔས་བདག་གི་སྲོག་གི་ཕྱིར་ཡང་ཤེས་བཞིན་དུ་བརྫུན་གྱི་ཚིག་མི་སྨྲ་བ་གང་ཡིན་པ་དེ་སེམས་ཅན་དེ་དག་གི་དོན་གྱི་ཕྱིར་སོ་སོར་བརྟགས་ནས་སྨྲ་བར་བྱེད་དེ། དེ་ལྟར་མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་ནི་ཅི་དང་ཅིས་ཀྱང་སེམས་ཅན་རྣམས་ཀྱི་དོན་ཁོ་ན་མཐོང་བའི་དོན་མ་ཡིན་པ་ནི་མ་ཡིན་ཏེ། བདག་ཉིད་ཀྱང་ཟང་ཟིང་མེད་པའི་སེམས་དང་ལྡན་ལ། སེམས་ཅན་ལ་ཕན་པར་འདོད་པའི་གཞི་འབའ་ཞིག་གིས་


DTG129_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ཤེས་བསྒྱུར་ཏེ། ཤེས་བཞིན་དུ་ཚིག་གཞན་ལ་སྨྲ་ལ། སྨྲ་བཞིན་དུ་ཉེས་པར་ཡང་མི་འགྱུར་ཏེ། བསོད་ནམས་མང་པོ་ཡང་འཕེལ་བར་འགྱུར་རོ། །འདི་ལྟར་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གང་དག་མི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དེ་དག་ལ་སྙིང་བརྩེ་པའི་སེམས་ཁོ་ན་ལ་བརྟེན་ནས་སེམས་ཅན་འདི་དག་སྡིག་པའི་གྲོགས་པོ་དང་བསྟེན་པས་ཡུན་རིང་པོར་གནོད་པ་དང༌། ཕན་པ་མ་ཡིན་པར་གྱུར་ན་མི་རུང་ངོ་སྙམ་སྟེ། ཅི་ནུས་ཅི་ལྕོགས་ཀྱིས་མི་དགེ་བའི་བཤེས་གཉེན་དེ་དག་དང་བྲལ་བའི་ཚིག་སྨྲ་བར་བྱེད་དེ། དེས་དག་ལ་ཞིང་དབྲལ་བར་ཀུན་ཏུ་དགའོ། །བྱང་ཆུབ་སེམས་དཔས་རྣམ་གྲངས་དེས་མཛའ་བའི་དབྱེན་བྱས་ཀྱང་ཉེས་པར་མི་འགྱུར་ལ། བསོད་ནམས་མང་པོ་ཡང་འཕེལ་བར་འགྱུར་རོ། །འདི་ལྟར་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ལམ་ལོག་པར་ཞུགས་ཤིང་མི་རིགས་པ་རྣམས་བྱེད་པ་དག་ལ་ཐབས་དེས་ཅི་ཙམ་དུ་མི་དགེ་བའི་གནས་ནས་བསླང་སྟེ། དགེ་བའི་གནས་སུ་འགོད་པའི་ཕྱིར་རྟག་ཏུ་ཚིག་རྩུབ་མོ་དྲག་པོས་སྨྲ་འབེབས་པར་བྱེད་དེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཚིག་རྩུབ་པོ་སྨྲས་ཀྱང་ཉེས་པར་མི་འགྱུར་ལ། བསོད་ནམས་ཀྱང་མང་དུ་འཕེལ་བར་འགྱུར་རོ། །འདི་ལྟར་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གར་དང་གླུ་དང་རོལ་མོའི་སྒྲ་ལ་མོས་པ་རྣམས་དང༌། སེམས་ཅན་རྒྱལ་པོ་དང༌། ཆོམ་རྐུན་དང༌། ཟས་དང༌། སྐོམ་དང༌། སྨད་འཚོང་མ་དང༌། ལམ་སྲང་གི་གཏམ་ལ་སོགས་པ་ལ་མོས་པ་རྣམས་ལ་གར་དང༌། གླུ་དང༌། རོལ་མོའི་སྒྲ་དང༌། གཏམ་སྣ་ཚོགས་ལ་མཁས་ཏེ། སྙིང་བརྩེ་བའི་བསམ་པས་གར་དང༌། གླུ་དང༌། རོལ་མོའི་སྒྲ་དང༌། ཚིག་ཀྱལ་པ་དང་ལྡན་པའི་གཏམ་རྣམ་པ་སྣ་ཚོགས་ཀྱིས་མགུ་བར་བྱས་ཤིང་འདུན་པར་བྱས་ཏེ། དབང་དུ་བྱེད་ཅིང་ངག་གཉན་དུ་བཅུག་ནས། མི་དགེ་བའི་གནས་ནས་བསླང་སྟེ། དགེ་བའི་གནས་སུ་འགོད་པར་བྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཚིག་ཀྱལ་པ་སྨྲ་ཡང་ཉེས་པར་མི་འགྱུར་ལ། བསོད་ནམས་ཀྱང་མང་དུ་འཕེལ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཚུལ་འཆོས་པ་དང༌། ཁ་གསག་དང༌། གཞོགས་སློང་དང༌།


DTG129_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ཀྱིས་འཇལ་བ་དང༌། རྙེད་པས་རྙེད་པར་བྱེད་འདོད་པ་ལོག་པར་འཚོ་བར་བྱེད་པའི་ཆོས་བྱུང་བ་རྣམས་དང་དུ་ལེན་པར་བྱེད་ཅིང༌། དེ་དག་གིས་མི་འཛིམ་ལ་སེལ་བར་མི་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །དེ་བསྩལ་བའི་ཕྱིར་འདུན་པ་སྐྱེ་ཞིང་འབད་པ་རྩོམ་ལ། ཉོན་མོངས་པ་ཤས་ཆེ་བའི་ཕྱིར་སེམས་ཟིལ་གྱིས་མནན་ཏེ། ཀུན་ཏུ་སྤྱོད་ན་ནི་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་རྒོད་པས་ཡོངས་སུ་ཟིན་པའི་སེམས་ཀྱིས་རྣམ་པར་མ་ཞི་ཞིང༌། རྣམ་པར་མ་ཞེ་བ་ལ་དགའ་བ་རྟ་གད་དུ་དགོད་པ་དང༌། ཀུན་ཏུ་རྩེ་ཞིང༌། ཀུན་ཏུ་ཅ་ཅོ་འདོན་ལ། དགོད་ཅིང་གཡེང་བ་སྟོན་པ་དང༌། གཞན་ལ་ལ་དག་དགོད་དུ་གཞུག་པར་འདོད་ཅིང་དགའ་བར་བྱ་བར་འདོད་ན། རྐྱེན་དེ་ཉིད་ཀྱིས་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །བརྗེད་པས་བྱས་ན་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །དེ་བསྩལ་བའི་ཕྱིར་འདུན་པ་སྐྱེས་པ་ནི་ཉེས་པ་མེད་དེ་སྔ་མ་བཞིན་ནོ། །གཞན་དག་གི་ཀུན་ནས་མནར་སེམས་སྐྱེས་པ་ཐབས་དེས་ཕྱིར་བསྩལ་བར་འདོད་ན་ཉེས་པ་མེད་དོ།། གཞན་དག་གི་མྱ་ངན་སྐྱེས་པ་བསལ་བར་འདོད་ན་ཉེས་པ་མེད་དོ། །གཞན་དེའི་རང་བཞིན་ཅན་དེ་ལ་དགའ་བ་རྣམས་བསྡུ་བའམ། གཙུག་པ་བསྲུང་བའམ། དེ་དང་མཐུན་པར་བྱ་བའི་ཕྱིར་བྱེད་ན་ཉེས་པ་མེད་དོ། །གཞན་དག་བྱང་ཆུབ་སེམས་དཔའ་ལ་མི་དགའ་བར་གྱུར་དུ་དོགས་པ་དང༌། ཀུན་ནས་མནར་སེམས་དང༌། རྒྱབ་ཀྱིས་ཕྱོགས་པར་གྱུར་དུ་དོགས་པ་རྣམས་ལ་དགའ་བའི་བཞིན་གྱིས་ནང་གི་བསམ་པ་དག་པར་བསྟན་པའི་ཕྱིར་བྱས་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་སེམས་དཔའ་ནི་མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བས་གནས་པར་མི་བྱའི། མྱ་ངན་ལས་འདས་པ་ལ་རྒྱབ་ཀྱས་ཕྱོགས་ཏེ་གནས་པར་བྱའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ཀྱང་འཇིགས་པར་མི་བྱའོ། །དེ་དག་ལས་སེམས་ཀྱང་ཤིན་ཏུ་དབེན་པར་མི་བྱ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་བསྐལ་


DTG129_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

པ་གྲངས་མེད་པ་གསུམ་དུ་འཁོར་བ་ན་འཁོར་ཞིང༌། བྱང་ཆུབ་ཡང་དག་པར་བསྒྲུབ་པར་བྱ་དགོས་སོ་སྙམ་དུ་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཉན་ཐོས་ཀྱི་ཇི་ལྟར་མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བ་ཀུན་ཏུ་བསྟེན་པར་བྱ་ཞིང༌། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ལ་སེམས་སྐྱོ་བར་བྱ་བ་དེ་ལས་བྱེ་བ་ཕྲག་འབུམ་འགྱུར་དུ་མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བ་ཀུན་ཏུ་བསྟེན་པར་བྱ་ཞིང་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་ལས་སེམས་སྐྱོ་བ་བསྒོམ་པར་བྱ་དགོས་ཏེ། འདི་ལྟར་ཉན་ཐོས་ནི་བདག་གཅིག་པུའི་དོན་ལ་བརྩོན་གྱི། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ལ་བརྩོན་པ་ཡིན་ལ། དེས་དེ་ལྟར་སེམས་ཀུན་ནས་ཉོན་མོངས་པ་མེད་པ་ལ་གོམས་པར་བྱ་བ་ཡང་དག་པར་བསྒྲུབ་དགོས་ཏེ། དེ་ནི་འདི་ལྟར་དགྲ་བཅོམ་པ་མ་ཡིན་དུ་ཟིན་ཀྱང་དེ་ལས་ཁྱད་པར་དུ་འཕགས་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་ལྡན་པས་ཟག་པ་ཟད་པ་དང་བཅས་པའི་དངོས་པོ་ལ་སྤྱོད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་བདག་གི་ཚིག་མི་བཙན་པར་འགྱུར་བའི་དྲི་ངས་དང༌། མི་སྙན་པ་དང༌། གཏམ་ངན་པར་འགྱུར་བ་བདེན་པའི་དངོས་པོ་མི་སྲུང་ཞིང་སྤེལ་བར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །བདེན་པའི་དངོས་པོ་མ་ཡིན་པ་མི་སྲུང་ཞིང་སེལ་བར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་མི་འགྱུར་ལ། ཉོན་མོངས་པ་ཅན་གྱི་ཉེས་པར་ནི་མི་འགྱུར་རོ། །ཕ་རོལ་མུ་སྟེགས་ཅན་ཡིན་ནམ། གཞན་གང་ཡང་རུང་བ་མངོན་པར་ཞེན་པ་ཞིག་ཡིན་ན་ཉེས་པ་མེད་དོ། །རབ་ཏུ་བྱུང་བ་དང༌། སློང་མོ་སྤྱོད་པ་དང༌། དགེ་བ་སྤྱོད་པའི་གཞིས་མི་སྙན་པར་བརྗོད་ན་ཉེས་པ་མེད་དོ། །ཁྲོ་བས་ཟིལ་གྱིས་ནོན་ཅིང་སེམས་ཕྱིན་ཅི་ལོག་ཏུ་གྱུར་པས་བརྗོད་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔས་གནོད་པའི་ཐབས་དང་ཐབས་དྲག་པོ་གང་གིས་སེམས་ཅན་གྱི་དོན་དུ་འགྱུར་བ་མཐོང་བཞིན་དུ་ཡིད་མི་དགའ་བར་འགྱུར་བ་བསྲུང་


DTG129_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་ཐབས་དེ་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །ཚེ་འདིའི་དོན་ཆུང་ངུ་ཞིག་ཏུ་འགྱུར་ལ། གཞི་དེས་ཡིད་མི་བདེ་བ་ཆེན་པོར་འགྱུར་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་གཞན་དག་གཤེ་བ་ལ་ཕྱིར་གཤེ་བ་དང༌། ཁྲོ་བ་ལ་ཕྱིར་ཁྲོ་བ་དང༌། རྡིག་པ་ལ་ཕྱིར་རྡོག་པ་དང༌། མཚང་འབྲུ་བ་ལ་ཕྱིར་མཚང་འབྲུ་བར་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །བྱང་ཆུབ་སེམས་དཔས་གཞན་དག་ལ་ཉེས་པར་བྱས་སམ། ཉེས་པ་བྱས་སུ་དོགས་ཀྱང་རུང་སྟེ། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་དང༌། ང་རྒྱལ་གྱིས་ནོན་པས་མཐུན་པར་ཤད་ཀྱིས་བྱང་བར་མི་བྱེད་དེ། ཡལ་བར་འདོར་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་སམ། ལེ་ལོའམ། བག་མེད་པས་ཤད་ཀྱིས་བྱང་བར་མ་བྱས་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་ནི་འགྱུར་ལ། ཉོན་མོངས་པ་ཅན་གྱི་ཉེས་པར་ནི་མི་འགྱུར་རོ། །ཐབས་དེས་དུལ་བར་བྱ་བར་འདོད་ཅིང༌། འདུལ་བར་འདོད་ལ་མི་དགེ་བའི་གནས་ནས་བསླང་སྟེ། དགེ་བའི་གནས་སུ་འགོད་པར་འདོད་པ་ན་ཉེས་པ་མེད་དོ། །མུ་སྟེགས་ཅན་ཡིན་ན་ཉེས་པ་མེད་དོ། །རུང་བ་མ་ཡིན་པ་ཁ་ན་མ་ཐོ་བ་དང་བཅས་པ་ཀུན་ཏུ་སྤྱོད་པས་ཤད་ཀྱིས་བྱང་བ་བྱེད་དུ་འཇུག་པར་འདོད་པ་ཞིག་ན་ཉེས་པ་མེད་དོ། །གལ་ཏེ་རང་བཞིན་གྱིས་འཐབ་ཀྲོལ་བ་ཅན་ཞིག་ཡིན་ཏེ། རྩོད་པ་བྱེད་ལ། ཤད་ཀྱིས་བྱང་བར་བྱས་ན་ཤས་ཆེར་འཁྲུགས་ཏེ། ཤེད་སྐྱེ་བར་འགྱུར་ན་ཉེས་པ་མེད་དོ། །ཕ་རོལ་བཟོད་པའི་ངང་ཚུལ་ཅན་ཡིན་ཞིང་ཀུན་ནས་མནར་སེམས་མེད་པའི་ངང་ཚུལ་ཅན་ཡིན་དུ་རེ་ལ་གཞན་ལ་ཉེས་པ་བྱས་པ་ལས་བརྩམས་ཏེ། ཤད་ཀྱིས་སྦྱང་བ་བྱེད་པས་ཤིན་ཏུ་ངོ་ཚ་བར་བྱེད་པ་ཞིག་ཡིན་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་རྩོད་པ་གང་ལ་གཞན་ཉེས་པ་བྱུང་བ་དག་ཆོས་བཞིན་དུ་མཐུན་པར་ཤད་ཀྱིས་བྱང་བར་བྱེད་ཀྱང༌། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་ཞིང་གཞན་ལ་ཐོ་


DTG129_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

འཚམས་པའི་བསམ་པས་ཤད་ཀྱིས་སྦྱངས་པ་མི་ཉན་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །གལ་ཏེ་ཀུན་ནས་མནར་སེམས་ཀྱི་སེམས་དང་མི་ལྡན་གྱི། མི་བཟོད་པའི་ངང་ཚུལ་ཅན་ཡིན་པས་མི་ཉན་ན། ཉོན་མོངས་པ་ཅན་གྱི་ཉེས་པ་ཉིད་དུ་འགྱུར་རོ། །ཐབས་དེས་ཕ་རོལ་གདུལ་བར་འདོད་ན་ཉེས་པ་མེད་དོ། །སྔ་མ་བཞིན་དུ་ཐམས་ཅད་རིག་པར་བྱའོ། །ཆོས་བཞིན་མ་ཡིན་པ་དང༌། མཐུན་པ་མ་ཡིན་པར་ཤད་ཀྱིས་སྤྱོད་པར་བྱེད་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་གཞན་དག་ལ་ཁྲོ་བའི་བསམ་པ་འབྱུང་ཞིང་འཛིན་ལ་བྱུང་བ་དང་དུ་ལེན་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །དེ་སྤང་པའི་ཕྱིར་འདུན་པ་སྐྱེས་ན། ཉེས་པ་མེད་དེ་སྔ་མ་བཞིན་ནོ།། །བམ་པོ་བཅུ་པ། བྱང་ཆུབ་སེམས་དཔའ་རིམ་གྲོ་བྱ་བ་དང༌། བསྙེན་བཀུར་བྱ་བ་ལ་ཡོངས་སུ་ཞེན་པའི་དབང་དུ་བྱས་ཏེ། ཟང་ཟིང་དང་བཅས་པའི་སེམས་ཀྱིས་འཁོར་སྡུད་པར་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ཟང་ཟིང་མེད་པའི་བསམ་པས་རིམ་གྲོ་བྱ་བ་དང༌། བསྙེན་བཀུར་བྱ་བ་བདག་གིར་བྱེད་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་སྙོམ་ལས་དང་ལེ་ལོ་སྐྱེས་ཏེ། གཉིད་ཀྱི་བདེ་བ་དང༌། ཉལ་བའི་བདེ་བ་དང༌། གློས་འབེབས་པའི་བདེ་བ་དུས་མ་ཡིན་པ་དང༌། ཚོད་མ་ཡིན་པར་བདག་གིར་བྱེད་ན་ཉས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ན་སྟེ་མི་ནུས་ན་ཉེས་པ་མེད་དོ། །ལམ་གྱིས་དུབ་ན་ཉེས་པ་མེད་དོ། །དེ་སྤང་བའི་ཕྱིར་འདུན་པ་སྐྱེས་པ་ལ་ཉེས་པ་མེད་དོ། །སྔ་མ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་འདུ་འཛིའི་གཏམ་ལ་ཀུན་ཏུ་ཆགས་པའི་སེམས་ཀྱིས་དུས་ཡོལ་བར་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །བརྗེད་པས་ཡོལ་བར་བྱས་ན་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །ཕ་རོལ་སྨྲ་ཞིང་འདུག་ལ་དེ་ཡང་དྲན་པ་ལ་གནས་བཞིན་དུ་ཕ་རོལ་གྱི་ངོར་སྐད་ཅིག་


DTG129_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཙམ་ཉན་པ་ལ་ནི་ཉེས་པ་མེད་དོ། །ཡ་མཚན་དུ་འཛིན་ཏེ། འདྲི་བ་ཙམ་དང༌། དྲིས་པའི་ལམ་འདེབས་པ་ཙམ་བྱེད་པ་ལ་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་གནས་པར་བྱ་བ་ལས་བརྩམས་ཏེ། སེམས་མཉམ་པར་གཞག་པར་འདོད་ལ། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་དང༌། ང་རྒྱལ་གྱིས་ནོན་ཏེ། གདམས་ངག་ནོད་དུ་མི་འགྲོ་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོས་བྱས་ན། ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །ན་སྟེ་མི་ནུས་ན་ཉེས་པ་མེད་དོ། །གདམས་ངག་ལོག་པར་འབྱུང་དུ་དོགས་ན་ཉེས་པ་མེད་དོ། །བདག་ཉིད་མང་དུ་ཐོས་པ་ཡིན་ཏེ། སེམས་མཉམ་པར་འཇོག་ནུས་སམ། དེས་གདམས་ངག་གིས་གདམས་པའི་བྱ་བ་བྱས་ཟིན་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་འདོད་པ་ལ་འདུན་པའི་སྒྲིབ་པ་བྱུང་བ་དང་དུ་ལེན་ཅིང་སེལ་བར་མི་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །དེ་སྤང་བའི་ཕྱིར་འདུན་པ་སྐྱེས་ཤིང་འབད་ཀྱང་ཉོན་མོངས་པ་དྲག་པོས་སེམས་ཟིལ་གྱིས་ནོན་ཏེ། ཀུན་ཏུ་སྤྱོད་ན་ཉེས་པ་མེད་དོ། །འདོད་པ་ལ་འདུན་པ་ཇི་ལྟ་བ་བཞིན་དུ། གནོད་སེམས་དང༌། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཚོམ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་རོ་མྱོང་བར་བྱེད་ཅིང་བསམ་གཏན་གྱི་རོ་མྱོང་བ་ལ་ཡང་ཡོན་ཏན་དུ་ལྟ་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །དེ་སྤང་བའི་ཕྱིར་འདུན་པ་སྐྱེས་པ་ལ་ནི་ཉེས་པ་མེད་དེ་སྔ་མ་བཞིན་ནོ། །བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་ཆོས་མཉན་པར་མི་བྱའོ། །གཟུང་བར་མི་བྱའོ། །དེ་ལ་བསླབ་པར་ཡང་མི་བྱའོ། །བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་ཆོས་མཉན་པ་དང༌། བཟུང་བས་ཅི་ཞིག་བྱ་སྟེ། དེ་ལ་བསླབ་མི་དགོས་སོ་ཞེས་དེ་ལྟར་ལྟ་ཞིང༌། དེ་སྐད་སྨྲ་ན་ཉེས་པ་དང་བཅས་ཤིང་


DTG129_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བ་དང་བཅས་པར་འགྱུར་ལ་ཉོན་མོངས་པ་ཅན་གྱི་ཉས་པར་འགྱུར་ཏེ། འདི་ལྟར་བྱང་ཆུབ་སེམས་དཔས་ནི་མུ་སྟེགས་ཅན་གྱི་བསྟན་བཅོས་རྣམས་ལ་ཡང་བརྩོན་པར་བྱ་དགོས་ན། སངས་རྒྱས་ཀྱི་གསུང་རབ་ལྟ་ལ་ཅི་སྨོས། གཅིག་ཏུ་ངེས་པ་དེ་ལྷུར་ལེན་པའི་འདུན་པ་བཟློག་པའི་ཕྱིར་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡོད་ལ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་བརྩོན་པར་མ་བྱས་པར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐམས་ཅད་ཀྱི་ཐམས་ཅད་དུ་ཡང་ཡལ་བར་བོར་ནས། ཉན་ཐོས་ཀྱི་སྡེ་སྣོད་ལ་བརྩོན་པར་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་གསུང་རབ་ཡོད་ལ། སངས་རྒྱས་ཀྱི་གསུང་རབ་ལ་བརྩོན་པ་མ་བྱས་པར་མུ་སྟེགས་ཅན་གྱི་བསྟན་བཅོས། ཕྱི་རོལ་གྱི་བསྟན་བཅོས་དག་ལ་བརྩོན་པར་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ཤིན་ཏུ་ཡིད་གཞུངས་པ་དང༌། ལོ་བས་སྐྱེན་པ་དང༌། ཡུན་རིང་དུ་མི་བརྗེད་པར་ནུས་པ་དང༌། དོན་སེམས་པ་དང༌། རྟོགས་པར་བྱེད་ནུས་པ་དང། སངས་རྒྱས་ཀྱི་གསུང་རབ་ལ་རིག་པས་རྟོགས་པ་དང་ལྡན་པས་བློ་མི་འགྱུར་བ་དང་ལྡན་ཏེ། དེ་ལས་ཉིས་འགྱུར་དུ་ཉིན་གཅིག་བཞིན་དུ་སངས་རྒྱས་ཀྱི་གསུང་རབ་ལ་བརྩོན་པར་བྱེད་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔས་དེ་ལྟ་བུའི་ཚུལ་དང་ཡང་མ་འགལ་བར་མུ་སྟེགས་ཅན་གྱི་བསྟན་བཅོས་ཕྱི་རོལ་གྱི་བསྟན་བཅོས་དག་ལ་མཁས་པར་བྱེད་པ་ན། དེར་མངོན་པར་དགའ་བའི་ཚུལ་གྱིས་བྱེད་ཅིང་དེས་དགའ་བར་འཛིན་ལ་དེས་རངས་པར་བྱེད་དེ། སྨན་ཚ་བ་བསྟེན་པ་བཞིན་དུ་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་དེ་ཁོ་ནའི་དོན་ནམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཐུ་ལས་བརྩམས་ཏེ། ཟབ་པ་མཆོག་ཏུ་ཟབ་པའི་གནས་དག་ཐོས་ནས། མ་མོས་ཤིང་སྐུར་པ་འདེབས་ཏེ། འདི་


DTG129_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དག་ནི་དོན་དང་ལྡན་པ་མ་ཡིན། ཆོས་དང་ལྡན་པ་མ་ཡིན། དེ་བཞིན་གཤེགས་པས་གསུངས་པ་མ་ཡིན། སེམས་ཅན་རྣམས་ལ་ཕན་པ་དང་བདེ་བར་འགྱུར་བ་མ་ཡིན་ནོ་ཞེས་ཟེར་ན། བདག་ཉིད་ཀྱིས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའམ། གཞན་གྱི་རྗེས་སུ་ཞུགས་པས་སྐུར་བ་འདེབས་ཀྱང་རུང་སྟེ། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཟབ་ཅིང་མཆོག་ཏུ་ཟབ་པའི་གནས་དག་ཐོས་ནས། སེམས་མོས་པར་གྱུར་ན། དེ་ལ་བྱང་ཆུབ་སེམས་དཔས་དད་པ་དང་གཡོ་མེད་པས་འདི་ལྟར་བདག་ནི་ལོང་བར་གྱུར་ཏེ། མིག་མེད་ལ་དེ་བཞིན་གཤེགས་པའི་སྤྱན་གྱིས་རྗེས་སུ་སྤྱོད་པར་ཟད་པས། དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་སྤངས་པ་ནི་བདག་གི་ཆ་མ་ཡིན་ནོ་ཞེས་ཡང་དག་པར་བསླབ་པར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེས་བདག་ཉིད་མི་ཤེས་པར་བརྩིས་ལ་དེ་བཞིན་གཤེགས་པ་ཉིད་ཆོས་དེ་དག་ལ་ལྐོག་ཏུ་མ་གྱུར་པར་ཡང་དག་པར་ལྟ་ན། དེ་ལྟར་ན་ཡང་དག་པར་ཞུགས་པ་ཡིན་ནོ། །མོས་པ་མེད་དུ་ཟིན་ཀྱང་སྐུར་བ་མི་འདེབས་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་ཟང་ཟིང་དང་བཅས་པའི་སེམས་དང༌། ཁོང་ཁྲོ་བའི་སེམས་ཀྱིས་གཞན་དག་ལ་བདག་ལ་བསྟོད་ཅིང་གཞན་དག་ལ་སྨོད་པར་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །བསྟན་པ་གནས་པར་བྱ་བར་འདོད་པའི་ཕྱིར་མུ་སྟེགས་ཅན་རྣམས་ཟིལ་གྱིས་མནན་པར་འདོད་པ་ལ་ཉེས་པ་མེད་དོ། །ཐབས་དེས་གང་ཟག་དེ་ཉིད་འདུལ་བར་འདོད་པ་ལ་ཉེས་པ་མེད་དོ། །རྒྱས་པར་སྔ་མ་བཞིན་ནོ། །མ་དད་པ་རྣམས་དད་པར་བྱ་བ་དང༌། དད་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་བྱེད་ན་ཉེས་པ་མེད་དོ།། བྱང་ཆུབ་སེམས་དཔའ་ཆོས་སྒྲོགས་པ་དང༌། དམ་པའི་ཆོས་ཀྱིས་འབེལ་བའི་གཏམ་རྣམ་པར་གཏན་ལ་འབེབས་པ་ན། ང་རྒྱལ་གྱིས་ནོན་པ་དང༌། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་དང༌། ཁོང་ཁྲོ་བའི་སེམས་དང་ལྡན་པས་མི་འགྲོ་ན་ཉེས་པ་དང་བཅས་ཤིང་འགལ་བ་


DTG129_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོས་མི་འགྲོ་ན་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །མཚོར་ན་ཉེས་པ་མེད་དོ། །ན་སྟེ་མི་ནུས་ན་ཉེས་པ་མེད་དོ། །ལོག་པར་སྟོན་དུ་དོགས་ན་ཉེས་པ་མེད་དོ། །ཆོས་སྨྲ་བའི་སེམས་བསྲུང་ན་ཉེས་པ་མེད་དོ། །ཡང་དང་ཡང་དུ་ཐོས་ཤིང་བཟུང་ལ་ཤེས་ཟིན་པའི་དོན་གྱི་གཏམ་ཡིན་པར་ཤེས་ན་ཉེས་པ་མེད་དོ། །མང་དུ་ཐོས་པ་དང༌། ཐོས་པ་འཛིན་པ་དང༌། ཐོས་པ་བསགས་པ་ཡིན་ན་ཉེས་པ་མེད་དོ། །རྟག་ཏུ་དམིགས་པ་ལ་སེམས་གནས་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་མངོན་པར་བསྒྲུབ་པ་ལ་བརྩོན་ན་ཉེས་པ་མེད་དོ། །ཤིན་ཏུ་ཤེས་རབ་རྟུལ་ཏེ་ཆོས་ལེན་པ་ལ་ཞན། འཛིན་པ་ལ་ཞན་ཅིང་དམིགས་པ་ལ་སེམས་མཉམ་པར་འཇོག་པ་ལ་ཞན་པ་ཞིག་ཡིན་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་ཆོས་སྨྲ་བའི་གང་ཟག་ལ་བསམས་བཞིན་དུ་ཁྱད་དུ་གསོད་ཅིང་བཀུར་སྟི་མི་བྱེད་ལ། འཕྱ་ཞིང་སྟིང་བར་བྱེད་པ་དང༌། ཚིག་འབྲུ་ལ་རྟོན་གྱི་དོན་ལ་རྟོན་པར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སྡོམ་པ་ལ་གནས་པའི་སེམས་ཅན་གྱི་བྱ་བ་འདི་ལྟ་སྟེ། བྱ་བ་གཏན་ལ་འབེབས་པའམ། ལམ་དུ་འགྲོ་ཞིང་འོང་བའམ། ཡང་དག་པའི་ཐ་སྙད་དང༌། ལས་ཀྱི་མཐའ་ལ་སྦྱོར་བའམ། ལོངས་སྤྱོད་བསྲུང་བའམ། བྱེ་བ་བསྡུམ་པའམ། དགའ་སྟོན་ནམ། བསོད་ནམས་བྱེད་པ་ལ་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་དང༌། ཁོང་ཁྲོ་བའི་སེམས་དང་ལྡན་པས་གྲོགས་བྱེད་དུ་མི་འགྲོ་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོས་གྲོགས་བྱེད་དུ་མི་འགྲོ་ན། ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །ན་སྟེ་མི་ནུས་ན་ཉེས་པ་མེད་དོ། །རང་བྱེད་ནུས་པ་དང༌། རྟེན་ཡོད་དེ་མི་འཆོལ་ན་ཉེས་པ་མེད་དོ། །གནོད་པ་དང་ལྡན་པ་དང༌། ཆོས་དང་ལྡན་པ་མ་ཡིན་པའི་བྱ་བ་ལ་མ་སོང་ན་ཉེས་པ་མེད་དོ། །ཐབས་དེས་འདུལ་བར་འདོད་ན་ཉེས་པ་མེད་དེ་རྒྱས་པར་སྔ་མ་བཞིན་ནོ། །


DTG129_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་ཆེས་སྔར་ཁས་བླངས་ཟིན་ན་ཉེས་པ་མེད་དོ། །ནུས་པ་གཞན་ལ་བཅོལ་ན་ཉེས་པ་མེད་དོ། །རྟག་ཏུ་དགེ་བའི་ཕྱོགས་ལ་ཡང་དག་པར་བརྩོན་ན་ཉེས་པ་མེད་དོ། །རང་བཞིན་གྱིས་ཡིད་རྟུལ་ཞིང་ལུང་འབོགས་མི་མཁས་ན་ཉེས་པ་མེད་དེ་སྔ་མ་བཞིན་ནོ། །གཞན་ཆེས་མང་བ་དག་གི་སེམས་བསྲུང་བར་འདོད་ན་ཉེས་པ་མེད་དོ། །དགེ་འདུན་གྱི་ནང་ཁྲིམས་བསྲུང་བར་འདོད་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་ནད་པ་ནད་ཀྱིས་ཐེབས་པ་དང་ཕྲད་པ་ན་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་དང༌། ཁོང་ཁྲོ་བའི་སེམས་དང་ལྡན་པས་རིམ་གྲོ་དང་བསྙེན་བཀུར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོས་མི་བྱེད་ན། ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །བདག་ཉིད་ན་སྟེ་མི་ནུས་ན་ཉེས་པ་མེད་དོ། །ཕ་རོལ་ནུས་ཤིང་མཐུན་པ་ལ་བཅོལ་ན་ཉེས་པ་མེད་དོ། །ནད་པ་མགོན་ཡོད་ཅིང་རྟེན་ཡོད་ན་ཉེས་པ་མེད་དོ། །བདག་ཉིད་ཀྱིས་བདག་གི་རིམ་གྲོ་དང་བསྙེན་བཀུར་བྱེད་ནུས་ན་ཉེས་པ་མེད་དོ། །ནད་རྒྱུན་རིངས་ཀྱིས་ཐེབས་ཏེ་སོ་ཙམ་དུ་འདུག་ན་ཉེས་པ་མེད་དོ། །དགེ་བའི་ཕྱོགས་རྒྱ་ཆེན་པོ་ལ་རྟག་ཏུ་བརྩོན་ཏེ་དགེ་བའི་ཕྱོགས་ཀྱི་བར་ཚད་དུ་འགྱུར་བ་བསྲུང་བའི་ཕྱིར་མི་བྱེད་ན་ཉེས་པ་མེད་དོ། །ཤིན་ཏུ་ཤེས་རབ་རྟུལ་ཞིང་ལེགས་པར་ཆོས་སྟོན་མི་ནུས་ལ། ལེགས་པར་འཛིན་མི་ནུས་ཤིང་དམིགས་པ་ལ་སེམས་མཉམ་པར་འཇོག་མི་ནུས་ན་ཉེས་པ་མེད་དོ། །གཞན་ལ་ཆེས་སྔར་ཁས་བླངས་ན་ཉེས་པ་མེད་དོ། །ནད་གཡོག་ལ་ཇི་ལྟ་བ་བཞིན་དུ་སྡུག་བསྔལ་བའི་སྡུག་བསྔལ་བསལ་བའི་གྲོགས་བྱ་བ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཚེ་འདི་དང་ཚེ་ཕྱི་མའི་དོན་ལ་ཚུལ་མ་ཡིན་པར་ཞུགས་པ་དག་མཐོང་ན། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་དང༌། ཁོང་ཁྲོ་བའི་སེམས་དང་ལྡན་པས་རིགས་པ་དང་ཚུལ་བཞིན་སྟོན་པར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོས་སྟོན་པར་མི་བྱེད་ན་


DTG129_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །བདག་གིས་མི་ཤེས་ཏེ་མི་ནུས་ན་ཉེས་པ་མེད་དོ། །གཞན་ནུས་པ་ལ་བཅོལ་ན་ཉེས་པ་མེད་དོ། །དེ་ཉིད་ཀྱིས་ནུས་ན་ཉེས་པ་མེད་དོ། །དགེ་བའི་བཤེས་གཉེན་གཞན་གྱིས་ཟིན་ན་ཉེས་པ་མེད་དོ། །ཐབས་དེས་གདུལ་བར་འདོད་ན་ཉེས་པ་མེད་དོ། །རྒྱས་པར་སྔ་མ་བཞིན་ནོ། །གང་ལ་རིགས་པས་བསྟན་པར་བྱ་བ་དེ་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་ཞིང་བཀའ་བློ་མི་བདེ་བས་ལོག་པར་འཛིན་པ་དང༌། དགའ་ཞིང་གུས་པ་མེད་པས་དམུ་རྒོད་ཀྱི་རང་བཞིན་ཅན་ཞིག་ཡིན་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་ཅན་ཕན་འདོགས་པ་རྣམས་ལ་བྱས་པ་མི་གཟོ་ཤིང་བྱས་པ་མི་ཚོར་ཏེ། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པས་མཐུན་པའི་ཕན་གདགས་པས་ལན་དུ་ཕན་མི་འདོགས་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོས་མི་བྱེད་ན་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །བསྒྲིམས་བཞིན་དུ་མ་ནུས་ཤིང་མ་ལྕོགས་ན་ཉེས་པ་མེད་དོ། །ཐབས་དེས་འདུལ་བར་འདོད་ན་ཉེས་པ་མེད་དེ། སྔ་མ་བཞིན་ནོ། །དེ་ཉིད་ལན་དུ་ཕན་འདོགས་པར་མི་འདོད་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་ཅན་ཉེ་དུ་དང་ལོངས་སྤྱོད་ལས་གྱུར་པའི་སྡུག་བསྔལ་ལ་གནས་པ་རྣམས་ཀྱི་མྱ་ངན་བྱུང་བ་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པས་སེལ་བར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོས་སེལ་བར་མི་བྱེད་ན། ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །ཉེས་པར་མི་འགྱུར་བ་ནི་འདི་ལྟ་སྟེ། བྱ་བ་དག་ལ་གྲོགས་མི་བྱེད་པ་ལས་བརྩམས་ཏེ་སྔ་མ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཟས་དང་སྐོམ་ལ་སོགས་པ་འདོད་པ་རྣམས་ཡང་དག་པར་སློང་བ་ལ་ཟས་དང་སྐོམ་ལ་སོགས་པ་ཡོ་བྱད་རྣམས་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་དང༌། ཁོང་ཁྲོ་བའི་སེམས་དང་ལྡན་པས་མ་བྱིན་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་


DTG129_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོ་དང་བག་མེད་པས་མ་བྱིན་ན་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །ལོངས་སྤྱོད་དག་མེད་དེ་མི་བདོག་ན་ཉེས་པ་མེད་དོ། །རུང་བ་མ་ཡིན་པ་དང༌། མི་འཕྲོད་པ་སློང་བ་ན་ཉེས་པ་མེད་དོ། །ཐབས་དེས་གདུལ་བར་བྱ་བར་འདོད་ཅིང་འདུལ་བར་འདོད་ན་ཉེས་པ་མེད་དོ། སྔ་མ་བཞིན་ནོ། །རྒྱལ་པོ་ལ་གནོད་པ་བསྲུང་ན་ཉེས་པ་མེད་དོ། །དགེ་འདུན་གྱི་ནང་ཁྲིམས་བསྲུང་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་འཁོར་བསྡུས་ལ་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པས་དུས་དུས་སུ་ལེགས་པར་མི་འདོམས་ཤིང་ལེགས་པར་རྗེས་སུ་མི་སྟོན་པ་དང༌། ཕོངས་པ་དེ་དག་གི་ཕྱིར་བྲམ་ཟེ་དང་ཁྱིམ་བདག་དད་པ་རྣམས་ལས་གོས་དང༌། ཟས་དང་མལ་ཆ་དང༌། སྟན་དང་ན་བའི་གསོས་སྨན་དང༌། ཡོ་བྱད་རྣམས་ཆོས་བཞིན་དུ་ཡོངས་སུ་ཚོལ་བར་མི་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་སམ་ལེ་ལོའམ། བག་མེད་པས་མི་འདོམས་ཤིང་རྗེས་སུ་མི་སྟོན་ལ་ཡོངས་སུ་ཚོལ་བར་མི་བྱེད་ན། ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །ཐབས་དེས་དུལ་བར་བྱ་བར་འདོད་ཅིང་དུལ་བར་འདོད་ན་ཉེས་པ་མེད་དེ་སྔ་མ་བཞིན་ནོ། །དགེ་འདུན་གྱི་ནང་ཁྲིམས་བསྲུང་ན་ཉེས་པ་མེད་དོ། །ན་སྟེ་སྦྱོར་མི་བཟོད་ན་ཉེས་པ་མེད་དོ། །ནུས་པ་གཞན་དག་ལ་བཅོལ་ན་ཉེས་པ་མེད་དོ། །འཁོར་བསོད་ནམས་ཆེན་པོ་དང་ལྡན་པའམ། ཡང་ན་བདག་ཉིད་ཆོས་གོས་ལ་སོགས་པ་ཡོངས་སུ་ཚོལ་ནུས་པར་ཤེས་པ་དང༌། དེ་དག་གིས་གདམས་ངག་རྗེས་སུ་བསྟན་པས་གདམས་ངག་དང་རྗེས་སུ་བསྟན་པའི་བྱ་བ་བྱས་ཟིན་ན་ཉེས་པ་མེད་དོ། །སྔོན་མུ་སྟེགས་ཅན་ཡིན་པ་ལས་ཆོས་རྐུར་འོངས་པ་དེར་ཡང་འདུལ་བའི་སྐལ་བ་མེད་པའི་རང་བཞིན་ཅན་ཞིག་ཡིན་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པས་གཞན་དག་གི་སེམས་དང་མཐུན་པར་མི་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་


DTG129_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོ་དང༌། བག་མེད་པས་མཐུན་པར་མི་བྱེད་ན་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །གཞན་དག་གི་འདོད་པ་གང་ཡིན་པ་དེ་མི་འཕྲོད་པར་འགྱུར་བ་ཡིན་ན་ཉེས་པ་མེད་དོ། །ན་སྟེ་སྦྱོར་མི་བཟོད་ན་ཉེས་པ་མེད་དོ། །དགེ་འདུན་གྱི་ནང་ཁྲིམས་བསྲུང་ན་ཉེས་པ་མེད་དོ། །དེའི་འདོད་པ་འཕྲོད་པ་ཡིན་དུ་ཟིན་ཀྱང༌། གཞན་ཆེས་མང་བ་དག་གི་འདོད་པ་མ་ཡིན་ཞིང་མི་འཕྲོད་ན་ཉེས་པ་མེད་དོ། །མུ་སྟེགས་ཅན་ཚར་གཅད་པའི་ཕྱིར་ན་ཉེས་པ་མེད་དོ། །ཐབས་དེས་དུལ་བར་བྱ་བར་འདོད་ཅིང་དུལ་བར་འདོད་ན་ཉེས་པ་མེད་དེ་སྔ་མ་བཞིན་ནོ། །བྱང་ཆུབ་སེམས་དཔའ་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པས་གཞན་དག་གི་ཡང་དག་པའི་ཡོན་ཏན་རྗོད་པར་མི་བྱེད་ཅིང༌། ཡང་དག་པའི་བསྔགས་པ་མི་བརྗོད་པ་དང༌། ལེགས་པར་སྨྲས་པ་ལ་ལེགས་སོ་ཞེས་བྱ་བ་མ་བྱིན་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོ་དང༌། བག་མེད་པས་མ་སྨྲས་ན་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །རང་བཞིན་གྱིས་འདོད་པ་ཆུང་དུ་ཡིན་པར་དཔགས་ཏེ། དེ་དང་མཐུན་པར་བྱེད་ན་ཉེས་པ་མེད་དོ། །ན་སྟེ་མི་ནུས་ན་ཉེས་པ་མེད་དོ། །ཐབས་དེས་འདུལ་བར་བྱ་བར་འདོད་ཅིང་འདུལ་བར་འདོད་ན་ཉེས་པ་མེད་དེ་སྔ་མ་བཞིན་ནོ། །དགེ་འདུན་གྱི་ནང་ཁྲིམས་བསྲུང་ན་ཉེས་པ་མེད་དོ། །གཞི་དེས་ཀུན་ནས་ཉོན་མོངས་པ་དང༌། རྒྱགས་པ་དང༌། ཁེངས་པ་དང༌། གནོད་པར་འགྱུར་དུ་དོགས་ཏེ། དེ་བསལ་བའི་ཕྱིར་ན་ཉེས་པ་མེད་དོ། །ཡོན་ཏན་རྣམས་ཡོན་ཏན་ལྟར་བཅོས་པ་ཡིན་ཏེ། ཡང་དག་པ་མ་ཡིན་པ་དང༌། ལེགས་པར་སྨྲས་པ་ཡང་ལེགས་པར་སྨྲས་པ་ལྟར་བཅོས་པ་ཡིན་ཏེ། ཡང་དག་པ་མ་ཡིན་ན་ཉེས་པ་མེད་དོ། །མུ་སྟེགས་ཅན་ཚར་གཅད་པའི་ཕྱིར་ན་ཉེས་པ་མེད་དོ། །གཏམ་རྫོགས་རྫོགས་སུ་སྡོད་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་ཅན་སྨ་དབབ་པའི་རིགས་པ་དང༌། ཆད་པས་གཅད་པའི་རིགས་པ་དང༌། བསྐྲད་པའི་རིགས་པ་རྣམས་ཉོན་


DTG129_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་ཅན་གྱི་སེམས་ཀྱིས་སྨ་མི་འབེབས་སམ། སྨ་འབེབས་སུ་ཟིན་ཀྱང་ཆད་པས་བཅད་པས་མི་འཆོས་སམ། འཆོས་སུ་ཟིན་ཀྱང་སྐྲོད་པར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །སྙོམ་ལས་དང་ལེ་ལོ་དང༌། བག་མེད་པས་སྨ་འབེབས་པར་མི་བྱེད་པ་ནས། སྐྲོད་པའི་བར་དུ་མི་བྱེད་ན་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །བཅོས་སུ་མི་རུང་བའི་རང་བཞིན་ཅན་ཞིག་སྟེ། གཏམ་བྱར་མི་རུང་བ་དང༌། བཀའ་བློ་མི་བདེ་ཞིང་ཀུན་ནས་མནར་སེམས་ཀྱི་ཤས་ཆེ་བ་ལ་ཡལ་བར་བོར་ན་ཉེས་པ་མེད་དོ། །དུས་ལས་སྡོད་ན་ཉེས་པ་མེད་དོ། །གཞི་དེ་ལས་འཐབ་པ་དང༌། མཚང་འབྲུ་བ་དང༌། འགྱེད་པ་དང༌། རྩོད་པར་འགྱུར་བར་མཐོང་ན་ཉེས་པ་མེད་དོ། །དགེ་འདུན་འཁྲུག་ཅིང་འབྱེ་བར་མཐོང་ན་ཉེས་པ་མེད་དོ། །སེམས་ཅན་དེ་དག་གཡོ་མེད་དེ། ཤས་ཆེར་ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་དང་ལྡན་པས་མྱུར་བ་མྱུར་བར་མཐུན་པར་བྱེད་པ་ཞིག་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་དང༌། མཐུ་རྣམ་པ་སྣ་ཚོགས་དང་ལྡན་ལ། སེམས་ཅན་སྐྲག་པར་བྱ་བའི་རིགས་པ་རྣམས་སྐྲག་པར་བྱ་བ་དང༌། སེམས་ཅན་འདུན་པར་བྱ་བའི་རིགས་པ་རྣམས་འདུན་པར་བྱ་བ་དང༌། དད་པས་བྱིན་པ་སྤོང་དུ་གཞུག་པའི་ཕྱིར་རྫུ་འཕྲུལ་གྱིས་སྐྲག་པར་མི་བྱེད་འདུན་པར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །སེམས་ཅན་རྣམས་གང་དུ་ཤས་ཆེར་མངོན་པར་ཞེན་པ་མུ་སྟེགས་ཅན་འཕགས་པ་ལ་སྐུར་བ་འདེབས་པ། ལོག་པར་ལྟ་བ་དང་ལྡན་པ་དག་ཅིག་ན་མ་བསྟན་ཀྱང་ཉེས་པ་མེད་དོ། །ཐམས་ཅད་ལ་ཡང་སེམས་འཁྲུགས་པ་དང༌། སྡུག་བསྔལ་གྱི་ཚོར་བས་ཉེན་པ་དང༌། སྡོམ་པ་མ་མནོས་པ་ལ་ནི་ཤིན་ཏུ་ཉེས་པ་མེད་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞི་འདི་དག་ནི་དངོས་སུ་བྱུང་བ་ཤ་སྟག་སྟེ། སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ལས་བརྩམས་


DTG129_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཅོམ་ལྡན་འདས་ཀྱིས་མདོ་སྡེ་གཞན་དེ་དང་དེ་དག་ཏུ་ཐོར་བུ་ཐོར་བུར་གསུངས་པ་དེ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་འདིར་ཚང་བར་བཤད་དེ། བྱང་ཆུབ་སེམས་དཔའ་གུས་པ་སྐྱེས་པས་དེ་དག་ལ་སློབ་པར་འདོད་པའི་བསམ་པ་རྣམ་པར་དག་པ་དང༌། བྱང་ཆུབ་འདོད་པའི་བསམ་པ་དང༌། སེམས་ཅན་གྱི་དོན་བྱ་བའི་བསམ་པས་གཞན་ལས་སྡོམ་པ་ཡང་དག་པར་བླང་བར་བྱས་ནས་མཆོག་ཏུ་གུས་པར་བྱ་སྟེ། བསླབ་པར་བྱའོ། །ཐོག་མ་ཉིད་ནས་ཀྱང་ཉེས་པ་མི་འབྱུང་བར་གུས་པ་བསྐྱེད་པར་བྱའོ། །ཉེས་པ་བྱུང་ན་ཡང་ཆོས་བཞིན་དུ་གསོ་བས་ཉེས་པ་ལས་གསོ་བར་བྱའོ། །བྱང་ཆུབ་སེམས་དཔའི་ཉེས་པ་འདི་དག་ཐམས་ཅད་ནི་ཉེས་བྱས་སུ་བསྡུ་བར་རིག་པར་བྱའོ། །ཉན་ཐོས་ཀྱི་ཐེག་པའམ། ཐེག་པ་ཆེན་པོ་པ་གང་ཡང་རུང་སྟེ། གང་དག་གི་རྣམ་པར་རིག་བྱེད་དེ་དག་ཁོང་དུ་ཆུད་ཅིང་འཛིན་ནུས་པ་ལ་བཤགས་པར་བྱའོ། །གལ་ཏེ་ཀུན་ནས་དཀྲིས་པ་ཆེན་པོས་བྱང་ཆུབ་སེམས་དཔའ་ལ་ཕམ་པའི་གནས་ལྟ་བུའི་ཆོས་བྱུང་བར་གྱུར་ན་དེས་སྡོམ་པ་བཏང་བ་ལན་གཉིས་སུ་སླར་ཡང་མནོད་པར་བྱའོ། །གལ་ཏེ་ཀུན་ནས་དཀྲིས་པ་འབྲིང་གིས་ཉེས་པ་བྱུང་བ་ན་ནི་དེས་གང་ཟག་གསུམ་མམ། དེ་ཡན་ཆད་ལ་ཉེས་བྱས་བཤགས་པར་བྱ་སྟེ། མདུན་དུ་འདུག་ནས་ཐོག་མར་དངོས་པོ་བརྗོད་དེ། འདི་སྐད་ཅེས་ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ལ་ཇི་སྐད་ཡོངས་སུ་བརྗོད་པའི་གཞི་ལས་བྱང་ཆུབ་སེམས་དཔའི་འདུལ་བ་དང་འགལ་བ་ཉེས་བྱས་ཀྱི་ནོངས་པ་བྱུང་སྟེ་ཞེས་བརྗོད་ལ། ལྷག་མ་ནི་དགེ་སློང་ཉེས་བྱས་འཆགས་པ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ། །ཀུན་ནས་དཀྲིས་པ་ཆུང་ངུས་ཕམ་པའི་གནས་ལྟ་བུའི་ཆོས་བྱུང་བ་དང༌། དེ་ལས་གཞན་པའི་ཉེས་པ་རྣམས་ནི་གཅིག་གི་མདུན་དུ་བཤགས་པར་བྱ་བར་རིག་པར་བྱའོ། །གང་གི་མདུན་དུ་བཤགས་པར་བྱ་བའི་གང་ཟག་མཐུན་པ་མེད་ན། བྱང་ཆུབ་སེམས་དཔས་བསམ་པ་ཐག་པ་ནས་ཕྱིན་ཆད་མི་བྱ་བར་སེམས་བསྐྱེད་པར་བྱ་ཞིང་ཕྱིན་ཆད་ཀྱང་བསྡམ་པར་བྱའོ། །དེ་ལྟར་བྱས་ན་ཉེས་པ་དེ་ལས་བྱུང་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་


DTG129_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་བླང་བ་དེ་ཡང་གལ་ཏེ་ཡོན་ཏན་དེ་དག་དང་ལྡན་པའི་གང་ཟག་མེད་པར་གྱུར་ན། བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་སྤྱན་སྔར་བདག་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་བྱ་སྟེ། འདི་ལྟར་སྤྱན་སྔར་བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་སམ། ཙོག་ཙོག་པོར་འདུག་ཀྱང་རུང་སྟེ། འདི་སྐད་དུ་བདག་མིང་འདི་ཞེས་བགྱི་བ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་ས་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གསོལ་བ་འཚལ་ཏེ། དེ་དག་གི་སྤྱན་སྔར་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་གང་ལ་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབས་པ་དང༌། མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་འགྱུར་བ་དང༌། ཕྱོགས་བཅུ་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟར་སློབ་པ་རྣམས་བདག་གིས་ཡང་དག་པར་བླང་ངོ་ཞེས་བརྗོད་པར་བྱ་སྟེ། ལན་གཉིས་ལན་གསུམ་དུ་བརྗོད་ནས་ལྡང་བར་བྱའོ། །ལྷག་མ་ཐམས་ཅད་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་ཉེས་པའི་ལམ་ལ་ཡང་ཉེས་པ་ལྷག་མ་ཡང་མེད་པ་ནི་མེད་དེ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའི་ཉེས་པ་ནི་ཕལ་ཆེར་ཞེ་སྡང་ལས་འབྱུང་གི །འདོད་ཆགས་ལས་བྱུང་བ་ནི་མ་ཡིན་པར་ཤེས་པར་བྱའོ་ཞེས་གང་གསུངས་པ་དེ་ལ་དགོངས་པ་ནི་འདི་ཡིན་པར་བལྟ་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་ཅན་ལ་རྗེས་སུ་ཆགས་ཤིང་སེམས་ཅན་ལ་བྱམས་པའི་དབང་དུ་བྱས་ནས་གང་ཅི་སྤྱོད་ཀྱང་རུང་དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔས་བྱ་བ་ཡིན་ཏེ། མི་བྱ་བ་མ་ཡིན་པ་ལ་བྱ་བའི་རིགས་པ་བྱེད་པ་ནི་ཉེས་པར་འགྱུར་བ་མི་རིགས་སོ། །བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སྡང་བ་ནི་བདག་དང་གཞན་རྣམས་ལ་ཕན་པར་སྤྱོད་པ་


DTG129_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ལ། དེ་ཡང་བྱང་ཆུབ་སེམས་དཔའི་བྱ་བ་མ་ཡིན་ཏེ། དེ་ལྟར་བྱ་བ་མ་ཡིན་པ་བྱེད་པ་ནི་ཉེས་པར་འགྱུར་བར་རིགས་སོ། །བྱང་ཆུབ་སེམས་དཔའི་ཉེས་པ་རྣམས་ནི་ཆུང་ངུ་དང༌། འབྲིང་དང༌། ཆེན་པོར་རིག་པར་བྱ་སྟེ། འདི་ལྟ་སྟེ། གཞི་བསྡུ་བ་ལས་འབྱུང་བ་བཞིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རང་གི་འདུལ་བ་ལ་བསླབ་པ་ལ་བརྩོན་པ་ནི་ཕུན་སུམ་ཚོགས་པ་གསུམ་པོ་སྦྱོར་བ་ཕུན་སུམ་ཚོགས་པ་དང༌། བསམ་པ་ཕུན་སུམ་ཚོགས་པ་དང༌། སྔོན་གྱི་རྒྱུ་ཕུན་སུམ་ཚོགས་པ་དང་ལྡན་པས་བདེ་བ་ལ་རེག་པར་གནས་སོ། །དེ་ལ་སྦྱོར་བ་ཕུན་སུམ་ཚོགས་པ་གང་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་ཚུལ་ཁྲིམས་དག་འདྲལ་བར་མི་བྱེད་ཅིང་ལུས་དང་ངག་དང་ཡིད་ཀྱིས་ཀུན་ཏུ་སྤྱོད་པ་ཡོངས་སུ་དག་པ་དང༌། ཉེས་པ་རྒྱུན་དུ་མི་བྱེད་པ་དང༌། སྡིག་པ་འཆགས་པ་ཡིན་ཏེ། འདི་ནི་སྦྱོར་བ་ཕུན་སུམ་ཚོགས་པ་ཞེས་བྱའོ། །བསམ་པ་ཕུན་སུམ་ཚོགས་པ་གང་ཞེ་ན། ཆོས་ཀྱི་བསམ་པས་རབ་ཏུ་བྱུང་བ་ཡིན་གྱི། འཚོ་བའི་བསམ་པས་མ་ཡིན། བྱང་ཆུབ་སེམས་དཔའ་ཆེན་པོ་དོན་དུ་གཉེར་བ་ཡིན་གྱི། དོན་དུ་མི་གཉེར་བ་མ་ཡིན། དགེ་སྦྱོང་གི་ཚུལ་དང་མྱ་ངན་ལས་འདས་པ་དོན་དུ་གཉེར་བ་ཡིན་གྱི། དོན་དུ་མི་གཉེར་བ་མ་ཡིན་པ་དང༌། དེ་དེ་ལྟར་དོན་དུ་གཉེར་བས་ལེ་ལོས་གནས་པ་མ་ཡིན་ཞིང༌། བརྩོན་འགྲུས་མི་ཞན་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། ཡང་འབྱུང་བ་པ་དང༌། རིམས་ནད་དང་བཅས་པ་དང༌། རྣམ་པར་སྨིན་པ་སྡུག་བསྔལ་བ་དང༌། ཕྱི་མ་ལ་སྐྱེ་བ་དང༌། རྒ་ཤིར་འགྱུར་བའི་སྡིག་པ་མི་དགེ་བའི་ཆོས་རྣམས་དང་མ་འདྲེས་པ་སྟེ། དེ་ནི་བསམ་པ་ཕུན་སུམ་ཚོགས་པ་ཞེས་བྱའོ། །སྔོན་གྱི་རྒྱུ་ཕུན་སུམ་ཚོགས་པ་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔས་སྔོན་ཚེ་རབས་གཞན་དག་ཏུ་བསོད་ནམས་བྱས་ཤིང་དགེ་བ་བྱས་ཏེ། དེས་ད་ལྟར་བདག་ཉིད་ཀྱང་གོས་དང༌། ཟས་དང༌། མལ་ཆ་དང༌། སྟན་དང༌། ན་བའི་གསོས་སྨན་དང༌། ཡོ་བྱད་རྣམས་ཀྱིས་ཕོངས་པར་མི་འགྱུར་ལ། གཞན་དག་ལ་ཡང་བགོ་བཤའ་བྱེད་ནུས་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་སྔོན་གྱི་རྒྱུ་ཕུན་སུམ་ཚོགས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་


DTG129_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་འདུལ་བ་ལ་བསླབ་པ་བརྩོན་པ། ཕུན་སུམ་ཚོགས་པ་གསུམ་པོ་འདི་དག་དང་ལྡན་པ་ནི་བདེ་བ་ལ་རེག་པར་གནས་སོ། །དེ་ལས་བཟློག་པའི་ཕོངས་པ་གསུམ་དང་ལྡན་པ་ནི་སྡུག་བསྔལ་ལ་རེག་པར་གནས་པར་རིག་པར་བྱ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་ཁྱིམ་པའི་ཕྱོགས་སུ་གཏོགས་པ་དང༌། རབ་ཏུ་བྱུང་བའི་ཕྱོགས་སུ་གཏོགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་མདོ་དང་རྒྱས་པ་ཞེས་བྱའོ། །དེ་ལས་གཞན་པ་དཀའ་བའི་ཚུལ་ཁྲིམས་ལ་སོགས་པ་ནི་ཚུལ་ཁྲིམས་ཐམས་ཅད་འདིའི་རབ་ཏུ་དབྱེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་དཀའ་བའི་ཚུལ་ཁྲིམས་གང་ཞེ་ན། འདི་ནི་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་ལོངས་སྤྱོད་ཆེ་ལ་དབང་ཕྱུག་ཆེན་པོ་ལ་དབང་བྱེད་ཅིང་འདུག་པ་ལས་ལོངས་སྤྱོད་སྤངས་ཤིང༌། དབང་ཕྱུག་ཆེན་པོ་ལ་དབང་བྱེད་པ་སྤངས་ནས། ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ལེན་པ་ནི་བྱང་ཆུབ་སེམས་དཔའི་དཀའ་བའི་ཚུལ་ཁྲིམས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་བླངས་ནས་ཉམ་ཐག་སྟེ། སྲོག་ལ་ཐུག་ཀྱང་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དེ་ཉམས་པར་ཡང་མི་བྱེད་ན་མེད་པར་ལྟ་ག་ལ་བྱེད་དེ། འདི་ནི་བྱང་ཆུབ་སེམས་དཔའི་དཀའ་བའི་ཚུལ་ཁྲིམས་ཞེས་བྱ་སྟེ་གཉིས་པའོ། །ཇི་སྲིད་འཚོའི་བར་དུ་ཅི་ནས་ཉེས་པ་ཕྲ་རབ་ཀྱང་མི་འབྱུང་ཞིང༌། ཚུལ་ཁྲིམས་ལ་འཁྲུལ་པ་ཡང་མི་འབྱུང་ན་ལྕི་བ་ལྟ་འབྱུང་བར་ག་ལ་འགྱུར་བ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་སྤྱོད་པ་དང་གནས་པ་ཐམས་ཅད་ཡིད་ལ་བྱེད་པ་དག་ལ་དྲན་པ་ཉེ་བར་གནས་ཤིང་བག་ཡོད་པ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་དཀའ་བའི་ཚུལ་ཁྲིམས་ཞེས་བྱ་སྟེ་གསུམ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྒོ་ནས་ཚུལ་ཁྲིམས་གང་ཞེ་ན། འདི་ནི་རྣམ་པ་བཞིར་བལྟ་བར་བྱ་སྟེ། ཡང་དག་པར་བླངས་པ་དང༌། རང་བཞིན་གྱི་ཚུལ་ཁྲིམས་དང༌། གོམས་པ་དང༌། ཐབས་དང་ལྡན་པའོ། །དེ་ལ་ཡང་དག་པར་བླངས་པའི་ཚུལ་ཁྲིམས་ནི་གང་གིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་པ་གསུམ་པོ་སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སེམས་


DTG129_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ཡང་དག་པར་བླང་བར་བྱས་པ་ཡིན་ནོ། །དེ་ལ་རང་བཞིན་གྱི་ཚུལ་ཁྲིམས་ནི་བྱང་ཆུབ་སེམས་དཔའི་རིགས་ལ་གནས་པ་ཉིད་ཀྱི་སེམས་ཀྱི་རྒྱུད་རང་བཞིན་གྱིས་དགེ་བ་ཁོ་ན་ཡིན་པས། ལུས་དང་ངག་གི་ལས་ཡོངས་སུ་དག་པར་འཇུག་པ་གང་ཡིན་པའོ།། དེ་ལ་གོམས་པའི་ཚུལ་ཁྲིམས་ནི་བྱང་ཆུབ་སེམས་དཔའ་གང་གིས་སྔོན་གྱི་ཚེ་རབས་གཞན་དག་ཏུ་ཇི་སྐད་བསྟན་པའི་ཚུལ་ཁྲིམས་རྣམ་པ་གསུམ་ཆར་ལ་གོམས་པར་བྱས་པ་ཡིན་ཏེ། དེ་སྔོན་གྱི་རྒྱུའི་སྟོབས་བསྐྱེད་པ་དེས་སྡིག་པ་ཀུན་ཏུ་སྤྱོད་པ་ལ། ཐམས་ཅད་ཀྱི་ཐམས་ཅད་དུ་མི་དགའ་ཞིང་སྡིག་པ་ལས་ཡིད་བྱུང་ལ། དགེ་བ་ཀུན་ཏུ་སྤྱོད་པ་ལ་དགའ་ཞིང༌། དགེ་བ་ཀུན་ཏུ་སྤྱོད་པ་ཁོ་ན་འདོད་པའོ། །དེ་ལ་ཐབས་དང་ལྡན་པའི་ཚུལ་ཁྲིམས་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའི་བསྡུ་བའི་དངོས་པོ་བཞི་ལ་བརྟེན་ནས། སེམས་ཅན་རྣམས་ལ་ལུས་དང་ངག་གི་ལས་དགེ་བ་ལ་འཇུག་པ་གང་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྐྱེས་བུ་དམ་པའི་ཚུལ་ཁྲིམས་གང་ཞེ་ན། དེ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱང་ཚུལ་ཁྲིམས་དང་ལྡན་པ་དང༌། གཞན་དག་ཀྱང་ཚུལ་ཁྲིམས་ཡང་དག་པར་ལེན་དུ་འཇུག་པ་དང། ཚུལ་ཁྲིམས་ཀྱི་བསྔགས་པ་ཡང་བརྗོད་པ་དང༌། ཆོས་དང་མཐུན་པ་མཐོང་ན་ཡིད་དགའ་བར་འགྱུར་བ་དང༌། ཉེས་པ་བྱུང་ན་ཆོས་བཞིན་དུ་ཕྱིར་འཆོས་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་གང་ཞེ་ན། དེ་ནི་རྣམ་པ་དྲུག་དང༌། རྣམ་པ་བདུན་ཏེ། གཅིག་ཏུ་བསྡོམས་ན་རྣམ་པ་བཅུ་གསུམ་དུ་རིག་པར་བྱ་སྟེ། བསླབ་པའི་གཞི་རྒྱ་ཆེན་པོ་ཡོངས་སུ་བཟུང་བའི་ཕྱིར། བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པའི་ཕྱིར་རྒྱ་ཆེ་བ་དང༌། འདོད་པའི་བསོད་ནམས་དང༌། བདག་ཉིད་དུབ་པར་བྱེད་པའི་མཐའ་གཉིས་སྤངས་པའི་ཕྱིར་ཁ་ན་མ་ཐོ་བ་མེད་པ་དང༌། རབ་ཏུ་དགའ་བའི་གནས་དང་མཐུན་པ་དང༌། ཇི་སྲིད་འཚོའི་བར་དུ་ཡང་བསླབ་པ་འབུལ་བར་མི་བྱེད་པའི་ཕྱིར་རྟག་ཏུ་བྱེད་པ་དང༌། རྙེད་པ་དང༌། བཀུར་སྟི་དང༌། ཕས་ཀྱི་རྒོལ་བ་དང༌། ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ཟིལ་གྱིས་མི་ནོན་ཅིང་མི་འཕྲོགས་


DTG129_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་བརྟན་པ་དང༌། ཚུལ་ཁྲིམས་ཀྱི་རྒྱན་དང་ལྡན་པ་སྟེ། ཚུལ་ཁྲིམས་ཀྱི་རྒྱན་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་བྱུང་བ་བཞིན་དུ་རིག་པར་བྱའོ། །སྲོག་གཅོད་པ་ལ་སོགས་པ་སྤངས་པའི་ཕྱིར་ལྡོག་པའི་ཚུལ་ཁྲིམས་དང༌། དགེ་བ་སྡུད་པ་དང༌། སེམས་ཅན་གྱི་དོན་བྱ་བའི་ཕྱིར་འཇུག་པའི་ཚུལ་ཁྲིམས་དང༌། འཇུག་པ་དང༌། ལྡོག་པའི་ཚུལ་ཁྲིམས་རྗེས་སུ་བསྲུང་བའི་ཕྱིར་ཀུན་ནས་བསྲུང་བའི་ཚུལ་ཁྲིམས་དང༌། སྐྱེས་བུ་ཆེན་པོའི་མཚན་རྣམ་པར་སྨིན་པར་བྱེད་པའི་ཚུལ་ཁྲིམས་དང༌། ལྷག་པའི་སེམས་རྣམ་པར་སྨིན་པར་བྱེད་པའི་ཚུལ་ཁྲིམས་དང། སྡུག་པའི་འགྲོ་བ་རྣམ་པར་སྨིན་པར་བྱེད་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་རྣམ་པར་སྨིན་པར་བྱེད་པའི་ཚུལ་ཁྲིམས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་ཕོངས་ཤིང་འདོད་པའི་ཚུལ་ཁྲིམས་གང་ཞེ་ན། དེ་ནི་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་བདག་ཉིད་འདི་སྙམ་དུ་རྗེས་སུ་སེམས་ཏེ། འདི་ལྟར་བདག་ནི་བདག་ལ་སུ་ཡང་གསོད་པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པ་རྣམས་ལ་ལོག་པར་གཡེམ་པ་དང༌། བརྫུན་གྱི་ཚིག་སྨྲ་བ་དང༌། ཕྲ་མ་དང༌། ངག་རྩུབ་པོ་དང༌། ཚིག་འཁྱལ་པ་བྱེད་པ་དང༌། ལག་པ་དང༌། བོང་བ་དང༌། ལྕག་གིས་བསྣུན་ཅིང་རྣམ་པར་འཚེ་བའི་རེག་པ་མི་འདོད་པ་དག་ཀུན་ཏུ་སྤྱོད་པར་བྱེད་པར་མ་གྱུར་ཅིག་སྙམ་དུ་འདོད་ལ་བདག་དེ་ལྟ་བུ་འདོད་བཞིན་དུ། གལ་ཏེ་གཞན་གྱིས་ལོག་པ་བྱས་པར་གྱུར་ན། དེས་བདག་ཕོངས་པར་འགྱུར་ཞིང་དེ་བདག་གི་ཡིད་དུ་མི་འོང་བར་འགྱུར་བས་ན་གཞན་ཡང་བདག་ཅི་ལྟ་བ་བཞིན་དུ་གཞན་གྱིས་གསད་པར་མ་གྱུར་ཅིག་ཅེས་བྱ་བ་ནས་རྒྱས་པར་རྣམ་པར་འཚེ་བའི་རེག་པ་དག་བྱེད་པར་མ་གྱུར་ཅིག་སྙམ་དུ་འདོད་དེ། དེ་དག་ཀྱང་དེ་ལྟར་འདོད་བཞིན་དུ་གལ་ཏེ་བདག་གིས་ལོག་པར་ཀུན་ཏུ་སྤྱད་པར་གྱུར་ན། དེས་དེ་དག་ཕོངས་པར་འགྱུར་ཞིང་དེ་དེ་དག་གི་ཡིད་དུ་མི་འོང་བར་འགྱུར་ན། དེ་ལྟར་བདག་དང་གཞན་དག་གི་ཡིད་དུ་མི་འོང་བ་གང་ཡིན་པ་དེ་དག་གིས་གཞན་དག་ལ་ཅིའི་ཕྱིར་ཀུན་ཏུ་སྤྱད་པར་བྱ་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔས་དེ་ལྟར་སོ་སོར་བརྟགས་ནས་སྲོག་གི་ཕྱིར་ཡང་གཞན་དག་


DTG129_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡིད་དུ་མི་འོང་བ་རྣམ་པ་བརྒྱད་པོ་ཀུན་ཏུ་སྤྱོད་པར་མི་བྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་ཕོངས་ཤིང་འདོད་པའི་ཚུལ་ཁྲིམས་རྣམ་པ་བརྒྱད་ཅེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་འདི་དང་གཞན་དུ་བདེ་བར་འགྱུར་བའི་ཚུལ་ཁྲིམས་གང་ཞེ་ན། དེ་ནི་རྣམ་པ་དགུར་རིག་པར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་དགག་པར་བྱ་བའི་གནས་སུ་གྱུར་པ་རྣམས་ནི་འགོག་པར་བྱེད། གནང་བར་བྱ་བའི་གནས་སུ་གྱུར་པ་རྣམས་ནི་གནང་བར་བྱེད། སེམས་ཅན་བསྡུ་བར་བྱ་བ་རྣམས་ནི་སྡུད་པར་བྱེད། སེམས་ཅན་ཚར་གཅད་པར་བྱ་བ་རྣམས་ནི་ཚར་གཅོད་པར་བྱེད་ཅིང༌། དེ་ལ་བྱང་ཆུབ་སེམས་དཔའི་ལུས་དང་ངག་གི་ལས་ཡོངས་སུ་དག་པར་འཇུག་སྟེ། འདི་ནི་རེ་ཞིག་ཚུལ་ཁྲིམས་རྣམ་པ་བཞིའོ། །གཞན་ཡང་སྦྱིན་པ་དང་ལྡན་པའི་ཚུལ་ཁྲིམས་དང༌། བཟོད་པ་དང་ལྡན་པ་དང༌། བརྩོན་འགྲུས་དང་ལྡན་པ་དང༌། བསམ་གཏན་དང་ལྡན་པ་དང༌། ཤེས་རབ་དང་ལྡན་པ་དང་རྣམ་པ་ལྔའོ། །དེ་གཉིས་གཅིག་ཏུ་བསྡུས་ན་ཚུལ་ཁྲིམས་རྣམ་པ་དགུར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་དང་གཞན་དག་ལ་ཚེ་འདི་དང་ཚེ་ཕྱི་མ་ལ་བདེ་བར་འགྱུར་བས་ན་དེའི་ཕྱིར་འདི་དང་གཞན་དུ་བདེ་བར་འགྱུར་བ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་ཚུལ་ཁྲིམས་གང་ཞེ་ན། དེ་ནི་རྣམ་པ་བཅུར་རིག་པར་བྱ་སྟེ། དགེ་སྦྱོང་གི་ཚུལ་དང༌། རྫོགས་པའི་བྱང་ཆུབ་འདོད་པའི་ཕྱིར་ཡིན་གྱི། འཚོ་བ་འདོད་པའི་ཕྱིར་མ་ཡིན་པས་དང་པོ་ཉིད་ནས་ལེགས་པར་བླངས་པ་དང་འགལ་བ་བྱས་པ་ལ་ཆུང་ངུ་འགྱོད་པ་མེད་པའི་ཕྱིར་ཧ་ཅང་ཞུམ་པ་མ་ཡིན་པ་དང༌། གནས་མ་ཡིན་པར་འགྱོད་པ་མེད་པའི་ཕྱིར་ཧ་ཅང་ཐལ་བ་མ་ཡིན་པ་དང༌། གཉིད་ཀྱི་བདེ་བ་དང༌། གློས་འབེབས་པའི་བདེ་བ་དང༌། ཉལ་བའི་བདེ་བ་ཉམས་སུ་མི་ལེན་པ་དང༌། ཉིན་མཚན་དུ་དགེ་བའི་ཕྱོགས་ལ་མངོན་པར་བརྩོན་པའི་ཕྱིར་ལེ་ལོ་མེད་པ་དང༌། སྔ་མ་བཞིན་དུ་ཡན་ལག་ལྔའི་བག་ཡོད་པ་ལ་བརྟེན་པས་བག་ཡོད་པས་ཡོངས་སུ་ཟིན་པ་དང༌། རྙེད་པ་དང༌། བཀུར་སྟི་ལ་ཞེན་པ་མེད་པ་དང༌། ལྷ་ཉིད་དུ་སྨོན་ནས་ཚངས་པར་སྤྱོད་པ་ལ་གནས་པར་ཁས་བླངས་པ་མ་ཡིན་པའི་ཕྱིར་སྨོན་ལམ་ལེགས་པར་བཏབ་པ་དང༌། སྤྱོད་ལམ་དང༌།


DTG129_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲལ་གྱི་བྱ་བ་དང༌། དགེ་བའི་ཕྱོགས་ལ་སྦྱོར་བ་རྣམས་ལ་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་ཤིན་ཏུ་ཕུན་སུམ་ཚོགས་ཤིང་འཚམ་པའི་ཕྱིར་ཆོ་ག་ཕུན་སུམ་ཚོགས་པས་ཡོངས་སུ་ཟིན་པ་དང༌། ཚུལ་འཆོས་པ་ལ་སོགས་པ་ལོག་པར་འཚོ་བར་བྱེད་པའི་ཉེས་པ་ཐམས་ཅད་རྣམ་པར་སྤངས་པའི་ཕྱིར་འཚོ་བ་ཕུན་སུམ་ཚོགས་པས་ཡོངས་སུ་ཟིན་པ་དང༌། འདོད་པའི་བསོད་སྙོམས་དང༌། བདག་ཉིད་དུབ་པར་བྱེད་པའི་རྗེས་སུ་སྦྱོར་བ་རྣམ་པར་སྤངས་པའི་ཕྱིར་མཐའ་གཉིས་རྣམ་པར་སྤངས་པ་དང༌། མུ་སྟེགས་ཅན་ཐམས་ཅད་ཀྱི་ལྟ་བ་རྣམ་པར་སྤངས་པའི་ཕྱིར་ངེས་པར་འབྱིན་པ་དང༌། ཉམས་པར་མི་བྱེད་ཅིང་མེད་པར་མི་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཡང་དག་པར་བླངས་པ་ཡོངས་སུ་མ་ཉམས་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་རྣམ་པ་བཅུ་པོ་འདི་དག་ནི་རྣམ་པར་དག་པ་ཞེས་བྱའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཆེན་པོ་འདི་ནི་བྱང་ཆུབ་ཆེན་པོའི་འབྲས་བུ་བསྐྱེད་པ་སྟེ། འདི་ལ་བརྟེན་ན་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཇི་སྲིད་དུ་མངོན་པར་རྫོགས་པར་སངས་མ་རྒྱས་པ་དེ་སྲིད་དུ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འདི་ལ་སློབ་པ་ན་ཕན་ཡོན་རྣམ་པ་ལྔ་འཐོབ་པར་འགྱུར་ཏེ། སངས་རྒྱས་རྣམས་ཀྱིས་དགོངས་པར་འགྱུར་བ་དང༌། མཆོག་ཏུ་དགའ་བ་ཆེན་པོ་ལ་གནས་བཞིན་དུ་འཆི་བའི་དུས་བྱེད་པར་འགྱུར་བ་དང༌། ལུས་ཞིག་ནས་ཀྱང་གང་ན་དེ་དང་ཚུལ་ཁྲིམས་མཚུངས་པའམ། ལྷག་པའི་བྱང་ཆུབ་སེམས་དཔའ་སྐལ་བ་འདྲ་ཞིང་ཆོས་མཐུན་པ་པ་དགེ་བའི་བཤེས་གཉེན་དུ་གྱུར་པ་དག་གནས་པ་དེར་སྐྱེ་བར་འགྱུར་བ་དང༌། ཚེ་འདི་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་དང་ལྡན་པར་འགྱུར་བ་དང༌། ཚེ་ཕྱི་མ་ལ་ཡང་རང་འཁྲུངས་ཀྱི་ཚུལ་ཁྲིམས་ཉིད་དེ། ཚུལ་ཁྲིམས་དེའི་བདག་ཉིད་འཐོབ་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ལ་སོགས་པ་རྣམ་


DTG129_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགུ་པོ་ཇི་སྐད་བསྟན་པའི་ཚུལ་ཁྲིམས་དེ་ཐམས་ཅད་ནི་སྡོམ་པའི་ཚུལ་ཁྲིམས་དང་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་དང༌། ཚུལ་ཁྲིམས་རྣམ་པ་གསུམ་གྱིས་བསྡུས་པར་རིག་པར་བྱའོ། །ཚུལ་ཁྲིམས་རྣམ་པ་གསུམ་པོ་དེ་དག་ཀྱང་མདོར་བསྡུ་ན་བྱང་ཆུབ་སེམས་དཔའི་བྱ་བ་རྣམ་པ་གསུམ་བྱེད་དེ། སྡོམ་པའི་ཚུལ་ཁྲིམས་ནི་སེམས་གནས་པར་བྱེད་དོ། །དགེ་བའི་ཆོས་སྡུད་པ་ནི་བདག་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་དོ། །སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་བྱ་བ་ཐམས་ཅད་ནི་འདི་དག་ཏུ་ཟད་དེ། འདི་ལྟ་སྟེ། ཚེ་འདི་ལ་བདེ་བར་གནས་པར་བྱ་བའི་ཕྱིར། སེམས་གནས་པ་དང༌། ལུས་དང་སེམས་དུབ་པ་མེད་པར་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་དེ་དག་ཏུ་ཟད་དོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕན་ཡོན་ཀྱང་དེ་དག་ཏུ་ཟད་དོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་བྱ་བ་ཡང་དེ་དག་ཏུ་ཟད་དོ། །དེ་ལས་གོང་ན་ཡང་མེད་དོ། །དེ་ལས་ལྷག་པ་ཡང་མེད་དོ། །དེ་ལ་ནི་འདས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཆེན་པོ་འདོད་པ་རྣམས་ཀྱིས་ཀྱང་བསླབས་སོ། །མ་འོངས་པ་རྣམས་ཀྱང་བསླབ་པར་འགྱུར་རོ། །ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་གནས་པ་དག་ཀྱང་བསླབ་པོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་ཚུལ་ཁྲིམས་ཀྱི་ལེའུ་སྟེ་བཅུ་པའོ།། །།བམ་པོ་བཅུ་གཅིག་པ། སྡོམ་ནི་འདི་ལྟ་སྟེ། སྔ་མ་ཚུལ་ཁྲིམས་ཀྱི་ལེའུ་བཞིན་དུ་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་བཟོད་པའི་ངོ་བོ་ཉིད་གང་ཞེ་ན། སོ་སོར་བརྟགས་པའི་སྟོབས་ལ་བརྟེན་ནས་སམ། ཡང་ན་རང་བཞིན་གྱིས་གཞན་གནོད་པར་བྱེད་པ་ལ་ཇི་མི་སྙམ་པ་དང༌། ཐམས་ཅད་ཀྱི་ཇི་མི་སྙམ་པ་དང༌། ཐམས་ཅད་ལ་ཇི་མི་སྙམ་པ་དང༌། ཟང་ཟིང་མེད་པའི་སེམས་དང༌། སྙིང་རྗེ་འབའ་ཞིག་གིས་ཇི་མི་སྙམ་པ་གང་ཡིན་པ་འདི་ནི་མདོར་བསྡུ་ན་བྱང་ཆུབ་སེམས་དཔའི་བཟོད་པའི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ། །


DTG129_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་བྱང་ཆུབ་སེམས་དཔའི་བཟོད་པ་ཐམས་ཅད་གང་ཞེ་ན། དེ་ནི་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། ཁྱིམ་པའི་ཕྱོགས་ལ་བརྟེན་པ་དང༌། རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པའོ། །ཕྱོགས་དེ་གཉིས་ལ་བརྟེན་པ་དེ་ཡང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། གཞན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང༌། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང༌། ཆོས་ལ་ངེས་པར་སེམས་པ་ལ་མོས་པའི་བཟོད་པའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གཞན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པར་བཟོད་པར་བྱེད་ཅེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གཞན་གནོད་པ་བྱེད་པ་ལས་བྱུང་བའི་སྡུག་བསྔལ་དྲག་པ་རྒྱུན་མི་འཆད་པ་སྣ་ཚོགས་ཡུན་རིང་བ་མངོན་དུ་བྱུང་ན་འདི་ལྟར་ཡང་དག་པར་སློབ་སྟེ། འདི་ནི་རང་གི་ལས་ཀྱི་ལེ་ལན་ཡིན་ཏེ། དེས་ན་བདག་རང་གིས་བྱས་པའི་མི་དགེ་བའི་ལས་ཀྱི་སྡུག་བསྔལ་གྱི་འབྲས་བུ་འདི་འདྲ་བ་ཉམས་སུ་མྱོང་ལ། བདག་ནི་སྡུག་བསྔལ་མི་བཟོད་དེ། མི་བཟོད་པ་འདི་ནི་ཕྱི་མ་ལ་ཡང་སྡུག་བསྔལ་གྱི་རྒྱུའི་གནས་སུ་འགྱུར་ལ། བདག་གི་སྡུག་བསྔལ་གྱི་རྒྱུར་གྱུར་པའི་ཆོས་དེ་ཡང་དག་པར་བླངས་ཏེ། འདུག་ན་ནི་བདག་ཉིད་ལ་མི་སྡུག་པ་གང་ཡིན་པ་དེ་ལ་བདག་ཉིད་ཀྱིས་བདག་ཉིད་སྦྱོར་བར་བྱེད་པར་ངེས་སོ། །དེའི་ཕྱིར་བདག་ཉིད་ཀྱིས་བདག་ཉིད་ལ་གནོད་པ་བྱས་པར་འགྱུར་ཏེ། གཞན་དག་ལ་ནི་དེ་ལྟ་མ་ཡིན་ནོ། །བདག་དང་གཞན་གྱི་སེམས་ཀྱི་རྒྱུད་ལ་ཡོད་པའི་འདུ་བྱེད་འདི་དག་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་ཀྱང་སྡུག་བསྔལ་བའི་རང་བཞིན་ཡིན་ཏེ། གཞན་དག་གིས་ནི་དེ་མ་ཤེས་པས་བདག་རང་བཞིན་གྱིས་སྡུག་བསྔལ་བ་ལ་ཡང་སྡུག་བསྔལ་བསྐྱེད་ན་བདག་ཤེས་བཞིན་དུ་བདག་གིས་ཀྱང་གཞན་རང་བཞིན་གྱིས་སྡུག་བསྔལ་བ་རྣམས་ལ་ཡང་སྡུག་བསྔལ་བསྐྱེད་པ་ནི་ཆ་མ་ཡིན་ནོ། །གཅིག་ཏུ་ན་ཉན་ཐོས་བདག་ཉིད་ཀྱི་དོན་ལ་ཞུགས་པ་རྣམས་ལ་ཡང་བདག་དང་གཞན་དག་གི་སྡུག་བསྔལ་བསྐྱེད་པ་མི་བཟོད་པ་རིགས་པའི་ཚུལ་མ་ཡིན་ན། གཞན་གྱི་དོན་ལ་ཞུགས་པ་བདག་ལ་ལྟ་ཅི་སྨོས་སྙམ་དུ་དེ་ལྟར་སོ་སོར་བརྟགས་ནས། བྱང་ཆུབ་སེམས་དཔའ་དེ་འདུ་ཤེས་རྣམ་པ་ལྔ་སྒོམ་ཞིང་སེམས་ཅན་མཛའ་བོ་དང༌། མི་མཛའ་བ་དང༌། ཐ་མལ་


DTG129_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་དང༌། དམའ་བ་དང་མཚུངས་པ་དང༌། ཁྱད་པར་དུ་འཕགས་པ་རྣམས་དང༌། སྐྱིད་པ་དང༌། སྡུག་པ་རྣམས་དང༌། ཡོན་ཏན་དང༌། སྐྱོན་དང་ལྡན་པ་རྣམས་ལ་གནོད་པ་ཐམས་ཅད་བཟོད་པར་བྱེད་དོ། །འདུ་ཤེས་ལྔ་གང་ཞེ་ན། སྔོན་གྱི་ཚེ་རབས་སུ་སྙིང་དུ་སྡུག་པར་གྱུར་པའི་འདུ་ཤེས་དང༌། ཆོས་ཙམ་གྱི་རྗེས་སུ་འབྲང་བའི་འདུ་ཤེས་དང༌། མི་རྟག་པའི་འདུ་ཤེས་དང༌། སྡུག་བསྔལ་བའི་འདུ་ཤེས་དང༌། ཡོངས་སུ་བཟུང་བའི་འདུ་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་ཅན་གནོད་པ་བྱེད་པ་རྣམས་ལ་སྙིང་དུ་སྡུག་པའི་འདུ་ཤེས་ཇི་ལྟར་སྒོམ་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་འདི་ལྟར་ཡང་དག་པར་བསླབ་སྟེ། དུས་རིང་པོ་འདས་པ་སྔོན་གྱི་ཚེ་རབས་གཞན་དག་ཏུ་སེམས་ཅན་གང་བདག་གི་ཕའམ་མའམ་སྤུན་ནམ། སྲིང་མོའམ། སློབ་དཔོན་ནམ། མཁན་པོ་འམ། བླ་མའམ། བླ་མ་ལྟ་བུར་མ་གྱུར་པ་ནི་ཚུལ་གྱིས་རྙེད་པར་དཀའོ་སྙམ་དུ་དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པས་སེམས་ཅན་གནོད་པ་བྱེད་པ་རྣམས་ལ་དགྲའི་འདུ་ཤེས་ནི་མེད་པར་འགྱུར་ལ་སྙིང་དུ་སྡུག་པའི་འདུ་ཤེས་ནི་གནས་པར་འགྱུར་ཏེ། དེ་སྙིང་དུ་སྡུག་པའི་འདུ་ཤེས་དེ་ལ་བརྟེན་ནས། གནོད་པ་ལ་ཇི་མི་སྙམ་པར་བྱེད། བཟོད་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་ཅན་གནོད་པར་བྱེད་པ་རྣམས་ལ་ཆོས་ཙམ་དུ་རྗེས་སུ་འབྲང་བའི་འདུ་ཤེས་ཇི་ལྟར་སྒོམ་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་འདི་ལྟར་ཡང་དག་པར་སློབ་སྟེ། འདི་ནི་རྐྱེན་ལ་རག་ལས་པ་དང༌། འདུ་བྱེད་ཙམ་དང༌། ཆོས་ཙམ་དུ་ཟད་དེ། འདི་ལ་ནི་གཤེ་བར་བྱེད་པའམ། ཁྲོ་བར་བྱེད་པའམ། རྡེག་པར་བྱེད་པའམ། མཚང་འདྲུ་བར་བྱེད་པའམ། བརྒྱད་བཀག་བྱེད་པ་གང་ཡིན་པ་དེ་དང༌། གཤེ་བར་བྱ་བའམ། ཁྲོ་བར་བྱ་བའམ། བརྡེག་པར་བྱ་བའམ། མཚང་འདྲུ་བར་བྱ་བའམ། བརྒྱད་བཀག་བྱ་བ་གང་ཡིན་པའི་བདག་གམ། སེམས་ཅན་ནམ། སྲོག་གམ། སྐྱེ་བ་པོ་ཅི་ཡང་མེད་དོ་སྙམ་དུ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པས་སེམས་ཅན་དུ་འདུ་ཤེས་པ་ནི་མེད་པར་འགྱུར་ལ་ཆོས་ཙམ་དུ་འདུ་ཤེས་པ་ནི་གནས་པར་འགྱུར་ཏེ། དེ་ཆོས་ཙམ་དུ་འདུ་ཤེས་པ་དེ་ལ་བརྟེན་ཅིང་གནས་ནས། གཞན་གྱི་གནོད་པ་ཐམས་ཅད་ལ་ཇི་


DTG129_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྙམ་པར་བྱེད། བཟོད་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་ཅན་གནོད་པ་བྱེད་པ་རྣམས་ལ་མི་རྟག་པའི་འདུ་ཤེས་ཇི་ལྟར་སྒོམ་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་འདི་ལྟར་ཡང་དག་པར་སློབ་སྟེ། སེམས་ཅན་སྐྱེ་ཞིང་འབྱུང་བ་གང་དག་སུ་ཡང་རུང་བ་དེ་དག་ཐམས་ཅད་ནི་མི་རྟག་པ་དང་འཆི་བའི་ཆོས་ཅན་ཡིན་ལ་གནོད་པའི་མཆོག་ནི་འདི་ལྟ་སྟེ། སྲོག་དང་བྲལ་བར་བྱེད་པ་འདི་ཡིན་པས་ན། དེ་ལྟར་སེམས་ཅན་རང་བཞིན་གྱིས་འཆི་བའི་ཆོས་ཅན་མི་རྟག་པ་རྣམས་ལ་སྐྱེས་བུ་མཁས་པ་རྙོག་པའི་སེམས་བསྐྱེད་པ་ཡང་མ་ཡིན་ན། ལག་པའམ། བོང་བའམ། དབྱུག་པས་བསྣུན་པ་ལྟ་ཅི་སྨོས་ཏེ། གཏན་དུ་གསད་པ་ལྟ་ཅི་ཞིག་སྨོས་སྙམ་ནས་དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པས་རྟག་པ་དང་སྙིང་པོར་འདུ་ཤེས་པ་ནི་སྤོང་ལ། མི་རྟག་པ་དང་སྙིང་པོ་མེད་པའི་འདུ་ཤེས་ནི་གནས་པར་འགྱུར་ཏེ། དེ་མི་རྟག་པའི་འདུ་ཤེས་དེ་ལ་བརྟེན་ནས། གནོད་པ་ཐམས་ཅད་ལ་ཇི་མི་སྙམ་པར་བྱེད་བཟོད་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་ཅན་གནོད་པར་བྱེད་པ་རྣམས་ལ་སྡུག་བསྔལ་བའི་འདུ་ཤེས་ཇི་ལྟར་སྒོམ་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་ནི་སེམས་ཅན་གང་དག་ཕུན་སུམ་ཚོགས་པ་ཆེན་པོ་ལ་གནས་པ་དེ་དག་ཀྱང་སྡུག་བསྔལ་གསུམ་པོ་འདུ་བྱེད་ཀྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། སྡུག་བསྔལ་གྱི་སྡུག་བསྔལ་དང་འབྲེལ་པར་མཐོང་ན་རྒུད་པ་ལ་གནས་པ་རྣམས་ལྟ་ཅི་སྨོས་ཏེ། དེས་དེ་ལྟར་མཐོང་བ་ན་འདི་ལྟར་ཡང་དག་པར་སློབ་སྟེ། དེ་ལྟར་རྟག་ཏུ་སེམས་ཅན་སྡུག་བསྔལ་བ་དང་ལྡན་པ་རྣམས་ཀྱི་སྡུག་བསྔལ་བསལ་བའི་ཕྱིར། བདག་གིས་བཙལ་བར་བྱའི་སྡུག་བསྔལ་བསྒྲུབ་པའི་ཕྱིར་ནི་མི་བྱའོ་སྙམ་སྟེ། དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པས་བདེ་བའི་འདུ་ཤེས་ནི་མེད་པར་འགྱུར་ཞིང༌། སྡུག་བསྔལ་གྱི་འདུ་ཤེས་འབྱུང་བར་འགྱུར་ཏེ། དེ་སྡུག་བསྔལ་བའི་འདུ་ཤེས་དེ་ལ་བརྟེན་ནས། གཞན་གནོད་པ་བྱེད་པ་ཐམས་ཅད་ལ་ཇི་མི་སྙམ་པར་བྱེད། བཟོད་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་ཅན་གནོད་པ་བྱེད་པ་རྣམས་ལ་ཡོངས་སུ་བཟུང་བའི་འདུ་ཤེས་ཇི་ལྟར་སྒོམ་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་འདི་ལྟར་ཡང་དག་པར་སློབ་སྟེ།


DTG129_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ན། སེམས་ཅན་ཐམས་ཅད་ཀྱི་དོན་བདག་གིས་བྱའོ་ཞེས་སེམས་ཅན་ཐམས་ཅད་ཆུང་མའི་ཚུལ་དུ་བཟུང་སྟེ། བདག་གིས་འདི་ལྟར་སེམས་ཅན་ཐམས་ཅད་ཉེ་བར་བཟུང་ནས། དེ་དག་གི་དོན་བྱའོ་ཞེས་བྱས་པ་ལས་གནོད་པ་བྱེད་ཅིང༌། གནོད་པ་བྱེད་པ་ལས་ཇི་མི་སྙམ་པར་མི་བྱེད་པ་འདི་ནི་བདག་གི་ཆ་མ་ཡིན་ནོ་སྙམ་སྟེ། དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པས། སེམས་ཅན་གནོད་པ་བྱེད་པ་རྣམས་ལ་གཞན་ཡིན་ནོ་སྙམ་པའི་འདུ་ཤེས་ནི་མེད་པར་འགྱུར་ཞིང༌། ཡོངས་སུ་བཟུང་བའི་འདུ་ཤེས་ནི་གནས་པར་འགྱུར་ཏེ། དེ་ཡོངས་སུ་བཟུང་བའི་འདུ་ཤེས་དེ་ལ་བརྟེན་ནས་གཞན་གནོད་པར་བྱེད་པ་ཐམས་ཅད་ལ། ཇི་མི་སྙམ་པར་བྱེད་བཟོད་པར་བྱེད་དོ། །དེ་ལ་བཟོད་པ་གང་ཞེ་ན། མི་འཁྲུགས་པ་དང༌། ཕྱིར་གནོད་པ་མི་བྱེད་པ་དང༌། སེམས་ལ་ཡང་ཁོ་ན་དུ་མི་འཛིན་པ་གང་ཡིན་པ་དེ་ནི་བཟོད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་འདི་ལྟར་ཡང་དག་པར་སློབ་སྟེ། བདག་སྔོན་འདོད་པ་སྤྱོད་པ་དག་ལ་གནས་ཤིང་འདོད་པ་རྣམས་ཡོངས་སུ་ཚོལ་བ་ན། སྡུག་བསྔལ་གྱི་རྒྱུ་ཡིན་པར་ཚོར་བཞིན་དུ། འདོད་པ་སྡུག་བསྔལ་གྱི་རང་བཞིན་ཅན་རྣམས་ཀྱི་ཕྱིར། ཞིང་ལས་དང༌། ཚོང་དང༌། རྒྱལ་པོ་ལ་ཞོ་ཤས་འཚོ་བ་ལ་ཞུགས་ནས། སྡུག་བསྔལ་མང་པོ་དྲག་པོ་དག་ཉམས་སུ་བླངས་ཤིང་དང་དུ་བླངས་ལ་ཉམས་སུ་མྱོང་བ་དེ་དེ་ལྟར་དོན་མེད་དེ། སྡུག་བསྔལ་ཁོ་ནའི་ཕྱིར་ཚོར་བཞིན་དུ་མི་ཤེས་པའི་ཉེས་པས་བདག་གིས་སྡུག་བསྔལ་ཆེན་པོ་ཉམས་སུ་བླངས་ནས། ད་ནི་བདག་བདེ་བསྒྲུབ་པའི་དགེ་བ་ལ་ཞུགས་པར་ཚོར་བཞིན་དུ་དེ་ལས་བྱེ་བ་ཕྲག་འབུམ་འགྱུར་དུ་སྡུག་བསྔལ་དང་དུ་བླང་ཞིང་ཉམས་སུ་བླངས་པ་ནི་ཆ་ཡིན་ན། དེ་བས་ཆུང་དུ་ལྟ་ལ་ཅི་སྨོས་སྙམ་སྟེ། བྱང་ཆུབ་སེམས་དཔའ་བྱང་ཆུབ་ལ་ཞུགས་པ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་ཅིང༌། གཞི་ཐམས་ཅད་ལས་བྱུང་བའི་སྡུག་བསྔལ་དང་དུ་ལེན་པར་བྱེད་དོ། །གཞི་ཐམས་ཅད་ལས་བྱུང་བའི་སྡུག་བསྔལ་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། གནས་ལ་བརྟེན་པ་


DTG129_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དང། འཇིག་རྟེན་གྱི་ཆོས་ལ་བརྟེན་པ་དང༌། སྤྱོད་ལམ་ལ་བརྟེན་པ་དང༌། ཆོས་ཡོངས་སུ་འཛིན་པ་ལ་བརྟེན་པ་དང༌། སློང་མོས་ཡོངས་སུ་འཚོ་བ་ལ་བརྟེན་པ་དང༌། མངོན་པར་བརྩོན་པས་དུབ་པ་ལ་བརྟེན་པ་དང༌། སེམས་ཅན་གྱི་དོན་བྱེད་པ་ལ་བརྟེན་པ་དང༌། འཕྲལ་གྱི་བྱ་བ་ལ་བརྟེན་པའོ། །གནས་ནི་གཞི་སྟེ། གང་ལ་བརྟེན་ནས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ། དགེ་སློང་གི་དངོས་པོར་འགྱུར་བ་འདི་ལྟ་སྟེ། ཆོས་གོས་དང༌། བསོད་སྙོམས་དང༌། མལ་ཆ་དང༌། སྟན་དང༌། ན་བའི་གསོས་སྨན་དང་ཡོ་བྱད་རྣམས་ཏེ། དེ་དག་ངན་པ་དང༌། ཉུང་བ་དང༌། མ་གུས་པ་དང༌། བརྒྱངས་པས་ཐོབ་པར་བྱང་ཆུབ་སེམས་དཔའ་མི་དགའ་བར་མི་འགྱུར། ཡོངས་སུ་ཡི་ཆད་པར་མི་འགྱུར་ལ། གཞི་ངེས་བརྩོན་འགྲུས་ཀྱང་གཏོང་བར་མི་བྱེད་པ་སྟེ། དེ་ལྟར་གནས་ཀྱི་རྟེན་གྱི་སྡུག་བསྔལ་དང་དུ་ལེན་པར་བྱེད་དོ། །འཇིག་རྟེན་གྱི་ཆོས་ནི་དགུ་སྟེ། མ་རྙེད་པ་དང༌། མི་སྙན་པ་དང༌། སྨད་པ་དང༌། སྡུག་བསྔལ་བ་དང༌། འཇིག་པའི་ཆོས་ཅན་འཇིག་པ་དང༌། ཟད་པའི་ཆོས་ཅན་ཟད་པ་དང༌། རྒ་བའི་ཆོས་ཅན་རྒ་བ་དང༌། ན་བའི་ཆོས་ཅན་ན་བ་དང༌། འཆི་བའི་ཆོས་ཅན་འཆི་བ་སྟེ། འཇིག་རྟེན་གྱི་ཆོས་འདི་དག་མཐའ་དག་གམ། སོ་སོར་འོང་ཞིང་མངོན་དུ་གྱུར་པ་ལས་སྡུག་བསྔལ་འབྱུང་བ་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་ཆོས་ལ་བརྟེན་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ནི་དེས་ཐེབས་ཀྱང་གཞི་དེས་བརྩོན་འགྲུས་གཏོང་བར་མི་བྱེད། སོ་སོར་བརྟགས་ནས་ཉམས་སུ་ལེན་ཅིང་དང་དུ་ལེན་པར་བྱེད་དོ། །སྤྱོད་ལམ་ནི་བཞི་སྟེ། འཆག་པ་དང༌། འགྲེང་བ་དང༌། འདུག་པ་དང༌། ཉལ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་འཆག་པ་དང༌། འདུག་པ་གཉིས་ཀྱིས་བསྒྲིབས་པའི་ཆོས་རྣམས་ལས་ཉིན་མཚན་དུ་སེམས་ཡོངས་སུ་སྦྱོང་བར་བྱེད་དེ། གཞི་དེ་ལས་ངལ་བའི་སྡུག་བསྔལ་བྱུང་བ་དང་དུ་ལེན་པར་བྱེད་ཀྱི་དུས་མ་ཡིན་པར་ཁྲིའམ། ཁྲིའུ་འམ། རྩྭ་བཏིང་བའམ། ལོ་མ་བཏིང་བ་ལ་གློས་འབེབས་པར་མི་བྱེད་དོ། །ཆོས་ཡོངས་སུ་འཛིན་པ་ནི་རྣམ་པ་བདུན་ཏེ། དཀོན་མཆོག་གསུམ་ལ་མཆོད་པ་དང༌།


DTG129_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྲོ་བྱ་བ་དང༌། བླ་མ་ལ་མཆོད་པ་བྱ་བ་དང༌། རིམ་གྲོ་བྱ་བ་དང༌། ཆོས་རྣམས་བཟུང་བ་དང༌། བཟུང་བ་རྣམས་གཞན་དག་ལ་རྒྱ་ཆེར་སྟོན་པ་དང༌། གསང་བསྟོད་དེ་ཁ་ཏོན་དུ་བྱ་བ་དང༌། གཅིག་པུ་དབེན་པར་གནས་ཏེ། ཡང་དག་པར་སེམས་ཤིང་འཇལ་ལ་ཉེ་བར་རྟོག་པ་དང༌། རྣལ་འབྱོར་ཡིད་ལ་བྱེད་པས་ཟིན་པའི་ཞི་གནས་དང་ལྷག་མཐོང་བསྒོམ་པའོ། །ཆོས་ཡོངས་སུ་འཛིན་པ་རྣམ་པ་བདུན་པོ་འདི་དག་ལ་བྱང་ཆུབ་སེམས་དཔའ་རྩོལ་བ་ན། སྡུག་བསྔལ་བ་གང་ཡིན་པ་དེ་ཡང་དང་དུ་ལེན་ཅིང༌། གཞི་དེས་བརྩོན་འགྲུས་གཏོང་བར་མི་བྱེད་དོ། །སློང་མོས་འཚོ་བ་ཡང་རྣམ་པ་བདུན་དུ་རིག་པར་བྱ་སྟེ། ཁྱིམ་པའི་མཚན་མ་སྤངས་པའི་ཕྱིར། སྐྲ་དང་ཁ་སྤུ་བྲེགས་པ་ལ་སོགས་པས་གཟུགས་མི་སྡུག་པ་ཉམས་སུ་བླངས་པ་དང༌། གོས་དྲས་པ་དང༌། ཁ་དོག་ངན་པ་འཆང་བའི་ཕྱིར་ཁ་དོག་ངན་པ་ཉམས་སུ་བླངས་པ་དང༌། འཇིག་རྟེན་པའི་སྤྱོད་པ་ཐམས་ཅད་ལ་གདམས་ནས་གནས་པའི་ཕྱིར་ཚུལ་གཞན་བྱ་བ་དང༌། ཞིང་ལས་ལ་སོགས་པའི་ལས་ཀྱི་མཐའ་རྣམ་པར་སྤངས་ཏེ། གཞན་ལས་རྙེད་པས་འཚོ་བར་བྱ་བའི་ཕྱིར་གཞན་ལ་རག་ལས་པའི་འཚོ་བ་ཅན་དང༌། རྙེད་པ་རྣམས་སོགས་ཤིང་ལོངས་སྤྱོད་པར་མི་བྱེད་པའི་ཕྱིར་ཇི་སྲིད་འཚོའི་བར་དུ་གཞན་ལ་ཆོས་གོས་ལ་སོགས་པ་འཚོལ་བ་དང༌། མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་སྤངས་པའི་ཕྱིར་ཇི་སྲིད་འཚོའི་བར་དུ་མིའི་འདོད་པ་རྣམས་ལས་ལྡོག་པར་བྱ་བ་དང༌། ཟློས་གར་དང༌། གར་ཐབས་དང༌། བཞད་གད་དང༌། སྒེག་པ་ལ་སོགས་པ་ལྟ་ལྟ་བ་སྤངས་ཤིང༌། མཛའ་བོ་དང༌། སྙིང་དུ་སྡུག་པ་དང༌། ཆུང་པོ་གྲོགས་དག་དང༌། བགད་པ་དང༌། རྩེས་པ་དང༌། དགའ་བ་དང༌། དགའ་དགུར་སྤྱོད་པ་སྤངས་པའི་ཕྱིར། ཇི་སྲིད་འཚོའི་བར་དུ་མིའི་དགའ་བ་དང་རྩེད་མོ་རྣམས་ལས་ལྡོག་པར་བྱ་བ་སྟེ། དེ་ལྟ་བུ་ཉམ་ང་བ་དང༌། གནོད་པའི་སློང་མོ་སྤྱོད་པ་ལ་བརྟེན་ནས། སྡུག་བསྔལ་བྱུང་བ་དེ་ཡང་བྱང་ཆུབ་སེམས་དཔའ་དང་དུ་ལེན་པར་བྱེད་ལ། གཞི་དེས་བརྩོན་འགྲུས་གཏོང་བར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་དགེ་བའི་ཕྱོགས་ལ་མངོན་པར་བརྩོན་པ་ལ་ལུས་ཀྱི་དུབ་པ་དང༌། སེམས་ཀྱི་འཁྲུགས་པ་ཡོངས་སུ་ངལ་བའི་གཞི་


DTG129_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གང་དག་བྱུང་ཡང་བྱང་ཆུབ་སེམས་དཔའ་གཞི་དེས་བརྩོན་འགྲུས་གཏོང་བར་མི་བྱེད་དོ། །སེམས་ཅན་གྱི་དོན་གྱི་ལས་ནི་སྔ་མ་བཞིན་དུ་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ནི་གཞི་དེས་སྡུག་བསྔལ་བྱུང་བ་ཡང་དང་དུ་ལེན་པར་བྱེད་ལ། གཞི་དེས་བརྩོན་འགྲུས་གཏོང་བར་མི་བྱེད་དོ། །འཕྲལ་གྱི་བྱ་བ་ནི་རབ་ཏུ་བྱུང་བའི་ཆོས་གོས་དང༌། ལྷུང་བཟེད་ཀྱི་ལས་ལ་སོགས་པའོ། །ཁྱིམ་པའི་ནི་ཡང་དག་པའི་ཞིང་ལས་དང༌། ཚོང་བྱ་བ་དང༌། རྒྱལ་པོ་ལ་ཞོ་ཤས་འཚོ་བ་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའ་ནི་གཞི་དེ་ལས་བྱུང་བའི་སྡུག་བསྔལ་ཡང་དང་དུ་ལེན་པར་བྱེད་ལ། གཞི་དེས་བརྩོན་འགྲུས་ཀྱང་གཏོང་བར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་སྡུག་བསྔལ་གང་ཡང་རུང་བས་ཐབས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཇུག་པ་ཁོ་ནར་བྱེད་ཀྱི། མི་འཇུག་པར་ནི་མི་བྱེད་ལ། ཞུགས་ནས་ཀྱང་ལྡོག་པར་མི་བྱེད་ཅིང༌། ཡིད་མི་དགའ་བ་མེད་ལ། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་འཇུག་པ་འདི་ནི་དེའི་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཆོས་ལ་ངེས་པར་སེམས་པ་ལ་མོས་པའི་བཟོད་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཡང་དག་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཤིན་ཏུ་བརྟགས་པའི་བློས་མོས་པའི་གནས་རྣམ་པ་བརྒྱད་པོ་དཀོན་མཆོག་གི་ཡོན་ཏན་རྣམས་དང༌། དེ་ཁོ་ནའི་དོན་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་ཆེན་པོ་དང༌། རྒྱུ་དང་འབྲས་བུ་དང༌། བདག་གིས་ཐོབ་པར་བྱ་བའི་དོན་དང༌། དེས་ཐོབ་པའི་ཐབས་དང༌། ཤེས་བྱའི་སྤྱོད་ཡུལ་ལ་མོས་པ་ཤིན་ཏུ་གནས་པ་ཡིན་ནོ། །མོས་པ་དེ་ཡང་རྒྱུ་གཉིས་ཀྱིས་ལེགས་པར་གནས་པ་ཡིན་ཏེ། ཡུན་རིང་པོ་ནས་གོམས་པ་དང༌། ཤེས་པ་ཤིན་ཏུ་རྣམ་པར་དག་པ་ཡང་དག་པར་ཐོབ་པས་སོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱོགས་རྣམ་པ་གཉིས་ལ་བརྟེན་པའི་བཟོད་པ་ཐམས་ཅད་དེ། དེ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀའ་བའི་བཟོད་པ་ལ་སོགས་པ་རྒྱས་པར་དབྱེ་བར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་དཀའ་བའི་བཟོད་པ་གང་


DTG129_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། དེ་ནི་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་ཉམ་ཆུང་བ་རྣམས་ཀྱིས་གནོད་པ་བྱས་པ་བཟོད་པར་བྱེད་པ་འདི་ནི་དཀའ་བའི་བཟོད་པ་དང་པོའོ། །རྗེ་དཔོན་དུ་གྱུར་པ་ལ་བདག་ཉིད་བཟོད་པར་བྱེད་པ་འདི་ནི་དཀའ་བའི་བཟོད་པ་གཉིས་པའོ།། སེམས་ཅན་རིགས་དང་རུས་ཆེས་དམའ་བ་དག་གིས་གནོད་པ་མཆོག་ཏུ་ཆེན་པོ་བྱས་པ་བཟོད་པ་འདི་ནི་དཀའ་བའི་བཟོད་པ་གསུམ་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཐམས་ཅད་ཀྱི་སྒོ་ནས་བཟོད་པ་གང་ཞེ་ན། དེ་ནི་རྣམ་པ་བཞིར་བལྟ་བར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་མཛའ་བོ་དང༌། མི་མཛའ་བ་དང༌། ཐ་མལ་པ་དང༌། གསུམ་ཆར་གྱིས་དམའ་བ་དང༌། མཚུངས་པ་དང༌། ལྷག་པ་རྣམས་ཀྱིས་གནོད་པ་བྱས་པ་བཟོད་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྐྱེས་བུ་དམ་པའི་བཟོད་པ་གང་ཞེ་ན། དེ་ནི་རྣམ་པ་ལྔར་བལྟ་བར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཐོག་མ་ཁོ་ནར་བཟོད་པ་ལ་ཕན་ཡོན་དུ་ལྟ་བ་ཡིན་ཏེ། གང་ཟག་བཟོད་པ་ཅན་ནི་ཕྱི་མ་ལ་ཡང་དགྲ་མང་བར་མི་འགྱུར་བ་དང༌། དབྱེ་བ་མང་བར་མི་འགྱུར་བ་དང༌། བདེ་བ་དང་ཡིད་བདེ་བ་མང་བར་འགྱུར་བ་དང༌། འགྱོད་པ་མེད་པར་འཆི་བའི་དུས་བྱེད་པར་འགྱུར་བ་དང༌། ལུས་ཞིག་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་སྙམ་སྟེ། དེ་དེ་ལྟར་ཕན་ཡོན་དུ་ལྟ་བས་བདག་ཉིད་ཀྱིས་ཀྱང་བཟོད་ཅིང༌། གཞན་ཡང་བཟོད་པ་ཡང་དག་པར་འཛིན་དུ་འཇུག་ལ། བཟོད་པའི་བསྔགས་པ་ཡང་བརྗོད་ཅིང༌། གང་ཟག་བཟོད་པ་ཅན་མཐོང་ན་ཡང་ཡིད་དགའ་ཞིང་ཀུན་ཏུ་དགའ་བར་འགྱུར་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པ་ཐམས་ཅད་ཀྱི་བཟོད་པ་གང་ཞེ་ན། དེ་ནི་རྣམ་པ་དྲུག་དང་རྣམ་པ་བདུན་ཏེ། གཅིག་ཏུ་བསྡུས་ན་རྣམ་པ་བཅུ་གསུམ་དུ་ཡོད་པར་རིག་པར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་མི་བཟོད་པ་མི་སྡུག་པའི་རྣམ་པར་སྨིན་པར་འགྱུར་བར་རིག་པས་འཇིག་པ་ལས་ཀྱང་བཟོད་པ་དང༌། སེམས་ཅན་རྣམས་ལ་སྙིང་བརྩེ་བའི་སེམས་དང༌། སྙིང་རྗེ་བའི་སེམས་དང༌། གཉེན་པོའི་སེམས་ཀྱི་བྱམས་པས་ཀྱང་བཟོད་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདུན་པ་དྲག་པོ་དང་ལྡན་པས་


DTG129_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པར་འདོད་པས་བྱེད་རྒྱུའི་རྒྱུས་ཀྱང་བཟོད་པ་དང༌། བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་བ་རྣམས་ནི་བཟོད་པའི་སྟོབས་ཅན་ཡིན་ནོ་ཞེས་གསུངས་པས་རྣམ་གྲངས་དེས་ཀྱང་ཚུལ་ཁྲིམས་ཡང་དག་པར་བླངས་ཤིང་རབ་ཏུ་བྱུང་བ་ལ་བཟོད་པ་མེད་པ་ནི་རིགས་པའི་ཚུལ་མ་ཡིན་པས་ཆོས་ཡང་དག་པར་བླངས་པས་ཀྱང་བཟོད་པ་དང༌། རིགས་ཕུན་སུམ་ཚོགས་པ་དང༌། སྔོན་བཟོད་པ་གོམས་པར་བྱས་པ་ལ་གནས་ཤིང་འདུག་པས། རང་བཞིན་གྱིས་ཀྱང་བཟོད་པ་དང༌། ཆོས་ཐམས་ཅད་ལ་སེམས་ཅན་མེད་པར་རིག་ནས་བརྗོད་དུ་མེད་པའི་ཆོས་ཙམ་དུ་མཐོང་བས་ཆོས་ལ་ངེས་པར་སེམས་པས་ཀྱང་བཟོད་པ་དང༌། གནོད་པར་བྱེད་པ་ཐམས་ཅད་ཀྱང་བཟོད་པ་དང༌། ཐམས་ཅད་ཀྱིས་ཀྱང་བཟོད་པ་དང༌། ཡུལ་ཐམས་ཅད་དེ་ལྐོག་གམ་སྐྱེ་བོ་མང་པོ་སྔར་ཡང་བཟོད་པ་དང༌། དུས་ཐམས་ཅད་དེ་སྔ་དྲོ་དང། ཉི་མའི་གུང་དང༌། ཉི་མ་ཕྱེད་དང༌། མཚན་མོ་དང༌། ཉིན་མོ་དང༌། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་ན་བཟོད་པ་དང༌། ན་བ་དང༌། ཐ་མལ་པ་དང༌། རྒུད་པ་དང༌། དར་བའི་ཚེ་ཡང་བཟོད་པ་དང༌། སྣུན་པར་མི་བྱེད་པའི་ཕྱིར་ལུས་ཀྱིས་བཟོད་པ་དང༌། ཡིད་དུ་མི་འོང་བའི་ཚིག་མི་འབྱིན་པའི་ངག་གིས་ཀྱང་བཟོད་པ་དང༌། མི་འཁྲུགས་པ་དང༌། བསམ་པ་རྙོག་པ་ཅན་མི་འཛིན་པའི་ཕྱིར་ཡིད་ཀྱིས་ཀྱང་བཟོད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཕོངས་ཤིང་འདོད་པའི་བཟོད་པ་གང་ཞེ་ན། དེ་ནི་རྣམ་པ་བརྒྱད་དུ་བལྟ་བར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་སློང་བ་པོ་སྡུག་བསྔལ་བ་རྣམས་ལས་སློང་བའི་གནོད་པ་བཟོད་པ་དང༌། སེམས་ཅན་མ་རུངས་པ་སྡིག་པ་ཆེན་པོའི་ལས་བྱེད་པ་རྣམས་ལ་ཆོས་ཀྱི་སྙིང་རྗེ་ཆེན་པོ་ལ་བརྟེན་ནས། ཀུན་ནས་མནར་སེམས་མི་བྱེད་པའི་བཟོད་པ་དང༌། རབ་ཏུ་བྱུང་བ་ཚུལ་ཁྲིམས་འཆལ་པ་རྣམས་ལ་ཆོས་ཀྱི་སྙིང་རྗེ་ཆེན་པོ་ལ་བརྟེན་ནས། ཀུན་ནས་མནར་སེམས་མི་བྱེད་པའི་བཟོད་པ་དང༌། བཙལ་བ་རྣམ་པ་ལྔ་མི་བརྗེད་པའི་བཟོད་པ་སྟེ། སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་སྡུག་བསྔལ་བསལ་བའི་ཕྱིར་འབད་པ་དང༌། ཆོས་རྣམས་ཡོངས་སུ་བཙལ་བ་དང༌། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་


DTG129_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང། ཆོས་དེ་དག་ཉིད་གཞན་དག་ལ་རྒྱ་ཆེར་བསྟན་པ་དང༌། སེམས་ཅན་གྱི་དོན་བྱེད་པ་རྣམས་དང༌། སེམས་ཅན་གྱི་བྱ་བ་རྣམས་ལ་ཡང་དག་པའི་གྲོགས་སུ་འགྲོ་བའི་བཙལ་བ་ལ་མི་བརྗེད་པ་གང་ཡིན་པ་དེ་ནི་ཕོངས་ཤིང་འདོད་པའི་བཟོད་པ་རྣམ་པ་བརྒྱད་ཅེས་བྱ་སྟེ། སེམས་ཅན་རྣམས་གང་གིས་ཕོངས་པར་འགྱུར་བ་དེ་ནི་བཟོད་པས་ཡོངས་སུ་སྤོང་བར་བྱེད་ལ། གང་འདོད་པ་དེ་ནི་སྒྲུབ་པར་བྱེད་པའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་འདི་དང་གཞན་དུ་བདེ་བར་འགྱུར་བའི་བཟོད་པ་གང་ཞེ་ན། དེ་ནི་རྣམ་པ་དགུར་བལྟ་བར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་བག་ཡོད་པར་དགེ་བའི་ཆོས་རྣམས་ལ་གནས་པ་ན་སེམས་ཅན་རྣམས་ལ་སྙིང་བརྩེ་བ་ཉིད་གཙོ་བོར་བྱས་ཏེ། གྲང་བ་དང༌། ཚ་བ་དང༌། བཀྲེས་པ་དང༌། སྐོམ་པ་དང༌། སྦྲང་བུས་ཟིན་པ་དང༌། ཤ་སྦྲང་གིས་ཟིན་པ་དང༌། རླུང་དང༌། ཉི་ཚན་དང༌། སྡིག་སྦྲུལ་གྱིས་ཟིན་པ་རྣམས་བཟོད་པ་དང༌། ངལ་བ་ལས་བྱུང་བའི་ལུས་དང་སེམས་དུབ་པ་དང༌། འཁྲུག་པ་བཟོད་པ་དང༌། འཁོར་བ་ན་ཡོད་པའི་སྐྱེ་བ་དང༌། རྒ་བ་དང་ན་བ་དང༌། འཆི་བ་ལ་སོགས་པའི་སྡུག་བསྔལ་རྣམས་བཟོད་པ་སྟེ། དེ་ལྟར་བཟོད་པའི་བྱང་ཆུབ་སེམས་དཔའ་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་དང་མི་འདྲེ་བར་བདག་ཉིད་ཀྱང་ཚེ་འདི་ལ་བདེ་བ་ལ་རེག་པར་གནས་ཤིང་ཚེ་ཕྱི་མ་ལ་ཡང་བདེ་བའི་རྒྱུ་ཡང་དག་པར་བླངས་ཏེ་འདུག་ལ་གཞན་དག་ཀྱང་ཚེ་འདི་དང༌། ཚེ་ཕྱི་མ་ལ་བདེ་བར་བྱ་བའི་ཕྱིར་ཞུགས་པ་ཡིན་ཏེ། དེ་བས་ན་འདི་ནི་འདི་དང་གཞན་དུ་བདེ་བར་འགྱུར་བའི་བཟོད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་བཟོད་པ་གང་ཞེ་ན། དེ་ནི་རྣམ་པ་བཅུར་བལྟ་བར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་གཞན་དག་གིས་གནོད་པ་དང༌། ཕོངས་པ་དང༌། འགལ་བར་བྱས་པ་ན་ཕྱིར་གནོད་པར་ཡང་མི་བྱེད་པ་དང༌། ཡིད་འཁྲུག་པར་ཡང་མི་འགྱུར་བ་དང༌། དགར་བསམ་པར་ཡང་མི་འཛིན་པ་དང། སྔར་ཇི་ལྟ་བ་བཞིན་དུ་ཕྱིས་ཀྱང་ཕན་གདགས་པའི་ཕྱིར་བརྩོན་པར་བྱེད་ཅིང༌། ཕན་འདོགས་པའི་བྱ་བ་བྱེད་པ་ལ་གནོད་པར་མི་བྱེད་པ་དང༌། གནོད་པ་བྱེད་པ་རྣམས་ལ་ཡང་བདག་ཉིད་ཀྱིས་ཤད་ཀྱིས་བྱང་བར་བྱེད་པ་དང༌། མི་དགའ་བར་བྱས་ན་ཡང་མི་དགའ་བར་གྱུར་ཀྱང་རུང་ཞེས་གཞན་


DTG129_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་འཆགས་སུ་མི་གཞུག་པ་དང༌། དེ་ཉིད་རྐྱེན་དུ་བྱས་ནས་མི་བཟོད་པ་ལས་བརྩམས་ཏེ། ཤས་ཆེར་ངོ་ཚ་བ་ཤེས་པ་དང༌། ཁྲེལ་ཡོད་པ་དང་ལྡན་པ་དང༌། བཟོད་པ་ལས་བརྩམས་ཏེ་སྟོན་པ་ལ་ཤས་ཆེར་སྡུག་པར་འཛིན་ཅིང་གུས་པ་དང་ལྡན་པ་དང༌། སེམས་ཅན་ལ་རྣམ་པར་ཐོ་མི་འཚམས་པ་ལས་བརྩམས་ཏེ། སེམས་ཅན་རྣམས་ལ་ཤས་ཆེར་སྙིང་རྗེ་བའི་བསམ་པ་དང་ལྡན་པ་དང༌། ཡང་ན་མི་བཟོད་པའི་ཆོས་ཀྱི་གྲོགས་དང་བཅས་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྤངས་པས་འདོད་པའི་འདོད་ཆགས་དང་བྲལ་བ་སྟེ། རྣམ་པ་བཅུ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའི་བཟོད་པ་རྣམ་པར་དག་ཅིང་དྲི་མ་མེད་པར་རིག་པར་བྱའོ། །བཟོད་པའི་ངོ་བོ་ཉིད་ལ་སོགས་པ་རྣམ་པར་དག་པའི་བཟོད་པ་ལ་ཐུག་པའི་བཟོད་པ་རྒྱ་ཆེ་ཞིང་ཚད་མེད་ལ་བྱང་ཆུབ་ཆེན་པོའི་འབྲས་བུ་འབྱུང་བ་འདི་དག་ལ་བརྟེན་ན་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་བཟོད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།སྡོམ་ནི། སྔ་མ་བཞིན་དུ་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱི་ངོ་བོ་ཉིད་གང་ཞེ་ན། དགེ་བའི་ཆོས་དཔག་ཏུ་མེད་པ་བསྡུ་བ་དང༌། སེམས་ཅན་གྱི་དོན་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའི་སེམས་མངོན་པར་སྤྲོ་བ་སྦྱངས་པ་བར་ཆད་མེད་པ་ཕྱིན་ཅི་མ་ལོག་པ་དང༌། དེ་ལས་བྱུང་བའི་ལུས་དང་ངག་དང༌། ཡིད་ཀྱི་ཡོངས་སུ་གཡོ་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱི་ངོ་བོ་ཉིད་དུ་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཐམས་ཅད་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་གཉིས་སུ་རིག་པར་བྱའོ། །ཁྱིམ་པའི་ཕྱོགས་ལ་བརྟེན་པ་དང༌། རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པའོ། །ཕྱོགས་གཉིས་ལ་བརྟེན་པ་དེ་ཡང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། གོ་ཆའི་བརྩོན་འགྲུས་དང༌། དགེ་བའི་ཕྱོགས་ཀྱི་ཆོས་སྡུད་པ་དང༌། སེམས་ཅན་གྱི་དོན་བྱ་བའོ། །དེ་ལ་བྱང་ཆུབ་སེམས་དཔའི་གོ་ཆའི་བརྩོན་འགྲུས་ནི་འདི་ཡིན་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་བརྩོན་འགྲུས་རྩོམ་པ་


DTG129_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྦྱོར་བའི་སྔ་རོལ་ནས། སེམས་ཀྱི་མངོན་པར་སྤྲོ་བ་སྔོན་དུ་འགྲོ་བའི་གོ་ཆ་འདི་ལྟར་གྱོན་པར་བྱེད་དེ། བདག་ནི་གལ་ཏེ་སེམས་ཅན་གཅིག་སྡུག་བསྔལ་ལས་ཐར་བར་བྱ་བའི་ཕྱིར་ཡང༌། ཉིན་མཚན་བསྐལ་པ་ཆེན་པོ་སྟོང་དང་མཉམ་པ་དག་གི་འགྲོ་བ་གཞན་དུ་མི་གནས་པར་སེམས་ཅན་དམྱལ་བ་ཁོ་ནར་གནས་པས་དུས་ཇི་སྲིད་ཅིག་གིས་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་དུས་དེ་ཉིད་བྱེ་བ་ཕྲག་འབུམ་འགྱུར་སྲིད་ཀྱིས་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བ་ལྟ་ན་ཡང་བདག་སྤྲོ་བར་བྱེད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་མི་བརྩོན་པར་མི་བྱེད་ལ། བརྩོན་འགྲུས་ལ་ཞུགས་པ་ལ་ཡང་འདོར་བར་མི་བྱེད་ན། དུས་ཀྱི་ཡུན་ཆེས་ཐུང་བ་དང༌། སྡུག་བསྔལ་ཆེས་ཐུང་བས་ལྟ་ལ་ཅི་སྨོས་སྙམ་པ་དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའི་གོ་ཆའི་བརྩོན་འགྲུས་ཡིན་ཏེ། བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གོ་ཆའི་བརྩོན་འགྲུས་དེ་ལྟ་བུ་ལ་མོས་པ་ཙམ་དང༌། དང་བ་ཙམ་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་ཡང་བརྟན་པོ་ཡིན་ཏེ། བྱང་ཆུབ་ཀྱི་ཕྱིར་བརྩོན་འགྲུས་རྩོམ་པ་དཔག་ཏུ་མེད་པའི་རྒྱུ་ཡོངས་སུ་བརྟས་པར་བྱེད་པ་ཡིན་ན། བྱང་ཆུབ་སེམས་དཔའ་གང་གོ་ཆའི་བརྩོན་འགྲུས་དེ་ལྟ་བུ་ཉིད་དང་ལྡན་པ་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་དེ་ལ་ནི་བྱང་ཆུབ་ཀྱི་དོན་དང༌། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། ལས་གང་ལ་བྱང་ཆུབ་སེམས་དཔའ་དེའི་སེམས་ཞུམ་པར་འགྱུར་བའམ། དཀའ་བ་བྱ་དགོས་པའི་བྱ་དཀའ་བ་ཅི་ཡང་མེད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་ཆོས་སྡུད་པའི་བརྩོན་འགྲུས་གང་ཞེ་ན། བརྩོན་འགྲུས་གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འགྲུབ་པར་བྱ་བའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བར་བྱེད་པ་དང༌། བརྩོན་འགྲུས་གང་ཤེས་རབ་ཀྱི་བར་དུ་ཡང་དག་པར་འགྲུབ་པར་བྱ་བའི་ཕྱིར་ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བར་བྱེད་པའོ། །དེ་ཡང་མདོར་བསྡུ་ན་རྣམ་པ་བདུན་དུ་རིག་པར་བྱ་སྟེ། རྟོག་པ་དང༌། རྣམ་པར་རྟོག་པ་དང༌། ཉོན་མོངས་


DTG129_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང། ཉེ་བའི་ཉོན་མོངས་པ་དང༌། ཕས་ཀྱི་རྒོལ་བ་དང༌། སྡུག་བསྔལ་གྱི་གནོད་པ་ཐམས་ཅད་ཀྱིས་མི་གཡོས་པའི་ཕྱིར་མི་གཡོ་བ་དང༌། གུས་པར་སྦྱོར་བ་ཅན་ཡིན་པའི་ཕྱིར་བརྟན་པ་དང༌། རིག་པའི་གནས་ཐམས་ཅད་ཡང་དག་པར་འགྲུབ་པར་ཉེ་བར་གནས་པའི་ཕྱིར་དཔག་ཏུ་མེད་པ་དང༌། ཐོབ་པར་བྱ་བའི་དོན་གྱི་ལམ་ཕྱིན་ཅི་མ་ལོག་པ་དང་ལྡན་པའི་ཕྱིར་དང༌། མཉམ་པ་ཉིད་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཐབས་དང་ལྡན་པ་དང༌། ཐོབ་པར་བྱ་བའི་དོན་དང་ལྡན་པ་ཐོབ་པར་སྨོན་པའི་ཕྱིར་ཡང་དག་པའི་བརྩོན་འགྲུས་དང༌། རྟག་ཏུ་སྦྱོར་བ་ཅན་ཡིན་པའི་ཕྱིར་རྒྱས་པ་དང༌། བརྩོན་འགྲུས་རྩོམ་པ་དེས་མཐོ་བར་སེམས་པ་མེད་པའི་ཕྱིར་ང་རྒྱལ་མེད་པ་སྟེ། རྣམ་པ་བདུན་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་ཆོས་སྡུད་པའི་བརྩོན་འགྲུས་རྩོམ་པར་སྦྱོར་བ་ནི་མྱུར་དུ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་དོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའི་དགེ་བའི་ཆོས་རྣམས་དེ་ལྟར་ཡང་དག་པར་འགྲུབ་པར་བྱ་བའི་རྒྱུའི་གཙོ་བོ་དང་མཆོག་ནི་བརྩོན་འགྲུས་ཁོ་ན་ཡིན་གྱི་གཞན་ནི་དེ་ལྟར་མ་ཡིན་པ་དེའི་ཕྱིར། བརྩོན་འགྲུས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའོ་ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟན་པས་སྟོན་པར་མཛད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་གྱི་དོན་བྱ་བའི་བརྩོན་འགྲུས་ནི་འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་ལེའུ་ལས་འབྱུང་བ་བཞིན་དུ་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱ་སྟེ། དེར་ཚུལ་ཁྲིམས་ཞེས་བརྗོད་པ་གང་ཡིན་པ་དེ་འདིར་བརྩོན་འགྲུས་ཞེས་བརྗོད་པར་བྱ་སྟེ། བྱེ་བྲག་ནི་དེ་ཡོད་དོ། །དེ་ལ་བྱང་ཆུབ་སེམས་དཔའི་དཀའ་བའི་བརྩོན་འགྲུས་གང་ཞེ་ན། དེ་ནི་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་གོས་ཀྱི་འདུ་ཤེས་དང༌། ཟས་ཀྱི་འདུ་ཤེས་དང༌། མལ་ཆ་དང༌། སྟན་གྱི་འདུ་ཤེས་དང༌། བདག་ཏུ་འདུ་ཤེས་ཀྱང་མི་བྱེད་པར་དགེ་བའི་ཆོས་རྣམས་སྒོམ་པ་ལ་རྟག་ཏུ་རྒྱུན་མི་འཆད་པར་ཞུགས་པ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་དཀའ་བའི་བརྩོན་འགྲུས་དང་པོའོ། །ཡང་བྱང་ཆུབ་སེམས་དཔའ་ནི་རིས་མཐུན་པ་མ་དོར་གྱི་བར་དུ་དུས་ཐམས་ཅད་དུ་བརྩོན་འགྲུས་


DTG129_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

རྩོམ་པ་དེ་ལྟ་བུ་དེས་ཞུགས་པ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་དཀའ་བའི་བརྩོན་འགྲུས་གཉིས་པའོ། །ཡང་བྱང་ཆུབ་སེམས་དཔའ་ནི་མཉམ་པ་ཉིད་ཁོང་དུ་ཆུད་པའི་ཡོན་ཏན་དང་ལྡན་པ། ཧ་ཅང་ཞུམ་པ་ཡང་མ་ཡིན། ཧ་ཅང་བརྟུན་ངས་པ་ཡང་མ་ཡིན་ལ། ཕྱིན་ཅི་མ་ལོག་ཅིང་དོན་དང་ལྡན་པའི་བརྩོན་འགྲུས་དང་ལྡན་པ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་དཀའ་བའི་བརྩོན་འགྲུས་གསུམ་པ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀའ་བའི་བརྩོན་འགྲུས་འདི་སྡུད་པའི་རྒྱུ་ནི་སྟོབས་དང༌། སེམས་ཅན་རྣམས་ལ་སྙིང་རྗེ་བ་དང༌། ཤེས་རབ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐམས་ཅད་ཀྱི་སྒོ་ནས་བརྩོན་འགྲུས་གང་ཞེ་ན། འདི་ནི་རྣམ་པ་བཞིར་བལྟ་བར་བྱ་སྟེ། ཉོན་མོངས་པ་ཅན་གྱི་ཆོས་རྣམ་པར་སྡོང་བར་བྱེད་པ་དང༌། དཀར་པོའི་ཆོས་སྒྲུབ་པར་བྱེད་པ་དང༌། ལས་ཡོངས་སུ་དག་པར་བྱེད་པ་དང༌། ཤེས་རབ་རྣམ་པར་འཕེལ་བར་བྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཉོན་མོངས་པ་ཅན་གྱི་ཆོས་རྣམ་པར་སྤོང་བར་བྱེད་པ་ནི་ཀུན་ཏུ་སྦྱོར་བ་དང༌། འཆིང་བ་དང༌། བག་ལ་ཉལ་བ་དང༌། ཉེ་བའི་ཉོན་མོངས་པ་དང༌། ཀུན་ནས་དཀྲིས་པ་མ་སྐྱེས་པ་རྣམས་མི་སྐྱེ་བར་བྱེད་པ་དང། སྐྱེས་བ་རྣམས་སྤོང་བར་བྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་དཀར་པོའི་ཆོས་སྒྲུབ་པར་བྱེད་པ་ནི་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་བརྩོན་འགྲུས་གང་ཡིན་པ་དང༌། སྐྱེས་པ་རྣམས་གནས་པར་བྱེད་པ་དང༌། མི་ཉམས་པར་བྱེད་པ་དང༌། འཕེལ་ཞིང་རྒྱས་པར་བྱེད་པའི་བརྩོན་འགྲུས་གང་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ལས་ཡོངས་སུ་དག་པར་བྱེད་པ་ནི་ལས་རྣམ་པ་གསུམ་པོ་ལུས་ཀྱི་ལས་དང༌། ངག་གི་ལས་དང༌། ཡིད་ཀྱི་ལས་དགེ་བ་རྣམ་པར་དག་པར་བྱེད་པ་དང༌། སྡུད་པར་བྱེད་པ་གང་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཤེས་པ་རྣམ་པར་འཕེལ་བར་བྱེད་པ་ནི་ཐོས་པ་དང༌། བསམ་པ་དང༌། བསྒོམ་པ་ལས་བྱུང་བའི་ཤེས་རབ་ཡང་དག་པར་འགྲུབ་པ་དང༌། རྣམ་པར་འཕེལ་བར་བྱེད་པ་གང་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྐྱེས་བུ་དམ་པའི་བརྩོན་འགྲུས་གང་ཞེ་ན།


DTG129_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་རྣམ་པ་ལྔར་བལྟ་བར་བྱ་སྟེ། འདུན་པ་དང་སྦྱོར་བ་ཐམས་ཅད་ཐམས་ཅད་དུ་མི་གཏོང་བའི་ཕྱིར་མ་བཏང་བ་དང༌། ཇི་ལྟར་བླངས་པ་བཞིན་དུ་མཚུངས་པའམ། ལྷག་པར་བརྩོན་འགྲུས་རྗེས་སུ་འཕེལ་བར་བྱེད་པའི་ཕྱིར་ཉམས་པ་མེད་པ་དང༌། སྦྱོར་བ་དང༌། ཡུན་རིང་བ་དང༌། རྒྱུན་མི་འཆད་པར་བརྩོན་འགྲུས་རྩོམ་པ་ལ་སེམས་མི་འགོང་ཞིང་སྒྱིད་ལུག་པ་མེད་པའི་ཕྱིར་ཞུམ་པ་མེད་པ་དང༌། དོན་དང་ལྡན་པའི་ཐབས་ཀྱིས་ཡོངས་སུ་ཟིན་པའི་ཕྱིར་ཕྱིན་ཅི་མ་ལོག་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རིངས་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་བརྟུན་ཏེ་སྦྱོར་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པ་ཐམས་ཅད་ཀྱི་བརྩོན་འགྲུས་གང་ཞེ་ན། དེ་ནི་རྣམ་པ་དྲུག་དང༌། རྣམ་པ་བདུན་ཏེ་གཅིག་ཏུ་བསྡུས་ན་རྣམ་པ་བཅུ་གསུམ་དུ་རིག་པར་བྱ་སྟེ། རྒྱུན་དུ་སྦྱོར་བའི་ཕྱིར་རྟག་པའི་བརྩོན་འགྲུས་དང། ལྷུར་སྦྱོར་བའི་ཕྱིར་གུས་པའི་བརྩོན་འགྲུས་དང༌། སྔོན་གྱི་རྒྱུའི་སྟོབས་ཀྱིས་བསྐྱེད་པའི་ཕྱིར་རྒྱུ་མཐུན་པའི་བརྩོན་འགྲུས་དང༌། སོ་སོར་བརྟགས་ཤིང་བརྟགས་ཤིང་དགེ་བའི་ཕྱོགས་ལ་སྦྱོར་བའི་ཕྱིར་སྦྱོར་བ་ལས་བྱུང་བའི་བརྩོན་འགྲུས་དང༌། སྡུག་བསྔལ་གྱི་གནོད་པ་ཐམས་ཅད་ཀྱིས་མི་འཁྲུགས་ཤིང་གཞན་དུ་བསྒྱུར་དུ་མེད་པའི་ཕྱིར་མི་འཁྲུགས་པའི་བརྩོན་འགྲུས་དང༌། ཁྱད་པར་ཐོབ་པ་ཆུང་ངུ་དང༌། ངན་དོན་ཙམ་གྱིས་ཆོག་མི་ཤེས་པའི་ཕྱིར་ཆོག་མི་ཤེས་པའི་བརྩོན་འགྲུས་སོ། །འདི་ནི་རེ་ཞིག་རྣམ་པ་ཐམས་ཅད་ཀྱི་བརྩོན་འགྲུས་རྣམ་པ་དྲུག་སྟེ། དེ་དང་ལྡན་ན་བྱང་ཆུབ་སེམས་དཔའ་དགེ་བའི་ཆོས་རྣམས་ལ་བརྩོན་འགྲུས་བརྩམས་པ་དང༌། མཐུ་དང་ལྡན་པ་དང༌། བརྩོན་འགྲུས་དང་ལྡན་པ་དང༌། སྤྲོ་བ་དང་ལྡན་པ་དང༌། བརྟུན་པ་བརྟན་པ་དང༌། བརྩོན་པ་མི་གཏོང་བ་ཞེས་བྱའོ། །རྣམ་པ་བདུན་ནི་ཕྱི་ཕྱིར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཤས་ཆེར་འདུན་པ་དང༌། སྨོན་པ་རྗེས་སུ་འཕེལ་བར་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་འདུན་པ་དང་ལྡན་པ་དང༌། བརྩོན་འགྲུས་གང་གིས་བྱང་ཆུབ་སེམས་དཔའ་དགེ་བའི་ཆོས་རྣམས་ལ་མཐུན་ཞིང་རྣལ་འབྱོར་དུ་གནས་པར་འགྱུར་ལ། ཉོན་མོངས་


DTG129_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ཉེ་བའི་ཉོན་མོངས་པ་གང་ཡང་རུང་བས་སེམས་ཉོན་མོངས་པ་ཅན་དུ་མ་གྱུར་ཞིང༌། ཀུན་ནས་དཀྲིས་པ་མེད་པའི་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་གང་མཐུན་པ་དང་ལྡན་པ་དང༌། ཉེ་བའི་ཉོན་མོངས་པ་གང་ཡང་རུང་བས་སེམས་ཉེ་བའི་ཉོན་མོངས་པ་ཅན་དུ་གྱུར་ཅིང༌། སེམས་ཀུན་ནས་དཀྲིས་པའི་ཉེ་བའི་ཉོན་མོངས་པ་དེ་སྤང་བའི་ཕྱིར་མགོ་ལ་མེ་འབར་བ་གསོད་པ་ལྟ་བུའི་བརྩོན་འགྲུས་གང་ཡིན་པ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཁྱད་པར་ཅན་དང༌། རིག་པའི་གནས་ཐམས་ཅད་ཡོངས་སུ་ཚོལ་བའི་ཕྱིར་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཚོལ་བ་དང༌། ཡོངས་སུ་བཙལ་བའི་ཆོས་དེ་དག་ཉིད་ལ་ཇི་ལྟར་མཐུན་པ་དང༌། ཇི་ལྟར་འོས་པར་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ནན་ཏན་གྱིས་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའི་བསླབ་པའི་བརྩོན་འགྲུས་དང༌། བྱང་ཆུབ་སེམས་དཔའི་ཕ་རོལ་གྱི་དོན་བྱེད་པའི་བརྩོན་འགྲུས་ནི་སྔ་མ་བཞིན་དུ་རྣམ་པ་བཅུ་གཅིག་ཏུ་བལྟ་བར་བྱའོ། །བདག་ཉིད་ཀྱི་ཡང་དག་པའི་སྦྱོར་བ་ཀུན་ནས་བསྲུང་བ་དང༌། འཁྲུལ་པ་ཆོས་བཞིན་དུ་ཕྱིར་འཆོས་པ་ནི་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་བདུན་པ་ཡིན་ཏེ། རྣམ་པ་བཅུ་གསུམ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་རྣམ་པ་ཐམས་ཅད་ཀྱི་བརྩོན་འགྲུས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕོངས་ཤིང་འདོད་པའི་བརྩོན་འགྲུས་དང༌། འདི་དང་གཞན་དུ་བདེ་བར་འགྱུར་བའི་བརྩོན་འགྲུས་ནི་བཟོད་པ་བཞིན་དུ་བལྟ་བར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ། དེར་བཟོད་པ་ཞེས་བྱ་བ་གང་ཡིན་པ་དེ་འདིར་བརྩོན་འགྲུས་མངོན་པར་སྤྲོ་བ་ཞེས་བརྗོད་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་བརྩོན་འགྲུས་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་བཅུར་རིག་པར་བྱ་སྟེ། འཚམ་པ་དང༌། གོམས་པ་དང༌། མི་གཡེལ་བ་དང༌། ལེགས་པར་ཟིན་པ་དང༌། དུས་སུ་གོམས་པར་བརྩོན་པ་དང༌། མཚན་མ་རྟོགས་པ་དང་ལྡན་པ་དང༌། ཞུམ་པ་མེད་པ་དང༌། མི་ལྡན་པ་མེད་པ་དང༌། སྙོམས་པ་དང༌། བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ཉེ་བའི་ཉོན་མོངས་པ་གང་དང་གང་གིས་ཤིན་ཏུ་གནོད་པར་གྱུར་པའི་ཉེས་པའི་ཉོན་མོངས་པ་དེ་དང་དེ་སྤང་བའི་ཕྱིར་འཚམ་


DTG129_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཉེན་པོ་བསྟེན་ཏེ། འདོད་པ་ལ་འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་སྒོམ་པ་དང༌། གནོད་སེམས་ཀྱི་གཉེན་པོར་བྱམས་པ་དང༌། གཏི་མུག་གི་གཉེན་པོར་རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་སྒོམ་པ་དང༌། རྣམ་པར་རྟོག་པའི་གཉེན་པོར་དབུགས་དབྱུང་བ་དང༌། རྔུབ་པ་དྲན་པ་དང༌། ང་རྒྱལ་གྱི་གཉེན་པོར་ཁམས་རབ་ཏུ་དབྱེ་བ་སྒོམ་པ་དང༌། དེ་ལྟ་བུ་དང་མཐུན་པ་རྣམས་ནི་བྱང་ཆུབ་སེམས་དཔའི་འཚམ་པའི་བརྩོན་འགྲུས་ཞེས་བྱའོ། །འདི་ལྟ་སྟེ་གདམས་པ་དང༌། རྗེས་སུ་བསྟན་པ་ལ་སེམས་གནས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ལས་ཐོག་མ་པའི་བརྩོན་འགྲུས་དང་ལྡན་པ་མ་ཡིན་ཏེ། སྦྱོར་བ་གོམས་པ་ཡིན་ཞིང༌། སྦྱོར་བ་འདྲིས་པ་འདི་ནི་བྱང་ཆུབ་སེམས་དཔའི་གོམས་པའི་བརྩོན་འགྲུས་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་གདམས་པ་དང༌། རྗེས་སུ་བསྟན་པ་ལ་སེམས་གནས་པ་ལས་བརྩམས་ཏེ། སྦྱོར་བ་ལ་གོམས་པ་མ་ཡིན་ཞིང༌། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཉིད་ཡིན་བཞིན་དུ། རྟག་ཏུ་གུས་པར་སྦྱོར་བའི་ཕྱིར། སྦྱོར་བ་དེ་ལ་མི་གཡེལ་བར་སྦྱོར་བ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་མི་གཡེལ་བའི་བརྩོན་འགྲུས་ཞེས་བྱའོ། །ཡང་བྱང་ཆུབ་སེམས་དཔའ་བླ་མ་རྣམས་ལས་སམ། བདག་ཉིད་ཀྱིས་མང་དུ་ཐོས་པའི་སྟོབས་བསྐྱེད་པས་ཕྱིན་ཅི་མ་ལོག་པར་ཟིན་པས་སེམས་གནས་པར་བྱ་བའི་ཕྱིར། བརྩོན་འགྲུས་རྩོམ་པ་འདི་ནི་བྱང་ཆུབ་སེམས་དཔའི་ལེགས་པར་ཟིན་པའི་བརྩོན་འགྲུས་ཞེས་བྱའོ། །ཡང་བྱང་ཆུབ་སེམས་དཔའ་དེ་ལྟར་ཕྱིན་ཅི་མ་ལོག་པར་ཟིན་པས་ཞི་གནས་ཀྱི་དུས་སུ་ནི་ཞི་གནས་སྒོམ་ལ། རབ་ཏུ་འཛིན་པའི་དུས་སུ་ནི་སེམས་རབ་ཏུ་འཛིན་ཅིང༌། བཏང་སྙོམས་ཀྱི་དུས་སུ་ནི་བཏང་སྙོམས་སྒོམ་པ་འདི་ནི་དེའི་དུས་སུ་བརྩོན་པའི་བརྩོན་འགྲུས་ཞེས་བྱའོ། །ཡང་བྱང་ཆུབ་སེམས་དཔའ་ཞི་གནས་དང༌། རབ་ཏུ་འཛིན་པ་དང༌། བཏང་སྙོམས་ཀྱི་མཚན་མ་རྣམས་དང་ཏིང་ངེ་འཛིན་ལ་འཇུག་པ་དང༌། ཏིང་ངེ་འཛིན་ལ་གནས་པ་དང༌། ལྡང་བའི་མཚན་མ་རྣམས་ཤེས་པ་དང༌། མི་བརྗེད་པ་དང༌། རྟོགས་པར་བྱ་བའི་ཕྱིར་རྟག་ཏུ་བྱེད་ཅིང༌། གུས་པར་བྱེད་པ་འདི་ནི་


DTG129_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་མཚན་མར་རྟོགས་པའི་བརྩོན་འགྲུས་ཞེས་བྱའོ། །ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་རྩོམ་པ་མཆོག་ཏུ་རྒྱ་ཆེ་ཞིང་མཆོག་ཏུ་ཟབ་ལ། བསམ་གྱིས་མི་ཁྱབ་ཅིང༌། དཔག་ཏུ་མེད་པ་དག་བསྟན་པ་ཐོས་ན། བདག་ཉིད་ལ་ཁྱད་དུ་མི་གསོད་ཅིང༌། སེམས་ཞུམ་པར་ཡང་མི་བྱེད་ལ། ཁྱད་པར་ཐོབ་པ་ཆུང་ངུ་ཙམ་དང༌། ངན་དོན་ཙམ་གྱིས་ཀྱང་ཆོག་པར་མི་འཛིན་ཏེ། གོང་དུ་མི་འབད་པར་མི་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་ཞུམ་པ་མེད་པའི་བརྩོན་འགྲུས་ཞེས་བྱའོ། །ཡང་བྱང་ཆུབ་སེམས་དཔའ་དུས་དུས་སུ་དབང་པོའི་སྒོ་རྣམས་སྲུང་ཞིང། ཟས་ཀྱི་ཚོད་རིག་པ་དང༌། ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་རྗེས་སུ་བརྩོན་པ་དང༌། ཤེས་བཞིན་དུ་གནས་པ་དང༌། དེ་ལྟ་བུ་དང་མཐུན་པའི་ཏིང་ངེ་འཛིན་གྱི་ཚོགས་རྣམས་ཡང་དག་པར་བླངས་ཏེ། འདུག་ཅིང་དེ་རྣམས་ལ་བརྩོན་པར་ཡང་བྱེད་ཅིང་ཕྱིན་ཅི་མ་ལོག་པའི་དོན་དང་ལྡན་པ་ཐམས་ཅད་ལ་འབད་པ་རྩོམ་པ་འདི་ནི་བྱང་ཆུབ་སེམས་དཔའི་མི་ལྡན་པ་མེད་པའི་བརྩོན་འགྲུས་ཞེས་བྱའོ། །ཡང་བྱང་ཆུབ་སེམས་དཔའ་ཧ་ཅང་ཡང་མི་ཞུམ། ཧ་ཅང་ཡང་བརྟུན་མི་ངས་པར་བརྩོན་འགྲུས་རྩོམ་སྟེ། སྦྱོར་བ་སྙོམས་པར་བྱེད་ཅིང༌། བརྩམ་པར་བྱ་བ་ཐམས་ཅད་ལ་སྙོམས་པར་གུས་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་སྙོམས་པའི་བརྩོན་འགྲུས་ཞེས་བྱའོ། །ཡང་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་རྩོམ་པ་མངོན་པར་འདུ་བྱེད་པ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི་བྱང་ཆུབ་སེམས་དཔའི་ཡང་དག་པའི་ཡོངས་སུ་བསྔོ་བའི་བརྩོན་འགྲུས་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས། བརྩོན་འགྲུས་ཀྱི་ངོ་བོ་ཉིད་ནས་རྣམ་པར་དག་པའི་བར་གྱི་བརྩོན་འགྲུས་འདི་དག་ནི་བྱང་ཆུབ་ཆེན་པོའི་འབྲས་བུ་འབྱུང་བ་སྟེ། དེ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་འཚང་རྒྱའོ། །བྱང་ཆུབ་སེམས་དཔའི་


DTG129_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

སའི་གཞིའི་རྣལ་འབྱོར་གྱི་གནས་ལས་བརྩོན་འགྲུས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།སྡོམ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ངོ་བོ་ཉིད་གང་ཞེ་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོས་པ་དང༌། བསམ་པ་སྔོན་དུ་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སེམས་རྩེ་གཅིག་པ་དགེ་བའི་སེམས་གནས་པ་ཞི་གནས་ཀྱི་ཕྱོགས་སམ། ལྷག་མཐོང་གི་ཕྱོགས་སམ། ཟུང་དུ་འབྲེལ་པར་འཇུག་པའི་ལམ་དེ་གཉི་གའི་ཕྱོགས་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ངོ་བོ་ཉིད་དུ་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ཐམས་ཅད་གང་ཞེ་ན། དེ་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། འཇིག་རྟེན་པའི་དང༌། འཇིག་རྟེན་ལས་འདས་པའིའོ། །དེ་ཡང་ཅི་རིགས་པར་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཚེ་འདི་ལ་བདེ་བར་གནས་པར་བྱ་བའི་བསམ་གཏན་དང༌། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཡོན་ཏན་སྒྲུབ་པའི་བསམ་གཏན་དང༌། སེམས་ཅན་གྱི་དོན་བྱ་བའི་བསམ་གཏན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ། ལུས་དང་སེམས་ཀྱིས་ཤིན་ཏུ་སྦྱངས་བ་སྐྱེད་པ། མཆོག་ཏུ་རབ་ཏུ་ཞི་བ། རློམ་སེམས་དང་བྲལ་བ། རོ་མྱང་བ་མེད་པ་དང༌། མཚན་མ་ཐམས་ཅད་དང་བྲལ་བ་གང་ཡིན་པ་འདི་ནི་དེ་དག་གི་ཚེ་འདི་ལ་བདེ་བར་གནས་པ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་སྟོབས་བཅུའི་རིགས་ཀྱིས་བསྡུས་པའི་ཏིང་ངེ་འཛིན་རྣམ་པ་སྣ་ཚོགས་བསམ་གྱིས་མི་ཁྱབ་ཅིང་ཚད་མེད་པ་སྒྲུབ་པར་བྱེད་པ་གང་ཡིན་པ་དང༌། ཏིང་ངེ་འཛིན་གང་དག་ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱིས་ཀྱང་མིང་ཡང་མི་ཤེས་ན་སྙོམས་པར་འཇུག་པར་ལྟ་ག་ལ་འགྱུར་བ་དང༌། བྱང་ཆུབ་སེམས་དཔའ་རྣམ་པར་ཐར་པ་དང༌། ཟིལ་གྱིས་ནོན་པའི་སྐྱེ་མཆེད་དང༌། ཟད་པར་གྱི་སྐྱེ་མཆེད་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་དང༌། ཉོན་མོངས་པ་མེད་པ་དང༌། སྨོན་གནས་ཤེས་པ་ལ་སོགས་པའི་ཡོན་ཏན་ཉན་ཐོས་དང༌།


DTG129_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་པ་རྣམས་མངོན་པར་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཡོན་ཏན་སྒྲུབ་པའི་བསམ་གཏན་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་སེམས་ཅན་གྱི་དོན་བྱ་བའི་བསམ་གཏན་ནི་རྣམ་པ་བཅུ་གཅིག་སྟེ། སྔ་མ་བཞིན་དུ་རིག་པར་བྱའོ། །བསམ་གཏན་གང་ལ་བརྟེན་ན། བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་བྱ་བ་དོན་དང་ལྡན་པ་དག་ལ་གྲོགས་སུ་འགྲོ་བ་དང༌། སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་སྡུག་བསྔལ་སེལ་བ་དང༌། རིགས་པར་སྟོན་པ་དང༌། བྱས་པ་གཟོ་ཞིང་བྱས་པ་ཚོར་བ་སྟེ། ཕན་འདོགས་པ་རྣམས་ལ་ལན་དུ་ཕན་འདོགས་པ་དང༌། འཇིགས་པ་རྣམས་ལས་སྲུང་བ་དང༌། སྡུག་བསྔལ་བར་གནས་པ་རྣམས་ཀྱི་མྱ་ངན་སེལ་བ་དང༌། ཡོ་བྱད་མེད་པ་རྣམས་ལ་ཡོ་བྱད་སྟོབས་པ་དང༌། ཡང་དག་པའི་འཁོར་ལེགས་པར་སྡུད་པ་དང༌། སེམས་དང་མཐུན་པར་འཇུག་པ་དང༌། ཡང་དག་པའི་ཡོན་ཏན་རྣམས་ཀྱིས་དགའ་བར་བྱེད་པ་དང༌། ལེགས་པར་ཚར་གཅོད་པ་དང༌། རྫུ་འཕྲུལ་གྱིས་སྐྲག་པར་བྱེད་པ་དང༌། འདུན་པར་བྱེད་པ་སྟེ། འདི་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ཐམས་ཅད་ཅེས་བྱ་སྟེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀའ་བའི་བསམ་གཏན་གང་ཞེ་ན། དེ་ནི་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་བསམ་གཏན་ལ་གནས་པ་མངོན་པར་སྒྲུབ་པ་རྒྱ་ཆེན་པོ་རྣམ་པ་སྣ་ཚོགས་ཤིན་ཏུ་འདྲེས་པ་དག་གིས་གནས་ནས། རང་དགར་བསམ་གཏན་གྱི་བདེ་བ་མཆོག་དེ་བཟློག་སྟེ། སོ་སོར་བརྟགས་ནས། སེམས་ཅན་རྣམས་ལ་སྙིང་བརྩེ་བས་སེམས་ཅན་གྱི་དོན་བྱ་བ་མང་པོ་དག་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཡང་དག་པར་མཐོང་ནས། འདོད་པའི་ཁམས་རྣམས་སུ་སྐྱེ་བར་བྱེད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀའ་བའི་བསམ་གཏན་དང་པོ་ཡིན་པར་རིག་པར་བྱའོ།། ཡང་བྱང་ཆུབ་སེམས་དཔའ་བསམ་གཏན་ལ་བརྟེན་ནས། བྱང་ཆུབ་སེམས་དཔའི་བསམ་གཏན་དཔག་ཏུ་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ་མངོན་པར་སྒྲུབ་པ་གང་ཡིན་པ་འདི་ནི། བྱང་ཆུབ་སེམས་དཔའི་དཀའ་བའི་


DTG129_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་གཉིས་པ་ཡིན་པར་རིག་པར་བྱའོ། །ཡང་བྱང་ཆུབ་སེམས་དཔའ་བསམ་གཏན་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་པ་གང་ཡིན་པ་འདི་ནི། བྱང་ཆུབ་སེམས་དཔའི་དཀའ་བའི་བསམ་གཏན་གསུམ་པ་ཡིན་པར་རིག་པར་བྱའོ། །དེ་ལ་ཐམས་ཅད་ཀྱི་སྒོ་ནས་བསམ་གཏན་གང་ཞེ་ན། རྣམ་པ་བཞིར་བལྟ་བར་བྱ་སྟེ། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་དང༌། དགའ་བ་དང་ལྡན་པ་དང༌། ཚིམ་པའི་བདེ་བ་དང་ལྡན་པ་དང༌། བཏང་སྙོམས་དང་ལྡན་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྐྱེས་བུ་དམ་པའི་བསམ་གཏན་གང་ཞེ་ན། དེ་ནི་རྣམ་པ་ལྔར་བལྟ་བར་བྱ་སྟེ། རོ་མྱང་བ་མེད་པ་དང༌། བྱམས་པ་དང་ལྡན་པ་དང༌། སྙིང་རྗེ་དང་ལྡན་པ་དང༌། དགའ་བ་དང་ལྡན་པ་དང༌། བཏང་སྙོམས་དང་ལྡན་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པ་ཐམས་ཅད་ཀྱི་བསམ་གཏན་གང་ཞེ་ན། དེ་ནི་རྣམ་པ་དྲུག་དང་རྣམ་པ་བདུན་ཏེ། གཅིག་ཏུ་བསྡུས་ན་རྣམ་པ་བཅུ་གསུམ་ཡོད་པར་རིག་པར་བྱ་སྟེ། དགེ་བའི་བསམ་གཏན་དང༌། སྤྲུལ་པ་སྤྲུལ་པའི་ཕྱིར་ལུང་དུ་མ་བསྟན་པའི་བསམ་གཏན་དང༌། ཞི་གནས་ཀྱི་ཕྱོགས་དང༌། ལྷག་མ་ཐོང་གི་ཕྱོགས་དང༌། བདག་དང་གཞན་གྱི་དོན་ལེགས་པར་ངེས་པར་བསམ་པའི་བསམ་གཏན་དང༌། མངོན་པར་ཤེས་པའི་མཐུ་ཡོན་ཏན་མངོན་པར་སྒྲུབ་པའི་བསམ་གཏན་དང༌། མིང་ལ་དམིགས་པ་དང༌། དོན་ལ་དམིགས་པ་དང༌། ཞི་གནས་ཀྱི་མཚན་མ་ལ་དམིགས་པ་དང༌། རབ་ཏུ་འཛིན་པའི་མཚན་མ་ལ་དམིགས་པ་དང༌། བཏང་སྙོམས་ཀྱི་མཚན་མ་ལ་དམིགས་པ་དང༌། ཚེ་འདི་ལ་བདེ་བར་གནས་པ་དང༌། གཞན་གྱི་དོན་བྱ་བའི་བསམ་གཏན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་རྣམ་པ་བཅུ་གསུམ་པོ་འདི་དག་ནི་རྣམ་པ་ཐམས་ཅད་ཀྱི་བསམ་གཏན་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཕོངས་ཤིང་འདོད་པའི་བསམ་གཏན་གང་ཞེ་ན། དེ་ནི་རྣམ་པ་བརྒྱད་དུ་བལྟ་བར་བྱ་སྟེ། དུག་དང༌། ཐོག་དང༌། རིམས་དྲག་པོ་དང༌། འབྱུང་པོ་དང༌། གདོན་ལ་སོགས་པའི་གནོད་པ་ཡང་དག་པར་ཞི་བ་སྒྲུབ་པའི་གསང་སྔགས་རྣམས་བྱིན་གྱིས་རློབ་པའི་བསམ་གཏན་དང༌། ཁམས་འཁྲུགས་པ་ལས་གྱུར་


DTG129_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནད་རྣམ་པ་སྣ་ཚོགས་རྣམ་པར་ཞི་བར་བྱེད་པའི་བསམ་གཏན་དང༌། མུ་གེའི་ངུ་འབོད་ཆེན་པོ་དག་འབྱུང་བའི་ཚེ་ཆར་སྒྲུབ་པར་བྱེད་པའི་བསམ་གཏན་དང༌། མི་དང་མི་མ་ཡིན་པས་བྱས་པའི་འཇིགས་པ་སྣ་ཚོགས་ཆུ་དང་སྐམ་ལ་ཡོད་པ་རྣམས་ལས་ལེགས་པར་ཡོངས་སུ་བསྐྱབ་པའི་བསམ་གཏན་དང༌། དེ་བཞིན་དུ་འབྲོག་དགོན་པ་ན་གནས་པ་ཟས་དང༌། སྐོམ་གྱིས་ཕོངས་པ་རྣམས་ལ་ཟས་དང་སྐོམ་ཉེ་བར་སྒྲུབ་པའི་བསམ་གཏན་དང༌། དབུལ་བ་ལོངས་སྤྱོད་མེད་པ་རྣམས་ཀྱི་ལོངས་སྤྱོད་ཉེ་བར་སྒྲུབ་པའི་བསམ་གཏན་དང༌། ཕྱོགས་བཅུ་དག་ན་སེམས་ཅན་བག་མེད་པ་རྣམས་ལ་ལེགས་པར་བསྐུལ་བའི་བསམ་གཏན་དང༌། སེམས་ཅན་གྱི་བྱ་བ་བྱུང་ངོ་ཅོག་ལེགས་པར་བྱ་བའི་བསམ་གཏན་ནོ། །དེ་ལ་བྱང་ཆུབ་སེམས་དཔའི་འདི་དང་གཞན་དུ་བདེ་བར་འགྱུར་བའི་བསམ་གཏན་གང་ཞེ་ན། དེ་ནི་རྣམ་པ་དགུར་བལྟ་བར་བྱ་སྟེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སེམས་ཅན་རྣམས་གདུལ་བའི་བསམ་གཏན་དང། ཀུན་རྗོད་པའི་ཆོ་འཕྲུལ་དང༌། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་སེམས་ཅན་རྣམས་གདུལ་བའི་བསམ་གཏན་དང༌། སྡིག་པ་བྱེད་པ་རྣམས་ལ་ངན་སོང་གིས་རྣམས་པར་སྟོན་པའི་བསམ་གཏན་དང༌། སེམས་ཅན་སྤོབས་པ་མེད་པར་གྱུར་པ་རྣམས་ལ་སྤོབས་པ་ཉེ་བར་སྒྲུབ་པའི་བསམ་གཏན་དང༌། སེམས་ཅན་བརྗེད་ངས་པ་རྣམས་ལ་དྲན་པ་ཉེ་བར་སྒྲུབ་པའི་བསམ་གཏན་དང༌། དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཕྱིན་ཅི་མ་ལོག་པའི་བསྟན་བཅོས་དང༌། སྙན་དངགས་དང༌། མ་མོ་སྦྱར་བའི་རྣམ་པར་གཞག་པའི་བསམ་གཏན་དང༌། འཇིག་རྟེན་པ་རྣམས་ཀྱི་བཟོ་དང་ལས་ཀྱི་གནས་དོན་དང་ལྡན་པ་སེམས་ཅན་རྣམས་ལ་ཕན་པ་རྣམས་དང༌། ཡི་གེ་དང་རྩིས་དང་ཤོད་དགོད་པ་དང་གྲངས་དང་ལག་རྩིས་ལ་སོགས་པ་དང༌། ཁྲི་དང་ཁྲིའུ་དང༌། གདུགས་དང༌། ལྷམ་ལ་སོགས་པ་དང༌། སྣོད་སྤྱད་རྣམ་པ་སྣ་ཚོགས་རྣམ་པ་མང་པོ་རྣམས་འབྱུང་བར་བྱེད་པའི་བསམ་གཏན་དང༌། སེམས་ཅན་ངན་སོང་གི་སར་སྐྱེས་པ་རྣམས་ཀྱི་ངན་སོང་གི་སྡུག་བསྔལ་དེའི་མོད་ལ་བསལ་བའི་ཕྱིར་འོད་ཟེར་འགྱེད་པའི་བསམ་གཏན་ནོ། །དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་བསམ་གཏན་གང་ཞེ་ན། དེ་ནི་རྣམ་པ་བཅུར་རིག་པར་བྱ་སྟེ། འཇིག་རྟེན་


DTG129_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དག་པས་རྣམ་པར་དག་བ་རོ་མྱང་བ་མེད་པའི་བསམ་གཏན་དང༌། འཇིག་རྟེན་ལས་འདས་པའི་དག་པས་རྣམ་པར་དག་པ་ཉོན་མོངས་པ་ཅན་མ་ཡིན་པའི་བསམ་གཏན་དང༌། སྦྱོར་བའི་དག་པས་དག་པ་དང༌། དངོས་གཞི་དག་པས་དག་པ་དང༌། དངོས་གཞི་ལས་ཁྱད་པར་གོང་མ་རྣམ་པར་དག་པས་རྣམ་པར་དག་པའི་བསམ་གཏན་དང༌། འཇུག་པ་དང༌། གནས་པ་དང༌། ལྡང་བ་ལ་དབང་བ་རྣམ་པར་དག་པས་རྣམ་པར་དག་པའི་བསམ་གཏན་དང༌། བསམ་གཏན་བཟློག་ན་ཡང་སྙོམས་པར་འཇུག་པ་ལ་དབང་བ་དག་པས་རྣམ་པར་དག་པའི་བསམ་གཏན་དང། མངོན་པར་ཤེས་པས་རྣམ་པར་འཕྲུལ་པ་ལ་དབང་བ་དག་པས་རྣམ་པར་དག་པའི་བསམ་གཏན་དང༌། ལྟ་བར་གྱུར་པ་ཐམས་ཅད་དང་བྲལ་བ་རྣམ་པར་དག་པས་རྣམ་པར་དག་པའི་བསམ་གཏན་དང༌། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བ་རྣམ་པར་དག་པས་རྣམ་པར་དག་པའི་བསམ་གཏན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་དཔག་ཏུ་མེད་པ་འདི་དག་ནི་བྱང་ཆུབ་ཆེན་པོའི་འབྲས་བུར་གྱུར་པ་སྟེ། དེ་དག་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་འཚང་རྒྱའོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་བསམ་གཏན་གྱི་ལེའུ་སྟེ་བཅུ་གསུམ་པའོ།། །།བམ་པོ་བཅུ་གཉིས་པ། སྡོམ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ངོ་བོ་ཉིད་གང་ཞེ་ན། ཤེས་བྱ་ཐམས་ཅད་ལ་འཇུག་པ་དང༌། ཤེས་བྱ་ཐམས་ཅད་ལ་ཞུགས་པ་དང༌། ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པ་གང་ཡིན་པ་དང༌། རིག་པའི་གནས་ལྔ་པོ་ནང་གི་རིག་པ་དང༌། གཏན་ཚིགས་ཀྱི་རིག་པ་དང༌། གསོ་བའི་རིག་པ་དང༌། སྒྲའི་རིག་པ་དང༌། བཟོ་དང་ལས་ཀྱི་གནས་ཀྱི་རིག་པ་ལ་དམིགས་ནས་འཇུག་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་


DTG129_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གང་ཞེ་ན། དེ་ནི་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། འཇིག་རྟེན་པའི་དང༌། འཇིག་རྟེན་ལས་འདས་པའིའོ། །དེ་ཡང་མདོར་བསྡུ་ན་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཤེས་བྱ་ལ་དེ་ཁོ་ན་ཁོང་དུ་ཆུད་ཅིང་རྟོགས་པར་བྱ་བ་དང༌། ཇི་སྐད་བསྟན་པའི་རིག་པའི་གནས་ལྔ་པོ་རྣམས་དང༌། ཚོགས་གསུམ་ལ་མཁས་པར་བྱ་བ་དང༌། སེམས་ཅན་གྱི་དོན་བྱ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་གང་ཆོས་བདག་མེད་པ་བརྗོད་དུ་མེད་པ་ལས་བརྩམས་ཏེ། བདེན་པ་རྟོགས་པར་བྱ་བའམ། བདེན་པ་རྟོགས་པའི་དུས་སམ། བདེན་པ་མངོན་པར་ཡང་དག་པར་རྟོགས་པ་ཡན་ཆད་མཆོག་ཏུ་རབ་ཏུ་ཞི་བར་ཉེ་བར་གནས་པ། རྣམ་པར་མི་རྟོག་པ་སྤྲོས་པ་ཐམས་ཅད་དང་བྲལ་བ། ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ། སྤྱིའི་མཚན་ཉིད་ཆེན་པོ་ལ་ཞུགས་པ། ཤེས་བྱའི་མཐར་ཕྱིན་པ། སྒྲོ་འདོགས་པ་དང༌། སྐུར་པ་འདེབས་པའི་མཐའ་གཉིས་རྣམ་པར་སྤངས་པའི་ཕྱིར། དབུ་མའི་ལམ་དུ་འགྲོ་བ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་ཁོ་ན་ཁོང་དུ་ཆུད་ཅིང་རྟོགས་པའི་ཤེས་རབ་ཡིན་པར་རིག་པར་བྱའོ། །རིག་པའི་གནས་ལྔ་ལ་མཁས་པ་ནི་རྒྱས་པར་སྔ་མ་བཞིན་དུ་འདི་ལྟ་སྟེ། སྟོབས་ཀྱི་རིགས་ཀྱི་ལེའུ་ལས་འབྱུང་བ་དང་འདྲ་བར་རིག་པར་བྱའོ། །ཚོགས་གསུམ་ནི་དོན་དང་ལྡན་པའི་ཆོས་རྣམས་ཀྱི་ཚོགས་དང་དོན་དང་མི་ལྡན་པའི་ཆོས་རྣམས་ཀྱི་ཚོགས་དང་དོན་དང་ལྡན་པ་ཡང་མ་ཡིན་དོན་དང་མི་ལྡན་པ་ཡང་མ་ཡིན་པའི་ཆོས་རྣམས་ཀྱི་ཚོགས་ཏེ། གནས་བརྒྱད་པོ་འདི་དག་ལ་ཤེས་རབ་ཀྱིས་མཁས་པ་ཡོངས་སུ་འཛིན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་ཡེ་ཤེས་ཀྱི་ཚོགས་ཆེན་པོ་གོང་ན་མེད་པ་ཡོངས་སུ་རྫོགས་པར་བྱེད་དོ། །སེམས་ཅན་གྱི་དོན་བྱ་བ་ནི་སྔ་མ་བཞིན་དུ་རྣམ་པ་བཅུ་གཅིག་ཁོ་ནར་རིག་པར་བྱ་སྟེ། གནས་དེ་དག་གི་ཤེས་རབ་གང་ཡིན་པ་དེ་ནི་སེམས་ཅན་གྱི་དོན་བྱ་བའི་ཤེས་རབ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་དཀའ་བའི་ཤེས་རབ་གང་ཞེ་ན། དེ་ནི་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། ཆོས་བདག་མེད་པ་ཟབ་མོ་ཤེས་པར་དཀའ་བ་དང༌། སེམས་ཅན་རྣམས་འདུལ་བའི་ཐབས་ཤེས་པར་དཀའ་བ་དང༌། ཤེས་བྱ་ཐམས་ཅད་ལ་སྒྲིབ་པ་མེད་པར་ཤེས་པ་མཆོག་ཏུ་


DTG129_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཐམས་ཅད་ཀྱི་སྒོ་ནས་ཤེས་རབ་གང་ཞེ་ན། དེ་ནི་རྣམ་པ་བཞིར་བལྟ་བར་བྱ་སྟེ། ཉན་ཐོས་ཀྱི་སྡེ་སྣོད་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་བརྩམས་ཏེ། ཐོས་པ་ལས་བྱུང་བའི་ཤེས་རབ་དང༌། བསམ་པ་ལས་བྱུང་བའི་ཤེས་རབ་དང༌། སོ་སོར་བརྟགས་ནས་བྱང་ཆུབ་སེམས་དཔའི་བྱ་བ་ལ་འཇུག་པ་དང༌། བྱ་བ་མ་ཡིན་པ་ལས་ལྡོག་པའོ། །སོ་སོར་བརྟགས་པའི་སྟོབས་ཀྱིས་བསྡུས་པའི་ཤེས་རབ་དང༌། བསྒོམ་པའི་སྟོབས་ཀྱིས་བསྡུས་པའི་མཉམ་པར་གཞག་པའི་སའི་ཤེས་རབ་ཚད་མེད་པའོ།། དེ་ལ་བྱང་ཆུབ་སེམས་དཔའ་སྐྱེས་བུ་དམ་པ་རྣམས་ཀྱི་སྐྱེས་བུ་དམ་པའི་ཤེས་རབ་གང་ཞེ་ན། དེ་ནི་རམ་པ་སྔར་བལྟ་བར་བྱ་སྟེ། དམ་པའི་ཆོས་མཉན་པས་ཡང་དག་པར་ཐོབ་པ་དང༌། སོ་སོར་ནང་གི་ཚུལ་བཞིན་ཡིད་ལ་བྱེད་པ་དང་ལྡན་པ་དང༌། བདག་དང་གཞན་གྱི་དོན་སྒྲུབ་པའི་ཐབས་དང་ལྡན་པ་དང། ཆོས་རྣམས་ཀྱི་ཆོས་གནས་པའི་ཆོས་རྣམ་པར་གནས་པ་ཕྱིན་ཅི་མ་ལོག་པ་ལས་བརྩམས་ཏེ། ཤིན་ཏུ་རྣམ་པར་དག་པ་གཏན་ལ་དབབ་པའི་ཤེས་རབ་དང༌། ཉོན་མོངས་པ་རྣམ་པར་སྤོང་བའི་ཤེས་རབ་བོ། །རྣམ་གྲངས་གཞན་ཡང་ཤེས་བྱ་ཇི་ལྟ་བར་ཡོད་པ་བཞིན་དུ་འཇུག་པའི་ཕྱིར་ཆ་ཕྲ་བ་དང༌། ཤེས་བྱ་ཇི་སྙེད་ཡོད་པ་ལ་འཇུག་པའི་ཕྱིར་མཁས་པ་དང༌། ཡེ་ཤེས་ཀྱི་ཚོགས་སྔར་ཡང་དག་པར་ཐོབ་པའི་ཕྱིར་ལྷན་ཅིག་སྐྱེས་པ་དང༌། སངས་རྒྱས་རྣམས་དང༌། ས་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡང་དག་པར་བསྟན་པའི་ཆོས་དང་དོན་ལེན་ཅིང་འཛིན་པའི་ཕྱིར་ལུང་དང་ལྡན་པ་དང༌། བསམ་པ་དག་པའི་ས་ཡན་ཆད་མཐར་ཐུག་པར་འགྲོ་བའི་ས་མན་ཆད་ཡོངས་སུ་བཟུང་བའི་ཕྱིར་རྟོགས་པ་དང་ལྡན་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པ་ཐམས་ཅད་ཀྱི་ཤེས་རབ་གང་ཞེ་ན། དེ་ནི་རྣམ་པ་དྲུག་དང་རྣམ་པ་བདུན་ཏེ། གཅིག་ཏུ་བསྡུས་ན་རྣམ་པ་བཅུ་གསུམ་ཡོད་པར་རིག་པར་བྱ་སྟེ། བདེན་པ་རྣམས་ལ་སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་བ་ཤེས་པ་དང༌། འགོག་པ་ཤེས་པ་དང༌། ལམ་ཤེས་པ་དང༌། མཐར་ཐུག་པ་ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པ་འདི་ནི་ཤེས་རབ་རྣམ་པ་དྲུག་གོ །རྣམ་པ་བདུན་ནི་ཆོས་ཤེས་


DTG129_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང། རྗེས་སུ་རྟོགས་པ་ཤེས་པ་དང༌། ཀུན་རྫོབ་ཤེས་པ་དང༌། མངོན་པར་ཤེས་པ་ཤེས་པ་དང༌། མཚན་ཤེས་པ་དང༌། སྟོབས་བཅུ་སྔོན་དུ་འགྲོ་བའི་ཤེས་པ་དང༌། རིག་པ་བཞི་པོ་དག་ལ་རིག་པ་ཤེས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཕོངས་ཤིང་འདོད་པའི་ཤེས་རབ་གང་ཞེ་ན། དེ་ནི་རྣམ་པ་བརྒྱད་དུ་བལྟ་བར་བྱ་སྟེ། ཆོས་རྣམས་ཀྱི་རྣམ་གྲངས་ཤེས་པ་ལས་བརྩམས་ཏེ། བྱང་ཆུབ་སེམས་དཔའི་ཆོས་སོ་སོ་ཡང་དག་པར་རིག་པ་དང༌། ཆོས་རྣམས་ཀྱི་མཚན་ཉིད་ཤེས་པ་ལས་བརྩམས་ཏེ། དོན་སོ་སོ་ཡང་དག་པར་རིག་པ་དང༌། ཆོས་རྣམས་ཀྱི་ངེས་པའི་ཚིག་ཤིས་པ་ལས་བརྩམས་ཏེ། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང༌། ཆོས་རྣམས་ཀྱི་རྣམ་པའི་གཞིའི་རབ་ཏུ་དབྱེ་བ་ལས་བརྩམས་ཏེ། སྤོབས་པ་སོ་སོ་ཡང་དག་པར་རིག་པ་དང༌། ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པ་བྱང་ཆུབ་སེམས་དཔའི་ཤེས་རབ་དང༌། བདག་གི་སྨྲ་བ་རྣམ་པར་གཞག་པ་ཐམས་ཅད་རྣམ་པར་འཇོག་པའི་ཤེས་རབ་དང༌། ཁྱིམ་བརྒྱུད་ལེགས་པར་བསྐྱང་བ་དང༌། ཁྱིམ་འབྱོར་བར་བྱ་བའི་ཤེས་རབ་དང༌། རྒྱལ་པོའི་ཚུལ་དང༌། འཇིག་རྟེན་པའི་ཐ་སྙད་ཀྱི་ཚུལ་རྣམས་ལ་བྱང་ཆུབ་སེམས་དཔའི་ངེས་པའི་ཤེས་རབ་བོ། །དེ་ལ་བྱང་ཆུབ་སེམས་དཔའི་འདི་དང་གཞན་དུ་བདེ་བར་འགྱུར་བའི་ཤེས་རབ་གང་ཞེ་ན། དེ་ནི་རྣམ་པ་དགུར་རིག་པར་བྱ་སྟེ། ནང་གི་རིག་པ་ལ་ཤིན་ཏུ་རྣམ་པར་བྱང་ཞིང་རབ་ཏུ་གནས་པའི་ཤེས་རབ་དང༌། གསོ་བའི་རིག་པ་དང༌། གཏན་ཚིགས་ཀྱི་རིག་པ་དང༌། སྒྲའི་རིག་པ་དང༌། འཇིག་རྟེན་པའི་བཟོ་དང༌། ལས་ཀྱི་གནས་ཀྱི་རིག་པ་ལ་ནི་ཤིན་ཏུ་རྣམ་པར་བྱང་ལ། རབ་ཏུ་གནས་པ་ནི་མ་ཡིན་པའི་ཤེས་རབ་དང༌། རིག་པ་རྣམ་པ་ལྔ་པོ་ཤིན་ཏུ་རྣམ་པར་བྱང་བ་དེ་དག་ཉིད་ལ་བརྟེན་ནས། གདུལ་བ་རྨོངས་པ་རྣམས་དང༌། བག་མེད་པ་རྣམས་དང༌། ཞུམ་པ་རྣམས་དང༌། ཡར་དག་པར་ཞུགས་པ་གཞན་དག་ལ་གོ་རིམས་བཞིན་དུ་ཡང་དག་པར་བསྟན་པ་དང། ཡང་དག་པར་འཛིན་དུ་གཞུག་པ་དང༌། ཡང་དག་པར་གཟེངས་བསྟོད་པ་དང༌། ཡང་དག་པར་དགའ་བར་བྱ་བའི་བྱང་ཆུབ་སེམས་དཔའི་ཤེས་རབ་གང་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་ཤེས་རབ་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་བཅུར་རིག་པར་བྱ་སྟེ།


DTG129_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཁོ་ནའི་དོན་ཇི་སྙེད་ཡོད་པ་དང༌། ཇི་ལྟར་ཡོད་པ་བཞིན་དུ་འཛིན་པའི་ཕྱིར་དེ་ཁོ་ནའི་དོན་རྣམ་པ་གཉིས་དང༌། རྒྱུ་དང་འབྲས་བུ་ལེགས་པར་འཛིན་པའི་ཕྱིར། འཇུག་པའི་དོན་རྣམ་པ་གཉིས་དང༌། ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་ལེན་པའི་དོན་རྣམ་པ་གཉིས་དང༌། བྱ་བ་དང་བྱ་བ་མ་ཡིན་པ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་ཐབས་ཀྱི་དོན་རྣམ་པ་གཉིས་དང༌། ཀུན་ནས་ཉོན་མོངས་པ་ལ་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ལ་རྣམ་པར་བྱང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་མཐར་ཐུག་པའི་དོན་ཀྱང་རྣམ་པ་གཉིས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་རྣམ་པ་ལྔ་པོ་རབ་ཏུ་དབྱེ་བ་བཅུ་པོ་འདི་དག་ནི་རྣམ་པར་དག་པ་མཆོག་གིས་རྣམ་པར་དག་པར་རིག་པར་བྱའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཤིན་ཏུ་རྣམ་པར་ངེས་ཤིང་དཔག་ཏུ་མེད་པའི་འདི་ནི་བྱང་ཆུབ་ཆེན་པོའི་འབྲས་བུར་འགྱུར་བ་སྟེ། དེ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །འདི་ནི་མདོ་སྡེ་གཞན་དེ་དང་དེ་དག་ཏུ་བཅོམ་ལྡན་འདས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ཐོར་བུ་ཐོར་བུ་བསྟན་པ་རྣམས་ཀྱི་མདོར་བསྡུས་ཏེ་བསྟན་པ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་གང་ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དག་བསྟན་པའམ། བཤད་པ་འབྱུང་བ་དེ་ནི་སྦྱིན་པའི་ངོ་བོ་ཉིད་ནས། རྣམ་པར་དག་པའི་སྦྱིན་པའི་བར་དུ་སྦྱར་བར་བྱ་སྟེ། དེའི་བསྡུ་བ་ཡང་ཅི་རིགས་པར་བྱའོ། །དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་ཤེས་རབ་ལ་ཐུགས་པ་ཇི་སྐད་བསྟན་པ་གཞན་དག་གི་སྦྱར་བ་དང་བསྡུ་བ་ཡང་ཅི་རིགས་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་དག་ཏུ་སྐྱེས་པའི་རབས་དཔག་ཏུ་མེད་པ་དཀའ་བ་སྤྱོད་པ་དང་ལྡན་པ་གང་ཡིན་པ་དེ་དག་ཐམས་ཅད་ལས་སྦྱིན་པ་དང་ལྡན་པ་རྣམས་ནི་སྦྱིན་པ་ལས་བརྩམས་པར་རིག་པར་བྱའོ། །སྦྱིན་པ་ཇི་ལྟ་བ་དེ་


DTG129_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་དང་ལྡན་པ་ཐམས་ཅད་ཀྱང་ཤེས་རབ་ལས་བརྩམས་པར་རིག་པར་བྱའོ། །ཁ་ཅིག་ནི་སྦྱིན་པ་ཁོ་ན་ལས་བརྩམས་པ་ནས། ཁ་ཅིག་ནི་ཤེས་རབ་ཁོ་ན་ལས་བརྩམས་པའི་བར་དང༌། ཁ་ཅིག་ནི་གཉིས་འདྲེས་པ་དང༌། ཁ་ཅིག་ནི་གསུམ་འདྲེས་པ་དང༌། ཁ་ཅིག་ནི་བཞི་འདྲེས་པ་དང༌། ཁ་ཅིག་ནི་ལྔ་འདྲེས་པ་དང༌། ཁ་ཅིག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ལས་བརྩམས་པར་རིག་པར་བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་ཐོབ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་དཀར་པོའི་ཆོས་ཀྱི་ཆུ་ཆེན་པོ་དང༌། དཀར་པོའི་ཆོས་ཀྱི་རྒྱ་མཚོ་ཆེན་པོ་ཞེས་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ཕུན་སུམ་ཚོགས་པའི་རྒྱུ་རིན་པོ་ཆེ་ཆེན་པོ་སྦྱིན་པ་ཡིན་ནོ། །དེ་ལྟར་དེ་དག་གིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་འགྲུབ་པ་དཔག་ཏུ་མེད་པ་དེའི་འབྲས་བུ་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་མཐུན་པ་ལྟ་བུ་གཞན་མེད་དོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་ཤེས་རབ་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།སྡོམ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙན་པར་སྨྲ་བའི་ངོ་བོ་ཉིད་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་ཡིད་དུ་འོང་བ་དང༌། བདེན་པ་དང༌། ཆོས་དང་མཐུན་པ་དོན་དང་ལྡན་པའི་ཚིག་སྨྲ་བ་འདི་ནི་མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙན་པར་སྨྲ་བའི་ངོ་བོ་ཉིད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙེན་པར་སྨྲ་བ་ཐམས་ཅད་གང་ཞེ་ན། དེ་ནི་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའི་ངག་གང་ཡང་དག་པར་དགའ་བར་བྱེད་པ་ནི། བྱང་ཆུབ་སེམས་དཔའ་ཁྲོ་གཉེར་མེད་ལ་གསོང་པོར་སྨྲ་ཞིང༌། བཞིན་གྱི་མདངས་འབྱིན་པ་འཛུམ་པ་སྔོན་དུ་གཏོང་ཞིང་ཚིག་གང་གིས་བདེ་བ་དང༌། བདེ་ལེགས་སུ་འགྱུར་བ་ཡོངས་སུ་འདྲི་བའམ། ཁམས་སྙོམས་པ་ཡོངས་སུ་འདྲི་བའམ། མཚན་མོ་དང༌། ཉིན་མོ་བདེ་བ་ཡོངས་སུ་འདྲི་བའམ། ཚུར་ཤོག་ལེགས་པར་འོངས་སོ་ཞེས་སྨྲ་བའམ། རྣམ་པ་དེ་ལྟ་བུ་ལ་


DTG129_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དག་གིས་འཇིག་རྟེན་པའི་ཚུལ་གྲོང་ཁྱེར་བ་ཉིད་དང༌། མཐུན་པར་འཇུག་ཅིང་སེམས་ཅན་རྣམས་སོ་སོར་ཡང་དག་པར་དགའ་བར་བྱེད་པ་དང༌། བྱང་ཆུབ་སེམས་དཔའི་ངག་གང་ཀུན་ཏུ་དགའ་བར་བྱེད་པ་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་གང་བདག་ཉིད་ཀྱི་འབྱོར་པ་ཁོང་དུ་མ་ཆུད་པ་རྣམས་ལ་བུ་འབྱོར་པའམ། ཆུང་མ་འབྱོར་པའམ། ཉེ་དུ་འབྱོར་པའམ། ནོར་འབྱོར་པའམ། འབྲུ་འབྱོར་པ་མཐོང་ན་བསྙད་ཅིང་ཀུན་ཏུ་དགའ་བར་བྱེད་པའམ། དད་པ་དང༌། ཚུལ་ཁྲིམས་དང༌། ཐོས་པ་དང༌། གཏོང་བ་དང༌། ཤེས་རབ་འབྱོར་པས་ཀུན་ཏུ་དགའ་བར་བྱེད་པ་དང༌། བྱང་ཆུབ་སེམས་དཔའི་ངག་གང་རྣམ་པ་ཐམས་ཅད་ཀྱི་ཡོན་ཏན་དང་ལྡན་པའི་ཆོས་སྟོན་པ་དང་ལྡན་པ་ནི་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར། རྟག་ཏུ་རྒྱུན་མི་འཆད་པ་ཉེ་བར་གནས་པ་དང༌། ཕན་པའི་མཆོག་གིས་ཕན་འདོགས་པར་གྱུར་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟན་པར་སྨྲ་བ་རབ་ཏུ་དབྱེ་བས་ཐམས་ཅད་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙན་པར་སྨྲ་བ་ཐམས་ཅད་ནི་མདོར་བསྡུ་ན་དེ་ནི་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། འཇིག་རྟེན་གྱི་ཚུལ་དང་ལྡན་པ་དང༌། ཡང་དག་པའི་ཆོས་བསྟན་པ་དང་ལྡན་པའོ། །དེ་ལ་ཡང་དག་པར་དགའ་བར་བྱེད་པའི་ངག་གང་ཡིན་པ་དང༌། ཀུན་ཏུ་དགའ་བར་བྱེད་པ་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་ཚུལ་དང་ལྡན་པར་རིག་པར་བྱའོ། །དེ་ལ་ངག་གང་དག་གིས་ཕན་འདོགས་པས་མཆོག་ཏུ་ཕན་འདོགས་པར་ཉེ་བར་གནས་པར་བསྟན་པ་གང་ཡིན་པ་དེ་ནི་ཡང་དག་པའི་ཆོས་བསྟན་པ་དང་ལྡན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་དཀའ་བའི་སྙན་པར་སྨྲ་བ་གང་ཞེ་ན། དེ་ནི་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་གསོད་པའི་དགྲ་ཕྱིར་རྒོལ་བ་རྣམས་ལ་ཤིན་ཏུ་རྣམ་པར་དག་ཅིང་སྐྱོན་མེད་པའི་སེམས་ཀྱིས་སོ་སོར་བརྟགས་ནས་ཡང་དག་པར་དགའ་བར་བྱེད་པའམ། ཀུན་ཏུ་དགའ་བར་བྱེད་པའམ། ཕན་པར་བྱ་བའི་ཚིག་བརྗོད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་དཀའ་བའི་སྙན་པར་སྨྲ་བ་དང་པོ་ཡིན་པར་རིག་པར་བྱའོ། །ཡང་བྱང་ཆུབ་སེམས་དཔའ་སེམས་ཅན་ཤེས་ཆེར་རྨོངས་ཤིང་དབང་པོ་རྟུལ་བ་རྣམས་


DTG129_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོ་སོར་བརྟགས་ནས། ཡོངས་སུ་ཡི་ཆད་པ་མེད་ཅིང༌། ཆོས་དང་མཐུན་པའི་གཏམ་བརྗོད་ཅིང་སྐྱོབ་དང་དུ་བླངས་ཏེ། རིག་པའི་ཆོས་དགེ་བ་འཛིན་དུ་འཇུག་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་དཀའ་བའི་སྙན་པར་སྨྲ་བ་གཉིས་པ་ཡིན་པར་རིག་པར་བྱའོ། །ཡང་བྱང་ཆུབ་སེམས་དཔའ་སེམས་ཅན་གཡོན་ཅན་དང་སྒྱུ་མ་མཁན་པོ་དང༌། སློབ་དཔོན་དང༌། བླ་མ་དང༌། ཡོན་གནས་སླུ་བར་བྱེད་པ། ལོག་པར་ཞུགས་པ་རྣམས་ལ་ཀུན་ནས་མནར་སེམས་ཀྱི་སེམས་མེད་པ་དང༌། ཁོང་ཁྲོ་བའི་སེམས་མེད་པར་ཡང་དག་པར་དགའ་བར་བྱེད་པ་དང༌། ཀུན་ཏུ་དགའ་བར་བྱེད་པ་དང༌། ཕན་པར་བྱ་བའི་ཚིག་བརྗོད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་དཀའ་བའི་སྙན་པར་སྨྲ་བ་གསུམ་པ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཐམས་ཅད་ཀྱི་སྒོ་ནས་སྙན་པར་སྨྲ་བ་གང་ཞེ་ན། དེ་ནི་རྣམ་པ་བཞིར་བལྟ་བར་བྱ་སྟེ། སྒྲིབ་པ་སྤང་བར་བྱ་བ་དང༌། བདེ་འགྲོར་སྐྱེ་བར་བྱ་བའི་ཕྱིར་སྔ་རོལ་དུ་བྱ་བའི་ཆོས་བསྟན་པ་དང༌། སྒྲིབ་པ་དང་བྲལ་ཞིང་སེམས་ཀྱི་ཉམས་བདེ་བ་དང་ལྡན་ཏེ་ཡང་དག་ཕུལ་གྱི་འཕགས་པའི་བདེན་པ་བཞི་དང་ལྡན་པའི་ཆོས་བསྟན་པ་དང༌། སེམས་ཅན་ཁྱིམ་པ་དང༌། རབ་ཏུ་བྱུང་བ་བག་མེད་པ་རྣམས་བག་མེད་པའི་སྤྱོད་པ་ལས་བསླང་སྟེ། བག་ཡོད་པའི་སྤྱོད་པ་ལ་དགོད་པའི་ཕྱིར་ཡང་དག་པར་བསྐུལ་བ་དང༌། ཐེ་ཚོམ་བྱུང་ངོ་ཅོག་བསལ་བའི་ཕྱིར་ཆོས་བསྟན་པ་དང༌། འབྲེལ་བའི་གཏམ་རྣམ་པར་ངེས་པར་བྱ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སྐྱེས་བུ་དམ་པ་རྣམས་ཀྱི་སྐྱེས་བུ་དམ་པའི་སྙན་པར་སྨྲ་བ་གང་ཞེ་ན། དེ་ནི་རྣམ་པ་ལྔར་བལྟ་བར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔར་གྱུར་པ་དང༌། དེ་བཞིན་གཤེགས་པར་གྱུར་པ་རྣམས་གླེང་གཞི་དང་བཅས་པ་དང༌། ངེས་པར་འབྱུང་བ་དང་བཅས་པ་དང༌། སྟོན་པ་དང་བཅས་པ་དང༌། རྟུལ་བ་དང་བཅས་པ་དང༌། ཆོ་འཕྲུལ་དང་བཅས་པའི་ཆོས་སྟོན་པ་སྟེ། བྱུང་བ་དང་བཅས་པའི་བསླབ་པའི་གཞིའི་གནས་སུ་འཆའ་བར་བྱེད་དེ། དེ་ལྟ་བས་ན་དེ་དག་གི་ཆོས་གླེང་གཞི་དང་བཅས་པ་ཡིན་ནོ། །ཡང་དག་པར་བླངས་པའི་བསླབ་པ་རྣམས་ལས་ཉེས་པ་བྱུང་བ་དག་ཉེས་པ་ལས་དབྱུང་བ་འཆའ་བར་བྱེད་དེ། དེ་ལྟ་བས་ན་དེ་དག་གི་ཆོས་ངེས་པར་འབྱུང་


DTG129_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་བཅས་པ་ཡིན་ནོ། །ཆོས་འདུལ་བ་འདི་ལ་སྟོན་པ་བཞིས་བསྡུས་པ་ཕྱིན་ཅི་མ་ལོག་པའི་སྒྲུབ་པ་འཆའ་བར་བྱེད་དེ། དེ་ལྟ་བས་ན་དེ་དག་ནི་ཆོས་སྟོན་པ་དང་བཅས་པ་ཡིན་ནོ། །སྡུག་བསྔལ་ཐམས་ཅད་ལས་ངེས་པར་འབྱིན་པའི་ཕྱིར་ཕྱིར་མི་ལྡོག་པའི་ལམ་ཡང་དག་པར་སྟོན་ཏེ། དེ་ལྟ་བས་ན་དེ་དག་གི་ཆོས་རྟུལ་བ་དང་བཅས་པ་ཡིན་ནོ། །བསྟན་པ་ཐམས་ཅད་ཆོ་འཕྲུལ་གསུམ་པོ་དེ་དག་གི་དོན་ཡོད་པར་བྱེད་དེ། དེ་ལྟ་བས་ན་དེ་དག་གི་ཆོས་ཆོ་འཕྲུལ་དང་བཅས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པ་ཐམས་ཅད་ཀྱི་སྙན་པར་སྨྲ་བ་གང་ཞེ་ན། དེ་ནི་རྣམ་པ་དྲུག་དང་རྣམ་པ་བདུན་ཏེ། གཅིག་ཏུ་བསྡུས་ན་རྣམ་པ་བཅུ་གསུམ་དུ་བལྟ་བར་བྱ་སྟེ། གནང་བར་བྱ་བའི་ཆོས་རྣམས་ལ་གནང་བའི་སྙན་པར་སྨྲ་བ་དང༌། དགག་པར་བྱ་བའི་ཆོས་རྣམས་ལ་དགག་པའི་སྙན་པར་སྨྲ་བ་དང༌། ཆོས་རྣམས་ཀྱི་ཆོས་ཀྱི་རྣམ་གྲངས་རྗོད་པར་བྱེད་པའི་སྙན་པར་སྨྲ་བ་དང། ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པ་རྗོད་པར་བྱེད་པ་དང༌། ཆོས་ཀྱི་ངེས་པའི་ཚིག་ཕྱིན་ཅི་ལོག་པ་རྗོད་པར་བྱེད་པ་དང༌། ཆོས་ཀྱི་ཚིག་གི་རྣམ་པ་བཞིའི་རབ་ཏུ་དབྱེ་བའི་རྗོད་པར་བྱེད་པའི་སྙན་པར་སྨྲ་བ་དང༌། ཡང་དག་པར་དགའ་བར་བྱེད་པའི་སྙན་པར་སྨྲ་བ་དང༌། ཀུན་ཏུ་དགའ་བར་བྱེད་པའི་སྙན་པར་སྨྲ་བ་དང༌། གཞན་དག་ཡོ་བྱད་ཐམས་ཅད་ལ་སྙིང་ལས་ཆུང་བར་བྱ་བ་དང༌། ཡང་དག་པར་རྟོགས་པའི་བྱ་བ་ཐམས་ཅད་ལ་སྙིང་ལས་ཆུང་བར་བྱ་བར་རྒྱ་ཆེར་སྟོབས་པའི་སྙན་པར་སྨྲ་བ་དང༌། འཇིགས་པ་རྣམ་པ་སྣ་ཚོགས་ཀྱིས་སྐྲག་པ་རྣམས་དབུགས་དབྱུང་བའི་སྙན་པར་སྨྲ་བ་དང༌། རིགས་པ་བསྟན་པས་བསྡུས་པའི་སྙན་པར་སྨྲ་བ་དང༌། མི་དགེ་བའི་གནས་ནས་བསླངས་ཏེ། དགེ་བའི་གནས་སུ་དགོད་པའི་ཕྱིར་ལེགས་པར་མཐོང་བ་དང༌། ཐོས་པ་དང༌། དོགས་པ་ལ་གླེང་ཞིང་སྨྲ་དབབ་པའི་སྙན་པར་སྨྲ་བ་དང༌། གཞན་ནུས་པ་ལ་བཅོལ་ཏེ་སྒྲུབ་པའི་སྙན་པར་སྨྲ་བ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པ་ཐམས་ཅད་ཀྱི་སྙན་པར་སྨྲ་བ་རྣམ་པ་བཅུ་གསུམ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕོངས་ཤིང་འདོད་པའི་སྙན་པར་སྨྲ་བ་གང་ཞེ་ན། དེ་ནི་རྣམ་པ་བརྒྱད་དུ་བལྟ་བར་བྱ་སྟེ། བྱང་ཆུབ་སེམས་དཔའི་ངག་རྣམ་པར་དག་པ་རྣམ་པ་བཞི་ལ་བརྟེན་


DTG129_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ནས། འཕགས་པའི་ཐ་སྙད་བརྒྱད་པོ་དག་གི་ངག་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕོངས་ཤིང་འདོད་པའི་སྙན་པར་སྨྲ་བ་ཞེས་བྱའོ། །དེ་ལ་ངག་རྣམ་པར་དག་པ་རྣམ་པ་བཞི་ནི་འདི་དག་ཡིན་ཏེ། བརྫུན་དུ་སྨྲ་བ་སྤངས་པ་དང༌། ཕྲ་མ་དང༌། ངག་རྩུབ་མོ་དང༌། ཚིག་འཁྱལ་པ་སྤངས་པའོ། །དེ་ལ་འཕགས་པའི་ཐ་སྙད་བརྒྱད་ནི་འདི་དག་ཡིན་ཏེ། མཐོང་བ་ལ་མཐོང་ཞེས་སྨྲ་བ་དང༌། ཐོས་པ་དང༌། བྱེ་བྲག་ཕྱེད་པ་དང༌། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་སོ་ཞེས་སྨྲ་བ་དང༌། མ་མཐོང་བ་ལ་མ་མཐོང་ཞེས་སྨྲ་བ་དང༌། མ་ཐོས་པ་དང༌། བྱེ་བྲག་མ་ཕྱེད་པ་དང༌། རྣམ་པར་མ་ཤེས་པ་ལ་རྣམ་པར་མ་ཤེས་ཞེས་སྨྲ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདི་དང་གཞན་དུ་བདེ་བར་འགྱུར་བའི་སྙན་པར་སྨྲ་བ་གང་ཞེ་ན། དེ་ནི་རྣམ་པ་དགུར་བལྟ་བར་བྱ་སྟེ། ཉེ་དུ་ལས་གྱུར་པའི་སྡུག་བསྔལ་གྱི་མྱ་ངན་བསང་བའི་ཕྱིར་སྙན་པར་སྨྲ་བ་དང༌། ལོངས་སྤྱོད་ཀྱིས་ཕོངས་པའི་སྡུག་བསྔལ་གྱི་མྱ་ངན་བསང་བ་དང། ནད་མེད་པས་ཕོངས་པའི་མྱ་ངན་བསང་བའི་ཕྱིར་སྙན་པར་སྨྲ་བ་དང༌། ཚུལ་ཁྲིམས་ཀྱིས་ཕོངས་པ་སྤངས་པ་དང༌། ལྟ་བས་ཕོངས་པ་སྤང་བའི་ཕྱིར་སྙན་པར་སྨྲ་བ་དང༌། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང༌། ལྟ་བ་ཕུན་སུམ་ཚོགས་པ་དང༌། ཆོ་ག་ཕུན་སུམ་ཚོགས་པ་དང༌། འཚོ་བ་ཕུན་སུམ་ཚོགས་པ་ལ་སྙན་པར་སྨྲ་བ་གང་ཡིན་པ་སྟེ། དམ་པའི་ཆོས་སྟོན་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་སྙན་པར་སྨྲ་བ་གང་ཞེ་ན། དེ་ནི་རྣམ་པ་ཉི་ཤུར་བལྟ་བར་བྱ་སྟེ། རྣམ་པ་ཉི་ཤུས་ཆོས་སྟོན་པ་གང་ཡིན་པའོ། །དེ་ཡང་འདི་ལྟ་སྟེ། སྟོབས་ཀྱི་རིགས་ཀྱི་ལེའུ་ལས་སྔར་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ལ་དོན་སྤྱོད་པ་ནི་སྙན་པར་སྨྲ་བ་ཇི་ལྟ་བ་དེ་བཞིན་དུ་ཡང་རྒྱས་པར་རིག་པར་བྱའོ། །དེ་ལས་བྱེ་བྲག་དུ་གྱུར་པའི་དོན་སྤྱོད་པ་གཞན་ཡང་བརྗོད་པར་བྱ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་རྣམ་པ་ཐམས་ཅད་ཀྱི་སྙན་པར་སྨྲ་བ་དེས་དེ་དང་ལྡན་ཞིང་དེ་དང་ལྡན་པའི་དོན་སེམས་ཅན་རྣམས་ལ་ཀུན་དུ་སྤྱོད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་སྤྱོད་པའི་ངོ་བོ་ཉིད་གང་ཞེ་ན། དེ་ལྟར་སྙན་པར་སྨྲ་བས་རིགས་པས་ཡང་དག་པར་བསྟན་པའི་སེམས་ཅན་རྣམས་ལ་སྙིང་རྗེའི་སེམས་ཉེ་བར་གཞག་སྟེ། ཟང་ཟིང་མེད་པའི་སེམས་ཀྱིས་བསླབ་པ་རྣམས་དང༌།


DTG129_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

དོན་སྤྱོད་པ་དང༌། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའི་ཚུལ་ཅི་རིགས་པར་ཡང་དག་པར་འཛིན་དུ་འཇུག་པ་དང༌། འདུལ་བ་དང༌། འཛུད་པ་དང༌། འགོད་པ་འདི་ནི་དོན་སྤྱོད་པའི་ངོ་བོ་ཉིད་མདོར་བསྟན་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་སྤྱོད་པ་ཐམས་ཅད་གང་ཞེ་ན། དེ་ནི་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། སེམས་ཅན་ཡོངས་སུ་མ་སྨིན་པ་རྣམས་ཡོངས་སུ་སྨིན་པར་བྱ་བ་དང༌། སེམས་ཅན་ཡོངས་སུ་སྨིན་པ་རྣམས་རྣམ་པར་དགྲོལ་བའོ། །དེ་ཡང་སྒོ་གསུམ་དུ་རིག་པར་བྱ་སྟེ། ཚེ་འདིའི་དོན་ཡང་དག་པར་འཛིན་དུ་གཞུག་པ་དང༌། ཚེ་ཕྱི་མའི་དོན་ཡང་དག་པར་འཛིན་དུ་གཞུག་པ་དང༌། ཚེ་འདི་དང་ཚེ་ཕྱི་མའི་དོན་ཡང་དག་པར་འཛིན་དུ་གཞུག་པའོ། །དེ་ལ་ཆོས་དང་མཐུན་པའི་ལས་ཀྱི་ཡོན་ཏན་དག་གིས་ལོངས་སྤྱོད་རྣམས་སྒྲུབ་པ་དང༌། བསྲུང་བ་དང༌། སྤེལ་བ་ཡང་དག་པར་འཛིན་དུ་གཞུག་པས། ཚེ་འདིའི་དོན་ཡང་དག་པར་འཛིན་དུ་འཇུག་པ་ཡིན་པར་རིག་པར་བྱ་སྟེ། དེས་ན་དེ་གཞན་ལས་བསྔགས་པ་ཡང་ཐོབ་ལ། ཚེ་འདི་ལ་ཡང་ཡོ་བྱད་ཀྱི་བདེ་བས་ཕན་བཏགས་པས་བདེ་བར་གནས་པར་འགྱུར་རོ། །དེ་ལ་ལོངས་སྤྱོད་སྤངས་ནས་སློང་མོ་པའི་བྱེད་ཚུལ་འཚོ་བ་ལ་རག་ལས་པའི་རབ་ཏུ་བྱུང་བ་ཡང་དག་པར་འཛིན་དུ་འཇུག་པ་དེ་ནི་ཚེ་ཕྱི་མའི་དོན་ཡང་དག་པར་འཛིན་དུ་འཇུག་པ་ཡིན་པར་རིག་པར་བྱ་སྟེ། དེས་ན་དེ་ཚེ་ཕྱི་མ་ལ་གདོན་མི་ཟ་བར་བདེ་བར་འགྱུར་གྱི་ཚེ་འདི་ལ་ནི་ངེས་པ་མེད་དོ། །དེ་ལ་ཁྱིམ་པའམ་རབ་ཏུ་བྱུང་བ་ཡང་རུང༌། རིམ་གྱིས་འདོད་ཆགས་དང་བྲལ་བར་འགྱུར་བ་ཡང་དག་པར་འཛིན་དུ་འཇུག་པ་གང་ཡིན་པ་འདི་ནི་ཚེ་འདི་དང་ཚེ་ཕྱི་མའི་དོན་ཡང་དག་པར་འཛིན་དུ་འཇུག་པ་ཡིན་པར་རིག་པར་བྱ་སྟེ། དེས་ན་དེ་ཚེ་འདི་ལ་ཡང་ལུས་ཤིན་ཏུ་སྦྱངས་པ་དང༌། སེམས་ཤིན་ཏུ་སྦྱངས་པ་དང༌། བདེ་བ་ལ་རེག་པར་གནས་པར་འགྱུར་ལ། ཚེ་ཕྱི་མ་ལ་ཡང་རྣམ་པར་དག་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བའམ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀའ་བའི་དོན་སྤྱོད་པ་གང་ཞེ་ན། དེ་ནི་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། སེམས་ཅན་སྔོན་དགེ་བའི་རྩ་བའི་རྒྱུ་མ་སྤྱད་པ་རྣམས་ལ་


DTG129_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དོན་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀའ་བ་ཡིན་ཏེ། འདི་ལྟར་དེ་དག་ནི་དགེ་བ་ཡང་དག་པར་འཛིན་དུ་གཞུག་པ་དཀའ་བའི་ཕྱིར་རོ། །སེམས་ཅན་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཆེན་པོ་ལ་གནས་ཤིང་དེ་ལ་ལྷག་པར་ཞེན་པར་གྱུར་པ་རྣམས་ལ་དོན་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀའ་བ་ཡིན་ཏེ། འདི་ལྟ་སྟེ་དེ་དག་ནི་བདག་མེད་པའི་གཞི་དང༌། བག་མེད་པའི་གནས་ཆེན་པོ་ལ་གནས་པའི་ཕྱིར་རོ། །འདི་ལས་ཕྱི་རོལ་པ་མུ་སྟེགས་ཅན་རྣམས་དང༌། སྔོན་མུ་སྟེགས་ཅན་གྱི་ལྟ་བ་སྤྱོད་སྤྱོད་པའི་སེམས་ཅན་རྣམས་ལ་དོན་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀའ་བ་ཡིན་ཏེ། འདི་ལྟར་དེ་དག་ནི་བདག་ཉིད་ཀྱིས་བླུན་པ་དང༌། ཆོས་འདུལ་བ་འདི་ལ་སྡང་བའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐམས་ཅད་ཀྱི་སྒོ་ནས་དོན་སྤྱོད་པ་གང་ཞེ་ན། དེ་ནི་རྣམ་པ་བཞིར་བལྟ་བར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་མ་དད་པ་ནི་དད་པ་ཕུན་སུམ་ཚོགས་པ་ཡང་དག་པར་འཛིན་དུ་འཇུག་པར་བྱེད་པ་ནས། འགོད་པའི་བར་དུ་བྱེད་པ་དང༌། ཚུལ་ཁྲིམས་འཆལ་པ་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང༌། ཤེས་རབ་འཆལ་པ་ནི་ཤེས་རབ་ཕུན་སུམ་ཚོགས་པ་དང༌། སེམས་སྣ་ཅན་ནི་གཏོང་པ་ཕུན་སུམ་ཚོགས་པ་ཡང་དག་པར་འཛིན་དུ་འཇུག་པར་བྱེད་པ་ནས་འགོད་པའི་བར་དུ་བྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྐྱེས་བུ་དམ་པའི་དོན་སྤྱོད་པ་གང་ཞེ་ན། དེ་ནི་རྣམ་པ་ལྔར་བལྟ་བར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཡང་དག་པའི་དོན་ཡང་དག་པར་འཛིན་དུ་འཇུག་པ་དང༌། དུས་སུ་ཡང་དག་པར་འཛིན་དུ་འཇུག་པ་དང༌། དོན་དང་ལྡན་པའི་དོན་ཡང་དག་པར་འཛིན་དུ་འཇུག་པ་དང༌། འཇམ་པོས་ཡང་དག་པར་འཛིན་དུ་འཇུག་པ་དང༌། བྱམས་པའི་སེམས་ཀྱིས་ཡང་དག་པར་འཛིན་དུ་འཇུག་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པ་ཐམས་ཅད་ཀྱི་དོན་སྤྱོད་པ་གང་ཞེ་ན། དེ་ནི་རྣམ་པ་དྲུག་དང་རྣམ་པ་བདུན་ཏེ། གཅིག་ཏུ་བསྡུས་ན་རྣམ་པ་བཅུ་གསུམ་དུ་བལྟ་བར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་བསྡུ་བར་བྱ་བ་རྣམས་ལེགས་པར་སྡུད་པ་དང༌། སེམས་ཅན་ཚར་གཅད་པར་བྱ་བ་རྣམས་ཡང་དག་པར་ཚར་གཅོད་པ་དང༌། སེམས་ཅན་བསྟན་པ་དང་ཞེ་


DTG129_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

འགྲས་པ་རྣམས་ཀྱི་ཞེ་འགྲས་པ་སེལ་བར་བྱེད་པ་དང༌། སེམས་ཅན་ཐ་མལ་པར་གནས་པ་རྣམས་བསྟན་པ་འདི་ལ་འཇུག་པར་བྱེད་པ་དང༌། སེམས་ཅན་ཞུགས་པ་རྣམས་ཐེག་པ་གསུམ་པོ་དག་ལ་ལེགས་པར་ཡོངས་སུ་སྨིན་པར་བྱེད་པ་དང༌། སེམས་ཅན་ཡོངས་སུ་སྨིན་པ་རྣམས་རྣམ་པར་གྲོལ་བར་བྱེད་པ་དང༌། དེ་དག་ཁ་ཅིག་འདི་ལྟ་སྟེ། ཐེག་པ་དམན་པས་ངེས་པར་འབྱུང་བ་ལས་བརྩམས་པ་དང༌། ཐེག་པ་ཆེན་པོས་ངེས་པར་འབྱུང་བ་ལས་བརྩམས་ཏེ། ཚོགས་བསྲུང་བ་དང༌། བསགས་པ་ལ་ཡང་དག་པར་འཛུད་པ་དང༌། ཚོགས་བསྲུང་ཞིང་བསགས་པ་ཇི་ལྟ་བ་དེ་བཞིན་དུ་རབ་ཏུ་དབེན་པ་ཉིད་དང༌། སེམས་རྩེ་གཅིག་ཏུ་བྱ་བ་དང༌། སྒྲིབ་པ་རྣམ་པར་དག་པར་བྱ་བ་དང༌། ཡིད་ལ་བྱེད་པ་སྒོམ་པ་ལ་ཡང་དག་པར་འཛུད་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་རིགས་ཅན་རྣམས་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་འཛུད་པ་དང༌། དེ་བཞིན་གཤེགས་པའི་རིགས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཐེག་པ་ལ་ཡང་དག་པར་འཛུད་པའོ། །དེ་ལ་དེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕོངས་ཤིང་འདོད་པའི་དོན་སྤྱོད་པ་གང་ཞེ་ན། དེ་ནི་རྣམ་པ་བརྒྱད་དུ་བལྟ་བར་བྱ་སྟེ། སེམས་ཅན་ངོ་ཚ་བར་བྱ་བའི་གནས་རྣམས་ལ་ངོ་ཚ་བ་མེད་པའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པ་རྣམས་ཀྱི་ངོ་ཚ་མེད་པའི་ཀུན་ནས་དཀྲིས་པ་སེལ་བར་བྱེད། སྤོང་བར་བྱེད་པ་དང༌། ངོ་ཚ་མེད་པའི་ཀུན་ནས་དཀྲིས་པ་ཇི་ལྟ་བདེ་བཞིན་དུ་ཁྲེལ་ཡོད་པར་བྱ་བ་རྣམས་ལ་ཁྲེལ་མེད་པའི་ཀུན་ནས་དཀྲིས་པ་དང༌། རྨུགས་པའི་ཀུན་ནས་དཀྲིས་པ་དང༌། གཉིད་ཀྱི་ཀུན་ནས་དཀྲིས་པ་དང༌། རྒོད་པའི་ཀུན་ནས་དཀྲིས་པ་དང༌། འགྱོད་པའི་ཀུན་ནས་དཀྲིས་པ་དང༌། ཕྲག་དོག་གི་ཀུན་ནས་དཀྲིས་པ་དང༌། སེར་སྣའི་ཀུན་ནས་དཀྲིས་པ་སེལ་བར་བྱེད། སྤོང་བར་བྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་འདི་དང་གཞན་དུ་བདེ་བར་འགྱུར་བའི་དོན་སྤྱོད་པ་གང་ཞེ་ན། དེ་ནི་རྣམ་པ་དགུར་བལྟ་བར་བྱ་སྟེ། སེམས་ཅན་གཞན་དག་གི་ལུས་ཀྱི་ལས་ཡོངས་སུ་དག་པར་བྱ་བ་ལས་བརྩམས་ཏེ། སྲོག་གཅོད་པའི་རྣམ་པ་ཐམས་ཅད་སྤང་བ་ཡང་དག་པར་འཛིན་དུ་འཇུག་པ་དང༌། མ་བྱིན་པར་ལེན་པའི་རྣམ་པ་ཐམས་ཅད་སྤང་བ་ཡང་


DTG129_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་འཛིན་དུ་འཇུག་པ་དང༌། འདོད་པ་ལ་ལོག་པར་གཡེམ་པའི་རྣམ་པ་ཐམས་ཅད་སྤང་བ་ཡང་དག་པར་འཛིན་དུ་འཇུག་པ་དང༌། འབྲུའི་ཆད་དང༌། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་རྣམ་པ་ཐམས་ཅད་སྤང་བ་ཡང་དག་པར་འཛིན་དུ་འཇུག་པ་དང༌། ངག་གི་ལས་ཡོངས་སུ་དག་པར་བྱ་བ་ལས་བརྩམས་ཏེ། བརྫུན་དུ་སྨྲ་བའི་རྣམ་པ་ཐམས་ཅད་སྤང་བ་ཡང་དག་པར་འཛིན་དུ་འཇུག་པ་དང༌། ཕྲ་མའི་རྣམ་པ་ཐམས་ཅད་སྤང་བ་ཡང་དག་པར་འཛིན་དུ་འཇུག་པ་དང༌། ཚིག་རྩུབ་པའི་རྣམ་པ་ཐམས་ཅད་སྤང་བ་ཡང་དག་པར་འཛིན་དུ་འཇུག་པ་དང༌། ཚིག་ཀྱལ་པའི་རྣམ་པ་ཐམས་ཅད་སྤང་བ་ཡང་དག་པར་འཛིན་དུ་འཇུག་པ་དང༌། ཡིད་ཀྱི་ལས་ཡོངས་སུ་དག་པར་བྱ་བ་ལས་བརྩམས་ཏེ། བརྣབ་སེམས་དང༌། གནོད་སེམས་དང༌། ལོག་པར་ལྟ་བའི་རྣམ་པ་ཐམས་ཅད་སྤང་བ་ཡང་དག་པར་འཛིན་དུ་འཇུག་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་དོན་སྤྱོད་པ་གང་ཞེ་ན། དེ་ནི་རྣམ་པ་བཅུར་བལྟ་བར་བྱ་སྟེ། ཕྱི་རོལ་དག་པ་ལས་བརྟེན་ཏེ་རྣམ་པ་ལྔ་དང༌། ནང་དག་པ་ལས་བརྟེན་ཏེ་རྣམ་པ་ལྔའོ། །དེ་ལ་ཕྱི་རོལ་དག་པ་ལས་བརྟེན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་རྣམས་ལ་དོན་སྤྱོད་པ་རྣམ་པ་གང་ཞེ་ན། ཁ་ན་མ་ཐོ་བ་མེད་པ་དང༌། ཕྱིན་ཅི་མི་ལྡོག་པ་དང༌། རིམས་སུ་འབབ་པ་དང༌། ཀུན་དུ་འགྲོ་བ་དང༌། མཐུན་མཐུན་དུ་སྦྱོར་བ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཉེས་པར་སྤྱོད་པ་དང་འདྲེས་ཤིང་ཉེས་པར་སྤྱོད་པ་སྔོན་དུ་འགྲོ་བ་ཁ་ན་མ་ཐོ་བ་དང་བཅས་ཤིང༌། ཀུན་ནས་ཉོན་མོངས་པ་ཅན་གྱི་མི་དགེ་བ་ལ་སེམས་ཅན་རྣམས་འཛུད་པར་མི་བྱེད་དེ། འདི་ནི་དེའི་སེམས་ཅན་རྣམས་ལ་དོན་སྤྱོད་པ་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའ་ནི་ཐར་པ་མ་ཡིན་པ་དང༌། གཅིག་ཏུ་ངེས་པར་རྣམ་པར་དག་པ་མ་ཡིན་པའི་གནས་ལ་འདི་ནི་ཐར་པའོ། །འདི་ནི་གཅིག་ཏུ་ངེས་པར་རྣམ་པར་དག་པའོ། །ཞེས་སེམས་ཅན་རྣམས་དེ་ཉིད་ལ་ཡང་དག་པར་འཛིན་དུ་འཇུག་པར་མི་བྱེད་དེ་འདི་ནི་དེའི་སེམས་ཅན་རྣམས་ལ་དོན་སྤྱོད་པ་ཕྱིན་ཅི་མི་ལྡོག་པ་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའ་ནི་རིམ་གྱིས་དགེ་བའི་ཕྱོགས་ཡང་དག་པར་འགྲུབ་པར་བྱ་བའི་ཕྱིར། སེམས་ཅན་བྱིས་པའི་ཤེས་རབ་ཅན་རྣམས་ལ་ཐོག་མར་སླ་བའི་


DTG129_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྟོན་པར་བྱེད་ཅིང་སླ་བའི་གདམས་ངག་དང༌། རྗེས་སུ་བསྟན་པ་རྗེས་སུ་འཇུག་པར་བྱེད་དོ། །དེ་དག་ཤེས་རབ་འབྲིང་དང་ལྡན་པར་གྱུར་པར་རྟོགས་ནས། ཆོས་བསྟན་པ་འབྲིང་དང༌། གདམས་ངག་དང༌། རྗེས་སུ་བསྟན་པ་འབྲིང་རྗེས་སུ་འཇུག་པར་བྱེད་དོ། །དེ་དག་ཤེས་རབ་རྒྱ་ཆེན་པོ་དང་ལྡན་པར་གྱུར་པར་རྟོགས་ནས་ཆོས་ཟབ་མོ་སྟོན་ཅིང༌། གདམས་ངག་དང་རྗེས་སུ་བསྟན་པ་ཕྲ་བ་རྗེས་སུ་འཇུག་པར་བྱེད་དེ། འདི་ནི་དེའི་སེམས་ཅན་རྣམས་ལ་དོན་སྤྱོད་པ་རིམས་སུ་འབབ་པ་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའ་ནི་རིགས་བཞི་དང༌། ལྷ་དང་མི་རྣམས་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་ཅི་ནུས་ཅི་ལྕོགས་ཀྱིས་སྤྱོད་ཅིང༌། ཕན་པ་དང༌། བདེ་བ་ཡོངས་སུ་ཚོལ་བ་དང༌། དེ་ཉིད་ལ་ཡང་དག་པར་འཛུད་པར་བྱེད་དེ། འདི་ནི་དེའི་སེམས་ཅན་རྣམས་ལ་དོན་སྤྱོད་པ་ཀུན་དུ་འགྲོ་བ་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གང་དག་རང་གི་དོན་དགེ་བ་ཆུང་ངུའམ། འབྲིང་ངམ། ཆེན་པོ་གང་ལ་ཡང་དག་པར་གཟུང་བར་ནུས་པ་དང༌། ཐབས་གང་གིས་ཡང་དག་པར་གཟུང་བར་ནུས་པ་དེ་ལ་དེ་དག་མཐུན་མཐུན་དུ་དེར་ཡང་དག་པར་འཛུད་པར་བྱེད་དེ་དེ་ནི་རེ་ཞིག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་སྤྱོད་པའི་ཕྱི་རོལ་དག་པ་རྣམ་པ་ལྔ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་རྣམས་ཀྱི་དོན་སྤྱོད་པ་ནང་དག་པ་རྣམ་པ་ལྔ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་སྙིང་རྗེའི་བསམ་པ་རྒྱ་ཆེན་པོས་ཉེ་བར་གནས་པས་སེམས་ཅན་རྣམས་ལ་དོན་ཀུན་དུ་སྤྱོད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ཀྱི་དོན་ལ་སྡུག་བསྔལ་ཐམས་ཅད་ཀྱིས་ངལ་བར་གྱུར་ཀྱང་ཡིད་ཡོངས་སུ་མི་སྐྱོ་ཞིང་རབ་ཏུ་དགའ་བ་ཁོ་ནས་སེམས་ཅན་རྣམས་ཀྱི་དོན་ཀུན་དུ་སྤྱོད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་ཕུན་སུམ་ཚོགས་པ་མཆོག་དམ་པ་ལ་གནས་ཀྱང་བྲན་དང་འདྲ་བ་དང༌། མངག་གཞུག་པ་དང༌། འདྲ་བ་དང༌། དབང་བ་དང་འདྲ་བ་དང༌། བུ་དང་འདྲ་བ་དང༌། གདོལ་བའི་བུ་དང་འདྲ་བར་རྒྱགས་པ་དང༌། ཁེངས་པ་དང༌། ང་རྒྱལ་བཅོམ་ནས་དམའ་བའི་སེམས་ཀྱིས་སེམས་ཅན་རྣམས་ཀྱི་དོན་ཀུན་དུ་སྤྱོད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་ཟང་ཟིང་མེད་པ་དང༌། བཅོས་མ་


DTG129_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་དང༌། མཆོག་ཏུ་བྱམས་པས་སེམས་ཅན་རྣམས་ཀྱི་དོན་ཀུན་དུ་སྤྱོད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་གཏན་དུ་ཕྱིར་མི་ལྡོག་པའི་བྱམས་པའི་སེམས་ཀྱིས་སེམས་ཅན་རྣམས་ཀྱི་དོན་ཀུན་དུ་སྤྱོད་དེ། འདི་ནི་བྱང་ཆུབ་སེམས་དཔའི་སེམས་ཅན་རྣམས་ཀྱི་དོན་སྤྱོད་པ་ནང་དག་པ་རྣམ་པ་ལྔ་ཡིན་པར་རིག་པར་བྱ་སྟེ། ཕྱི་རོལ་དག་པ་རྣམ་པ་ལྔ་པོ་གང་ཡིན་པ་དང༌། ནང་དག་པ་རྣམ་པ་ལྔ་པོ་གང་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་དག་པའི་དོན་སྤྱོད་པ་རྣམ་པ་བཅུ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་དོན་མཐུན་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་དོན་གང་དང༌། དགེ་བའི་རྩ་བ་གང་ལ་གཞན་དག་ཡང་དག་པར་འཇུད་པའི་དོན་དེ་དང༌། དགེ་བའི་རྩ་བ་དེ་ལ་མཚུངས་པའམ། ལྷག་པར་བདག་ཉིད་ཡང་དག་པར་སྟོན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའི་གཞན་དག་དང་དོན་མཚུངས་པ་གང་ཡིན་པ་འདི་ནི་དོན་མཐུན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་དོན་མཐུན་པ་དེ་ལྟ་བུ་ལ་གཞན་དག་གིས་མཐོང་ན། དགེ་བ་ཡང་དག་པར་བླངས་པ་དེ་ལ་བརྟེན་ཅིང་ངེས་ཏེ། ཕྱིར་མི་ལྡོག་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་འདི་སྙམ་དུ་སེམས་པར་འགྱུར་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་འདིས་གང་ཁོ་ན་ལ་བདག་ཅག་ཡང་དག་པར་བཅུད་པ་དེ་ཉིད་ལ། བདག་ཉིད་ཀྱིས་ཀྱང་ཀུན་ཏུ་སྤྱོད་པར་བྱེད་པ་ལས་ན། བྱང་ཆུབ་སེམས་དཔའ་འདིས་བདག་ཅག་གང་ལ་ཡང་དག་པར་བཙུད་པ་འདི་ནི་བདག་ཅག་ལ་ཕན་པ་དང༌། འདི་ནི་བདེ་བ་ཡིན་གོར་མ་ཆག་སྟེ། འདི་ནི་ཤེས་བཞིན་དུ་ཕན་པ་མ་ཡིན་པ་དང༌། བདེ་བ་མ་ཡིན་པ་ལ་བདག་ཉིད་ཀུན་དུ་སྤྱོད་པར་བྱེད་པ་ནི་མི་སྲིད་དོ་སྙམ་དུ་སེམས་དཔའི་ཕྱིར་རོ། །དོན་མཐུན་པའི་བྱང་ཆུབ་སེམས་དཔའ་དེ་ལ་ནི་ཕ་རོལ་སྨྲ་བ་དེ་དག་ཀྱང་འདི་སྐད་དུ་ཁྱེད་བདག་ཉིད་ཀྱང་དགེ་བ་ཡང་དག་པར་བླངས་ཏེ། མི་འདུག་ན་ཅིའི་ཕྱིར་ཁྱོད་གཞན་དགེ་བ་ལ་ཤིན་ཏུ་ཡང་དག་པར་གཟུང་བར་བྱ་བ་དང༌། བསྟན་པར་བྱ་བ་དང༌། གདམས་པར་བྱ་བར་སེམས། ཁྱོད་ཉིད་ཀྱང་རེ་ཞིག་གཞན་དག་གིས་བསྟན་ཅིང་གདམས་པ་དང་བཅོས་དགོས་སོ་ཞེས་མི་ཟེར་རོ། །བྱང་ཆུབ་སེམས་དཔའ་ནི་གཞན་དག་དང་དོན་མཐུན་པ་ཁོ་ན་ཡིན་ལ། དོན་མཐུན་པ་དེ་གཞན་


DTG129_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་སྟོན་པར་མི་བྱེད་པ་ཡང་ཡོད་དོ། །དོན་མཐུན་པ་ཁོ་ན་ནི་མ་ཡིན་ལ། དོན་མཐུན་པ་སྟོན་པ་ཡང་ཡོད་དོ། །དོན་མཐུན་པ་ཁོ་ན་ནི་ཡིན་ལ། དོན་མཐུན་པར་སྟོན་པར་མི་བྱེད་པ་ཡང་ཡོད་དོ། །དེ་ལ་མུ་དང་པོ་ནི་བྱང་ཆུབ་སེམས་དཔའ་ཡོན་ཏན་དང་མཐུ་མཉམ་ཞིང། བྱང་ཆུབ་སེམས་དཔའི་ལམ་ལ་སློབ་དཔོན་དུ་ཁས་བླངས་པ་རྣམས་ལ། བྱང་ཆུབ་སེམས་དཔའ་ཡོན་ཏན་དང་མཐུ་མཉམ་པས། དགེ་བ་མི་སྤྱོམས་པས་ཡོན་ཏན་དང་མཐུ་སྟོན་པར་མི་བྱེད་པའོ། །མུ་གཉིས་པ་ནི་སེམས་ཅན་དམན་པ་ལ་མོས་ཤིང༌། ཟབ་མོའི་གནས་དག་ལ་སྐྲག་པ་རྣམས་ལ། བྱང་ཆུབ་སེམས་དཔའ་སོ་སོར་བརྟགས་ནས་སེམས་ཅན་དེ་དག་ལ་ཐབས་དེས་གདུལ་བའི་ཕྱིར་བདག་ཉིད་ཆོས་མཐུན་པར་སྟོན་པར་བྱེད་དེ། རིགས་ངན་ཡན་ཆད་དང༌། ཁྱི་ཡན་ཆད་ཀྱི་དོན་བྱ་བར་འདོད། གནོད་པ་ཡང་དག་པར་ཞི་བར་བྱ་བར་འདོད། གདུལ་བར་བྱ་བར་འདོད་དེ། རིགས་ངན་ཡན་ཆད་དང༌། ཁྱི་ཡན་ཆད་དག་དང༌། སྐལ་བ་མཉམ་པར་བསམས་བཞིན་དུ་སྐྱེ་བར་བྱེད་པའོ། །མུ་གསུམ་པ་ནི་འདུལ་བ་དགེ་བའི་རྩ་བ་ཡང་དག་པར་བླངས་པར་གྱུར་པ་རྣམས་བསྟན་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་དོན་མཐུན་པའམ། དོན་ལྷག་པས་དོན་མཐུན་པར་སྟོན་པའོ། །མུ་བཞི་པ་ནི་བདག་ཉིད་ཀྱང་བག་མེད་ལ། གཞན་གྱི་དོན་ཡང་ཡལ་བར་འདོར་བའོ། །དེ་ལ་སྦྱིན་པ་རྣམ་པ་དུ་མར་བསྟན་པ་གང་ཡིན་པ་དང༌། ཚུལ་ཁྲིམས་གང་ཡིན་པ་ནས་དོན་མཐུན་པ་གང་ཡིན་པའི་བར་དུ་རྒྱ་ཆེར་བསྟན་པ་དེ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་ནི་བདག་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་དོ། །བསྡུ་བའི་དངོས་པོ་རྣམས་ཀྱིས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་དོ། །མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་ཆོས་རྣམས་ཀྱི་ལས་ནི་དེ་ཡིན་པར་རིག་པར་བྱའོ། །དེ་ལ་སྦྱིན་པ་རྣམ་པ་དུ་མ་གང་ཡིན་པ་ནས་སྔ་མ་བཞིན་དུ་དོན་མཐུན་པའི་བར་གྱི་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམ་པ་དུ་མ་དཔག་ཏུ་མེད་པ་དེ་དག་ནི་རྒྱུ་གསུམ་གྱིས་ཀུན་དུ་སྤྱོད་པར་རིག་པར་བྱའོ། །རྒྱུ་གཉིས་ཀྱིས་ཕུལ་དུ་བྱུང་བར་རིག་པར་བྱའོ། །རྒྱུ་གསུམ་གྱིས་ནི་རྣམ་པར་དག་པར་རིག་པར་བྱ་སྟེ། ལུས་དང་ངག་དང་ཡིད་ཀྱིས་ནི་ཀུན་དུ་སྤྱོད་པར་རིག་


DTG129_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །རྒྱ་ཆེ་བའི་ཕྱིར་དང༌། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་ཕུལ་དུ་བྱུང་བ་དང༌། བླ་ན་མེད་པ་དང༌། ཐུན་མོང་མ་ཡིན་པར་རིག་པར་བྱའོ། །དེ་ལ་སེམས་ཅན་ལ་དབྱེ་བ་མེད་པ་དང༌། དངོས་པོ་ལ་དབྱེ་བ་མེད་པ་དང༌། དུས་ལ་དབྱེ་བ་མེད་པས་ནི་རྒྱ་ཆེར་རིག་པར་བྱའོ། །དེ་ལ་སེམས་ཅན་ལ་དབྱེ་བ་མེད་པ་ནི། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་བརྟེན་ཅིང༌། སེམས་ཅན་ཐམས་ཅད་ལས་བརྩམས་ནས་སྦྱིན་པ་ལ་སོགས་པ་དགེ་བའི་རྩ་བ་དེ་དག་ཀུན་དུ་སྤྱོད་པར་བྱེད་ཀྱི། བདག་ཁོ་ན་འབའ་ཞིག་གི་ཕྱིར་མ་ཡིན་པ་གང་ཡིན་པའོ། །དེ་ལ་དངོས་པོ་ལ་དབྱེ་བ་མེད་པ་ནི། བྱང་ཆུབ་སེམས་དཔའ་སྦྱིན་པ་ལ་སོགས་པ་དགེ་བའི་རྩ་བ་དེ་དག་ཐམས་ཅད་དང༌། རྣམ་པ་ཐམས་ཅད་ཡང་དག་པར་བླངས་ཏེ་འདུག་པ་གང་ཡིན་པའོ། །དེ་ལ་དུས་ལ་དབྱེ་བ་མེད་པ་ནི་བྱང་ཆུབ་སེམས་དཔའ་ཚེ་འདི་ལ་མཚན་མོའམ། ཉིན་མོ་རྟག་ཏུ་རྒྱུན་མི་འཆད་པར་སྦྱོར་བ་མི་གཏོང་ཞིང་བརྩོན་པ་མི་འདོར་བ་དང༌། རྒྱུ་དེ་ཉིད་ཀྱིས་ཚེ་ཕྱི་མ་ལ་ཡང་ཕྱིན་པ་ལ་སོགས་པ་དགེ་བའི་རྩ་བ་དེ་དག་ཀུན་དུ་སྤྱོད་པར་བྱེད་པ་གང་ཡིན་པའོ། །དེ་ལ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་སེམས་དགའ་བ་དང༌། སྡུག་བསྔལ་བ་མེད་པ་དང༌། ཡིད་མི་བདེ་བ་མེད་པས་དགེ་བའི་ཆོས་དེ་དག་ལ་རྟེན་པར་བྱེད་དེ། གཞི་དེས་འགྱོད་པར་ཡང་མི་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་གཞན་ལ་གནོད་པ་མེད་པ་དང༌། ལྟ་བར་གྱུར་པ་ལ་མངོན་པར་ཞེན་པ་མེད་པར་སྦྱིན་པ་ལ་སོགས་པ་དགེ་བའི་རྩ་བ་ཉེས་པར་སྤྱོད་པ་དང་མ་འདྲེས་པ་དེ་དག་ཀུན་དུ་སྤྱོད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་གུས་པ་དང༌། སྙིང་ཐག་པ་ནས་དེ་དག་ཉིད་ལ་ཡོན་ཏན་དུ་ལྟ་ཞིང་སྙིང་པོར་ལྟ་ལ་ཞི་བར་ལྟ་སྟེ། ཤིན་ཏུ་ངེས་པ་དང༌། གཞན་གྱི་དྲིང་མི་འཇོག་ཅིང༌། གཞན་གྱིས་མི་བཀྲི་བར་སྦྱིན་པ་ལ་སོགས་པ་དགེ་བའི་ཆོས་དེ་དག་ཡང་དག་པར་བླངས་ཏེ་གནས་སོ། །ཡང་བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་ལ་སོགས་པ་དགེ་བའི་ཆོས་དེ་དག་གི་རྣམ་པར་སྨིན་པ་འཁོར་ལོས་སྒྱུར་བ་ཉིད་དམ། བརྒྱ་བྱིན་ཉིད་དམ། བདུད་ཉིད་དམ། ཚངས་པ་ཉིད་དུ་རེ་བ་མེད་དོ། །གཞན་ལས་ལན་དུ་ཕན་འདོགས་པ་ལ་ཡང་རེ་བ་མེད་དེ།


DTG129_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཁེ་དང་རྙེད་པ་དང༌། བཀུར་སྟི་དང༌། ཚིགས་སུ་བཅད་པ་ཐམས་ཅད་ལ་རྟེན་པར་མི་བྱེད་དོ། །ཐ་ན་ལུས་དང་སྲོག་ལ་ཡང་རྟེན་པར་མི་བྱེད་དོ། །དེ་ལྟར་རྣམ་པ་དེ་དག་གིས་དང་བ་དང༌། མཆོག་ཏུ་དགའ་བ་དང་ལྡན་པ་དང༌། མི་མཐུན་པ་མེད་པ་དང༌། གུས་པ་དང༌། མི་རྟེན་པར་སྦྱིན་པ་ལ་སོགས་པ་ནས། དོན་མཐུན་པ་ལ་ཐུག་པའི་དགེ་བའི་ཆོས་རྣམས་ཀུན་དུ་སྤྱོད་པ་གང་ཡིན་པ་དེ་ནི། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་ཞེས་བྱའོ། །རྣམ་པར་དག་པ་ནི་སྦྱངས་པ་དང༌། མི་གཡོ་བ་དང༌། ཤིན་ཏུ་རྣམ་པར་དག་པར་རིག་པར་བྱ་སྟེ། དེ་ལ་བསམ་པ་དག་པའི་ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དེ་དག་ནི་སྦྱངས་པ་དང༌། མི་གཡོ་བ་ཡིན་ནོ། །དེ་ལ་སྦྱངས་པ་ནི་འདི་ཡིན་ཏེ། འདི་ལྟར་བསམ་པ་དག་པའི་བྱང་ཆུབ་སེམས་དཔའི་དགེ་བའི་ཆོས་དེ་དག་ཐམས་ཅད་ནི་སོ་སོར་མ་བརྟགས་པར་བྱེད་པ་ཡིན་ནོ། །དེ་ལ་མི་གཡོ་བ་ནི་འདི་ཡིན་ཏེ། འདི་ལྟར་བསམ་པ་དག་པའི་བྱང་ཆུབ་སེམས་དཔའ་ནི་དགེ་བའི་ཆོས་ཇི་ལྟར་ཐོབ་པ་རྣམས་དང༌། ཇི་ལྟར་བསགས་པ་དེ་དག་ལས་ཡོངས་སུ་ཉམས་པར་མི་འགྱུར་ཞིང༌། ཕྱིས་ཀྱང་ཡོངས་སུ་ཉམས་པའི་སྐལ་བ་ཅན་དུ་མི་འགྱུར་ཏེ། མཚན་མོ་དང་ཉིན་མོ་དེ་དང་དེ་དག་འདས་པ་དང༌། ལུས་དེ་དང་དེ་དག་འདས་པ་ན་ཟླ་བ་ཡར་གྱི་ངོར་གྱུར་པ་བཞིན་དུ་དགེ་བའི་ཆོས་རྣམས་ཀྱིས་འཕེལ་བ་ཁོ་ནར་འགྱུར་ཏེ། དེ་དག་གིས་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་མཐར་ཐུག་པར་འགྲོ་བའི་ས་ལ་གནས་པ་དང༌། བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་དང༌། སྲིད་པ་ཐ་མ་པའི་དགེ་བའི་ཆོས་དེ་དག་ནི་ཤིན་ཏུ་རྣམ་པར་དག་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་ས་ལ་དེ་དག་ལས་ཤས་ཆེར་ཡོངས་སུ་དག་པ་གོང་ན་མེད་དོ། །དེ་ལྟར་ན་སྦྱིན་པ་ལ་སོགས་པ་ནས་དོན་མཐུན་པ་ལ་ཐུག་པའི་དགེ་བའི་ཆོས་དེ་དག་རྒྱུ་གསུམ་པོས་ཀུན་དུ་སྤྱོད་པ་དང༌། རྒྱུ་གཉིས་ཀྱིས་ཕུལ་དུ་བྱུང་བ་དང༌། རྒྱུ་གསུམ་གྱིས་ཤིན་ཏུ་རྣམ་པར་དག་པར་རིག་པར་བྱའོ། །དེ་ལ་སྦྱིན་པ་ཐམས་ཅད་དང༌། ཚུལ་ཁྲིམས་ཐམས་ཅད་ནས་རྒྱས་པར་དོན་མཐུན་པ་ཐམས་ཅད་ཀྱི་བར་དག་ཀུན་དུ་བརྟེན་ཅིང་ཤིན་ཏུ་རྣམ་པར་དག་པར་བྱས་ཏེ། མཐའ་དག་ཀུན་དུ་རྟོགས་པར་བྱས་པ་ལས་ནི་


DTG129_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང༌། རྡོ་རྗེའི་སྙིང་པོའི་སྐུ་དང༌། དམ་པའི་ཆོས་ཡུན་རིང་དུ་གནས་པ་མངོན་པར་འགྲུབ་བོ། །དེ་ལ་དཀའ་བའི་སྦྱིན་པ་དང༌། དཀའ་བའི་ཚུལ་ཁྲིམས་ནས། དཀའ་བའི་དོན་མཐུན་པའི་བར་དུ་ཀུན་དུ་བརྟེན་ཅིང་ཤིན་ཏུ་རྣམ་པར་དག་པར་བྱས་པས་ནི་འབྲས་བུ་དེ་བཞིན་གཤེགས་པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་མཚུངས་པ་མེད་པ་དང་ལྡན་པ་མངོན་པར་འགྲུབ་བོ། །དེ་ལ་ཐམས་ཅད་ཀྱི་སྒོ་ནས་སྦྱིན་པ་དང༌། ཐམས་ཅད་ཀྱི་སྒོ་ནས་ཚུལ་ཁྲིམས་ནས་རྒྱས་པར་ཐམས་ཅད་ཀྱི་སྒོ་ནས་དོན་མཐུན་པའི་བར་གྱིས་ནི་འབྲས་བུ་དེ་བཞིན་གཤེགས་པའི་ཐམས་ཅད་ལས་གཙོ་བོར་གྱུར་པའི་སེམས་ཅན་ལྷ་དང་མི་རྣམས་ཀྱིས་མཆོད་པར་འགྱུར་བ་ཉིད་མངོན་པར་འགྲུབ་བོ། །དེ་ལ་སྐྱེས་བུ་དམ་པའི་སྦྱིན་པ་དང༌། སྐྱེས་བུ་དམ་པའི་ཚུལ་ཁྲིམས་དང༌། སྐྱེས་བུ་དམ་པའི་དོན་མཐུན་པའི་བར་གྱི་འབྲས་བུ་ནི་དེ་བཞིན་གཤེགས་པའི་སེམས་ཅན་གང་དག་སུ་ཡང་རུང་བ། རྐང་མེད་དམ། རྐང་གཉིས་པ་འམ། རྐང་བཞི་པའམ། རྐང་མངས་སམ། གཟུགས་ཅན་ནམ། གཟུགས་མེད་པའམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པའམ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་སོང་བའི་སེམས་ཅན་དེ་དག་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་བ་མངོན་པར་འགྲུབ་བོ། །དེ་ལ་རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་དང༌། རྣམ་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ནས་རྒྱས་པར་རྣམ་པ་ཐམས་ཅད་ཀྱི་དོན་མཐུན་པའི་བར་གྱི་འབྲས་བུ་ནི་དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུའི་སྐུ་བསོད་ནམས་སྣ་ཚོགས་དཔག་ཏུ་མེད་པས་ཡོངས་སུ་བསྡུས་པ་མངོན་པར་འགྲུབ་བོ། །དེ་ལ་ཕོངས་ཤིང་འདོད་པའི་སྦྱིན་པ་དང༌། ཕོངས་ཤིང་འདོད་པའི་ཚུལ་ཁྲིམས་ནས་རྒྱས་པར་ཕོངས་ཤིང་འདོད་པའི་དོན་མཐུན་པའི་བར་གྱི་འབྲས་བུ་ནི་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པའི་བདུད་དང༌། ཕྱིར་རྒོལ་བ་ཐམས་ཅད་ཀྱིས་གནོད་པར་བྱ་བ་དང༌། ཐོ་འཚམས་པ་དང༌། བསྐྱོད་པར་མི་ནུས་པ་མངོན་པར་འགྲུབ་བོ། །དེ་ལ་འདི་དང་གཞན་དུ་བདེ་བར་འགྱུར་བའི་སྦྱིན་པ་དང༌། འདི་དང་གཞན་དུ་བདེ་བར་འགྱུར་བའི་ཚུལ་ཁྲིམས་ནས་རྒྱས་པར་འདི་དང་


DTG129_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་བདེ་བར་འགྱུར་བའི་དོན་མཐུན་པའི་བར་གྱི་འབྲས་བུ་ནི་དེ་བཞིན་གཤེགས་པའི་བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པའི་བདེ་བའི་མཆོག་མངོན་པར་འགྲུབ་བོ། །དེ་ལ་རྣམ་པར་དག་པའི་སྦྱིན་པ་དང༌། རྣམ་པར་དག་པའི་ཚུལ་ཁྲིམས་ནས་རྒྱས་པར་རྣམ་པར་དག་པའི་དོན་མཐུན་པའི་བར་དུ་ཀུན་དུ་བརྟེན་ཅིང༌། ཤིན་ཏུ་རྣམ་པར་དག་པར་བྱས་ཏེ། མཐའ་དག་ཀུན་དུ་རྫོགས་པར་བྱས་པའི་འབྲས་བུ་ནི་དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི་སྟེ། སྐུ་རྣམ་པར་དག་པ་དང༌། དམིགས་པ་རྣམ་པར་དག་པ་དང༌། ཐུགས་རྣམ་པར་དག་པ་དང༌། ཡེ་ཤེས་རྣམ་པར་དག་པ་མངོན་པར་འགྲུབ་བོ། །དེ་བཞིན་དུ་བསྲུང་བ་མེད་པ་གསུམ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། དྲན་པ་ཉེ་བར་གཞག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐམས་ཅད་རྣམ་པར་དག་པ་ཡང་མངོན་པར་འགྲུབ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་སྦྱིན་པ་ལ་སོགས་པ་དགེ་བའི་ཆོས་རྣམས་ཀྱི་མཐར་ཐུག་པར་གྱུར་པའི་འབྲས་བུ་བླ་ན་མེད་པའོ། །གཞན་ཡང་འཁོར་བའི་ཚེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་དེའི་འབྲས་བུ་ཚད་མེད་པ་དང༌། སྡུག་པ་དང༌། ཁ་ན་མ་ཐོ་བ་མེད་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་བསྡུ་བའི་དངོས་པོའི་ལེའུ་སྟེ་བཅོ་ལྔ་པའོ།། །།བམ་པོ་བཅུ་གསུམ་པ། སྡོམ་ནི། དཀོན་མཆོག་མཆོད་དང་མཛའ་རྟེན་དང༌། །ཚད་མེད་པ་ནི་ཐ་མ་ཡིན། །དེ་ལ་བྱང་ཆུབ་སེམས་དཔའི་དེ་བཞིན་གཤེགས་པ་རྣམས་ལ་དེ་བཞིན་གཤེགས་པ་ལ་མཆོད་པ་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་བཅུར་རིག་པར་བྱ་སྟེ། སྐུ་ལ་མཆོད་པ་དང༌། མཆོད་རྟེན་ལ་མཆོད་པ་དང༌། མངོན་སུམ་དུ་མཆོད་པ་དང༌། མངོན་སུམ་མ་ཡིན་པར་མཆོད་པ་དང༌། བདག་གིས་བྱས་པའི་མཆོད་པ་དང༌། གཞན་བྱེད་དུ་འཇུག་པའི་མཆོད་པ་དང། རྙེད་པ་དང༌། བཀུར་སྟིའི་མཆོད་པ་དང༌། རྒྱ་ཆེན་པོའི་མཆོད་པ་དང༌། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་མཆོད་པ་དང༌། སྒྲུབ་པའི་མཆོད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཉིད་ལ་མངོན་སུམ་དུ་མཆོད་པ་བྱེད་པ་དེ་ནི་དེའི་སྐུ་ལ་མཆོད་པ་


DTG129_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ཕྱིར་མཆོད་རྟེན་ནམ། གཙང་ཁང་ཕྱུར་བུའམ། གཙང་ཁང་ངམ། མཆོད་རྟེན་རྙིང་པའམ། མཆོད་རྟེན་སར་པ་ལ་མཆོད་པ་བྱེད་པ་དེ་ནི་དེའི་མཆོད་རྟེན་ལ་མཆོད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྐུའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མངོན་དུ་གྱུར་པར་དབང་པོ་ལ་སྣང་བར་མངོན་སུམ་དུ་མཆོད་པ་བྱེད་པ་དེ་ནི་མངོན་སུམ་དུ་མཆོད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མངོན་སུམ་དུ་མཆོད་པ་བྱེད་པ་ནི། འདི་ལྟར་ལྷག་པའི་བསམ་པ་དང་ལྡན་པ་དང༌། དགའ་བ་དང་ལྡན་པའི་སེམས་མངོན་པར་འདུ་བྱེད་དེ། དེ་བཞིན་གཤེགས་པ་གཅིག་གི་ཆོས་ཉིད་གང་ཡིན་པ་འདི་ནི་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ལ། དེ་བཞིན་གཤེགས་པའི་མཆོད་རྟེན་གཅིག་གི་ཆོས་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ཏེ། དེའི་ཕྱིར་བདག་གིས་དེ་བཞིན་གཤེགས་པ་མངོན་སུམ་དུ་གྱུར་པ་འདི་ལ་ཡང་མཆོད་པ་བྱའོ། །འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་ཡང་མཆོད་པ་བྱའོ། །དེ་བཞིན་གཤེགས་པའི་མཆོད་རྟེན་མངོན་དུ་གྱུར་པ་འདི་ལ་ཡང་མཆོད་པ་བྱའོ། །དེ་མ་ཡིན་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་མཆོད་རྟེན་དང༌། གཙང་ཁང་ཕྱུར་བུ་དང༌། གཙང་ཁང་དང༌། མཆོད་རྟེན་རྙིང་པ་དང༌། མཆོད་རྟེན་གསར་བཞུགས་པ་ཐམས་ཅད་ལ་ཡང་མཆོད་པ་བྱའོ་སྙམ་པ་དེ་ནི་རེ་ཞིག་བྱང་ཆུབ་སེམས་དཔའི་དེ་བཞིན་གཤེགས་པ་དང༌། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མངོན་སུམ་དང༌། མངོན་སུམ་མ་ཡིན་པའི་ཐུན་མོང་གི་མཆོད་པ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་མངོན་སུམ་དུ་མ་གྱུར་པ་ལ་སངས་རྒྱས་ཐམས་ཅད་ཀྱི་ཕྱིར་དང༌། དེ་བཞིན་གཤེགས་པའི་མཆོད་རྟེན་ཐམས་ཅད་ཀྱི་ཕྱིར། དེ་བཞིན་དུ་སེམས་མངོན་པར་འདུ་བྱས་ཏེ། མཆོད་པ་བྱེད་པ་དེ་ནི་དེའི་མངོན་སུམ་


DTG129_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་ཡིན་པ་འབའ་ཞིག་གི་མཆོད་པ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། དེ་བཞིན་གཤེགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྐུའམ། མཆོད་རྟེན་ནམ། གཙང་ཁང་ཕྱུར་བུའམ། གཙང་ཁང་གཅིག་གམ། གཉིས་སམ། མང་པོ་ནས་བྱེ་བ་ཕྲག་འབུམ་གྱི་བར་དུ་ཅི་ནུས་ཅི་ལྕོགས་ཀྱིས་བྱེད་དུ་འཇུག་པ་དེ་ཡང་བྱང་ཆུབ་སེམས་དཔའི་དེ་བཞིན་གཤེགས་པ་རྣམས་ལ་མངོན་སུམ་མ་ཡིན་པའི་མཆོད་པ་རྒྱ་ཆེན་པོ་བསོད་ནམས་ཚད་མེད་པའི་འབྲས་བུ་ཅན་ཚངས་པ་དུ་མའི་བསོད་ནམས་ཀྱིས་ཡོངས་སུ་ཟིན་པ་ཡིན་ཏེ། དེས་བྱང་ཆུབ་སེམས་དཔའི་བསྐལ་པ་ཆེན་པོ་བསྐལ་པ་དུ་མར་ཡང་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་ལ། གཞི་དེ་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་མི་བྱེད་པར་མི་འགྱུར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་དེའི་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ཁོ་ན་ལ་མཆོད་པ་བྱེད་པ་གང་ཡིན་པ་དེ་ནི་རེ་ཞིག་བསོད་ནམས་ཀྱི་འབྲས་བུ་རྒྱ་ཆེ་བར་བལྟ་བར་བྱའོ། །མངོན་སུམ་མ་ཡིན་པ་འབའ་ཞིག་གི་བསོད་ནམས་ཀྱི་འབྲས་བུ་ནི་དེ་བས་ཀྱང་ཆེས་རྒྱ་ཆེ་བར་བལྟ་བར་བྱའོ། །མངོན་སུམ་དང་མངོན་སུམ་མ་ཡིན་པའི་སྤྱིའི་མཆོད་པའི་བསོད་ནམས་ཀྱི་འབྲས་བུ་ནི་དེ་བས་ཀྱང་ཤིན་ཏུ་རྒྱ་ཆེ་བར་བལྟ་བར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱ་བར་འདོད་པས་བདག་ཉིད་ཀྱིས་རང་གི་ལག་གིས་བྱེད་དེ། ལེ་ལོ་དང་སྙོམ་ལས་དང༌། བག་མེད་པའི་གནས་ལ་བརྟེན་ཏེ། བྲན་དང་བྲན་མོ་དང༌། ལས་བྱེད་པ་དང༌། ཞོ་ཤས་འཚོ་བ་དང༌། མཛའ་བཤེས་དང༌། གྲོས་གྲོགས་དང༌། ཉེ་དུ་དང་སྣག་གི་གཉེན་མཚམས་རྣམས་བྱེད་དུ་མི་འཇུག་པ་དེ་ནི་བྱང་ཆུབ་སེམས་དཔའི་བདག་གིས་བྱས་པའི་མཆོད་པ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱ་བར་འདོད་པས། བདག་ཉིད་འབའ་ཞིག་མི་བྱེད་པར་ཕ་མ་གཉིས་ཀྱང་བྱེད་དུ་འཇུག་པ་དང༌། བུ་དང་ཆུང་མ་དང༌། བྲན་དང་


DTG129_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བྲན་མོ་དང༌། ལས་བྱེད་པ་དང༌། ཞོ་ཤས་འཚོ་བ་རྣམས་དང༌། མཛའ་བཤེས་དང༌། གྲོས་གྲོགས་དང༌། ཉེ་དུ་དང༌། སྣག་གི་གཉེན་མཚམས་རྣམས་དང༌། གཞན་རྒྱལ་པོ་རྣམས་དང༌། བློན་པོ་ཆེན་པོ་རྣམས་དང༌། བྲམ་ཟེ་རྣམས་དང༌། ཁྱིམ་བདག་རྣམས་དང༌། གྲོང་རྡལ་པ་རྣམས་དང༌། ཡུལ་གྱི་མི་རྣམས་དང༌། ཕྱུག་པོ་རྣམས་དང༌། ཚོང་དཔོན་རྣམས་དང༌། དེད་དཔོན་རྣམས་དང༌། ཐ་ན་སྐྱེས་པ་དང༌། བུད་མེད་དང༌། ཁྱེའུ་དང༌། བུ་མོ་རྣམས་དང༌། བཀྲེན་པ་རྣམས་དང༌། སྡུག་བསྔལ་བ་རྣམས་དང༌། རིགས་ངན་ཡན་ཆད་ཀྱང་བྱེད་དུ་འཇུག་པ་དང༌། དེ་བཞིན་དུ་མཁན་པོ་དང། སློབ་དཔོན་རྣམས་དང༌། ལྷན་ཅིག་གནས་པའི་སློབ་མ་རྣམས་དང༌། ཚངས་པ་མཚུངས་པར་སྤྱོད་པ་རབ་ཏུ་བྱུང་བ་རྣམས་དང༌། གཞན་མུ་སྟེགས་ཅན་རབ་ཏུ་བྱུང་བ་རྣམས་ཀྱང་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱེད་དུ་འཇུག་པ་དེ་ནི་བྱང་ཆུབ་སེམས་དཔའི་བདག་དང་གཞན་གྱིས་བྱས་པའི་ཐུན་མོང་གི་མཆོད་པ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་མཆོད་པ་བྱ་བའི་སྦྱིན་པར་བྱ་བའི་དངོས་པོ་ཆུང་ངུ་ཡོད་ལ་སྙིང་རྗེ་དང་ལྡན་པའི་སེམས་ཀྱིས་སེམས་ཅན་སྡུག་བསྔལ་བ་བསོད་ནམས་ཆུང་ཞིང་མི་ནུས་པ་འདི་དག་གིས་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བྱ་བ་བྱས་ན་བདེ་བར་འགྱུར་རོ་སྙམ་ནས། དངོས་པོ་དེ་བསམས་བཞིན་དུ་གཞན་དག་ཁོ་ན་ལ་སྦྱིན་པར་བྱེད་ལ། གཞན་དག་གིས་ཀྱང་དངོས་པོ་དེས་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱེད་དེ། བྱང་ཆུབ་སེམས་དཔའ་ནི་མི་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་གཞན་བྱེད་དུ་བཅུག་པའི་མཆོད་པ་ཡིན་པར་རིག་པར་བྱའོ། །དེ་ལ་བདག་འབའ་ཞིག་གིས་བྱས་པ་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་འབྲས་བུ་ཆེ་བ་ཡིན་ནོ། །གཞན་འབའ་ཞིག་བྱེད་དུ་བཅུག་པ་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་འབྲས་བུ་ཆེས་ཆེ་བ་ཡིན་ནོ། །ཐུན་མོང་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་འབྲས་བུ་ཤིན་ཏུ་ཆེ་བ་ཡིན་ཏེ། གོང་ན་མེད་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ན་བཟའ་དང༌། ཞལ་ཟས་དང༌། གཟིམས་ཆ་དང༌།


DTG129_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

གདན་དང༌། སྙུན་གྱི་གསོས་སྨན་དང༌། ཡོ་བྱད་རྣམས་དང༌། གུས་པར་སྨྲ་བ་དང༌། ཕྱག་འཚལ་བ་དང༌། མངོན་དུ་ལྡང་བ་དང༌། ཐལ་མོ་སྦྱར་བ་དང༌། མཆོད་པའི་ལས་བདུག་པའི་སྤོས་རྣམས་དང༌། ཕྱེ་མའི་སྤོས་རྣམས་དང༌། བྱུག་པའི་སྦོས་རྣམས་དང༌། མེ་ཏོག་ཕྲེང་བ་རྣམ་པ་སྣ་ཚོགས་དང༌། རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། མར་མེ་རྣམ་པ་སྣ་ཚོགས་འབུལ་བ་དང༌། བསྟོད་པ་རྣམ་པ་སྣ་ཚོགས་བརྗོད་པ་དང༌། ཡན་ལག་ལྡས་ཕྱག་བྱ་བ་དང༌། གཡས་ཕྱོགས་སུ་བསྐོར་བ་དག་གིས་མཆོད་པ་བྱེད་པ་དང༌། དེ་བཞིན་དུ་ཟད་མི་ཤེས་པ་ཅན་གྱི་སྦྱིན་པ་དང༌། ནོར་བུ་དང༌། མུ་ཏིག་དང༌། བཻ་ཌཱུ་ཪྻ་དང༌། དུང་དང༌། མན་ཤེལ་དང༌། བྱི་རུ་དང༌། རྡོའི་སྙིང་པོ་དང༌། སྤུག་དང༌། གསེར་དང༌། དངུལ་དང༌། པདྨ་རཱ་ག་དང༌། གཡས་སུ་འཁྱིལ་པ་ལ་སོགས་པ་རིན་པོ་ཆེ་རྣམས་འབུལ་བ་དང༌། ནོར་བུས་སྤྲས་པའི་སྙན་ཆ་གདུབ་ཀོར་དང༌། དཔུང་རྒྱན་ལ་སོགས་པ་རྒྱན་རྣམས་འབུལ་བ་དང༌། ཐ་ན་དྲིལ་བུ་དབུལ་བ་དང༌། ཀཱ་ཪྵཱ་པ་ཎ་གཏོར་བ་དང༌། སྲད་བུས་དཀྲིས་པ་རྣམས་ཀྱིས་མཆོད་པ་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རྙེད་པ་དང༌། བཀུར་སྟིས་མཆོད་པ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རྙེད་པ་དང་བཀུར་སྟི་དེ་དག་ཉིད་ཀྱིས་ཡུན་རིང་པོར་མཆོད་པ་བྱེད་དེ། དངོས་པོ་མང་པོ་དང༌། དངོས་པོ་གྱ་ནོམ་པ་དང༌། མངོན་སུམ་དང༌། མངོན་སུམ་པ་མ་ཡིན་པ་དང༌། བདག་གིས་བྱས་པ་དང༌། གཞན་གྱིས་བྱས་པ་དང༌། སྙིང་ཐག་པ་ནས་དགའ་བ་མངོན་དུ་གྱུར་ཅིང༌། མོས་པ་དྲག་པོས་མཆོད་པ་བྱེད་པ་དང༌། དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་མཆོད་པ་རྣམ་པ་བདུན་རྒྱ་ཆེན་པོ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རང་གི་ལག་གིས་བྱ་བ་བྱེད་དེ། ཁྱད་དུ་གསོད་པའམ། བག་མེད་པ་འམ། ལེ་ལོས་གཞན་དག་བྱེད་དུ་མི་འཇུག་པ་དང༌། གུས་པར་བྱེད་དེ་མ་གུས་པས་


DTG129_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་དང༌། སེམས་མི་གཡེང་བས་བྱེད་པ་དང༌། སེམས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་བྱེད་པ་དང༌། སངས་རྒྱས་ལ་མངོན་པར་དད་པའི་རྒྱལ་པོ་ལ་སོགས་པ་སེམས་ཅན་རྒྱ་ཆེན་པོ་དག་ལས་རྙེད་པ་དང༌། བཀུར་སྟིའི་རྒྱུས་ཚུལ་འཆོས་པའི་ཕྱིར་མི་བྱེད་པ་དང༌། མཐུན་པའི་དངོས་པོས་མཆོད་པ་བྱེད་དེ་བབ་ལས་བྱུག་པ་དང༌། མར་ཁུས་བཀྲུ་བ་དང༌། གུ་གུལ་གྱིས་བདུག་པ་དང༌། ཨརྒའི་མེ་ཏོག་ལ་སོགས་པ་དང༌། གཞན་ཡང་ཡོ་བྱད་རུང་བ་མ་ཡིན་པ་དག་གིས་མི་བྱེད་པ་དེ་ནི། བྱང་ཆུབ་སེམས་དཔའི་མཆོད་པ་རྣམ་པ་སྣ་ཚོགས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་རིག་པར་བྱའོ། །རྙེད་པ་དང་བཀུར་སྟིའི་མཆོད་པ་རྒྱ་ཆེ་བ་དང༌། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་ལོངས་སྤྱོད་ཀྱི་གཞི་རང་གི་ཞོ་ཤས་བསྒྲུབས་པ་རྣམས་སམ། གཞན་ལས་ཡོངས་སུ་བཙལ་བ་རྣམས་སམ། ཡོ་བྱད་ལ་དབང་ཐོབ་པ་རྣམས་ཀྱིས་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱེད་དེ། དེ་ལ་ཡོ་བྱད་ལ་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་ལུས་གཉིས་སམ། གསུམ་མམ། ལུས་མང་པོ་ལུས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མའི་བར་དག་མངོན་པར་སྤྲུལ་ནས། ལུས་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ཏེ། ལུས་དེ་དག་རེ་རེ་ལ་ཡང་ལག་པ་བརྒྱའམ། ལག་པ་སྟོང་ངམ། དེ་བས་ཀྱང་ལྷག་པ་དག་སྤྲུལ་ནས། ལག་པ་དེ་དག་ཐམས་ཅད་ཀྱིས་ལྷའི་ལས་ཡང་དག་པར་འདས་པའི་མེ་ཏོག་མཆོག་ཏུ་དྲི་ཞིམ་པ། མཆོག་ཏུ་ཡིད་དུ་འོང་བ་དག་གིས་དེ་བཞིན་གཤེགས་པ་དེ་དག་ལ་མངོན་པར་འཐོར་བ་དང༌། ལུས་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་ཡང་དག་པའི་ཡོན་ཏན་ལྡན་པའི་བསྟོད་པ་ཤིན་ཏུ་རྒྱ་ཆེན་པོ་དག་བརྗོད་ཅིང༌། ལུས་དེ་དག་ཐམས་ཅད་ཀྱི་དཔུང་རྒྱན་དང༌། ནོར་བུས་སྤྲས་པའི་རྣ་ཆ་གདུབ་ཀོར་རྣམས་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་རྣམ་པ་སྣ་ཚོགས་མཆོག་ཏུ་གྱུར་པ་གྱ་ནོམ་པ་དག་དེ་བཞིན་གཤེགས་པ་རྣམས་ལ་འབུལ་ཞིང་འདོགས་པར་བྱེད་དེ། དེ་ལྟ་བུ་དང་མཐུན་པའི་ཡོ་བྱད་ལ་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་སེམས་ལ་དབང་ཡོད་པའི་མཆོད་པ་བྱེད་དེ། དེས་ནི་སངས་རྒྱས་འབྱུང་


DTG129_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་རེ་བར་བྱས་ཤིང་དོན་དུ་གཉེར་བར་བྱ་མི་དགོས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཕྱིར་མི་ལྡོག་པའི་ས་ལ་ཞུགས་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འགྲོ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ལོངས་སྤྱོད་རང་གི་ཞོ་ཤས་བསྒྲུབས་པ་ཡང་མེད་ལ། གཞན་ལས་ཡོངས་སུ་བཙལ་ཏེ་རྙེད་པ་ཡང་མེད། བྱང་ཆུབ་སེམས་དཔའ་ལོངས་སྤྱོད་ལ་དབང་ཐོབ་པ་ཡང་མ་ཡིན་ཡང༌། དེ་བཞིན་གཤེགས་པའི་མཆོད་པ་གང་ཅི་ཡང་རུང་བ་འཛམ་བུ་གླིང་ངམ། གླིང་བཞི་པའམ། སྟོང་ངམ། སྟོང་གཉིས་སམ། སྟོང་གསུམ་གྱི་སྟོང་ཆེན་པོའམ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་ཡོད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་དད་པ་ཅན་གྱིས་དགའ་བ་དང་ལྡན་པ་དང༌། རྒྱ་ཆེན་པོ་ལ་མོས་པ་དང་ལྡན་པའི་སེམས་ཀྱིས་ཁྱབ་པར་བྱས་ནས་རྗེས་སུ་ཡི་རང་བར་བྱེད་དེ། དེ་ཡང་བྱང་ཆུབ་སེམས་དཔའི་ཚེགས་ཆུང་དུས་དེ་བཞིན་གཤེགས་པ་ལ་མཆོད་པ་ཆེན་པོ་ཚད་མེད་པ། བྱང་ཆུབ་ཀྱི་ཚོགས་ཆེན་པོས་ཡོངས་སུ་བསྡུས་པ་ཡིན་ཏེ། དེ་ལ་ནི་བྱང་ཆུབ་སེམས་དཔའ་རྟག་ཏུ་རྒྱུན་མི་འཆད་པར་སེམས་ཉམས་བདེ་བ་དང༌། སེམས་དགའ་བས་བརྩོན་བར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ཅུང་ཟད་ཅུང་ཟད་དང༌། ཡུད་ཙམ་ཡུད་ཙམ་དུ་ཐ་ན་བ་འཇོས་ཙམ་གྱི་བར་དུ་ཡང་སེམས་ཅན་སྲོག་ཆགས་འབྱུང་པོ་ཐམས་ཅད་ལ་བྱམས་པའི་སེམས་སྒོམ་པར་བྱེད། སྙིང་རྗེ་དང་ལྡན་པ་དང༌། དགའ་བ་དང་ལྡན་པ་དང༌། བཏང་སྙོམས་དང་ལྡན་པའི་སེམས་སྒོམ་པར་བྱེད། དེ་བཞིན་དུ་འདུ་བྱེད་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས་དང༌། མི་རྟག་པ་ལ་སྡུག་བསྔལ་གྱི་འདུ་ཤེས་དང༌། སྡུག་བསྔལ་ལ་བདག་མེད་པའི་འདུ་ཤེས་དང༌། མྱ་ངན་ལས་འདས་པ་ལ་ཕན་ཡོན་གྱི་འདུ་ཤེས་སྒོམ་པར་བྱེད། དེ་བཞིན་དུ་དེ་བཞིན་གཤེགས་པ་རྗེས་སུ་དྲན་པ་དང༌། ཆོས་དང༌། དགེ་འདུན་དང༌། ཕ་རོལ་ཏུ་ཕྱིན་པ་རྗེས་སུ་དྲན་པ་སྒོམ་པར་བྱེད། དེ་བཞིན་དུ་ཅུང་ཟད་ཅུང་ཟད་དང༌། ཡུད་ཙམ་ཡུད་ཙམ་ལ་ཡང་ཆོས་ཐམས་ཅད་ལ་བཟོད་པ་ཆུང་ངུའི་ཤེས་པ་ཕྱོགས་གཅིག་པས་ཀྱང་བརྗོད་དུ་མེད་པའི་ཆོས་ཀྱི་ངོ་བོ་ཉིད་དེ་བཞིན་ཉིད་ལ་མོས་ཤིང་རྣམ་


DTG129_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་རྟོག་པ་དང༌། མཚན་མ་མེད་པའི་སེམས་ཀྱིས་གནས་པར་བྱེད་ན། དེའི་གོང་དང་དེ་ལས་ལྷག་པར་ལྟ་ཅི་སྨོས། དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཚུལ་ཁྲིམས་ཀྱི་སྡོམ་པ་ཡོངས་སུ་བསྲུང་བ་དང༌། ཞི་གནས་དང༌། ལྷག་མཐོང་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་བརྩོན་པར་བྱེད་པ་དང༌། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། བསྡུ་བའི་དངོས་པོ་རྣམས་ལ་ཡང་དག་པར་བརྩོན་པར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་སྒྲུབ་པར་གཏོགས་པས་དེ་བཞིན་གཤེགས་པ་ལ་མཆོད་པའི་མཆོག་དམ་པ་གྱ་ནོམ་པ། གོང་ན་མེད་པ་ཡིན་ཏེ། སྔ་མའི་རྙེད་པ་དང༌། བཀུར་སྟིའི་མཆོད་པ་རྣམ་པ་ཐམས་ཅད་པ་ཡང༌། མཆོད་པ་དེའི་བརྒྱའི་ཆ་དང༌། སྟོང་གི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱས་པར་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོ་སྟེ། དེ་ནི་རྣམ་པ་བཅུ་པོ་དེ་དག་གིས་དེ་བཞིན་གཤེགས་པ་ལ་མཆོད་པའི་བྱེ་བྲག་རྣམ་པ་ཐམས་ཅད་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་ལ་མཆོད་པ་ཇི་ལྟ་བ་བཞིན་དུ་ཆོས་ལ་མཆོད་པ་དང༌། དགེ་འདུན་ལ་མཆོད་པ་ཡང་དེ་དང་འདྲ་བར་ཅི་རིགས་པར་རིག་པར་བྱའོ། །དེ་ལ་དཀོན་མཆོག་གསུམ་ལ་མཆོད་པ་རྣམ་པ་བཅུ་པོ་དེ་དག་བྱེད་པའི་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པ་ལ་དམིགས་པའི་ལྷག་པའི་བསམ་པ་དྲུག་གིས་བྱེད་དེ། ཡོན་ཏན་གྱི་ཞིང་བླ་ན་མེད་པའི་ལྷག་པའི་བསམ་པ་དང༌། ཕན་འདོགས་པ་བླ་ན་མེད་པའི་ལྷག་པའི་བསམ་པ་དང༌། རྐང་མེད་དང༌། རྐང་གཉིས་པ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་ལྷག་པའི་བསམ་པ་དང༌། ཨུ་དུམ་ཝཱ་རའི་མེ་ཏོག་བཞིན་དུ་ཤིན་ཏུ་དཀོན་པའི་ལྷག་པའི་བསམ་པ་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གཅིག་པུ་འབྱུང་སྟེ། འབའ་ཞིག་པའི་ལྷག་པའི་བསམ་པ་དང༌། འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་དོན་ཐམས་ཅད་སྟོན་པའི་ལྷག་པའི་བསམ་པ་སྟེ། དེའི་ལྷག་པའི་བསམ་པ་དྲུག་པོ་འདི་དག་གིས་དེ་བཞིན་གཤེགས་པའམ། དེའི་ཆོས་སམ། དེའི་དགེ་འདུན་ལ་མཆོད་པ་བྱས་པ་ནི་ཆུང་ངུ་ཡང་འབྲས་བུ་དཔག་ཏུ་མེད་པར་འགྱུར་ན། མང་པོ་ལྟ་ཅི་སྨོས། དེ་ལ་རྣམ་པ་དུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་


DTG129_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རིག་པར་བྱ། རྣམ་པ་དུ་ཞིག་གིས་ནི་དགེ་བའི་བཤེས་གཉེན་ཉིད་དོན་ཡོད་པ་ཡིན། རྣམ་པ་དུ་ཞིག་དང་ལྡན་ན། དགེ་བའི་བཤེས་གཉེན་དད་པའི་གཞིའི་གནས་ལ་གནས་པ་ཡིན། བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་དུ་གྱུར་པའི་འདུལ་བ་རྣམས་ལ་དགེ་བའི་བཤེས་གཉེན་གྱི་བྱ་བ་ནི་དུ་ཞིག་ཡོད། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་བརྟེན་པ་ནི་རྣམ་པ་དུ་ཞིག་ཡོད། འདུ་ཤེས་རྣམ་པ་དུས་ནི་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལས་ཆོས་མཉན་པར་བྱ། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལས་ཆོས་ཉན་པ་ན། གང་ཟག་ཆོས་སྨྲ་བ་དེ་ལ་གནས་དུ་ཞིག་ལ་ནི་ཡིད་ལ་མི་བྱེད་པར་བྱ་ཞེ་ན། དེ་ལ་རྣམ་པ་བརྒྱད་དང་ལྡན་ན་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་རྣམ་པ་ཐམས་ཅད་རྫོགས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་རྣམས་ལ་གནས་ཤིང་མ་ཉམས་པ་དང༌། སྐྱོན་མེད་པར་བྱེད་པས་ཚུལ་ཁྲིམས་ལ་གནས་པ་ཡིན། བློ་མ་བྱང་བ་མ་ཡིན་པས་མང་དུ་ཐོས་པ་ཡིན། བསྒོམས་པ་ལས་བྱུང་བའི་དགེ་བ་གང་ཡང་རུང་བ་ཐོབ་ཅིང༌། ཞི་གནས་དང་ལྷག་མཐོང་ཐོབ་པས་རྟོགས་པ་དང་ལྡན་པ་ཡིན། སྙིང་རྗེ་དང་ལྡན་པས་སྙིང་རྗེ་བ་ཅན་ཡིན་ཏེ། དེ་ཚེ་འདི་ལ་རང་གི་བདེ་བར་གནས་པ་ཡལ་བར་བོར་ནས་གཞན་དག་གི་དོན་ལ་སྦྱོར་བ་ཡིན། དེ་གཞན་དག་ལ་ཆོས་སྟོན་པ་ནི་བག་ཚ་བའི་འཇིགས་པས་དྲན་པ་དང༌། སྤོབས་པ་ཉམས་པ་མེད་པས་འཇིགས་པ་མེད་པ་ཡིན། གཞན་དག་གིས་བརྙས་པ་རྣམས་དང༌། འཕྱ་བ་དང༌། བསྟིང་བ་དང༌། ངན་དུ་བརྗོད་པ་དང༌། ངན་དུ་སྨྲ་བ་ལ་སོགས་པ་མི་འདོད་པའི་ཚིག་གི་ལམ་རྣམས་དང༌། སེམས་ཅན་གྱི་ལོག་པར་ཞུགས་པ་རྣམ་པ་སྣ་ཚོགས་རྣམས་བཟོད་པ་ཡིན། འཁོར་བཞི་པོ་དག་ལ་ཆོས་བསྟན་པ་ལ་སྟོབས་དང་ལྡན་ཞིང་ངལ་བ་མེད་པས་ཡིད་ཡོངས་སུ་མི་སྐྱོ་བ་ཡིན། ཚིག་ཆོས་ཉིད་ལས་མ་ཉམས་ཤིང་གསལ་ཏེ། ཚིག་གི་བྱ་བ་དང་ལྡན་པས་དགེ་བའི་ཚིག་དང་ལྡན་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དེ་ལྟ་བུའི་ཡོན་ཏན་གྱི་རྣམ་པ་ཐམས་ཅད་དང་ལྡན་པ་ནི་རྣམ་པ་ལྔས་དགེ་བའི་བཤེས་གཉེན་གྱི་བྱ་བ་དོན་ཡོད་པ་ཡིན་ཏེ། དེ་ནི་སྔ་ནས་ཀྱང་གཞན་དག་ལ་ཕན་པ་དང་བདེ་བར་འདོད་པ་


DTG129_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། ཕན་པ་དང་བདེ་བ་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཡིན། དེ་ལ་བློ་ཕྱིན་ཅི་ལོག་ཏུ་མི་འགྱུར་བ་ཡིན། ཐབས་གང་དང་ཆོས་བསྟན་པའི་ཚུལ་གང་གིས་སེམས་ཅན་གང་འདུལ་ནུས་པ་དེ་ལ་ནུས་ཤིང་མཐུ་ཡོད་པ་དང༌། ཡིད་ཡོངས་སུ་མི་སྐྱོ་བ་ཡིན། སེམས་ཅན་ཐ་མ་དང་འབྲིང་དང༌། ཁྱད་པར་དུ་འཕགས་པ་ཐམས་ཅད་ལ་ཕྱོགས་འཛིན་པ་མེད་དེ། སྙིང་རྗེ་སྙོམས་པ་ཡིན་ནོ། །དེ་ལ་དགེ་བའི་བཤེས་གཉེན་དེ་ནི་རྣམ་པ་ལྔས་དད་པའི་གཞི་ལ་གནས་པ་ཡིན་ཏེ། གང་གི་ཕྱིར་གཏམ་ཐོས་པས་ཀྱང་དེ་ལ་གཞན་དག་ཤིན་ཏུ་དང་བར་བྱེད་ན། མངོན་སུམ་དུ་མཐོང་བས་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྤྱོད་ལམ་རབ་ཏུ་ཞི་བ་དང༌། སྤྱོད་ལམ་དང་ལྡན་པ་དང༌། ཡན་ལག་དང་ཉིད་ལག་ཐམས་ཅད་མི་འགྱུར་བའི་སྤྱོད་ལམ་ཕུན་སུམ་ཚོགས་པ་ཡིན། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའི་རྒྱུ་བ་ལ་རྒོད་པ་མེད་ཅིང་འགྱུར་བ་མེད་པས་བརྟན་པ་ཡིན། གཞན་དག་ལ་ཚུལ་འཆོས་པའི་ཕྱིར་སོ་སོར་བརྟགས་ནས་སྤྱོད་ལམ་དང༌། བརྟན་པ་ལྟར་མི་འཆོས་པའི་ཚུལ་འཆོས་པ་མེད་པ་ཡིན། གཞན་དག་གི་ཆོས་ཀྱི་གཏམ་མམ། རྙེད་པ་དང༌། བཀུར་སྟི་ལས་བརྩམས་ཏེ། མི་བཟོད་པ་སྐྱེ་བར་མི་བྱེད་ཀྱི་གཞན་དག་གིས་ཆོས་ཀྱི་གཏམ་བྱ་བར་བདག་ལ་གསོལ་བ་བཏབ་པ་དང༌། རྙེད་པ་དང༌། བཀུར་སྟི་རྒྱ་ཆེན་པོ་རྙེད་ན་ཡང་གཡོ་མེད་ཅིང་དགའ་བའི་སེམས་ཀྱིས་གཞན་ལ་གསོལ་བ་འདེབས་སུ་འཇུག་ལ་ཆོས་ཀྱི་གཏན་དེ་དང༌། རྙེད་པ་དང་བཀུར་སྟི་དེ་ཡང་གཞན་དག་ལ་སྟོབས་པར་བྱེད་དེ། ཇི་ལྟར་བདག་གི་རྙེད་པ་དང༌། བཀུར་སྟིས་མགུ་བར་འགྱུར་བ་དེ་བཞིན་དུ་གཞན་གྱི་རྙེད་པ་དང༌། གཞན་གྱི་བཀུར་སྟིས་ཆེས་ཤིན་ཏུ་མགུ་བར་འགྱུར་བར་ཕྲག་དོག་མེད་པ་ཡིན། སྣོད་སྤྱད་བསྙུངས་ཤིང་ཡོ་བྱད་བསྙུངས་ལ་འཚོག་ཆས་རྙེད་དོ་ཅོག་ཐམས་ཅད་ཡོངས་སུ་གཏོང་བས་ཡོ་བྱད་བསྙུངས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་དུ་གྱུར་པ་དེ་ནི། རྣམ་པ་ལྔས་གདུལ་བ་གཞན་དག་ལས་དགེ་བའི་བཤེས་གཉེན་གྱི་བྱ་བ་བྱེད་དེ། གླེང་བར་བྱེད་པ་ཡིན། དྲན་པར་བྱེད་པ་ཡིན། འདོམས་པར་བྱེད་པ་ཡིན། རྗེས་སུ་སྟོན་པར་བྱེད་པ་ཡིན། ཆོས་སྟོན་པར་བྱེད་པ་ཡིན་ཏེ། ཚིག་དེ་དག་གི་རྒྱས་པར་དབྱེ་བ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་


DTG129_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལས་རིག་པར་བྱའོ། །གདམས་ངག་དང་རྗེས་སུ་བསྟན་པ་ནི། དེ་བས་ཀྱང་ལྷག་པར་འདི་ལྟ་སྟེ། སྟོབས་ཀྱི་རིགས་ཀྱི་ལེའུ་ལས་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ལ་བརྟེན་པ་ནི་རྣམ་པ་བཞིས་ཡོངས་སུ་རྫོགས་པར་རིག་པར་བྱ་སྟེ། དུས་དུས་སུ་ནད་གཡོག་དང༌། ཐ་མལ་པའི་གཡོག་བྱེད་པ་བྱམས་པ་དང༌། གུས་པ་དང༌། དགའ་བ་དང་ལྡན་པ་དང༌། དུས་དུས་སུ་གུས་པར་སྨྲ་བ་དང༌། ཕྱག་བྱ་བ་དང༌། མངོན་དུ་ལྡང་བ་དང༌། ཐལ་མོ་སྦྱར་བ་དང༌། འདུད་པར་བྱ་བ་དང༌། མཆོད་པར་བྱ་བ་དང༌། ཆོས་དང་མཐུན་པའི་གོས་དང༌། ཟས་དང༌། མལ་ཆ་དང༌། སྟན་དང༌། ན་བའི་གསོས་སྨན་དང༌། ཡོ་བྱད་སྦྱིན་པས་མཆོད་པ་དང༌། གནས་བཅས་ནས་ཡང་དག་པར་གཟུད་པ་དང༌། རྣམ་པར་གཟུད་པ་ཆོས་དང་མཐུན་པའི་དོན་ལ་དབང་བྱེད་ལ། རྣམ་པར་མི་གཡོ་ཞིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་འཆགས་པ་དང༌། དུས་ཤེས་པར་བྱ་བའི་བསམ་པས་དྲུང་དུ་འགྲོ་བ་དང༌། བསྙེན་བཀུར་བྱེད་པ་དང༌། འདྲི་བ་དང༌། ཉན་པའོ། །དེ་ལ་བྱང་ཆུབ་སེམས་དཔས་དགེ་བའི་བཤེས་གཉེན་ལས་ཆོས་ཉན་པར་འདོད་པས་ནི་འདུ་ཤེས་རྣམ་པ་ལྔས་ཆོས་མཉན་པར་བྱ་སྟེ། དཀོན་པའི་དོན་གྱིས་རིན་པོ་ཆེའི་འདུ་ཤེས་དང༌། ལྷན་ཅིག་སྐྱེས་པའི་ཤེས་རབ་རྒྱ་ཆེན་པོ་འཐོབ་པའི་རྒྱུའི་རང་བཞིན་གྱི་དོན་གྱིས་མིག་གི་འདུ་ཤེས་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མི་ཐོབ་ནས་ཀྱང་ཤེས་བྱ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པ་ཐམས་ཅད་ཡང་དག་པར་སྟོན་པའི་དོན་གྱིས་སྣང་བའི་འདུ་ཤེས་དང༌། མྱ་ངན་ལས་འདས་པ་དང༌། རྫོགས་པའི་བྱང་ཆུབ་བླ་ན་མེད་པའི་གོ་འཕང་ཐོབ་པའི་རྒྱུའི་དངོས་པོའི་དོན་གྱིས་འབྲས་བུ་དང༌། ཕན་ཡོན་ཆེ་བའི་འདུ་ཤེས་དང༌། ཚེ་འདི་ལ་མྱ་ངན་ལས་འདས་པ་དང༌། རྫོགས་པའི་བྱང་ཆུབ་ཀྱི་ཆོས་མ་ཐོབ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་འབྱེད་པའི་ཞི་གནས་དང༌། ལྷག་མཐོང་གི་དགའ་བ་ཆེན་པོ་ཁ་ན་མ་ཐོ་བ་མེད་པའི་རྒྱུའི་དངོས་པོའི་དོན་གྱིས་དགའ་བ་ཁ་ན་མ་ཐོ་བ་མེད་པའི་འདུ་ཤེས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལས་ཆོས་ཉན་པ་ན། གང་ཟག་ཆོས་སྨྲ་བ་དེ་ལ་གནས་ལྔར་ཡིད་ལ་བྱེད་པ་མི་བྱ་བར་རྣ་བླགས་ཏེ། དང་བའི་ཡིད་ཀྱིས་ཆོས་ཉན་པར་བྱའོ། །ཚུལ་ཁྲིམས་ཉམས་པ་ལ་ཡིད་ལ་བྱེད་པར་མི་བྱ་


DTG129_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། འདི་ལྟར་འདི་ནི་ཚུལ་ཁྲིམས་ཉམས་ཤིང་སྡོམ་པ་ལ་གནས་པ་མ་ཡིན་གྱིས། བདག་གིས་འདི་ལས་མཉན་པར་མི་བྱའོ་སྙམ་དུ་སེམས་མངོན་པར་འདུ་མི་བྱའོ། །རིགས་དམའ་པ་ལ་ཡང་ཡིད་ལ་བྱེད་པར་མི་བྱ་སྟེ། འདི་ལྟར་འདི་ནི་རིགས་དམའ་བ་ཡིན་གྱིས། འདི་ལས་བདག་གིས་མཉན་པར་མི་བྱའོ་སྙམ་དུ་སེམས་མངོན་པར་འདུ་མི་བྱའོ། །བྱད་ངན་པ་ལ་ཡིད་ལ་བྱེད་པར་མི་བྱ་སྟེ། འདི་ལྟར་འདི་ནི་བྱད་ངན་གྱིས་བདག་གིས་འདི་ལས་མཉན་པར་མི་བྱའོ་སྙམ་དུ་སེམས་མངོན་པར་འདུ་མི་བྱའོ། །ཚིག་འབྲུ་ངན་པ་ལ་ཡང་ཡིད་ལ་བྱེད་པར་མི་བྱ་སྟེ། འདི་ལྟར་འདི་ནི་ཚིག་ལེགས་པར་སྦྱར་བ་མ་ཡིན་གྱིས། འདི་ལས་བདག་གིས་མཉན་པར་མི་བྱའོ་སྙམ་དུ་སེམས་མངོན་པར་འདུ་མི་བྱ་སྟེ། དོན་ལ་རྟོན་པར་བྱའི་ཚིག་འབྲུ་ལ་རྟོན་པར་མི་བྱའོ། །སྙན་པ་མེད་པ་ཡང་ཡིད་ལ་བྱེད་པར་མི་བྱ་སྟེ། འདི་ལྟར་འདི་ནི་ཚིག་རྩུབ་ཅིང་ཁྲོ་བ་སྙན་པར་ཆོས་སྨྲ་བ་ཡང་མ་ཡིན་གྱིས། བདག་གིས་འདི་ལས་མཉན་པར་མི་བྱའོ་སྙམ་དུ་སེམས་མངོན་པར་འདུ་མི་བྱའོ། །གནས་ལྔ་པོ་འདི་དག་ལ་ཡིད་ལ་བྱེད་པར་མི་བྱ་བར་བྱང་ཆུབ་སེམས་དཔས་གུས་པ་དང་བཅས་པས་དམ་པའི་ཆོས་ཡོངས་སུ་གཟུང་བར་བྱ་སྟེ། ཆོས་ནི་ནམས་ཀྱང་གང་ཟག་གི་སྐྱོན་གྱིས་སྐྱོན་ཅན་དུ་མི་འགྱུར་བའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་རྟུལ་པོ་གང༌། གང་ཟག་གི་སྐྱོན་རྣམས་ལ་སེམས་སྡང་ཞིང་ཆོས་ཉན་པར་མི་འདོད་པ་དེ་ནི། བདག་ཉིད་ཁོ་ན་ལ་གནོད་ཅིང་ཤེས་རབ་ཡོངས་སུ་ཉམས་པར་འགྱུར་བར་ཞུགས་པ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཇི་ལྟར་ཚད་མེད་པ་བཞི་བསྒོམ་ཞེ་ན། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ཏེ། མདོར་བསྡུ་ན་འདི་ལ་བྱང་ཆུབ་སེམས་དཔའ་ནི་ཚད་མེད་པ་བཞི་རྣམ་པ་གསུམ་དུ་སྒོམ་པར་བྱེད་དེ། སེམས་ཅན་ལ་དམིགས་པ་དང༌། ཆོས་ལ་དམིགས་པ་དང༌། དམིགས་པ་མེད་པའོ། །བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པ་དང༌། སྡུག་བསྔལ་བ་དང་ལྡན་པ་དང༌། སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་དང་ལྡན་པའི་ཚོགས་གསུམ་དུ་རྣམ་པར་གཞག་ནས། སེམས་ཅན་བདེ་བ་འདོད་པ་རྣམས་ཀྱི་དབང་དུ་བྱས་ཏེ། བདེ་བ་སྒྲུབ་པའི་ལྷག་པའི་བསམ་པ་དང་ལྡན་


DTG129_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱམས་པའི་སེམས་ཀྱིས་ཕྱོགས་བཅུ་ཁྱབ་པར་བྱས་ནས། སེམས་ཅན་ལ་མོས་པས་གནས་པ་དེ་ནི་དེའི་སེམས་ཅན་ལ་དམིགས་པའི་བྱས་པ་ཡིན་པར་རིག་པར་བྱའོ། །ཆོས་ཙམ་དུ་འདུ་ཤེས་པ་དང་ལྡན་པ། ཆོས་ཙམ་ལ་སེམས་ཅན་དུ་འདོགས་པར་བསམ་པ་ཐག་པ་ནས་མཐོང་སྟེ། བྱམས་པ་དེ་ཉིད་སྒོམ་པར་བྱེད་པ་དེ་ནི་དེའི་ཆོས་ལ་དམིགས་པའི་བྱམས་པ་ཡིན་པར་རིག་པར་བྱའོ། །ཆོས་སུ་རྣམ་པར་མི་རྟོག་པ་ཡང་མེད་པར་བྱམས་པ་དེ་ཉིད་སྒོམ་པར་བྱེད་པ་དེ་ནི་དེའི་དམིགས་པ་མེད་པའི་བྱམས་པ་ཡིན་པར་རིག་པར་བྱའོ། །སེམས་ཅན་ལ་དམིགས་པ་དང༌། ཆོས་ལ་དམིགས་པ་དང༌། དམིགས་པ་མེད་པའི་བྱམས་པ་ཇི་ལྟ་བ་བཞིན་དུ་སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ཀྱང་དེ་དང་འདྲ་བར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་སྡུག་བསྔལ་དང་ལྡན་པ་རྣམས་ལས་བརྩམས་ཏེ། ཕྱོགས་བཅུ་དག་ཏུ་སྡུག་བསྔལ་བསལ་བའི་ལྷག་པའི་བསམ་པ་སྙིང་རྗེ་དང་ལྡན་པའི་སེམས་སྒོམ་པར་བྱེད་པ་དེ་ནི་དེའི་སྙིང་རྗེའི་ཡིན་ནོ། །སེམས་ཅན་བདེ་བ་དང་ལྡན་པ་རྣམས་ལས་བརྩམས་ཏེ། ཕྱོགས་བཅུ་དག་ཏུ་བདེ་བ་ལ་རྗེས་སུ་ཡི་རང་བའི་ལྷག་པའི་བསམ་པ་དགའ་བ་དང་ལྡན་པའི་སེམས་སྒོམ་པར་བྱེད་པ་དེ་ནི་དེའི་དགའ་བ་ཡིན་ནོ། །དེའི་ཕྱོགས་བཅུ་དག་ཏུ་སེམས་ཅན་སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་དང་ལྡན་པ་དང༌། སྡུག་བསྔལ་དང་ལྡན་པ་དང༌། བདེ་བ་དང་ལྡན་པ་རྣམ་པ་གསུམ་པོ་དེ་དག་ཉིད་ཀྱིས་ཉོན་མོངས་པ་གོ་རིམས་བཞིན་དུ་གཏི་མུག་དང་ཞེས་སྡང་དང་འདོད་ཆགས་བསལ་བའི་ལྷག་པའི་བསམ་པ་བཏང་སྙོམས་དང་ལྡན་པའི་སེམས་སྒོམ་པར་བྱེད་པ་འདི་ནི་དེའི་བཏང་སྙོམས་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་ཚད་མེད་པ་སེམས་ཅན་ལ་དམིགས་པ་གང་ཡིན་པ་དེ་དག་ནི་གཞན་མུ་སྟེགས་ཅན་དང་ཐུན་མོང་བ་ཡིན་ནོ། །ཆོས་ལ་དམིགས་པ་གང་ཡིན་པ་དེ་དག་ནི་ཉན་ཐོས་དང༌། རང་སངས་རྒྱས་དང་ཐུན་མོང་བ་ཡིན་གྱི། མུ་སྟེགས་ཅན་དང་ནི་ཐུན་མོང་མ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་དམིགས་པ་མེད་པའི་ཚད་མེད་པ་གང་ཡིན་པ་དེ་དག་ནི། མུ་སྟེགས་ཅན་དང༌། ཉན་ཐོས་དང༌། རང་སངས་རྒྱས་


DTG129_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་ཐུན་མོང་མ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཚད་མེད་པ་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་གསུམ་ནི་བདེ་བར་བྱ་བའི་ལྷག་པའི་བསམ་པས་བསྡུས་པར་རིག་པར་བྱའོ། །ཚད་མེད་པ་གཅིག་ནི་ཕན་པ་བྱ་བའི་ལྷག་པའི་བསམ་པས་བསྡུས་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། བཏང་སྙོམས་སོ། །བྱང་ཆུབ་སེམས་དཔའི་ཚད་མེད་པ་དེ་དག་ཐམས་ཅད་ནི་སྙིང་བརྩེ་བཞེས་བྱ་སྟེ། དེ་ལྟ་བས་ན་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྙིང་བརྩེ་བ་ཅན་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་གྱི་ཁམས་ན་སྡུག་བསྔལ་རྣམ་པ་བརྒྱ་རྩ་བཅུ་མཐོང་བས་སེམས་ཅན་རྣམས་ལ་སྙིང་རྗེ་སྒོམ་པར་བྱེད་དོ། །སྡུག་བསྔལ་རྣམ་པ་བརྒྱ་རྩ་བཅུ་གང་ཞེ་ན། སྡུག་བསྔལ་རྣམ་པ་གཅིག་ནི་བྱེ་བྲག་མེད་པར་འཇུག་པའི་སྡུག་བསྔལ་ལས་བརྩམས་ཏེ། སེམས་ཅན་ཐམས་ཅད་འཇུག་པར་གཏོགས་པའི་སྡུག་བསྔལ་དང་ལྡན་པའོ། །སྡུག་བསྔལ་རྣམ་པ་གཉིས་ནི་འདུན་པའི་རྩ་བ་ཅན་ཏེ། དགའ་བའི་དངོས་པོ་གང་དག་འགྱུར་ཞིང་གཞན་དུ་འགྱུར་བ་ལས་སྡུག་བསྔལ་སྐྱེ་བ་དང༌། རྣམ་པར་སྨིན་པ་རྨོངས་པ་ཅན་གྱི་སྡུག་བསྔལ་ཏེ། ལུས་ཀྱི་ཚོར་བ་དྲག་པོ་གང་དག་གིས་ཐེབས་ནས། ལུས་དེ་ལ་བདག་ཅེས་བྱ་བའམ། བདག་གི་ཞེས་བྱ་བར་རྨོངས་ནས་ཤིན་ཏུ་མྱ་ངན་བྱེད་ཅིང་གང་གིས་ལུས་དང་སེམས་ཀྱི་ཚོར་བའི་ཟུག་རྔུ་གཉིས་མྱོང་བའོ། །སྡུག་བསྔལ་རྣམ་པ་གསུམ་ནི་སྡུག་བསྔལ་གྱི་སྡུག་བསྔལ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་ལོ་སྡུག་བསྔལ་རྣམ་པ་བཞི་ནི་འབྲལ་བའི་སྡུག་བསྔལ་ཏེ། སྡུག་པ་རྣམས་དང་བྲལ་བ་ལས་སྐྱེ་བ་གང་ཡིན་པ་དང༌། རྒྱུན་ཆད་པའི་སྡུག་བསྔལ་ཏེ། རིས་མཐུན་པ་འདོར་པ་འཆི་བ་ལས་སྐྱེ་བ་གང་ཡིན་པ་དང༌། རྒྱུན་གྱི་སྡུག་བསྔལ་ཏེ། ཤི་བའི་འོག་ཏུ་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་སྐྱེ་བ་གང་ཡིན་པ་དང༌། གཏན་དུ་སྡུག་བསྔལ་བ་སྟེ། ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་གྱི་སེམས་ཅན་རྣམས་ཀྱི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་གང་ཡིན་པ་རྣམས་སོ། །སྡུག་བསྔལ་རྣམ་པ་ལྔ་ནི་འདོད་པ་ལ་འདུན་པའི་ཀུན་ནས་དཀྲིས་པའི་རྐྱེན་ཅན་དང༌། གནོད་སེམས་དང༌། རྨུགས་པ་དང༌།


DTG129_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཚོམ་གྱིས་ཀུན་ནས་དཀྲིས་པའི་རྐྱེན་ཅན་གྱི་སྡུག་བསྔལ་ལོ། །སྡུག་བསྔལ་རྣམ་པ་དྲུག་ནི་ངན་སོང་གི་རྒྱུ་རྟེན་པའི་ཕྱིར་རྒྱུའི་སྡུག་བསྔལ་དང༌། ངན་སོང་དུ་སྐྱེས་པའི་ཕྱིར་འབྲས་བུའི་སྡུག་བསྔལ་དང༌། ལོངས་སྤྱོད་ལས་བརྩམས་ཏེ་ཡོངས་སུ་ཚོལ་བའི་སྡུག་བསྔལ་དང༌། བསྲུང་བའི་སྡུག་བསྔལ་དང༌། ཆོག་མི་ཤེས་པའི་སྡུག་བསྔལ་དང༌། མེད་པར་འགྱུར་བའི་སྡུག་བསྔལ་ཏེ། དེ་དག་བསྡུས་པ་ནི་སྡུག་བསྔལ་རྣམ་པ་དྲུག་ཡིན་ནོ། །སྡུག་བསྔལ་རྣམ་པ་བདུན་ནི་སྐྱེ་བའི་སྡུག་བསྔལ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། མི་སྡུག་པ་དང་ཕྲད་པ་དང༌། སྡུག་པ་མེད་པར་འགྱུར་བ་དང༌། འདོད་པ་བཙལ་ཏེ་མ་རྙེད་པ་གང་ཡིན་པ་དེ་ཡང་སྡུག་བསྔལ་ལོ། །སྡུག་བསྔལ་རྣམ་པ་བརྒྱད་ནི་གྲང་བའི་སྡུག་བསྔལ་དང༌། ཚ་བའི་སྡུག་བསྔལ་དང༌། བཀྲིས་པའི་སྡུག་བསྔལ་དང༌། སྐོམ་པའི་སྡུག་བསྔལ་དང༌། རང་དབང་མེད་པའི་སྡུག་བསྔལ་དང༌། བདག་ལ་གནོད་པ་བྱེད་པའི་སྡུག་བསྔལ་འདི་ལྟ་སྟེ། གཅེར་བུ་པ་ལ་སོགས་པ་རྣམས་ནི་ལྟ་བུ་དང༌། གནོད་པ་གཞན་ལས་བྱུང་བའི་སྡུག་བསྔལ་འདི་ལྟ་སྟེ། གཞན་གྱིས་ལག་པ་དང༌། བོང་བས་བསྣུན་པ་ལ་སོགས་པ་དང༌། ཤ་སྦྲང་དང༌། སྦྲང་བུ་མཆུ་རིངས་ལ་སོགས་པས་ཟིན་པ་དང༌། སྤྱོད་ལམ་སྣ་གཅིག་གིས་གནས་པའི་སྡུག་བསྔལ་ལོ། །སྡུག་བསྔལ་རྣམ་པ་དགུ་ནི། བདག་ཉིད་རྒུད་པའི་སྡུག་བསྔལ་དང༌། གཞན་རྒུད་པའི་སྡུག་བསྔལ་དང༌། ཉེ་དུ་རྒུད་པའི་སྡུག་བསྔལ་དང༌། ལོངས་སྤྱོད་ཉམས་པའི་སྡུག་བསྔལ་དང༌། ནད་མེད་པ་ལས་ཉམས་པའི་སྡུག་བསྔལ་དང༌། ཚུལ་ཁྲིམས་ཉམས་པའི་སྡུག་བསྔལ་དང༌། ལྟ་བ་ཉམས་པའི་སྡུག་བསྔལ་དང༌། ཚེ་འདིའི་སྡུག་བསྔལ་དང༌། ཚེ་ཕྱི་མའི་སྡུག་བསྔལ་ལོ། །སྡུག་བསྔལ་རྣམ་པ་བཅུ་ནི་ལུས་ཀྱི་ཡོ་བྱད་ཁ་ཟས་མེད་པའི་སྡུག་བསྔལ་དང༌། བཏུང་བ་དང༌། བཞོན་པ་དང། གོས་དང༌། རྒྱན་དང༌། སྣོད་སྤྱད་ཀྱི་ཡོ་བྱད་མེད་པའི་སྡུག་བསྔལ་དང༌། སྤོས་དང༌། མེ་ཏོག་ཕྲེང་དང༌། བྱུག་པའི་ཡོ་བྱད་མེད་པའི་སྡུག་བསྔལ་དང༌། གར་དང་གླུ་དང་རོལ་མོའི་སྒྲའི་ཡོ་བྱད་མེད་པའི་སྡུག་བསྔལ་དང༌། སྣང་བའི་བོ་བྱད་མེད་པའི་སྡུག་བསྔལ་དང་བཅུ་པ་སྟེ། སྐྱེས་པ་དང་


DTG129_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་དག་དགའ་དགུར་སྤྱོད་པའི་ལུས་ཀྱི་ཡོ་བྱད་མེད་པའི་སྡུག་བསྔལ་ལོ། །ཡང་སྡུག་བསྔལ་ནི་རྣམ་པ་དགུར་རིག་པར་བྱ་སྟེ། སྡུག་བསྔལ་ཐམས་ཅད་དང༌། སྡུག་བསྔལ་ཆེན་པོ་དང༌། ཐམས་ཅད་ཀྱི་སྒོ་ནས་སྡུག་བསྔལ་དང༌། ལོག་པར་ཞུགས་པའི་སྡུག་བསྔལ་དང༌། འཇུག་པའི་སྡུག་བསྔལ་དང༌། མི་འདོད་པས་བྱས་པའི་སྡུག་བསྔལ་དང༌། ཕོངས་པའི་སྡུག་བསྔལ་དང༌། རྗེས་སུ་འབྲེལ་པ་ལས་བྱུང་བའི་སྡུག་བསྔལ་དང༌། རྣམ་པ་ཐམས་ཅད་ཀྱི་སྡུག་བསྔལ་ལོ། །དེ་ལ་སྡུག་བསྔལ་ཐམས་ཅད་ནི་སྔོན་གྱི་རྒྱུ་ལས་བྱུང་བ་དང༌། ད་ལྟར་གྱི་རྐྱེན་ལས་བྱུང་བའོ། །དེ་ལ་སྡུག་བསྔལ་ཆེན་པོ་ནི་ཡུན་རིང་བ་དང༌། བཟོད་བརླག་པ་དང༌། སྣ་ཚོགས་པ་དང༌། རྒྱུན་མི་འཆད་པའོ། །དེ་ལ་ཐམས་ཅད་ཀྱི་སྒོ་ནས་སྡུག་བསྔལ་ནི་སེམས་ཅན་དམྱལ་བ་པ་དང༌། དུད་འགྲོའི་སྐྱེ་གནས་དང༌། ཡི་དགས་ཀྱི་འཇིག་རྟེན་པ་དང༌། བདེ་འགྲོར་གཏོགས་པའོ། །དེ་ལ་ལོག་པར་ཞུགས་པའི་སྡུག་བསྔལ་ནི་ཚེ་འདི་ལ་གཞན་གྱིས་གནོད་པར་བྱས་པ་དང༌། གཞན་ལ་གནོད་པ་བྱས་པ་བྱུང་བ་དང༌། ཀུན་ནས་སློང་བ་དང༌། ཁ་ཟས་མི་མཐུན་པ་ཟོས་པས་ཁམས་མ་སྙོམས་པ་ལས་བྱུང་བའི་སྡུག་བསྔལ་ཀུན་ནས་སློང་བ་དང༌། ཚེ་འདི་ལ་བདག་ཉིད་ཀྱིས་མི་རིགས་པར་སྡུག་བསྔལ་བར་བྱས་པ་ལས་བདག་གི་བྱས་པའི་སྡུག་བསྔལ་ཀུན་ནས་སློང་པ་དང༌། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང༌། དེ་ལ་ཤས་ཆེར་གནས་པས་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པའི་ཀུན་ནས་དཀྲིས་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བ་དང། ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་ཤས་ཆེ་བས་ཕྱི་མ་ལ་ངན་སོང་བའི་སྡུག་བསྔལ་ཉམས་སུ་མྱོང་པར་འགྱུར་པའོ། །དེ་ལ་འཇུག་པའི་སྡུག་བསྔལ་ནི་མ་ངེས་པ་རྣམ་པ་དྲུག་ལས་བྱུང་བ་སྟེ། འཁོར་བར་འཁོར་བ་ན་ལུས་མ་ངེས་པས་རྒྱལ་པོར་གྱུར་པ་ལས་མི་དབུལ་པོར་གྱུར་པ་དང༌། ཕ་མ་མ་ངེས་པ་དང༌། བུ་དང་ཆུང་མ་མ་ངེས་པ་དང༌། བྲན་དང་བྲན་མོ་དང༌། ལས་བྱེད་པ་དང༌། ཞོ་ཤས་འཚོ་བ་མ་ངེས་པ་དང༌། མཛའ་བཤེས་དང༌། གྲོས་གྲོགས་དང༌། ཉེ་དུ་དང་སྣག་གི་གཉེན་མཚམས་མ་ངེས་པ་ལས་བྱུང་བ་དེ་འཁོར་བར་འཁོར་བ་ན། ཕ་མར་གྱུར་པ་


DTG129_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྒྱས་པར་མཛའ་བཤེས་དང༌། གྲོས་གྲོགས་དང༌། ཉེ་དུ་དང༌། སྣག་གི་གཉེན་མཚམས་ཀྱི་བར་དུ་གྱུར་པ་ལས་དུས་གཞན་དུ་འཁོར་བར་འཁོར་བ་ན། གསོད་པ་དང༌། ཕྱིར་རྒོལ་བ་དང༌། དགྲ་བོར་གྱུར་པ་དང༌། འཁོར་བར་འཁོར་བ་ན་ལོངས་སྤྱོད་མ་ངེས་པས། ལོངས་སྤྱོད་ཆེན་པོར་གྱུར་པ་ལས་ཕྱིས་དུས་གཞན་དུ་མཆོག་ཏུ་དབུལ་པོར་འགྱུར་རོ། །དེ་ལ་མི་འདོད་པས་བྱས་པའི་སྡུག་བསྔལ་ནི་ཚེ་རིང་བར་འདོད་པ་ལ་མི་འདོད་བཞིན་དུ་ཚེ་ཐུང་བར་འགྱུར་བ་ལས་བྱུང་བ་དང༌། བྱད་བཟང་བར་འདོད་པ་ལས་ཀྱང་མི་འདོད་བཞིན་དུ་བྱད་ངན་པར་འགྱུར་བ་དང༌། རིགས་མཐོན་པོར་སྐྱེ་བར་འདོད་པ་ལས་ཀྱང་མི་འདོད་བཞིན་དུ་རིགས་དམའ་བར་སྐྱེ་བར་འགྱུར་བ་དང༌། དབང་ཕྱུག་འདོད་པ་ལས་ཀྱང་མི་འདོད་བཞིན་དུ་དབུལ་པོར་འགྱུར་བ་དང༌། སྟོབས་ཆེ་བར་འདོད་པ་ལས་ཀྱང་མི་འདོད་བཞིན་དུ་སྟོབས་ཆུང་ངུར་འགྱུར་བ་ལས་བྱུང་བ་དང༌། ཤེས་བྱ་ཤེས་པར་འདོད་པ་ལས་ཀྱང་མི་འདོད་བཞིན་དུ་རྨོངས་པའི་ཤེས་པ་ཀུན་དུ་སྤྱོད་པ་ལས་བྱུང་བ་དང༌། ཕ་རོལ་ཕམ་པར་འདོད་པ་ལས་ཀྱང༌། མི་འདོད་བཞིན་དུ་བདག་ཉིད་ཕམ་པ་ལས་བྱུང་བའི་སྡུག་བསྔལ་ལོ། །དེ་ལ་ཕོངས་པའི་སྡུག་བསྔལ་ནི་ཁྱིམ་པ་རྣམས་ཀྱི་བུ་དང་ཆུང་མ་ལ་སོགས་པ་འགྲིབ་པ་ལས་བྱུང་བ་དང༌། རབ་ཏུ་བྱུང་བ་རྣམས་ཀྱི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་འཕེལ་བ་ལས་བྱུང་བའི་སྡུག་བསྔལ་དང༌། སྡུག་བསྔལ་གང་མུ་གེས་ཕོངས་པའམ། ཕ་རོལ་གྱི་དམག་ཚོགས་ཀྱིས་ཕོངས་པ་དང༌། དགོན་པ་དང། གཅོང་རོང་དུ་འགྲོ་བའི་ཉམ་ང་བས་ཕོངས་པ་ལས་བྱུང་བ་དང༌། སྡུག་བསྔལ་གང་ཕ་རོལ་ལ་རག་ལས་པས་འཚོ་བ་ལས་བྱུང་བ་དང༌། སྡུག་བསྔལ་གང་ཡན་ལག་དང་ཉིད་ལག་ཉམས་པས་ཕོངས་པར་གྱུར་པ་ལས་བྱུང་བ་དང༌། སྡུག་བསྔལ་གང་གསད་པ་དང༌། བཅིང་བ་དང་བཅད་པ་དང༌། བརྡེག་པ་དང༌། བསྐྲད་པ་ལ་སོགས་པས་ཕོངས་པ་ལས་བྱུང་བའོ། །དེ་ལ་རྗེས་སུ་འབྲེལ་པ་ལས་བྱུང་བའི་སྡུག་བསྔལ་བ་ནི་འཇིག་རྟེན་གྱི་ཆོས་བརྒྱད་ཀྱི་སྡུག་བསྔལ་གང་ཡིན་པ་སྟེ། འཇིག་པའི་ཆོས་ཅན་འཇིག་པ་དང༌། ཟད་པའི་ཆོས་ཅན་ཟད་པ་དང༌། རྒ་བའི་ཆོས་ཅན་རྒ་བ་


DTG129_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

དང། ན་བའི་ཆོས་ཅན་ན་བ་དང༌། འཆི་བའི་ཆོས་ཅན་འཆི་བ་དང༌། ཡང་མ་རྙེད་པའམ། མི་སྙན་པའམ། སྨད་པ་ལས་སྡུག་བསྔལ་འབྱུང་བ་གང་ཡིན་པ་དེ། སྡུག་བསྔལ་རྣམ་པ་བརྒྱད་པོ་འདི་དག་དང༌། འདོད་པའི་སྡུག་བསྔལ་དང༌། འདི་རྣམས་ནི་རྗེས་སུ་འབྲེལ་པ་ལས་བྱུང་བའི་སྡུག་བསྔལ་ཞེས་བྱའོ། །དེ་ལ་རྣམ་པ་ཐམས་ཅད་ཀྱི་སྡུག་བསྔལ་ནི་བདེ་བ་རྣམ་པ་ལྔ་ཇི་སྐད་བསྟན་པའི་མི་མཐུན་པའི་ཕྱོགས་ཀྱི་སྡུག་བསྔལ་གང་ཡིན་པ་སྟེ། རྒྱུའི་སྡུག་བསྔལ་དང༌། ཚོར་བའི་སྡུག་བསྔལ་དང༌། བདེ་བ་མེད་པ་ཅན་གྱི་སྡུག་བསྔལ་དང༌། ཚོར་བ་རྒྱུན་མི་འཆད་པའི་སྡུག་བསྔལ་དང༌། མངོན་པར་འབྱུང་བ་དང༌། རབ་ཏུ་དབེན་པ་དང༌། ཉེ་བར་ཞི་བ་དང༌། རྫོགས་པའི་བྱང་ཆུབ་ཀྱི་བདེ་བའི་མི་མཐུན་པའི་ཕྱོགས་ཁྱིམ་པ་དང༌། འདོད་པའི་ཁམས་དང༌། ཀུན་དུ་སྦྱོར་བ་ལས་བྱུང་བའི་རྟོག་པ་དང༌། སོ་སོའི་སྐྱེ་བོའི་སྡུག་བསྔལ་ནི་ལྔ་པ་ཡིན་པར་རིག་པར་བྱ་སྟེ། སྡུག་བསྔལ་རྣམ་པ་ལྔ་པོ་འདི་དང་གནོད་པ་ལས་བྱུང་བ་དང༌། ཡོ་བྱད་མེད་པ་ལས་བྱུང་བ་དང༌། ཁམས་མ་སྙོམས་པ་ལས་བྱུང་བ་དང༌། དགའ་བ་འགྱུར་བ་ལས་བྱུང་བ་དང༌། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པའི་ཕྱོགས་གནས་ངན་ལེན་གྱི་སྡུག་བསྔལ་ལྔ་པོ་དེ་དག་དང༌། སྔ་མའི་རྣམ་པ་ལྔ་གཅིག་ཏུ་བསྡུས་ཏེ། སྡུག་བསྔལ་རྣམ་པ་བཅུ་ནི་རྣམ་པ་ཐམས་ཅད་ཅེས་བྱའོ། །དེ་ལྟར་སྔ་མའི་རྣམ་པ་ལྔ་བཅུ་རྩ་ལྔ་པོ་དང༌། རྣམ་པ་ལྔ་བཅུ་རྩ་ལྔ་པོ་འདི་དག་གཅིག་ཏུ་བསྡུས་ན་སྡུག་བསྔལ་རྣམ་པ་བརྒྱ་རྩ་བཅུར་འགྱུར་བ་ནི་བྱང་ཆུབ་སེམས་དཔའི་སྙིང་རྗེའི་དམིགས་པ་སྟེ། དམིགས་པ་དེས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་སྐྱེ་ཞིང་རྣམ་པར་འཕེལ་ལ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་དེ་ལས་སྡུག་བསྔལ་རྣམ་པ་བཅུ་དགུ་ལ་དམིགས་པ་ལས་ནི་སྙིང་རྗེ་ཆེན་པོ་འཇུག་པར་འགྱུར་ཏེ། སྡུག་བསྔལ་རྣམ་པ་བཅུ་དགུ་པོ་གང་ཞེ་ན། རྣམ་པར་སྨིན་པ་རྨོངས་པ་ཅན་གྱི་སྡུག་བསྔལ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་དུ་གཏོགས་པའི་སྡུག་བསྔལ་དང༌། གཏན་དུ་སྡུག་བསྔལ་དང༌། རྒྱུའི་སྡུག་བསྔལ་དང༌། སྐྱེ་བའི་སྡུག་བསྔལ་དང༌། བདག་ཉིད་ཀྱིས་གནོད་པ་བྱས་པའི་སྡུག་བསྔལ་དང༌། ཚུལ་ཁྲིམས་ཉམས་པའི་སྡུག་


DTG129_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་དང༌། ལྟ་བ་ཉམས་པའི་སྡུག་བསྔལ་དང༌། སྔོན་གྱི་རྒྱུ་ལས་བྱུང་བའི་སྡུག་བསྔལ་དང༌། སྡུག་བསྔལ་ཆེན་པོ་དང༌། སེམས་ཅན་དམྱལ་བ་པའི་སྡུག་བསྔལ་དང༌། བདེ་འགྲོར་གཏོགས་པའི་སྡུག་བསྔལ་དང༌། ལོག་པར་ཞུགས་པ་རྣམས་ལས་བྱུང་བའི་སྡུག་བསྔལ་ཐམས་ཅད་དང༌། འཇུག་པའི་སྡུག་བསྔལ་ཐམས་ཅད་དང༌། མི་ཤེས་པའི་སྡུག་བསྔལ་དང༌། རྒྱས་པ་ལས་བྱུང་བའི་སྡུག་བསྔལ་དང༌། རྗེས་སུ་འབྲེལ་པ་ལས་བྱུང་བའི་སྡུག་བསྔལ་དང༌། ཚོར་བའི་སྡུག་བསྔལ་དང༌། གནས་ངན་ལེན་གྱི་སྡུག་བསྔལ་ལོ། །དེ་ལ་སྙིང་རྗེ་ནི་རྒྱུ་རྣམ་པ་བཞིས་སྙིང་རྗེ་ཆེན་པོ་ཞེས་བྱ་སྟེ། སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཟབ་ཅིང་ཆ་ཕྲ་བ་ལ་རྟོགས་པར་དཀའ་བ་ལ་དམིགས་ནས་སྐྱེས་པ་ཡིན། བསྐལ་པ་འབུམ་ཕྲག་དུ་མ་ནས་གོམས་པས་ཡུན་རིང་པོ་ནས་འདྲིས་པ་ཡིན། རྩོལ་བ་དྲག་པོས་དམིགས་པ་ལ་ཞུགས་པ་ཡང་ཡིན་ཏེ། རྩོལ་བ་འདི་ལྟ་བུ་དང་ལྡན་ཞིང་སྙིང་རྗེས་ཟིན་པའི་བྱང་ཆུབ་སེམས་དཔའ་དེ་ནི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་བསལ་བའི་ཕྱིར། བདག་ཉིད་ཀྱི་སྲོག་བརྒྱ་ཡང་ཡོངས་སུ་གཏོང་ན་སྲོག་གཅིག་ལྟ་ཅི་སྨོས། ལུས་ཀྱི་ཡོ་བྱད་ལྟ་ཡང་ཅི་སྨོས་ཏེ། སྡུག་བསྔལ་གྱིས་གནོད་པའི་རྣམ་པ་ཐམས་ཅད་ཀྱང་ཉམས་སུ་ལེན་པར་བྱེད་པ་ཡིན། ཤིན་ཏུ་རྣམ་པར་དག་པ་ཡང་ཡིན་ཏེ། འདི་ལྟ་སྟེ། མཐར་ཐུག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ས་ཡང་རྣམ་པར་དག་པའི་ཕྱིར་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་ས་ཡང་རྣམ་པར་དག་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་གང་དག་སྡུག་བསྔལ་རྣམ་པ་བརྒྱ་རྩ་བཅུ་པོ་འདིས་སེམས་ཅན་རྣམས་ལ་སྙིང་རྗེ་སྒོམ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཐམས་ཅད་བསྒོམ་པ་ཡིན་ནོ། །དེ་དག་གིས་ནི་བསམ་པ་དག་པའི་ས་ལ་ཞུགས་པའི་སྙིང་རྗེའི་བསམ་པ་རྣམ་པར་དག་པ་ཡང་མྱུར་བ་ཉིད་དུ་ཐོབ་པར་འགྱུར་རོ། །སེམས་ཅན་རྣམས་ལ་ཡང་སེམས་ཤིན་ཏུ་མཉེན་པ་དང༌། བྱམས་པའི་སེམས་དང༌། བྱེད་འདོད་པའི་སེམས་དང༌། སྐྱོ་པ་མེད་པའི་སེམས་དང༌། སྡུག་བསྔལ་ཉམས་སུ་ལེན་པའི་སེམས་དང༌། ལས་སུ་རུང་ཞིང་དབང་


DTG129_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྱུར་པའི་སེམས་དང་ལྡན་པ་ཡིན་ནོ། །འཕགས་པ་ཉན་ཐོས་སྡུག་བསྔལ་གྱི་བདེན་པ་མངོན་པར་རྟོགས་པ་དང་ལྡན་པ་མཐར་ཐུག་པ་སྐྱོ་བ་དང་ལྡན་པའི་སེམས་ཀྱི་རྒྱུད་ཐག་རིང་དུ་སོང་བར་གྱུར་པ་ཡང་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་སེམས་ཀྱིས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་རྣམ་པ་བརྒྱ་རྩ་བཅུར་འདུས་པ་ཡང་དག་པར་མཐོང་ནས་འཇུག་པ་དེ་ལྟར་མི་འཇུག་གོ །བྱང་ཆུབ་སེམས་དཔའ་དེ་ལྟར་སྙིང་རྗེས་ཡིད་ཡོངས་སུ་བསྒོས་པ་ནི་ནང་དང་ཕྱི་རོལ་གྱི་དངོས་པོ་གང་ཅི་ཡང་ཡོངས་སུ་མི་གཏོང་བ་མེད་དོ། །ཚུལ་ཁྲིམས་ཀྱི་སྡོམ་པ་གང་ཡང་དག་པར་ལེན་པར་མི་བྱེད་པ་དེ་མེད་དོ། །གཞན་གནོད་པ་བྱེད་པ་ལ་གང་མི་བཟོད་པ་དེ་ཅི་ཡང་མེད་དོ། །བརྩོན་འགྲུས་གང་མི་རྩོམ་པ་དེ་མེད་དོ། །བསམ་གཏན་གང་ལ་སྙོམས་པར་མི་འཇུག་པ་དེ་མེད་དོ། །ཤེས་རབ་གང་ལ་མི་འཇུག་པ་དེ་མེད་དོ། །དེ་ལྟ་བས་ན་དེ་བཞིན་གཤེགས་པ་རྣམས་ལ་བྱང་ཆུབ་སེམས་དཔའི་བྱང་ཆུབ་གང་ལ་གནས་ཞེས་ཞུས་ན། བྱང་ཆུབ་སེམས་དཔའི་བྱང་ཆུབ་ནི་སྙིང་རྗེ་ལ་གནས་སོ་ཞེས་ཡང་དག་པར་ལུང་སྟོན་པས་ལུང་སྟོན་པར་མཛད་དོ། །དེ་ལ་འདིར་བྱང་ཆུབ་སེམས་དཔའི་ཚད་མེད་པ་རེ་རེ་ཞིང་ཇི་སྐད་བསྟན་པ་ནི་ཚད་མེད་པ་ཕུན་སུམ་ཚོགས་པས་ཕུན་སུམ་ཚོགས་པར་འཇུག་སྟེ། སྡུད་པའི་འབྲས་བུ་ཚད་མེད་པ་ཡོངས་སུ་འཛིན་ཅིང་རྣམ་པ་གཅིག་ཏུ་ངེས་པར་དགེ་ཞིང་ཁ་ན་མ་ཐོ་བ་མེད་པ་ཚད་མེད་པ་དག་གིས་འཇུག་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་དེ་ལྟར་ཚད་མེད་བསྒོམ་པ་ལ་བརྩོན་པ་ལ་ནི་ཕན་ཡོན་བཞི་ཡོད་པར་རིག་པར་བྱ་སྟེ། དེ་ཚད་མེད་པ་སྒོམ་པ་དེ་ནི་ཐོག་མ་ཁོ་ནར་ཚེ་འདི་ལ་བདེ་བ་མཆོག་ལ་གནས་པར་འགྱུར་བ་དང༌། བསོད་ནམས་ཀྱི་ཚོགས་ཚད་མེད་པ་ཡོངས་སུ་འཛིན་ཞིང་འཕེལ་བར་འགྱུར་བ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བསམ་པ་བརྟན་པར་འགྱུར་བ་དང༌། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་འཁོར་བ་ན་སྡུག་བསྔལ་ཐམས་ཅད་ཉམས་སུ་ལེན་པར་འགྱུར་བའོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་མཆོད་པ་དང༌། བསྟེན་པ་དང༌། ཚད་མེད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།བམ་པོ་


DTG129_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་བཞི་པ། སྡོམ་ནི། ངོ་ཚ་བརྟན་དང་མི་སྐྱོ་དང༌། །དེ་བཞིན་བསྟན་བཅོས་འཇིག་རྟེན་ཤེས། །ལེགས་པར་སྟོན་པར་བྱེད་པ་དང༌། །དེ་བཞིན་སོ་སོ་ཡང་དག་རིག །ཚོགས་དང་བྱང་ཆུབ་ཕྱོགས་རྣམས་དང༌། །ཞི་གནས་དང་ནི་ལྷག་མཐོང་དང༌། །ཐབས་ལ་ཡང་ནི་མཁས་པ་དང༌། །གཟུངས་རྣམས་དང་ནི་སྨོན་ལམ་དང༌། །ཏིང་འཛིན་གསུམ་དུ་ཤེས་པར་བྱ། །ཆོས་ཀྱི་མདོ་ནི་རྣམ་པ་བཞི། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། ངོ་བོ་ཉིད་དང་གནས་སོ། །བྱང་ཆུབ་སེམས་དཔའ་ཁ་ན་མ་ཐོ་བ་ཀུན་དུ་སྤྱོད་པ་ན་བདག་གི་ཆ་མ་ཡིན་པར་ཤེས་ནས་འཛེམ་པ་ནི་ངོ་ཚ་ཤེས་པའོ། །དེ་ཉིད་ལ་གཞན་དག་ལ་འཇིགས་ཤིང་གུས་པས་འཛེམ་པ་ནི་ཁྲེལ་ཡོད་པའོ། །བྱང་ཆུབ་སེམས་དཔའི་འཛེམ་པ་དེ་ཡང་རང་བཞིན་གྱིས་ཤས་ཆེ་བ་ཡིན་ན་གོམས་པ་ལྟ་ཅི་སྨོས་ཏེ། བྱང་ཆུབ་སེམས་དཔའི་ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པའི་ངོ་བོ་ཉིད་ནི་དེ་ལྟ་བུ་ཡིན་པར་རིག་པར་བྱའོ། །གནས་ནི་མདོར་བསྡུ་ན་རྣམ་པ་བཞི་སྟེ། བྱང་ཆུབ་སེམས་དཔའི་བྱ་བ་ལ་ནན་ཏན་མི་བྱེད་པ་ལ་འཛེམ་པ་གང་ཡིན་པ་དེ་ནི་གནས་དང་པོའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བྱ་བ་མ་ཡིན་པ་ལ་ནན་ཏན་བྱེད་པ་ལ་འཛེམ་པ་གང་ཡིན་པ་དེ་ནི་གནས་གཉིས་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བདག་ཉིད་ཀྱི་སྡིག་པ་འཆབ་པ་ལ་འཛེམ་པ་གང་ཡིན་པ་དེ་ནི་གནས་གསུམ་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བདག་ཉིད་ཀྱི་འདོད་པ་སྐྱེས་པ་སྟོན་པ་དང་བཅས་པ་ཞར་ལས་བྱུང་བ་ལ་འཛེམ་པ་གང་ཡིན་པ་དེ་ནི་གནས་བཞི་པ་སྟེ། གནས་དེ་ནི་དེ་ལྟ་བུ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་བརྟན་པའི་སྟོབས་བསྐྱེད་པ་གང་ཞེ་ན། དེ་ཡང་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། ངོ་བོ་ཉིད་དང་གནས་སོ། །ཉོན་མོངས་པ་ཅན་གྱི་སེམས་ཡང་དག་པར་སྡོམ་པ་དང༌། ཉོན་མོངས་པའི་དབང་དུ་མི་འགྲོ་བ་དང༌། སྡུག་བསྔལ་དང་དུ་ལེན་པའི་ངང་ཚུལ་ཅན་ཉིད་དང༌། འཇིགས་ཤིང་སྐྲག་པ་རྣམ་པ་སྣ་ཚོགས་མང་པོ་མི་བཟད་པ་མངོན་དུ་བྱུང་བ་དག་གིས་ཀྱང་ཡང་དག་པར་སྦྱོར་བ་ལས་མི་གཡོ་བ་དང༌། རང་བཞིན་གྱིས་སྙིང་སྟོབས་དང་


DTG129_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའམ། སོ་སོར་བརྟགས་པས་བརྟན་པ་འདི་ནི་བརྟན་པའི་སྟོབས་བསྐྱེད་པའི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་བརྟན་པའི་སྟོབས་བསྐྱེད་པ་དེའི་གནས་ནི་མདོར་བསྡུ་ན་རྣམ་པ་ལྔ་ཡོད་པར་རིག་པར་བྱ་སྟེ། འཁོར་བའི་སྡུག་བསྔལ་རྣམ་པ་སྣ་ཚོགས་དང་ཕྲད་པ་དང། འདུལ་བ་ལས་གྱུར་པའི་ལོག་པར་འཇུག་པ་རྣམ་པ་སྣ་ཚོགས་དང༌། ཡུན་རིང་པོར་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་འཁོར་བ་ཁས་བླངས་པ་དང༌། ཕས་ཀྱི་རྒོལ་བ་དག་གིས་ཉམས་བསྐྱོད་ཀྱང་འཁོར་ཕལ་པོ་ཆེའི་ནང་དུ་ཆོས་སྟོན་པ་དང༌། བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་ཁས་བླངས་ཏེ། རྒྱ་ཆེ་ཞིང་ཟབ་པའི་ཆོས་ཉན་པ་ནི་གནས་ལྔ་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་པའི་སྦྱོར་བ་ཐམས་ཅད་ལ་རྒྱུ་ལྔས་ཡིད་ཡོངས་སུ་མི་སྐྱོ་བར་རིག་པར་བྱའོ། །འདི་ལ་བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་སྟོབས་དང་ལྡན་པ་ཡིན་ཏེ། དེས་ན་ཡོངས་སུ་སྐྱོ་བར་མི་འགྱུར་རོ། །ཡང་དེས་ཡིད་ཡོངས་སུ་མི་སྐྱོ་བ་དེ་ཉིད་ཡང་དང་ཡང་དུ་གོམས་པར་བྱས་པ་ཡིན་ཏེ། དེས་ན་ཡོངས་སུ་སྐྱོ་བར་མི་འགྱུར་རོ། །ཡང་ཐབས་ཀྱིས་ཡོངས་སུ་ཟིན་པའི་བརྩོན་འགྲུས་རྩོམ་པ་དང་ལྡན་པ་ཡིན་ཏེ། དེས་ན་སྔ་ཕྱི་བྱེ་བྲག་ཡང་དག་པར་མཐོང་བས་ཡོངས་སུ་སྐྱོ་བར་མི་འགྱུར་རོ། །ཤེས་རབ་ཀྱིས་སོ་སོར་རྟོག་པའི་སྟོབས་དྲག་པོ་དང་ལྡན་པ་ཡིན་ཏེ། དེས་ན་ཡོངས་སུ་སྐྱོ་བར་མི་འགྱུར་རོ། །སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་དེའི་སྙིང་རྗེའི་སེམས་དང་སྙིང་བརྩེ་བའི་སེམས་དྲག་པོ་རྟག་ཏུ་རྒྱུན་མི་འཆད་པར་ཉེ་བར་གནས་པ་ཡིན་ཏེ། དེས་ན་ཡོངས་སུ་སྐྱོ་བར་མི་འགྱུར་རོ། །དེ་ལ་བྱང་ཆུབ་སེམས་དཔའི་བསྟན་བཅོས་ཤེས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་རིག་པའི་གནས་ལྔ་པོ་དག་ལས་བརྩམས་ཏེ། མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌། ཡི་གེའི་ཚོགས་དང་ལྡན་པའི་ཆོས་གཞན་ལས་ལེགས་པར་བཟུང་སྟེ། ཁ་དོན་ལེགས་པར་བྱང་བ་ཡིན། ཆོས་ཀྱི་དོན་དེ་ཉིད་ཀྱང་གཞན་ལས་ལེགས་པར་ཐོས་པ་ཡིན། ཡང་ན་བདག་ཉིད་ཀྱིས་ལགས་པར་བསམས་ཤིང༌། ལེགས་པར་བརྟགས་པ་ཡིན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཤེས་ཤིང་དོན་ཤེས་པས་ཆོས་དང་དོན་


DTG129_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་མི་བརྗེད་པར་བྱ་བའི་ཕྱིར་དང༌། ཆོས་དང་དོན་གྱི་བྱེ་བྲག་སར་པ་སར་པ་དག་གོང་ནས་གོང་དུ་ཤེས་པར་བྱ་བའི་ཕྱིར་སྦྱོར་བ་མི་གཏོང་བ་ཡིན་ནོ། །ཐོས་པ་དང་བསམ་པའི་མཐར་ཐུག་པ་དེས་ཆོས་དང་དོན་དེ་ལ་དུས་གཞན་ན་ཡོངས་སུ་སྨིན་པར་བྱས་པའི་དད་པ་ཐོབ་པ་ཡང་ཡིན་ཏེ། རྣམ་པ་དེ་དག་གིས་ན་བྱང་ཆུབ་སེམས་དཔའི་བསྟན་བཅོས་ཤེས་པ་ཚད་མེད་པ་དང༌། ཡོངས་སུ་རྫོགས་པ་དང༌། ཕྱིན་ཅི་མ་ལོག་པ་ཉིད་དུ་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་འཇིག་རྟེན་ཤེས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་འཇིག་རྟེན་ལས་བརྩམས་ནས། འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཀྱེ་མ་འཇིག་རྟེན་འདི་ནི་ཉམ་ང་བར་ཞུགས་པ་སྟེ། འདི་ལྟར་སྐྱེ་ཡང་སྐྱེ། རྒ་ཡང་རྒ། འཆི་ཡང་འཆི། འཆི་འཕོ་ཡང་འཆི་འཕོ། སྐྱེ་ཡང་སྐྱེ་མོད་ཀྱི། འོན་ཀྱང་སེམས་ཅན་འདི་དག་ནི་རྒ་ཤིའི་འོག་ཏུ་ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་སོ་སྙམ་མོ། །ཡང་འདི་ལྟ་སྟེ། ཚེའི་སྙིགས་མ་དང༌། སེམས་ཅན་གྱི་སྙིགས་མ་དང༌། ཉོན་མོངས་པའི་སྙིགས་མ་དང༌། ལྟ་བའི་སྙིགས་མ་དང༌། དུས་ཀྱི་སྙིགས་མ་སྟེ། སྙིགས་མ་ལྔ་པོ་དག་ལས་བརྩམས་ནས་སེམས་ཅན་གྱི་འཇིག་རྟེན་ཉིད་ཀྱི་སྙིགས་མ་ཤས་ཆེ་བའི་དུས་དང༌། སྙིགས་མ་མེད་པའི་དུས་དང༌། སྙིགས་མ་ཤས་ཆུང་བའི་དུས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། འདི་ལྟ་སྟེ། ད་ལྟར་གྱི་མི་རྣམས་ནི་འཚོ་བའི་ཡུན་ཐུང་སྟེ། གང་ཡུན་རིང་དུ་འཚོ་བ་དེས་ཀྱང་ལོ་བརྒྱ་ཐུབ་པར་ཟད་དོ། །འདི་ལྟ་སྟེ། ད་ལྟར་གྱི་སེམས་ཅན་དག་ནི་ཕལ་ཆེར་ཕར་མི་འཛིན་པ། མར་མི་འཛིན་པ། དགེ་སྦྱོང་དུ་མི་འཛིན་པ། བྲམ་ཟེར་མི་འཛིན་པ། རིགས་ཀྱི་གཙོ་བོ་ལ་རིམ་གྲོ་མི་བྱེད་པ། དོན་དུ་འགྱུར་བར་མི་བྱེད་པ། བྱ་བའི་རིགས་པ་མི་བྱེད་པ། འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་དུ་ཁ་ན་མ་ཐོ་བ་རྣམས་ལ་འཇིགས་པར་མི་ལྟ་བ། སྦྱིན་པ་དག་མི་བྱེད་པ། བསོད་ནམས་དག་མི་བྱེད་པ། བསྙེན་ཏེ་གནས་པ་ལ་ཉེ་བར་མི་གནས་པ། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་མི་འདུག་པ་ཤ་སྟག་གོ །འདི་ལྟ་སྟེ། ད་ལྟར་ཕལ་ཆེར་ཆོས་མ་ཡིན་པ་ལ་འདོད་ཆགས་པ་དང༌། མི་མཐུན་


DTG129_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཆགས་པ་དང༌། མཚོན་ཆ་ཐོགས་པ་དང༌། དབྱིག་པ་ཐོགས་པ་དང༌། འཐབ་པ་དང༌། མཚང་འབྲུ་བ་དང༌། འགྱེད་པ་དང༌། རྩོད་པ་དང༌། གཡོ་བ་དང༌། འདྲིད་པ་དང༌། མི་སྲུན་པ་དང༌། བརྫུན་དུ་སྨྲ་བ་དང༌། ལག་པའི་ཆོས་སུ་གཏོགས་པ་སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་དག་སྣང་ངོ༌། །འདི་ལྟ་སྟེ། ད་ལྟར་དམ་པའི་ཆོས་འཇིག་པར་འགྱུར་བ་དང༌། དམ་པའི་ཆོས་ནུབ་པར་འགྱུར་བའི་དམ་པའི་ཆོས་ལྟར་བཅོས་པ་མང་པོ་ལོག་པའི་ཆོས་ཀྱི་དོན་དཔྱོད་པ་སྔོན་དུ་འགྲོ་བ་དག་བྱུང་ངོ༌། །འདི་ལྟ་སྟེ། ད་ལྟར་མུ་གེའི་བར་གྱི་བསྐལ་པ་དག་ཉེ་བར་འགྱུར་ཏེ། མུ་གེ་ཕལ་ཆེར་སྣང་ངོ༌། །ནད་ཀྱི་བར་གྱི་བསྐལ་པ་ཡང་ཉེ་བར་འགྱུར་ཏེ་ནད་རྣམས་ཕལ་ཆེར་སྣང་ངོ༌། །མཚོན་གྱི་བར་གྱི་བསྐལ་པ་ཡང་ཉེ་བར་འགྱུར་ཏེ། མཚོན་ཆས་བྱས་པའི་སྲོག་གཅོད་པ་དག་ཕལ་ཆེར་སྣང་སྟེ་སྔོན་ནི་དེ་ལྟ་བུ་མ་བྱུང་ངོ་ཞེས་བྱ་བ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་འཇིག་རྟེན་ལས་བརྩམས་ཏེ། འཇིག་རྟེན་ཤེས་པ་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའ་སྣོད་ཀྱི་འཇིག་རྟེན་གྱི་འཇིག་པ་དང༌། འཆགས་པ་དང༌། སྣོད་ཀྱི་འཇིག་རྟེན་ཇི་ལྟར་འཇིག་པ་དང༌། འཆགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡང་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་དང༌། འཇིག་རྟེན་ཀུན་འབྱུང་དང༌། འཇིག་རྟེན་འགོག་པ་དང༌། འཇིག་རྟེན་ཀུན་འབྱུང་བར་འགྱུར་བའི་ལམ་དང༌། འཇིག་རྟེན་འགོག་པར་འགྱུར་བའི་ལམ་དང༌། འཇིག་རྟེན་གྱི་རོ་མྱང་བ་དང༌། ཉེས་དམིགས་དང༌། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡང་བྱང་ཆུབ་སེམས་དཔའི་མིག་དང་ཡིད་ཀྱི་བར་དང༌། ཕུང་པོ་གཟུགས་ཅན་མ་ཡིན་པ་རྣམས་དང༌། འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་ནི་མིའི་ལུས་ཏེ་དེ་ཙམ་ལ་མི་ཉིད་ཅེས་བྱའོ། །དེ་ལ་བདག་གམ། སེམས་ཅན་ཞེས་བྱ་བའི་འདུ་ཤེས་གང་ཡིན་པ་དེ་ནི་འདུ་ཤེས་ཙམ་ཁོ་ནར་ཟད་དོ། །དེ་ལ་བདག་གིས་ནི་མིག་གིས་གཟུགས་རྣམས་མཐོང་ངོ༌། །ཡིད་ཀྱིས་ཆོས་རྣམས་ཤེས་སོ་ཞེས་བྱ་བའི་བར་དུ་དམ་འཆའ་བ་གང་ཡིན་པ་འདི་ནི་དམ་འཆའ་བ་ཙམ་ཁོ་ནར་ཟད་དོ། །དེ་ལ་འདི་ལྟར་ཚེ་དང་ལྡན་པ་དེ་མིང་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་


DTG129_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང༌། ཚེ་ནི་འདི་ཙམ་དུ་རིང༌། ཡུན་ནི་འདི་སྲིད་དུ་གནས་གནས། ཚེའི་མཐའ་ནི་འདི་ཙམ་མོ་ཞེས་བྱ་བའི་ཐ་སྙད་གང་ཡིན་པ་འདི་ནི་ཐ་སྙད་ཙམ་ཁོ་ནར་ཟད་དོ་ཞེས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་དེས་སེམས་ཅན་གྱི་འཇིག་རྟེན་གྱི་འཇུག་པ་དང༌། སྣོད་ཀྱི་འཇིག་རྟེན་གྱི་འཇུག་པ་དང༌། འཇིག་རྟེན་རྟག་པའི་དོན་བརྒྱད་དང༌། འཇིག་རྟེན་གྱི་དོན་དམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལྟ་བས་ན་འཇིག་རྟེན་ཤེས་པ་ཞེས་བྱའོ། །ཡང་བྱང་ཆུབ་སེམས་དཔའ་ནི་ཆེས་རྒན་པའམ། ཆེས་ཡོན་ཏན་གྱིས་ཁྱད་པར་དུ་འཕགས་པ་ཞིག་མཐོང་ན་ལེགས་པར་ཀུན་ཏུ་སྨྲ་བར་བྱེད། ལངས་ཏེ་སྟན་སྟོབས་པར་བྱེད། གུས་པར་སྨྲ་ཞིང་ཕྱག་འཚལ་བ་དང༌། མངོན་དུ་ལྡང་བ་དང༌། ཐལ་མོ་སྦྱར་བ་དང། འདུད་པའི་ལས་བྱེད་དོ། །ཡང་ན་ན་ཚོད་དང་ཡོན་ཏན་དག་གིས་མཚུངས་པ་ཞིག་མཐོང་ན་ནི། འཇམ་པ་དང༌། མཉེན་པའི་ཚིག་གིས་ལགས་པར་སྨྲ་བར་བྱེད། ཀུན་དུ་སྨྲ་བར་བྱེད། ཡང་དག་པར་དགའ་བར་བྱེད་ཀྱི། ང་རྒྱལ་ལ་བརྟེན་ནས། དེ་དང་བདག་ཡོངས་སུ་དཔོག་པར་ནི་མི་བྱེད་དོ། །ཡང་ན་ན་ཚོད་དང་ཡོན་ཏན་དག་གིས་དམའ་བ་ཞིག་མཐོང་ན་ཡོན་ཏན་སྐྱེད་པ་ལས་བརྩམས་ཏེ་ནུས་པ་བཞིན་དུ་སྤྲོ་བ་སྐྱེད་པར་བྱེད། དེའི་ཡང་དག་པའི་ཡོན་ཏན་ཆུང་ངུ་ཡང་བརྗོད་པར་བྱེད། གང་གིས་དེ་གནོད་པར་འགྱུར་བའི་ཉེས་པ་ཡང་དག་པ་ཡང་འཆབ་པར་བྱེད་དེ། སྒྲོགས་པར་མི་བྱེད་དོ། །དེ་ལ་བརྙས་པར་ཡང་མི་བྱེད་དོ། །ཆོས་དང་ཟང་ཟིང་འགའ་ཞིག་འདོད་ན་ཡང་དེ་ཤེས་ནས། ཕྱིར་ཕྱོགས་ཤིང་ཁྲོ་གཉེར་མི་བྱེད་དོ། །དེ་ལ་འཁྲུལ་པ་ལ་ཡང་འཕྱས་མི་བྱེད། དམས་པ་ལ་ཡང་བརྙས་པར་མི་བྱེད་དོ། །དེ་བཞིན་དུ་དམའ་བ་དང༌། མཚུངས་པ་དང༌། ཁྱད་པར་དུ་འཕགས་པའི་སེམས་ཅན་ཐམས་ཅད་ལ་ཡང་གསོང་པོར་སྨྲ་ཞིང་ཚུར་ཤོག །བདེ་བར་འོངས་སོ་ཞེས་སྨྲས་ལ། ལེགས་པར་ངལ་སོར་འཇུག་སྟེ། ཡང་དག་པར་ཆོས་དང་ཟང་ཟིང་གིས་ཅི་ནུས་ཀྱིས་སྡུད་པར་བྱེད་དོ། །སེམས་ཅན་རྣམས་ལ་གྱ་གྱུས་དྲོད་མི་ཟིན་པ་དང་ལྡན་པར་མི་བྱེད།


DTG129_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་པའི་ཁྱད་པར་འགའ་ཙམ་གྱིས་ཀྱང་འགྱིང་བར་མི་བྱེད་དོ། །སེམས་ཅན་བསྡུས་པ་བཞིན་དུ་ནད་པའམ། ཐ་མལ་པ་ལ་ཡང་རུང་སྟེ། ཡོ་བྱད་ཐམས་ཅད་དང་མཐུན་པའི་ལུས་དང་ངག་གི་ལས་ཀྱིས་ཀྱང་ཡལ་བར་མི་འདོར་རོ། །འདྲིས་པ་ལ་ཇི་ལྟ་བ་བཞིན་དུ་མ་འདྲིས་པ་ལ་ཡང་དེ་ཁོ་ན་བཞིན་ནོ། །ཐམས་ཅད་ཀྱང་མཛའ་བོ་དང་འགྲོགས་པར་བྱེད་དེ། ཕྱིར་རྒོལ་བ་མེད་པ་བཞིན་ནོ། །སེམས་ཅན་མགོན་མེད་ཅིང་རྟེན་པ་མེད་པ་ཐམས་ཅད་ཀྱིས་བྱ་བ་ཅི་ནུས་ཅི་ལྕོགས་ཀྱིས་བྱེད་དོ། །འདི་དག་ཐང་ཅིག་ཙམ་ཡང་མི་བདེ་བར་གནས་ཀྱང་ཅི་མ་རུང་སྙམ་ནས། རྣམ་གྲངས་གང་གིས་ཀྱང་གཞན་དག་ལ་སྡུག་བསྔལ་བ་དང་ཡིད་མི་བདེ་བ་སྒྲུབ་པར་མི་བྱེད་དོ། །དེ་ཉིད་རྐྱེན་དུ་བྱས་ཏེ་གནས་དག་དང་དགོད་པར་བྱེད་ན་ཡང་རན་པར་དགོད་པར་བྱེད་ཀྱི། མ་འོངས་པར་དགོད་པར་མི་བྱེད་དོ། །སྐྱོན་མི་འབྱུང་ཞིང་མཆོག་ཏུ་ཡིད་བརྟན་པར་གྱུར་པའི་གྲོགས་པོ་དག་ལ་ཡང་ཚོགས་པར་མི་དབྱུང་བའི་ཚིག་རྗོད་པར་མི་བྱེད་དོ། །གཞན་དག་ལ་ཡུན་རིང་དུ་ཁྲོ་བར་ཡང་མི་བྱེད་དོ། །ཁྲོས་སུ་ཟིན་ཀྱང་གཞན་དག་གི་མཚང་སྒྲོགས་པར་མི་བྱེད་དོ། །གཞན་དག་གིས་ལུས་དང་ངག་གིས་བསྟིངས་སུ་ཟིན་ཀྱང་སོ་སོར་བརྟགས་ནས་ཆོས་ཉིད་ལ་སྟོན་ཏམ། ཡང་ན་བདག་ཉིད་ཀྱི་ལན་བོན་ཡིན་པར་ལྟ་བར་བྱེད་དོ། །སེམས་བརྟན་ཞིང་མི་རྒོད་པ་ཡིན། ལུས་དང་ངག་དང་ཡིད་གསུམ་གྱི་རྒྱུ་བ་བརྟན་པ་ཡིན། དྲི་མའི་ལས་ཀྱི་མཐའ་བཅུ་བཞི་དང་བྲལ་བ་ཡིན་ཕྱོགས་དྲུག་གིས་བཀབ་པ་ཡིན། སྡིག་པའི་གྲོགས་པོ་བཞིས་སྤངས་པ་ཡིན། དགེ་བའི་བཤེས་གཉེན་བཞིས་ཡོངས་སུ་བཟུང་བ་ཡིན་ཏེ། དེ་དག་ཐམས་ཅད་ཀྱང་མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱའོ། །ཚེ་འདི་ལ་ཕན་པའི་ཕྱིར་ལོངས་སྤྱོད་དང་ལྡན་པ་ལས་བརྩམས་ཏེ། སྒྲུབ་ཕོད་པ་དང༌། ཀུན་ནས་བསྲུང་བ་དང་ལྡན་པ་དང༌། མཐུན་པས་འཚོ་བ་དང༌། འཇིག་རྟེན་པའི་བཟོ་དང༌། ལས་ཀྱི་གནས་རྣམས་ལ་མཁས་པར་གྱུར་པ་ཡིན་ནོ། །གཡོ་དང་སྒྱུ་མེད་པ་ཡིན་ཏེ། ཕ་རོལ་འདྲིད་པའི་ངང་ཚུལ་ཅན་མ་ཡིན་ནོ། །ཁ་ན་མ་ཐོ་བ་ཀུན་དུ་སྤྱོད་པ་རྣམས་ལ་ཡང་ངོ་ཚ་དང་ལྡན་པ་ཡིན་ནོ། །སྤྱོད་པ་དེ་ལྷུར་ལེན་ཅིང་བསྲུང་བས་ན་སྤྱོད་པ་ཕུན་སུམ་ཚོགས་པ་


DTG129_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །གཞན་གྱི་རྫས་ཡིད་བརྟན་ཏེ་གཏམས་པ་ལ་གཡོ་མི་བྱེད་པ་ཡིན། གཞན་གྱི་བུ་ལོན་ཆགས་པ་ལ་དོར་མི་བྱེད་པ་ཡིན། བགོ་སྐལ་གཅིག་པ་ལ་མི་འདྲིད་པ་ཡིན། རིན་པོ་ཆེའམ། རིན་པོ་ཆེར་སྨོས་པ་མན་ཆད་ཀཱར་ཥཱ་པ་ཎ་ཡན་ཆད་ལ་རྨོངས་པ་དེ་ལ། བསླུ་བ་དག་གིས་མི་བསླུ་བ་ཡིན། དེ་བཞིན་དུ་འཇིག་རྟེན་པའི་ཐ་སྙད་ཀྱི་ཚུལ་འཇིག་རྟེན་ལ་ཕན་འདོགས་པ་རྣམས་ལ་གཡར་བ་ཡིན། དོན་བྱ་བ་དེ་དང་དེ་དག་ལ་གཞན་དག་གིས་བཅོལ་ན་གྲོགས་སུ་འགྲོ་སྟེ། མི་འགྱུར་ཞིང་གཏམ་རླུང་ལ་སྐུར་བར་མི་བྱེད་པ་ཡིན། ལས་ཀྱི་མཐའ་བཟང་པོ་དང་ལྡན་ཏེ། ལས་ཀྱི་མཐའ་ངན་པ་དང་ལྡན་པ་མ་ཡིན། ཡང་རྒྱལ་པོ་བྱེད་ན་ཡང་ཆོས་བཞིན་དུ་བྱེད་ཀྱི། ཆོས་མ་ཡིན་པས་མི་བྱེད་པ་དང༌། ཆད་པས་གཅོད་པ་ལ་དགའ་བར་མི་བྱེད་ཅིང༌། སྐྱེ་བོ་ཕལ་པོ་ཆེ་འཆལ་བའི་ཚུལ་ཁྲིམས་ལས་བཟློག་ནས། ཚུལ་ཁྲིམས་དག་ལ་ཡང་དག་པར་འཛུད་པར་བྱེད་དོ། །དེ་བཞིན་དུ་འཕགས་པའི་ཐ་སྙད་བརྒྱད་དང་ལྡན་པ་ཡིན་ཏེ། མཐོང་བ་ལ་མཐོང་ངོ་ཞེས་སྨྲ་བ་དང༌། ཐོས་པ་དང༌། བྱེ་བྲག་ཕྱེད་པ་དང༌། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་སོ་ཞེས་སྨྲ་བ་དང༌། མ་མཐོང་བ་ལ་མཐོང་ངོ་ཞེས་སྨྲ་བ་དང༌། མ་ཐོས་པ་དང༌། བྱེ་བྲག་མ་ཕྱེད་པ་དང༌། རྣམ་པར་མ་ཤེས་པ་ལ་རྣམ་པར་མ་ཤེས་སོ་ཞེས་སྨྲ་བ་སྟེ། དེ་དག་དང་དེ་ལྟ་བུ་དང་མཐུན་པ་ཆོས་རྣམས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་ཇི་ལྟར་ཤེས་པར་བྱ་བ་དང་འཇིག་རྟེན་ན་ཇི་ལྟར་གནས་པར་བྱ་བ་དེ་དག་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལྟ་བས་ན་འཇིག་རྟེན་ཤེས་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སྟོན་པ་བཞི་པོ་དག་ལ་ཇི་ལྟར་སྦྱོར་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་དོན་འདོད་པའི་ཕྱིར་གཞན་ལས་ཆོས་ཉན་པར་བྱེད་ཀྱི། ཚིག་འབྲུ་ལེགས་པར་སྦྱར་བར་འདོད་པའི་ཕྱིར་མ་ཡིན་ཏེ། དེ་དོན་འདོད་པའི་ཕྱིར་ཆོས་ཉན་གྱི། ཚིག་འབྲུ་འདོད་པའི་ཕྱིར་མ་ཡིན་པས་ན། ཕལ་པའི་སྐད་ཀྱིས་ཆོས་སྟོན་ན་ཡང་བྱང་ཆུབ་སེམས་དཔའ་དོན་ལ་རྟོན་པ་ནི་གུས་པར་བྱས་ཏེ་ཉན་པར་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་ནག་པོ་བསྟན་པ་དང༌། ཆེན་པོ་བསྟན་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། རབ་ཏུ་ཤེས་ནས་ཀྱང་རིགས་པ་ལ་སྟོན་པར་བྱེད་པ་ཡིན་གྱི། གནས་བརྟན་


DTG129_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ནམ། ཤེས་པའི་གང་ཟག་གམ། དེ་བཞིན་གཤེགས་པའམ། དགེ་འདུན་གྱིས་ཆོས་འདི་དག་བཤད་དོ་ཞེས་གང་ཟག་ལ་རྟོན་པ་མ་ཡིན་ནོ། །དེ་ལྟར་རིགས་པ་ལ་རྟོན་གྱི་གང་ཟག་ལ་མི་རྟོན་པ་དེ་ནི་དེ་ཁོ་ནའི་དོན་ལས་མི་གཡོ་ཞིང་ཆོས་རྣམས་ལ་གཞན་གྱི་དྲིང་མི་འཇོག་པ་ཡང་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པ་ལ་དད་པ་ཞེན་ཅིང་དགའ་བ་ཞེན་ཏེ། གསུང་ལ་གཅིག་ཏུ་ངེས་པར་མངོན་པར་དགའ་བ་དང༌། དེ་བཞིན་གཤེགས་པའི་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི། དྲང་བའི་དོན་ལ་མ་ཡིན་ཏེ། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་ན། ཆོས་འདུལ་བ་འདི་ལས་མི་འཕྲོགས་པར་འགྱུར་ཏེ། འདི་ལྟར་དྲང་བའི་དོན་གྱི་མདོ་སྡེ་ནི་སྒོ་སྣ་ཚོགས་ནས་ཞུགས་པའི་དོན་གྱི་རྣམ་པར་དབྱེ་བ་མ་ངེས་པས་ཐེ་ཚོམ་སྐྱེད་པ་ཡིན་པའི་ཕྱིར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ངེས་པའི་དོན་གྱི་མདོ་སྡེ་ལ་ཡང་ངེས་པ་མེད་པར་གྱུར་ན་ནི་དེ་ལྟར་ན་དེ་ཆོས་འདུལ་བ་འདི་ལས་འཕྲོགས་པར་འགྱུར་རོ། །ཡང་བྱང་ཆུབ་སེམས་དཔའ་ནི་རྟོགས་པའི་ཡེ་ཤེས་ལ་སྙིང་པོ་ལྟ་བ་ཡིན་གྱི། ཐོས་པ་དང་བསམས་པས་ཆོས་དང་དོན་རྣམ་པར་ཤེས་པ་ཙམ་ལ་ནི་མ་ཡིན་ནོ། །དེས་བསྒོམས་པའི་ཤེས་པས་ཤེས་པར་བྱ་བ་གང་ཡིན་པ་དེ་ནི་ཐོས་པ་དང་བསམས་པས་དོན་རྣམ་པར་ཤེས་པ་ཙམ་གྱིས་རྣམ་པར་ཤེས་པར་མི་ནུས་པར་རིག་ནས། དེ་བཞིན་གཤེགས་པས་གསུངས་པའི་ཆོས་མཆོག་ཏུ་ཟབ་པ་དག་ཐོས་ན་ཡང་སྤོང་བར་མི་བྱེད་ཅིང་སྐུར་པ་མི་འདེབས་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སྟོན་པ་བཞི་པོ་དག་ལ་སྦྱོར་བར་བྱེད་དོ། །དེ་ལྟར་ན་ལེགས་པར་ཞུགས་པ་ཡིན་ནོ། །སྟོན་པ་བཞི་པོ་དེ་དག་ལས་ནི། མདོར་བསྡུ་ན། ཚད་མ་ཉིད་བཞི་བསྟན་ཏེ་བསྟན་པའི་དོན་དང༌། རིགས་པ་དང༌། སྟོན་པ་དང༌། བསྒོམས་པ་ལས་བྱུང་བའི་རྟོགས་པའི་ཡེ་ཤེས་སོ། །སྟོན་པ་བཞི་པོ་ཐམས་ཅད་ཀྱིས་ནི་བྱང་ཆུབ་སེམས་དཔའ་ཡང་དག་པའི་སྦྱོར་བ་བརྩོན་པ་ལ་ཞུགས་པའི་ངེས་པར་འབྱིན་པར་འཁྲུལ་པ་མེད་པ་མངོན་པར་གསལ་བར་བྱས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་བཞི་གང་ཞེ་ན། ཆོས་ཐམས་ཅད་ཀྱི་རྣམ་གྲངས་ཐམས་ཅད་ལ་ཇི་སྙེད་ཡོད་པ་དང༌། ཇི་ལྟར་ཡོད་པས་བསྒོམས་པ་ལས་བྱུང་


DTG129_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཤེས་པ་ཐོགས་པ་མེད་ཅིང་མི་ཟློགས་པ་གང་ཡིན་པ་དེ་ནི་དེ་དག་གི་ཆོས་སོ་སོ་ཡང་དག་པར་རིག་པའོ། །ཆོས་ཐམས་ཅད་ཀྱི་མཚན་ཉིད་ཐམས་ཅད་ལ་ཇི་སྙེད་ཡོད་པ་དང༌། ཇི་ལྟར་ཡོད་པས་བསྒོམས་པ་ལས་བྱུང་བའི་ཤེས་པ་ཐོགས་པ་མེད་ཅིང་མི་ཟློགས་པ་གང་ཡིན་པ་དེ་ནི་དེ་དག་གི་དོན་སོ་སོ་ཡང་དག་པར་རིག་པའོ། །ཆོས་ཐམས་ཅད་ཀྱི་ངེས་པའི་ངག་ཐམས་ཅད་ལ་ཇི་སྙེད་ཡོད་པ་དང༌། ཇི་ལྟར་ཡོད་པས་བསྒོམས་པ་ལས་བྱུང་བའི་ཤེས་པ་ཐོགས་པ་མེད་ཅིང་མི་ཟློགས་པ་གང་ཡིན་པ་དེ་ནི་དེ་དག་གི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའོ། །ཆོས་ཐམས་ཅད་ཉིད་ཀྱི་རྣམ་པ་རབ་ཏུ་དབྱེ་བ་ཐམས་ཅད་ལ་ཇི་སྙེད་ཡོད་པ་དང༌། ཇི་ལྟར་ཡོད་པས་བསྒོམས་པ་ལས་བྱུང་བའི་ཤེས་པ་ཐོགས་པ་མེད་ཅིང་མི་ཟློགས་པ་གང་ཡིན་པ་དེ་ནི་དེ་དག་གི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་བཞི་པོ་དེ་དག་ལ་བརྟེན་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་ལྔ་ལ་མཁས་པ་དཔག་ཏུ་མེད་པར་འགྱུར་བར་རིག་པར་བྱ་སྟེ། ཕུང་པོ་ལ་མཁས་པ་དང༌། ཁམས་དང་སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། གནས་དང་གནས་མ་ཡིན་པ་ལ་མཁས་པའོ། །བྱང་ཆུབ་སེམས་དཔས་ནི་ཆོས་རྣམ་པ་འདི་བཞིས་ཆོས་ཐམས་ཅད་བདག་ཉིད་ཀྱིས་ལེགས་པར་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་ལ། གཞན་དག་ལ་ཡང་རབ་ཏུ་བསྟན་ཏེ། དེ་ལས་གོང་ན་བདག་ཉིད་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་མེད་ན། ཕ་རོལ་དག་ལ་རབ་ཏུ་བསྟན་པ་ལྟ་ག་ལ་ཡོད། དེ་ལ་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་ཚོགས་གང་ཞེ་ན། དེ་ནི་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། བསོད་ནམས་ཀྱི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་སོ། །ཚོགས་རྣམ་པ་དེ་གཉིས་ཀྱི་རྒྱས་པར་དབྱེ་བ་ནི་འདི་ལྟ་སྟེ། བདག་དང་གཞན་གྱི་དོན་གྱི་ལེའུ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་དེ་ཡང་བསྐལ་པ་གྲངས་མེད་པ་དང་པོ་ལ་ནི་ཆུང་བར་རིག་པར་བྱའོ། །གཉིས་པ་ལ་ནི་འབྲིང་ངོ༌། །གསུམ་པ་ལ་ནི་ཆེ་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་དག་ལ་ཇི་ལྟར་སྦྱོར་བར་བྱེད་ཅེ་ན། འདི་


DTG129_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་བཞི་པོ་དག་ལ་བརྟེན་ནས། ཐབས་ཀྱིས་ཡོངས་སུ་ཟིན་པའི་ཡེ་ཤེས་ཀྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། དེ་དག་མངོན་སུམ་དུ་ནི་མི་བྱེད་དོ། །དེས་ཐེག་པའི་ཚུལ་རྣམ་པ་གཉིས་པོ་ཉན་ཐོས་ཀྱི་ཐེག་པ་དང་ཐེག་པ་ཆེན་པོའི་ཚུལ་གྱིས་ཀྱང་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ལ་ཉན་ཐོས་ཀྱི་ཐེག་པའི་ཚུལ་གྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་ཐམས་ཅད་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོའི་ཚུལ་གྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཇི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང༌། ལུས་ལ་ལུས་ཀྱི་དངོས་པོར་རྣམ་པར་རྟོག་པར་མི་བྱེད་ལ། ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་ཡང་འདི་ལྟ་སྟེ། ལུས་བརྗོད་དུ་མེད་པའི་ངོ་བོ་ཉིད་ཀྱི་ཆོས་ཉིད་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི་དེའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་དོན་དམ་པའོ། །ཀུན་རྫོབ་ཀྱི་ཚུལ་དུ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་གཞག་པའི་ཚུལ་དུ་ཚད་མད་པའི་ཤེས་པ་དང་ལྡན་པའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ཡིན་པར་རིག་པར་བྱའོ། །ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ཇི་ལྟ་བ་བཞིན་དུ། དྲན་པ་ཉེ་བར་གཞག་པ་ལྷག་མ་རྣམས་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལྷག་མ་རྣམས་ཀྱང་དེ་དང་འདྲ་བར་རིག་པར་བྱའོ། །དེ་ནི་ལུས་ལ་སོགས་པའི་ཆོས་རྣམས་ལ་སྡུག་བསྔལ་ལམ། ཀུན་འབྱུང་བར་ཡང་རྣམ་པར་མི་རྟོག་ལ། ངེས་བྱས་པའི་སྤོང་བ་ལ་ཡང་འགོག་པར་མི་རྟོག་གོ །དེ་འཐོབ་པའི་རྒྱུ་ལ་ཡང་ལམ་དུ་མི་རྟོག་ལ། བརྗོད་དུ་མེད་པའི་ངོ་བོ་ཉིད་ཀྱི་སྡུག་བསྔལ་གྱི་ཆོས་ཉིད་དང༌། ཀུན་འབྱུང་གི་ཆོས་ཉིད་དང༌། འགོག་པའི་ཆོས་ཉིད་དང༌། ལམ་གྱི་ཆོས་ཉིད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ནི་དེའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྒོམས་པ་དོན་དམ་པ་ལ་བརྟེན་ནས་བདེན་པ་བསྒོམ་པ་ཡིན་ནོ། །ཀུན་རྫོབ་ཏུ་ནི་བྱང་ཆུབ་


DTG129_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་བདེན་པ་ལ་དམིགས་པའི་བསྒོམ་པ་རྣམ་པར་གཞག་པའི་ཚུལ་ཚད་མེད་པ་ཤེས་པ་དང་ལྡན་པར་བལྟ་བར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཆོས་དེ་དག་ལ་དེ་ལྟར་རྣམ་པར་མི་རྟོག་པ་གང་ཡིན་པ་དེ་ནི་དེའི་ཞི་གནས་ཡིན་པར་བལྟ་བར་བྱའོ། །ཆོས་རྣམས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དོན་དམ་པ་གང་ཡིན་པ་དེ་དང༌། རྣམ་པར་གཞག་པའི་ཚུལ་ཚད་མེད་པ་ཤེས་པ་གང་ཡིན་པ་དེ་ནི་དེའི་ལྷག་མཐོང་ཡིན་པར་བལྟ་བར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཞི་གནས་ནི་མདོར་བསྡུ་ན་རྣམ་པ་བཞིར་རིག་པར་བྱའོ། །དོན་དམ་པ་དང། བརྡར་བཏགས་པའི་ཤེས་པ་སྔོན་དུ་འགྲོ་བ་དང༌། དོན་དམ་པ་དང༌། བརྡར་བཏགས་པའི་ཤེས་པའི་འབྲས་བུ་དང༌། སྤྲོས་པའི་འདུ་ཤེས་ཐམས་ཅད་ལ་ལྷུན་གྱིས་གྲུབ་པར་འཇུག་པ་དང༌། བརྗོད་དུ་མེད་པའི་དངོས་པོ་ཙམ་དེ་ལ་ཡང༌། མཚན་མ་མེད་པའི་ཕྱིར་རྣམ་པར་མི་རྟོག་པའི་སེམས་ཞི་བས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རོ་གཅིག་པར་འགྲོ་བ་ཅན་ཡིན་ཏེ། རྣམ་པ་བཞི་པོ་འདི་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞི་གནས་ཀྱི་ལམ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་གཟིགས་པ་ཡོངས་སུ་འགྲུབ་པ་དང༌། ཡང་དག་པར་གྲུབ་པའི་བར་དུ་འཇུག་གོ །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་མཐོང་ཡང་མདོར་བསྡུ་ན་རྣམ་པ་བཞི་ཁོ་ནར་རིག་པར་བྱ་སྟེ། ཞི་གནས་སྔོན་དུ་འགྲོ་བ་རྣམ་པ་བཞི་པོ་དེ་ཉིད་དང༌། ཆོས་ཐམས་ཅད་ལ་སྒྲོ་འདོགས་པར་འཛིན་པའི་ངན་པའི་མཐའ་རྣམ་པར་སྤངས་པ་དང༌། སྐུར་པ་འདེབས་པར་འཛིན་པ་ངན་པའི་མཐའ་རྣམ་པར་སྤངས་པ་དང། ཆོས་རབ་ཏུ་དབྱེ་བ་རྣམ་པར་གཞག་པའི་ཚུལ་ཚད་མེད་པ་དང་ལྡན་པའི་ལྷག་མཐོང་ཡིན་ཏེ། རྣམ་པ་བཞི་པོ་འདི་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་མཐོང་གི་ལམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་གཟིགས་པ་ཡོངས་སུ་འགྲུབ་པ་དང༌། ཡང་དག་པར་འཐོབ་པའི་བར་དུ་འཇུག་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞི་གནས་དང་ལྷག་མཐོང་མདོར་བསྟན་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་བཅུ་གཉིས་ཏེ། ནང་གི་སངས་རྒྱས་ཀྱི་ཆོས་ཡང་དག་པར་འགྲུབ་པ་ལས་བརྩམས་ཏེ། རྣམ་པ་དྲུག་


DTG129_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཕྱི་རོལ་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལས་བརྩམས་ཏེ། རྣམ་པ་དྲུག་ཉིད་དོ། །དེ་ལ་ནང་གི་སངས་རྒྱས་ཀྱི་ཆོས་ཡང་དག་པར་འགྲུབ་པ་ལས་བརྩམས་ཏེ། ཐབས་ལ་མཁས་པ་རྣམ་པ་དྲུག་གང་ཞེ་ན། བྱང་ཆུབ་སེམས་དཔའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྡན་པར་ལྟ་བ་གང་ཡིན་པ་དང། འདུ་བྱེད་ཐམས་ཅད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གང་ཡིན་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་འདོད་པ་གང་ཡིན་པ་དང༌། སེམས་ཅན་ལ་ལྟ་བ་ལ་བརྟེན་ནས། འཁོར་བ་ཡོངས་སུ་མི་གཏོང་བ་གང་ཡིན་པ་དང༌། འདུ་བྱེད་རྣམས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ལ་བརྟེན་ནས། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་འཁོར་བ་ན་འཁོར་བ་གང་ཡིན་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་འདོད་པ་ལ་བརྟེན་ནས་བརྩོན་འགྲུས་འབར་བ་གང་ཡིན་པ་སྟེ། འདི་ནི་ནང་གི་སངས་རྒྱས་ཀྱི་ཆོས་ཡང་དག་པར་འགྲུབ་པ་ལས་བརྩམས་ཏེ། ཐབས་ལ་མཁས་པ་རྣམ་པ་དྲུག་ཡིན་པར་རིག་པར་བྱའོ། །དེ་ལ་ཕྱི་རོལ་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལས་བརྩམས་ཏེ། ཐབས་ལ་མཁས་པ་རྣམ་པ་དྲུག་གང་ཞེ་ན། ཐབས་ལ་མཁས་པ་གང་གིས་བྱང་ཆུབ་སེམས་དཔས་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཆུང་ངུ་ཡང་འབྲས་བུ་ཚད་མེད་པར་སྒྱུར་བར་བྱེད་པ་དང༌། དེ་བཞིན་དུ་ཚེགས་ཆུང་དུས་དགེ་བའི་རྩ་བ་རྒྱ་ཆེ་ཞིང་ཚད་མེད་པ་དག་ཡང་དག་པར་སྐྱེད་པར་བྱེད་ཅིང་ཉེ་བར་སྒྲུབ་པར་བྱེད་པ་དང༌། དེ་བཞིན་དུ་སངས་རྒྱས་ཀྱི་བསྟན་པ་ལ་སེམས་ཅན་ཞེ་འགྲས་པ་རྣམས་ཀྱི་ཁོང་ཁྲོ་བ་སེལ་བར་བྱེད་ལ། ཐ་མལ་པ་རྣམས་ནི་འཛུད་པར་བྱེད། ཞུགས་པ་རྣམས་ནི་ཡོངས་སུ་སྨིན་པར་བྱེད། ཡོངས་སུ་སྨིན་པ་རྣམས་ནི་རྣམ་པར་གྲོལ་བར་བྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཆུང་དུ་རྣམས་འབྲས་བུ་ཚད་མེད་པར་ཇི་ལྟར་སྒྱུར་བར་བྱེད་ཅེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་གང་སུ་ཡང་རུང་བས་དངོས་པོ་ཐམས་ཅད་ལས་ཐ་ན་ཕྱེ་ཁྱོར་གང་ཙམ་ཡང་ཞིང་ཐ་ཆད་ཁོ་ན་ལ་སྤྱིན་དུ་འཇུག་ཅིང༌། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་འབྱུང་པོ་ལ་སྦྱིན་དུ་འཇུག་ཅིང༌། སྦྱིན་དུ་བཅུག་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་


DTG129_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཡོངས་སུ་བསྔོར་འཇུག་སྟེ། དེ་ལྟར་དགེ་བའི་རྩ་བ་དེ་དངོས་པོ་དང་ཞིང་གིས་ཀྱང་ཆུང་མོད་ཀྱི། དེ་ཡང་ཡོངས་སུ་བསྔོ་བའི་དབང་གིས་འབྲས་བུ་ཚད་མེད་པར་བསྒྱུར་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཚེགས་ཆུང་དུས་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་རྒྱ་ཆེ་ཞིང་ཚད་མེད་པ་ཇི་ལྟར་སྐྱེད་ཅེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཟླ་བར་སྨྱུང་ཞིང༌། ཁ་ཟས་མི་ཟ་བ་ལ་སོགས་པ་ལ་མོས་པ་རྣམས་ལ་འཕགས་པའི་བསྙེན་ཏེ་གནས་པ་ཡན་ལག་བརྒྱད་པ་སྟོན་པར་བྱེད་དེ། ཚེགས་ཆེ་ཞིང་མི་སྡུག་པའི་འབྲས་བུ་ཅན་གྱི་བསྙེན་ཏེ་གནས་པ་དེ་ལས་འདུན་པ་བཟློག་ཅིང་ཡང་དག་པར་བླང་བ་ཚེགས་ཆུང་ཞིང༌། འབྲས་བུ་ཆེ་བའི་བསྙེན་ཏེ་གནས་པ་ལ་ཡང་དག་པར་འཛུད་དོ། །དེ་བཞིན་དུ་སེམས་ཅན་བདག་ཉིད་དུབ་པར་བྱ་བའི་སྦྱོར་བ་ལ་བརྩོན་པ། ཐར་པ་འདོད་ལ། ལོག་པར་ཞུགས་པ་རྣམས་ལ་དབུ་མའི་ལམ་མཐའ་གཉིས་དང་བྲལ་བ་སྟོན་ཅིང་དེ་ལ་འཛུད་པར་བྱེད་དོ། །དེ་བཞིན་དུ་མེར་འཇུག་པ་དང༌། གཡང་སར་མཆོང་བ་དང༌། ཁ་ཟས་མི་ཟ་བར་འདུག་པ་ལ་སོགས་པ་མཐོ་རིས་འདོད་དེ། ལོག་པར་ཞུགས་པའི་སེམས་ཅན་རྣམས་ལ་ཚེ་འདི་ལ་བདེ་བར་གནས་པར་བྱ་བ་དང༌། ཕྱི་མ་ལ་ཡང་ཚེགས་མེད་པ་ཁོ་ནར་བདེ་བ་དང་བཅས། ཡིད་བདེ་བ་དང་བཅས་པས་མཐོ་རིས་སུ་སྐྱེ་བར་བྱ་བའི་ཕྱིར་བསམ་གཏན་ཡང་དག་པར་སྟོན་ཏོ། །ཡང་རིག་བྱེད་ལས་འབྱུང་བའི་གསང་ཚིག་ལུང་ནོད་ཅིང་ཁ་ཏོན་དུ་བྱ་བས་དག་པའི་མཐར་ཐུག་པར་འགྱུར་བར་མོས་པའི་སེམས་ཅན་རྣམས་སངས་རྒྱས་ཀྱི་བཀའ་ལུང་ནོད་པ་དང། ཁ་དོན་བྱ་བ་དང༌། དོན་སེམས་པ་ལ་ཡང་དག་པར་འཛུད་དོ། །ཡང་དེ་བཞིན་གཤེགས་པས་གསུངས་པ་ཟབ་མོ་སྟོང་པ་ཉིད་དང་ལྡན་པའི་ཆོས་རྣམས་གཞན་དག་གིས་ཐོས་ན་ཅི་ནས་ཤས་ཆེར་སྐྱོ་བ་དང༌། ཅི་ནས་ཤས་ཆེར་དད་པ་སྐྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་གསལ་བར་བྱེད་ཅིང་སྟོན་པར་བྱེད་དེ། སྐད་ཅིག་གཅིག་ཙམ་ཞིག་སྐྱོ་བ་དང༌། དགའ་བ་དང་ལྡན་པའི་སེམས་དེ་ཡང༌། དགེ་བའི་རྩ་བ་རྒྱ་ཆེན་པོ་སྡུད་པའི་གྲོགས་སུ་འགྲོ་ན། རྒྱུན་ཆགས་སུ་བྱུང་བ་ལྟ་ཅི་སྨོས། ཡང་བྱང་ཆུབ་སེམས་དཔའ་ནི་དད་པ་དང་ལྡན་པའི་ལྷག་པའི་བསམ་པས་ཕྱོགས་བཅུ་དག་གི་འཇིག་རྟེན་


DTG129_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ན་མེ་ཏོག་ཕྲེང་དང༌། སྤོས་རྣམ་པ་སྣ་ཚོགས་རབ་མཆོག་གྱ་ནོམ་པ་གང་ཅི་ཡང་རུང་བ་ཡོད་པ་དེ་དག་གིས་སངས་རྒྱས་དང་ཆོས་དང༌། དགེ་འདུན་དཀོན་མཆོག་གསུམ་ལ་མཆོད་པར་མོས་པ་བྱེད་པ། གཞན་དག་ཀྱང་མོས་པ་བྱེད་དུ་འཇུག་གོ །ཡང་ཕྱོགས་ཐམས་ཅད་དུ་དད་པ་དང་ལྡན་པའི་ལྷག་པའི་བསམ་པ་དེ་ཉིད་ཀྱིས་རྒྱས་པར་བྱས་ནས། དཀོན་མཆོག་གསུམ་ལ་མཆོད་པ་ཐམས་ཅད་ལ་མངོན་པར་རྗེས་སུ་ཡི་རང་ལ། གཞན་དག་ཀྱང་རྗེས་སུ་ཡི་རང་བར་བྱེད་དུ་འཇུག་གོ །ཡང་སངས་རྒྱས་རྗེས་སུ་དྲན་པ་དང༌། ཆོས་རྗེས་སུ་དྲན་པ་དང༌། ལྷ་རྗེས་སུ་དྲན་པའི་བར་དུ་རྟག་ཏུ་རྒྱུན་མི་འཆད་པར་སྒོམ་པར་བྱེད་པ། གཞན་དག་ཀྱང་ཡང་དག་པར་འཛིན་དུ་འཇུག་གོ །ཡང་ཡིད་ལ་བརྗོད་པ་དག་གིས་དཀོན་མཆོག་གསུམ་ལ་ཕྱག་འཚལ་བས་དུས་དོན་ཡོད་པར་བྱེད་ཅིང་བྱེད་དུ་འཇུག་གོ །ཡང་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་བར་བྱེད་ཅིང༌། རྗེས་སུ་ཡི་རང་དུ་འཇུག་གོ །ཡང་སྙིང་རྗེ་ཆེན་པོ་ལ་ཞུགས་པའི་ལྷག་པའི་བསམ་པས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་བདག་ཉིད་ཀྱིས་ཡང་དག་པར་ལེན་པར་བྱེད་ལ། གཞན་ཡང་དེ་ཉིད་ལ་ཡང་དག་པར་འཛིན་དུ་འཇུག་པའོ། །ཡང་འདས་པ་དང༌། ད་ལྟར་བྱུང་བའི་འཁྲུལ་པ་ཐམས་ཅད་དང། ཉེས་པ་ཐམས་ཅད་དགེ་ཞིང་བསླབ་པར་འདོད་པ་དང་ལྡན་པའི་སེམས་ཀྱིས་ཕྱོགས་ཐམས་ཅད་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སོ་སོར་འཆགས་པར་བྱེད་ལ་གཞན་དག་ཀྱང་དེ་ཉིད་ཡང་དག་པར་འཛིན་དུ་འཇུག་གོ །དེ་དེ་ལྟར་རྒྱུན་མི་འཆད་པར་འཁྲུལ་པ་སོ་སོར་བཤགས་ན། ཚེགས་ཆུང་དུས་ལས་ཀྱི་སྒྲིབ་པ་ཐམས་ཅད་ལས་རྣམ་པར་ཐར་བར་འགྱུར་རོ། །ཡང་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཅན་སེམས་ལ་དབང་ཐོབ་པ་ནི་ཕྱོགས་ཐམས་ཅད་དུ་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་བརྟེན་ཞིང༌། སེམས་ཅན་ལ་བརྟེན་ཏེ། སྤྲུལ་པ་མང་པོ་རྣམ་པ་སྣ་ཚོགས་ཀྱིས་བསོད་ནམས་དཔག་ཏུ་མེད་པ་སྡུད་པར་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་སྒོམ་པར་བྱེད་ལ། གཞན་ཡང་དེ་ཉིད་ཡང་དག་པར་འཛིན་དུ་འཇུག་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ནི་ཚེགས་ཆུང་དུས་དགེ་བའི་རྩ་བ་རྒྱ་ཆེན་པོ་


DTG129_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པའི་འབྲས་བུ་ཅན་དག་མངོན་པར་འགྲུབ་པར་བྱེད། ཡང་དག་པར་འགྲུབ་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཇི་ལྟར་སེམས་ཅན་ཞེ་འགྲས་པ་རྣམས་ཀྱི་ཁོང་ཁྲོ་བ་ནི་སེལ་བར་བྱེད། ཐ་མལ་པ་རྣམས་ནི་འཛུད་པར་བྱེད། ཞུགས་པ་རྣམས་ནི་ཡོངས་སུ་སྨིན་པར་བྱེད། ཡོངས་སུ་སྨིན་པ་རྣམས་ནི་རྣམ་པར་གྲོལ་བར་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་དེའི་སེམས་ཅན་གྱི་དོན་རྣམ་པ་བཞི་མངོན་པར་འགྲུབ་པར་བྱེད་པ་འདི་ལ་ཡང་མདོར་བསྡུ་ན་ཐབས་རྣམ་པ་དྲུག་ཁོ་ན་ཡོད་པར་རིག་པར་བྱ་སྟེ། མཐུན་པ་དང༌། འཁྱིག་ཅིང་སྡོད་པ་དང༌། མི་མཐུན་པའི་བསམ་པ་དང༌། ནན་ཐུར་ལས་བྱུང་བ་དང༌། བྱམས་པ་ལ་ལན་གློན་པ་དང༌། དག་པ་ནི་ཐབས་དྲུག་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་མཐུན་པའི་ཐབས་ནི་འདི་ཡིན་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གང་དག་ལ་ཆོས་སྟོན་པར་འདོད་པ་དེ་དག་ལ་ཐོག་མ་ཁོ་ནར་ལུས་དང་ངག་གི་ཀུན་དུ་སྤྱོད་པ་འཇམ་ཞིང་མཉེན་པ་དག་དང༌། ཉེ་བར་རབ་ཏུ་སྦྱིན་པ་དང༌། མཐུན་པར་འཇུག་པའི་ཀུན་དུ་སྤྱོད་པ་དག་གིས་བདག་ལ་སྤྱོད་པ་དེ་དག་གི་ཁོང་ཁྲོ་བ་སེལ་བར་བྱེད་དེ། ཁོང་ཁྲོ་བ་བསལ་ནས་དགའ་བ་དང་གུས་པ་སྐྱེད་པར་བྱེད་དོ། །དགའ་བ་དང་གུས་པ་བསྐྱེད་ནས་ཆོས་ལ་འདོད་པ་སྐྱེད་པར་བྱེད་དོ། །དེའི་འོག་ཏུ་དེ་དག་ལ་ཆོས་སྟོན་པར་བྱེད་དོ། །ཆོས་དེ་ཡང་ཅི་རིགས་པ་དང་ལེགས་པར་འཇུག་པར་འགྱུར་བ་དང༌། བརྡ་ཕྲད་པར་དུས་སུ་རིམ་གྱིས་ཕྱིན་ཅི་མ་ལོག་པ་དང༌། དོན་དང་ལྡན་པར་སྟོན་ཏོ། །འཁྲུག་པ་ཡང་མི་འབྱེད་པར་བྱེད་དོ། །སེམས་ཅན་འདུལ་བ་ལ་མཆོག་ཏུ་བྱེད་འདོད་པ་དང༌། སྙིང་བརྩེ་བའི་སེམས་དང་ཡང་ལྡན་ནོ། །དེ་རྫུ་འཕྲུལ་དང་སེམས་ཀུན་བརྗོད་པ་དང༌། རིགས་པའི་ཚུལ་གྱིས་ཆོས་བསྟན་པས་སམ། གཞན་ལ་བཅོལ་བས་སམ། སྤྲུལ་པ་རྣམ་པ་སྣ་ཚོགས་མང་པོ་དག་གིས་སེམས་ཅན་རྣམས་འདུལ་བར་བྱེད་དོ། །དོན་དང་ལྡན་པའི་བསྟན་བཅོས་མདོར་བསྡུས་པ་རྣམས་རབ་ཏུ་རྒྱས་པར་བྱེད་པ་དང༌། ཧ་ཅང་རྒྱ་ཆེ་བ་རྣམས་མདོར་བསྡུས་པ་དང༌། དེ་བཞིན་དུ་ལུང་དབོག་པ་དང༌། ཟློས་སུ་གཞུག་པ་དང༌། འདྲི་བའི་སྐབས་དབྱེ་བ་དང༌། ཆོས་བཟུང་བ་རྣམས་དང༌། བླངས་པ་རྣམས་ཀྱི་དོན་ལེགས་པར་


DTG129_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པ་དང༌། དམིགས་པ་ཐམས་ཅད་དང་ལྡན་པའི་ཏིང་ངེ་འཛིན་ལ་འཇུག་པའི་སྒོ་རྣམས་དང་མཐུན་པའི་གདམས་ངག་དང་རྗེས་སུ་བསྟན་པས་སེམས་ཅན་རྣམས་ལ་ཕན་འདོགས་ཤིང་སེམས་ཅན་རྣམས་ཀྱི་དོན་ཀུན་དུ་སྤྱོད་དོ། །སེམས་ཅན་གང་དག་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ཟབ་མོ་སྟོང་པ་ཉིད་དང་ལྡན་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་དགོངས་པའི་དོན་མ་ཤེས་ཏེ། མདོ་སྡེ་གང་དག་ལས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པར་སྟོན་པ་དང༌། ཆོས་རྣམས་དངོས་པོ་མེད་པ་དང༌། སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། ནམ་མཁའ་དང་འདྲ་བ་དང༌། སྒྱུ་མ་དང་རྨི་ལམ་ལྟ་བུར་སྟོན་པ་དེ་དག་གི་དོན་ཇི་ལྟ་བ་བཞིན་དུ་མ་ཤེས་ནས། སེམས་སྐྲག་སྟེ། འདི་དག་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནོ་ཞེས་མདོ་སྡེ་དེ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་སྤོང་བར་བྱེད་པའི་སེམས་ཅན་དེ་དག་ལ་ཡང་བྱང་ཆུབ་སེམས་དཔའ་དེས་མཐུན་པར་བྱེད་པའི་ཐབས་ལ་མཁས་པས་མདོ་སྡེ་དེ་དག་གི་དེ་བཞིན་གཤེགས་པའི་དགོངས་པའི་དོན་ཇི་ལྟ་བ་བཞིན་དུ་མཐུན་པར་བྱེད་ཅིང༌། སེམས་ཅན་དེ་དག་ཀྱང་འཛིན་དུ་འཇུག་གོ །འདི་ལྟ་བུར་ཡང་མཐུན་པར་བྱེད་དོ། །འདི་ལྟར་ཆོས་འདི་དག་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་མ་ཡིན་གྱི། འདི་དག་ལ་ནི་བརྗོད་པའི་བདག་ཉིད་ཀྱི་ངོ་བོ་ཉིད་མེད་དེ། དེའི་ཕྱིར་དེ་དག་ངོ་བོ་ཉིད་མེད་པ་ཞེས་བྱའོ། །གང་ལ་བརྟེན་ནས་བརྗོད་པ་འཇུག་པའི་བརྗོད་པའི་དངོས་པོ་ཡོད་པ་དེ་ཡང་བརྗོད་པ་གང་དག་གི་ངོ་བོ་ཉིད་གང་བརྗོད་པ་ཡང་དག་པ་དེའི་ངོ་བོ་ཉིད་མ་ཡིན་ཏེ། དེ་ལྟ་བས་ན་དངོས་པོ་མེད་པ་ཞེས་བྱའོ། །དེ་ལྟ་ཡིན་པས་ཆོས་རྣམས་ཀྱི་བརྗོད་པར་བྱ་བའི་ངོ་བོ་ཉིད་དེ་དག་ཀྱང་ཐོག་མ་ཉིད་ནས་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་ན། དེ་དག་ཅི་ཞིག་སྐྱེ་བའམ། འགག་པར་འགྱུར་རམ། དེ་ལྟ་བས་ན་མི་སྐྱེ་བ་དང༌། མི་འགག་བ་ཞེས་བྱའོ། །དཔེར་ན་ནམ་མཁའ་ལ་གཟུགས་རྣམས་དང༌། གཟུགས་ཀྱི་བྱ་བ་རྣམ་པ་སྣ་ཚོགས་མང་པོ་དག་སྣང་བས་ན་གཟུགས་རྣམས་དང་གཟུགས་ཀྱི་བྱ་བ་དེ་དག་ཐམས་ཅད་ཀྱི་འགྲོ་བ་དང༌། འོང་བ་དང༌། འགྲེང་བ་དང༌། འཕར་བ་དང༌། ལྟུང་བ་དང༌། རྐྱང་པ་ལ་སོགས་པའི་གོ་སྐབས་འབྱེད་ལ་གང་


DTG129_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཚེ་གཟུགས་དེ་དག་དང༌། གཟུགས་ཀྱི་བྱ་བ་དེ་དག་གསལ་བའི་ཚེ། གཟུགས་མེད་པ་ཙམ་གྱི་བདག་ཉིད་ཁོ་ནས་ནམ་མཁའ་ཡོངས་སུ་དག་པར་སྣང་བ་བཞིན་དུ། ནམ་མཁའ་ལྟ་བུའི་བརྗོད་དུ་མེད་པའི་དངོས་པོ་ལ་བརྗོད་པ་སྣ་ཚོགས་ཀྱིས་བྱས་པའི་འདུ་ཤེས་རྣམས་དང༌། རྣམ་པར་རྟོག་པ་སྤྲོས་པ་ལ་ཆགས་པ་དང་ལྡན་པ་གཟུགས་དང་ལས་ལྟ་བུ་རྣམས་འབྱུང་སྟེ། བརྗོད་པས་བྱས་པའི་འདུ་ཤེས་དང༌། རྣམ་པར་རྟོག་པ་སྤྲོས་པ་ལ་ཆགས་པ་དང་ལྡན་པ་དང༌། གཟུགས་དང་ལས་ལྟ་བུ་རྣམ་པ་སྣ་ཚོགས་དེ་དག་ཐམས་ཅད་ཀྱི་གོ་སྐབས་ཀྱང་བརྗོད་དུ་མེད་པའི་དངོས་པོ་ནམ་མཁའ་ལྟ་བུ་དེས་འབྱེད་པར་བྱེད་དེ། གང་གི་ཚེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་འཕགས་པས་བརྗོད་པ་སྐྱེས་པའི་ལོག་པའི་འདུ་ཤེས་དང་རྣམ་པར་རྟོག་པ་སྤྲོས་པ་ལ་ཆགས་པ་དང་ལྡན་པ་དེ་དག་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་བསལ་བ་དེའི་ཚེ། བྱང་ཆུབ་སེམས་དཔའ་འཕགས་པའི་མཆོག་དེ་དག་གི་ཡེ་ཤེས་འཕགས་པ་དེས་བརྗོད་དུ་མེད་པའི་དངོས་པོ་དེ་བརྗོད་པ་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཙམ་དུ་ནམ་མཁའ་ལྟ་བུར་ཡོངས་སུ་དག་པར་སྣང་མོད་ཀྱི་འོན་ཀྱང་དེའི་ཕ་རོལ་ཏུ་དེའི་རང་བཞིན་གཞན་ཚོལ་བར་མི་བྱེད་དེ། དེ་ལྟ་བས་ན་ཆོས་རྣམས་ནི་ནམ་མཁའ་ལྟ་བུ་ཞེས་བྱའོ། །དཔེར་ན་སྒྱུ་མ་ནི་ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་པ་ཡང་མ་ཡིན་ལ། སྒྱུ་མ་བྱས་པ་དེ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་ཡང་མ་ཡིན་པ་དེ་བཞིན་དུ་ཆོས་འདི་དག་ཀྱང་བརྗོད་པ་དང༌། འདྲིས་པའི་དབང་གིས་བྱིས་པ་རྣམས་ལ་ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་པ་ཡང་མ་ཡིན་ལ། དོན་དམ་པ་བརྗོད་དུ་མེད་པའི་བདག་ཉིད་དུ་ཐམས་ཆད་ཀྱི་ཐམས་ཅད་དུ་མེད་པ་ཡང་མ་ཡིན་ནོ། །དེ་དག་ཀྱང་འཇུག་པའི་ཚུལ་འདིས་སྒྱུ་མ་བཞིན་དུ་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ཏེ། གཉིས་སུ་མེད་པ་དེའི་ཕྱིར་སྒྱུ་མ་ལྟ་བུ་ཞེས་བྱའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་དབྱིངས་ཐམས་ཅད་ལ་ཅི་ཡང་དབྲི་བར་ཡང་མི་བྱེད། སྣོན་པར་ཡང་མི་བྱེད། ཉུང་ངུར་ཡང་མི་བྱེད། ལྷག་པར་ཡང་མི་བྱེད། རྣམ་པར་འཇུག་པར་ཡང་མི་བྱེད་དེ། ཡང་དག་པ་ལ་ཡང་དག་པར་རབ་ཏུ་ཤེས་ལ། དེ་ཁོ་ན་བཞིན་དུ་ཡང་དག་པར་སྟོན་པ་འདི་ནི་བྱང་


DTG129_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའི་མཐུན་པའི་ཐབས་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་འཁྱིག་ཅིང་སྡོད་པའི་ཐབས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཟས་དང་སྐོམ་ལ་སོགས་པ་ལུས་ཀྱི་ཡོ་བྱད་བཅུ་འདོད་པ་རྣམས་ལ་གལ་ཏེ་ཁྱེད་པར་འཛིན་པ་དང་མར་འཛིན་པ་དང༌། དགེ་སྦྱོང་དུ་འཛིན་པ་དང༌། བྲམ་ཟེར་འཛིན་པ་ནས་སྔ་མ་བཞིན་དུ་རྒྱས་པར་གལ་ཏེ་ཁྱེད་རྣམས་ཚུལ་ཁྲིམས་ཡང་དག་པར་ལེན་པའི་བར་དུ་བྱེད་ན་ནི་དེ་ལྟ་ན་ངས་ཁྱེད་ཅག་ལ་ཟས་དང༌། སྐོམ་ལ་སོགས་པ་ལུས་ཀྱི་ཡོ་བྱད་རྣམས་ལས་ཇི་ཙམ་འདོད་པ་སྦྱིན་པར་བྱའི། དེ་ལྟ་མ་ཡིན་ན་ནི་སྦྱིན་མི་འདོད་ཞེས་འཁྱིག་ཅིང་སྡོད་པར་བྱེད་དོ། །དེ་བཞིན་དུ་ཞིང་གི་དངོས་པོ་དང༌། ཁྱིམ་གྱི་དངོས་པོ་དང༌། ཟོང་དགྲམ་པའི་ཁང་པའི་དངོས་པོ་དང༌། རྒྱལ་སྲིད་ཀྱི་དངོས་པོ་དང༌། ཡུལ་གྱི་དངོས་པོ་དང༌། ནོར་གྱི་དངོས་པོ་དང༌། འབྲུའི་དངོས་པོ་འདོད་པ་རྣམས་དང༌། དེ་བཞིན་དུ་བཟོ་དང༌། ལས་ཀྱི་གནས་ཀྱི་རིག་པ་འདོད་པ་རྣམས་དང༌། དེ་བཞིན་དུ་དེས་གྲོགས་བྱ་བར་འདོད་པ་རྣམས་དང༌། བག་མ་ལེན་པ་དང༌། བག་མ་གཏོང་བར་འདོད་པ་རྣམས་དང༌། ལྷག་པར་ཟ་བ་རྣམས་དང༌། འདུ་ཞིང་ཟ་བར་འདོད་པ་རྣམས་དང༌། བྱ་བའི་གྲོགས་འདོད་པའི་སེམས་ཅན་རྣམས་ལ་གལ་ཏེ་ཁྱེད་རྣམས་པར་འཛིན་པར་བྱེད་ན་ནི། འདི་ལྟར་ངས་ཁྱེད་ཅག་ལ་ཞེས་བྱ་བ་ནས་རྒྱས་པར་བྱ་བ་དག་ལ་གྲོགས་སུ་འགྲོའོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་ཏེ། བྱ་བ་ལ་འཁྱིག་ཅིང་སྡོད་པར་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཉེས་པ་བྱུང་བ་སུ་ན་འབྱིན་པ་གནོད་པར་བྱེད་པ་གཞན་དག་གིས་གསད་པ་དང༌། བཅིང་བ་དང༌། གཅད་པ་དང༌། བརྡེག་པ་དང༌། སྨད་པ་དང༌། བསྡིགས་པ་དང༌། བསྐྲད་པའི་ཕྱིར་ཟིན་པ་རྣམས་དང༌། སྤུ་གཏའ་དང༌། གཏའ་དང༌། བཙོད་པའི་ཕྱིར་ཟིན་པ་རྣམས་ལ་གལ་ཏེ་ཕར་འཛིན་པ་དང༌། མར་འཛིན་པར་བྱེད་ན་ནི་ཞེས་བྱ་བ་ནས་རྒྱས་པར་སྔ་མ་བཞིན་ཏེ། དེ་ལྟར་ན་ངས་ཁྱེད་ཅག་སྡུག་བསྔལ་འདེ་ལས་ཐར་བར་བྱའོ་ཞེས་ནུས་ཤིང་མཐུ་ཡོད་བཞིན་དུ་འཁྱིག་ཅིང་སྟོད་པར་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྒྱལ་པོ་དང༌། ཆོམ་རྐུན་དང༌། ཆུ་དང༌། མེ་དང་མི་དང་མི་མ་ཡིན་


DTG129_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང། འཚོ་བ་མེད་པ་དང༌། མི་སྙན་པ་ལ་སོགས་པའི་འཇིགས་པས་སྐྲག་པ་རྣམས་ལ་གལ་ཏེ་ཕར་འཛིན་པར་བྱེད་ན་ནི་ཞེས་བྱ་བ་ནས་རྒྱས་པར་སྔ་མ་བཞིན་ཏེ། དེ་ལྟར་ན་ངས་ཁྱེད་ཅག་འཇིགས་པ་འདི་ལས་ཡོངས་སུ་བསྐྱབ་པར་བྱའོ་ཞེས་འཁྱིག་ཅིང་སྡོད་པར་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་སྡུག་པ་དང་ཕྲད་པར་འདོད་པ་རྣམས་དང༌། མི་སྡུག་པ་དང་བྲལ་བར་འདོད་པ་རྣམས་གལ་ཏེ་ཕར་འཛིན་པར་བྱེད་ན་ནི་ཞེས་བྱ་བ་ནས་རྒྱས་པར་སྔ་མ་བཞིན་ཏེ། དེ་ལྟར་ན་ངས་ཁྱེད་ཅག་སྡུག་པ་དང་ཕྲད་པ་དང༌། མི་སྡུག་པ་དང་བྲལ་བར་བྱའོ།། ཞེས་འཁྱིག་ཅིང་སྡོད་པར་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ནད་ཀྱིས་ཐེབས་ཏེ་ན་བ་རྣམས་ལ་གལ་ཏེ་ཕར་འཛིན་པར་བྱེད་ན་ནི་ཞེས་བྱ་བ་ནས་རྒྱས་པར་སྔ་མ་བཞིན་ཏེ། དེ་ལྟར་ན་ངས་ཁྱེད་ཅག་ནད་ཀྱི་སྡུག་བསྔལ་འདི་ལས་ཐར་བར་བྱའོ་ཞེས་འཁྱིག་ཅིང་སྡོད་པར་བྱེད་དོ། །སེམས་ཅན་དེ་དག་ཀྱང་སྡིག་པ་སྤང་བ་དང༌། དགེ་བ་ཡང་དག་པར་བླང་བ་དེ་ལ་མྱུར་བ་མྱུར་བར་བྱང་ཆུབ་སེམས་དཔའ་དེ་ལྟར་འཁྱིག་ཅིང་སྡོད་པའི་དགའ་མགུར་བྱེད་པར་འགྱུར་བ་དེ་ནི་བྱང་ཆུབ་སེམས་དཔའི་འཁྱིག་ཅིང་སྡོད་པའི་ཐབས་ཞེས་བྱ་སྟེ། སེམས་ཅན་གང་དག་ཇི་སྐད་བརྗོད་པའི་དངོས་པོ་རྣམས་ལ། མྱུར་བ་མྱུར་བར་བྱང་ཆུབ་སེམས་དཔའ་དེ་ལྟར་འཁྱིག་ཅིང་སྡོད་པའི་དགའ་མགུར་འཇུག་པར་མི་བྱེད་པ་དེ་དག་ལ་ནི་བྱང་ཆུབ་སེམས་དཔའ་ཇི་སྐད་བརྗོད་པའི་དངོས་པོ་རྣམས་འདོད་པ་དག་ལ་ཕན་པར་འདོད་པའི་ཕྱིར་དངོས་པོ་དེ་དག་སྦྱིན་པར་མི་བྱེད་དེ། སྦྱིན་པར་མི་འདོད་པའི་བསམ་པས་ནི་མ་ཡིན་ནོ། །སེམས་ཅན་སྡུག་བསྔལ་བར་གནས་པ་རྣམས་དང༌། སྐྲག་པ་རྣམས་དང༌། སྡུག་པ་དང་མི་སྡུག་པ་དང་ཕྲད་པ་དང་བྲལ་བར་འདོད་པ་རྣམས་དང༌། ནད་ཀྱི་སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་ལ་ཕན་པར་འདོད་པའི་ཕྱིར་རེ་ཞིག་ཡལ་བར་འཇོག་སྟེ། ཡལ་བར་འདོད་པའི་བསམ་པ་དང། ཡོངས་སུ་བསྐྱབ་པར་མི་བྱ་བའི་བསམ་པས་ནི་མ་ཡིན་ནོ། །སེམས་ཅན་དེ་དག་ཀྱང་དེ་ལྟར་བྱང་ཆུབ་སེམས་དཔའ་ལས་དྲག་པོ་ལ་འཇུག་ལ། སྙིང་ནས་ནི་མི་བྱེད་ན་སྡིག་པ་སྤང་བ་དང༌། དགེ་བའི་རྩ་བ་ཡང་དག་པར་བླང་བའི་ཕྱིར། ཕྱིས་དགའ་དགུར་བྱེད་པར་འགྱུར་རོ། །སེམས་


DTG129_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གང་དག་བྱང་ཆུབ་སེམས་དཔའ་ལ་སློང་བ་ཡང་མེད་ལ། སྡུག་བསྔལ་བར་གནས་པ་ཡང་མ་ཡིན་བ་ནས་རྒྱས་པར་ནད་ཀྱིས་ཐེབས་པའི་བར་དག་ཀྱང་མ་ཡིན་ལ་དེ་དག་དེ་དང་འདྲིས་ཤིང༌། མཛའ་བ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་འདི་ལྟ་སྟེ། ཕར་འཛིན་པ་ནས་རྒྱས་པར་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ། གནས་པར་བྱ་བའི་བར་གྱི་ཕྱིར། དགེ་བའི་རྩ་བ་དེ་ཉིད་ཡང་དག་པར་འཛིན་དུ་འཇུག་གོ །དེ་ལྟར་བྱང་ཆུབ་སེམས་དཔའ་ཡང་དག་པར་འཛིན་དུ་བཅུག་ཀྱང་གལ་ཏེ་འགྱུར་ཞིང་འཇུག་པར་མི་བྱེད་ན། དེ་དག་ཡང་བྱང་ཆུབ་སེམས་དཔས་ཕན་པར་འདོད་པའི་ཕྱིར། བདག་ཉིད་འཁྲུག་པར་ཡང་སྟོན་ཏེ། སྙིང་ནས་འཁྲུག་པ་ནི་མ་ཡིན་ནོ། །བྱ་བ་རྣམས་ལ་ཡང་ཕན་པར་འདོད་པའི་ཕྱིར། རྒྱབ་ཀྱིས་ལྟ་བར་སྟོན་ཏེ། སྙིང་ནས་རྒྱབ་ཀྱིས་ལྟ་བ་ནི་མ་ཡིན་ནོ། །ཕན་པར་འདོད་པའི་ཕྱིར་དེ་ལ་འཇིག་རྟེན་པའི་གནོད་པ་འགའ་ཡང་བྱེད་དེ། སྙིང་ནས་གནོད་པར་འདོད་པ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེའི་བསམ་པ་དེ་དང༌། སྤྱོད་པ་དེ་ནི་སེམས་ཅན་དེ་དག་ལ་མི་མཐུན་པར་བྱེད་དེ། དེས་ཀྱང་སེམས་ཅན་དེ་དག་སྡིག་པ་སྤོང་བ་དང༌། དགེ་བ་ཡང་དག་པར་བླང་བ་དེ་ལ་ཡང་དག་པར་འཛུད་དོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་སེམས་ཅན་འདུལ་བའི་ཐབས་འདི་ནི་མི་མཐུན་པའི་བསམ་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ནན་ཏུར་ལས་བྱུང་བའི་ཐབས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཇོ་བོར་གྱུར་པའམ། རྒྱལ་པོར་གྱུར་པ་ཡང་རུང་སྟེ། བདག་པོར་གྱུར་ནས། བདག་གི་བྲན་གཉུག་མའམ། ཕབ་སྟེ་ཁུགས་པ་ལ་ཡང་རུང་བ་ལ་འདི་སྐད་དུ་ངའི་འབངས་གཉུག་མའམ། ཕབ་སྟེ་ཁུགས་པ་སུ་ཡང་རུང་སྟེ། ཕར་མི་འཛིན་པ་ནས་རྒྱས་པར་འཆལ་བའི་ཚུལ་ཁྲིམས་བླངས་ནས། འདུག་པ་དེ་ལ་ངས་ཐང་གིས་དབང་བའི་ཟས་དང་གོས་ཀུན་གཅད་དམ་གཅོད་དུ་གཞུག་གོ །ཡང་ན་དེ་ལ་བརྡེག་ཏུ་གཞུག་གོ །ཡང་ན་ནོར་ཐམས་ཅད་དང་ང་དབྲལ་ལོ། །ཡང་ན་ཐམས་ཅད་ཀྱི་ཐམས་ཅད་དུ་ཡུལ་ནས་སྤྱུག་གོ་ཞེས་ཡང་དག་པར་འཆོས་པར་བྱེད་དོ། །ལས་དེ་ལ་ཡང་ཞོ་ཤས་འཚོ་བ་མཁས་པ་དང༌། ཤེས་ཉེན་ཅན་ངག་སྒོ་བར་བྱེད་དོ། །སེམས་ཅན་དེ་དག་ཀྱང་ཆད་པ་ཆེན་པོ་དེས་སྐྲག་ནས། སྡིག་པ་ཡང་སྤོང་


DTG129_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དགེ་བ་ཡང་དག་པར་བླངས་ཏེ་གནས་སོ། །སེམས་ཅན་དེ་དག་མི་འདོད་བཞིན་དུ་ཡང་ནན་གྱིས་གནས་པ་དེ་དང༌། ཐབས་དེས་དགེ་བའི་ལས་ལ་འཛུད་པར་བྱེད་དེ། དེ་ལྟ་བས་ན་འདི་ནི་ནན་ཏུར་ལས་བྱུང་བའི་ཐབས་ཞེས་བྱའོ།། །།བམ་པོ་བཅོ་ལྔ་པ། དེ་ལ་བྱང་ཆུབ་སེམས་དཔའི་བྱས་པ་ལ་ལན་ལྡོན་པའི་ཐབས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་སེམས་ཅན་གང་དག་ལ་སྔོན་སྦྱིན་པའམ། སྡུག་བསྔལ་བའི་སྐྱབས་སམ། འཇིགས་པའི་སྐྱབས་སམ། སྡུག་པ་དང་མི་སྡུག་པ་དང་ཕྲད་པ་དང་བྲལ་བར་བྱས་པའམ། ནད་ཞི་བར་བྱ་བའི་ཕན་པ་ཉུང་ཡང་རུང༌། མང་ཡང་རུང་བ་བྱས་ལ་བྱས་པ་གཟོ་ཞིང་བྱས་པ་ཤེས་ཏེ། ཕྱིར་ལན་དུ་ཕན་གདགས་པར་འདོད་པ་དེ་དག་ལ་བྱང་ཆུབ་སེམས་དཔས་དགེ་བ་ཡང་དག་པར་བླངས་པ་ཁོ་ནར་ལན་དུ་འཆོལ་བར་བྱེད་ལ། ཁས་ལེན་ཏེ། འཇིག་རྟེན་གྱི་ཟང་ཟིང་ནི་ཅུང་ཟད་ཀྱང་མ་ཡིན་ནོ། །དེ་སྐད་དུ་གལ་ཏེ་ཁྱེད་ཀྱིས་ཕར་འཛིན་པ་དང༌། མར་འཛིན་པ་ནས་རྒྱས་པར་ཚུལ་ཁྲིམས་ཡང་དག་པར་བླང་བའི་བར་དུ་བྱས་ན། དེ་ཉིད་ཁྱེད་ཀྱིས་ང་ལ་ལན་དུ་ཕན་བཏགས་པ་ཆེན་པོ་ཡིན་ནོ་ཞེས་ཟེར་ཞིང༌། བྱས་པའི་ལན་གློན་པ་དགེ་བ་ཡང་དག་པར་བླངས་པ་གཞན་ལས་རེ་བར་བྱེད་ལ། ཐབས་དེས་གཞན་དག་དགེ་བ་དེ་ལ་ཡང་དག་པར་འཛུད་པར་བྱེད་དེ། དེ་ལྟ་བས་ན་ཐབས་དེ་ནི་བྱས་པ་ལ་ལན་གློན་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་ཐབས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་མཐར་ཐུག་པར་འགྱུར་བའི་བྱང་ཆུབ་སེམས་དཔའི་ས་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའི་ལམ་ཤིན་ཏུ་རྣམ་པར་སྦྱངས་པ་ནི་བྱང་ཆུབ་སེམས་དཔའ་ཆེ་གེ་མོ་ཞིག་དགའ་ལྡན་གྱི་ལྷའི་རིགས་སུ་སྐྱེས་ཏེ། དེ་ནི་རིང་པོ་མི་ཐོགས་པར་འཛམ་བུའི་གླིང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་གྱིས། བདག་ཅག་གིས་དེ་མཉེས་པར་བྱ་སྟེ། མི་མཉེས་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་དེའི་དྲུང་དུ་ཡང་བདག་ཅག་སྐྱེ་བར་གྱུར་ཅིག་སྙམ་དུ་སེམས་པར་འགྱུར་བར་སེམས་ཅན་དཔག་ཏུ་མེད་པའི་ཡང་དག་པའི་འདུན་པ་བསྐྱེད་པ་དང༌། འདུན་པ་ཆེ་བར་བྱ་བའི་ཕྱིར་དགའ་ལྡན་གྱི་ལྷའི་རིགས་སུ་སྐྱེ་


DTG129_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །ཡང་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་ལྷའི་རིགས་ནས་ཤི་འཕོས་ནས། རིགས་མཐོན་པོའམ། ཀུན་གྱིས་བཀུར་བའི་ཁྱིམ་འདི་ལྟ་སྟེ། རྒྱལ་པོའི་ཕོ་བྲང་ངམ། མདུན་ན་འདོན་གྱི་ཁྱིམ་དུ་སྐྱེ་བར་འགྱུར་ཏེ། དེར་སེམས་ཅན་རྣམས་ཀྱིས་གཅེས་པར་བྱ་བ་བསྐྱེད་པའི་ཕྱིར་འདོད་པ་རྒྱ་ཆེན་པོ་དག་སྤངས་ནས་མངོན་པར་འབྱུང་བར་བྱེད་དོ། །ཡང་སེམས་ཅན་དཀའ་བ་སྤྱོད་པ་ལ་མོས་པ་རྣམས་ཀྱི་འདུན་པ་བཟློག་པའི་ཕྱིར་དཀའ་བ་སྤྱོད་པ་ཉམས་སུ་ལེན་པར་བྱེད་དོ། །ཡང་དེ་ལས་གཞན་པའི་སེམས་ཅན་རྣམས་བྱང་ཆུབ་དང་རྣམ་པར་གྲོལ་བ་ཐུན་མོང་དུ་འགྱུར་བའི་འདོད་པ་བསྐྱེད་པའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་དོ། །ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ད་ལྟར་གང་ལ་ཆོས་བསྟན་པར་བྱ་བའི་ཕྱིར་ཚངས་པ་ཉིད་བཅོམ་ལྡན་འདས་ལ་གསོལ་བ་འདེབས་པ་ལས་ན། ཀྱེ་མ་ཆོས་བསྟན་པ་འདི་ནི་ངན་ངོན་ཙམ་མ་ཡིན་ནོ་སྙམ་སྟེ་སེམས་ཅན་དེ་དག་ཆོས་ལ་གུས་པ་བསྐྱེད་པའི་ཕྱིར། རེ་ཞིག་སེམས་ཅན་རྣམས་ལ་ཆོས་མི་སྟོན་པར་ཚངས་པས་གསོལ་བ་བཏབ་པ་ལ་གཞེས་པར་མཛད་དོ། །ཡང་འདིས་ནི་ཚངས་པས་གསོལ་བ་བཏབ་པ་ཁོ་ནས་ཚངས་པའི་ངོར་བྱ་བ་དང༌། གཞན་གྱིས་བསྐུལ་བའི་ཕྱིར་ཆོས་སྟོན་པར་ཟད་ཀྱི། བདག་ཉིད་སེམས་ཅན་རྣམས་ལ་སྙིང་རྗེའི་སེམས་དང༌། བདག་ཉིད་ཀྱི་ཚུལ་གྱིས་ནི་མ་ཡིན་ནོ་སྙམ་དུ་ཤེས་ནས། སེམས་ཅན་ཁ་ཅིག་དེ་ལྟར་ལོག་པར་འཛིན་པ་བཙལ་པའི་ཕྱིར། སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་སོ། །ཡང་ཆོས་ཀྱི་འཁོར་ལོ་འཇིག་རྟེན་དུ་སྔོན་མ་བསྐོར་བ་བསྐོར་བར་མཛད་དེ། དེ་ལྟར་ཆོས་སྟོན་པར་མཛད། བསླབ་པའི་གཞི་དག་ཀྱང་འཆའ་བར་མཛད་དོ། འདི་ནི་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་ཐབས་ཞེས་བྱ་སྟེ། ཐབས་འདི་ལས་གོང་ན་ཐབས་ཆེས་ལྷག་པ་དང༌། ཆེས་གྱ་ནོམ་པ་གཞན་མེད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་མཁས་པ་རྣམ་པ་དྲུག་པོ་འདི་དག་མདོ་དང༌། རྒྱས་པར་བསྟན་པས། སེམས་ཅན་ཞེ་འགྲས་པ་རྣམས་ཀྱི་ཁོང་ཁྲོ་བ་ནི་སེལ། ཐ་མལ་པ་རྣམས་ནི་འཛུད་


DTG129_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད། ཞུགས་པ་རྣམས་ནི་ཡོངས་སུ་སྨིན་པར་བྱེད། ཡོངས་སུ་སྨིན་པ་རྣམས་ནི་རྣམ་པར་གྲོལ་བར་བྱེད་དོ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་བཞིར་བལྟ་བར་བྱ་སྟེ། ཆོས་ཀྱི་གཟུངས་དང༌། དོན་གྱི་གཟུངས་དང༌། གསང་སྔགས་ཀྱི་གཟུངས་དང༌། བྱང་ཆུབ་སེམས་དཔའ་བཟོད་པ་འཐོབ་པར་བྱེད་པའི་གཟུངས་སོ། །དེ་ལ་ཆོས་ཀྱི་གཟུངས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གང་གིས་ཐོས་པ་ཙམ་ཁོ་ནས་མ་གོམས་ཤིང་ཁ་ཏོན་བྱང་བར་མ་བྱས་པའི་མིང་དང༌། ཚིག་དང་ཡི་གེར་གཏོགས་པ་རིམ་བཞིན་དུ་བསྡེབས་ཤིང༌། རིམ་བཞིན་དུ་སྦྱར་བའི་ཡི་གེ་ཚད་མེད་པ་དག་ཏུ་ཚད་མེད་པར་འཛིན་པར་འགྱུར་བ་དེ་ལྟ་བུའི་དྲན་པ་དང༌། ཤེས་རབ་ཀྱི་སྟོབས་བསྐྱེད་པ་ཐོབ་པར་འགྱུར་རོ། །དེ་ལ་དོན་གྱི་གཟུངས་གང་ཞེ་ན། སྔ་མ་དང་འདྲ་བའམ། དེའི་ཁྱད་པར་ནི་འདི་ཡོད་དོ། །ཆོས་དེ་དག་ཉིད་ཀྱི་དོན་ཚད་མེད་པ་དག་མ་གོམས་ཤིང༌། ཡིད་ཀྱིས་བྱང་པར་མ་བྱས་པར་དུས་ཚད་མེད་པ་དག་ཏུ་འཛིན་པའོ། །དེ་ལ་གསལ་སྔགས་ཀྱི་གཟུངས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གང་གིས་གསང་སྔགས་ཀྱི་གཞི་གང་དག་སེམས་ཅན་རྣམས་ཀྱི་ཡམས་ཀྱི་ནང་ཡང་དག་པར་ཞི་བར་བྱ་བའི་ཕྱིར་བྱིན་གྱིས་རློབ་པར་བྱེད་དེ། ཡམས་ཀྱི་ནད་རྣམ་པ་དུ་མ་ཡང་དག་པར་ཞི་བར་བྱ་བ་ལ། དེ་དག་གྲུབ་ཅིང་མཆོག་ཏུ་གྲུབ་ལ་དོན་ཡོད་པ་དེ་ལྟ་བུའི་ཏིང་ངེ་འཛིན་གྱི་དབང་ཐོབ་པར་འགྱུར་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་གསང་སྔགས་ཀྱི་གཟུངས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་བཟོད་པ་འཐོབ་པར་བྱེད་པའི་གཟུངས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱི་རྒྱུ་ལ་ཤིན་ཏུ་སྤྱད་པ། ཤེས་རབ་དང་ལྡན་པ། དབེན་པ་ན་གནས་ཤིང༌། ཚིག་ཀྱལ་པ་མི་སྨྲ་ལ། སུ་དང་ཡང་མི་ཕྲད་ཅིང༌། དེ་བཞིན་དུ་རན་པར་ཟ་བ་དང༌། བབ་ཅོལ་དུ་མི་ཟ་བ་དང༌། ཁ་ཟས་སྣ་གཅིག་ཟ་བ་དང༌། སེམས་པ་ལྷུར་བྱེད་པ་དང༌། མཚན་མོ་ཡུན་ཐུང་དུ་ཉལ་ཞིང་


DTG129_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཡུན་རིང་དུ་མི་ཉལ་བ་ནི་བྱང་ཆུབ་སེམས་དཔའི་བཟོད་པ་ཐོབ་པར་འགྱུར་བའི་གསང་སྔགས་ཀྱི་གཞི་གང་དག་དེ་བཞིན་གཤེགས་བས་གསུངས་པ། ཏད་ཡ་ཐཱ། ཨི་ཊི། མི་ཊི། ཀི་ཊི། བྷིཿ་ཀྵན་ཏི། པ་དཱ་ནི་སྲཱ་ཧཱ། ཞེས་བྱ་བའི་གསང་སྔགས་ཀྱི་གཞི་དེ་དག་གི་དོན་སེམས་ཤིང་འཇལ་ལ་ཉེ་བར་རྟོགས་ཏེ། དེ་གསང་སྔགས་ཀྱི་གཞི་འདི་དག་ལ་ཡང་དག་པར་ཞུགས་ཏེ། སུ་ལས་ཀྱང་མ་ཐོས་པར་བདག་ཉིད་ཀྱིས་འདི་ལྟར་གསང་སྔགས་ཀྱི་གཞི་འདི་དག་ལ་ནི་དོན་ཡོངས་སུ་གྲུབ་པ་ཅི་ཡང་མེད་དེ། འདི་དག་ནི་དོན་མེད་པ་ཁོ་ནའོ། །འདི་དག་གི་དོན་ནི་འདི་ལྟ་སྟེ། དོན་མེད་པ་འདི་ཁོ་ན་ཉིད་དོ་སྙམ་དུ་དེ་ལྟ་བུའི་དོན་ཁོང་དུ་ཆུང་པར་འགྱུར་ཏེ། དེའི་ཕ་རོལ་དུ་དོན་གཞན་ཚོ་ལ་བར་ཡང་མི་བྱེད་དེ། དེ་ཙམ་གྱིས་ན་དེས་གསང་སྔགས་གཞི་དེ་དག་གི་དོན་ལེགས་པར་ཁོང་དུ་ཆུད་པ་ཡིན་ནོ། །དེས་གསང་སྔགས་གཞི་དེ་དག་གི་དོན་ཡང་དག་པར་ཁོང་དུ་ཆུད་ནས། དོན་དེ་ཉིད་ཀྱི་རྗེས་སུ་འབྲང་བས་ཆོས་ཐམས་ཅད་ཀྱི་དོན་ཡང་ལེགས་པར་ཁོང་དུ་ཆུད་པར་འགྱུར་རོ། །གཞན་ལས་མ་ཐོས་པར་བདག་ཉིད་ཀྱིས། དོན་འདི་ལྟ་བུ་ཡང་ཁོང་དུ་ཆུད་པར་འཁྱུར་ཏེ། བརྗོད་པ་ཐམས་ཅད་ཀྱིས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་དོན་ཡོངས་སུ་གྲུབ་པ་མེད་དོ། །དེ་དག་གི་བརྗོད་དུ་མེད་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་དེ་དག་གི་ངོ་བོ་ཉིད་ཀྱི་དོན་ཡིན་ནོ་སྙམ་མོ། །དེས་དེ་ལྟར་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་དོན་ལེགས་པར་ཁོང་དུ་ཆུད་ནས། དེ་ལས་དོན་གཞན་མི་ཚོལ་ལ་དོན་དེ་ཁོང་དུ་ཆུད་པས་དགའ་བ་དང༌། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་ཡང་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེས་གཟུངས་ཀྱི་ཚིག་ཐོབ་པ་དེ་དག་ལ་བརྟེན་ནས། བྱང་ཆུབ་སེམས་དཔའི་བཟོད་པ་ཞེས་བྱ་སྟེ། དེ་ཐོབ་པས་ཀྱང་བྱང་ཆུབ་སེམས་དཔའ་དེ་རིང་པོར་མི་ཐོགས་པར་ལྷག་པའི་བསམ་པ་དག་པ་ཐོབ་པར་འགྱུར་ཞིང་མོས་པས་སྤྱོད་པའི་སའི་བཟོད་པ་ཆེན་པོ་ལ་གནས་པར་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་བཟོད་པ་ཐོབ་པར་བྱེད་པའི་གཟུངས་ཡིན་པར་རིག་པར་བྱའོ། །དེ་ལ་ཆོས་ཀྱི་གཟུངས་དང༌། དོན་གྱི་གཟུངས་ནི་བྱང་ཆུབ་སེམས་དཔའ་བསྐལ་པ་གྲངས་མེད་པ་དང་པོ་འདས་ནས། ལྷག་པའི་བསམ་པ་དག་པའི་


DTG129_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལ་ཞུགས་པའི་ཚེ་ཐོབ་པར་འགྱུར་ཏེ། ངེས་པ་དང༌། བརྟན་པ་དང༌། རྒྱ་ཆེ་བ་ཡིན་ནོ། །དེ་ཚུན་ཆད་ནི་སྨོན་ལམ་གྱི་དབང་ངམ། བསམ་གཏན་ལ་བརྟེན་ནས་ཐོབ་པར་འགྱུར་ཏེ། ངེས་པ་ཡང་མ་ཡིན། བརྟན་པ་ཡང་མ་ཡིན། རྒྱ་ཆེ་བ་ཡང་མ་ཡིན་ནོ། །ཆོས་དང་དོན་གྱི་གཟུངས་ཇི་ལྟ་བ་བཞིན་དུ། གསང་སྔགས་ཀྱི་གཟུངས་ཀྱང་དེ་དང་འདྲ་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་བཟོད་པ་ཐོབ་པར་བྱེད་པའི་གཟུངས་ནི་ཇི་སྐད་བརྗོད་པ་དེ་ཁོ་ན་བཞིན་དུ་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཡོན་ཏན་བཞི་དང་ལྡན་ན་གཟུངས་འདི་དག་ཐམས་ཅད་འཐོབ་སྟེ། གང་ཡང་རུང་བ་མ་ཚང་བས་ནི་མ་ཡིན་ནོ། །བཞི་གང་ཞེ་ན། འདོད་པ་རྣམས་ལ་ལྷག་པར་ཞེན་པ་མེད་པ་དང༌། གཞན་མ་ཐོས་པ་དག་ལ་ཕྲག་དོག་མི་སྐྱེད་དེ། ཕྲག་དོག་མེད་པ་དང༌། བསླངས་པ་ཐམས་ཅད་རབ་ཏུ་སྦྱིན་ཞིང་འགྱོད་པ་མེད་པར་སྦྱིན་པ་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་དམ་སྡེ་སྣོད་ཀྱི་མ་མོ་ལས་བརྩམས་ཏེ། ཆོས་ལ་ཀུན་དུ་དགའ་ཞིང༌། ཆོས་ལ་དགའ་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྨོན་ལམ་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་ལྔར་བ་ལྟ་བར་བྱ་སྟེ། སེམས་བསྐྱེད་པའི་སྨོན་ལམ་དང༌། སྐྱེ་བའི་སྨོན་ལམ་དང༌། སྤྱོད་ཡུལ་གྱི་སྨོན་ལམ་དང༌། ཡང་དག་པའི་སྨོན་ལམ་དང༌། སྨོན་ལམ་ཆེན་པོའོ། །དེ་ལ་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པའི་སྨོན་ལམ་ཞེས་བྱའོ། །ཕྱི་མ་ལ་སེམས་ཅན་གྱི་དོན་དང་མཐུན་པའི་འགྲོ་བ་རྣམས་སུ་སྐྱེ་བར་སྨོན་པ་ནི། བྱང་ཆུབ་སེམས་དཔའི་སྐྱེ་བའི་སྨོན་ལམ་ཞེས་བྱའོ། །ཆོས་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པར་སྨོན་པ་དང༌། ཚད་མེད་པ་ལ་སོགས་པ་དགེ་བའི་ཆོས་བསྒོམ་པའི་ཡུལ་ལ་སྨོན་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་སྨོན་ལམ་ཞེས་བྱའོ།། ཕྱི་མ་ལ་མདོའམ། རྒྱས་པར་བྱང་ཆུབ་སེམས་དཔའི་དགེ་བ་ཐམས་ཅད་བསྡུས་པ་དང༌། ཡོན་ཏན་ཐམས་ཅད་བསྡུ་བའི་ཕྱིར་སྨོན་པ་ནི་བྱང་ཆུབ་སེམས་དཔའི་ཡང་དག་པའི་སྨོན་ལམ་ཞེས་བྱའོ། །བྱང་ཆུབ་སེམས་དའི་སྨོན་ལམ་ཆེན་པོ་ནི་ཡང་དག་པའི་སྨོན་ལམ་དེ་ཉིད་ལས་རིག་པར་བྱའོ། །


DTG129_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་རྣམ་པ་བཅུ་སྟེ། ཕྱི་མ་ལ་དེ་བཞིན་གཤེགས་པ་ལ་མཆོད་པ་དང༌། རིམ་གྲོ་བྱ་བའི་རྣམ་པ་ཐམས་ཅད་དཔག་ཏུ་མེད་པར་བྱ་བ་ནི་སྨོན་ལམ་ཆེན་པོ་དང་པོ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་ཡོངས་སུ་གཟུང་ཞིང་བསྲུང་བར་བྱ་བ་དང༌། ཆོས་ཀྱི་ཚུལ་ཡང་དག་པར་གཟུང་བར་བྱ་བའི་ཕྱིར་སྨོན་ལམ་ཆེན་པོ་དང༌། དགའ་ལྡན་གྱི་གནས་ན་བཞུགས་པ་ནས། སྔ་མ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བའི་བར་གྱི་སྨོན་ལམ་ཆེན་པོ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པའི་རྣམ་པ་ཐམས་ཅད་ལེགས་པར་སྤྱད་པར་བྱ་བའི་སྨོན་ལམ་ཆེན་པོ་དང། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་སྨོན་ལམ་ཆེན་པོ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་ཡང་དག་པར་བསྟན་པར་བྱ་བའི་སྨོན་ལམ་ཆེན་པོ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་སྨོན་ལམ་ཆེན་པོ་དང༌། ཐེག་པ་ཆེན་པོ་ལ་འཇུག་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། བསམ་པ་དང་སྦྱོར་བ་གཅིག་པར་བྱ་བའི་སྨོན་ལམ་ཆེན་པོ་དང༌། ཡང་དག་པའི་སྦྱོར་བ་ཐམས་ཅད་འབྲས་བུ་ཡོད་པར་བྱ་བའི་སྨོན་ལམ་ཆེན་པོ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་སྨོན་ལམ་ཆེན་པོའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའི་བརྗོད་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་ངོ་བོ་ཉིད་དང་བྲལ་བ། བརྗོད་དུ་མེད་པའི་ངོ་བོ་ཉིད་ཀྱི་དངོས་པོ་མཐོང་ནས། སེམས་གནས་པ་གང་ཡིན་པ་དེ་ནི་དེའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཅེས་བྱའོ། །སྨོན་པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བརྗོད་དུ་མེད་པའི་ངོ་བོ་ཉིད་ཀྱི་དངོས་པོ་དེ་ཉིད་ལ་ལོག་པར་རྣམ་པར་བརྟགས་པ་ལས་བྱུང་བའི་ཉོན་མོངས་པ་དང༌། སྡུག་བསྔལ་གྱིས་ཡོངས་སུ་ཟིན་པའི་ཕྱིར་ཉེས་པ་དུ་མའི་སྐྱོན་ཆགས་པར་ཡང་དག་པར་མཐོང་ནས། ཕྱིས་དེ་ལ་མི་སྨོན་པ་སྔོན་དུ་འགྲོ་བའི་སེམས་གནས་པ་གང་ཡིན་པ་དེ་ནི་དེའི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །མཚན་མ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བརྗོད་དུ་མེད་པའི་ངོ་བོ་ཉིད་ཀྱི་དངོས་པོ་དེ་ཉིད་ཀྱི་རྣམ་པར་


DTG129_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་དང༌། སྤྲོས་པའི་མཚན་མ་ཐམས་ཅད་བསལ་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཞི་བར་ཞི་བར་ཡིད་ལ་བྱེད་པས་སེམས་གནས་པ་གང་ཡིན་པ་དེ་ནི་དེའི་མཚན་མ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཅིའི་ཕྱིར་ཏིང་ངེ་འཛིན་གསུམ་པོ་འདི་དག་གཞག་གི །འདི་ལས་གོང་ན་ཡང་མེད་ལ་འདི་ལས་ལྷག་པ་ཡང་མེད་ཅེ་ན། ཡོད་པ་དང་མེད་པ་འདི་གཉིས་ཡིན་ཏེ། དེ་ལ་འདུས་བྱས་དང༌། འདུས་མ་བྱས་ནི་ཡོད་པའོ། །བདག་གམ་བདག་གི་ནི་མེད་པའོ། །དེ་ལ་འདུས་བྱས་ལ་མི་མཐུན་པར་བདེན་པར་སྨོན་པ་ལས་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་རྣམ་པར་གཞག་གོ །འདུས་མ་བྱས་མྱ་ངན་ལས་འདས་པ་ལ་སྨོན་ཅིང་ཡང་དག་པར་མངོན་པར་དགའ་བར་འཛིན་པ་ལས་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་རྣམ་པར་གཞག་གོ །མེད་པ་ཁོ་ནའི་དངོས་པོ་གང་ཡིན་པ་དེ་ལ་ནི། བྱང་ཆུབ་སེམས་དཔའ་སྨོན་པའམ། མི་སྨོན་པར་མི་བྱ་བར་དེ་མེད་པ་ཁོ་ནར་ཡང་དག་པ་ཇི་ལྟ་བ་བཞིན་དུ་བལྟ་བར་བྱ་སྟེ། ལྟ་བ་དེའི་དབང་དུ་བྱས་ནས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་གསུམ་པོ་འདི་དག་ལ་སྦྱོར་བར་བྱེད་དེ། དེ་ལྟར་རྣམ་པར་གཞག་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། དེ་ལས་གཞན་པའི་རྣམ་པ་གང་དག་ལ་ཉན་ཐོས་རྣམས་སློབ་ཅིང༌། ཡང་དག་པར་འགྲུབ་པའི་ཏིང་ངེ་འཛིན་གསུམ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་གཞག་པའི་ཚུལ་ལ་འཇུག་པ་དང༌། སྒོམ་པའི་ཚུལ་ལ་འཇུག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཆོས་ཀྱི་མདོ་བཞི་ནི་འདི་དག་ཡིན་ཏེ། དེ་དག་ནི་སེམས་ཅན་རྣམས་རྣམ་པར་དག་པར་བྱ་བའི་ཕྱིར་སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་སྟོན་པར་མཛད་དོ། །བཞི་གང་ཞེ་ན། འདུ་བྱེད་ཐམས་ཅད་ལ་མི་རྟག་གོ་ཞེས་བྱ་བ་ཆོས་ཀྱི་མདོ་དང་འདུ་བྱེད་ཐམས་ཅད་སྡུག་བསྔལ་བའོ་ཞེས་བྱ་བ་ཆོས་ཀྱི་མདོ་དང༌། ཆོས་ཐམས་ཅད་བདག་མེད་པའོ་ཞེས་བྱ་བ་ཆོས་ཀྱི་མདོ་དང་མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་ཆོས་ཀྱི་མདོའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་རྣམས་ལ་དེ་དག་དང་ལྡན་པའི་དོན་གྱི་


DTG129_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཕལ་ཆེར་སྟོན་ཏེ། དེའི་ཕྱིར་དེ་དག་ནི་ཆོས་ཀྱི་མདོ་ཞེས་བྱའོ། །དུས་རྟག་ཏུ་འབྱུང་ཞིང་འབྱུང་བའི་ཕྱིར་ཡང་ཐུབ་པ་ཐུགས་ཞི་བ་སྔ་མ་རྣམས་ཀྱིས་རྟག་ཏུ་བརྗོད་ཅིང་བརྗོད་པའི་ཕྱིར་ཡང་མདོ་ཞེས་བྱའོ། །འདི་ནི་འབྱོར་བ་ཆེན་པོར་འགྱུར་བ་དང༌། སྲིད་པའི་རྩེ་མོའི་གོང་དུ་འགྲོ་བའི་ལམ་ཡིན་ཏེ་དེའི་ཕྱིར་མདོ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འདུ་བྱེད་ཐམས་ཅད་མི་རྟག་པར་ཇི་ལྟར་ཡང་དག་པར་མཐོང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་འདུ་བྱེད་ཐམས་ཅད་ཀྱི་བརྗོད་དུ་མེད་པའི་ངོ་བོ་ཉིད་རྟག་ཏུ་མེད་པ་ཁོ་ནར་དམིགས་ནས། འདུ་བྱེད་ཐམས་ཅད་མི་རྟག་པར་མཐོང་ངོ། །ཡང་བརྗོད་དུ་མེད་པའི་དངོས་པོ་ཉིད་ཡང་དག་པར་ཡོངས་སུ་མ་ཤེས་པའི་ཕྱིར། ཡོངས་སུ་མ་ཤེས་པའི་རྒྱུ་ལས་བྱུང་བའི་སྐྱེ་བ་དང༌། འཇིག་པ་དམིགས་ནས། བརྗོད་དུ་མེད་པའི་ངོ་བོ་ཉིད་ཀྱི་འདུ་བྱེད་ཐམས་ཅད་མི་རྟག་པར་ཡང་དག་པར་མཐོང་སྟེ། དེས་འདས་པའི་འདུ་བྱེད་རྣམས་ནི་སྐྱེས་ནས་འགག་པར་ཡང་དག་པར་མཐོང་ལ། དེ་དག་གི་རྒྱུ་དང༌། ངོ་བོ་ཉིད་ཀྱང་མི་དམིགས་སོ། །དེ་ལྟ་བས་ན་དེ་དག་ནི་རྒྱུ་དང་ངོ་བོ་ཉིད་ཀྱིས་ཀྱང་ཡོད་པར་ཡང་དག་པར་མཐོང་ངོ༌། །ད་ལྟར་བྱུང་བ་རྣམས་ནི་སྐྱེས་ལ་མ་འགགས་པར་ཡང་དག་པར་མཐོང་ངོ༌། །དེ་དག་གི་རྒྱུ་ནི་མི་དམིགས་ཏེ། འབྲས་བུ་སྐྱེད་ཟིན་པའི་ཕྱིར་རོ། །ངོ་བོ་ཉིད་ནི་མི་དམིགས་ཏེ། མ་འགགས་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་དག་ངོ་བོ་ཉིད་ཀྱིས་ཡོད་པར་ཡང་དག་པར་མཐོང་གི་རྒྱུ་ལས་ནི་མ་ཡིན་ནོ། །མ་འོངས་པའི་འདུ་བྱེད་རྣམས་ནི་མ་སྐྱེས་པ་དང་མ་འགགས་པར་མཐོང་ངོ༌། །དེ་དག་གི་རྒྱུ་ནི་དམིགས་ཏེ། འབྲས་བུ་མ་བསྐྱེད་པའི་ཕྱིར་རོ། །ངོ་བོ་ཉིད་ནི་མི་དམིགས་ཏེ་མ་སྐྱེས་པའི་ཕྱིར་རོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་དེ་དག་རྒྱུ་ལས་ནི་ཡོད་པར་མཐོང་གི་ངོ་བོ་ཉིད་ལས་ནི་མ་ཡིན་ནོ། །དེས་དེ་ལྟར་དུས་གསུམ་དུ་འདུ་བྱེད་ཀྱི་རྒྱུད་རྒྱུན་མི་འཆད་པར་འཇུག་པར་མཐོང་ནས་འདུ་བྱེད་ཀྱི་སྐད་ཅིག་པ་རེ་རེ་ལ་འདུས་བྱས་རྣམས་ཀྱི་འདུས་བྱས་ཀྱི་མཚན་ཉིད་གསུམ་མཐོང་ལ་སྐད་ཅིག་གི་འོག་ཏུ་འདུས་བྱས་ཀྱི་མཚན་ཉིད་བཞི་པ་ཡང་དག་པར་མཐོང་ངོ༌། །དེ་ལ་འདུ་བྱེད་ཀྱི་སྐད་ཅིག་པ་དང་པོ་ལ་ངོ་བོ་ཉིད་ཞིག་མ་ཐག་ཏུ་སྔ་ནས་མེད་པའི་འདུ་བྱེད་ཀྱི་སྐད་ཅིག་


DTG129_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གི་ངོ་བོ་ཉིད་འབྱུང་བ་གང་ཡིན་པ་དེ་ནི་སྐྱེ་བར་མཐོང་ངོ༌། །སྐྱེས་ཟིན་པ་དེ་ཉིད་ཀྱི་ཚེ་ན་མ་ཞིག་པ་གང་ཡིན་པ་དེ་ནི་གནས་པར་མཐོང་ངོ༌། །སྔར་འགགས་པའི་འདུ་བྱེད་ཀྱི་སྐད་ཅིག་གི་ངོ་བོ་ཉིད་སྔར་འགགས་པ་དེ་ལ་ལྟོས་ནས་སྐྱེས་པ་དེ་གཞན་ནམ་གཞན་དུ་འགྱུར་བ་གང་ཡིན་པ་དེ་ནི་རྒ་བར་མཐོང་ངོ༌། །སྐྱེ་བའི་སྐད་ཅིག་དེའི་འོག་ཏུ་འདུ་བྱེད་ཀྱི་སྐད་ཅིག་འབྱུང་བ་དེ་ཉིད་ཀྱི་ངོ་བོ་ཉིད་འཇིག་པ་གང་ཡིན་པ་དེ་ནི་འཇིག་པར་མཐོང་ངོ༌། །དེས་འདུ་བྱེད་ཀྱི་སྐད་ཅིག་བྱུང་བ་དེའི་ངོ་བོ་ཉིད་ཡང་དག་པར་མཐོང་བ་གང་ཡིན་པ་དེའི་སྐྱེ་བ་དང་གནས་པ་དང༌། རྒ་བ་ཡང་དེ་ཉིད་ཀྱི་ངོ་བོ་ཉིད་ཡིན་གྱི། དེ་ལས་གཞན་པའི་ངོ་བོ་ཉིད་མ་ཡིན་པར་མཐོང་ངོ༌། །སྐད་ཅིག་དེའི་འོག་ཏུ་འདུ་བྱེད་ཀྱི་སྐད་ཅིག་གི་ངོ་བོ་ཉིད་མེད་པར་འགྱུར་བ་གང་ཡིན་པ་དེ་ཡང་སྐྱེ་བ་ལ་སོགས་པ་དེ་དག་གི་ཡང་དེ་ཉིད་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ངོ༌། །འདུས་བྱས་ཀྱི་མཚན་ཉིད་བཞི་པོ་དེ་དག་བསྡུས་ན་འདུ་བྱེད་རྣམས་ཀྱི་གནས་སྐབས་ནི་མདོར་བསྡུ་ན་གཉིས་ཀྱིས་རབ་ཏུ་ཕྱེ་བ་སྟེ། ཡོད་པས་རབ་ཏུ་ཕྱེ་བ་དང༌། མེད་པས་རབ་ཏུ་ཕྱེ་བའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཡོད་པ་གང་ཡིན་པ་དེ་ནི་འདུས་བྱས་ཀྱི་མཚན་ཉིད་གཅིག་ཏུ་རྣམ་པར་གཞག་གོ །ངོ་བོ་ཉིད་གང་ཡིན་པ་དེ་ནི་འདུས་བྱས་ཀྱི་མཚན་ཉིད་གཉིས་པར་རྣམ་པར་གཞག་གོ །འདུ་བྱེད་དེ་དག་གི་ཡོད་པ་དེ་ནི་གནས་པ་ལས་གཞན་དུ་འགྱུར་བས་རབ་ཏུ་ཕྱེ་བའི་ཕྱིར། འདུས་བྱས་ཀྱི་མཚན་ཉིད་གསུམ་པར་རྣམ་པར་གཞག་གོ །དེ་ལ་བྱང་ཆུབ་སེམས་དཔའ་ནི་འདུ་བྱེད་ཙམ་མ་གཏོགས་པར་དེའི་སྐྱེ་བ་དང་གནས་པ་དང༌། རྒ་བ་དང༌། མི་རྟག་པའི་རྫས་ཀྱི་ངོ་བོ་ཉིད་ཡོངས་སུ་གྲུབ་པ་རྟག་ཏུ་མ་མཐོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེས་འདུ་བྱེད་ཙམ་ཞིག་འབྱུང་བར་དམིགས་པར་ཟད་ཀྱི། དེའི་སྐྱེ་བ་དང༌། གནས་པ་དང༌། རྒ་བ་དང༌། མི་རྟག་པ་གཞན་ནི་མ་དམིགས་ཏེ། འདུ་བྱེད་ཙམ་ཁོ་ན་ཞིག་གནས་པ་དང༌། རྒ་བ་དང་འཇིགས་པར་དམིགས་པར་ཟད་ཀྱི་དེའི་སྐྱེ་བ་དང༌། གནས་པ་དང༌། རྒ་བ་དང༌། མི་རྟག་པ་ཉིད་ནི་མ་དམིགས་པའི་ཕྱིར་རོ། །རིགས་པས་དཔྱད་ན་ཡང་བྱང་ཆུབ་སེམས་དཔས་སྐྱེ་བ་ལ་སོགས་པ་འདི་དག་རྫས་སུ་མི་དམིགས་སོ། །འདི་ལྟར་དཔྱད་ན་


DTG129_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

མི་དམིགས་ཏེ། གལ་ཏེ་གཟུགས་ལ་སོགས་པའི་འདུ་བྱེད་མ་གཏོགས་པར་སྐྱེ་བའི་ཆོས་གཞན་ཞིག་ཡོད་པར་གྱུར་ན་ནི་དེ་གཟུགས་ལ་སོགས་པའི་འདུ་བྱེད་ཇི་སྐད་བདག་ཉིད་ཀྱིས་སྐྱེ་བ་དེ་བཞིན་དུ་དེ་ཡང་སྐྱེ་བར་འགྱུར་བའི་རིགས་སོ། །དེ་ལྟ་ན་ནི་འདུ་བྱེད་ཀྱི་སྐྱེ་བ་གང་ཡིན་པ་དང༌། སྐྱེ་བའི་སྐྱེ་བ་གང་ཡིན་པའི་སྐྱེ་བ་གཉིས་སུ་འགྱུར་རོ། །དེ་ལ་འདུ་བྱེད་ཀྱི་སྐྱེ་བའི་སྐྱེ་བ་དེ་ལས་གཞན་མ་ཡིན་པ་ཞིག་གམ་གཞན་ཞིག་ཏུ་འགྱུར་གྲང་ན། གལ་ཏེ་གཞན་མ་ཡིན་ན་ནི་དེ་ལྟར་ན་སྐྱེ་བ་རྫས་སུ་ཡོད་པར་དོན་མེད་པར་འགྱུར་ཏེ། སྐྱེ་བ་གཞན་ཞིག་རྫས་སུ་ཡོད་དོ་ཞེས་བྱར་མི་རུང་ངོ། །ཇི་སྟེ་གཞན་ཡིན་ན་ནི་དེ་ལྟ་ན་འདུ་བྱེད་ཀྱི་སྐྱེ་བ་ནི་སྐྱེ་བ་ཡིན་པར་མི་འགྱུར་ཏེ། འདུ་བྱེད་ཀྱི་སྐྱེ་བ་ལ་སྐྱེ་བ་ཞེས་བྱར་མི་རུང་ངོ༌། །སྐྱེ་བ་ཇི་ལྟ་བ་བཞིན་དུ་གནས་པ་དང༌། རྒ་བ་དང༌། འཇིག་པ་ཡང་རྒྱས་པར་དེ་དང་འདྲ་བར་རིག་པར་བྱའོ། །གལ་ཏེ་འཇིག་པ་ཞེས་བྱ་བའི་ཆོས་ངོ་བོ་ཉིད་ཀྱིས་ཡོངས་སུ་གྲུབ་པ་ཞིག་ཡོད་ན་ནི་དེ་ཡང་སྐྱེ་བའམ། འགག་པར་འགྱུར་རོ། །གང་གི་ཚེ་འཇིག་པ་སྐྱེས་པར་འགྱུར་བ་དེའི་ཚེ། འདུ་བྱེད་ཐམས་ཅད་འགག་པར་འགྱུར་ཏེ། དེ་ལྟ་ན་ནི་འགོག་པའི་སྙོམས་པར་ཞུགས་པ་ལྟར་ཚོགས་ཆུང་དུས་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འཇུག་པར་མི་འགྱུར་རོ། །འཇིག་པ་དེ་འགག་པར་འགྱུར་ན་ནི་འདུ་བྱེད་འགགས་ཟིན་པ་དེ་དག་ཀྱང་ཡང་འབྱུང་བར་འགྱུར་ཏེ། དེ་དག་གི་འཇིག་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་འཇིག་པ་སྐྱེ་ཞེས་བྱ་བའམ། འགག་ཅེས་བྱ་བར་མི་རུང་ངོ༌། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རྫས་སུ་ཡོད་པ་དུས་ཐམས་ཅད་ན་ཡོད་པ་དང༌། བཏགས་པའི་ཡོད་པ་ཡང་ངོ་བོ་ཉིད་ཀྱིས་ཡོངས་སུ་གྲུབ་པར་མཐོང་བའི་སྐྱོ་བ་དང༌། འདོད་ཆགས་དང་བྲལ་བ་དང༌། རྣམ་པར་གྲོལ་བ་ཡང་མི་རུང་ངོ༌། །དེ་ལས་བཟློག་པ་ནི་རུང་སྟེ། དེ་ལྟར་རྣམ་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་འདུ་བྱེད་ཐམས་ཅད་མི་རྟག་པར་ཡང་དག་པ་ཇི་ལྟ་བཞིན་དུ་རབ་ཏུ་ཤེས་སོ། །ཡང་བྱང་ཆུབ་སེམས་དཔས་དེ་ལྟར་འདུ་བྱེད་ཀྱི་རྒྱུན་གྱིས་འཇུག་སྟེ། མི་རྟག་པ་དེ་དག་སྡུག་བསྔལ་རྣམ་པ་གསུམ་པོ་འདུ་བྱེད་ཀྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། སྡུག་བསྔལ་གྱི་སྡུག་བསྔལ་གྱི་


DTG129_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱི་དངོས་པོར་མཐོང་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔས་འདུ་བྱེད་ཐམས་ཅད་སྡུག་བསྔལ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡང་བྱང་ཆུབ་སེམས་དཔས་འདུ་བྱེད་དང༌། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་བདག་མེད་པ་རྣམ་པ་གཉིས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། གང་ཟག་ལ་བདག་མེད་པ་དང༌། ཆོས་ལ་བདག་མེད་པའོ། །དེ་ལ་གང་ཟག་ལ་བདག་མེད་པ་དེ་ནི་འདི་ཡིན་ཏེ། འདི་ལྟར་ཆོས་ཡོད་པ་འདི་དག་ནི་གང་ཟག་མ་ཡིན་ལ་ཆོས་ཡོད་པ་ལ་མ་གཏོགས་པའི་གང་ཟག་གཞན་ཡང་མེད་དོ། །དེ་ལ་ཆོས་ལ་བདག་མེད་པ་ནི་འདི་ཡིན་ཏེ། འདི་ལྟར་བརྗོད་པར་བྱ་བའི་དངོས་པོ་ཐམས་ཅད་ལ་བརྗོད་པའི་ངོ་བོ་ཉིད་ཀྱི་ཆོས་ཐམས་ཅད་མེད་པ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་བདག་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡང་འདུ་བྱེད་དེ་དག་ཉིད་ཀྱིས་རྒྱུ་སྔར་ཡང་དག་པར་ཆད་ལ་ཕྱིས་མ་ལུས་པར་མེད་པར་གྱུར་ནས་དེ་ལས་གཞན་པ་རྣམས་ཀྱང་གཏན་དུ་མངོན་པར་མི་འགྲུབ་ཅིང༌། འབྱུང་བར་མི་འགྱུར་བ་གང་ཡིན་པ་འདི་ནི་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། དེ་ཡང་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་ཉེ་བར་ཞི་བ་དང༌། སྡུག་བསྔལ་ཉེ་བར་ཞི་བའི་ཕྱིར་ཞི་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་མ་དག་པའམ། ཉན་ཐོས་ཀྱི་ཐེག་པ་བདེན་པ་མ་མཐོང་བ་ནི་དེ་ལྟར་རེ་ཞིག་མྱ་ངན་ལས་འདས་པ་ལ་མོས་པར་འགྱུར་ཏེ། མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་དེ་སྐད་ཀྱང་ཟེར་མོད་ཀྱི། འོན་ཀྱང་དེ་ནི་མྱ་ངན་ལས་འདས་པ་དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའམ། ཇི་ལྟ་བ་བཞིན་དུ་ཡེ་ཤེས་མཐོང་བ་ལ་འཇུག་པ་ནི་མ་ཡིན་ནོ། །ཚུལ་བཞིན་ཡིད་ལ་བྱེད་པ་དེ་ནི་ཡོད་དེ། འདི་ལྟ་སྟེ། དཔེར་ན་རྒྱལ་པོའི་བུའམ། ཁྱིམ་བདག་གི་བུ་ཡང་རུང་སྟེ། རྒྱལ་པོའམ། ཁྱིམ་བདག་གི་ཁྱིམ་གྱི་ནང་དུ་བསྐྱེད་པར་གྱུར་ལ་བྱིས་པ་གཞོན་ནུར་འདུག་པ་དེ་ལ་རྒྱལ་པོའམ། ཁྱིམ་བདག་དེས་བཅོས་མའི་རི་དགས་ཀྱི་ཤིང་རྟའམ། རྟའི་ཤིང་རྟའམ། གླང་པོ་ཆེའི་ཤིང་རྟ་བྱིན་ལ་རྒྱལ་པོའི་བུའམ། ཁྱིམ་བདག་གི་བུ་དེ་ཡང་དེ་དག་གིས་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། བཅོས་པའི་


DTG129_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

རི་དགས་དེ་དག་ལ་རི་དགས་ཀྱི་འདུ་ཤེས་སྐྱེད་ཅིང་བཅོས་མའི་བ་ལང་དང༌། རྟ་དང་གླང་པོ་ཆེ་དེ་དག་ལ་གླང་པོ་ཆེའི་འདུ་ཤེས་བསྐྱེད་པར་བྱའོ། །དེ་ནས་རེ་ཞིག་ན། རྒྱལ་པོའམ་ཁྱིམ་བདག་དེས་བདག་གི་བུ་ཆེར་སྐྱེས་ཤིང་དབང་པོ་ཡོངས་སུ་སྨིན་པར་གྱུར་པས། ཡང་དག་པའི་རི་དགས་ཀྱི་བསྔགས་པ་བརྗོད་ཅིང༌། ཡང་དག་པའི་གླང་པོ་ཆེའི་བར་གྱི་བསྔགས་པ་བརྗོད་པར་བྱེད་དེ། རྒྱལ་པོའི་བུའམ། ཁྱིམ་བདག་གི་བུ་དེས་ཀྱང་བསྔགས་པ་བརྗོད་པ་དེ་ཐོས་ནས་འདི་སྙམ་དུ་སེམས་ཏེ། རྒྱལ་པོ་འམ་ཁྱིམ་བདག་འདི་ནི་བདག་ལ་རི་དགས་ཀྱི་ཤིང་རྟ་རྣམས་ནས། གླང་པོ་ཆེའི་ཤིང་རྟའི་བར་འདི་དག་གི་བསྔགས་པ་བརྗོད་དོ་སྙམ་མོ། །དེ་ནས་དུས་གཞན་ཞིག་ན་རྒྱལ་པོའམ། ཁྱིམ་བདག་དེས་བདག་གི་བུ་ཁྱིམ་གྱི་ཕྱི་རོལ་དུ་ཕྱུང་སྟེ། དེ་ལ་ཡང་དག་པའི་རི་དགས་བསྟན་ཅིང༌། ཡང་དག་པའི་གླང་པོ་ཆེའི་བར་དུ་བསྟན་ཏེ། དེས་དེ་དག་མཐོང་ནས། དེའི་ཚེ་བདག་ཉིད་ཀྱིས་སོ་སོར་རིག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྐྱེས་ཏེ། བདག་གི་ཕས་ཡུན་རིང་པོ་ཞིག་ནས་གང་དག་གི་བསྔགས་པ་བརྗོད་པའི་རི་དགས་ཀྱི་ཤིང་རྟ་ནས། རྒྱས་པར་གླང་པོ་ཆེའི་ཤིང་རྟའི་བར་དེ་དག་གི་ཡང་དག་པའི་དོན་ནི་འདི་དག་ཡིན་པར་ལྟ་ཞིག་ན། བདག་ཉིད་ནི་ཡང་དག་པ་མ་ཡིན་པའི་དོན་དེ་ལྟ་བུར་བཅོས་པ་ཙམ་གྱི་གཟུགས་བརྙན་སྣང་བ་ཙམ་དེ་ལ་མོས་པར་གྱུར་ཏོ་སྙམ་སྟེ། སྔོན་གྱི་མོས་པ་དེས་ངོ་ཚ་བར་འགྱུར་རོ། །དེ་བཞིན་དུ་འཁོར་བའི་ཁྱིམ་གྱི་ནང་ནས་སྐྱེས་པ་བསམ་པ་མ་དག་པའི་བྱང་ཆུབ་སེམས་དཔའ་རྣམས་དང༌། ཉན་ཐོས་བདེན་པ་མ་མཐོང་བ་བུ་དང་འདྲ་བ་རྣམས་ཀྱང༌། ཕ་ལྟ་བུའི་སངས་རྒྱས་རྣམས་དང༌། ས་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་པ་མངོན་སུམ་དུ་གཟིགས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དེ་དག་གི་མདུན་དུ་ཇི་ལྟར་གཟིགས་པའི་མྱ་ངན་ལས་འདས་པའི་བསྔགས་པ་བརྗོད་ལ་དེ་དག་གིས་ཀྱང༌། མྱ་ངན་ལས་འདས་པ་དེ་ཡོན་ཏན་ལས་སྒྲ་ཙམ་གྱི་རྗེས་སུ་འབྲང་བའི་བློས་ཡུན་རིང་མོ་ནས་མོས་ལ། གང་གི་ཚེ་དེ་དག་གི་ཚོགས་ཡོངས་སུ་སྨིན་ཅིང་འཕེལ་བར་གྱུར་པ་ན་ནི། བསམ་པ་དག་པའི་བྱང་ཆུབ་སེམས་དཔའ་རྣམས་དང༌། ཉན་ཐོས་བདེན་པ་མཐོང་བ་རྣམས་མྱ་ངན་ལས་འདས་པ་ལ་མངོན་སུམ་


DTG129_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཤེས་པ་སྐྱེ་བར་འགྱུར་ཏེ། དེའི་ཚེ་དེ་དག་གི་སོ་སོ་ཡང་དག་པར་རིག་པ་ཡང༌། ཡང་དག་པ་ཇི་ལྟ་བ་བཞིན་དུ་སྐྱེ་བར་འགྱུར་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གང་ཞིག་བསྔགས་པ་བརྗོད་པ་དེ་ནི། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་མྱ་ངན་ལས་འདས་པ་འདི་ཡིན་པ་ལྟ་ཞིག་ན་བདག་གིས་ནི་སྔོན་བྱིས་པའི་ཤེས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མོས་པར་མ་གྱུར་ཏེ། དེ་ལྟ་བུར་བཅོས་པ་དེ་ཡང་ཡོད་ལ། སྣང་བ་ཙམ་ཡང་ཡོད་དོ་སྙམ་སྟེ། ཕྱི་མའི་ཡང་དག་པ་ཇི་ལྟ་བའི་མོས་པ་ལ་བརྟེན་ནས། སྔ་མའི་མོས་པ་དེས་ངོ་ཚ་བར་འགྱུར་རོ། །དཔེར་ན་མི་ནད་ཀྱིས་ཐེབས་པ་ལ་ལ་ཞིག་ལ་སྨན་པ་ཆེན་པོ་ལ་ལ་ཞིག་གིས་དེ་ལ་ཡོད་པའི་ནད་ཞི་བར་བྱ་བའི་ཕྱིར། དེ་དང་མཐུན་པའི་སྨན་དག་གིས་རིམ་གྲོ་བྱས་ནས། མི་ནད་པ་དེས་སྨན་དེ་དག་ཡུན་རིང་པོར་བསྟེན་པས། དེ་དག་ལ་མོས་ཤིང་དེ་དག་ལ་དགའ་བར་འགྱུར་ཏེ། དེ་དག་ཉིད་ལ་སྙིང་པོར་འཛིན་པར་གྱུར་ལ། དེ་ནས་མི་ནད་ཀྱིས་ཐེབས་པ་དེའི་ནད་སྔ་མ་དེ་ཡང་སྨན་བསྟེན་པ་དེས་ཞི་བར་གྱུར་པའི་འོག་ཏུ་དེ་མ་ཡིན་པའི་ནད་སྔ་ན་མེད་པའི་སྨན་གཞན་དག་གིས་གསོ་དགོས་པ་ཞིག་བྱུང་ལ། དེ་ནས་སྨན་པ་ཆེན་པོ་དེ་ལ། ནད་སྔ་མ་ནི་ཞི་བར་གྱུར་ལ། ཕྱི་མ་སྨན་གཞན་དག་གིས་གསོ་དགོས་པ་ནི་བྱུང་བར་ཤེས་ནས། སྨན་གྱི་སྦྱོར་བ་སྔ་མ་དེ་བཏང་སྟེ། མཐུན་པ་གཞན་བསྟན་ན། བྱིས་པ་ལྟ་བུའི་མི་ནད་པ་སྨན་སྔ་མ་ལ་མོས་ཤིང༌། དེ་དག་ཉིད་ལ་ཕན་པར་འདུ་ཤེས་པ་དེ། སྨན་པ་ཆེན་པོ་གང་གིས་སྨན་སྔ་མ་དེ་དང་ཕྱི་མ་དེ་དག་བསྟན་ནས། དེས་མངོན་སུམ་དུ་སྨན་སྔ་མ་དེ་དག་ནི་ནད་ཕྱི་མ་ལ་མི་ཕན་ནོ་ཞེས་དེ་སྐད་དུ་ཡང་སྟོན་པ་དེ་ལ་ཡིད་ཆེས་པར་མི་བྱེད་ཅིང༌། དེའི་ཚིག་ལ་མངོན་པར་དད་པར་མི་འགྱུར་བ་དེ་བཞིན་དུ། བྱིས་པ་ལྟ་བུའི་བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་རྣམས་ཀྱང་དེ་དང་འདྲ་བར་རིག་པར་བྱ་སྟེ། མི་ནད་ཀྱིས་ཐེབས་པ་ལྟ་བུ་ཉོན་མོངས་པས་ཟིན་པ་དེ་དག་ཀྱང༌། སྨན་པ་ཆེན་པོ་དེ་བཞིན་གཤེགས་པའི་ཆོས་བསྟན་པ་བླ་མ་ལས་ཀྱང་ཆེས་བླ་མར་གྱུར་ཅིང༌། ཤིན་ཏུ་བླ་མར་གྱུར་པ་གསལ་བ་བས་གསལ་ཞིང༌། ཟབ་པ་བས་ཆེས་ཟབ་པ་ཤིན་ཏུ་ཟབ་པ། དམའ་བ་བས་རྒྱ་ཆེ་ལ་ཆེས་རྒྱ་ཆེ་ཤིང་ཤིན་


DTG129_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྒྱ་ཆེ་བ། ཡང་དག་པར་བསྟན་ཞིང༌། གཏམས་ཏེ་རྗེས་སུ་བསྟན་པ་ལ་མི་འཇུག་ཅིང༌། མ་མོས་ཏེ། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཁོང་དུ་མི་ཆུད་དོ། །དེ་ལ་བྱང་ཆུབ་སེམས་དཔའམ། ཉན་ཐོས་དད་པ་དང་ལྡན་པའི་དེ་བཞིན་གཤེགས་པས་གསུངས་པ་གང་ལ་ཡང་ཡིད་གཉིས་དང། སོམ་ཉི་མི་སྐྱེད་པ་དེ་ནི། ཅང་ཤེས་དང་ལྡན་པའི་ཤིང་རྟ་ཡན་ལག་དང༌། ཉིད་ལག་དང་ཡོ་བྱད་ཐམས་ཅད་དང་ཤིན་ཏུ་ལྡན་པ་དང་འདྲ་བའི་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ཀྱི་ཤིང་རྟ་དེ་ལ་ཞོན་ནས། ཁ་ལོ་པ་མཁས་པ་བཞིན་དུ་དེས་ས་ཇི་སྲིད་བགྲོད་པར་བྱ་བ་དང་སོན་པར་བྱ་བ་དེར་མི་བུལ་བར་མྱུར་བ་མྱུར་བར་འགྲོ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། །།སྡོམ་ནི། ངོ་མཚར་ངོ་མཚར་མ་ཡིན་དང༌། །སྙོམས་པའི་སེམས་དང་ཕན་འདོགས་དང༌། །ལན་དུ་ཕན་འདོགས་དེ་བཞིན་སྨོན། །སྦྱོར་བ་འབྲས་བུ་ཡོད་པ་ཉིད། །ལྔ་པོ་འདི་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཐེག་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། རྒྱུ་མེད་པར་སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པ་དང༌། སེམས་ཅན་རྣམས་ཁོ་ནའི་དོན་དུ་འཁོར་བ་ན་སྡུག་བསྔལ་དཔག་ཏུ་མེད་པས་མི་མཇེད་པ་དང༌། སེམས་ཅན་ཉོན་མོངས་པ་ཤས་ཆེ་ཞིང་གདུལ་དཀའ་བ་རྣམས་ཀྱི་གདུལ་བའི་ཐབས་ཤེས་པ་དང༌། མཆོག་ཏུ་རྟོགས་པར་དཀའ་བའི་དེ་ཁོ་ནའི་དོན་ལ་འཇུག་པ་དང༌། མཐུ་བསམ་གྱིས་མི་ཁྱབ་པ་སྟེ། ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཏེ། དེ་ལས་གཞན་པའི་སེམས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་པའོ། །ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ངོ་མཚར་མ་ཡིན་ལ་གང་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་ངོ་མཚར་རྨད་དུ་བྱུང་བའི་ཆོས་དང་ལྡན་པ་ཞེས་བྱ་སྟེ། ལྔ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་གཞན་ལ་ཕན་པའི་རྒྱུ་ལས་བྱུང་བའི་སྡུག་བསྔལ་གྱི་བདེ་བའི་བདག་ཉིད་ཁོ་ནར་གྱུར་ནས་གཞན་ལ་ཕན་པའི་རྒྱུ་ལས་བྱུང་བའི་སྡུག་བསྔལ་ཟད་པར་ཉམས་སུ་ལེན་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་


DTG129_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མཚར་མ་ཡིན་པ་དང་པོ་སྟེ། དེ་དང་ལྡན་ན་བྱང་ཆུབ་སེམས་དཔའ་ངོ་མཚར་རྨད་དུ་བྱུང་བའི་ཆོས་དང་ལྡན་པ་ཞེས་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་འཁོར་བའི་ཉེས་པ་ཤེས་ཤིང་མྱ་ངན་ལས་འདས་པའི་ཡོན་ཏན་ཡང་ཤེས་བཞིན་དུ། སེམས་ཅན་ཡོངས་སུ་དག་པར་དགའ་ཞིང༌། དེ་ཉིད་ཀྱིས་བདེ་བའི་བདག་ཉིད་དུ་འགྱུར་ཏེ། སེམས་ཅན་ཡོངས་སུ་དག་པར་བྱ་བ་ཁོ་ནའི་དབང་དུ་བྱས་ནས་འཁོར་བ་ཉམས་སུ་ལེན་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་ངོ་མཚར་མ་ཡིན་པ་གཉིས་ཏེ་སྔ་མ་བཞིན་ནོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་མི་སྨྲ་བའི་ཚུལ་གྱིས་བདེ་བའི་ཉམས་ཤེས་བཞིན་དུ་སེམས་ཅན་ཡོངས་སུ་དག་པར་དགའ་ཞིང་དེ་ཉིད་ཀྱིས་བདེ་བའི་བདག་ཉིད་དུ་འགྱུར་ཏེ། སེམས་ཅན་ཡོངས་སུ་དག་པར་བྱ་བ་ཁོ་ནའི་དབང་དུ་བྱས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་པར་སྦྱོར་བར་བྱེད་དེ། དེ་ནི་བྱང་ཆུབ་སེམས་དཔའི་ངོ་མཚར་མ་ཡིན་པ་གསུམ་པ་སྟེ། སྔ་མ་བཞིན་ནོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཡོངས་སུ་དག་པར་དགའ་ཞིང༌། དེ་ཉིད་ཀྱིས་དགའ་བའི་བདག་ཉིད་དུ་འགྱུར་ཏེ། སེམས་ཅན་ཡོངས་སུ་དག་པར་བྱ་བ་ཁོ་ནའི་དབང་དུ་བྱས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་བསགས་པའི་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ལ་བསམ་པ་ཐག་པ་ནས་ཡང་དག་པར་གཏོང་ལ། ཡང་དག་པར་གཏང་བ་དེའི་རྣམ་པར་སྨིན་པ་ཡང་མི་འདོད་དེ། དེ་ནི་བྱང་ཆུབ་སེམས་དཔའི་ངོ་མཚར་མ་ཡིན་པ་བཞིན་པ་སྟེ། སྔ་མ་བཞིན་ནོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་གཞན་གྱི་བྱ་བ་བདག་གི་བྱ་བ་ཉིད་དུ་བྱེད་ཅིང་གཞན་གྱི་བྱ་བའི་དོན་བྱེད་པ་ཐམས་ཅད་སྣང་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་ངོ་མཚར་མ་ཡིན་པ་ལྔ་པ་སྟེ། དེ་དང་ལྡན་ན་བྱང་ཆུབ་སེམས་དཔའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་དང་ལྡན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ནི་རྣམ་པ་ལྔས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྨོན་ལམ་གྱིས་འགྱུར་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ལ་སྙོམས་པར་སེམས་དེ་བསྐྱེད་པ་ཡིན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་སྙིང་


DTG129_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེ་བ་དང་ལྡན་པའི་སེམས་ཀྱིས་སེམས་སྙོམས་པ་ཡིན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་སྡུག་པ་དང་ལྡན་པའི་སེམས་ཀྱིས་སེམས་སྙོམས་པ་ཡིན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་འདུ་བྱེད་རྣམས་ལ་སེམས་ཅན་ཞེས་བྱ་བར་རིག་ནས་སེམས་ཅན་གཅིག་གི་ཆོས་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་ཀྱི་ཡིན་ནོ་ཞེས་ཆོས་མཉམ་པ་ཉིད་དང་ལྡན་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པར་གནས་པ་ཡིན། ཇི་ལྟར་སེམས་ཅན་གཅིག་གི་དོན་ཀུན་དུ་སྤྱོད་པ་བཞིན་དུ་ཐམས་ཅད་ལ་ཡང་དེ་དང་འདྲ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་དོན་བྱེད་པ་དང་ལྡན་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པར་གནས་ཏེ། རྣམ་པ་ལྔ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སེམས་སྙོམས་པ་ཡིན་ནོ། །སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕན་འདོགས་པའི་བྱ་བ་ཐམས་ཅད་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། ཡང་དག་པའི་འཚོ་བ་སྟོན་པར་སྒྲུབ་པ་དང༌། དོན་དང་ལྡན་པའི་བྱ་བ་མི་མཐུན་པ་དག་ལ་མཐུན་པ་སྟོན་པར་སྒྲུབ་པ་དང༌། མགོན་མེད་པ་སྡུག་བསྔལ་བ་བཀྲེན་པ། རྟེན་མེད་པ་རྣམས་ལ་མགོན་ཡོད་པར་བྱེད་པ་དང༌། བདེ་འགྲོར་འགྲོ་བའི་ལམ་སྟོན་པར་སྒྲུབ་པ་དང༌། ཐེག་པ་གསུམ་སྟོན་པར་སྒྲུབ་པ་སྟེ། སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕན་འདོགས་པའི་བྱ་བ་ནི་ལྔ་པོ་དེ་དག་ཡིན་པར་རིག་པར་བྱའོ། །རྣམ་པ་ལྔས་སེམས་ཅན་དག་བྱང་ཆུབ་སེམས་དཔའ་ཕན་འདོགས་འདོགས་པ་ལ་ལན་དུ་ཕན་འདོགས་པར་ཉེ་བར་གནས་པ་ཡིན་ཏེ། རྣམ་པ་ལྔ་གང་ཞེ་ན། བདག་ཉིད་ཡོན་ཏན་རྣམས་དང་ཡང་དག་པར་སྦྱོར་བ་དང༌། གཞན་གྱི་ཡོན་ཏན་བསྐྱེད་པ་ལ་སྦྱོར་བ་དང༌། སེམས་ཅན་མགོན་མེད་པ་སྡུག་བསྔལ་བ་བཀྲེན་པ་རྟེན་མེད་པ་རྣམས་ལ་སྟོང་བར་བྱེད་པ་དང༌། དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱེད་པ་དང༌། དེ་བཞིན་གཤེགས་པས་གསུངས་པའི་ཆོས་ཁ་ཏོན་དུ་བྱེད་པ་དང༌། འདྲིར་བཅུག་སྟེ། འཆང་ཞིང་དེ་ལ་མཆོད་པ་བྱེད་པའོ། །ལྔ་པོ་འདི་དག་ནི་བྱང་ཆུབ་པའོ། །ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔས་རྟག་ཏུ་སྨོན་པར་བྱ་བ་


DTG129_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། ལྔ་གང་ཞེ་ན། སངས་རྒྱས་འབྱུང་བ་མཉེས་པར་བྱ་བ་དང༌། སངས་རྒྱས་དེ་དག་ཉིད་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་མ་ཉན་པ་དང༌། རྣམ་པ་ཐམས་ཅད་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་མཐུ་ཡོད་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བ་དང༌། བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང༌། ཉན་ཐོས་དང་མཐུན་པར་འགྱུར་བའོ། །བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་དོན་བྱ་བའི་སྦྱོར་བ་ནི་རྣམས་ལ་དོན་བྱ་བའི་སྦྱོར་བ་ནི་རྣམ་པ་ལྔས་འབྲས་བུ་ཡོད་པར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི། ཐོག་མ་ཁོ་ནར་སེམས་ཅན་རྣམས་ལ་ཕན་པ་དང༌། བདེ་བར་འདོད་པ་ཡིན། ཕན་པ་དང་བདེ་བ་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཡིན། བློ་ཕྱིན་ཅི་མ་ལོག་པ་ཡིན་ཏེ། འདི་ལྟ་སྟེ་མཆོད་པ་དང༌། བརྟེན་པ་དང༌། ཚད་མེད་པའི་ལེའུ་ལས་སྔར་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱའོ།། །།སྡོམ་ནི། ཡང་དག་སྦྱོར་དང་འབྲི་བ་དང༌། །དེ་བཞིན་ཁྱད་པར་འགྲོ་བ་དང༌། །ཡོན་ཏན་འདྲ་བར་བཅོས་རྣམས་དང༌། །ཡང་དག་རྣམས་དང་དེ་བཞིན་འདུལ། །བྱང་ཆུབ་སེམས་དཔའི་ཡང་དག་པའི་སྦྱོར་བ་ཐམས་ཅད་ནི། སྦྱོར་བ་རྣམ་པ་ལྔས་བསྡུས་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། རྗེས་སུ་བསྲུང་བའི་སྦྱོར་བ་དང༌། ཁ་ན་མ་ཐོ་བ་མེད་པའི་སྦྱོར་བ་དང༌། །སོ་སོར་རྟོག་པའི་སྟོབས་ཀྱི་སྦྱོར་བ་དང༌། །ལྷག་པའི་བསམ་པ་དག་པའི་སྦྱོར་བ་དང༌། །ངེས་པར་འགྱུར་བའི་སྦྱོར་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་རྗེས་སུ་བསྲུང་བའི་སྦྱོར་པས་ཡིད་གཞུངས་པ་བསྲུང་སྟེ། ལྷན་ཅིག་སྐྱེས་པའི་ཤེས་པ་དེས་ཆོས་རྣམས་མྱུར་བ་མྱུར་བར་ཁོ་ནར་འཛིན་ཏོ། །དྲན་པ་སྲུང་སྟེ་དྲན་པ་དེས་ནི་བླངས་པའི་ཆོས་རྣམས་འཛིན་པར་བྱེད་དོ། །ཤེས་པ་སྲུང་སྟེ་ཤེས་པ་དེས་ནི་གཟུང་བའི་ཆོས་རྣམས་ཀྱི་དོན་ལ་ཉེ་བར་རྟོག་གོ ། ཡང་དག་པའི་ཤེས་པ་སྲུང་སྟེ། དེ་ནི་ཡིད་གཞུངས་པ་དང༌། དྲན་པ་དང་བློ་འགྲིབ་པ་དང༌། མཐུན་པའི་གཞི་ཡོངས་སུ་སྤང་བ་དང༌། གནས་པ་དང༌། འཕེལ་བ་དང་མཐུན་པའི་གཞི་སོ་སོར་བརྟེན་པས་སོ་སོར་རྟོགས་པར་འགྱུར་རོ། །དབང་པོ་རྣམས་ཀྱི་སྒོ་བསྡམས་པ་ནི་རང་གི་སེམས་ཀུན་དུ་


DTG129_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་ངོ༌། །ལེགས་པར་གཞན་གྱི་སེམས་དང་མཐུན་པར་འཇུག་པ་ནི་གཞན་གྱི་སེམས་ཀུན་དུ་བསྲུང་ངོ༌། །དེ་ལ་བྱང་ཆུབ་སེམས་དཔའི་ཁ་ན་མ་ཐོ་བ་མེད་པའི་སྦྱོར་བ་ནི། དགེ་བའི་ཆོས་རྣམས་ལ་ཕྱིན་ཅི་མ་ལོག་པ་དང༌། འབར་བ་ལྟ་བུ་དང༌། ཚད་མེད་པ་དང༌། རྟག་པ་དང༌། བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའོ། །སོ་སོར་རྟོག་པའི་སྟོབས་ཀྱི་སྦྱོར་བ་ནི་མོས་པས་སྤྱོད་པའི་ས་སྟེ་ཐམས་ཅད་ལས་བལྟ་བར་བྱའོ། །ལྷག་པའི་བསམ་པ་དག་པའི་སྦྱོར་བ་ནི། ལྷག་པའི་བསམ་པའི་ས་དང༌། སྦྱོར་བ་སྒྲུབ་པའི་ས་ལས་བལྟ་བར་བྱའོ། །ངེས་པར་གྱུར་པའི་སྦྱོར་བ་ནི། ངེས་པའི་ས་དང༌། སྤྱོད་པ་ངེས་པའི་ས་དང༌། མཐར་ཐུག་པར་འགྲོ་བའི་ས་ལས་བལྟ་བར་བྱ་སྟེ། དེ་ལྟར་ན་སྦྱོར་བ་ལྔ་པོ་འདི་དག་གིས་བྱང་ཆུབ་སེམས་དཔའི་ཡང་དག་པའི་སྦྱོར་བ་ཐམས་ཅད་བསྡུས་སོ། །ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་འབྲི་བ་དང་མཐུན་པའི་ཆོས་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། ཆོས་དང་ཆོས་སྨྲ་བ་ལ་མ་གུས་པ་དང༌། བག་མེད་པ་དང༌། ལེ་ལོ་དང༌། ཉོན་མོངས་པ་ལ་སྟེན་པ་དང་དུ་ལེན་པ་དང༌། ཉེས་པར་སྤྱོད་པ་ལ་སྟེན་པ་དང་དུ་ལེན་པ་དང༌། དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་རྣམས་དང་དཔོག་པར་བྱེད་ཅིང་མངོན་པའི་ང་རྒྱལ་བྱེད་པ་དང༌། ཆོས་ལ་ཕྱིན་ཅི་ལོག་ཏུ་མངོན་པའི་ང་རྒྱལ་བྱེད་པའོ། །ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ཆོས་རྣམས་ཁྱད་པར་དུ་འགྲོ་བ་དང་མཐུན་པ་ཡིན་པར་རིག་པར་བྱ་སྟེ། དེ་དག་ཀྱང་ནག་པོའི་ཕྱོགས་ལྔ་པོ་དེ་དག་ཉིད་ལས་གོ་རིམས་བཞིན་དུ་བཟློག་པ་ཡིན་པར་རིག་པར་བྱའོ། །ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་ལྟར་བཅོས་པའི་བྱང་ཆུབ་སེམས་དཔའི་སྐྱོན་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། སེམས་ཅན་མ་རུངས་པ་ཚུལ་ཁྲིམས་འཆལ་པ་དག་ལ་གཞི་དེས་གནོད་པ་བྱེད་པ་དང༌། ཚུལ་འཆོས་ཤིང་སྤྱོད་ལམ་ཕུན་སུམ་ཚོགས་པར་བྱེད་པ་དང༌། འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་རྣམས་དང༌། མུ་སྟེགས་ཅན་གྱི་བསྟན་བཅོས་དང་ལྡན་པ་དག་གིས་ཤེས་ཀྱི་ཁེ་ཐོབ་ཅིང༌། མཁས་པའི་གྲངས་སུ་ཆུད་པར་བྱེད་པ་དང༌། ཁ་ན་མ་ཐོ་བ་དང་བཅས་པའི་སྦྱིན་པ་ལ་སོགས་པའི་དགེ་བ་ལ་ལྷག་པར་སྤྱོད་པ་དང༌། དམ་པའི་ཆོས་ལྟར་བཅོས་པ་རྣམས་ལ་སྲེད་ཅིང་སྟོན་ལ་རྣམ་པར་འཇོག་པའོ། །ལྔ་པོ་འདི་དག་ནི་


DTG129_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་ཡང་དག་པའི་ཡོན་ཏན་དུ་རིག་པར་བྱ་སྟེ། ལྔ་གང་ཞེ་ན། སེམས་ཅན་མ་རུངས་པ་ཚུལ་ཁྲིམས་འཆལ་པ་རྣམས་ལ་ལྷག་པར་སྙིང་རྗེ་བའི་སེམས་དང༌། རང་བཞིན་གྱིས་སྤྱོད་ལམ་ཕུན་སུམ་ཚོགས་པ་དང༌། དེ་བཞིན་གཤེགས་པས་གསུངས་པའི་ལུང་ཁོང་དུ་ཆུད་པས་ཤེས་ཀྱི་ཁེ་འཐོབ་ཅིང་མཁས་པའི་གྲངས་སུ་ཆུད་པ་དང༌། ཁ་ན་མ་ཐོ་བ་མེད་པའི་སྦྱིན་པ་ལ་སོགས་པའི་དགེ་བ་བྱེད་པ་དང་དམ་པའི་ཆོས་སྟོན་ཅིང་དམ་པའི་ཆོས་ལྟར་བཅོས་པ་རྣམས་སྤོང་བའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་མདོར་ན་འདུལ་བའི་སྐྱེ་བོ་རྣམས་གནས་བཅུར་ལེགས་པ་ཁོ་ནར་འདུལ་བར་བྱེད་དེ། བཅུ་གང་ཞེ་ན། ཉེས་པར་སྤྱོད་པ་ལས་དབེན་པ་དང༌། འདོད་པ་ལས་དབེན་པ་དང༌། ཉེས་པར་མི་སྤྱོད་ཅིང་འབྱུང་བར་བྱེད་པ་དང༌། དབང་པོ་རྣམས་ཀྱི་སྒོ་བསྡམས་པ་དང༌། ཤེས་བཞིན་དུ་གནས་པ་དང༌། འདུལ་འཛི་དབེན་པ་དང༌། རབ་ཏུ་བདེན་པར་གྱུར་ནས་རྟོགས་པ་ངན་པ་ལས་དབེན་པ་དང༌། སྒྲིབ་པ་ལས་དབེན་པ་དང༌། ཉོན་མོངས་པའི་ཀུན་ནས་དཀྲིས་པ་ལས་དབེན་པ་དང༌། ཉོན་མོངས་པའི་ཕྱོགས་ཀྱི་གནས་ངན་ལེན་ལས་དབེན་པའོ།། །།བམ་མོ་བཅུ་དྲུག་པ། སྡོམ་ནི། ལུང་བསྟན་པར་དང་ངེས་པར་ཞུགས། །ངེས་པ་ཁོ་ནར་བྱ་བ་དང༌།། རྟག་པར་ཡང་ནི་བྱ་བ་དང༌། །གཙོ་བོར་བྱ་བ་ཐ་མ་ཡིན། །དེ་བཞིན་གཤེགས་པ་རྣམས་ནི་མདོར་བསྡུ་ན། རྣམ་པ་དྲུག་གིས་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དེ། དྲུག་གང་ཞེ་ན། རིགས་ལ་གནས་ལ་སེམས་མ་བསྐྱེད་པ་དང༌། དེ་བཞིན་དུ་སེམས་བསྐྱེད་པ་དང༌། མངོན་སུམ་དུ་འདུག་པ་དང༌། ལྐོག་ན་འདུག་པ་དང༌། དུས་དཔག་ཏུ་རུང་བ་ལ་དུས་དེ་སྲིད་ཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་དང༌། དུས་དཔག་ཏུ་མི་རུང་བ་ལ་ཡང་ལུང་སྟོན་ཏེ། དུས་ངེས་པར་ནི་མི་མཛད་དོ། །བྱང་ཆུབ་སེམས་དཔའི་ངེས་པར་ཞུགས་པ་ནི་རྣམ་པ་གསུམ་སྟེ། གསུམ་གང་ཞེ་ན། བྱང་ཆུབ་སེམས་དཔའི་རིགས་ལ་གནས་པ་ཉིད་ལ་ངེས་པར་ཞུགས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་རྐྱེན་དང་ཕྲད་ན་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་


DTG129_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་འཚང་རྒྱ་བའི་སྐལ་བ་ཅན་ཡིན་པའི་ཕྱིར་རོ། །ཡང་བྱང་ཆུབ་སེམས་དཔའ་ལ་ལ་ནི། བླ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་སེམས་བསྐྱེད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པྲ་རྫོགས་པར་སངས་རྒྱས་ཀྱི་བར་དུ་དེ་ལས་ཕྱིར་ལྡོག་པར་མི་འགྱུར་རོ། །ཡང་བྱང་ཆུབ་སེམས་དཔའ་དབང་ཐོབ་པ་ནི། སེམས་ཅན་གྱི་དོན་སྤྱོད་པ་ཐམས་ཅད་ལ་ཇི་ལྟར་འདོད་པ་དང༌། ཇི་ལྟར་བརྩོན་པ་དེ་བཞིན་དུ་འབྲས་བུ་ཡོད་པར་བྱེད་དོ། །ངེས་པར་ཞུགས་པ་གསུམ་པོ་དེ་དག་གི་རིགས་ལ་གནས་པའི་ངེས་པར་ཞུགས་པ་དང༌། སེམས་བསྐྱེད་པའི་ངེས་པར་ཞུགས་པ་དང༌། སྤྱོད་པ་འབྲས་བུ་ཡོད་པའི་ངེས་པར་ཞུགས་པའོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ནི་ངེས་པར་ཞུགས་པ་ཐ་མ་ལས་བརྩམས་ཏེ། ངེས་པར་ཞུགས་པར་བྱང་ཆུབ་སེམས་དཔའ་ལུང་སྟོན་པས་ལུང་སྟོན་པར་མཛད་དོ། །བྱང་ཆུབ་སེམས་དཔའི་ངེས་པར་བྱ་བ་ནི་ལྔ་པོ་འདི་དག་ཡིན་ཏེ། དེ་དག་མ་བྱས་ན་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་བ་མེད་པར་འགྱུར་ཏེ། ལྔ་གང་ཞེ་ན། དང་པོ་སེམས་བསྐྱེད་པ་དང༌། སེམས་ཅན་རྣམས་ལ་སྙིང་བརྩེ་བ་དང༌། བརྩོན་འགྲུས་འབར་བ་དང༌། རིག་པའི་གནས་ཐམས་ཅད་ལ་སྦྱོར་བ་དང༌། སྐྱོ་བ་མེད་དེ། བྱང་ཆུབ་སེམས་དཔའི་རྟག་པར་བྱ་བའི་གནས་ནི་ལྔ་པོ་འདི་དག་ཡིན་ཏེ། ལྔ་གང་ཞེ་ན། བྱང་ཆུབ་སེམས་དཔའི་རྟག་པར་བྱ་བ་ནི་བག་ཡོད་པ་དང༌། སེམས་ཅན་མགོན་མེད་པ་རྣམས་དང༌། སྡུག་བསྔལ་བ་རྣམས་དང༌། རྟེན་མེད་པ་རྣམས་ལ་བཏང་བར་བྱ་བ་དང༌། དེ་བཞིན་གཤེགས་པ་ལ་མཆོད་པ་དང༌། འཁྲུལ་པ་ཡོངས་སུ་ཤེས་པ་དང༌། བྱ་བ་དང༌། སྤྱོད་པ་དང༌། གནས་པ་དང༌། ཡིད་ལ་བྱེད་པ་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བ་ནི་བྱང་ཆུབ་སེམས་དཔའི་རྟག་པར་བྱ་བ་ལྔ་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཙོ་བོར་འདོད་པ་ནི་ཆོས་བཅུ་པོ་འདི་དག་ཡིན་ཏེ། དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་ཏུ་འཛིན་ཅིང༌། མཆོག་ཏུ་འདོགས་པ་རྣམས་ལ་འདོགས་པར་བྱེད་པ་སྟེ། བཅུ་གང་ཞེ་ན། བྱང་ཆུབ་སེམས་དཔའི་རིགས་ནི་རིགས་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་དང༌། དང་པོ་སེམས་བསྐྱེད་པ་ནི་ཡང་དག་པའི་སྨོན་ལམ་ཐམས་ཅད་ཀྱི་གཙོ་བོ་


DTG129_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དང༌། བརྩོན་འགྲུས་དང་ཤེས་རབ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་དང༌། སྙན་པར་སྨྲ་བ་ནི་བསྡུ་བའི་དངོས་པོ་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་དང༌། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་དང༌། སྙིང་རྗེ་ནི་ཚད་མེད་པ་རྣམས་ཀྱི་གཙོ་བོ་ཡིན་པ་དང༌། བསམ་གཏན་བཞི་པ་ནི་བསམ་གཏན་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་དང༌། ཏིང་ངེ་འཛིན་གསུམ་གྱི་ནང་ན་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གཙོ་བོ་ཡིན་པ་དང༌། སྙོམས་པར་འཇུག་པ་ཐམས་ཅད་ཀྱི་ནང་ན་ནི་འགོག་པའི་སྙོམས་པར་འཇུག་པ་གཙོ་བོ་ཡིན་པ་དང༌། ཐབས་ལ་མཁས་པ་ཐམས་ཅད་ཀྱི་ནང་ན་ནི་ཇི་སྐད་བསྟན་པའི་ཐབས་ལ་མཁས་པ་རྣམ་པར་དག་པ་གཙོ་བོ་ཡིན་པའོ།། །།སྡོམ་ནི། གདགས་པ་རྣམ་པར་གཞག་པ་དང༌། །དེ་བཞིན་ཆོས་རྣམས་ཚོལ་བ་དང༌། །ཡང་དག་ཇི་བཞིན་ཡོངས་སུ་ཤེས། །དེ་བཞིན་དཔག་ཏུ་མེད་པ་དང༌། །བསྟན་པ་ཡི་ནི་འབྲས་བུ་དང། །ཚེ་དང་ཐེག་པ་བསྡུ་བ་དང༌། །བྱང་ཆུབ་སེམས་དཔའ་བཅུར་ཤེས་བྱ། །མིང་དང་གདགས་པ་དེ་བཞིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་གདགས་པ་རྣམ་པར་གཞག་པ་ནི་བཞི་པོ་འདི་དག་ཡིན་ཏེ། དེ་དག་ནི་བྱང་ཆུབ་སེམས་དཔའམ། དེ་བཞིན་གཤེགས་པ་ཁོ་ན་ཡང་དག་པར་འདོགས་ཤིང༌། རྣམ་པར་འཇོག་པར་མཛད་ཀྱི། ལྷར་གྱུར་པའམ། མིར་གྱུར་པའམ། དགེ་སྦྱོང་དང༌། བྲམ་ཟེར་གྱུར་པ་གཞན་དག་གང་གིས་ཀྱང་མི་ནུས་ཏེ། དེ་དག་ཉིད་ལས་ཐོས་པ་ནི་མ་གཏོགས་སོ། །བཞི་གང་ཞེ་ན། ཆོས་གདགས་པ་རྣམ་པར་གཞག་པ་དང༌། བདེན་པ་གདགས་པ་རྣམ་པར་གཞག་པ་དང༌། རིག་པ་གདགས་པ་རྣམ་པར་གཞག་པ་དང༌། ཐེག་པ་གདགས་པ་རྣམ་པར་གཞག་པའོ། །དེ་ལ་མདོའི་སྡེ་ལ་སོགས་པ་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་པོ་གོ་རིམས་བཞིན་དུ་སྦྱོར་བ་དང༌། གོ་རིམས་བཞིན་དུ་རྣམ་པར་གཞག་ཅིང་བསྡེབས་པ་གང་ཡིན་པ་འདི་ནི་ཆོས་གདགས་པ་རྣམ་པར་གཞག་པའོ། །བདེན་པ་གདགས་པ་རྣམ་པར་གཞག་པ་ནི་རྣམ་པར་དུ་མར་ཡོད་དེ། ཕྱིན་ཅི་མ་ལོག་པའི་དོན་གྱིས་ནི་བདེན་པ་གཅིག་ཁོ་ན་སྟེ་གཉིས་སུ་མེད་དོ། །བདེན་པ་རྣམ་པ་གཉིས་ནི་ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པའི་བདེན་པའོ། །བདེན་པ་རྣམ་


DTG129_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་ནི། མཚན་ཉིད་ཀྱི་བདེན་པ་དང༌། ངག་གི་བདེན་པ་དང༌། བྱ་བའི་བདེན་པའོ། །བདེན་པ་རྣམ་པ་བཞི་ནི། སྡུ་བསྔལ་གྱི་བདེན་པ་ནས། ལམ་གྱི་བདེན་པའི་བར་དག་གོ །བདེན་པ་རྣམ་པ་ལྔ་ནི་རྒྱུའི་བདེན་པ་དང༌། འབྲས་བུའི་བདེན་པ་དང༌། ཤེས་པའི་བདེན་པ་དང༌། ཤེས་བྱའི་བདེན་པ་དང༌། མཆོག་གི་བདེན་པའོ། །བདེན་པ་རྣམ་པ་དྲུག་ནི། བདེན་པའི་བདེན་པ་དང༌། བརྫུན་པའི་བདེན་པ་དང༌། ཡོངས་སུ་ཤེས་པར་བྱ་བའི་བདེན་པ་དང༌། སྤང་བར་བྱ་བའི་བདེན་པ་དང༌། མངོན་སུམ་དུ་བྱ་བའི་བདེན་པ་དང༌། བསྒོམ་པར་བྱ་བའི་བདེན་པའོ། །བདེན་པ་རྣམ་པ་བདུན་ནི་རོ་མྱོང་བའི་བདེན་པ་དང༌། ཉེས་དམིགས་ཀྱི་བདེན་པ་དང༌། ངེས་པར་འབྱུང་བའི་བདེན་པ་དང༌། ཆོས་ཉིད་ཀྱི་བདེན་པ་དང༌། མོས་པའི་བདེན་པ་དང༌། འཕགས་པ་རྣམས་ཀྱི་བདེན་པ་དང༌། འཕགས་པ་མ་ཡིན་པ་རྣམས་ཀྱི་བདེན་པའོ། །བདེན་པ་རྣམ་པ་བརྒྱད་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱི་བདེན་པ་དང༌། འགྱུར་བའི་སྡུག་བསྔལ་གྱི་བདེན་པ་དང༌། སྡུག་བསྔལ་གྱི་སྡུག་བསྔལ་གྱི་བདེན་པ་དང༌། འཇུག་པའི་བདེན་པ་དང༌། ལྡོག་པའི་བདེན་པ་དང༌། ཀུན་ནས་ཉོན་མོངས་པའི་བདེན་པ་དང༌། རྣམ་པར་བྱང་བའི་བདེན་པ་དང༌། ཡང་དག་པའི་སྦྱོར་བའི་བདེན་པའོ། །བདེན་པ་རྣམ་པ་དགུ་ནི། མི་རྟག་པའི་བདེན་པ་དང༌། སྡུག་བསྔལ་བའི་བདེན་པ་དང༌། སྟོང་པའི་བདེན་པ་དང༌། བདག་མེད་པའི་བདེན་པའི་དང༌། འབྱུང་བ་སྲེད་པའི་བདེན་པ་དང༌། དེ་སྤང་བའི་ཐབས་ཀྱི་བདེན་པ་དང༌། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་བདེན་པ་དང༌། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་བདེན་པའོ། །བདེན་པ་རྣམ་པ་བཅུ་ནི། གནོད་པ་ལས་བྱུང་བའི་སྡུག་བསྔལ་གྱི་བདེན་པ་དང༌། ལོང་སྤྱོད་དང་མི་ལྡན་པའི་སྡུག་བསྔལ་གྱི་བདེན་པ་དང༌། ཁམས་མ་སྙོམས་པའི་སྡུག་བསྔལ་གྱི་བདེན་པ་དང༌། སྡུག་པ་འགྱུར་བའི་སྡུག་བསྔལ་གྱི་བདེན་པ་དང༌། གནས་ངན་ལེན་གྱི་སྡུག་བསྔལ་པ་དང༌། ལས་ཀྱི་བདེན་པ་དང༌། ཉོན་མོངས་པའི་བདེན་པ་དང༌། དེ་བཞིན་དུ་ཐོས་པ་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བདེན་པ་དང༌། ཡང་དག་པའི་ལྟ་བའི་བདེན་པ་དང༌། ཡང་དག་པའི་ལྟ་བའི་འབྲས་བུའི་བདེན་


DTG129_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་གདགས་པ་རྣམ་པར་གཞག་པ་ཞེས་བྱའོ། །དེའི་རྣམ་པར་དབྱེ་བ་ནི་ཚད་མེད་པར་རིག་པར་བྱའོ། །རིག་པ་བཞི་ནི། རིག་པ་གདགས་པ་རྣམ་པར་གཞག་པ་ཞེས་བྱ་སྟེ། དེ་དག་གི་རབ་ཏུ་དབྱེ་བ་ཡང་སྔ་མ་བཞིན་དུ་རིག་པར་བྱའོ། །ཐེག་པ་གསུམ་པོ་དག་ལས། ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང༌། ཐེག་པ་ཆེན་པོ་དག་ནི་རེ་རེ་ཡང་རྣམ་པ་བདུན་བདུན་གྱིས་གདགས་པ་རྣམ་པར་གཞག་པ་ནི་ཐེག་པ་གདགས་པ་རྣམ་པར་གཞག་པ་ཞེས་བྱའོ། །འཕགས་པའི་བདེན་པ་བཞི་པོ་དག་ལས་ཤེས་རབ་གང་ཡིན་པ་དང༌། ཤེས་རབ་དེ་ཉིད་ཀྱི་རྟེན་དང༌། དམིགས་པ་དང༌། གྲོགས་དང༌། ལས་དང༌། ཚོགས་གང་ཡིན་པ་དང༌། ཤེས་རབ་དེ་ཉིད་ཀྱི་འབྲས་བུ་གང་ཡིན་པ་སྟེ། རྣམ་པ་བདུན་པོ་འདི་མཐའ་དག་གིས་ཉན་ཐོས་ཀྱི་ཐེག་པ་གདགས་པ་རྣམ་པར་གཞག་པར་རིག་པར་བྱའོ། །འཕགས་པའི་བདེན་པ་བཞི་པོ་དག་ཐོས་ཀྱི་ཐེག་པ་གདགས་པ་རྣམ་པར་གཞག་པ་ཇི་ལྟ་བ་བཞིན་དུ་རང་སངས་རྒྱས་ཀྱི་ཐེག་པ་གདགས་པ་རྣམ་པར་གཞག་པ་ཡང་དེ་དང་འདྲའོ། །བརྗོད་དུ་མེད་པའི་དངོས་པོ་ལ་དམིགས་པར་བྱས་ནས། ཆོས་ཐམས་ཅད་ལ་དེ་བཞིན་ཉིད་རྣམ་པར་མི་རྟོག་པ་མཉམ་པ་ཉིད་ལས་བྱུང་བའི་ཤེས་རབ་གང་ཡིན་པ་དང༌། ཤེས་རབ་དེ་ཉིད་ཀྱི་རྟེན་དང༌། དམིགས་པ་དང༌། གྲོགས་དང༌། ལས་དང་ཚོགས་གང་ཡིན་པ་དང༌། ཤེས་རབ་དེ་ཉིད་ཀྱི་འབྲས་བུ་གང་ཡིན་པ་དང༌། རྣམ་པ་བདུན་པོ་འདི་དག་གིས་ཐེག་པ་ཆེན་པོའི་གདགས་པ་རྣམ་པར་གཞག་པའང་རིག་པར་བྱའོ། །འདས་པ་དང༌། མ་འོངས་པ་དང། ད་ལྟར་བྱུང་བའི་དུས་དག་ན། བྱང་ཆུབ་སེམས་དཔའ་གང་ཡང་རུང་བ་དེ་དག་ཐམས་ཅད་ཀྱིས་དངོས་པོ་བཞི་པོ་འདི་དག་གིས་ཡང་དག་པར་གདགས་པ་རྣམ་པར་གཞག་པར་རིག་པར་བྱས་ཤིང་བྱེད་པར་འགྱུར་ལ་བྱེད་དེ། འདི་ལས་ལྷག་པ་ཡང་མེད་དོ། །འདི་ལས་གོང་ན་ཡང་མེད་དོ། །བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཡོངས་སུ་བཙལ་བའི་དངོས་པོ་ཡིན་ཏེ། མིང་ཡོངས་སུ་ཚོལ་བ་དང༌། དངོས་པོ་ཡོངས་སུ་ཚོལ་བ་དང༌། ངོ་བོ་ཉིད་དུའང་གདགས་པ་ཡོངས་སུ་ཚོལ་བ་དང༌། བྱེ་བྲག་ཏུ་


DTG129_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

གདགས་པ་ཡོངས་སུ་ཚོལ་བའོ། །འདི་རྣམས་ཀྱི་རྣམ་པར་དབྱེ་བ་ནི་འདི་ལྟ་སྟེ། དེ་ཁོ་ནའི་དོན་གྱི་ལེའུ་ལས་རིག་པར་བྱའོ། །བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་སྟེ། བཞི་གང་ཞེ་ན། མིང་ཡོངས་སུ་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང༌། དངོས་པོ་ཡོངས་སུ་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང༌། ངོ་བོ་ཉིད་དུ་གདགས་པ་ཡོངས་སུ་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང༌། བྱེ་བྲག་གདགས་པ་ཡོངས་སུ་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་སྟེ། འདི་དག་གི་རྣམ་པར་དབྱེ་བ་ཡང་སྔ་མ་བཞིན་དུ་འདི་ལྟ་སྟེ། དེ་ཁོ་ནའི་དོན་གྱི་ལེའུ་ལས་རིག་པར་བྱའོ། །དཔག་ཏུ་མེད་པ་ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐམས་ཅད་ལ་མཁས་པར་བྱེད་པར་འགྱུར་བ་སྟེ། ལྔ་གང་ཞེ་ན། སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་དང༌། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དང༌། ཆོས་ཀྱི་ཁམས་དཔག་ཏུ་མེད་པ་དང༌། འདུལ་བའི་ཁམས་དཔག་ཏུ་མེད་པ་དང༌། འདུལ་བའི་ཐབས་དཔག་ཏུ་མེད་པའོ། །དེ་ལ་སེམས་ཅན་གྱི་ཁམས་ནི་སེམས་ཅན་གྱི་རིགས་དྲུག་ཅུ་རྩ་བཞི་ནི། འདི་ལྟ་སྟེ། ཡིད་ཀྱིས་ལས་འབྱུང་བ་བཞིན་ཏེ། རྒྱུད་ཀྱི་བྱེ་བྲག་གིས་ནི་དཔག་ཏུ་མེད་པའོ། །འཇིག་རྟེན་གྱི་ཁམས་རྣམས་ནི་ཕྱོགས་བཅུ་དག་ཏུ་དཔག་ཏུ་མེད་ཅིང་མིང་ཡང་དཔག་ཏུ་མེད་དེ། དཔེར་ན་འདི་ནི་འཇིག་རྟེན་གྱི་ཁམས་མི་མཛད་དེ། དེའི་མིང་ལས་མི་མཇེད་ཀྱི་བདག་པོ་ཚངས་པ་ཞེས་བྱ་བ་བཞིན་ནོ། །དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་ཆོས་རྣམས་ནི་རབ་ཏུ་དབྱེ་བའི་ཚུལ་གྱིས་དཔག་ཏུ་མེད་པར་རིག་པར་བྱའོ། །སེམས་ཅན་ཐམས་ཅད་འདུལ་བ་ཡིན་པའི་ཕྱིར། འདུལ་བ་ནི་གཅིག་ཏུ་འགྱུར་རོ། །རྣམ་པ་གཉིས་ཀྱང་ཡོད་དེ། །མཐའ་དག་གིས་བཅིངས་པ་དང༌། མཐའ་དག་མ་ཡིན་པས་བཅིངས་པའོ། །རྣམ་པ་གསུམ་ཡང་ཡོད་དེ། དབང་པོ་རྟུལ་པོ་དང༌། དབང་པོ་འབྲིང་དང༌། དབང་པོ་རྣོན་པོའོ། །རྣམ་པ་བཞི་ནི། རྒྱལ་རིགས་དང༌། བྲམ་ཟེ་དང༌། རྗེའུ་རིགས་དང༌། དམངས་རིགས་སོ། །རྣམ་པ་ལྔ་ནི་འདོད་ཆགས་སྤྱོད་


DTG129_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང། ཞེ་སྡང་སྤྱོད་པ་དང༌། གཏི་མུག་སྤྱོད་པ་དང༌། ང་རྒྱལ་སྤྱོད་པ་དང༌། རྣམ་པར་རྟོག་པ་སྤྱོད་པའོ། །རྣམ་པ་དྲུག་ནི་ཁྱིམ་པ་དང༌། རབ་ཏུ་བྱུང་བ་དང༌། ཡོངས་སུ་མ་སྨིན་པ་དང༌། ཡོངས་སུ་སྨིན་པ་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་མ་གྲོལ་བའོ། །རྣམ་པ་བདུན་ནི་ཞེ་འགྲས་པ་དང༌། ཐ་མལ་པ་དང༌། སྤྲོས་པས་ཤེས་པ་དང༌། མགོ་གླེངས་པས་ཤེས་པ་དང༌། དེའི་མོད་ལ་འདུལ་བར་འགྱུར་བ་དང༌། ཕྱིས་འདུལ་བར་འགྱུར་བ་དང༌། རྐྱེན་ལས་གྱུར་པའི་འདུལ་བ་སྟེ། རྐྱེན་ཇི་ལྟ་བུ་དང་ཕྲད་པ་དེ་ལྟ་དེ་ལྟར་འགྱུར་བའོ། །རྣམ་པ་བརྒྱད་ནི་འཁོར་བརྒྱད་དེ། རྒྱལ་རིགས་ཀྱི་འཁོར་ལ་སོགས་པ་ནས། ཚངས་པའི་འཁོར་གྱི་བར་དག་གོ །རྣམ་པ་དགུ་ནི་དེ་བཞིན་གཤེགས་པས་འདུལ་བ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱིས་འདུལ་བ་དང༌། བྱང་ཆུབ་སེམས་དཔས་འདུལ་བ་དང༌། བསྒྲུབ་པར་དཀའ་བ་དང༌། བསྒྲུབ་པར་སླ་བ་དང༌། འཇམ་པོར་བསྒྲུབ་པར་བྱ་བ་དང༌། ཚར་གཅད་པས་བསྒྲུབ་པར་བྱ་བ་དང༌། རྒྱང་རིང་པོ་ནས་འདུལ་བ་དང༌། དྲུང་ནས་འདུལ་བའོ། །རྣམ་པ་བཅུ་ནི་སེམས་ཅན་དམྱལ་པ་དང༌། དུད་འགྲོའི་སྐྱེ་གནས་པ་དང༌། གཤིན་རྗེའི་འཇིག་རྟེན་པ་དང༌། འདོད་པ་ན་སྤྱོད་པའི་ལྷ་དང༌། མི་དང༌། བར་མ་དོའི་སྲིད་པ་དང༌། གཟུགས་ཅན་དང༌། གཟུགས་མེད་པ་དང༌། འདུ་ཤེས་ཅན་དང༌། འདུ་ཤེས་མེད་པ་དང༌། འདུ་ཤེས་ཅན་ཡང་མ་ཡིན། འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་ཏེ། འདི་ཡང་རྣམ་པའི་རབ་ཏུ་དབྱེ་བས་ནི་རྣམ་པ་ལྔ་བཅུ་རྩ་ལྔའོ། །རྒྱུད་ཀྱི་རབ་ཏུ་དབྱེ་བས་ནི་ཚད་མེད་པར་རིག་པར་བྱའོ། །དེ་ལ་སེམས་ཅན་གྱི་ཁམས་དང༌། འདུལ་བའི་ཁམས་ལ་ཐ་དད་དུ་དུ་བྱ་བ་ཅི་ཡོད་ཅེ་ན། རིགས་ལ་གནས་པ་དང༌། རིགས་ལ་གནས་པ་མ་ཡིན་པའི་སེམས་ཅན་ཐམས་ཅད་ནི་སེམས་ཅན་གྱི་ཁམས་སུ་བྱེ་བྲག་མེད་དོ། །རིགས་ལ་གནས་པ་གནས་སྐབས་དེ་དང་དེ་དག་ཏུ་གནས་པ་གང་དག་ཡིན་པ་དེ་ནི་འདུལ་བའི་ཁམས་ཞེས་བྱའོ། །འདུལ་བའི་ཐབས་ནི་སྔར་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ཡང་རྣམ་པར་དབྱེ་བས་དཔག་ཏུ་མེད་དེ། །དེ་དག་བསྡུས་ན་དཔག་ཏུ་མེད་པ་ལྔར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ན་བྱང་ཆུབ་སེམས་དཔའ་སེམས་ཅན་གང་དག་གི་དོན་ལ་སྦྱོར་བ་དེ་ནི།


DTG129_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པ་དང་པོའོ། །སེམས་ཅན་དེ་དག་གང་ལ་གནས་པ་ཡང་དམིགས་པ་དེ་ནི་དཔག་ཏུ་མེད་པ་གཉིས་པའོ། །སེམས་ཅན་དེ་དག་འཇིག་རྟེན་གྱི་ཁམས་དེ་དང་དེ་དག་ན་ཆོས་གང་དག་གིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག་པར་གྱུར་པ་དམིགས་པ་དེ་ནི་དཔག་ཏུ་མེད་པ་གསུམ་པའོ། །སེམས་ཅན་དེ་དག་གི་ནང་ནས་སེམས་ཅན་གང་དག་སྐལ་བ་དང་ལྡན་ཞིང༌། གཏན་དུ་སྡུག་བསྔལ་ལས་རྣམ་པར་ཐར་པར་བྱེད་ནུས་པར་མཐོང་བ་དེ་ནི་དཔག་ཏུ་མེད་པ་བཞི་པའོ། །སེམས་ཅན་དེ་དག་ཉིད་རྣམ་པར་ཐར་པར་བྱ་བའི་ཐབས་གང་ཡིན་པ་དེ་ནི་དཔག་ཏུ་མེད་པ་ལྔ་པའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཔག་ཏུ་མེད་པ་ལྔ་པོ་དེ་དག་ནི་ཐམས་ཅད་ལ་མཁས་པར་བྱེད་པར་འགྱུར་རོ། །ལྔ་པོ་འདི་དག་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་རྣམས་ལ་ཆོས་བསྟན་པའི་འབྲས་བུའི་ཕན་ཡོན་རྒྱ་ཆེ་བ་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། དེ་དག་ལས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་བསྟན་པ་དེ་ཉིད་ཀྱི་ཚེ། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེད་པར་འགྱུར་རོ། །དེ་དག་ལས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་བསྟན་པའི་མོད་ལ་ཟག་པ་ཟད་པ་ཐོབ་པར་འགྱུར་རོ། །དེ་དག་ལས་སེམས་ཅན་ཁ་ཅིག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་དོ། །དེ་དག་ལས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་ཐོས་པ་དེ་ཉིད་ཀྱི་མོད་ལ་བྱང་ཆུབ་སེམས་དཔའི་བཟོད་པ་མཆོག་ཐོབ་པར་འགྱུར་རོ། །སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དམ་པའི་ཆོས་བསྟན་པས། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པ་དང༌། ཡང་དག་པར་བསྒྲུབ་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚུལ་གྱིས། དམ་པའི་ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་པར་བྱེད་པར་འགྱུར་ཏེ། ལྔ་པོ་འདི་དག་ནི་བསྟན་པའི་འབྲས་བུའི་ཕན་ཡོན་རྒྱ་ཆེན་པོ་ཡིན་པར་རིག་པར་བྱའོ། །ཆེན་པོ་བདུན་པོ་འདི་དག་ནི་གང་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ལ་ཐེག་པ་ཆེན་པོ་ཞེས་བྱ་བར་འགྱུར་བ་སྟེ། བདུན་གང་ཞེ་ན། ཆོས་ཆེན་པོ་ནི་འདི་ལྟ་སྟེ། གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་ལས་འབྱུང་བའི་


DTG129_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་སྡེ་སྣོད་ཤིན་ཏུ་རྒྱས་པའི་སྡེའོ། །སེམས་བསྐྱེད་པ་ཆེན་པོ་ནི་འདི་ལྟ་སྟེ། འགའ་ཞིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་ཟད་པའོ། །མོས་པ་ཆེན་པོ་ནི་འདི་ལྟ་སྟེ། འགའ་ཞིག་ནི་ཆོས་ཆེན་པོ་དེ་ཉིད་ལ་མོས་པར་ཟད་པའོ། །ལྷག་པའི་བསམ་པ་ཆེན་པོ་ནི་འདི་ལྟ་སྟེ། འགའ་ཞིག་གིས་མོས་པས་སྤྱོད་པའི་ས་ལས་ཡང་དག་པར་འདས་ཏེ། ལྷག་པའི་བསམ་པ་དག་པའི་ས་ལ་འཇུག་པར་ཟད་དོ། །ཚོགས་ཆེན་པོ་ནི་བསོད་ནམས་ཀྱི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་གང་ཡང་དག་པར་འགྲུབ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའོ། །དུས་ཆེན་པོ་ནི་བསྐལ་པ་གྲངས་མེད་པ་གསུམ་པོ་གང་ཡིན་པའི་དུས་དེས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཡང་དག་པར་འགྲུབ་པ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། སྐུ་ཡང་དག་པར་འགྲུབ་པ་དེ་ལ་ནི་ལུས་ཡང་དག་པར་འགྲུབ་པ་གཞན་མཚུངས་པ་ཡང་མེད་ན། གོང་དུ་ཕྱིན་པ་ལྟ་ག་ལ་ཡོད་དེ། ལྷག་པ་ལྟ་ཡང་ག་ལ་ཡོད། དེ་ལ་ཆོས་ཆེན་པོ་གང་ཡིན་པ་དང༌། སེམས་བསྐྱེད་པ་ཆེན་པོ་གང་ཡིན་པ་དང༌། མོས་པ་ཆེན་པོ་གང་ཡིན་པ་དང༌། ལྷག་པའི་བསམ་པ་ཆེན་པོ་གང་ཡིན་པ་དང༌། ཚོགས་ཆེན་པོ་གང་ཡིན་པ་དང༌། དུས་ཆེན་པོ་གང་ཡིན་པ་དང༌། ཆེན་པོ་དྲུག་པོ་འདི་དག་ནི་ཡང་དག་པར་འགྲུབ་པ་ཆེན་པོའི་རྒྱུར་གྱུར་པ་ཡིན་ནོ། །ཡང་དག་པར་འགྲུབ་པ་ཆེན་པོ་དེ་དག་གཅིག་པ་ནི་དྲུག་པོ་དེ་དག་གི་འབྲས་བུའི་གནས་ཡིན་པར་རིག་པར་བྱའོ། །ཆོས་བརྒྱད་པོ་འདི་དག་ནི་ཐེག་པ་ཆེན་པོ་ཐམས་ཅད་སྡུད་པར་བྱེད་པ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་བསྟན་པ་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་དེ་ཉིད་དུ་ཆོས་ཐམས་ཅད་ཀྱི་དེ་ཁོ་ནའི་དོན་བསྟན་པ་གང་ཡིན་པ་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་དེ་ཉིད་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་བསམ་གྱིས་མི་ཁྱབ་ཅིང་མཆོག་ཏུ་རྒྱ་ཆེ་བ་བསྟན་པ་གང་ཡིན་པ་དང༌། དེ་ཚུལ་བཞིན་དུ་ཉན་པ་དང༌། ཚུལ་བཞིན་དུ་སེམས་པ་སྔོན་དུ་འགྲོ་བའི་ལྷག་པའི་བསམ་པ་ཉམས་སུ་བླང་བ་གང་ཡིན་པ་དང༌།


DTG129_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པའི་བསམ་པ་ཉམས་སུ་བླང་བ་སྔོན་དུ་འགྲོ་བའི་བསྒོམ་པའི་རྣམ་པས་འཇུག་པ་དང༌། བསྒོམ་པའི་རྣམ་པས་འཇུག་པ་སྔོན་དུ་འགྲོ་བའི་བསྒོམས་པའི་འབྲས་བུ་ཡོངས་སུ་འགྲུབ་པ་དང༌། བསྒོམས་པའི་འབྲས་བུ་ཡོངས་སུ་འགྲུབ་པ་དེ་ཉིད་ཀྱིས་གཏན་དུ་ངེས་པར་འབྱིན་པ་སྟེ། བྱང་ཆུབ་སེམས་དཔའ་དེ་ལྟར་སློབ་པ་རྣམས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །བྱང་ཆུབ་སེམས་དཔའ་གང་དག་དེ་ལྟར་སློབ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་དག་གང་ཞེ་ན། དེ་དག་ནི་མདོར་བསྡུ་ན་རྣམ་པ་བཅུར་རིག་པར་བྱ་སྟེ། རིགས་ལ་གནས་པ་དང༌། ཞུགས་པ་དང༌། བསམ་པ་མ་དག་པ་དང༌། བསམ་པ་དག་པ་དང༌། ཡོངས་སུ་མ་སྨིན་པ་དང༌། ཡོངས་སུ་སྨིན་པ་དང༌། ངེས་པར་ཞུགས་པ་མ་ཡིན་པ་དང༌། ངེས་པར་ཞུགས་པ་དང་སྐྱེ་བ་གཅིག་གིས་ཐོགས་པ་དང༌། སྲིད་པ་ཐ་མ་པའོ། །དེ་ལ་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སློབ་པ་ན་སེམས་སྐྱེད་པར་བྱེད་པ་དེ་ནི་ཞུགས་པ་ཞེས་བྱའོ། །ཞུགས་པ་དེ་ཉིད་ཇི་སྲིད་དུ་བསམ་པ་དག་པའི་ས་ལ་མ་ཞུགས་པ་དེ་སྲིད་དུ་ནི་བསམ་པ་མ་དག་པ་ཞེས་བྱའོ། །ཞུགས་པ་ནི་བསམ་པ་དག་པ་ཡིན་ནོ།། བསམ་པ་དག་པ་དེ་ཉིད་ཇི་སྲིད་དུ་མཐར་ཐུག་པར་འགྲོ་བའི་ས་ལ་མ་ཞུགས་པ་དེ་སྲིད་དུ་ནི་ཡོངས་སུ་མ་སྨིན་པ་ཞེས་བྱའོ། །ཞུགས་པ་ནི་ཡོངས་སུ་སྨིན་པ་ཡིན་ནོ། །ཡོངས་སུ་མ་སྨིན་པ་དེ་ཡང་ཇི་སྲིད་དུ་ངེས་པ་དང༌། སྤྱོད་པ་ངེས་པའི་ས་ལ་ངེས་པར་མ་ཞུགས་པ་དེ་སྲིད་དུ་ནི་མ་ངེས་པ་ཞེས་བྱའོ། །ཞུགས་པ་ནི་ངེས་པ་ཡིན་ནོ། །ཡོངས་སུ་སྨིན་པ་དེ་ཡང་རྣམ་པ་གཉིས་ཏེ། སྐྱེ་བ་གཅིག་གིས་ཐོགས་པ་ནི་ཚེ་ཕྱི་མ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་གང་ཡིན་པ་དང༌། སྲིད་པ་ཐ་མ་པ་ནི་ཚེ་འདི་ཉིད་ལ་གནས་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་གང་ཡིན་པའོ། །རིགས་ཡན་ཆད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བྱང་ཆུབ་སེམས་དཔའ་བཅུ་པོ་དེ་དག་བསྟན་པ་གང་ཡིན་པ་དག་བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་


DTG129_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སློབ་པ་དེ་དག་གི་བསླབ་པ་ནི་གང་ལ་སློབ་པ་དང༌། ཇི་ལྟར་སློབ་པ་དེ་ལས་གོང་ན་ཡང་མེད་དོ། །དེ་ལས་ལྷག་པ་ཡང་མེད་དོ། །ཇི་སྐད་བསྟན་པའི་བྱང་ཆུབ་སེམས་དཔའ་དེ་དག་ལས་གོང་ན་ཡང་གང་དག་བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་ལ་སློབ་པའི་བྱང་ཆུབ་སེམས་དཔའ་མེད་དོ། །ཡང་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱི་མིང་དབྱེར་མེད་པ་འདི་ལྟ་བུ་འདི་དག་ནི་ཡོན་ཏན་ལས་བཏགས་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །བློ་དང་ལྡན་པ་གསལ་བའི་མཆོག །རྒྱལ་བའི་སྲས་དང་རྒྱལ་བའི་གཞི། །རྒྱལ་བའི་མྱུ་གུ་རྣམ་རྒྱལ་བྱེད། །རྩལ་དང་ལྡན་པ་འཕགས་པའི་མཆོག །དེད་དཔོན་གྲགས་པ་ཆེན་པོ་སྟེ། །སྙིང་རྗེ་ཅན་དང་བསོད་ནམས་ཆེ། །དབང་ཕྱུག་དེ་བཞིན་ཆོས་དང་ལྡན། །ཡང་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་དག་ན་བྱང་ཆུབ་སེམས་དཔའ་མུ་མེད་པ་གནས་པ་དེ་དག་སོ་སོ་རང་གི་མིང་དུ་གདགས་པ་ནི་དཔག་ཏུ་མེད་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་གང་དག་བདག་ནི་བྱང་ཆུབ་སེམས་དཔའོ་ཞེས་ཁས་འཆེ་བར་གནས་ལ། བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་ལ་ལེགས་པར་མི་སྒྲུབ་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ལྟར་བཅོས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ཡང་དག་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་གང་དག་བདག་ནི་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་ཁས་འཆེ་བར་གནས་ལ་བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་ལ་ཡང་ལེགས་པར་སློབ་པ་དེ་དག་ནི་ཡང་དག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ལེའུ་སྟེ་བཅོ་བརྒྱད་པའོ། །གཞིའི་རྣལ་འབྱོར་གྱི་གནས་རྫོགས་ཤོ།། །།སྡོམ་ནི། ངོ་བོ་ཉིད་དང་གནས་དང་ནི། །འབྲས་བུ་གོ་རིམས་བསྡུ་བ་ཡིན། ལྔ་པོ་འདི་དག་ནི་ཡང་དག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་རྟགས་ཡིན་ཏེ། དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གྲངས་སུ་འགྲོའོ། །ལྔ་གང་ཞེ་ན། སྙིང་བརྩེ་བ་དང༌། སྙན་པར་སྨྲ་བ་དང༌། བརྟན་པ་དང༌། ལག་རྐྱོང་


DTG129_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང། དོན་དང་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའོ། །ཆོས་ལྔ་པོ་འདི་དག་ནི་ལྔར་བསྒྲེ་བར་རིག་པར་བྱ་སྟེ། ངོ་བོ་ཉིད་དང༌། གནས་དང༌། འབྲས་བུའི་ཕན་ཡོན་དང༌། གོ་རིམས་དང་བསྡུ་བའོ། །དེ་ལ་སྙིང་བརྩེ་བའི་ངོ་བོ་ཉིད་ནི་རྣམ་པ་གཉིས་ཏེ། བསམ་པར་གཏོགས་པ་དང༌། སྒྲུབ་པར་གཏོགས་པའོ། །དེ་ལ་བསམ་པར་གཏོགས་པ་ནི། བྱང་ཆུབ་སེམས་དཔའི་ཕན་པའི་བསམ་པ་དང༌། བདེ་བའི་བསམ་པ་སྟེ། སེམས་ཅན་རྣམས་ལ་སྙིང་བརྩེ་བ་ཞེས་བྱའོ། །སྙིང་བརྩེ་བའི་སྒྲུབ་པར་གཏོགས་པའི་ངོ་བོ་ཉིད་ནི། སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་བསམ་པ་གང་ཡིན་པ་དེ་ཉིད་ཅི་ནུས་ཅི་ལྕོགས་ཀྱིས་ལུས་དང་ངག་གིས་ཉེ་བར་སྒྲུབ་པའོ། །དེ་ལ་སྙེན་པར་སྨྲ་བའི་ངོ་བོ་ཉིད་ནི་སྔ་མ་བཞིན་དུ་ཡང་དག་པར་དགའ་བར་བྱེད་པ་དང༌། ཀུན་དུ་དགའ་བར་བྱེད་པ་དང༌། ཕན་འདོགས་པའི་ཚིག་ཡིན་ཏེ། འདི་ལྟ་སྟེ། བསྡུ་བའི་དངོས་པོའི་ལེའུ་ལས་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྙིང་སྟོབས་དང༌། སྲན་ཐུབ་པ་དང༌། ཞུམ་པ་མེད་པའི་སྟོབས་དང་ལྡན་པ་གང་ཡིན་པ་དེ་ནི་བརྟན་པའི་ངོ་བོ་ཉིད་ཅེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་རྒྱ་ཆེར་སྦྱིན་པ་དང༌། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སྦྱིན་པ་གང་ཡིན་པ་འདི་ནི་ལག་རྐྱོང་བའི་སྦྱིན་པའི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞི་དང༌། དེ་དག་ཉིད་མངོན་པར་སྒྲུབ་པའི་ཕྱིར་ཡང་དག་པའི་སྦྱོར་བ་ལས་བྱུང་བའི་ཤེས་པ་འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དང་དགོངས་པ་ཟབ་མོ་ངེས་པར་འགྲེལ་བའི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ། །དེ་ལ་སྙིང་བརྩེ་བའི་གནས་ནི་ལྔ་སྟེ། ལྔ་གང་ཞེ་ན། སེམས་ཅན་སྡུག་བསྔལ་བ་རྣམས་དང༌། ཉེས་པར་སྤྱད་པ་སྤྱོད་པ་རྣམས་དང༌། བག་མེད་པ་རྣམས་དང༌། ལོག་པར་ཞུགས་པ་རྣམས་དང༌། ཉོན་མོངས་པའི་བག་ལ་ཉལ་བ་དང་ལྡན་པ་རྣམས་སོ། །དེ་ལ་སེམས་ཅན་དམྱལ་བའི་སེམས་ཅན་ཡན་ཆད་གང་སུ་ཡང་རུང་བ་དག་གི་སྡུག་བསྔལ་གྱི་ཚོར་བ་རྒྱུན་དུ་གནས་ཤིང༌། རྒྱུད་ལ་ཞེན་པར་འདུག་པའི་སེམས་ཅན་དེ་དག་ནི་སྡུག་བསྔལ་བ་ཞེས་བྱའོ། །གང་དག་སྡུག་བསྔལ་བར་ངེས་པ་ནི་མེད་མོད་ཀྱི། ཤས་ཆེར་ལུས་ཀྱི་ཉེས་པར་སྤྱོད་པ་


DTG129_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པར་སྤྱོད་ཅིང༌། ངག་གི་ཉེས་པར་སྤྱོད་པ་དང༌། ཡིད་ཀྱི་ཉེས་པར་སྤྱོད་པ་ལྷག་པར་སྤྱོད་དེ། དེ་ལ་མངོན་པར་དགའ་བའི་རང་བཞིན་དུ་གནས་པའི་སེམས་ཅན་དེ་དག་ནི་ཉེས་པར་སྤྱད་པ་སྤྱོད་པ་ཞེས་བྱ་སྟེ། འདི་ལྟ་སྟེ། ཤན་པ་དང༌། ཕག་གསོད་པ་དང༌། བྱ་གང་གསོད་པ་ལ་སོགས་པ་ལྟ་བུའོ། །གང་དག་སྡུག་བསྔལ་བ་དང༌། ཉེས་པར་སྤྱད་པ་སྤྱོད་པར་ངེས་པར་མེད་མོད་ཀྱི། འདོད་པ་རྣམས་ལ་ལྷག་པར་ཞེན་ཅིང་སྤྱོད་པ་དང༌། ཟློས་གར་མཁན་དང༌། བྲོ་གར་མཁན་དང༌། བཞད་གད་མཁན་དང༌། འཇོ་སྒེག་མཁན་དང༌། ལྟད་མོ་ལྷུར་འཛིན་པར་གནས་ཤིང༌། བདག་གི་བྱི་དོར་ལྷུར་ལེན་པའི་སེམས་ཅན་དེ་དག་ནི་བག་མེད་པ་ཞེས་བྱ་སྟེ། འདི་ལྟ་སྟེ། ཁ་ཅིག་འདོད་པ་ལ་ལོངས་སྤྱོད་པ་ལྟ་བུའོ། །གང་དག་སྡུག་བསྔལ་བ་དང༌། ཉེས་པར་སྤྱད་པ་སྤྱོད་པ་དང༌། བག་མེད་པར་སྤྱོད་པ་ནི་མེད་མོད་ཀྱི། ལྟ་བ་ཉམས་པ་ལ་བརྟེན་ནས་སྡུག་བསྔལ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་ཞུགས་པའི་སེམས་ཅན་དེ་དག་ནི་ལོག་པར་ཞུགས་པ་ཞེས་བྱ་སྟེ། འདི་ལྟ་སྟེ། འདོད་པ་རྣམས་སྤངས་ནས་ཉེས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་ལྟ་བུའོ། །སེམས་ཅན་གང་དག་སྡུག་བསྔལ་བ་ནས་རྒྱས་པར་ལོག་པར་ཞུགས་པའི་བར་དུ་ངེས་པ་ནི་མེད་མོད་ཀྱི། ཉོན་མོངས་པ་མཐའ་དག་གིས་བཅིངས་པ་དང༌། མཐའ་དག་མ་ཡིན་པས་བཅིངས་པའི་སེམས་ཅན་དེ་དག་ནི་ཉོན་མོངས་པའི་བག་ལ་ཉལ་བ་དང་ལྡན་པ་ཞེས་བྱ་སྟེ། འདི་ལྟ་སྟེ། ཡང་དག་པར་ཞུགས་པའི་སོ་སོའི་སྐྱེ་བོ་དགེ་བ་གང་ཡིན་པ་དག་དང༌། སློབ་པ་གང་ཡིན་པ་དག་ལྟ་བུའོ། །འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་བརྩེ་བའི་གནས་ཡིན་ཏེ། གནས་དེ་དང་དམིགས་པ་དེས་སྙིང་བརྩེ་བ་འབྱུང་བར་འགྱུར་ཏེ། དེ་ལས་གོང་ན་ཡང་མེད་དོ། །དེ་ལས་ལྷག་པ་ཡང་མེད་དོ། །ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙན་པར་སྨྲ་བའི་གནས་ཡིན་ཏེ། ལྔ་གང་ཞེ་ན། ལེགས་པར་སྨྲ་བར་བྱ་བ་དང༌། ལེགས་པར་ཀུན་དུ་དགའ་བར་བྱ་བ་དང༌། ལེགས་པར་དབུགས་དབྱུང་བ་དང༌། ལེགས་པར་བསྟབས་པ་དང༌། རིགས་པས་བསྟན་པའོ། །དེ་རྣམས་ཀྱི་རབ་ཏུ་དབྱེ་བ་ནི་འདི་ལྟ་སྟེ། བསྡུ་བའི་དངོས་པོའི་ལེའུ་ལས་རིག་


DTG129_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །གནས་ལྔ་པོ་འདི་དག་དང་དམིགས་པ་འདི་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙན་པར་སྨྲ་བ་འབྱུང་བར་འགྱུར་ཏེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་བརྟན་པའི་གནས་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ལེའུ་ལས་རྣམ་པ་ལྔ་པོ་གང་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྟན་པའི་སྟོབས་བསྐྱེད་པ་བསྟན་པ་དེ་དག་ཉིད་བྱང་ཆུབ་སེམས་དཔའི་བརྟན་པའི་གནས་ཡིན་པར་རིག་པར་བྱའོ། །གནས་དེ་དག་དང༌། དམིགས་པ་དེ་དག་གིས་བྱང་ཆུབ་སེམས་དཔའི་བརྟན་པ་འབྱུང་བར་འགྱུར་ཏེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ལག་རྐྱོང་བའི་གནས་ཡིན་ཏེ། ལྔ་གང་ཞེ་ན། རྒྱུན་མི་ཆད་པར་སྦྱིན་པ་དང༌། དགའ་བཞིན་དུ་སྦྱིན་པ་དང༌། གུས་པར་སྦྱིན་པ་དང༌། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་སྦྱིན་པ་དང༌། མི་གནས་པར་སྦྱིན་པའོ། །འདི་རྣམས་ཀྱི་རྣམ་པར་དབྱེ་བ་ནི་རྒྱས་པར་འདི་ལྟ་སྟེ་སྦྱིན་པའི་ལེའུ་ལས་རིག་པར་བྱའོ། །གནས་འདི་དང་དམིགས་པ་འདི་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་རྐྱོང་བ་འབྱུང་བར་འགྱུར་ཏེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དང་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་གནས་ཡིན་ཏེ། ལྔ་གང་ཞེ་ན། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ངེས་པའི་དོན་ཟབ་མོ། །ཟབ་བར་སྣང་བ། སྟོང་པ་ཉིད་དང་ལྡན་པ། རྐྱེན་འདི་ཉིད་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་དང་ལྡན་པ་གང་ཡིན་པ་འདི་ནི་གནས་དང་པོའོ། །འདུལ་བའི་ཉེས་པ་ལ་མཁས་པ་དང༌། ཉེས་པ་ལས་འབྱིན་པ་ལ་མཁས་པ་འདི་ནི་གནས་གཉིས་པའོ། །མ་མོ་ལ་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་རྣམ་པར་གཞག་པ་འདི་ནི་གནས་གསུམ་པའོ། །དགོངས་པ་ཅན་བརྟག་དཀའ་བའི་ཆོས་ཀྱི་མིང་དང༌། དོན་རྣམ་པར་འབྱེད་པ་འདི་ནི་གནས་བཞི་པའོ། །ཆོས་ཐམས་ཅད་ཀྱི་ཆོས་དང༌། དོན་དང༌། ངེས་པའི་ཚིག་དང༌། རྣམ་པར་རབ་ཏུ་དབྱེ་བ་འདི་ནི་གནས་ལྔ་པའོ། །གནས་དེ་དག་དང་དམིགས་པ་དེས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དང༌། དགོངས་


DTG129_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཟབ་མོ་ངེས་པར་འགྲེལ་པ་འབྱུང་བར་འགྱུར་ཏེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །བྱང་ཆུབ་སེམས་དཔའི་སྙིང་བརྩེ་བ་ནི་སེམས་ཅན་རྣམས་ལ་ཐོག་མ་ཉིད་དུ་ཁོ་ན་སྤོང་བར་འགྱུར་བའོ། །དེ་བཞིན་དུ་སྙིང་བརྩེ་བ་ཅན་གྱི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་དོན་བྱ་བ་ཐམས་ཅད་ལ་ཡིད་ཞུམ་པ་མེད་པར་སྦྱོར་ཞིང༌། སྦྱོར་བ་དེ་ལ་ཡོངས་སུ་མི་སྐྱོ་བ་དང༌། སྙིང་བརྩེ་བ་དེས་ཤས་ཆེར་གནས་པར་བྱེད་དེ། དེ་ཁ་ན་མ་ཐོ་བ་མེད་པར་ཚེ་འདི་ལ་བདེ་བར་གནས་པ་དང༌། ཚེ་ཕྱི་མ་ལ་ཕན་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བྱམས་པའི་ཕན་ཡོན་གང་དག་གསུངས་པ་དེའི་ལུས་ལ་དུག་གིས་མི་ཚུགས། མཚོན་གྱིས་མི་ཚུགས་ཞེས་བྱ་བ་ལ་སོགས་པ་དེ་དག་ཐམས་ཅད་ནི་སྙིང་བརྩེ་བའི་བྱང་ཆུབ་སེམས་དཔའ་ལ་ཡང་ཡོད་པར་རིག་པར་བྱ་སྟེ་དེ་ལྟར་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་བརྩེ་བའི་འབྲས་བུའི་ཕན་ཡོན་ཡིན་པར་བལྟ་བར་བྱའོ། །བྱང་ཆུབ་སེམས་དཔའི་སྙན་པར་སྨྲ་བ་ནི་ཚེ་འདི་ལ་ངག་གི་ཉེས་པ་རྣམ་པ་བཞི། བརྫུན་དུ་སྨྲ་བ་དང༌། ཕྲ་མ་དང༌། ངག་རྩུབ་མོ་དང༌། ཚིག་ཀྱལ་པ་རྣམས་སྤོང་སྟེ། དེའི་ཚིག་དེ་ཡང་བདག་ལ་ཕན་འདོགས་པ་དང༌། གཞན་ལ་ཕན་འདོགས་པར་ཞུགས་པ་ཡིན་ནོ། །སྙན་པར་སྨྲ་བའི་བྱང་ཆུབ་སེམས་དཔའ་ནི་ཚེ་འདི་དང༌། ཚེ་ཕྱི་མ་ལ་ཚིག་བཙུན་ཞིང་ཚིག་གཟུང་བར་འོས་པར་འགྱུར་ཏེ། དེ་ལྟ་ན་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙན་པར་སྨྲ་བའི་འབྲས་བུའི་ཕན་ཡོན་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་བརྟན་པ་ནི་ཚེ་འདི་ཉིད་ལ་ཡང་ཐམས་ཅད་ཀྱི་ཐམས་ཅད་དུ་སྙོམ་ལས་དང༌། ལེ་ལོ་དང་བྲལ་བར་འགྱུར་རོ། །སེམས་རབ་ཏུ་དགའ་བས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ལེན་པར་བྱེད་དོ། །བླངས་ནས་ཀྱང་སྒྱིད་ལུག་པར་མི་འགྱུར་རོ། །བདག་དང་གཞན་ལ་ཡང་བཟོད་པས་ཕན་འདོགས་པར་བྱེད་དོ། །ཕྱི་མ་ལ་ཡང་བྱང་ཆུབ་སེམས་དཔའི་བྱ་བ་ཡང་དག་པར་རྩོམས་པ་དག་ལ་རང་བཞིན་གྱིས་ཡང་དག་པར་རྩོམ་པ་བརྟན་པར་འགྱུར་ཏེ། མ་བྱས་པར་ཕྱིར་མི་ལྡོག་གོ །དེ་ལྟ་ན་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྟན་པའི་འབྲས་བུའི་ཕན་ཡོན་ཡིན་པར་རིག་པར་བྱའོ། །ལག་རྐྱོང་བ་དང༌།


DTG129_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དང༌། དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་འབྲས་བུའི་ཕན་ཡོན་ནི་འདི་ལྟ་སྟེ། མཐུའི་ལེའུ་ལས་སྦྱིན་པའི་མཐུ་དང༌། ཤེས་རབ་ཀྱི་མཐུ་བསྟན་བ་བཞིན་དུ་རིག་པར་བྱ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་རྟགས་དེ་དག་གི་འབྲས་བུའི་ཕན་ཡོན་ཡིན་ནོ། །དེ་དག་གི་གོ་རིམས་གང་ཞེ་ན། ཐོག་མ་ཁོ་ནར་ནི་བྱང་ཆུབ་སེམས་དཔའི་སྙིང་བརྩེ་བས་སེམས་ཅན་རྣམས་ལ་ཕན་འདོགས་ཏེ། དེ་དག་ལ་ལྟ་ཞིང་དོན་བྱེད་འདོད་པར་འགྱུར་རོ། །དེ་ནས་མི་དགེ་བའི་གནས་ནས་བསླངས་ཏེ། དགེ་བའི་གནས་སུ་དགོད་པའི་ཕྱིར། རིགས་པ་སྨྲ་ཞིང་འཛིན་དུ་འཇུག་ལ་སྟོན་པར་བྱེད་དོ། །དེ་བཞིན་དུ་སེམས་ཅན་ཡང་དག་པར་སྒྲུབ་པ་དང༌། ལོག་པར་སྒྲུབ་པ་ལ་གནས་པ་རྣམས་མི་གཏོང་བའི་ཕྱིར་སེམས་ཅན་ཞུགས་པར་གྱུར་ལ་ཉོན་མོངས་པས་རྣམ་པར་གནོད་པ་ལོག་པར་སྒྲུབ་པ་རྣམ་པ་སྣ་ཚོགས་དང་ལྡན་པ་དག་ལ་འཁྲུལ་པ་བཟོད་པར་འགྱུར་རོ། །དེ་དེ་ལྟར་བརྟན་པས་སེམས་ཅན་ཁ་ཅིག་ནི་ཟང་ཟིང་གི་བསྡུ་བས་ཡོངས་སུ་སྨིན་པར་བྱེད་དོ། །ཁ་ཅིག་ནི་ཆོས་ཀྱི་བསྡུ་བས་ཡོངས་སུ་སྨིན་པར་བྱེད་དོ། །ཁ་ཅིག་ནི་ཆོས་དང་ཟང་ཟིང་གི་བསྡུ་བ་གཉིས་ཀས་ཡོངས་སུ་སྨིན་པར་བྱེད་དོ། །འདི་ནི་བྱང་ཆུབ་སེམས་དཔའི་རྟགས་ལྔ་པོ་དག་གི་གོ་རིམས་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་རྟགས་ལྔ་པ་དེ་དག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ལས་ཕ་རོལ་ཏུ་ཕྱིན་པ་གང་དང་གང་གིས་བྱང་ཆུབ་སེམས་དཔའི་རྟགས་གང་དང་གང་བསྡུས་ཤེ་ན། སྙིང་བརྩེ་བ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་བསྡུས་སོ། །སྙན་པར་སྨྲ་བ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྡུས་སོ། །བརྟན་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྡུས་སོ། །ལག་རྐྱོང་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཁོ་ནས་བསྡུས་སོ། །དོན་དང་དགོངས་པ་ཟབ་མོ་ངེས་པར་འགྲེལ་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྡུས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའི་རྟགས་ལྔ་པོ་འདི་དག་ནི་ལྔར་བསྒྲེ་བར་རིག་པར་བྱ་སྟེ། ངོ་བོ་ཉིད་དང༌། གནས་དང༌།


DTG129_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུའི་ཕན་ཡོན་དང༌། གོ་རིམས་དང༌། བསྡུ་བ་དང་ལྔར་བསྒྲེ་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་མཐུན་པའི་ཆོས་ཀྱི་རྣལ་འབྱོར་གྱི་གནས་ལས། བྱང་ཆུབ་སེམས་དཔའི་རྟགས་ཀྱི་ལེའུ་སྟེ་དང་པོའོ།། །།སྡོམ་ནི། ལས་མཐའ་ལེགས་པར་བྱས་པ་དང༌། །མཁས་དང་གཞན་ལ་ཕན་འདོགས་དང༌། །ཡོངས་སུ་བསྔོ་བ་ཐ་མ་ཡིན། །བྱང་ཆུབ་སེམས་དཔའ་ཁྱིམ་པའི་ཕྱོགས་སམ། རབ་ཏུ་བྱུང་བའི་ཕྱོགས་ལ་གནས་པའི་ཆོས་ནི་མདོར་བསྡུ་ན། རྣམ་པ་བཞིར་རིག་པར་བྱ་སྟེ། དེ་དག་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་དང༌། རབ་ཏུ་བྱུང་བས་བསླབས་ན་མྱུར་བ་ཁོ་ནར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བཞི་གང་ཞེ་ན། ལས་ཀྱི་མཐའ་ལེགས་པར་བྱས་པ་དང༌། མཁས་པ་དང༌། གཞན་ལ་ཕན་འདོགས་པ་དང༌། ཡོངས་སུ་བསྔོ་བའོ། །དེ་ལ་བྱང་ཆུབ་སེམས་དཔའི་ལས་ཀྱི་མཐའ་ལེགས་པར་བྱས་པ་གང་ཞེ་ན། གང་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ངེས་པར་བྱེད་པ་དང༌། བྱང་བར་བྱེད་པ་དང༌། རྟག་ཏུ་བྱེད་པ་དང༌། ཁ་ན་མ་ཐོ་བ་མེད་པར་བྱེད་པ་སྟེ། བྱང་ཆུབ་སེམས་དཔའི་ངེས་པར་བྱེད་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལྟ་སྟེ། སྦྱིན་པ་ལ་བྱེད་པ་ནི་འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པར་བྱ་བའི་ཆོས་ཀྱང་བདོག་ལ། སློང་བ་པོ་ཡང་ལེགས་པར་འོངས་ནས། གནོད་པར་བྱས་ཀྱང་རུང༌། ཕན་པར་བྱས་ཀྱང་རུང༌། ཡོན་ཏན་ཅན་ཡང་རུང༌། སྐྱོན་ཅན་ཡང་རུང་བ་ལ་ངེས་པར་སྦྱིན་པར་བྱེད་དེ། དེའི་སྦྱིན་པའི་སེམས་ནི་མིའམ། མི་མ་ཡིན་པ་འམ། དགེ་སྦྱོང་ངམ། བྲམ་ཟེའམ། སུ་ཡང་རུང་སྟེ། འཇིག་རྟེན་ན་སུ་ཡང་རུང་བས་ཆོས་དང་མཐུན་པས་བསྐྱོད་པར་མི་ནུས་སོ། །བྱང་ཆུབ་སེམས་དཔའི་བྱང་བར་བྱེད་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལྟ་སྟེ། སྦྱིན་པ་ལ་བྱེད་པ་ནི་འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པར་བྱ་བའི་ཆོས་ཀྱང་བདོག་ལ། སློང་བ་པོ་ཡང་ལེགས་པར་འོངས་ན། ཐམས་ཅད་སྦྱིན་པར་བྱེད་དེ། དེའི་ནང་གི་དངོས་པོ་ཡང་སེམས་ཅན་རྣམས་ལ་མི་གཏང་བར་བྱ་བ་ཅི་ཡང་མེད་ན། ཕྱི་རོལ་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའི་རྟག་ཏུ་བྱེད་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལྟ་སྟེ། སྦྱིན་པ་ལ་བྱེད་པ་ནི་འདི་ལ་བྱང་ཆུབ་སེམས་དཔའ་


DTG129_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པས་ཡོངས་སུ་སྐྱོབ་མེད་པར་རྟག་ཏུ་རྒྱུན་མི་འཆང་པ་ཁོ་ནར་དུས་ཐམས་ཅད་དུ་སྦྱིན་པར་བྱ་བའི་ཅི་བ་དོག་པ་སྦྱིན་པར་བྱེད་པའོ། །བྱང་ཆུབ་སེམས་དཔའི་ཁ་ན་མ་ཐོ་བ་མེད་པར་བྱེད་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལྟ་སྟེ། སྦྱིན་པ་ལ་བྱེད་པ་ནི་འདི་ལ་བྱང་ཆུབ་སེམས་དཔའ་ཀུན་ནས་ཉོན་མོངས་པ་ཅན་གྱི་སྦྱིན་པ་སྦྱིན་པའི་ལེའུ་ལས་བསྟན་པ་གང་ཡིན་པའི་ཀུན་ནས་ཉོན་མོངས་པ་ཅན་དེ་སྤངས་ན། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སྦྱིན་པ་སྦྱིན་པར་བྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ནི་འདི་ལྟ་སྟེ། སྦྱིན་པ་ལེགས་པར་སྦྱིན་པར་བྱེད་པ་ཡིན་ནོ། །སྦྱིན་པ་ལ་ཇི་ལྟ་བ་བཞིན་དུ་ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཡང་ངེས་པར་བྱེད་པ་དང༌། བྱང་བར་བྱེད་པ་དང༌། རྟག་པར་བྱེད་པ་དང༌། ཁ་ན་མ་ཐོ་བ་མེད་པ་རྣམ་པ་བཞི་པོ་འདི་དག་ཅི་རིགས་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་མཁས་པ་གང་ཞེ་ན། དེ་ནི་མདོར་བསྡུས་ན་རྣམ་པ་བཅུར་རིག་པར་བྱ་སྟེ། སེམས་ཅན་ཞེ་འགྲས་པ་རྣམས་ཀྱི་སྡང་བ་བསལ་བའི་ཐབས་ལ་མཁས་པ་དང༌། ཐ་མལ་པ་རྣམས་འཇུག་པར་བྱ་བ་དང༌། ཞུགས་པ་རྣམས་ཡོངས་སུ་སྨིན་པར་བྱ་བ་དང༌། ཡོངས་སུ་སྨིན་པ་རྣམས་རྣམ་པར་གྲོལ་བར་བྱ་བའི་ཐབས་ལ་མཁས་པ་དང༌། འཇིག་རྟེན་པའི་བསྟན་བཅོས་ཐམས་ཅད་ལ་མཁས་པ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླངས་པ་ལ། འཁྲུལ་པ་བྱུང་བ་ལ་རྟོག་པ་ལ་མཁས་པ་དང༌། ཡང་དག་པའི་སྨོན་ལམ་ལ་མཁས་པ་དང༌། ཉན་ཐོས་ཀྱི་ཐེག་པ་ལ་མཁས་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་ལ་མཁས་པ་དང༌། ཐེག་པ་ཆེན་པོ་ལ་མཁས་པ་སྟེ། མཁས་པ་འདི་དག་ཐམས་ཅད་ཀྱང་སྔ་མ་བཞིན་དུ། བྱང་ཆུབ་སེམས་དཔའི་ས་འདི་ཉིད་ཀྱི་རྣམ་པར་དབྱེ་བ་དེ་དང༌། དེ་དག་ལས་ཅི་རིགས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་མཁས་པ་བཅུ་པོ་འདི་དག་ནི་བྱ་བ་ལྔ་བྱེད་པ་ཡིན་ཏེ། མཁས་པ་གོང་མ་བཞིས་ནི་བྱང་ཆུབ་སེམས་དཔས་སེམས་ཅན་རྣམས་རང་གི་དོན་ལ་འཛུད་དོ། །འཇིག་རྟེན་པའི་བསྟན་བཅོས་ཐམས་ཅད་ལ་མཁས་པས་ནི་བྱང་ཆུབ་སེམས་དཔས་ཕས་ཀྱི་རྒོལ་བ་ཐམས་ཅད་ཟིལ་གྱིས་གནོན་


DTG129_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་དོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ་འཁྲུལ་པ་བྱུང་བ་ལ་རྟོག་པ་ལ་མཁས་པས་ནི་བྱང་ཆུབ་སེམས་དཔས་ཉེས་པ་མི་འབྱུང་བའམ། ཉེས་པ་བྱུང་ན་ཡང་ཆོས་བཞིན་དུ་ཕྱིར་འཆོས་པར་བྱེད་ཅིང༌། ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ཤིན་ཏུ་ཡོངས་སུ་དག་པ་སྲུང་བར་བྱེད་དོ། །ཡང་དག་པའི་སྨོན་ལམ་ལ་མཁས་པ་ནི། བྱང་ཆུབ་སེམས་དཔའ་ཕྱི་མ་ལ་འདོད་པའི་དོན་ཐམས་ཅད་འགྲུབ་པར་འགྱུར་བར་བྱེད་དོ། །ཐེག་པ་གསུམ་ལ་མཁས་པས་ནི་བྱང་ཆུབ་སེམས་དཔས་རིགས་དང༌། དབང་པོ་དང། མོས་པ་ཇི་ལྟ་བ་རྣམས་ལ་དེ་དང་མཐུན་པར་ཆོས་སྟོན་ཅིང༌། འཚམ་པ་དང༌། རིགས་པར་སྟོན་ཏེ། དེ་ལྟར་ན་མཁས་པ་བཅུ་པོ་འདི་དག་གིས་བྱང་ཆུབ་སེམས་དཔས་བྱ་བ་ལྔ་བྱེད་དེ། དེའི་བྱ་བ་ལྔ་པོ་དེ་དག་གིས་ཚེ་འདི་དང་ཚེ་ཕྱི་མའི་དོན་ལས་བརྩམས་ཏེ། བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ལ་བྱང་ཆུབ་སེམས་དཔའི་གཞན་ལ་ཕན་འདོགས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་བསྡུ་བའི་དངོས་པོ་བཞི་པོ་སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པ་རྣམས་ལ་བརྟེན་ནས་དེ་དག་ལས་སེམས་ཅན་ཁ་ཅིག་ལ་ནི་ཕན་པ་ཉེ་བར་སྒྲུབ་པ་བདེ་བར་ཡང་ཉེ་བར་སྒྲུབ། ཕན་པ་དང་བདེ་བ་ཡང་ཉེ་བར་སྒྲུབ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞན་ལ་ཕན་འདོགས་པ་མདོར་བསྟན་པའོ། །རྒྱས་པར་བསྟན་པ་ནི་སྔ་མ་བཞིན་དུ་འདི་ལྟ་སྟེ། བདག་དང་གཞན་གྱི་དོན་གྱི་ལེའུ་ལས་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཡོངས་སུ་བསྔོ་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་ལས་ཀྱི་མཐའ་ལེགས་པར་བྱས་པ་དང༌། མཁས་པ་དང༌། གཞན་ལ་ཕན་འདོགས་པའི་སྒོ་གསུམ་པོ་འདི་དག་གིས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དགེ་བའི་རྩ་བ་གང་ཅི་ཡང་བསགས་སོ་ཅོག་དེ་དག་ཐམས་ཅད་སྙིང་ཐག་པ་ནས་དད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ཅིང་དགེ་བའི་རྩ་བ་དེའི་འབྲས་བུ་རྣམ་པར་སྨིན་པ་གཞན་མི་འདོད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཁོ་ན་འདོད་དོ། །


DTG129_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྣམས་དང༌། རབ་ཏུ་བྱུང་བ་རྣམས་ཀྱི་བསླབ་པའི་ཆོས་བསྟན་པ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་ལས་ཀྱི་མཐའ་ལེགས་པར་བྱས་པ་དང༌། མཁས་པ་དང༌། གཞན་ལ་ཕན་འདོགས་པ་ལ་ཞུགས་པ་དང༌། གཞན་ལ་ཕན་འདོགས་པ་དང༌། ཡོངས་སུ་བསྔོ་བ་བཞི་པོ་འདི་དག་ཏུ་བསྡུ་བར་རིག་པར་བྱའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་དེ་ལྟར་ལས་ཀྱི་མཐའ་ལེགས་པར་བྱས་པ་དང༌། མཁས་པ་དང༌། གཞན་ལ་ཕན་འདོགས་པ་ལ་ཞུགས་པ་དང༌། ཡོངས་སུ་སྔོ་བར་བྱེད་པ་ལ་ནི་འདི་ལྟར་འཐོབ་པར་དཀའ་ཞིང་རྟོགས་པར་དཀའ་བའི་བྱང་ཆུབ་ཀྱང་ཉེ་བར་གྱུར་ཅིང༌། ཡང་དག་པར་ཉེ་བར་གྱུར་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་གང་སུ་ཡང་རུང་བ་དེ་དག་ཐམས་ཅད་ཀྱིས་ཁྱིམ་པ་དང༌། རབ་ཏུ་བྱུང་བའི་ཕྱོགས་རྣམས་ལ་བསླབ་ནས། ཆོས་བཞི་པོ་དེ་དག་ཁོ་ནས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དུས་དག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། མངོན་པར་རྫོགས་པར་འཚང་རྒྱ་སྟེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །དེ་ལྟར་ཆོས་བཞི་པོ་དེ་དག་ལས་བྱང་ཆུབ་སེམས་དཔའ་ཁྱིམ་པའམ་རབ་ཏུ་བྱུང་བ་དག་ཡང་དག་པར་སྦྱོར་དུ་ཟིན་ཀྱང༌། བྱང་ཆུབ་སེམས་དཔའ་ཁྱིམ་པ་བས། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་ཤིན་ཏུ་བྱེ་བྲག་ཆེར་འཕགས་པ་དང༌། ཤིན་ཏུ་ཁྱད་ཆེ་བར་རིག་པར་བྱ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་ཐོག་མ་ཁོ་ནར་ཕ་མ་དང༌། བུ་དང་ཆུང་མ་ལ་སོགས་པ་བུ་སྨད་ཡོངས་སུ་འཛིན་པའི་ཉེས་པ་ལས་ཡོངས་སུ་གྲོལ་བ་ཡིན་གྱི། ཁྱིམ་པ་ནི་ཡོངས་སུ་མ་གྲོལ་བར་རིག་པར་བྱའོ། །ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་ཡོངས་སུ་བཟུང་བ་དེ་དག་ཉིད་ཀྱི་དོན་དུ་ཞིང་ལས་དང། ཉོ་ཚོང་དང༌། རྒྱལ་པོ་ལ་ཞོ་ཤས་འཚོ་བ་ལ་སོགས་པས་ཉོན་མོངས་པ་དང༌། རྣམ་པར་ཆགས་པའི་སྡུག་བསྔལ་བ་རྣམས་ལས་ཡོངས་སུ་གྲོལ་བ་ཡིན་གྱི། ཁྱིམ་པ་ནི་ཡོངས་སུ་མ་གྲོལ་བ་ཡིན་པར་རིག་པར་བྱའོ། །ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་ཚངས་བར་སྤྱོད་པ་གཅིག་


DTG129_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ངེས་པར་ལུ་གུ་རྒྱུད་བཞིན་དུ་བརྟན་པར་སྤྱོད་ནུས་ཀྱི། བྱང་ཆུབ་སེམས་དཔའ་ཁྱིམ་པས་ནི་མི་ནུས་སོ། །ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་མངོན་པར་ཤེས་པ་མྱུར་བ་ཡིན་ཏེ། དགེ་བ་གང་དང་གང་རྩོམ་པ་དེ་དང་དེ་ཉིད་ལ་མྱུར་བ་མྱུར་བར་མཐར་ཕྱིན་པར་འགྱུར་གྱི། བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི་དེ་ལྟ་མ་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་བརྟུལ་ཞུགས་ལ་ངེས་པར་གནས་པའི་ཕྱིར། གཞན་དག་ལ་ཚིག་བཙུན་པ་ཡིན་གྱི། བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི་དེ་ལྟ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཁྱིམ་པ་དང༌། རབ་ཏུ་བྱུང་བ་གཉིས་ནི་དེ་ལྟ་བུ་དང་མཐུན་པའི་ཆོས་རྣམས་ཀྱིས་ཤིན་ཏུ་ཁྱད་ཆེར་ཞུགས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་མཐུན་པའི་ཆོས་ཀྱི་རྣལ་འབྱོར་གྱི་གནས་ལས་ཕྱོགས་ཀྱི་ལེའུ་སྟེ་གཉིས་པའོ།། །།བམ་པོ་བཅུ་བདུན་པ། སྡོམ་ནི། སེམས་ཅན་རྣམས་ལ་བློ་ལྡན་གྱི། །མཉེས་གཤིན་པ་ནི་རྣམ་བདུན་དང༌། །དེ་དག་བསམ་པ་བཅོ་ལྔ་སྟེ། །བྱ་བ་བཅུ་ནི་བྱེད་པར་བསྟན། །སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཉེས་གཤིན་པ་རྣམ་པ་བདུན་འབྱུང་སྟེ། མཉེས་གཤིན་པ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། དགེ་བའི་བསམ་པ་ཅན་མཆོག་ཏུ་དགེ་བའི་བསམ་པ་ཅན་ཞེས་བྱའོ། །མཉེས་གཤིན་པ་རྣམ་པ་བདུན་གང་ཞེ་ན། འཇིགས་པ་མེད་པ་དང༌། རིགས་པ་དང༌། མི་སྐྱོ་བ་དང༌། གསོལ་བ་མ་བཏབ་པ་དང༌། ཟང་ཟིང་མེད་པ་དང༌། རྒྱ་ཆེ་བ་དང༌། མཉམ་པའོ། །བྱང་ཆུབ་སེམས་དཔའ་ནི་སུ་ལ་ཡང་འཇིགས་པའི་ཕྱིར་མཉེས་གཤིན་པར་བྱེད་པ་མ་ཡིན་ཏེ། མཐུན་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཡིད་དུ་འོང་ཞིང་ཕན་པ་དང༌། བདེ་བ་དང་ལྡན་པ་ཀུན་དུ་སྤྱོད་པར་བྱེད་ཀྱི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ལ་རིགས་པ་མ་ཡིན་པས་བསྐྱེད་པའི་མཉེས་གཤིན་པ། འདི་ལྟ་སྟེ། ཆོས་མ་ཡིན་པ་དང༌། འདུལ་བ་མ་ཡིན་པ་དང༌། ཚོགས་པར་ཀུན་དུ་སྤྱོད་པར་མི་འོས་པ་གནས་མ་ཡིན་པ་ལ་འཛུད་པའི་ཕྱིར་འབྱུང་བ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་ཅི་ནས་དེ་དག་གི་དོན་ལས་བརྩམས་ལ། ཐམས་ཅད་ཡོངས་སུ་མི་སྐྱོ་བར་དེ་ལྟར་སེམས་ཅན་རྣམས་ལ་


DTG129_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས་གཤིན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་གསོལ་བ་མ་བཏབ་པར་སེམས་ཅན་རྣམས་ལ་མཉེས་གཤིན་པ་ཡིན་གྱི། ལ་ལ་ཞིག་གིས་གསོལ་བ་བཏབ་པ་ནི་མ་ཡིན་ནོ། །ཟང་ཟིང་མེད་པའི་སེམས་ཀྱིས་མཉེས་གཤིན་པ་ཡིན་གྱི། གཞན་ལས་ལན་དུ་ཕན་འདོགས་སུ་རེ་བའམ། ཚེ་ཕྱི་མ་ལ་སྡུག་པའི་རྣམ་པར་སྨིན་པ་ལ་རེ་བའི་ཕྱིར་ནི་མ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ལ་རྒྱུ་མེད་པར་མཉེས་གཤིན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་མཉེས་གཤིན་པ་དེ་ནི་རྒྱ་ཆེ་བ་ཡིན་ཏེ། ཆུང་བ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་སེམས་ཅན་དེ་དག་ལས་ཇི་ལྟར་གནོད་པ་བྱེད་པའི་རྣམ་པ་ཐམས་ཅད་དང་ཕྲད་ཀྱང་སྤོང་བར་མི་བྱེད་དེ། བདག་ཉིད་ལ་དགའ་དགུར་མི་སྡུག་པར་བྱེད་ཀྱང་སྲིད་ཀྱི། གཞན་དག་ལ་ནི་རྣམ་གྲངས་གང་གིས་ཀྱང་སྡིག་པ་བྱེད་པར་ནི་མི་འདོད་དེ། དེ་ལྟར་རྒྱ་ཆེ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཉེས་གཤིན་པ་དེ་ལྟ་བུའི་མཚན་ཉིད་དང༌། དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་དེ་ནི་སེམས་ཅན་ཐམས་ཅད་ཁོ་ན་ལ་མཚུངས་པ་མཉམ་པ་ཡིན་གྱི། སེམས་ཅན་གྱི་ཁམས་ལ་ཉི་ཚེ་བ་ནི་མ་ཡིན་ཏེ། དེ་ལྟར་ན་མཉེས་གཤིན་པ་རྣམ་པ་བདུན་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་བསམ་པ་ཅན་མཆོག་ཏུ་དགེ་བའི་བསམ་པ་ཅན་ཞེས་བྱའོ། །དེ་ལ་སངས་རྒྱས་ཀྱི་ཆོས་རྣམས་ལ་མོས་པ་དང༌། སོ་སོར་རྟོག་པ་དང༌། ངེས་པར་འབྱེད་པ་དང༌། དད་པ་སྔོན་དུ་འགྲོ་བ་དང༌། ཆོས་རྣམ་པར་འབྱེད་པ་སྔོན་དུ་འགྲོ་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་དེའི་ལྷག་པའི་བསམ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་དེ་དག་ཀྱང་མདོར་བསྡུ་ན་རྣམ་པ་བཅོ་ལྔར་རིག་པར་བྱ་སྟེ། བཅོ་ལྔ་གང་ཞེ་ན། མཆོག་གི་བསམ་པ་དང༌། ཚུལ་ཁྲིམས་ཀྱི་བསམ་པ་དང༌། ཕ་རོལ་ཏུ་ཕྱིན་པའི་བསམ་པ་དང༌། དེ་ཁོ་ནའི་དོན་གྱི་བསམ་པ་དང༌། མཐུའི་བསམ་པ་དང༌། ཕན་པའི་བསམ་པ་དང། བདེ་བའི་བསམ་པ་དང༌། ལྷག་པའི་བསམ་པ་དང༌། བརྟན་པའི་བསམ་པ་དང༌། མི་སླུ་བའི་བསམ་པ་དང༌། མ་དག་པའི་བསམ་པ་དང༌། དག་པའི་བསམ་པ་དང༌། ཤིན་ཏུ་དག་པའི་བསམ་པ་དང༌། ཚར་གཅད་པའི་བསམ་པ་དང༌། ལྷན་ཅིག་སྐྱེས་པའི་བསམ་པའོ། །དེ་ལ་སངས་རྒྱས་དང༌། ཆོས་


DTG129_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

དང། དགེ་འདུན་དཀོན་མཆོག་རྣམས་ལ་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་མཆོག་གི་བསམ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་བསམ་པ་ཞེས་བྱའོ། །སྦྱིན་པ་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཡང་དག་པར་འགྲུབ་པར་བྱ་བའི་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པའི་བསམ་པ་ཞེས་བྱའོ། །ཆོས་དང་གང་ཟག་ལ་བདག་མེད་པ་དོན་དམ་པ་ཆོས་ཀྱི་དེ་བཞིན་ཉིད་ཟབ་མོ་ལ་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་དེ་ཁོ་ནའི་དོན་གྱི་བསམ་པ་ཞེས་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པའི་མཐུའམ། ལྷན་ཅིག་སྐྱེས་པའི་མཐུ་བསམ་གྱིས་མི་ཁྱབ་པ་ལ་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་མཐུའི་བསམ་པ་ཞེས་བྱའོ། །སེམས་ཅན་རྣམས་ལ་དགེ་བ་ཉེ་བར་སྒྲུབ་པར་འདོད་པ་ནི་ཕན་པའི་བསམ་པ་ཞེས་བྱའོ། །སེམས་ཅན་རྣམས་ལ་ཕན་གདགས་པ་ཉེ་བར་སྒྲུབ་པར་འདོད་པ་ནི་བདེ་བའི་བསམ་པ་ཞེས་བྱའོ། །སེམས་ཅན་རྣམས་ལ་ཟང་ཟིང་མེད་པའི་སེམས་དང་སྡུག་པའི་རྣམ་པར་སྨིན་པ་དང་འབྲེལ་པ་མེད་པའི་སེམས་ནི་ལྷག་པའི་བསམ་པ་ཞེས་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་གཅིག་ཏུ་ངེས་པ་ནི་བརྟན་པའི་བསམ་པ་ཞེས་བྱའོ། །སེམས་ཅན་གྱི་དོན་ཐབས་དང༌། བྱང་ཆུབ་ཀྱི་ཐབས་ལ་ཕྱིན་ཅི་མ་ལོག་པའི་ཤེས་པ་དང་ལྡན་པའི་མོས་པ་ནི་མི་སླུ་བའི་བསམ་པ་ཞེས་བྱའོ། །མོས་པས་སྤྱོད་པའི་ས་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་མ་དག་པའི་བསམ་པ་ཞེས་བྱའོ། །བསམ་པ་དག་པའི་ས་ནས་བཟུང་སྟེ། སྤྱོད་པ་ངེས་པའི་སའི་བར་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་ནི་དག་པའི་བསམ་པ་ཞེས་བྱའོ། །མཐར་ཐུག་པར་འགྲོ་བའི་ས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་ནི་ཤིན་ཏུ་དག་པའི་བསམ་པ་ཞེས་བྱའོ། །དེ་ལ་མ་དག་པའི་ལྷག་པའི་བསམ་པ་གང་ཡིན་པ་དེ་ཉིད་ནི་ཚར་གཅད་པ་ཞེས་བྱ་སྟེ། སོ་སོར་བརྟག་པར་བྱ་བ་ཡིན་པའི་ཕྱིར་རོ། །དག་པ་དང༌།


DTG129_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་དག་པའི་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་ལྷན་ཅིག་སྐྱེས་པའི་བསམ་པ་ཞེས་བྱ་སྟེ། རང་བཞིན་གྱིས་དེའི་བདག་ཉིད་དུ་གྱུར་པ་དང༌། བརྟེན་པ་ཤིན་ཏུ་གནས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་མདོར་བསྡུ་ན་ལྷག་པའི་བསམ་པ་དག་པས་ཐམས་ཅད་དུ་གཏོགས་པ་བཅོ་ལྔ་པོ་འདི་དག་གིས་བྱ་བ་བཅུ་བྱེད་དེ། བཅུ་གང་ཞེ་ན། མཆོག་གི་བསམ་པས་ནི་དཀོན་མཆོག་ལ་མཆོད་པ་བྱང་ཆུབ་ཀྱི་ཚོགས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་རྣམ་པ་ཐམས་ཅད་ལ་སྦྱོར་བར་བྱེད་དོ། །ཚུལ་ཁྲིམས་ཀྱི་བསམ་པས་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ་སྲོག་གི་ཕྱིར་ཡང་བསམས་བཞིན་དུ་ཉེས་པ་འབྱུང་བར་མི་བྱེད་ལ། ཉེས་པ་བྱུང་ན་ཡང་མྱུར་བ་མྱུར་བར་སོ་སོར་འཆགས་པར་བྱེད་དོ། །ཕ་རོལ་ཏུ་ཕྱིན་པའི་བསམ་པས་ནི་དགེ་བའི་ཆོས་རྣམས་བསྒོམ་པ་རྟག་ཏུ་བྱེད་པས་བག་ཡོད་པར་གནས་ཤིང་མཆོག་ཏུ་བག་ཡོད་པར་གནས་པར་བྱེད་དོ། །དེ་ཁོ་ནའི་དོན་གྱི་ལྷག་པའི་བསམ་པས་ནི་སེམས་ཅན་གྱི་ཕྱིར་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་འཁོར་བ་ན་འཁོར་བར་ཡང་བྱེད་ལ། མྱ་ངན་ལས་འདས་པའི་ལྷག་པའི་བསམ་པ་མི་གཏོང་བར་ཡང་བྱེད་དོ། །མཐུའི་ལྷག་པའི་བསམ་པས་ནི་བརྟན་པ་ལ་སྙིང་ཐག་པ་ནས་དད་ཅིང་སྟོན་པར་ཡང་བྱེད་ལ། བསྒོམ་པ་ལ་ཡང་གཅེས་པར་འཛིན་ཏེ། འདོད་པ་སྐྱེས་པས་ཤས་ཆེར་གནས་ལ། ཐོས་པ་དང༌། བསམ་པ་ཙམ་གྱིས་ཆོག་པར་མི་འཛིན་ཏོ། །ཕན་པའི་བསམ་པ་དང༌། བདེ་བའི་བསམ་པ་དང༌། ལྷག་པའི་བསམ་པས་ནི་སེམས་ཅན་གྱི་དོན་བྱ་བའི་རྣམ་པ་ཐམས་ཅད་ལ་སྦྱོར་བར་བྱེད་དེ། སྦྱོར་བ་བྱས་ནས་ཀྱང་ཡོངས་སུ་མི་སྐྱོའོ། །བརྟན་པའི་ལྷག་པའི་བསམ་པས་ནི། བརྩོན་འགྲུས་འབར་བ་དང༌། བརྩོན་འགྲུས་རྒྱ་ཆེན་པོ་ཡང་དག་པར་རྩོམ་པར་གནས་ཏེ། སྦྱོར་བ་ལྷོད་པར་མི་འགྱུར་ཞིང༌། སྦྱོར་བ་ཉམས་པར་མི་འགྱུར་རོ། །མི་སླུ་བའི་ལྷག་པའི་བསམ་པས་ནི་དགེ་བའི་ཆོས་མངོན་པར་སྒྲུབ་པ་དེ་དང་དེ་དག་ལ་མངོན་པར་ཤེས་པ་མྱུར་བར་འགྱུར་ཏེ། ཁྱད་པར་འཐོབ་པ་དམའ་བ་དང༌། ཆུང་དུ་ཙམ་དང༌། ངན་ངོན་ཙམ་གྱིས་ཀྱང་ཆོག་པར་མི་འཛིན་ཏོ། །ཚར་གཅད་པའི་ལྷག་པའི་བསམ་པས་ནི། ལྷན་ཅིག་སྐྱེས་པའི་ལྷག་པའི་བསམ་པ་འདྲེན་ཏོ། །ལྷན་ཅིག་


DTG129_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པའི་ལྷག་པའི་བསམ་པས་ནི་ལྷ་དང༌། མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་དོ། །དེ་ལ་བཅོམ་ལྡན་འདས་ཀྱིས་སྐབས་དེ་དང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་བརྟན་པ་དང༌། བརྟགས་པ་དང༌། བཤད་པ་གང་ཡང་རུང་བ་དེ་དག་ཐམས་ཅད་ནི་ལྷག་པའི་བསམ་པ་བཅོ་ལྔ་པོ་འདི་དག་གིས་བསྡུས་པར་རིག་པར་བྱའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་གང་དག་ལྷག་པའི་བསམ་པ་དགེ་བ་རྣམས་ཀྱིས་འདས་པ་དང། མ་འོངས་པ་དང༌། ད་ལྟར་བྱུང་བའི་དུས་དག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང༌། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང༌། མངོན་པར་རྫོགས་པར་འཚང་རྒྱ་བ་དེ་དག་ཐམས་ཅད་ནི་ལྷག་པའི་བསམ་པ་བཅོ་ལྔ་པོ་འདི་དག་ལོ་ན་སྟེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་བཅོ་ལྔ་པོ་འདི་དག་ནི་བྱང་ཆུབ་ཆེན་པོའི་འབྲས་བུའི་ཕན་ཡོན་ཅན་ཡིན་ཏེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་དེ་དག་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་མཐུན་པའི་ཆོས་ཀྱི་རྣལ་འབྱོར་གྱི་གནས་ལས་ལྷག་པའི་བསམ་པའི་ལེའུ་སྟེ་གསུམ་པའོ།། །།སྡོམ་ནི། རིགས་དང་དེ་བཞིན་མོས་པ་དང༌། །རབ་ཏུ་དགའ་དང་ལྷག་ཁྲིམས་དང༌། །ལྷག་པའི་སེམས་དང་ཤེས་རབ་གསུམ། །མཚན་མ་མེད་པ་རྣམ་པ་གཉིས། །རྩོལ་དང་བཅས་དང་ལྷུན་གྱིས་གྲུབ། །སོ་སོ་ཡང་དག་རིག་དང་མཆོག །དེ་བཞིན་གཤེགས་པའི་གནས་པ་མཆོག་དེ་ལྟར་རིགས་ཕུན་སུམ་ཚོགས་པ་ནས་བཟུང་སྟེ། ཇི་སྐད་དུ་བསྟན་པའི་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་ཅིང་ཇི་སྐད་བསྟན་པའི་བྱང་ཆུབ་སེམས་དཔའི་རྟགས་རྣམས་ལ་ཡང་དག་པར་སྣང་བ་དང༌། བྱང་ཆུབ་སེམས་དཔའི་ཕྱོགས་ཀྱི་སྦྱོར་བ་རྣམས་ལ་ཡང་དག་པར་ཞུགས་པ་དང༌། ཇི་ལྟར་བརྟན་པའི་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་རྣམ་པར་སྦྱོར་བའི་བྱང་ཆུབ་སེམས་དཔའི་གནས་པ་ནི་མདོར་བསྡུ་ན། བཅུ་


DTG129_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཡོད་དེ། བྱང་ཆུབ་སེམས་དཔའི་གནས་རྣམས་ཀྱིས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་བསྡུས་པར་རིག་པར་བྱའོ། །བཅུ་གསུམ་པ་ནི་དེ་བཞིན་གཤེགས་པའི་གནས་པ་སྟེ། དེ་ནི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་གནས་པ་བླ་ན་མེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་གནས་པ་བཅུ་གཉིས་གང་ཞེ་ན། རིགས་ལ་གནས་པ་དང༌། མོས་པས་སྤྱོད་པ་ལ་གནས་པ་དང༌། རབ་ཏུ་དགའ་བ་ལ་གནས་པ་དང༌། ལྷག་པའི་ཚུལ་ཁྲིམས་ལ་གནས་པ་དང༌། ལྷག་པའི་སེམས་ལ་གནས་པ་དང༌། ལྷག་པའི་ཤེས་རབ་ལ་གནས་པ་གསུམ་པོ་བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པ་དང༌། བདེ་བ་དང་ལྡན་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པ་དང༌། ལྡོག་པ་དང་ལྡན་པའོ། །དེ་ལྟར་བྱང་ཆུབ་སེམས་དཔས་གང་གིས་དེ་ལྟར་མཐོང་བ་དང༌། དེ་ཁོ་ན་གང་མཐོང་བ་དང༌། དེ་ཁོ་ན་དེ་མ་ཤེས་པས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཇི་ལྟར་འཇུག་པ་དང༌། ཤེས་པས་སྡུག་བསྔལ་མི་འཇུག་པ་དེ་ནི་སྒོ་གསུམ་ནས་ཤེས་རབ་ཀྱིས་རྣམ་པར་དཔྱོད་པའི་བྱང་ཆུབ་སེམས་དཔའི་ལྷག་པའི་ཤེས་རབ་ལ་གནས་པ་རྣམ་པ་གསུམ་ཡིན་པ་དང༌། མཚན་མ་མེད་པ་ལ་གནས་པ་མངོན་པར་འདུ་བྱེད་པ་དང་བཅས་ཤིང་རྩོལ་བ་དང་བཅས་པ་ལ་རྒྱུན་ཆགས་ཀྱི་ལམ་ལ་འཇུག་པ་དང། མཚན་མ་མེད་པ་ལ་གནས་པ་ཉིད་མངོན་པར་འདུ་བྱེད་པ་མེད་ཅིང་ལྷུན་གྱིས་གྲུབ་པའི་ལམ་ལ་འཇུག་པ་དང༌། སོ་སོ་ཡང་དག་པར་རིག་པ་ལ་གནས་པ་དང༌། བྱང་ཆུབ་སེམས་དཔའི་གནས་མཆོག་ཡོངས་སུ་གྲུབ་པ་སྟེ། བཅུ་གཉིས་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་གནས་པ་ཡིན་ནོ། །དེ་རྣམས་ཀྱིས་དེ་དག་གིས་གནས་པ་ཐམས་ཅད་བསྡུས་ཏེ། བྱང་བྱང་སེམས་དཔའི་སྤྱོད་པ་ཐམས་ཅད་བསྡུས་སོ། །དེ་བཞིན་གཤེགས་པའི་གནས་པ་ནི་བྱང་ཆུབ་སེམས་དཔའི་གནས་པ་ཐམས་ཅད་ལས་ཡང་དག་པར་འདས་པ་གང་ཡིན་པ་སྟེ། བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་གནས་པ་ཡིན་ནོ། །དེ་ལ་དེ་བཞིན་གཤེགས་པའི་གནས་པ་ཐ་མ་ནི་རབ་ཏུ་གནས་པའི་རྣལ་འབྱོར་གྱི་གནས་ཐ་མ་ལས་རིལ་གྱིས་སྟོན་ཏོ། །བྱང་ཆུབ་སེམས་དཔའི་གནས་པ་བཅུ་གཉིས་ནི་ཇི་ལྟར་རྣམ་པར་གནས་པ་དེ་བཞིན་དུ་བསྟན་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་


DTG129_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལ་གནས་པ་ནི་གང་ཡིན། བྱང་ཆུབ་སེམས་དཔའི་རིགས་ལ་གནས་པ་ནི་ཇི་ལྟར་གནས་ཤེ་ན། འདི་ལ་བྱང་ཆུབ་སེམས་དཔའི་རིགས་ལ་གནས་པ་ནི་རང་བཞིན་གྱིས་སེམས་ཀྱི་རྒྱུན་དགེ་བའི་ཕྱིར་རང་བཞིན་གྱིས་བྱང་ཆུབ་སེམས་དཔའི་ཡོན་ཏན་བྱང་ཆུབ་སེམས་དཔའ་ལ་འོས་པའི་དགེ་བའི་ཆོས་རྣམས་དང་ལྡན་པ་ཡིན་ཏེ། དེ་ཡང་དག་པར་སྤྱོད་པ་ལ་ཡང་དག་པར་སྣང་ལ། རང་བཞིན་གྱིས་དགེ་བ་ཁོ་ནས་ངང་གིས་དགེ་བ་དེ་ལ་འཇུག་གི་སོ་སོར་བརྟགས་ཏེ། གགས་དང་བཅས་པར་གྱུར་པ་ནི་མ་ཡིན་ནོ། །རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་འཛིན་པ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ཐམས་ཅད་དེའི་ལུས་ལ་གནས་ཤིང༌། རྟེན་ལ་གནས་པར་ཡོད་དོ། །རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་དྲི་མ་རགས་པ་དང་བྲལ་བ་ཡིན་ཏེ། དེ་ནི་ཀུན་ནས་དཀྲིས་པ་གང་གིས་ཀུན་ནས་དཀྲིས་ན་མཚམས་མེད་པ་གང་ཡང་རུང་བའི་ལས་ཀུན་དུ་སྤྱོད་པར་འགྱུར་བ་འམ། དགེ་བའི་རྩ་བ་རྒྱུན་ཆད་པར་འགྱུར་བ་དེ་ལྟ་བུའི་ཉོན་མོངས་པའི་ཀུན་ནས་དཀྲིས་པར་མངོན་དུ་བྱེད་པའི་ཆ་མ་ཡིན་ནོ། །རིགས་ཀྱི་ལེའུ་ལས་རིགས་ལ་གནས་པའི་བྱ་བ་བརྟན་པ་གང་ཡིན་པ་དེས་ཡང་རྒྱས་པར་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་རིགས་ལ་གནས་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་མོས་པས་སྤྱོད་པ་ལ་གནས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ། ལྷག་པའི་བསམ་པ་མ་དག་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་གང་ཅི་ཡང་རུང་བ་དེ་ནི་དེའི་མོས་པས་སྤྱོད་པ་ལ་གནས་པ་ཞེས་བྱའོ། །དེ་ལ་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་དེ་ལས་གཞན་པ་བྱང་ཆུབ་སེམས་དཔའི་གནས་པ་བཅུ་གཅིག་པོ་ཐམས་ཅད་དང༌། དེ་བཞིན་གཤེགས་པའི་གནས་པའི་རྒྱུ་ཙམ་ལ་འཇུག་ཅིང། རྒྱུ་ཡོངས་སུ་འཛིན་པར་ཟད་ཀྱི། དེས་བྱང་ཆུབ་སེམས་དཔའི་གནས་པ་གཞན་ཅི་ཡང་བརྩམས་པ་ཡང་མེད། ཐོབ་པ་ཡང་མེད། རྣམ་པར་སྦྱངས་པ་ཡང་མེད་ན་དེ་བཞིན་གཤེགས་པའི་གནས་པ་ལྟ་ཅི་སྨོས། མོས་པས་སྤྱོད་པ་ལ་གནས་པའི་བྱང་ཆུབ་སེམས་དཔས་ནི་བྱང་ཆུབ་སེམས་དཔའི་གནས་


DTG129_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང༌། དེ་བཞིན་གཤེགས་པའི་གནས་པ་ཡང་བརྩམས་པ་ཡིན་ཏེ། ཐོབ་པ་ནི་མ་ཡིན་ཞིང་རྣམ་པར་སྦྱངས་པ་ཡང་མ་ཡིན་ནོ། །མོས་པས་སྤྱོད་པ་ལ་གནས་པ་དེ་ཉིད་ནི་ཐོབ་པ་ཡིན་ཏེ། དེ་ཉིད་རྣམ་པར་སྦྱངས་པ་ལ་ཞུགས་སོ། །མོས་པས་སྤྱོད་པ་ལ་གནས་པ་ཡོངས་སུ་དག་ན། རབ་ཏུ་དགའ་བ་ལ་གནས་པ་སྔོན་དུ་བརྩམས་པ་ཉིད་ཐོབ་པར་འགྱུར་ཏེ། དེ་ཉིད་རྣམ་པར་སྦྱངས་པ་ལ་ཡང་ཞུགས་སོ། །རབ་ཏུ་དགའ་བ་ལ་གནས་པ་ཡོངས་སུ་དག་ན། ལྷག་པའི་ཚལ་ཁྲིམས་ལ་གནས་པ་སྔོན་བརྩམས་པ་ཉིད་ཐོབ་པར་འགྱུར་ཏེ། དེ་ཉིད་རྣམ་པར་སྦྱངས་པ་ལ་ཡང་ཞུགས་སོ། །དེ་བཞིན་དུ་རྒྱས་པར་བྱང་ཆུབ་སེམས་དཔའི་གནས་པ་མཆོག་ཡོངས་སུ་གྲུབ་པའི་བར་དུ་ཡང་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་གནས་པ་མཆོག་ཡོངས་སུ་གྲུབ་པ་ཡོངས་སུ་དག་ན། དེ་མ་ཐག་ཏུ་སྔོན་བརྩམས་པའི་དེ་བཞིན་གཤེགས་པའི་གནས་པ་ཅིག་ཅར་དུ་འཐོབ་ཅིང༌། རྣམ་པར་དག་པར་ཡང་རིག་པར་བྱའོ། །འདི་ནི་དེ་བཞིན་གཤེགས་པའི་གནས་པ་དང༌། བྱང་ཆུབ་སེམས་དཔའི་གནས་པ་རྣམས་ཀྱི་ཁྱད་པར་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་རབ་ཏུ་དགའ་བ་ལ་གནས་པ་གང་ཞེ་ན། ལྷག་པའི་བསམ་པ་དག་པའི་བྱང་ཆུབ་སེམས་དཔའི་གནས་པ་གང་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་ལྷག་པའི་ཚུལ་ཁྲིམས་ལ་གནས་པ་གང་ཞེ་ན། ལྷག་པའི་བསམ་པ་དག་པའི་གཞིས་རང་བཞིན་གྱི་ཚུལ་ཁྲིམས་དང་ལྡན་པའི་གནས་པ་གང་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་ལྷག་པའི་སེམས་ལ་གནས་པ་གང་ཞེ་ན། ལྷག་པའི་ཚུལ་ཁྲིམས་ལ་གནས་པ་རྣམ་པར་དག་པའི་གཞི་དག་གིས་འཇིག་རྟེན་པའི་བསམ་གཏན་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་རྣམས་ཀྱིས་གནས་པ་གང་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་གང་ཞེ་ན། འཇིག་རྟེན་དཔའི་ཤེས་པ་རྣམ་པར་དག་པའི་གནས་སུ་གྱུར་པའི་ཏིང་ངེ་འཛིན་ལ་བརྟེན་ནས། བདེན་པ་རྟོགས་པར་བྱ་བའི་ཕྱིར་དྲན་པ་ཉེ་པར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པའི་གནས་པ་གནག་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་བདེན་པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་


DTG129_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་རབ་ཏུ་རྣམ་པར་འབྱེད་པ་ལ་བརྟེན་ནས་ཇི་ལྟ་བ་བཞིན་དུ་བདེན་པ་རྟོགས་པའི་གནས་པ་གང་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པ་དང་ལྡོག་པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་གང་ཞེ་ན། བདེན་པ་རྟོགས་པ་དེ་ཉིད་ཀྱི་དབང་དུ་བྱས་ནས། དེ་མ་ཤེས་པས་སྡུག་བསྔལ་འབྱུང་བ་རྒྱུ་དང་བཅས་པར་རབ་ཏུ་རྣམ་པར་འབྱེད་པས་རབ་ཏུ་ཕྱེ་བ་དང༌། དེ་ཤེས་པས་སྡུག་བསྔལ་རྒྱུ་དང་བཅས་པའི་འགོག་པ་རབ་ཏུ་རྣམ་པར་འབྱེད་པས་རབ་ཏུ་ཕྱེ་བའི་གནས་པ་གང་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་མ་མེད་པ་ལ་གནས་པ་མངོན་པར་འདུ་བྱེད་པ་དང་བཅས་ཤིང་རྩོལ་བ་དང་བཅས་པ་གང་ཞེ་ན། ལྷག་པའི་ཤེས་རབ་ལ་གནས་པ་རྣམ་པ་དེ་གསུམ་གྱི་དབང་དུ་བྱས་ནས། མངོན་པར་འདུ་བྱེད་པ་དང༌། རྩོལ་བས་རྒྱུན་ཆགས་སུ་བར་ཆད་མེད་པར་ཆོས་ཐམས་ཅད་ལ་དེ་བཞིན་ཉིད་རྣམ་པར་མི་རྟོག་པའི་ཤེས་རབ་བསྒོམ་པ་དང་ལྡན་པའི་གནས་པ་གང་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་མ་མེད་པ་ལ་གནས་པ་མངོན་པར་འདུ་བྱེད་པ་མེད་ཅིང་ལྷུན་གྱིས་གྲུབ་པ་གང་ཞེ་ན། མཚན་མ་མེད་པ་ལ་གནས་པ་སྔ་མ་དེ་ཉིད་ཤས་ཆེར་བསྒོམས་པས། རང་གི་རང་ཉིད་ཀྱིས་རྒྱུན་ཆགས་སུ་བར་ཆད་མེད་པར་འཇུག་པའི་ལམ་དང་ལྡན་པའི་གནས་པ་གང་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོ་ཡང་དག་པར་དམིགས་པ་ལ་གནས་པ་གང་ཞེ་ན། ཤེས་རབ་དང་ལྡན་པའི་ཏིང་ངེ་འཛིན་ཤིན་ཏུ་ཡོངས་སུ་དག་ཅིང་མི་གཡོ་བ་དེ་ཉིད་ལ་བརྟེན་ནས་བློ་གྲོས་ཆེན་པོ་རྒྱ་ཆེ་བ་རྗེས་སུ་ཐོབ་སྟེ། གཞན་དག་ལ་ཆོས་ཡང་དག་པར་སྟོན་པ་བླ་ན་མེད་པ་ལས་བརྩམས་ནས་ཆོས་རྣམས་ཀྱི་རྣམ་གྲངས་དང་དོན་དང༌། ངེས་པའི་ཚིག་དང༌། རབ་ཏུ་དབྱེ་བ་རབ་ཏུ་རྣམ་པར་འབྱེད་པའི་གནས་པ་གང་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་གནས་པ་མཆོག་གང་ཞེ་ན། བྱང་ཆུབ་སེམས་དཔའ་གང་ལ་གནས་ནས་བྱང་ཆུབ་སེམས་དཔའི་ལམ་གྱི་མཐར་ཐུག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཆོས་ཀྱི་དབང་བསྐུར་བ་ཆེན་པོ་ཐོབ་པ་སྐྱེ་བ་གཅིག་གིས་ཐོགས་པའམ། ཡང་ན་སྲིད་པ་ཐ་མ་པ་ཡིན་ཏེ། གནས་པ་དེའི་མཇུག་ཐོགས་སུ་བར་ཆད་མེད་པ་ཁོ་ནར་བླ་


DTG129_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་དོ། །དེ་ལ་མོས་པས་སྤྱོད་པ་ལ་གནས་པ་ལ་ནི་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་བསྒོམ་པ་ལ་ཆུང་ངུར་བྱེད་པ་དང༌། རྒྱུན་ཆགས་མ་ཡིན་པར་བྱེད་པ་དང༌། ངེས་པར་མི་བྱེད་པ་དང༌། ཐོབ་པ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་རོ། །རབ་ཏུ་དགའ་བ་ལ་གནས་པ་ལ་ནི། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་བསྒོམ་པ་དེ་ཉིད་ལ་རྒྱ་ཆེར་བྱེད་པ་དང༌། རྒྱུན་ཆགས་སུ་བྱེད་པ་དང༌། ངེས་པར་བྱེད་པ་དང༌། ཇི་ལྟར་ཐོབ་པ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །རབ་ཏུ་དགའ་བ་ལ་གནས་པ་ལ་ཇི་ལྟ་བ་བཞིན་དུ་ལྷག་པའི་ཤེས་རབ་ལ་གནས་པ་གསུམ་གྱི་བར་དུ་ཡང་དེ་དང་འདྲའོ། །མཚན་མ་མེད་པ་ལ་གནས་པ་དང་པོ་ནས་བཟུང་སྟེ། བྱང་ཆུབ་སེམས་དཔའི་གནས་པ་མཆོག་གི་བར་དུ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་བསྒོམ་པ་ལ་ཚད་མེད་པར་བྱེད་པ་དང༌། རྒྱུན་ཆགས་སུ་བྱེད་པ་དང༌། ངེས་པར་བྱེད་པ་ཡིན་ནོ། །དེ་ལ་མོས་པས་སྤྱོད་པ་ལ་གནས་པ་ལ་ནི་བྱང་ཆུབ་སེམས་དཔའི་མཚན་མ་མེད་པ་བསྒོམ་པ་ཡང་དག་པར་རྩོམ་པར་རིག་པར་བྱའོ། །རབ་ཏུ་དགའ་བ་ལ་གནས་པ་དང༌། ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་ལ་གནས་པ་རྣམས་ལ་ནི་བྱང་ཆུབ་སེམས་དཔའི་མཚན་མ་མེད་པ་བསྒོམ་པ་དེ་འཐོབ་པར་རིག་པར་བྱའོ། །མཚན་མ་མེད་པ་ལ་གནས་པ་དང་པོ་ལ་ནི་ཡང་དག་པར་འགྲུབ་བོ། །མཚན་མ་མེད་པ་ལ་གནས་པ་གཉིས་པ་ལ་ནི་བྱང་ཆུབ་སེམས་དཔའི་མཚན་མ་མེད་པ་བསྒོམ་པ་ཡོངས་སུ་དག་པར་རིག་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་ལ་གནས་པ་དང༌། གནས་པ་མཆོག་ལ་ནི་བྱང་ཆུབ་སེམས་དཔའི་མཚན་མ་མེད་པའི་བསྒོམ་པ་དེ་ཉིད་ཀྱི་འབྲས་བུ་སོ་སོར་མྱོང་བར་རིག་པར་བྱའོ། །མོས་པས་སྤྱོད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་རྣམ་པ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན་ཞེ་ན། མོས་པས་སྤྱོད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སོ་སོར་རྟོག་པའི་སྟོབས་ཅན་ཡིན་ཏེ། བྱང་ཆུབ་སེམས་དཔའི་བྱ་བའི་སྦྱོར་བ་དག་ལ་སོ་སོར་བརྟགས་ཤིང་བརྟགས་ཤིང་ཤེས་རབ་ཀྱིས་སྦྱོར་བར་བྱེད་ཀྱི། རང་བཞིན་གྱིས་དེའི་བདག་ཉིད་དུ་གྱུར་


DTG129_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

པས་བྱང་ཆུབ་སེམས་དཔའི་བསྒོམ་པ་མི་འགྱུར་བ་དང༌། བརྟན་པ་དང༌། ཕྱིར་མི་ལྡོག་པ་འཐོབ་པ་ནི་མ་ཡིན་ནོ། །བསྒོམ་པ་ཇི་ལྟ་བ་བཞིན་དུ། བསྒོམ་པའི་འབྲས་བུ་སོ་སོ་ཡང་དག་པར་རིག་པ་དང༌། མངོན་པར་ཤེས་པ་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་རྣམ་པ་སྣ་ཚོགས་ཀྱང་དེ་དང་འདྲའོ། །འཇིགས་པ་རྣམ་པ་ལྔ་པོ་འཚོ་བ་མེད་པའི་འཇིགས་པ་དང༌། ཚིགས་སུ་བཅད་པ་མེད་པའི་འཇིགས་པ་དང༌། འཆི་བའི་འཇིགས་པ་དང༌། ངན་འགྲོའི་འཇིགས་པ་དང༌། འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་རྣམས་ལས་ཀྱང་འདས་པ་མ་ཡིན་ནོ། །སེམས་ཅན་གྱི་དོན་རྣམས་ལ་ཡང་སོ་སོར་བརྟགས་ཏེ་སྦྱོར་གྱི་རང་བཞིན་གྱིས་སྙིང་བརྩེ་ཞིང་བྱམས་པས་ནི་མ་ཡིན་ནོ། །ཆེད་འགའ་ནི་སེམས་ཅན་རྣམས་ལ་ལུས་དང་ངག་དང་ཡིད་ཀྱིས་ལོག་པར་སྒྲུབ་བོ། །ཆེད་འགའ་ནི་ཡུལ་རྣམས་ལ་ཡང་ལྷག་པར་ཞེན་པར་འགྱུར་རོ། །ཆེད་འགའ་ནི་ཡོ་བྱད་རྣམས་ལ་ཀུན་དུ་འཛིན་པར་ཡང་སྣང་ངོ༌། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་དག་ལ་ཡང་དད་པས་འགྲོ་བར་འགྱུར་གྱི། འདི་ལྟ་སྟེ། དེ་བཞིན་གཤེགས་པའམ། ཆོས་སམ། དགེ་འདུན་ནམ། དེ་ཁོ་ནའི་དོན་ནམ། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་མཐུའམ། རྒྱུའམ། འབྲས་བུའམ། ཐོབ་པར་བྱ་བའི་དོན་ནམ། ཐོབ་པར་བྱ་བའི་ཐབས་སམ། སྤྱོད་ཡུལ་ལས་བརྩམས་ཏེ། སོ་སོར་རང་ལ་དེ་ཁོ་ནར་ཤེས་པ་ནི་མ་ཡིན་ནོ། །ཐོས་པ་ལས་བྱུང་བ་དང༌། བསམས་པ་ལས་བྱུང་བའི་ཤེས་རབ་ཆུང་ངུ་དང་ལྡན་པ་ཡིན་གྱི། ཚད་མེད་པ་དང་ལྡན་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱང་དེས་ཆེད་འགའ་བརྗོད་པར་འགྱུར་ཏེ། བརྗེད་ངས་པའི་ཆོས་ཅན་ཡིན་ནོ། །བྱང་ཆུབ་སེམས་དཔའི་ལམ་མངོན་པར་ཤེས་པ་བུལ་བ་དཀའ་བ་དང་ལྡན་པ་ཡང་ཡིན་ནོ། །བྱང་ཆུབ་ཆེན་པོ་ལ་ཡང་འདུན་པ་དྲག་པོ་མེད་དོ། །བརྩོན་འགྲུས་འབར་བ་མ་ཡིན་ནོ། །ཟབ་མོ་ལ་དགའ་བ་ལེགས་པར་གནས་པ་མ་ཡིན་ནོ། །གནས་པ་གསུམ་པོ་རྣམས་སུ་ཡང་བརྗེད་ངས་པ་ཡིན་ཏེ། ཡུལ་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་ཡིད་དུ་འོང་བ་དང༌། ཡིད་དུ་མི་འོང་བ་རྣམས་ལ་ཆེད་འགའ་ཕྱིན་ཅི་ལོག་ཏུ་སེམས་པ་དང༌། སྐྱེ་བ་ལུས་དང་ཐ་དད་པ་དེ་དང༌། དེར་སྐྱེས་པ་ནས་ལུས་སྔ་མ་བརྗེད་པ་དང༌། ཆོས་ལུང་མནོས་


DTG129_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང། བཟུང་བ་དང༌། བྱས་ནས་ཡུན་རིང་དུ་ལོན་པ་དང༌། སྨྲས་ནས་ཡུན་རིང་དུ་ལོན་པ་དག་ཀྱང་ཆེད་འགའ་བརྗེད་པས་ན། དེ་ལྟར་གནས་གསུམ་པོ་དེ་དག་ཏུ་བརྗེད་ངས་པ་ཡིན་ནོ། །ཆེད་འགའ་ནི་ཡིད་གཞུངས་པར་ཡང་འགྱུར་ཏེ། ཆོས་རྣམས་ལེན་པ་དང༌། འཛིན་པ་དང༌། དོན་འཇུག་པར་ནུས་ལ། ཆེད་འགའ་ནི་དེ་ལྟ་མ་ཡིན་ནོ། །ཆེད་འགའ་ནི་དྲན་པ་དང་ལྡན་པར་འགྱུར་ལ། ཆེད་འགའ་ནི་བརྗེད་ངས་པའི་རང་བཞིན་ཅན་དུ་འགྱུར་རོ། །སེམས་ཅན་རྣམས་འདུལ་བའི་ཐབས་ཀྱང་ཇི་ལྟ་བ་བཞིན་དུ་མངོན་པར་མི་ཤེས་ལ། རང་གི་སངས་རྒྱས་ཀྱི་ཆོས་སྒྲུབ་པའི་ཐབས་ཀྱང་མངོན་པར་མི་ཤེས་སོ། །གཞན་དག་ལ་ཡང་ནན་གྱིས་ཆོས་སྟོན་ཅིང་གདམས་པ་དང་རྗེས་སུ་བརྟན་པ་ལ་འཇུག་པར་བྱེད་དེ། དེས་ནན་གྱིས་འཇུག་པར་བྱས་པ་དེ་ཡང༌། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པས་མ་ཡིན་ཏེ། མཚན་མོ་མདའ་འཕངས་པ་བཞིན་དུ་དབང་དུ་འགྲུབ་པར་ཟད་པས་ན། ཆེད་འགའ་ནི་འབྲས་བུ་མེད་པར་འགྱུར། ཆེད་འགའ་ནི་འབྲས་བུ་ཡོད་པར་འགྱུར་རོ། །ཆེད་འགའ་ནི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་ལས་ཀྱང་གཏོང་བར་འགྱུར། ཆེད་འགའ་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་ཀྱང་ལྡོག་པའམ། ཡང་ན་སྤྲོ་བ་མེད་པར་འགྱུར་རོ། །ཆེད་འགའ་ནི་སེམས་ཅན་གྱི་དོན་བྱ་བ་ཞུགས་པ་ལས་ཀྱང་བར་མ་དོར་སྐྱེ་བར་གྱུར་ནས། སེམས་ཅན་གྱི་དོན་བྱ་བའི་སྦྱོར་བ་དེ་ལས་ཕྱིར་ལྡོག་པར་འགྱུར་རོ། བསམ་པ་ཐག་པ་ནས་བདག་ཉིད་བདེ་བར་འདོད་ལ་གཞན་གྱི་བདེ་བ་ནི་སོ་སོར་བརྟགས་ཏེ་འདོད་པར་ཟད་དོ། །བྱང་ཆུབ་སེམས་དཔའི་འཁྲུལ་པ་རྣམས་ལ་ཡང་ཡོངས་སུ་ཤེས་པ་མང་མོད་ཀྱི། ཡང་དང་ཡང་དུ་འཁྲུལ་པ་ལྷག་པར་སྤྱོད་པས་ཡོངས་སུ་ཤེས་ཤིང༌། མ་ལུས་པར་སྤོང་བ་དང་ལྡན་པ་ནི་མ་ཡིན་ནོ། །ཆེད་འགའ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་འདུལ་བ་འདི་ལས་ཁྲིད་པར་འགྱུར་རོ། །ཆེད་འགའ་ནི་ཆོས་བསྟན་པ་ཟབ་ཅིང་རྒྱ་ཆེ་བ་ཐོས་ནས་སྐྲག་པར་འགྱུར་ཞིང་དེའི་སེམས་གཡོ་བ་དང༌། ཡིད་གཉིས་དང༌། ཐེ་ཚོམ་ཟ་བར་འགྱུར་རོ། །སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་ཀུན་དུ་སྤྱོད་པ་ཡང་ཐམས་ཅད་ཀྱི་ཐམས་ཅད་དུ་རྣམ་པར་སྤོང་བར་འགྱུར་རོ། །སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་ཆུང་དུ་བསྒྲུབ་པས་ཉེ་བར་གནས་པ་ཡིན་ཏེ། རྒྱ་ཆེ་བ་དང༌། ཚད་


DTG129_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ནི་མ་ཡིན་ནོ། །ཇི་སྐད་བསྟན་པའི་བྱང་ཆུབ་སེམས་དཔའི་བསླབ་པ་ཡོངས་སུ་རྫོགས་པ་ཐམས་ཅད་ལ་ཡང་སློབ་པར་མི་བྱེད་དོ། །ཇི་སྐད་བསྟན་པའི་བྱང་ཆུབ་སེམས་དཔའི་རྟགས་ཡོངས་སུ་རྫོགས་པ་ཐམས་ཅད་དང་ལྡན་པ་ཡང་མ་ཡིན་ནོ། །ཇི་སྐད་བསྟན་པའི་བྱང་ཆུབ་སེམས་དཔའི་ཕྱོགས་ཀྱི་སྦྱོར་བ་ཡོངས་སུ་རྫོགས་པ་ཐམས་ཅད་ལ་ཡང་དག་པར་མི་སྣང་ངོ་བདག་ཉིད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་རིང་བར་འཛིན་ཏོ། །དེ་ནི་འཁོར་བ་ན་འཁོར་བ་ལ་ཇི་ལྟར་ལྷག་པའི་བསམ་པ་གནས་པ་ལྟར་མྱ་ངན་ལས་པ་ལ་དེ་ལྟ་མ་ཡིན་ནོ། །དགེ་བ་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སྦྱངས་ཤིང་མི་གཡོ་བ་རྣམས་དང་ལྡན་པ་ཡིན་ནོ། །དེ་དག་དང་དེ་ལྟ་བུ་དང་མཐུན་པའི་རྟགས་དང་མཚན་མ་དང༌། རྣམ་པ་དེ་དག་ནི་མོས་པ་སྤྱོད་པ་ལ་གནས་པས་གནས་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ། །མོས་པས་སྤྱོད་པ་ལ་གནས་པ་ལ་བཟོད་པ་ཆུང་ངུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ནི་རྣམ་པ་དང༌། རྟགས་དང༌། མཚན་མ་ཇི་སྐད་བསྟན་པ་དེ་དག་ཤས་ཆེ་བར་རིག་པར་བྱའོ། །བཟོད་པ་འབྲིང་ལ་གནས་པ་ལ་ནི་འབྲིང་དུ་རིག་པར་བྱའོ། །བཟོད་པ་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ནི་རྣམ་པ་དང། རྟགས་དང༌། མཚན་མ་དེ་དག་ཆུང་ཞིང་སྲབ་པར་རིག་པར་བྱའོ། །བཟོད་པ་ཆེན་པོ་ལ་གནས་པ་ཉིད་ཀྱི་བྱང་ཆུབ་སེམས་དཔའ་ནི་རྣམ་པ་དང༌། རྟགས་དང༌། མཚན་མ་དེ་དག་ཀྱང་མ་ལུས་པར་སྤོང་ལ། དེ་མ་ཐག་ཏུ་རབ་ཏུ་དགའ་བའི་གནས་པ་ལ་ཡང་འཐོབ་པའི་ཚུལ་གྱིས་འཇུག་པར་རིག་པར་བྱའོ། །རབ་ཏུ་དགའ་བའི་གནས་པ་ལ་གནས་པ་དེ་ལ་ནི་མོས་པས་སྤྱོད་པ་ལ་གནས་པས་གནས་པ་ལ་ཡོད་པར་བསྟན་པ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དོ། །དེ་ལས་བཟློག་པའི་དཀར་པོའི་ཕྱོགས་ཀྱི་ཆོས་ཐམས་ཅད་ནི་ཡོད་དེ། དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་དག་པ་ཞེས་བྱའོ། །མོས་པས་སྤྱོད་པ་ལ་གནས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ཡང་ཆུང་ངུ་དང༌། འབྲིང་དང༌། ཆེན་པོའི་ཚུལ་གྱིས་གོང་ནས་གོང་དུ་མོས་པ་དག་པ་ཡོད་མོད་ཀྱི། དེ་ལ་ནི་ལྷག་པའི་བསམ་པ་དག་པ་ཞེས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་


DTG129_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པ་དེ་ནི་ཉེ་བའི་ཉོན་མོངས་པ་རྣམ་པ་དུ་མ་དེ་དག་གིས་ཉེ་བའི་ཉོན་མོངས་པ་ཅན་དུ་གྱུར་པས་འཇུག་ལ། རབ་ཏུ་དགའ་བའི་གནས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་མོས་པའི་ཉེ་བའི་ཉོན་མོངས་པ་དེ་དག་ཐམས་ཅད་སྤང་བའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་ཅིང་དག་པའི་མོས་པ་འཇུག་པའི་ཕྱིར་རོ། །དེ་ལ་རབ་ཏུ་དགའ་བའི་གནས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་རྣམ་པ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན་པར་རིག་པར་བྱ་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ས་ལ་གནས་པ་ལས་རབ་ཏུ་དགའ་བའི་གནས་པ་ལ་འཇུག་པ་ན། བྱང་ཆུབ་སེམས་དཔའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྨོན་ལམ་སྔ་མ་བྱང་ཆུབ་ལེགས་པར་མ་རྟོགས་པ། བྱང་ཆུབ་པར་བྱ་བའི་ཐབས་ལེགས་པར་མ་རྟོགས་པ་ཕལ་ཆེར་གཞན་གྱི་རྐྱེན་གྱིས་འགྲོ་བ་ངེས་པ་མ་ཡིན་པ་སྤངས་ནས། བྱང་ཆུབ་སེམས་དཔའི་སྨོན་ལམ་ཤིན་ཏུ་རྣམ་པར་ངེས་པ་སོ་སོ་རང་གི་བསྒོམས་པ་ལས་བྱུང་བའི་སར་པ་གཞན་རྣམ་པ་དྲུག་པོ་དེ་ལས་གཞན་པའི་དཀར་པོའི་སྨོན་ལམ་ཐམས་ཅད་ལས་ཡང་དག་པར་འདས་པ་མཚུངས་པ་མེད་ཅིང་འབྲས་བུ་ཐུན་མོང་བ་མ་ཡིན་པ་དང༌། དེ་འཇིག་རྟེན་པ་དང༌། དེ་འཇིག་རྟེན་པ་ཐམས་ཅད་ཀྱི་ཡུལ་ལས་ཀྱང་ཡང་དག་པར་འདས་པ་དང༌། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཡོངས་སུ་བསྐྱབ་པ་དང་ལྡན་པའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་དང༌། སྨོན་ལམ་དེ་སྐད་ཅིག་ཙམ་སྐྱེས་ན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀར་པོའི་ཆོས་ཀྱི་སྡུག་བསྔལ་བའི་འབྲས་བུ་དཔག་ཏུ་མེད་པར་འགྱུར་པ་གང་དག་ཡིན་པ་དེ་དག་ལྟ་བུའི་ཆོས་ཀྱི་རང་བཞིན་དེ་དང༌། སྨོན་ལམ་དེ་འགྱུར་པ་མེད་ཅིང་ཟད་མི་ཤེས་པ་ཡིན་ཏེ། དེ་ཐོབ་པ་ལ་རྣམ་གྲངས་གང་གིས་ཀྱང་ཡོངས་སུ་ཉམས་པར་འགྱུར་བའམ། གཞན་དུ་འགྱུར་བ་མི་དམིགས་པ་དང༌། དེ་ཁྱད་པར་དུ་འགྲོ་བའི་ཆ་དང་མཐུན་ཞིང་ཕྱི་མའི་མཐར་ཕྱིན་པ་ལ། བྱང་ཆུབ་ཆེན་པོའི་མཐར་ཐུག་པ་དག་གིས་སྐྱེད་པར་བྱེད་དེ། བྱང་ཆུབ་སེམས་དཔའི་སྨོན་ལམ་ཤིན་ཏུ་རྣམ་པར་ངེས་པ་དེ་ནི་སེམས་བསྐྱེད་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་དེ་ནི་མདོར་བསྡུ་ན་རྣམ་པ་བཞིར་རིག་པར་བྱ་སྟེ། བཞི་གང་ཞེ་ན།


DTG129_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མ་ཁོ་ནར་བྱང་ཆུབ་སེམས་དཔའ་ཇི་ལྟ་བུ་དག་ལ་སེམས་དེ་སྐྱེད་པ་དང༌། ཅི་ལ་དམིགས་ནས་སྐྱེ་བ་དང༌། ཇི་ལྟ་བུའི་མཚན་ཉིད་ཅི་འདྲ་ཞིང་གང་གི་བདག་ཉིད་དུ་སྐྱེ་བ་དང༌། སེམས་དེ་སྐྱེས་ན་ཕན་འདོགས་ཅིར་འགྱུར་བ་རྣམ་པ་བཞི་པོ་དེ་དག་གིས་སེམས་སྐྱེ་བ་དེ་རིག་པར་བྱའོ། །དེ་ལ་མདོར་བསྡུ་ན་མོས་པས་སྤྱོད་པ་ལ་གནས་པ་ལ་རྣམ་པ་ཐམས་ཅད་དུ་དགེ་བའི་རྩ་བ་ཤིན་ཏུ་བསགས་ཤིང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་དག་པ་ལ་ངེས་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ལ་སེམས་དེ་སྐྱེའོ། །མདོར་བསྡུ་ན་ཕྱི་མ་ལ་ཡང་དག་པར་མྱུར་དུ་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་བྱ་བ་ཡོངས་སུ་རྫོགས་པར་བྱ་བ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུ་དང༌། རྣམ་པ་ཐམས་ཅད་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་དང༌། སངས་རྒྱས་ཀྱི་ཕྲིན་ལས་མཛད་པ་ཡོངས་སུ་རྫོགས་པར་བྱ་བ་ལ་དམིགས་པ་བྱས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་དེ་སྐྱེའོ། །ཡང་དག་པར་མྱུར་དུ་རྣམ་པ་ཐམས་ཅད་དུ་བྱང་ཆུབ་ཀྱི་ཚོགས་ཐམས་ཅད་དང་མཐུན་པ་དང༌། སེམས་ཅན་རྣམས་ལ་རྣམ་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་བྱ་བ་དང་མཐུན་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རང་བྱུང་གི་ཡེ་ཤེས་འཐོབ་པ་དང༌། མཐུན་པ་དང༌། རྣམ་པ་ཐམས་ཅད་དུ་སངས་རྒྱས་ཀྱི་ཕྲིན་ལས་མཛད་པ་དང་མཐུན་པའི་སེམས་དེ་སྐྱེའོ། །སེམས་དེ་སྐྱེས་པས་བྱང་ཆུབ་སེམས་དཔའ་བྱིས་པའི་བྱང་ཆུབ་སེམས་དཔའ་སོ་སོའི་སྐྱེ་བོའི་ས་ལས་འདས་པ་ཡིན། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་པ་ཡིན། དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན། དེ་བཞིན་གཤེགས་པའི་ཐུགས་ཀྱི་སྲས་ཡིན། རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྲོ་བ་དང། དེ་བཞིན་གཤེགས་པའི་རིགས་སུ་ངེས་པ་ཡིན་ནོ། །དེ་ལྟར་གྱུར་པ་དེ་ཤེས་ནས་དད་པ་ཐོབ་ནས་མཆོག་ཏུ་དགའ་བ་མང་བ་ཡིན། གཞན་དག་ལ་ཤས་ཆེར་ཉེས་རྩོམ་མེད་པ་ཡིན། རྣམ་པར་འཚེ་བ་མེད་པ་ཡིན། ཁྲོ་བ་མེད་པ་མང་པ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་བྱང་ཆུབ་སེམས་


DTG129_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་སེམས་ཅན་གྱི་དོན་བྱ་བ་དང༌། རྣམ་པ་ཐམས་ཅད་དུ་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པ་དང༌། རྣམ་པ་ཐམས་ཅད་དུ་བྱང་ཆུབ་དང༌། སངས་རྒྱས་ཀྱི་ཆོས་རྣམས་དང༌། སངས་རྒྱས་ཀྱི་ཕྲིན་ལས་སྒྲུབ་པ་ལ་ལྷག་པའི་བསམ་པ་དག་པས་དམིགས་པ་བྱས་ཤིང་མོས་པས་འཇུག་པ་ཆོས་འདི་ལ་མྱུར་དུ་ཡང་དག་པར་འགྲུབ་པ་དང༌། མཐུན་པ་དག་ཉིད་ཡང་དག་པར་མཐོང་ཞིང་ཁོང་དུ་ཆུད་ནས་མཆོག་ཏུ་དགའ་བ་མང་བར་འགྱུར་རོ། །བདག་ཉིད་དགེ་བ་རྒྱ་ཆེན་པོ་མངོན་པར་འགྱུར་པ་དང་ལྡན་པ་ཟང་ཟིང་མེད་པ་མཚུངས་པ་མེད་པ། ལུས་དང་སེམས་ལ་ཕན་འདོགས་པའི་མཆོག་ཏུ་དགའ་བ་དང༌། དགེ་བའི་ཚོས་འབར་བ་དག་དང་ལྡན་ནོ། །བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་ཏོ། །བྱང་ཆུབ་ཆེན་པོ་ལ་བདག་གི་ལྷག་པའི་བསམ་པ་ནི་རྣམ་པར་དག་གོ །བདག་ནི་འཇིགས་པ་ཐམས་ཅད་དང་བྲལ་ལོ་སྙམ་ནས། དེའི་ཕྱིར་ཡང་མཆོག་ཏུ་དགའ་བ་མང་བ་ཡིན་ནོ། །འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཤིན་ཏུ་རྣམ་པར་ངེས་པར་བསྐྱེད་པ་ནི་འཇིགས་པ་ལྔ་སྤངས་བ་ཡིན་ཏེ། བདག་མེད་པའི་ཡེ་ཤེས་ཤིན་ཏུ་ཡོངས་སུ་བསྒོམས་པ་ལ་ནི་བདག་ཏུ་འདུ་ཤེས་པ་ཡང་མི་འབྱུང་ན་དེ་ལ་བདག་ལ་ཆགས་པའམ། ཡོ་བྱད་ལ་ཆགས་པ་ལྟ་ག་ལ་འབྱུང་སྟེ། དེའི་ཕྱིར་དེ་ལ་འཚོ་བ་མེད་པའི་འཇིགས་པ་མེད་དོ། །གཞན་དག་ལས་ཀྱང་ཅི་ཡང་རེ་བ་མེད་ལ། འདི་ལྟ་བུར་ཡང་འདོད་དེ། བདག་ཉིད་ཀྱིས་སེམས་ཅན་འདི་རྣམས་ཀྱི་དོན་ཐམས་ཅད་སྒྲུབ་བོ་སྙམ་སྟེ། དེའི་ཕྱིར་དེ་ལ་ཚིགས་སུ་བཅད་པ་མེད་པའི་འཇིགས་པ་མེད་དོ། །བདག་ཏུ་ལྟ་བ་དང་བྲལ་བའི་ཕྱིར་ན་དེ་ལ་བདག་ཏུ་འདུ་ཤེས་པ་མི་འབྱུང་སྟེ། དེའི་ཕྱིར་དེ་ལ་འཆི་བའི་འཇིགས་པ་མེད་དོ། །བདག་ནི་ཤི་བའི་འོག་ཏུ་ཕྱི་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ངེས་པར་ཕྲད་པར་འགྱུར་རོ་སྙམ་སྟེ། དེ་ལྟར་ངེས་པར་གྱུར་པས་ན། དེའི་ཕྱིར་དེ་ལ་ངན་འགྲོའི་འཇིགས་པ་མེད་དོ། །འཇིག་རྟེན་ཐམས་ཅད་ན་བདག་དང་བསམ་པ་མཚུངས་ཤིང་མཉམ་པ་སུ་ཡང་མ་མཐོང་ན། ཆེས་ལྷག་པ་ལྟ་ག་ལ་ཡོད་སྙམ་སྟེ། དེའི་ཕྱིར་ངེ་ལ་འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་མེད་དོ། །དེ་དེ་ལྟར་འཇིགས་པ་ཐམས་ཅད་དང་བྲལ་བ་དང༌། ཟབ་མོ་སྟོན་


DTG129_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཀྱིས་སྐྲག་པ་དང་བྲལ་བ་དང༌། ཐོས་པའི་ང་རྒྱལ་གྱིས་ཁེངས་པ་དང་བྲལ་བ་དང༌། གཞན་གྱིས་གནོད་པ་དང་ལོག་པར་སྒྲུབ་པ་ཐམས་ཅད་ལ་ཞེ་སྡང་དང་བྲལ་བ་དང༌། འཇིག་རྟེན་གྱི་འདུ་འཛིའི་དགའ་བ་ཐམས་ཅད་དང་བྲལ་བ་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་ཉམས་པ་མེད་པ་དང༌། ཤིན་ཏུ་སྦྱངས་པའི་ཕྱིར་ཕལ་པ་མ་ཡིན་པའི་བསམ་པས་དགེ་བའི་ཆོས་ཐམས་ཅད་ཡང་དག་པར་འགྲུབ་པར་བྱ་བའི་ཕྱིར། ཚེ་འདི་ལ་ཡང་རྣམ་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་རྩོམ་པར་བྱེད་དོ། །དད་པའི་དབང་དུ་བྱ་བ་སྔོན་དུ་བཏང་སྟེ། ཕྱི་མ་ལ་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ལེའུ་ལས་སྔར་བསྟན་པའི་སྨོན་ལམ་ཆེན་པོ་བཅུ་པོ་གང་ཡིན་པ་དེ་དག་བསམ་པ་དག་པ་ལ་བརྟེན་ནས་རབ་ཏུ་དགའ་བ་ལ་གནས་པ་འདི་ལ་མངོན་པར་འགྲུབ་པར་བྱེད་དོ།། །།བམ་པོ་བཅོ་བརྒྱད་པ། སེམས་ཅན་གྱི་མཆོག་ཡོན་གྱི་གནས་སྟོན་པ་ཆོས་ཀྱི་མངའ་བདག་ལ་མཆོད་པ་བྱ་བའི་སྨོན་ལམ་ཆེན་པོ་དང་གཉིས་པ་སྟེ་དེས་གསུངས་པའི་དམ་པའི་ཆོས་ཡང་དག་པར་བཟུང་བ་དང༌། གསུམ་པ་སྟེ་དམ་པའི་ཆོས་གོ་རིམས་བཞིན་དུ་འབྱུང་བར་བྱ་བ་དང༌། བཞི་པ་སྟེ་དེ་དང་མཐུན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་དང༌། ལྔ་པ་སྟེ་དེའི་སྣོད་ཀྱི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། དྲུག་པ་སྟེ་སངས་རྒྱས་ཀྱི་ཞིང་རྣམས་སུ་འགྲོ་བ་དང༌། དེ་བཞིན་གཤེགས་པ་ལྟ་བ་དང༌། དམ་པའི་ཆོས་མཉན་པ་དང༌། བདུན་པ་སྟེ་རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང༌། བརྒྱད་པ་སྟེ་ཚེ་རབས་ཐམས་ཅད་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་མི་འབྲལ་བར་བྱ་བ་དང༌། བྱང་ཆུབ་སེམས་དཔའ་རྣམས་དང་བསམ་པ་དང་སྦྱོར་བ་གཅིག་པར་བྱ་བ་དང༌། དགུ་པ་སྟེ་སེམས་ཅན་གྱི་དོན་བྱ་བ་ཐམས་ཅད་འབྲས་བུ་ཡོད་པར་བྱ་བ་དང༌། བཅུ་པ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་དང༌། སངས་རྒྱས་ཀྱི་མཛད་པ་བྱ་བའི་སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་པོ། །སེམས་ཅན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་པ་རྒྱུན་མི་འཆད་པ་ལྟ་བུ་དང༌། འཇིག་རྟེན་གྱི་ཆོས་རྒྱུན་མི་འཆད་པ་བཞིན་དུ་བྱང་ཆུབ་ཀྱི་མཐར་


DTG129_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་པར་འགྲོ་བའི་བར་དུ། ཚེ་རབ་ཐམས་ཅད་དུ་བདག་གི་སྨོན་ལམ་ཆེན་པོ་འདི་ཐོབ་པ་དང༌། མི་བརྗེད་པ་དང༌། མི་འབྲལ་བར་གྱུར་ཅིག་ཅེས་སེམས་ཀྱིས་ཡང་དག་པར་སྨོན་པར་བྱེད་དོ། །སྔ་མ་ནི་སྨོན་པར་བྱ་བའི་དོན་ལ་སྨོན་པའོ། །ཕྱི་མ་ནི་སྨོན་ལམ་ཉིད་ལ་སྨོན་པར་རིག་པར་བྱ་སྟེ། དེ་སྨོན་ལམ་ཆེན་པོ་འདི་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེའི་ཡང་དག་པའི་སྨོན་ལམ་རྣམས་ཀྱི་སྨོན་ལམ་གྲངས་མེད་པ་འབུམ་ཕྲག་བཅུ་སྐྱེ་བར་འགྱུར་རོ། །དེ་ནི་འདི་ལྟར་ཕྱི་མ་ལ་ཡང་སྨོན་ལམ་དང་ལྡན་པར་འགྱུར་ལ། ཚེ་འདི་ལ་ཡང་བརྩོན་འགྲུས་བརྩམས་པ་ནི་གནས་པ་ཡོངས་སུ་སྦྱངས་པའི་ཆོས་བཅུས་རབ་ཏུ་དགའ་བའི་གནས་པ་ཡོངས་སུ་དག་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མངོན་པར་དད་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་གྱིས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་ཡང་དག་པར་འགྲུབ་པར་ལྟ་བའི་སྙིང་རྗེ་དང༌། བདག་གིས་སེམས་ཅན་འདི་དག་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་འདི་ལས་རྣམ་པར་གྲོལ་བར་བྱའོ་སྙམ་དུ་ལྟ་བའི་བྱམས་པ་དང༌། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཡོངས་སུ་བསྐྱབ་པའི་བསམ་པས་བདག་ཉིད་ལ་མི་ལྟ་སྟེ། དེ་ལ་མི་ལྟ་བས་སེམས་ཅན་རྣམས་ལ་ནང་དང་ཕྱི་རོལ་གྱི་དངོས་པོ་ཡོངས་སུ་གཏོང་བ་དང༌། སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ཆོས་གཞན་ལས་ཡོངས་སུ་ཚོལ་བ་ལ་མི་སྐྱོ་བ་དང༌། མི་སྐྱོ་བས་བསྟན་བཅོས་ཐམས་ཅད་ཤེས་པ་ཡང་དག་པར་འགྲུབ་པ་རྣམ་པར་དག་པས་བསྟན་བཅོས་ཤེས་པ་དང༌། བསྟན་བཅོས་ཤེས་པས་སེམས་ཅན་ཐ་མ་དང་འབྲིང་དང༌། ཁྱད་པར་དུ་འཕགས་པ་རྣམས་ལ་ཅི་ནུས་ཅི་འོས་སུ་དེ་བཞིན་ཉིད་དུ་བསྒྲུབ་པས་འཇིག་རྟེན་ཤེས་པ་དང༌། སྦྱོར་བ་དེ་དག་ཉིད་ལ་དུས་དང་དུས་ཚོད་ལ་སོགས་པའི་སྤྱོད་པ་ལས་བརྩམས་ཏེ། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་དང༌། སྦྱོར་བ་དེ་དག་ཉིད་ལ་ཕྱིར་མི་ལྡོག་པས་སྲན་ཐུབ་པའི་སྟོབས་བསྐྱེད་པ་དང༌། རྙེད་པ་དང་བཀུར་སྟི་དང་བསྒྲུབ་པས་དེ་བཞིན་གཤེགས་པ་ལ་མཆོད་པ་དང༌། རིམ་གྲོ་བྱེད་པ་སྟེ། འདི་ལྟ་སྟེ་དད་བ་དང་སྙིང་རྗེ་དང༌། བྱམས་པ་དང༌། གཏོང་བ་དང༌། མི་སྐྱོ་བ་དང༌། བསྟན་བཅོས་ཤེས་པ་དང༌། འཇིག་རྟེན་


DTG129_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་དང༌། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་དང༌། སྲན་ཐུབ་པའི་སྟོབས་བསྐྱེད་པ་དང༌། དེ་བཞིན་གཤེགས་པ་ལ་མཆོད་པ་དང༌། རིམ་གྲོ་བྱེད་པའི་ཆོས་བཅུ་པོ་འདི་དག་ནི་གནས་པ་ཡོངས་སུ་དག་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་དེ་ཡང་ཆོས་དེ་ཡང་དག་པར་བླངས་ཏེ་འདུག་ཅིང་ལན་མང་དུ་བྱེད་དོ། །དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའི་གནས་པ་ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་དགུ་པོ་རྣམས་ཀྱི་ལམ་གྱི་ཡོན་ཏན་དང་སྐྱོན་གྱི་རྣམ་པ་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལས་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ཤེས་ནས་ཀྱང་ལམ་ཆུད་མི་ཟ་ཞིང་རྣམ་པ་དང༌། ཐོབ་པ་དང་རྒྱུ་མཐུན་པའི་མཚན་མ་ལེགས་པར་བཟུང་ལ། བདག་ཉིད་ཀྱིས་ཀྱང་གནས་པ་ཐམས་ཅད་མནན་ནས། བྱང་ཆུབ་ཆེན་པོ་བདེ་བླག་ཏུ་འཐོབ་པར་འགྱུར་རོ། །སེམས་ཅན་གྱི་འདྲོན་པོ་ཕལ་པོ་ཆེ་ཡང་འཁོར་བའི་དགོན་པའི་ལམ་ལས་སྒྲོལ་ལོ། །རྣམ་པ་གང་དག་གིས་འཇུག་པར་བྱེད་པ་དེ་དག་ནི་རྣམ་པ་དག་གོ །འཇུག་པ་གང་ཡིན་པ་དེ་ནི་འཐོབ་པའོ། །ཞུགས་ནས་ཀྱང་འབྲས་བུ་ཆེན་པོའི་ཕན་ཡོན་འགྲུབ་པ་དེ་ནི་རྒྱུ་མཐུན་པ་ཡིན་པར་རིག་པར་བྱའོ། །གནས་པ་དེ་ལ་གནས་པའི་རྒྱུ་གཉིས་ཀྱིས་སངས་རྒྱས་མང་པོ་བལྟར་སྣང་བར་འགྱུར་ཏེ། དེས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཐོས་པ་གང་ཡིན་པ་དག་དང༌། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་མིང་སྣ་ཚོགས་པ་དག་ན། དེ་བཞིན་གཤེགས་པ་མཚན་སྣ་ཚོགས་པ་དག་བཞུགས་པར་སེམས་ཀྱིས་མོས་པ་གང་ཡིན་པ་དེ་དག་ལ་དད་པ་རྒྱ་ཆེན་པོ་དང་ལྡན་པའི་སེམས་ཀྱིས་མཐོང་བར་བྱ་བའི་ཕྱིར་འདོད་པར་བྱེད་ལ། དེ་ལྟ་བུར་གྱུར་པ་དེའི་འདོད་པ་དོན་འགྲུབ་པ་ཁོ་ནར་འགྱུར་ཏེ། འདི་ནི་རྒྱུ་གཅིག་གོ །སངས་རྒྱས་གང་དུ་འབྱུང་བ་དེར་བདག་སྐྱེ་བར་གྱུར་ཅིག་ཅེས་དེ་ལྟར་ཡང་སེམས་ཀྱིས་སྨོན་པར་བྱེད་དེ། དེ་ལྟ་བུར་གྱུར་པ་དེའི་སྨོན་ལམ་དེ་ནི་འགྲུབ་པ་ཁོ་ནར་འགྱུར་ཏེ། དེས་དེ་ལྟར་དད་པ་རྒྱ་ཆེན་པོས་མཐོང་བ་དང༌། སྨོན་ལམ་གྱི་སྟོབས་ཀྱིས་དེ་བཞིན་གཤེགས་པ་དེ་དག་མཐོང་ནས་མཆོད་པ་དང༌། བདེ་བའི་ཡོ་བྱད་ཀྱི་རྣམ་པ་ཐམས་ཅད་སྒྲུབ་པར་བྱེད་དོ། །ཅི་ནུས་ཅི་ལྕོགས་ཀྱིས་དགེ་འདུན་ལ་ཡང་བཀུར་སྟི་བྱེད་དོ། །དེ་བཞིན་གཤེགས་


DTG129_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དག་ལས་ཆོས་ཀྱང་ཉན་པ་དང༌། ལེན་པ་དང་འཛིན་པར་བྱེད་དོ། །ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཀྱང་ནན་ཏན་གྱིས་སྒྲུབ་པར་བྱེད་དོ། །དེ་དགེ་བའི་རྩ་བ་དེ་ཐམས་ཅད་ཀྱང་བྱང་ཆུབ་ཆེན་པོར་ཡོངས་སུ་སྔོ་བར་བྱེད་དོ། །བསྡུ་པའི་དངོས་པོ་བཞིས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །དེ་བཞིན་གཤེགས་པ་དང༌། དགེ་འདུན་དང་ཆོས་ལ་མཆོད་པ་ཡོངས་སུ་འཛིན་པ་དང༌། བསྡུ་བའི་དངོས་པོ་རྣམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང༌། དགེ་བའི་རྩ་བ་རྣམས་ཀྱང་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་སྟེ། དེའི་རྣམ་པར་དག་པའི་རྒྱུ་གསུམ་པོ་དེ་དག་གིས་བསྐལ་པ་དུ་མ་བྱེ་བ་ཁྲག་ཁྲིག་འབུམ་གྱི་བར་དུ་དགེ་བའི་རྩ་བ་དེ་དག་རྒྱ་ཆེར་རྣམ་པར་དག་པར་འགྱུར་ཏེ། དཔེར་ན་གསེར་རང་བཞིན་དུ་གནས་པ་ནི་གསེར་མགར་མཁས་པས་ཇི་ལྟ་ཇི་ལྟར་མེར་བཅུག་པ་དེ་ལྟ་དེ་ལྟར་ཆེས་རྣམ་པར་དག་པར་འགྱུར་རོ། །དེ་བཞིན་དུ་བསམ་པ་དག་པའི་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་དག་ཀྱང་རྣམ་པར་དག་པའི་རྒྱུ་དེ་དག་གིས་ཆེས་རྣམ་པར་དག་པར་འགྱུར་རོ། །དེ་ལ་གནས་པ་དེ་ནི་སྐྱེ་བ་ལས་ཕལ་ཆེར་འཁོར་ལོས་སྒྱུར་བར་འགྱུར་ཏེ། ཚེ་རབས་ཚེ་རབས་སུ་འཛམ་བུ་གླིང་གི་དབང་ཕྱུག་སེར་སྣའི་དྲི་མ་ཐམས་ཅད་དང་བྲལ་བ་སེམས་ཅན་རྣམས་ཀྱི་སེར་སྣའི་དྲི་མ་ཐམས་ཅད་སེལ་བའི་བདག་པོར་འགྱུར་རོ། །བསྡུ་བའི་དངོས་པོ་བཞི་ལས་གང་ཅི་རྩོམ་ཡང་རུང༌། དེ་དག་ཐམས་ཅད་ཀྱང་དཀོན་མཆོག་དང༌། བྱང་ཆུབ་ཡང་དག་པར་འགྲུབ་པའི་རྣམ་པ་ཐམས་ཅད་ཡིད་ལ་བྱེད་པ་རྣམས་དང་མི་འབྲལ་ཏེ། བདག་སེམས་ཅན་ཐམས་ཅད་ཀྱི་མཆོག་དོན་ཐམས་ཅད་སྟོན་པར་གྱུར་ཀྱང་ཅི་མ་རུང་སྙམ་མོ། །འདོད་ན་ཁྱིམ་དང༌། ཆུང་མ་དང༌། ལོངས་སྤྱོད་ཐམས་ཅད་སྤངས་ནས་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་འབྱུང་སྟེ། སྐད་ཅིག་དང་ཐང་ཅིག་དང༌། ཡུད་ཙམ་ཅིག་ལ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་པ་དང་ལྷའི་མིག་གིས་སངས་རྒྱས་ཀྱི་ཞིང་ཐ་དད་པ་དག་ཏུ་དེ་བཞིན་གཤེགས་པ་བརྒྱ་མཐོང་བ་དང༌། དེ་དག་གི་སྤྲུལ་པ་དང༌། བྱིན་གྱིས་བརླབས་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་གྱི་རླབས་ཀྱང་ཤེས་པ་དང༌། འཇིག་རྟེན་གྱི་ཁམས་བརྒྱ་ཡང་གཡོ་བར་བྱེད་


DTG129_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང། དེ་བཞིན་དུ་ལུས་ཀྱིས་ཀྱང་འགྲོ་བར་བྱེད་པ་དང༌། འོད་ཀྱིས་རྒྱས་པར་བྱས་ནས་གཞན་དག་ལ་སྟོན་པར་བྱེད་པ་དང༌། སྤྲུལ་པ་བརྒྱས་འདུལ་བའི་སེམས་ཅན་བརྒྱ་ཡོངས་སུ་སྨིན་པར་བྱེད་པ་གང་ཡིན་པ་དེ་ལྟ་བུའི་བརྩོན་འགྲུས་རྩོམ་པར་བྱེད་དོ། །འདོད་ན་བསྐལ་པ་བརྒྱར་ཡང་གནས་པར་བྱིན་གྱིས་རློབ་བོ། །སྔོན་གྱི་མཐའ་དང་ཕྱི་མའི་མཐའི་བསྐལ་པ་བརྒྱར་ཡང་ཡེ་ཤེས་མཐོང་བས་འཇུག་པར་བྱེད་དོ། །ཕུང་པོ་དང་ཁམས་དང༌། སྐྱེ་མཆེད་ལ་སོགས་པའི་ཆོས་ཀྱི་སྒོ་རྣམས་ཀྱིས་ཆོས་ཀྱི་སྒོ་བརྒྱ་ཡང་རབ་ཏུ་རྣམ་པར་བྱེད་དོ། །ལུས་བརྒྱ་ཡང་སྤྲུལ་པར་བྱེད་དོ། ལུས་རེ་རེ་ཞིང་ཡང་བྱང་ཆུབ་སེམས་དཔའ་འཁོར་བརྒྱ་བརྒྱ་སྟོན་ཏོ། །དེ་ལས་ལྷག་པར་ཡང་རབ་ཏུ་དགའ་བའི་གནས་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་སྟོབས་ཀྱི་མཐུའི་རྣམ་པར་འཕྲུལ་པ་ནི་ཚད་མེད་པར་རིག་པར་བྱ་སྟེ། དེ་དག་ནི་སྨོན་ལམ་གྱི་སྟོབས་ཅན་ཡིན་པས་སྨོན་ལམ་གྱི་ཁྱད་པར་གྱིས་རྣམ་པར་འཕྲུལ་པར་བྱེད་དོ། །ཡང་དག་པའི་སྨོན་ལམ་དེ་དག་གི་གྲངས་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་བར་དུ་ཡང་གཅད་པར་སླ་བ་མ་ཡིན་ནོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རབ་ཏུ་དགའ་བ་ལ་གནས་པ་འདི་ནི་སེམས་བསྐྱེད་པ་རྣམ་པ་བཞི་དང་ཡང་དག་པའི་སྨོན་ལམ་གྱི་བརྩོན་འགྲུས་བརྩམས་པ་མངོན་པར་སྒྲུབ་པ་དང༌། གནས་པ་ཡོངས་སུ་སྦྱོང་བ་དང༌། དེ་མ་ཡིན་པའི་གནས་པ་ལ་ཡང་བྱང་བ་དང༌། སངས་རྒྱས་མཐོང་བ་དང༌། དགེ་བའི་རྩ་བ་ཡོངས་སུ་དག་པར་བྱེད་པ་དང༌། སྐྱེ་བ་དང་མཐུས་ཤིན་ཏུ་རྣམ་པར་ངེས་པ་ཡིན་ཏེ། དེ་ནི་མདོར་བསྟན་པ་ཡིན་པར་རིག་པར་བྱའོ། །རྒྱས་པར་བསྟན་པ་ནི་ས་བཅུའི་མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །ས་རབ་ཏུ་དགའ་བ་ལ་གནས་པ་ནས་བཟུང་སྟེ། ས་བཅུའི་མདོ་ལས་བྱང་ཆུབ་སེམས་དཔའི་ས་བཅུ་གང་ཡིན་པ་དེ་དག་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་བསྟན་པ་འདི་ལ་བྱང་ཆུབ་སེམས་དཔའི་གནས་པ་བཅུ་སྟེ། རབ་ཏུ་དགའ་བ་ལ་གནས་པ་ནས་བཟུང་སྟེ། གནས་པ་མཆོག་གི་བར་དུ་གོ་རིམས་བཞིན་དུ་སྦྱར་བར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བཟུང་བའི་དོན་གྱིས་ནི་ས་ཞེས་བྱའོ། །ལོངས་སྤྱོད་པའི་གནས་ཀྱི་དོན་གྱིས་ནི་གནས་


DTG129_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་ཚུལ་ཁྲིམས་ལ་གནས་པའི་རྣམ་པ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན་པར་རིག་པར་བྱ་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་ཐོག་མ་ཉིད་དུ་རབ་ཏུ་དགའ་བ་ལ་གནས་པ་ལ་སེམས་ཀྱི་བསམ་པ་རྣམ་པ་བཅུས་བསམ་པ་དག་པ་ཐོབ་པ་ཡིན་ཏེ། སློབ་དཔོན་དང༌། བླ་མ་དང༌། སྦྱིན་གནས་ཐམས་ཅད་ལ་མི་བསླུ་བའི་ལྷག་པའི་བསམ་པ་དང༌། ཆོས་མཐུན་པའི་བྱང་ཆུབ་སེམས་དཔའ་ལ་ངེས་པ་དང་འགྲོགས་ན་བདེ་བའི་བསམ་པ་དང༌། ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་དང། བདུད་ཀྱི་ལས་ཐམས་ཅད་ཟིལ་གྱིས་མནན་ཅིང༌། རང་གི་སེམས་ལ་དབང་བྱ་བའི་བསམ་པ་དང༌། འདུ་བྱེད་ཐམས་ཅད་ལ་ཉེས་པའི་བསམ་པ་དང༌། མྱ་ངན་ལས་འདས་པ་ལ་ཕན་ཡོན་གྱི་བསམ་པ་དང༌། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དགེ་བ་རྣམས་བསྒོམ་པ་ལ་རྟག་ཏུ་བྱ་བའི་བསམ་པ་དང༌། སྒོམ་པ་དེ་དག་ཉིད་ཀྱི་རྗེས་སུ་མཐུན་པའི་རབ་ཏུ་དབེན་པའི་བསམ་པ་དང༌། འཇིག་རྟེན་གྱི་ཟང་ཟིང་དང༌། ཐོས་པ་དང༌། རྙེད་པ་དང༌། བཀུར་སྟི་ཐམས་ཅད་ལ་མི་ལྟ་བའི་བསམ་པ་དང༌། ཐེག་པ་དམན་པ་སྤངས་ཏེ་ཐེག་པ་ཆེན་པོ་རྟོགས་པར་བྱ་བའི་བསམ་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་བྱ་བའི་བསམ་པ་སྟེ། ཡང་དག་པའི་བསམ་པ་བཅུ་པོ་འདི་དག་ནི་སེམས་དེ་ལ་འཇུག་པ་ཡིན་ཏེ། དེ་དག་གི་ལྷག་པའི་བསམ་པ་དག་པ་ཞེས་བྱའོ། །བསམ་པ་དེ་དག་ཉིད་ཆེ་བའི་ཕྱིར་དང༌། ཡོངས་སུ་རྫོགས་པའི་ཕྱིར་བྱང་ཆུབ་སེམས་དཔའི་ལྷག་པའི་ཚུལ་ཁྲིམས་ལ་གནས་པ་ས་གཉིས་པ་ལ་འཇུག་ཅིང་གནོན་ཏོ། །དེ་ལྷག་པའི་ཚུལ་ཁྲིམས་ལ་གནས་པ་ལས་རང་བཞིན་གྱིས་ཚུལ་ཁྲིམས་ཅན་ཡིན་ཏེ། ལོག་པའི་ལས་ཀྱི་ལམ་དུ་གཏོགས་པའི་འཆལ་བའི་ཚུལ་ཁྲིམས་ཆུང་ངུ་ཡང་ཀུན་དུ་མི་སྤྱོད་ན། འབྲིང་ངམ་ཆེན་པོ་ལྟ་ཅི་སྨོས། དགེ་བའི་ལས་ཀྱི་ལམ་བཅུ་ཡོངས་སུ་རྫོགས་པ་དག་ལ་ཡང་རང་བཞིན་གྱིས་ཡང་དག་པར་སྣང་ངོ༌། །དེས་དེ་ལྟར་རང་བཞིན་གྱིས་ཚུལ་ཁྲིམས་ཅན་གྱི་ཤེས་རབ་ཀྱིས་ངན་འགྲོ་རྣམས་དང༌། བདེ་འགྲོ་རྣམས་དང༌། ཐེག་པ་གསུམ་པོ་དག་ལ་ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་ལས་ཀྱི་ལམ་རྣམས་ཀྱི་ལས་


DTG129_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དུ་སྤྱོད་པའི་རྒྱུ་ལས་འབྲས་བུ་ཡང་དག་པར་འགྲུབ་པ་རྣམ་པར་གཞག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་སྨིན་པ་དང༌། རྒྱུ་མཐུན་པའི་འབྲས་བུ་ལས་ཀྱང་ལས་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བདག་ཉིད་ཀྱང་མི་དགེ་བའི་ལས་སྤོང་བ་དང༌། དགེ་བའི་ལས་ཡང་དག་པར་ལེན་པར་ཡང་དག་པར་སྣང་ལ། གཞན་དག་ཀྱང་དེ་ཉིད་ལ་ཡང་དག་པར་འཛུད་བར་འདོད་ཅིང༌། ཡང་དག་པར་འཛུད་པར་བྱེད་དོ། །ཕོངས་པ་རྣམ་པ་སྣ་ཚོགས་ཀྱིས་ཕོངས་པར་གནས་པ་ལ་སྙིང་བརྩེ་ཞིང༌། སྙིང་བརྩེ་བ་རྒྱ་ཆེན་པོ་ཐོབ་ནས་ལས་མི་མཐུན་པ་ཀུན་དུ་སྤྱོད་པའི་ཉེས་པའི་སྐྱོན་ཆགས་པའི་སེམས་ཅན་གྱི་ཁམས་དར་བའམ་རྒུད་པར་གནས་པ་ཐམས་ཅད་ལ་བྱེ་བྲག་མེད་པར་དོན་དམ་པར་སྡུག་བསྔལ་བ་ཡིན་པར་སོ་སོར་རྟོག་གོ །ལྷག་པའི་ཚུལ་ཁྲིམས་ལ་གནས་པ་དེ་ལ་གནས་པའི་སངས་རྒྱས་མཐོང་བ་དང༌། དགེ་བའི་རྩ་བ་རྣམ་པར་དག་པར་འགྱུར་བ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ། དཔེར་ན་གསེར་དེ་ཉིད་གསེར་མགར་མཁས་པས་ནག་ཚུར་གྱིས་བསྐུས་ནས་མེར་བཅུག་ན། ཤས་ཆེར་ཆེས་རྣམ་པར་དག་པར་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་དེ་ཤས་ཆེར་རྣམ་པར་དག་པར་རིག་པར་བྱའོ། །གནས་པ་དེ་ལ་སེམས་ཀྱི་བསམ་པ་དག་པ་སྒྲུབ་པ་ལ་འཇུག་པ་ནི་སྐྱེ་བས་ཕལ་ཆེར་གླིང་བཞི་པའི་འཁོར་ལོས་སྒྱུར་བར་འགྱུར་ཏེ། ཤས་ཆེར་སེམས་ཅན་རྣམས་འཆལ་པའི་ཚུལ་ཁྲིམས་དང༌། མི་དགེ་བའི་ལས་ཀྱི་ལམ་རྣམས་ལས་ཟློག་པར་བྱེད་ཅིང༌། དགེ་བའི་ལས་ཀྱི་ལམ་རྣམས་ལ་ཡང་ཡང་དག་པར་འཛུད་པར་བྱེད་དོ། །དེའི་མཐུ་ནི་སྔ་མ་ལས་བཅུ་འགྱུར་དུ་རིག་པར་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་ཚུལ་ཁྲིམས་ལ་གནས་པ་འདི་ནི་རང་བཞིན་གྱི་ཚུལ་ཁྲིམས་དང༌། ཚུལ་ཁྲིམས་འཆལ་པའི་དྲི་མའི་རྣམ་པ་ཐམས་ཅད་སེལ་བ་དང༌། ལས་ཀྱི་ལམ་ཐམས་ཅད་ཀྱི་རྒྱུ་དང༌། འབྲས་བུའི་རྣམ་པ་ཐམས་ཅད་ཤེས་པ་སོ་སོར་རྟོགས་པ་དང༌། དགེ་བའི་ལས་ལ་གཞན་ཡང་དག་པར་འཛུད་པར་འདོད་པ་དང༌། སྙིང་བརྩེ་བ་རྒྱ་ཆེན་པོ་ཐོབ་པ་དང༌། སེམས་ཅན་གྱི་ཁམས་ཀྱི་ལས་ལས་སྐྱེས་པའི་སྡུག་བསྔལ་བ་དང༌། ཕོངས་པ་ལ་རྟོག་པ་དང༌། དགེ་བའི་རྩ་བ་རྣམ་


DTG129_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་པ་དང༌། སྐྱེ་བ་དང་མཐུ་ལས་མདོར་བསྟན་པར་རིག་པར་བྱའོ། །རྒྱས་པར་བསྟན་པ་ནི་འདི་ལྟ་སྟེ། མདོ་ཉིད་ལས་ས་བཅུའི་ས་དྲི་མ་མེད་པའི་ས་ལས་ཇི་སྐད་འབྱུང་བ་བཞིན་ནོ། །འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་དང་བྲལ་བའི་ཕྱིར། དྲི་མ་མེད་པའི་ས་ཞེས་བྱ་བ་ལ་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་དང་བྲལ་བ་ཉིད་ཀྱི་ཕྱིར་ལྷག་པའི་ཚུལ་ཁྲིམས་ལ་གནས་པ་ཞེས་བྱ་སྟེ། དེ་ལ་དྲི་མ་མེད་པའི་ས་གང་ཡིན་པ་དེ་འདིར་ལྷག་པའི་ཚུལ་ཁྲིམས་ལ་གནས་པ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་སེམས་ལ་གནས་པའི་རྣམ་པ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཐོག་མ་ཉིད་དུ་ལྷག་པའི་ཚུལ་ཁྲིམས་ལ་གནས་པ་ལ་བསམ་པ་དག་པ་བཅུ་པོ་གང་དག་ཡིད་ལ་བྱས་ཤིང་བརྟེན་ཏེ། རྟོགས་པར་གྱུར་པའི་སེམས་ཀྱི་བསམ་པ་ཡིད་ལ་བྱེད་པ་དེ་དག་གཞན་རྣམ་པ་བཅུས་ཆེ་བའི་ཕྱིར་དང༌། ཡོངས་སུ་རྫོགས་པའི་ཕྱིར་ལྷག་པའི་ཚུལ་ཁྲིམས་ལ་གནས་པ་ལས་ཡང་དག་པར་འདས་ནས། ལྷག་པའི་སེམས་ཀྱི་གནས་པ་ལ་འཇུག་སྟེ། རྣམ་པ་བཅུས་བདག་གི་སེམས་ཀྱི་བསམ་པ་དག་པར་གྱུར་ཏོ་སྙམ་པའི་ཡིད་ལ་བྱེད་པ་དང༌། བདག་གི་བསམ་པ་དགེ་བ་རྣམ་པ་བཅུ་པོ་འདི་ལས་ཡོངས་སུ་ཉམས་པར་འགྱུར་བའི་ཆ་མ་ཡིན་ནོ་སྙམ་པའི་ཡིད་ལ་བྱེད་པ་དང༌། ཟག་པ་དང་བཅས་པའི་ཆོས་རྣམས་ལ་སེམས་མི་འཇུག་ཅིང་མི་མཐུན་པར་ཡང་གནས་སོ་སྙམ་པའི་ཡིད་ལ་བྱེད་པ་དང༌། དེའི་གཉེན་པོ་བསྒོམ་པ་ལ་ཡང་བདག་གི་རྣམ་པར་ཤེས་པ་ཡང་དག་པར་གནས་སོ་སྙམ་པའི་བསམ་པ་ཡིད་ལ་བྱེད་པ་དང༌། བདག་ནི་གཉེན་པོ་འདི་ལས་ཡོངས་སུ་ཉམས་པར་འགྱུར་བའི་ཆ་མ་ཡིན་ནོ་སྙམ་པའི་ཡིད་ལ་བྱེད་པ་དང༌། བདག་ནི་འདི་ལྟར་གཉེན་པོ་བརྟན་པོར་གྱུར་པས་ཟག་པ་དང་བཅས་པའི་ཆོས་དེ་དག་ཐམས་ཅད་དང༌། བདུད་ཐམས་ཅད་ཀྱིས་ཟིལ་གྱིས་ནོན་པར་འགྱུར་བའི་ཆ་མ་ཡིན་ནོ་སྙམ་པའི་ཡིད་ལ་བྱེད་པ་དང༌། བདག་གི་ཡིད་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཞུམ་པ་མེད་པར་འཇུག་གོ་སྙམ་པའི་ཡིད་ལ་བྱེད་པ་དང༌། དཀའ་བ་སྤྱོད་པ་ཐམས་ཅད་ཀྱང་བདག་ལ་གནོད་པ་མེད་དོ་སྙམ་པའི་ཡིད་ལ་བྱེད་པ་དང༌། བདག་ནི་སེམས་རྩེ་གཅིག་ཏུ་ངེས་པས་ཐེག་པ་ཆེན་པོ་ལ་མོས་ཀྱི། དེ་


DTG129_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པའི་ཐེག་པ་དམན་པ་རྣམས་ལ་ནི་མ་ཡིན་ནོ་སྙམ་པའི་ཡིད་ལ་བྱེད་པ་དང༌། བདག་གི་སེམས་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་བྱ་བ་ལ་མངོན་པར་དགའོ་སྙམ་པའི་ཡིད་ལ་བྱེད་པ་སྟེ། སེམས་ཀྱི་བསམ་པ་བཅུ་པོ་དེ་དག་གིས་འཇུག་པར་བྱའོ། །ལྷག་པའི་སེམས་ལ་གནས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་འདུ་བྱེད་ཐམས་ཅད་ལ་ཉེས་དམིགས་ཀྱི་རྣམ་པ་སྣ་ཚོགས་ཀྱིས་སུན་འབྱིན་པར་བྱེད་དེ། དེ་དག་ལས་ཡིད་སྐྱོ་བར་བྱེད་དོ། །སངས་རྒྱས་ཀྱི་ཡེ་ཤེས་ལ་ཕན་ཡོན་རྣམ་པ་སྣ་ཚོགས་ཀྱིས་ཕན་ཡོན་དུ་ལྟ་ཞིང་དེ་ལ་འདོད་པ་སྐྱེས་པ་ཡིན་ནོ། །སྙིང་ཐག་པ་ནས་འདུན་པས་སེམས་ཅན་གྱི་ཁམས་ལ་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་སྡུག་བསྔལ་བར་རྣམ་པར་བལྟའོ། །སེམས་ཅན་དེ་དག་ལ་ལྟ་བའི་སེམས་དང་ལྡན་པ་ཡིན་ནོ། །འདུ་བྱེད་ཐམས་ཅད་ལ་བག་ཡོད་པ་དང༌། དོན་ལ་རྟོན་པའི་སེམས་དང༌། བྱང་ཆུབ་ཀྱི་ཕྱིར་བརྩོན་འགྲུས་འབར་བ་ཡིན། སེམས་ཅན་རྣམས་ལ་སྙིང་རྗེའི་བསམ་པ་རྒྱ་ཆེན་པོ་དང་ལྡན་པ་ཡིན་ནོ། །སེམས་ཅན་དེ་དག་གཏན་དུ་སྡུག་བསྔལ་ལས་རྣམ་པར་གྲོལ་བར་བྱ་བའི་ཐབས་ནི་ཉོན་མོངས་པ་ཐམས་ཅད་ཀྱིས་མ་བསྒྲིབས་པའི་ཡེ་ཤེས་ཁོ་ན་ཡིན་པར་མཐོང་བ་ཡིན། རྣམ་པར་ཐར་པ་དེ་ཡང་དག་པར་འགྲུབ་པར་བྱ་བའི་ཆོས་ཀྱི་དབྱིངས་ལ་རྣམ་པར་རྟོག་པའི་རྒྱུ་ཀུན་ནས་ཉོན་མོངས་པ་སྐྱེ་བ་ཐམས་ཅད་ཀྱི་གཉེན་པོ་ནི་ཤེས་རབ་ཡིན་པར་མཐོང་བ་ཡིན། ཡེ་ཤེས་ཀྱི་སྣང་བ་དེ་འགྲུབ་པར་བྱེད་པ་ནི་ཡང་དག་པར་ཏིང་ངེ་འཛིན་ཡིན་པར་མཐོང་བ་ཡིན། བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་དེ་དག་སྒྲུབ་པ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཉན་པ་སྔོན་དུ་འགྲོ་བ་དང༌། ཉན་པའི་གཞི་ཡིན་པར་མཐོང་བ་ཡིན་ནོ། །མཐོང་ནས་ཀྱང་བརྩོན་འགྲུས་ཆེན་པོ་རྩོམ་པས་ཐོས་པ་ཡོངས་སུ་ཚོལ་བར་བྱེད་དོ། །དམ་པའི་ཆོས་ཉན་པའི་ཕྱིར་རྫས་དང་ཡོ་བྱད་དང༌། ནང་དང་ཕྱི་རོལ་གྱི་དངོས་པོ་གང་ཡོངས་སུ་མི་གཏོང་བ་དེ་མེད་དོ། །བླ་མ་ལ་བསྙེན་བཀུར་བྱ་བ་གང་ཉམས་སུ་མི་ལེན་པ་དེ་མེད་དོ། །འདུན་པ་གང་ཉམས་སུ་མི་ལེན་པ་དེ་མེད་དོ། །ལུས་ཀྱི་གནོད་པ་གང་ཉམས་སུ་མི་ལེན་པ་དེ་མེད་དོ། །དེ་ནི་ཚིག་བཞི་པའི་ཚིགས་སུ་


DTG129_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་པ་གཅིག་ཐོས་པས་ཀྱང་ཆེས་དགའ་བར་འགྱུར་གྱི། སྟོང་གསུམ་པོ་གང་བ་དང་མཉམ་པའི་རིན་པོ་ཆེའི་ཕུང་པོ་ཆེན་པོས་ནི་དེ་ལྟ་མ་ཡིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དག་པར་བྱེད་པའི་ཆོས་ཀྱི་ཚིག་གཅིག་ཙམ་གྲོས་པས་ནི་ཆེས་དགའ་བར་འགྱུར་གྱི་བརྒྱ་བྱིན་ཉིད་དང༌། ཚངས་པ་ཉིད་དང༌། བདུད་ཉིད་དང༌། འཇིག་རྟེན་སྐྱོང་བ་ཉིད་དང༌། འཁོར་ལོས་སྒྱུར་བ་ཉིད་ཀྱི་ལུས་ཐོབ་པ་རྣམས་ཀྱིས་ནི་དེ་ལྟ་མ་ཡིན་ནོ། །གལ་ཏེ་དེ་ལ་ལ་ལ་ཞིག་འདི་སྐད་དུ་ཇི་སྟེ་ཁྱེད་མེ་དོང་ཆེན་པོར་བདག་ཉིད་འདོར་བར་བྱེད་དམ། སྡུག་བསྔལ་གྱི་གནོད་པ་ཆེན་པོ་ཉམས་སུ་ལེན་པར་བྱེད་ན་ནི། འདི་ལྟར་ངས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དག་པར་བྱེད་པའི་ཆོས་ཀྱི་ཚིག་འདི་ཁྱོད་ལ་བསྒྲགས་སོ་ཞེས་ཟེར་བ་ཐོས་ན་ཡང་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ཆོས་ཀྱི་ཚིག་འདིའི་ཕྱིར་སྔ་མ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོ་གང་བ་དང་མཉམ་པའི་མེ་དོང་དུ་ཡང་ཚངས་པའི་འཇིག་རྟེན་ནས་བདག་ཉིད་དོར་བར་སྤྲོ་ན། ངན་དོན་གྱི་ནང་དུ་ལྟ་ཅི་སྨོས། བདག་གིས་སེམས་ཅན་དམྱལ་བའི་སྡུག་བསྔལ་ལ་གནས་པ་དང་ཡང་བསྔོས་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་བཙལ་དགོས་ན། སྡུག་བསྔལ་གྱི་གནོད་པ་ཕལ་པ་ལྟ་ཅི་སྨོས་ཏེ། དེ་ལྟ་བུའི་བརྩོན་འགྲུས་བརྩམས་པས་ཆོས་རྣམས་ཡོངས་སུ་བཙལ་ནས། སངས་རྒྱས་ཀྱི་ཆོས་རྣམས་ནི་འདི་ལྟར་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ལ་བརྟེན་པ་ཡིན་གྱི། ཚིག་འབྲུ་དང་སྒྲ་ཙམ་གྱིས་རྣམ་པར་དག་པ་ནི་མ་ཡིན་ནོ་སྙམ་དུ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་དོ། །དེ་ལྟར་རིག་ནས་ཐོས་པ་དེ་ཉིད་ལ་བརྟེན་ཏེ། ཆོས་ཀྱི་མཚན་མ་རྣམས་ལ་ཡང་དག་པར་དམིགས་པ་བྱས་ནས། འདོད་པ་རྣམས་ལས་དབེན་པ་དང༌། རྒྱས་པར་འཇིག་རྟེན་པའི་བསམ་གཏན་དང་པོ་དང༌། གཉིས་པ་དང༌། གསུམ་པ་དང༌། བཞི་པ་དང༌། འཇིག་རྟེན་པའི་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། ཚད་མེད་པ་བཞི་དང༌། མངོན་པར་ཤེས་པ་ལྔ་བསྒྲུབས་ཏེ་གནས་སོ། །དེ་དེ་དག་གིས་ལན་མང་དུ་གནས་ཏེ། བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་དེ་དག་ལས་བཟློག་ན། སྨོན་ལམ་གྱི་


DTG129_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་འདོད་པའི་ཁམས་གང་དུ་སེམས་ཅན་གྱི་དོན་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཡོངས་སུ་རྫོགས་པར་འགྱུར་བ་མཐོང་བ་དེར་སྐྱེ་བར་འགྱུར་ལ། དེ་དེ་དག་གི་དབང་གིས་སྐྱེ་བར་མི་འགྱུར་རོ། །དེ་ནི་འདོད་པའི་འདོད་ཆགས་དང་བྲལ་བའི་ཕྱིར་འདོད་པའི་འཆིང་བ་རྣམས་སྤངས་པ་ཡིན་ལ། བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་ལས་བཟློག་པའི་ཕྱིར་སྲིད་པའི་འཆིང་བ་རྣམས་སྤངས་པ་ཡིན་ནོ། །དེ་ནི་ཐོག་མ་མོས་པས་སྤྱོད་པའི་ས་ཉིད་ནས་ཆོས་ཀྱི་དེ་བཞིན་ཉིད་ལ་མོས་པའི་ཕྱིར་ལྟ་བ་ལས་གྱུར་པའི་འཆིང་བ་རྣམས་སྤངས་པ་ཡིན་ནོ། །ལོག་པའི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ནི་དེ་ལ་གཏན་མི་འབྱུང་ངོ༌། དེའི་སངས་རྒྱས་མཐོང་བ་ནས་རྒྱས་པར་དགེ་བའི་རྩ་བ་རྣམ་པར་དག་པ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་ལ་བྱེ་བྲ་ག་ནི་འདི་ཡོད་དེ། དཔེར་ན་གསེར་མགར་མཁས་པའི་ལག་ན་ཡོད་པའི་གསེར་དེ་ཉིད་དྲི་མ་དང་སྐྱོན་བག་ཀྱང་ཟད་ལ་སྐྱེ་བྲི་མེད་པར་ཚད་མཉམ་པ་དེ་བཞིན་དུ་དེའི་དགེ་བའི་རྩ་བ་དེ་རྣམ་པར་དག་པར་རིག་པར་བྱའོ། །སྐྱེ་བས་ནི་ཕལ་ཆེར་ལྷའི་དབང་པོ་བརྒྱ་བྱིན་དུ་འགྱུར་ཏེ། སེམས་ཅན་རྣམས་ཀྱི་འདོད་པའི་འདོད་ཆགས་བཟློག་པ་ལ་མཁས་པའོ། །མཐུ་ནི་གནས་པ་སྔ་མ་གང་ལ་སྟོང་དུ་བསྟན་པ་དེ་འདིར་འབུམ་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་སེམས་ལ་གནས་པ་འདི་ནི་སེམས་ཀྱི་ཡིད་ལ་བྱེད་པ་འགྲུབ་པ་ལ་འཇུག་པ་དང༌། འདུ་བྱེད་དང༌། སེམས་ཅན་གྱི་ཁམས་དང༌། བྱང་ཆུབ་ཆེན་པོ་ཡང་དག་པར་སོ་སོར་རྟོགས་པ་དང༌། སེམས་ཅན་སྡུག་བསྔལ་ལས་རྣམ་པར་ཐར་པར་བྱ་བའི་ཐབས་ཡང་དག་པར་ཡོངས་སུ་ཚོལ་བ་དང༌། གུས་པ་ཆེན་པོས་ཡོངས་སུ་ཚོལ་བ་དང༌། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ནན་ཏན་དུ་སྒྲུབ་བ་དང༌། འཇིག་རྟེན་པའི་བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་དང༌། མངོན་པར་ཤེས་པ་མངོན་པར་སྒྲུབ་པ་ལ་གནས་པ་དང༌། དེ་ལས་བཟློག་ནས་སྨོན་ལམ་གྱིས་གང་དུ་འདོད་པར་སྐྱེ་བ་དང༌། དགེ་བའི་རྩ་བ་རྣམ་པར་དག་པ་དང༌། སྐྱེ་བ་དང༌། མཐུ་ལས་མདོར་བསྟན་པར་རིག་པར་བྱའོ། །རྒྱས་པར་བསྟན་པ་ནི་འདི་ལྟ་སྟེ། ས་བཅུའི་མདོ་སའི་འོད་བྱེད་པ་ལས་འབྱུང་བ་བཞིན་ནོ། །


DTG129_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ས་དེ་ནི་ཐོས་པའི་རྣམ་པའི་ཆོས་ཀྱི་སྣང་བ་གསལ་བ་དང༌། ཏིང་ངེ་འཛིན་གྱི་སྣང་བ་གསལ་བས་རབ་ཏུ་ཕྱེ་བའི་ཕྱིར་འོད་བྱེད་པ་ཞེས་བྱའོ། །ནང་གི་སེམས་རྣམ་པར་དག་པ་ལ་བརྟེན་ནས་དེ་འོད་དང་ལྡན་པ་ཡིན་ཏེ། དེ་ལྟ་བས་ན་གནས་པ་དེ་ལྷག་པའི་སེམས་ཞེས་བྱའོ། །གང་གི་དོན་གྱིས་འོད་བྱེད་པའི་ས་ཞེས་བྱ་བའི་དོན་དེ་ཉིད་ཀྱིས་ལྷག་པའི་སེམས་ལ་གནས་པ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཐོས་པ་ཡོངས་སུ་བཙལ་བའི་དབང་དུ་བྱས་ནས། ལྷག་པའི་སེམས་ལ་དབང་དུ་གནས་པ་ལ་ཐོག་མ་ཉིད་དུ་ཆོས་ལ་སྣང་བ་འཇུག་པ་བཅུ་པོ་ཐོབ་པ་ཡིན་ཏེ། དེ་དག་ཆེ་བ་དང་ཡོངས་སུ་རྫོགས་པའི་ཕྱིར་ལྷག་པའི་སེམས་ལ་གནས་པ་ལས་འདས་ནས། ལྷག་པའི་ཤེས་རབ་ལ་གནས་པ་དང་པོ་ལ་འཇུག་པའོ། །ཆོས་ལ་སྣང་བ་འཇུག་པ་བཅུ་པོ་དེ་དག་ཀྱང་གཞུང་ནི་མདོ་ལས་ཇི་སྐད་འབྱུང་བ་དེ་ཁོ་ན་བཞིན་དུ་རིག་པར་བྱ་སྟེ། གང་དག་འདོགས་པ་དང་གང་དུ་འདོགས་པ་དང་དེ་དག་ཀྱང་དོན་དམ་པར་གང་དང་མཉམ་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བས་གང་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་བ་དང༌། རྣམ་པར་དག་པར་འགྱུར་བ་དང༌། གང་དང་ལྡན་པའི་ཀུན་ནས་ཉོན་མོངས་པས་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་བ་དང༌། རྣམ་པར་དག་པ་བླ་ན་མེད་པ་གང་གིས་རྣམ་པར་དག་པར་འགྱུར་བ་ཞེས་བྱ་བ་འདི་ནི། ཆོས་ལ་སྣང་བ་བསྟན་པ་དེ་དག་གི་དོན་གྱི་མདོ་ཡིན་པར་རིག་པར་བྱའོ། །གནས་པ་དེ་ལ་གནས་པ་དེ་ནི་མི་ཕྱེད་པའི་བསམ་པ་ལ་སོགས་པ་ཡེ་ཤེས་ཡོངས་སུ་སྨིན་པར་བྱེད་པའི་ཆོས་མདོ་སྡེ་ལས་ཇི་སྐད་འབྱུང་བ་རྣམ་པ་བཅུ་དང་ལྡན་པས་ཡེ་ཤེས་ཡོངས་སུ་སྨིན་པའི་ཕྱིར། དེའི་བདག་ཉིད་ཀྱི་ཆོས་རབ་ཏུ་ཐོབ་པས་དེ་བཞིན་གཤེགས་པའི་རིགས་སུ་རབ་ཏུ་གྲུབ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ལྟ་བ་རྣམ་པ་ཐམས་ཅད་ཀྱི་དབང་དུ་བྱས་ནས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་མདོ་ཉིད་ལས་ཇི་སྐད་འབྱུང་བ་བཞིན་དུ་བསྒོམ་མོ། །དེས་ཆོས་དེ་དག་ཐབས་ཀྱིས་ཡོངས་སུ་ཟིན་པས་བསྒོམ་པའི་ཕྱིར། དེ་འཇིག་ཚོགས་ལ་ལྟ་བ་ཤིན་ཏུ་ཆ་ཕྲ་བ་དང༌།


DTG129_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ལ་སོགས་པ་ལ་མངོན་པར་ཞེན་པ་དང༌། གཡོ་བ་ཐམས་ཅད་ཀུན་དུ་མི་སྤྱོད་པས་གཏན་དུ་སྤོང་བར་བྱེད་དོ། །དེ་རྣམས་སྤངས་པས་དེ་བཞིན་གཤེགས་པས་སྨད་པའི་ལས་གང་ཡིན་པ་དེ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་མི་སྤྱོད་དོ། །དེ་བཞིན་གཤེགས་པས་བསྔགས་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་ཇི་ལྟ་བ་བཞིན་དུ་འཇུག་པར་བྱེད་དོ། །དེ་ལྟར་གྱུར་ན་དེ་བས་ཀྱང་ཤས་ཆེར་སེམས་འཇམ་པ་དང༌། མཉེན་པ་དང༌། ལས་སུ་རུང་བར་ཡང་འགྱུར་རོ། །དེ་ལྟར་རྣམ་པ་སྣ་ཚོགས་ཀྱིས་སེམས་ཤིན་ཏུ་རྣམ་པར་དག་པར་གྱུར་ན་བྱས་པ་གཟོ་བ་དང། བྱས་པ་ཚོར་བ་ལ་སོགས་པས་དེའི་བསམ་པ་དང་མཐུན་པའི་དཀར་པོའི་ཆོས་རྣམ་པ་སྣ་ཚོགས་དང་ལྡན་པར་འགྱུར་རོ། །ས་གོང་མ་ཡོངས་སུ་སྦྱོང་བར་བྱེད་པའི་ལས་རྣམས་ཀྱང་ཡང་དག་པར་ཡོངས་སུ་ཚོལ་ཞིང་བརྩོན་འགྲུས་རྩོམ་པ་ཆེན་པོ་ཐོབ་སྟེ་གནས་སོ། །གཞི་དེས་དེའི་བསམ་པ་དང། ལྷག་པའི་བསམ་པ་དང༌། མོས་པའི་ཁམས་ཡོངས་སུ་རྫོགས་པར་འགྱུར་རོ། །གཞི་དེས་ཀྱང་བསྟན་པའི་དགྲར་གྱུར་པ་མུ་སྟེགས་ཅན་དང་བདུད་ཐམས་ཅད་ཀྱིས་ཀྱང་མི་འཕྲོགས་ཤིང་མི་བསྐྱོད་པར་འགྱུར་རོ། །སངས་རྒྱས་མཐོང་བ་ནས་རྒྱས་པར་དགེ་བའི་རྩ་བ་རྣམ་པར་དག་པ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ། དཔེར་ན་གསེར་དེ་ཉིད་གསེར་མགར་མཁས་པས་རྒྱན་གྱི་རྣམ་པར་བྱས་པ་ནི་རྒྱན་དུ་མ་བྱས་པའི་གསེར་རྣམས་ཀྱིས་མི་འཕྲོགས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་དེ་དག་ནི་དེ་ལས་གཞན་པའི་བྱིས་པའི་གནས་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་རྣམས་ཀྱིས་མི་འཕྲོགས་པ་ཡིན་ནོ། །དཔེར་ན་ནོར་བུ་རིན་པོ་ཆེ་སྣང་བ་རབ་ཏུ་གཏོང་བ་ནི་དེ་མ་ཡིན་པའི་ནོར་བུ་རྣམས་ཀྱིས་མི་འཕྲོགས་ཤིང༌། རླུང་དང་ཆུ་དང་ཆར་པ་རྣམས་ཀྱིས་འོད་མི་ཆོད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་ཡང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་ཤིང༌། ཤེས་རབ་ཀྱི་སྣང་བ་ཡང་བདུད་དང་ཕྱིར་རྒོལ་བ་ཐམས་ཅད་ཀྱིས་མི་ཆོད་པ་ཡིན་ནོ། །སྐྱེ་བས་ནི་ལྷའི་རྒྱལ་པོ་རབ་འཐབ་བྲལ་དུ་འགྱུར་ཏེ། སེམས་ཅན་རྣམས་ཀྱི་འཇིག་ཚོགས་ལ་ལྟ་བ་རྣམ་པར་བཟློག་པ་ལ་མཁས་སོ། །མཐུ་ནི་གནས་པ་སྔ་མ་


DTG129_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གང་དུ་འབུམ་འགྱུར་དུ་བསྟན་པ་དེ་འདིར་བྱེ་བར་བསྟན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ལྷག་པའི་ཤེས་རབ་ལ་གནས་པ་འདི་ནི་ཆོས་ལ་སྣང་བ་འཇུག་པ་འགྲུབ་པ་ཐོབ་པ་དང༌། ཡེ་ཤེས་ཡོངས་སུ་སྨིན་པར་འགྱུར་བ་དང༌། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་བརྟེན་པ་དང༌། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལ་མངོན་པར་ཞེན་པ་དང༌། གཡོ་བ་ཐམས་ཅད་སྤངས་པ་དང༌། བཀག་པ་དང༌། གནང་བའི་ལས་རྣམ་པར་སྤོང་བ་དང༌། བརྟེན་པ་དང་གཞི་དེས་སེམས་མཉེན་པར་འགྱུར་བ་དང༌། དེ་དང་མཐུན་པའི་ཡོན་ཏན་ཡང་དག་པར་འགྲུབ་པ་དང༌། ས་ཡོངས་སུ་དག་པར་བྱེད་པའི་ལས་ཡོངས་སུ་ཚོལ་བ་ལས་བརྩམས་ཏེ། བརྩོན་འགྲུས་ཆེན་པོ་བརྩམས་པ་དང༌། གཞི་དེས་བསམ་པ་དང་ལྷག་པའི་བསམ་པ་དང་མོས་པ་རྣམ་པར་དག་པར་བྱེད་པ་དང༌། གཞི་དེས་བསྟན་པའི་དགྲ་ཐམས་ཅད་ཀྱིས་མི་འཕྲོགས་པ་དང༌། དགེ་བའི་རྩ་བ་རྣམ་པར་དག་པ་དང༌། སྐྱེ་བ་དང་མཐུ་ལས་མདོར་བསྟན་པ་ཡིན་པར་རིག་པར་བྱའོ། །རྒྱས་པར་བསྟན་པ་ནི་ས་བཅུའི་འོད་འཕྲོ་ཅན་ལས་ཇི་སྐད་བསྟན་པ་བཞིན་ཏེ། ས་དེ་ལ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ཡེ་ཤེས་ཀྱི་འོད་འཕྲོ་བར་གྱུར་པ་དང༌། ཡང་དག་པའི་ཆོས་སྟོན་པས་འཇིག་རྟེན་རྣམས་ལ་ཤེས་རབ་ཀྱི་སྣང་བ་བྱེད་པས་ན་དེའི་ཕྱིར་ས་དེ་ལ་འོད་འཕྲོ་ཅན་ཞེས་བྱ་སྟེ། དེ་ཉིད་འདིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ལྷག་པའི་ཤེས་རབ་ཀྱི་གནས་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་གཉིས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་ལྷག་པའི་ཤེས་རབ་ལ་གནས་པ་སྔ་མ་ལ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་བཅུ་ཐོབ་པ་གང་ཡིན་པ་དེ་དག་ཆེ་བའི་ཕྱིར་དང༌། ཡོངས་སུ་རྫོགས་པའི་ཕྱིར་ལྷག་པའི་ཤེས་རབ་ལ་གནས་པ་གཉིས་པ་ལ་འཇུག་གོ །རྣམ་པར་དག་པ་ལས་བསམ་པ་མཉམ་པ་ཉིད་བཅུའི་གཞུང་ནི་མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱ་སྟེ། སངས་རྒྱས་རྣམས་ནི་མཉམ་པ་མེད་པའི་སངས་རྒྱས་རྣམས་དང༌། མཉམ་པ་དེ་མ་ཡིན་པའི་སེམས་ཅན་གྱི་ཁམས་ལས་ཡང་དག་པར་འདས་པ་དང༌། ཆོས་གང་དག་དང་ཇི་ལྟར་མཉམ་པ་འདི་ནི་རྣམ་


DTG129_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་པ་ལ་བསམ་པ་མཉམ་པ་ཉིད་རྣམས་ཀྱི་དོན་གྱི་མདོ་ཡིན་པར་རིག་པར་བྱའོ། །གནས་པ་དེ་ལ་གནས་པ་དེ་ནི་ཕྱིར་ཞིང་ཡེ་ཤེས་ཁྱད་པར་ཅན་འདོད་པས་འཕགས་པའི་བདེན་པ་བཞི་ལ་རྣམ་པ་བཅུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། གཞུང་ནི་མདོ་ཉིད་ལས་ཇི་སྐད་འབྱུང་བ་བཞིན་དུ་ཐམས་ཅད་རིག་པར་བྱའོ། །གཞན་ལ་གོ་བར་བྱེད་པ་དང༌། སོ་སོར་རང་གིས་ཤེས་པ་དང༌། དེ་གཉི་གའི་གནས་ལས་བརྩམས་ཏེ་གང་བསྟན་པ་དང༌། མདོ་སྡེ་དང༌། འདུལ་བ་དང༌། མ་མོ་ལས་བརྩམས་ཏེ་གང་གིས་བསྟན་པ་དང༌། ད་ལྟར་བྱུང་བའི་སྡུག་བསྔལ་གྱི་བདག་ཉིད་དང༌། རྒྱུ་ལས་མ་འོངས་པའི་སྡུག་བསྔལ་འབྱུང་བ་དང༌། རྒྱུ་ཟད་པས་དེ་ཟད་དེ་མི་སྐྱེ་བ་དང༌། དེ་སྤང་བའི་ཐབས་ལ་བརྟེན་པ་ལས་བརྩམས་ནས་ཇི་ལྟར་བསྟན་པ་སྟེ། དེ་ལྟར་ན་འདི་ནི་འཕགས་པའི་བདེན་པ་བཞི་ཤེས་པ་རྣམ་པ་བཅུའི་དོན་གྱི་མདོ་ཡིན་པར་རིག་པར་བྱའོ། །དེ་ལྟར་བདེན་པ་ལ་མཁས་པ་དེ་ནི་འདུ་བྱེད་དུ་གྱུར་པ་ཐམས་ཅད་ཤེས་རབ་ཀྱིས་ཡང་དག་པར་རྣམ་པར་སུན་འབྱིན་པར་བྱེད་དོ། །སེམས་ཅན་གྱི་ཁམས་ལ་ཡང་སྙིང་རྗེའི་བསམ་པ་རྣམ་པར་འཕེལ་བར་འགྱུར་རོ། །སེམས་ཅན་བྱིས་པའི་ལོག་པར་སྒྲུབ་པ་ཡང་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ལས་ཡང་དག་པར་རབ་ཏུ་རྟོགས་སོ། །དེ་དག་རྣམ་པར་ཐར་པར་བྱ་བའི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡོངས་སུ་བཟུང་བ་ལ་སེམས་ཀྱིས་སྨོན་པར་བྱེད་ཅིང་དེ་ལ་གནས་པའི་བསམ་པ་ཡང་དག་པར་འགྲུབ་པོ། །དྲན་པ་དང༌། བློ་གྲོས་དང༌། རྟོགས་པ་ལ་སོགས་པ་ཡོན་ཏན་མང་པོ་རྣམ་པ་སྣ་ཚོགས་པ་དང་ལྡན་པ་དང༌། ཡིད་ལ་བྱེད་པ་གཞན་དང་བྲལ་བ་དང༌། ཡོངས་སུ་སྨིན་པར་བྱ་བའི་ཐབས་སྣ་ཚོགས་ཀྱིས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སེམས་ཅན་རྣམས་ལ་ཕན་འདོགས་པའི་འཇིག་རྟེན་པའི་ཡི་གེ་དང་བསྟན་བཅོས་དང༌། རྒྱ་དང༌། རྩིས་དང་ཤོད་ཐབས་ལ་སོགས་པ་བཟོ་དང་ལས་ཀྱི་གནས་མདོ་ལས་ཇི་སྐད་འབྱུང་བ་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱང་སེམས་ཅན་རྣམས་ལ་འཇིག་རྟེན་པའི་ཐ་སྙད་དང་མཐུན་པར་བྱ་བ་དང་དབུལ་བ་བསལ་བར་བྱ་བ་དང༌། ཁམས་མ་སྙོམས་པ་དང་མི་དང་མི་མ་ཡིན་པས་བྱས་པའི་གནོད་པ་ཞི་བར་བྱ་བ་དང༌། ཁ་ན་མ་ཐོ་བ་མེད་པའི་རྩེད་མོ་དང༌། དགའ་བའི་དངོས་པོ་བསྒྲུབ་


DTG129_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཆོས་མ་ཡིན་པ་ལ་དགའ་བ་ལས་བཟློག་པར་བྱ་བ་དང༌། ཁྱིམ་གྱི་ཡོ་བྱད་འདོད་པ་རྣམས་ལ་ཚེགས་ཆུང་དུས་ཁྱིམ་གྱི་ཡོ་བྱད་བསྒྲུབ་པར་བྱ་བ་དང༌། རྒྱལ་པོ་དང་ཆོམ་རྐུན་ལ་སོགས་པའི་གནོད་པ་ལས་ཡོངས་སུ་བསྐྱབ་པར་བྱ་བ་དང༌། གནས་དང་གནས་མ་ཡིན་པའི་སྦྱོར་བ་ལ་གནང་བ་དང་དགག་པར་བྱ་བ་དང༌། བཀྲ་ཤིས་པ་བྱ་བ་དང༌། བཀྲ་མི་ཤིས་པའི་དངོས་པོ་བླང་བ་དང་དོར་བ་ལ་གཟུང་པ་དང༌། ཚེ་འདི་ལ་གཅིག་ལ་གཅིག་མི་འཁུ་བ་དང༌། ཚེ་ཕྱི་མ་ལ་ཕྱིན་ཅི་མ་ལོག་པའི་མངོན་པར་མཐོ་བར་འགྱུར་བའི་ལམ་བསྟན་པ་དང༌། སྙིང་རྗེ་དང་ལྡན་པས་མཐར་གྱིས་བྱང་ཆུབ་ལ་དགོད་པར་བྱ་བའི་ཕྱིར་མངོན་པར་སྒྲུབ་པ་སྟེ། དེ་ལྟ་ན་འདི་ནི་སེམས་ཅན་རྣམས་ལ་ཕན་འདོགས་པའི་བཟོ་དང་ལས་ཀྱི་གནས་དེ་དག་གི་དོན་གྱི་མདོ་ཡིན་པར་རིག་པར་བྱའོ། །གཞན་ཐམས་ཅད་ནི་སྔ་མ་བཞིན་ནོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དོ། །དཔེར་ན་གསེར་དེ་ཉིད་གསེར་མགར་མཁས་པས་ལཱུ་བྱི་དོར་བྱས་པས་སྤྲས་པ་ནི་མཚུངས་པ་མེད་པའི་ཕྱིར་དེ་མ་ཡིན་པའི་གསེར་དག་གིས་མི་འཕྲོགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་ཡང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང༌། དེ་མ་ཡིན་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་འཕྲོགས་པ་ཡིན་ནོ། །དཔེར་ན་ཟླ་བ་དང༌། ཉི་མ་དང་རྒྱུ་སྐར་རྣམས་ཀྱི་འོད་ནི་རླུང་གི་དཀྱིལ་འཁོར་ཐམས་ཅད་ཀྱིས་མི་འཕྲོགས་ལ་རླུང་དང་འགྲོ་བར་ནི་འདྲའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེའི་ཤེས་རབ་དེ་ཡང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་ལ། འཇིག་རྟེན་པའི་བྱ་བ་བྱེད་པར་ནི་འདྲའོ། །སྐྱེ་བ་ནི་ལྷའི་རྒྱལ་པོ་ཡོངས་སུ་དགའ་ལྡན་དུ་འགྱུར་ཏེ། མུ་སྟེགས་ཅན་ཐམས་ཅད་བཟློག་པ་ལ་མཁས་སོ། །མཐུ་ནི་བྱེ་བ་ཕྲག་སྟོང་གི་གྲངས་སུ་བསྟན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་འདི་ནི་རྣམ་པར་དག་པ་ལ་བསམ་པ་ཉིད་དུ་གྲུབ་པ་ལ་འཇུག་པ་དང༌། ཐབས་དང་བདེན་པ་སྤྱོད་པ་སོ་སོ་རྣམ་པར་འཕེལ་བ་དང༌། འདུ་བྱེད་རྣམ་པར་སུན་འབྱིན་ཅིང་སེམས་ཅན་ལ་སྙིང་རྗེ་རྣམ་པར་འཕེལ་བ་དང༌། དེའི་དོན་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་སྨོན་ལམ་ལ་སྦྱོར་བ་དང༌།


DTG129_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་དང༌། བློ་གྲོས་དང་རྟོག་པ་ལ་སོགས་པ་ཡོན་ཏན་འཕེལ་བ་དང༌། གཞན་ཡིད་ལ་མི་བྱེད་པ་དང༌། རྣམ་པ་ཐམས་ཅད་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་བརྩོན་པ་དང༌། འཇིག་རྟེན་པའི་བཟོ་སྒྲུབ་པ་དང༌། དགེ་བའི་རྩ་བ་རྣམ་པར་དག་པ་དང༌། སྐྱེ་བ་དང་མཐུ་ལས་མདོར་བསྟན་པར་རིག་པར་བྱའོ། །རྒྱས་པར་བསྟན་པ་ནི་འདི་ལྟ་སྟེ། ས་བཅུའི་ས་ཤིན་ཏུ་སྦྱང་དཀའ་བ་ལས་འབྱུང་བ་བཞིན་ནོ། །བདེན་པ་རྣམས་ལ་རྣམ་པར་ངེས་པའི་ཤེས་པ་ནི་ཤིན་ཏུ་སྦྱང་དཀའ་བ་ཞེས་བྱ་སྟེ། འདིར་ཡང་དེ་བསྟན་པས་ན་དེའི་ཕྱིར་ས་དེ་ལ་ཤིན་ཏུ་སྦྱང་དཀའ་བ་ཞེས་བྱ་སྟེ། དོན་དེ་ཉིད་ཀྱི་བདེན་པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་ཡིན་པར་བལྟ་བར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བདེན་པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་ལ་ཐོག་མ་ཉིད་དུ་ཆོས་མཉམ་པ་ཉིད་བཅུ་ཐོབ་སྟེ། གཞུང་ནི་མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་དག་ཆེ་བའི་ཕྱིར་དང་ཡོངས་སུ་རྫོགས་པའི་ཕྱིར་གནས་པ་འདི་ལ་འཇུག་སྟེ། ཆོས་ཐམས་ཅད་ལ་དོན་དམ་པར་ཡོད་པའི་ངོ་བོ་ཉིད་ཀྱི་མཚན་མ་མེད་པའི་མཉམ་པ་ཉིད་དང༌། བརྗོད་པ་མངོན་པར་འདུ་བྱེད་པ་སྣང་བ་མཚན་ཉིད་མེད་པའི་མཉམ་པ་ཉིད་དང༌། དེ་ཉིད་མཚན་ཉིད་མེད་པས་བདག་ཉིད་མ་སྐྱེས་པའི་མཉམ་པ་ཉིད་དང༌། རྒྱུ་ལས་ཀྱང་མ་སྐྱེས་པའི་མཉམ་པ་ཉིད་དང༌། རང་དང་རྒྱུ་ལས་ཀྱང་མ་སྐྱེས་པས་གཟོད་མ་ནས་ཤིན་ཏུ་ཞི་བའི་མཉམ་པ་ཉིད་དང༌། ཡོད་པའི་དངོས་པོ་འཛིན་པའི་ཤེས་པ་སྤྲོས་པ་མེད་པའི་མཉམ་པ་ཉིད་དང༌། བླང་བ་དང་དོར་བའི་མངོན་པར་འདུ་བྱེད་པ་དང་བྲལ་བའི་མཉམ་པ་ཉིད་དང༌། དེ་ཉིད་ཉོན་མོངས་པ་དང་སྡུག་བསྔལ་གྱི་ཀུན་ནས་ཉོན་མོངས་པ་དང་བྲལ་བའི་ཕྱིར་དབེན་པའི་མཉམ་པ་ཉིད་དང༌། རྣམ་པར་བརྟགས་པའི་ཤེས་བྱའི་ངོ་བོ་ཉིད་སྒྱུ་མ་དང་སྤྲུལ་པ་ལྟ་བུའི་མཉམ་པ་ཉིད་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་ངོ་བོ་ཉིད་ཀྱི་དངོས་པོ་དང་དངོས་པོ་མེད་པ་གཉིས་སུ་མེད་པའི་མཉམ་པ་ཉིད་དེ་ནི་ཆོས་མཉམ་པ་ཉིད་བཅུ་པོ་དེ་དག་གི་དོན་རྣམ་པར་དབྱེ་བ་ཡིན་པར་རིག་པར་བྱའོ།། །།བམ་པོ་བཅུ་དགུ་པ། གནས་པ་


DTG129_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་གནས་པ་དེ་བྱང་ཆུབ་ལ་འདུན་པ་དྲག་པོས་འདོད་པ་སྐྱེས་ཤིང་སེམས་ཅན་རྣམས་ལ་སྙིང་རྗེ་རྒྱས་པས་འཇིག་རྟེན་རྣམས་ཀྱི་འབྱུང་བ་དང༌། འཇིག་པ་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་ལེགས་པར་དཔྱོད་པའི་རྣམ་པ་ཐམས་ཅད་ཀྱིས་དཔྱོད་པར་བྱེད་ཅིང་རབ་ཏུ་ཤེས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཤེས་པ་ལ་བརྟེན་ནས་དེའི་རྣམ་པར་ཐར་པའི་སྒོ་གསུམ་པོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་སྐྱེ་བའོ། །གཞི་དེས་ཀྱང་དེ་ལ་བདག་དང་གཞན་པ་དང༌། བྱེད་པ་པོ་དང༌། ཚོར་བ་པོ་དང༌། དངོས་པོ་དང༌། དངོས་པོ་མེད་པའི་འདུ་ཤེས་མི་འབྱུང་ངོ༌། །དེ་ལྟར་དོན་དམ་པ་ལ་མཁས་པ་དང༌། སེམས་ཅན་ལ་ལྟ་བ་དེ་ནི་ཉོན་མོངས་པ་དང་ལྡན་པ་དང༌། རྐྱེན་ཚོགས་པ་ལས་ནི་འདུས་བྱས་རང་བཞིན་གྱིས་ཉམ་ཆུང་བ་བདག་དང་བདག་གི་དང་བྲལ་ཞིང་ཉེས་པ་དུ་མའི་སྐྱོན་ཆགས་པ་འབྱུང་བ་ཉོན་མོངས་པ་དང་མི་ལྡན་པ་དང༌། རྐྱེན་མ་ཚོགས་པ་ལས་ནི་མི་འབྱུང་སྟེ། དེ་བས་ན་བདག་གིས་ཉོན་མོངས་པ་དང་ལྡན་པ་དང༌། རྐྱེན་ཚོགས་པ་ནི་བདག་ཉིད་བསྲུང་བའི་ཕྱིར་ཚོགས་པར་མི་བྱའོ། །སེམས་ཅན་རྣམས་ལ་ཕན་གདགས་པའི་དོན་དུ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་འདུས་བྱས་རྣམ་པར་ཞི་བར་མི་བྱའོ་སྙམ་དུ་ཚུལ་བཞིན་དུ་རྟོག་པར་བྱེད་དོ། །དེ་ལྟར་ཡེ་ཤེས་དང་སྙིང་རྗེ་དང་ལྡན་པ་དེ་ནི་གནས་པ་དེ་ལ་ཆགས་པ་མེད་པའི་ཡེ་ཤེས་ལ་མངོན་དུ་ཕྱོགས་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མངོན་དུ་འགྱུར་ཏེ། དེས་ན་དེ་འཇིག་རྟེན་པའི་སྤྱོད་པ་ཐམས་ཅད་ལ་ཆགས་པ་མེད་པར་སྤྱོད་དེ། གནས་པ་དེ་ཡང་ས་བདུན་པ་ལ་སྦྱོར་བ་ལས་འབྱུང་བའི་སྤྱོད་པ་མཐར་ཐུག་པའི་བྱང་ཆུབ་སེམས་དཔའ་བཟོད་པ་རྗེས་སུ་མཐུན་པའི་བཟོད་པ་རྣོན་པོ་གང་ཡིན་པ་དེས་བསྡུས་པར་རིག་པར་བྱའོ། །དེ་ཆགས་པ་མེད་པའི་ཡེ་ཤེས་ལ་མངོན་པར་ཕྱོགས་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མངོན་དུ་གྱུར་པས་བྱང་ཆུབ་འདྲེན་པར་བྱེད་པའི་རྐྱེན་རྣམས་ཀྱང་འདྲེན་པར་བྱེད་པ་འཇིག་རྟེན་པ་རྣམས་ཀྱི་འདུས་བྱས་ཀྱི་གནས་པས་ཀྱང་གནས་པར་མི་བྱེད་དོ། །རབ་ཏུ་ཞི་བ་ལ་ཡང་ཞི་བར་ལྟ་བ་དེ་ཡང་མི་གནས་སོ། །དེ་ལྟར་ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་དང་ལྡན་པ་དེ་ལ་ནི་འཇུག་པ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྒོ་


DTG129_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་ཕྲག་བཅུ་པོ་མངོན་དུ་འགྱུར་རོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་ཇི་ལྟ་བ་བཞིན་དུ་སྨོན་པ་མེད་པ་དང༌། མཚན་མ་མེད་པའི་ཏིང་ངེ་འཛིན་གཉིས་ལ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །དེ་དག་མངོན་དུ་གྱུར་པ་ན་མི་ཕྱེད་པའི་བསམ་པ་ཅན་དུ་འགྱུར་རོ། །བསྟན་པའི་དགྲ་མུ་སྟེགས་ཅན་དང༌། བདུད་ཐམས་ཅད་ཀྱིས་ཀྱང་རྣམ་པ་ཐམས་ཅད་དུ་བསྟན་པ་ལས་མི་འཕྲོགས་པར་འགྱུར་རོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ། དཔེར་ན་གསེར་དེ་ཉིད་གསེར་མགར་མཁས་པས་ནོར་བུ་རིན་པོ་ཆེ་བཻ་ཌཱུ་ཪྻ་བྱི་དོར་བྱས་པས་སྤྲས་པ་ནི་དེ་མ་ཡིན་པའི་གསེར་ཐམས་ཅད་ཀྱིས་མི་འཕྲོགས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་དེ་དག་ཆེས་རྣམ་པར་དག་པ་དང་མི་འཕྲོགས་པར་འགྱུར་རོ། །སྔ་མ་བཞིན་དུ་དཔེར་ན་ཟླ་བའི་འོད་ནི་སེམས་ཅན་རྣམས་ཀྱི་ལུས་ཀྱང་སིམ་པར་བྱེད་ལ། རླུང་གི་དཀྱིལ་འཁོར་བཞིས་ཀྱང་མི་ཆོད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེའི་ཤེས་རབ་ཀྱི་འོད་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ཡོངས་སུ་གདུང་བ་ཐམས་ཅད་ཀྱང་རབ་ཏུ་ཞི་བར་བྱེད་ལ། བདུད་དང་ཕྱིར་རྒོལ་བ་ཐམས་ཅད་ཀྱིས་ཀྱང་མི་ཆོད་པ་ཡིན་ནོ། །སྐྱེ་བས་ན་ལྷའི་རྒྱལ་པོ་རབ་འཕྲུལ་དུ་འགྱུར་ཏེ། སེམས་ཅན་རྣམས་ཀྱི་མངོན་པའི་ང་རྒྱལ་ཐམས་ཅད་བཟློག་པ་ལ་མཁས་སོ། །མཐུ་ཡང་བྱེ་བ་ཕྲག་འབུམ་གྱི་གྲངས་སུ་བསྟན་པར་བལྟ་བར་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་འདི་ནི་ཆོས་མཉམ་པ་ཉིད་ཡོངས་སུ་གྲུབ་པ་ལ་འཇུག་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་རྟོགས་པའི་རྣམ་པར་ཐར་པའི་སྒོ་འབྱུང་བ་དང༌། ལོག་པའི་འདུ་ཤེས་ཐམས་ཅད་ཀུན་དུ་མི་འབྱུང་བ་དང༌། ཐབས་ཀྱིས་འཁོར་བ་ཡོངས་སུ་འཛིན་པ་དང༌། ཆགས་པ་མེད་པའི་ཡེ་ཤེས་ལ་མངོན་དུ་ཕྱོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མངོན་དུ་གྱུར་པ་དང༌། ཏིང་ངེ་འཛིན་ཚད་མེད་པ་ཐོབ་པ་དང༌། མི་ཕྱེད་པའི་བསམ་པ་འཐོབ་པ་དང༌། བསྟན་པ་ལས་མི་འཕྲོགས་པ་དང༌། དགེ་བའི་རྩ་བ་རྣམས་པར་དག་པ་དང༌། སྐྱེ་བ་དང་མཐུ་ལས་མདོར་བསྟན་པར་རིག་པར་བྱའོ། །རྒྱས་པར་བསྟན་པ་ནི་འདི་ལྟ་སྟེ། ས་མངོན་དུ་གྱུར་པ་ལས་འབྱུང་བ་བཞིན་ནོ། །ཆགས་པ་མེད་པའི་ཡེ་ཤེས་ལ་མངོན་


DTG129_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཕྱོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མངོན་དུ་གྱུར་པས་ན་མངོན་དུ་གྱུར་པ་ཞེས་བྱ་སྟེ། དོན་དེ་ཉིད་ཀྱིས་འདི་གནས་པ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་མ་མེད་པ་ལ་གནས་པ་མངོན་པར་འདུ་བྱེད་པ་དང་བཅས་ཤིང་རྩོལ་བ་དང་བཅས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ལྷག་པའི་ཤེས་རབ་ལ་གནས་པ་འདས་མ་ཐག་པ་ལ་ཐབས་དང་ཤེས་རབ་ཀྱིས་མངོན་པར་སྒྲུབ་པ། སེམས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་འཇིག་རྟེན་པ། འཇིག་རྟེན་ཐམས་ཅད་དང་ཐུན་མོང་མ་ཡིན་ལམ་གཞན་བརྩམས་པའི་ཁྱད་པར་བཅུ་པོ་ཐོབ་པར་འགྱུར་བ་དེ་དག་ཆེ་བའི་ཕྱིར་དང༌། ཡོངས་སུ་རྫོགས་པའི་ཕྱིར་གནས་པ་བདུན་པ་ལ་འཇུག་པ་སྟེ། དེ་དག་གི་གཞུང་ནི་རྒྱས་པར་མདོ་ཉིད་ལས་འབྱུང་བ་བཞིན་དུ་རིག་པར་བྱ་སྟེ། འཇིག་རྟེན་པའི་ཕུན་སུམ་ཚོགས་པ་འགྲུབ་པར་བྱེད་པའི་བསོད་ནམས་ཡོངས་སུ་འཛིན་པ་ལས་བརྩམས་པ་དང༌། སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་བསམ་པ་ལས་བརྩམས་པ་དང༌། བྱང་ཆུབ་ཀྱི་ཕྱིར་བསོད་ནམས་ཀྱི་ཚོགས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་གོང་ནས་གོང་དུ་ཡང་སྐྱེ་བ་ལས་བརྩམས་པ་དང༌། ཉན་ཐོས་དང་ཐུན་མོང་མ་ཡིན་པ་ལས་བརྩམས་པ་དང༌། རང་སངས་རྒྱས་དང་ཐུན་མོང་མ་ཡིན་པ་ལས་བརྩམས་པ་དང༌། སེམས་ཅན་གྱི་ཁམས་ལས་བརྩམས་པ་དང༌། འཇིག་རྟེན་གྱི་ཁམས་ལས་བརྩམས་པ་དང༌། དེ་བཞིན་གཤེགས་པའི་སྐུ་དང༌། གསུང་དང༌། ཐུགས་ཤེས་པ་ལས་བརྩམས་ཏེ། དེ་ལྟར་འདི་ནི་ཐབས་དང་ཤེས་རབ་ཀྱིས་སྒྲུབ་པའི་ལམ་གཞན་བརྩམས་པའི་ཁྱད་པར་དེ་དག་གི་དབང་དུ་བྱས་པའི་དོན་གྱི་མདོ་ཡིན་པར་རིག་པར་བྱའོ། །དེ་དེ་དག་དང་ལྡན་པས་དེ་བཞིན་གཤེགས་པའི་ཡུལ་ཚད་མེད་གྲངས་མེད་པ་ཁོང་དུ་ཆུད་པར་འགྱུར་རོ། །དེ་ཡང་དག་པར་བསྐྱེད་བའི་ཕྱིར་ཡང་ལྷུན་གྱིས་གྲུབ་ཅིང་མཚན་མ་མེད་པ་དང༌། རྟོག་པ་མེད་པ་དང༌། རྣམ་པར་རྟོག་པ་མེད་པས་སངས་རྒྱས་ཀྱི་ཡུལ་ཚད་མེད་པ་ཡང་དག་པར་སྐྱེད་པར་མཐོང་ནས། རྒྱུན་མི་འཆད་པ་དང༌། བར་ཆད་མེད་པར་སྦྱོར་བར་བྱེད་དོ། །སྤྱོད་ལམ་དང༌། སྤྱོད་པ་དང༌། གནས་པ་དང༌། ཡིད་ལ་བྱེད་པ་ཐམས་ཅད་དང༌། གནས་སྐབས་ཐམས་ཅད་ན་གནས་ལ་དེ་ལམ་དང་བྲལ་བར་མི་འགྱུར་རོ།།


DTG129_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཐམས་ཅད་ཁྱད་པར་དུ་འཕགས་པར་ཡོངས་སུ་རྫོགས་པར་འགྱུར་རོ། །གཞན་དག་ལ་ནི་དེ་ལྟ་མ་ཡིན་ཏེ། དང་པོར་རབ་ཏུ་དགའ་བ་ལ་གནས་པ་ལ་ནི་སྨོན་ལམ་ལ་ལྷག་པར་དམིགས་པ་དང༌། གཉིས་པ་ལ་ནི་སེམས་ཀྱི་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་སེལ་བ་དང༌། གསུམ་པ་ནི་སྨོན་ལམ་རྣམ་པར་འཕེལ་ཞིང་ཆོས་ལ་སྣང་བ་ཐོབ་པ་དང༌། བཞི་པ་ལ་ནའི་མལ་འཇུག་པ་དང༌། ལྔ་པ་ལ་ནི་འཇིག་རྟེན་པའི་བྱ་བ་ལ་འཇུག་པ་དང༌། དྲུག་པ་ལ་ནི་ཟབ་མོ་ལ་འཇུག་པ་ཡིན་ལ། གནས་པ་བདུན་པ་འདི་ལ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྐྱེད་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རོ། །གནས་པ་འདི་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་ལས་བྱུང་བའི་སྤྱོད་པ་ཡོངས་སུ་རྫོགས་པས་བསྡུས་པ་དང། ཡེ་ཤེས་དང༌། མངོན་པར་ཤེས་པ་དང༌། སྤྱོད་པ་རྣམ་པར་དག་པའི་གནས་པ་བརྒྱད་པ་ལ་འཇུག་པ་ཡིན་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་གནས་པ་འདིའི་མཇུག་ཐོགས་སུ་གནས་པ་བརྒྱད་པ་ལ་འཇུག་ཅིང༌། གནས་པ་དེ་ནི་གཅིག་ཏུ་ངེས་པར་རྣམ་པར་དག་པ་ཡིན་པའི་ཕྱིར་རོ།། གནས་པ་བདུན་པོ་འདི་དག་ནི་འདྲེན་པ་ཡིན་ཏེ། གནས་པ་རྣམ་པར་དག་པའི་སྔོན་དུ་འགྲོ་བའི་ཕྱིར་ནི་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་ལ། དེ་མ་ཐོབ་པའི་ཕྱིར་ནི་ཀུན་ནས་ཉོན་མོངས་པ་ཅན་གྱི་སྤྱོད་པར་གཏོགས་པར་བརྗོད་དོ། །གནས་པ་དེ་དག་ལ་དེའི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་སྤོང་བར་འགྱུར་ཏེ། དེ་ནི་ཉོན་མོངས་པ་དང་བཅས་པ་ཡང་མ་ཡིན་ལ། ཉོན་མོངས་པ་མེད་པ་ཡང་མ་ཡིན་པར་རིག་པར་བྱ་སྟེ། ཀུན་དུ་མི་སྤྱོད་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་འདོད་པའི་ཕྱིར་རོ། །དེ་ལྟར་གྱུར་པ་དེ་ནི་ལྷག་པའི་བསམ་པ་ཡོངས་སུ་དག་ཅིང༌། ལུས་དང་ངག་དང་ཡིད་ཀྱི་ལས་ཚད་མེད་པར་འཇུག་གོ །དེ་ལས་གང་དག་དེ་བཞིན་གཤེགས་པས་མ་བསྔགས་པ་རྣམས་ནི་སྔ་མ་བཞིན་ནོ། །དེའི་གནས་པ་ལྔ་པར་འཇིག་རྟེན་པའི་བཟོ་ཤེས་པ་མངོན་པར་སྒྲུབ་པ་རྣམས་ནི་འདིར་ཡོངས་སུ་རྫོགས་པར་འགྱུར་རོ། །སྟོང་གསུམ་གྱི་སྟོང་ཆེན་པོ་ན་གནས་པ་གོང་མ་ལ་


DTG129_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་བྱང་ཆུབ་སེམས་དཔའི་རྣམས་དང༌། །དེ་བཞིན་གཤེགས་པ་རྣམས་མ་གཏོགས་པས་སློབ་དཔོན་དུ་བཀུར་བར་འགྱུར་རོ། །ལྷག་པའི་བསམ་པ་དང་སྦྱོར་བ་མཚུངས་པ་འགའ་ཡང་མེད་དོ། །བསམ་གཏན་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་བསྒོམ་པའི་རྣམ་པས་མངོན་དུ་འགྱུར་ཏེ། གནས་པ་བརྒྱད་པ་ལ་ཇི་ལྟ་བ་བཞིན་དུ་རྣམ་པར་སྨིན་པས་གནས་པ་ནི་མ་ཡིན་ནོ། །དེ་ལྟར་ཞུགས་པ་དེ་ནི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྣམ་པར་འབྱེད་པ་ཤིན་ཏུ་རྣམ་པར་ཕྱེ་བའི་ཏིང་ངེ་འཛིན་ལ་སོགས་པ་ཏིང་ངེ་འཛིན་འབུམ་ཕྲག་བཅུ་མངོན་པར་སྒྲུབ་བོ། །དེ་དག་ཐོབ་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་ཡུལ་ལས་ཡང་དག་པར་འདས་པར་འགྱུར་རོ། །དེ་དེ་ལྟར་ལུས་དང་ངག་དང་ཡིད་ཀྱི་ལས་ཉོན་མོངས་པ་ཐམས་ཅད་ལ་དབེན་པ་རྟོགས་པར་དཀའ་བ། རྣམ་པར་རྟོག་པའི་སྤྱོད་པ་ཐམས་ཅད་དང་བྲལ་བས་གནས་ལ་སེམས་ཅན་ལ་ལྟ་བ་དང༌། བྱང་ཆུབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གོང་དུ་ཁྱད་པར་ཡོངས་སུ་ཚོལ་བ་ལ་མངོན་པར་བཙོན་པ་ཡང་མི་གཏོང་ངོ༌། །དེའི་ལུས་དང་ངག་དང་ཡིད་ཀྱི་ལས་མཚན་མ་ཐམས་ཅད་དང་བྲལ་བ་ཤིན་ཏུ་ཡོངས་སུ་སྦྱངས་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་སྣང་བར་གྱུར་པ་ཚད་མེད་པ་འབྱུང་བར་འགྱུར་རོ། །གནས་པ་འདི་ལ་ནི་རང་གི་བློའི་ཡུལ་ཡིན་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ་ཡིན་ཏེ། དེ་མ་ཡིན་པ་དྲུག་པོ་དག་ལ་ནི་སངས་རྒྱས་ཀྱི་ཆོས་ལ་ལྷག་པར་དམིགས་པས་ཡིན་ནོ། །གནས་པ་དྲུག་པ་ལ་ནི་བྱང་ཆུབ་སེམས་དཔའ་འགོག་པ་ལ་སྙོམས་པར་འཇུག་གོ །འདི་ལ་ནི་སྐད་ཅིག་རེ་རེ་ལ་སྙོམས་པར་འཇུག་གོ །ཡང་དག་པའི་མཐའ་ལ་གནས་པར་བྱེད། འགོག་པ་ཡང་མངོན་དུ་མི་བྱེད་པ་གང་ཡིན་པ་འདི་ནི་དེའི་ཤིན་ཏུ་རྨད་དུ་བྱུང་བའི་ཆོས་བསམ་གྱིས་མི་ཁྱབ་པའོ། །དེ་ཐབས་དང་ཡེ་ཤེས་མངོན་པར་སྒྲུབ་པ་དེ་ཉིད་ཀྱི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔའི་སྤྱོད་པ་སེམས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་ལ། འཇིག་རྟེན་པར་ཡང་སྣང་ཞིག །དེའི་རང་བཞིན་ཡང་མ་ཡིན་པ་སྤྱོད་དེ། མདོ་ཉིད་ལས་ཇི་སྐད་འབྱུང་བ་བཞིན་ནོ། །དེའི་བསྡུས་པའི་དོན་ནི་བསོད་ནམས་བྱ་བ་ལས་བརྩམས་པ་དང༌། ཆུང་མ་དང་འཁོར་ཡོངས་སུ་འཛིན་པ་དང་མངོན་པར་གྲུབ་པའི་ཁྱད་པར་འདོད་


DTG129_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་དག་པར་བརྩམས་པ་དང༌། རྣམ་པར་ཐར་པ་གསུམ་ལ་གནས་པ་དང༌། ཐེག་པ་དམན་པ་ལ་མོས་པ་ཐབས་ཀྱིས་འདུལ་བ་དང༌། འདོད་པ་ཡོངས་སུ་སྤྱོད་པ་དང༌། འདོད་པའི་ཁྱད་པར་དོན་དུ་གཉེར་བ་དང༌། མུ་སྟེགས་ཅན་བཟློག་པ་དང༌། གཞན་གྱི་སེམས་དང་མཐུན་པར་འཇུག་པ་དང༌། སྐྱེ་བོའི་ཚོགས་ཆེན་པོ་དང་མཐུན་པར་འཇུག་པ་ལས་བརྩམས་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ། དཔེར་ན་གསེར་དེ་ཉིད་གསེར་མགར་མཁས་པས་ནོར་བུ་རིན་པོ་ཆེ་བྱི་དོར་བྱས་པ་ཐམས་ཅད་ཀྱིས་སྤྲས་པ་ཤིན་ཏུ་མཛེས་ལ་དེ་མ་ཡིན་པ་འཛམ་བུའི་གླིང་པའི་རྒྱན་ཐམས་ཅད་ཀྱིས་ཀྱང་མི་འཕྲོགས་པ་དེ་བཞིན་དུ། དེའི་དགེ་བའི་རྩ་བ་དེ་དག་ཆེས་རྣམ་པར་དག་ལ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྩ་བ་རྣམས་དང༌། དེ་མ་ཡིན་པ་གནས་ཆེས་དམའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་རྣམས་ཀྱིས་ཀྱང་མི་འཕྲོགས་པ་ཡིན་ནོ། །དཔེར་ན་ཉི་མའི་འོད་ཀྱིས་ནི་འཛམ་བུའི་གླིང་གི་རླན་ཕལ་ཆེར་ཡོངས་སུ་སྐེམ་པར་བྱེད་ལ། དེ་མ་ཡིན་པའི་འོད་ཐམས་ཅད་ཀྱིས་ཀྱང་མི་འཕྲོགས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་དེའི་ཤེས་རབ་ཀྱི་འོད་ཀྱིས་ནི་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་དུག་ཐམས་ཅད་སྐེམ་པར་བྱེད་ལ། སྔ་མ་བཞིན་དུ་ཉན་ཐོས་ལ་སོགས་པའི་ཤེས་རབ་ཀྱི་འོད་རྣམས་ཀྱིས་ཀྱང་མི་འཕྲོགས་པ་ཡིན་ནོ། །སྐྱེ་བས་ནི་ལྷའི་རྒྱལ་པོ་དབང་བྱེད་དུ་འགྱུར་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་མངོན་པར་རྟོགས་པ་སྒྲུབ་པ་རྣམས་ལ་མཁས་སོ། །མཐུ་ནི་བྱེ་བ་ཁྲག་ཁྲིག་འབུམ་གྱི་གྲངས་སུ་བསྟན་པར་རིག་པར་བྱ་སྟེ། མཚན་མ་མེད་པ་ལ་གནས་པ་ལ་རྩོལ་བ་དང་བཅས་པ་འདི་ནི་ཐབས་དང་ཤེས་རབ་ཀྱིས་མངོན་པར་བསྒྲུབས་པའི་ལམ་གཞན་བརྩམས་པའི་ཁྱད་པར་འགྲུབ་པ་ལ་འཇུག་པ་དང༌། དེ་བཞིན་གཤེགས་པའི་ཡུལ་ཡང་དག་པར་སྐྱེད་པ་ཁོང་དུ་ཆུད་པ་ལ་རྒྱུན་དུ་སྦྱོར་བ་དང༌། སྐད་ཅིག་རེ་རེ་ལ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཐམས་ཅད་ཡང་དག་པར་འགྲུབ་པར་བྱེད་པ་དང༌། ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པར་རྣམ་པར་གཞག་པ་དང༌། སྦྱོར་བ་ལས་བྱུང་བའི་སྦྱོང་བ་ཡོངས་སུ་རྫོགས་པར་བསྡུས་པ་དང༌། བསམ་པ་དག་པའི་ལས་ལ་འཇུག་པའི་དབང་དུ་བྱས་པ་དང༌། འཇིག་རྟེན་པའི་བཟོ་


DTG129_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལས་ལ་སོགས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང༌། ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་འཐོབ་པ་དང༌། སྐད་ཅིག་རེ་རེ་ལ་འགོག་པ་ལ་སྙོམས་པར་འཇུག་པ་དང༌། སེམས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་འཇིག་རྟེན་པའི་སྤྱད་པ་སྤྱོད་པ་དང། དགེ་བའི་རྩ་བ་རྣམ་པར་དག་པ་དང༌། སྐྱེ་བ་དང་མཐུ་ལས་མདོར་བསྟན་པར་རིག་པར་བྱའོ། །རྒྱས་པར་ནི་སྔ་མ་བཞིན་དུ་འདི་ལྟ་སྟེ། ས་རིང་དུ་སོང་བ་ལས་འབྱུང་བ་བཞིན་ནོ། །བྱང་ཆུབ་སེམས་དཔའི་སྦྱོར་བ་ལས་བྱུང་བའི་སྤྱོད་པ་ཡོངས་སུ་རྫོགས་པས་བསྡུས་པའི་ཕྱིར་རིང་དུ་སོང་བ་ཞེས་བྱ་སྟེ། དོན་དེ་ཉིད་ཀྱིས་གནས་པ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་མ་མེད་པ་ལ་གནས་པ་ལྷུན་གྱིས་གྲུབ་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གནས་པ་སྔ་མ་འདས་མ་ཐག་པ་ལ་ཆོས་ཐམས་ཅད་ཀྱི་དོན་དམ་པ་འཇུག་པའི་ཡེ་ཤེས་རྣམ་པ་བཅུ་འཐོབ་སྟེ། དུས་གསུམ་དུ་ཅི་རིགས་པར་གཟོད་མ་ནས་མ་བྱུང་བ་དང༌། མ་སྐྱེས་པ་དང༌། མཚན་ཉིད་མེད་པ་ལས་བརྩམས་པ་དང༌། དེ་མ་ཡིན་པའི་རྒྱུའི་དངོས་པོ་འབྱུང་བ་མེད་ཅིང་རྣམ་པར་འཇིག་པ་མེད་པ་ལས་བརྩམས་པ་དང༌། དོན་དམ་པར་བརྗོད་དུ་མེད་པའི་ངོ་བོ་ཉིད་ཀྱི་དངོས་པོ་ལ་བརྗོད་པ་མངོན་པར་འདུ་བྱེད་པར་སྣང་བའི་ངོ་བོ་ཉིད་མཚན་ཉིད་དང་རྒྱུའི་དངོས་པོ་མེད་པ་དང༌། ཀུན་ནས་ཉོན་མོངས་པའི་བདག་ཉིད་དུ་འཇུག་པ་ཡང་མེད་ལ། ལྡོག་པ་ཡང་མེད་པ་ལས་བརྩམས་པ་དང༌། ཡོད་པའི་དངོས་པོ་བརྗོད་དུ་མེད་པ་དེ་ལ་དེ་མ་ཤེས་པ་ལོག་པར་མངོན་པར་ཞེན་པའི་རྒྱུ་ལས་བྱུང་བའི་ཀུན་ནས་ཉོན་མོངས་པ་ཐོག་མ་དང༌། རེ་རེ་དང༌། ཐ་མའི་དུས་ཐམས་ཅད་དུ་མཉམ་པ་ཉིད་ལས་བརྩམས་པ་དང༌། དེ་བཞིན་ཉིད་ལ་ཡང་དག་པར་ཞུགས་པ་རྣམ་པར་མི་རྟོག་པའི་མཉམ་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་དེ་བསལ་བ་ལས་བརྩམས་པ་སྟེ། དེ་ལྟར་དེའི་ཡེ་ཤེས་རྣམ་པ་བཅུ་ཆེ་བའི་ཕྱིར་དང༌། ཡོངས་སུ་རྫོགས་པའི་ཕྱིར་གནས་པ་བརྒྱད་པ་ཡོངས་སུ་དག་པ་དང༌། འདི་ལ་འཇུག་སྟེ། འདི་ལ་གནས་པ་ནི་མི་སྐྱེ་བའི་ཆོས་ལ་བྱང་ཆུབ་སེམས་དཔའི་བཟོད་པ་མཆོག་ཤིན་ཏུ་རྣམ་པར་དག་པ་འཐོབ་པར་འགྱུར་རོ། །དེ་ཡང་གང་ཞེ་ན་བྱང་ཆུབ་སེམས་དཔའ་དེས་ཡོངས་སུ་ཚོལ་བ་རྣམ་པ་བཞིས་ཆོས་ཐམས་ཅད་ཡོངས་སུ་བཙལ་ནས། གང་གི་ཚེ་ཡང་དག་པ་ཇི་


DTG129_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་བཞིས་ཡོངས་སུ་ཤེས་པ་དེའི་ཚེ། ལོག་པར་རྟོག་པ་ལ་མངོན་པར་ཞེན་པ་ཐམས་ཅད་བསལ་བ་ན། ཚེ་འདི་ལ་ཡང་ཆོས་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་ཐམས་ཅད་མི་སྐྱེ་བ་དང་མཐུན་པར་མཐོང་ལ། ཚེ་ཕྱི་མ་ལ་སྔོན་གྱི་ལོག་པར་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པའི་རྒྱུ་ལས་ཡང་དག་པར་སྐྱེས་པའི་ཆོས་དེ་དག་ཉིད་མ་ལུས་པར་ཐམས་ཅད་ཀྱི་ཐམས་ཅད་དུ་མི་སྐྱེ་བར་མཐོང་ངོ༌། །ཡོངས་སུ་ཚོལ་བ་བཞི་པོ་དེ་དག་དང༌། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་བཞི་པོ་དག་ནི་དེ་ཁོ་ནའི་དོན་གྱི་ལེའུ་ལས་སྔར་ཇི་སྐད་བསྟན་པ་བཞིན་ཏེ། དེ་དག་མོས་པས་སྤྱོད་པ་ལ་གནས་པ་ཡན་ཆད་མཚན་མ་མེད་པ་ལ་གནས་པ་རྩོལ་བ་དང་བཅས་པའི་བར་དུ་ནི་ཤིན་ཏུ་རྣམ་པར་དག་པ་མ་ཡིན་ནོ། །གནས་པ་འདི་ལ་ནི་ཡོངས་སུ་དག་པ་ཡིན་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་དེ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱའོ། །དེས་བཟོད་པ་དེ་ཐོབ་པས་བྱང་ཆུབ་སེམས་དཔའ་གནས་པ་ཟབ་མོ་ཐོབ་པ་ཡིན་ཏེ། མཚན་མ་མེད་པ་ལ་གནས་པ་སྔ་མ་ལ་དེའི་སྐྱོན་རྣམ་པ་བཞི་པོ་གང་ཡིན་པ་དེ་དག་ཀྱང་སྤངས་པ་ཡིན་ཏེ། རྩོལ་བའི་མངོན་པར་འདུ་ཤེས་པ་གང་ཡིན་པ་དེ་ཡང་སྤངས་པ་ཡིན། རྣམ་པར་དག་པའི་གནས་པ་གོང་མ་ལ་སྙིང་ལས་སུ་གྱུར་པ་ཡང་སྤངས་པ་ཡིན། རྣམ་པ་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱ་ནུས་པ་ལ་སྙིང་ལས་སུ་གྱུར་པ་ཡང་སྤངས་པ་ཡིན། འདུ་ཤེས་ཕྲ་མོ་ཀུན་དུ་འབྱུང་བ་ཡང་སྤངས་པ་ཡིན་ཏེ། དེ་ལྟ་བས་ན་གནས་པ་དེ་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱའོ། །ཟབ་མོའི་གནས་པ་དེ་ལ་མངོན་པར་དགའ་བ་དེའི་ཆོས་ཀྱི་སྒོའི་རྒྱུན་དེ་ལ་དེ་བཞིན་གཤེགས་པས་བསྐུལ་བ་དང། ཡང་དག་པར་འཛིན་དུ་འཇུག་པ་དང༌། མངོན་པར་སྒྲུབ་པའི་སྒོ་དང༌། ཡེ་ཤེས་དང༌། མངོན་པར་ཤེས་པའི་ལས་དཔག་ཏུ་མེད་པ་དེ་ཉེ་བར་བསྒྲུབ་སྟེ། དེ་ལྟར་བསྐུལ་བས་ལུས་རྣམ་པར་དབྱེ་བ་ཤེས་པ་ཚད་མེད་པ་མངོན་པར་སྒྲུབ་པ་དང༌། དབང་བཅུ་ཡང་ཐོབ་པར་འགྱུར་ཏེ། རྒྱས་པར་མདོ་ཉིད་ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱའོ། །དབང་ཐོབ་པ་དེ་ནི་ཇི་སྲིད་དུ་འདོད་པ་དེ་སྲིད་དུ་གནས་པར་འགྱུར་རོ། །བསམ་གཏན་དང༌། རྣམ་པར་ཐར་པ་ལ་སོགས་པ་སེམས་ཀྱི་གནས་པ་གང་གིས་གནས་པར་འདོད་པ་དེས་གནས་པར་བྱེད་དོ། །བསམ་པ་ཙམ་གྱི་མོད་ལ་དེའི་ཁ་ཟས་ལ་སོགས་པ་ཡོ་


DTG129_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་ཐམས་ཅད་འགྲུབ་པར་འགྱུར་རོ། །བཟོ་དང་ལས་ཀྱི་གནས་ཐམས་ཅད་ལ་ཡང་དེ་ཇི་ལྟར་འདོད་པ་བཞིན་དུ་སྤྱོད་པར་འགྱུར་རོ། །སྐྱེ་བར་འགྱུར་བའི་ལས་ཐམས་ཅད་དང༌། སྐྱེ་བའི་གནས་ཐམས་ཅད་ལ་ཡང་དེ་དགའ་མགུར་སྐྱེ་བར་འགྱུར་རོ། །རྫུ་འཕྲུལ་གྱི་བྱ་བ་ཐམས་ཅད་ཀྱང༌། ཇི་ལྟར་འདོད་པ་བཞིན་དུ་བྱེད་དོ། །དེའི་སྨོན་ལམ་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དུ་འགྲུབ་པོ། །དངོས་པོ་གང་དང་གང་ལ་ཇི་ལྟར་མོས་པ་དེ་ཡང་དེ་ཁོ་ན་བཞིན་དུ་འགྱུར་གྱི་གཞན་དུ་མ་ཡིན་ནོ། །ཤེས་བྱ་གང་ཤེས་པར་འདོད་པ་དེ་ལ་ཡང་ཇི་ལྟ་བ་བཞིན་དུ་ཤེས་སོ། །མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌། ཡི་གེའི་ཚོགས་རྣམས་ཀྱང་ཇི་ལྟར་འདོད་པ་བཞིན་དུ་ཐོབ་པར་འགྱུར་རོ། །ཆོས་ཐམས་ཅད་ཡང་དག་པར་རྣམ་པར་གཞག་པ་ལ་ཡང་མཁས་ཏེ། བྱང་ཆུབ་སེམས་དཔའ་དེ་ལྟར་དབང་ཐོབ་པ་ལས་བྱུང་བའི་ཕན་ཡོན་གཞན་ནི་རྒྱས་པར་མདོ་ཉིད་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །སངས་རྒྱས་མཐོང་བ་རགས་པ་ཡང་སྤངས་ནས། རྟག་ཏུ་རྒྱུན་མི་འཆད་པར་སངས་རྒྱས་མཐོང་བ་དང་མི་འབྲལ་ལོ། །ལྷག་མ་དགེ་བའི་རྩ་བ་རྣམ་པར་དག་པ་ནི་གསེར་གྱི་དཔེ་དང་འོད་ཀྱི་དཔེ་དང་བཅས་ཏེ། མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱའོ། །གནས་པ་དེ་ལ་བྱང་ཆུབ་སེམས་དཔའ་དེའི་སྐྱེ་བ་དང༌། མཐུའི་ཁྱད་པར་ཡང་མདོ་ཉིད་ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱའོ། །མཚན་མ་མེད་པ་ལ་གནས་པ་ལྷུན་གྱིས་གྲུབ་པ་འདི་ནི་དོན་དམ་པ་ལ་འཇུག་པའི་ཡེ་ཤེས་འགྲུབ་པ་ལ་འཇུག་པ་དང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང༌། བྱང་ཆུབ་སེམས་དཔའི་གནས་པ་སྐྱོན་ཐམས་ཅད་དང་བྲལ་བ་ཟབ་པ་ཐོབ་པ་དང༌། ཆོས་ཀྱི་སྒོའི་རྒྱུན་ལས་སངས་རྒྱས་རྣམས་ཀྱིས་མངོན་པར་སྒྲུབ་པའི་སྒོ་དང༌། ཡེ་ཤེས་དང་མངོན་པར་ཤེས་པའི་ལས་དཔག་ཏུ་མེད་པ་ཉེ་བར་སྒྲུབ་པ་དང༌། ལུས་རྣམ་པར་དབྱེ་བ་ཤེས་པ་ཚད་མེད་པ་ལ་འཇུག་པ་དང་དབང་ཐོབ་པ་དང༌། དབང་གི་ཕན་ཡོན་སོ་སོར་ཉམས་སུ་མྱོང་བ་དང༌། དགེ་བའི་རྩ་བ་རྣམ་པར་དག་པ་དང༌། སྐྱེ་བ་དང༌། མཐུ་ལས་མདོར་བསྟན་པར་རིག་པར་བྱའོ། །རྒྱས་པར་བསྟན་པ་ནི་འདི་ལྟ་སྟེ། མདོའི་ས་མི་གཡོ་བ་ལས་ཇི་སྐད་བསྟན་པ་བཞིན་ཏེ། སྔ་མའི་མངོན་པར་འདུ་བྱེད་པ་དང་བྲལ་བའི་ཕྱིར། ས་དེ་ལ་སེམས་དེ་ལྷུན་གྱིས་གྲུབ་ཅིང་མི་


DTG129_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་བར་འཇུག་པའི་ལམ་ལ་ཡང་དག་པར་ཞུགས་པ་འབྱུང་ངོ༌། །དེ་ལྟ་བས་ནས་དེ་ལ་མི་གཡོ་བ་ཞེས་བྱ་སྟེ། དོན་དེ་ཉིད་ཀྱིས་འདི་གནས་པ་ཡིན་པར་བལྟ་བར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོ་ཡང་དག་པར་རིག་པ་ལ་གནས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གནས་པ་ཟབ་མོ་དེས་ཀྱང་ཆོག་པར་མི་འཛིན་ཏེ། གོང་དུ་ཡེ་ཤེས་ཁྱད་པར་དུ་འཕགས་པའི་རྗེས་སུ་འགྲོ་ལ། ཆོས་ཤེས་པ་མངོན་པར་འདུ་བྱེད་པ་གང་གིས་བྱང་ཆུབ་སེམས་དཔས་གཞན་དག་ལ་ཆོས་ཀྱི་རྣམ་པ་ཐམས་ཅད་བསྟན་པར་བྱ་བ་དང༌། ཆོས་བསྟན་པའི་བྱ་བ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ལ་ཆོས་ཡང་དག་པར་བསྟན་པའི་བྱ་བ་ནི་འདི་ཡིན་ཏེ། ཐིབས་པོ་རྒྱུ་བ་དག་ལ་གང་དག་ཀུན་ནས་ཉོན་མོངས་པར་འགྱུར་བ་དང༌། རྣམ་པར་དག་པར་འགྱུར་བ་དང༌། གང་གིས་ཀུན་ནས་ཉོན་མོངས་པར་འགྱུར་བ་དང༌། གང་གིས་རྣམ་པར་དག་པར་འགྱུར་བ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་གང་ཡིན་པ་དང༌། དེའི་གནས་གཅིག་ཏུ་མ་ངེས་པ་གང་ཡིན་པ་དང༌། དེའི་གཅིག་ཏུ་ངེས་པ་དང་གཅིག་ཏུ་མ་ངེས་པ་གང་ཡིན་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །དེ་ལྟར་ཆོས་བསྟན་པ་ལ་མཁས་པ་དང༌། བསྟན་པའི་བྱ་བ་ལ་མཁས་པ་དང༌། གཟུངས་དཔག་ཏུ་མེད་པ་ཐོབ་པ་དང༌། ཚིག་གི་ཡན་ལག་རྣམ་པར་དབྱེ་བ་ཐམས་ཅད་ལ་མཁས་པ་དང༌། སྤོབས་པ་མི་ཟད་པའི་རྣམ་པ་ཐམས་ཅད་དུ་ཆོས་སྨྲ་བ་ཆེན་པོ་ཉིད་གང་ཡིན་པ་དང༌། ཆོས་འཛིན་པ་དང༌། ལེན་ནུས་པ་ཇི་ལྟ་བུ་དང་ལྡན་པ་དང༌། བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པས་མངོན་པར་སྒྲུབ་པའི་ཚིག་གང་ཡིན་པ་དང༌། ཆོས་ཀྱི་སྟན་ཇི་ལྟ་བུ་ལ་འདུག་པ་དང༌། གང་དུ་གང་དག་ལ་ཆོས་སྟོན་པ་དང༌། ཆོས་ཀྱི་སྒོ་ཇི་སྙེད་པ་དང༌། གང་གིས་སེམས་ཅན་གོ་བར་བྱེད་ཅིང༌། མགུ་བར་བྱེད་པའི་བྱ་བ་ལ་ཡང་དག་པར་འཛུད་ནུས་པ་དང་ལྡན་པ་དེ་དག་ཐམས་ཅད་ནི་རྒྱས་པར་མདོ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །དགེ་བའི་རྩ་བ་རྣམ་པར་དག་པ་དང༌། སྐྱེ་བ་དང༌། མཐུའི་ཁྱད་པར་ཡང་མདོ་ཉིད་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོ་ཡང་དག་པར་རིག་པ་ལ་གནས་པ་འདི་ནི་ཞི་བའི་རྣམ་པར་ཐར་པས་ཆོག་


DTG129_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་འཛིན་པ་ལ་འཇུག་པ་དང༌། ཆོས་ཡང་དག་པར་བསྟན་པའི་མངོན་པར་འདུ་བྱེད་པ་ཤེས་པ་དང༌། དེའི་བྱ་བ་ཤེས་པ་དང༌། བསམ་གྱིས་མི་ཁྱབ་པའི་ཆོས་སྨྲ་བ་ཆེན་པོ་ཉིད་འཐོབ་པ་དང༌། དགེ་བའི་རྩ་བ་རྣམ་པར་དག་པ་དང༌། སྐྱེ་བ་དང་མཐུ་ལས་མདོར་བསྟན་པར་རིག་པར་བྱའོ། །རྒྱས་པར་བསྟན་པ་ནི་འདི་ལྟ་སྟེ། མདོ་ཉིད་ལས་ལེགས་པའི་བློ་གྲོས་ལས་འབྱུང་བ་བཞིན་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པའི་བྲོ་གྲོས་ཆེན་པོ་ཡོངས་སུ་དག་པས་ཆོས་ཡང་དག་པར་བསྟན་པའི་སྐབས་ཡིན་པས་ན། ས་དེ་ལ་ལེགས་པའི་བློ་གྲོས་ཞེས་བྱ་སྟེ། དོན་དེ་ཉིད་ཀྱིས་འདི་ནི་གནས་པ་ཡིན་པར་བལྟ་བར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་པ་མཆོག་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སོ་སོ་ཡང་དག་པར་རིག་པའི་གནས་པ་རྣམ་པ་ཐམས་ཅད་ཀྱིས་ཡོངས་སུ་དག་པ་ལ་ཆོས་ཀྱི་རྒྱལ་པོར་འོས་ཤིང་ཆོས་ལ་དབང་བསྐུར་བ་ཐོབ་པ་དང༌། ཏིང་ངེ་འཛིན་དྲི་མ་མེད་པ་ལ་སོགས་པ་དཔག་ཏུ་མེད་པ་ཐོབ་ཅིང༌། དེའི་བྱ་བ་བྱེད་པ་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཁྱད་པར་ལ་དབང་བསྐུར་བའི་ཐ་མའི་ཏིང་ངེ་འཛིན་མངོན་དུ་གྱུར་པས་སངས་རྒྱས་ཐམས་ཅད་ལས་དེ་དང་འཚམ་པའི་སྟན་དང་ལུས་དང་འཁོར་ཐོབ་པ་དང༌། བདག་ཉིད་ཀྱི་འོད་ཟེར་འགྲོ་བ་དང༌། ཕྱིར་འོང་བ་རྣམས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པ་ཐམས་ཅད་དང་ལྡན་པར་དབང་བསྐུར་བ་ཐོབ་པ་དང༌། དབང་བསྐུར་ནས་ཀྱང་འདུལ་བ་ཐམས་ཅད་ཡང་དག་པར་སྡུད་ཅིང༌། དེ་དག་རྣམ་པར་ཐར་པར་བྱ་བའི་ཐབས་སངས་རྒྱས་ཀྱི་མཛད་པ་ཤེས་པ་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། གཟུངས་དང༌། མངོན་པར་ཤེས་པ་དཔག་ཏུ་མེད་པ་ཐོབ་པ་དང༌། དེའི་དབང་གིས་དྲན་པ་དང༌། ཤེས་པ་ཆེན་པོས་མངོན་པར་སྒྲུབ་པའི་ངེས་པའི་ཚིག་རྣམ་པར་གཞག་པ་དང༌། མངོན་པར་ཤེས་པ་ཆེན་པོ་མངོན་པར་སྒྲུབ་པ་དང༌། དགེ་བའི་རྩ་བ་རྣམ་པར་དག་པ་དང༌། སྐྱེ་བ་དང༌། མཐུའི་ཁྱད་པར་ལས་གནས་པ་མཆོག་མདོར་བསྟན་པར་རིག་པར་བྱའོ། །རྒྱས་པར་བསྟན་པ་ནི་འདི་ལྟ་སྟེ། མདོ་ཉིད་ཀྱི་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་ལས་འབྱུང་བ་བཞིན་ནོ། །བྱང་ཆུབ་སེམས་དཔའི་ལམ་ཡོངས་སུ་


DTG129_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཤིང༌། བྱང་ཆུབ་ཀྱི་ཚོགས་ཤིན་ཏུ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་དེ་ནི་དེ་བཞིན་གཤེགས་པ་རྣམས་ལ་ཆོས་ཀྱི་སྤྲིན་ལྟ་བུ་ཤིན་ཏུ་རྒྱ་ཆེ་ཞིང༌། དེ་མ་ཡིན་པའི་སེམས་ཅན་ཐམས་ཅད་ཀྱིས་བཟོད་པར་དཀའ་བའི་དམ་པའི་ཆོས་ཀྱི་ཆར་ཡང་དག་པར་ནོད་དོ། །བདག་ཉིད་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང༌། བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་ཡང་སྤྲིན་ཆེན་པོ་ལྟ་བུའི་དམ་པའི་ཆོས་ཀྱི་ཆར་དཔེ་མེད་པས་སེམས་ཅན་དཔག་ཏུ་མེད་པ་དག་གི་ཉོན་མོངས་པའི་རྡུལ་རྣམས་རབ་ཏུ་ཞི་བར་བྱེད་དོ། །ས་དེ་ལ་གནས་ནས་དགེ་བའི་རྩ་བའི་ལོ་ཏོག་རྣམ་པ་སྣ་ཚོགས་ཀྱང་སྐྱེད་པར་བྱེད། རྣམ་པར་འཕེལ་བར་བྱེད། ཡོངས་སུ་སྨིན་པར་བྱེད་དོ། །དེ་ལྟ་བས་ན་ས་དེ་ཆོས་ཀྱི་སྤྲིན་ཅེས་བྱ་སྟེ། དོན་དེ་ཉིད་ཀྱིས་གནས་པ་མཆོག་ཡིན་པར་བལྟའོ། །གནས་པ་གོང་མ་གོང་མ་རྣམས་སུ་ཡན་ལག་གང་དག་བསྟན་པ་དེ་དག་ནི་གནས་པ་སྔ་མ་རྣམས་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་མ་ཡིན་མོད་ཀྱི། འོན་ཀྱང་ཆུང་བའི་ཕྱིར་གྲངས་སུ་མི་བརྩིའོ། །དེ་དག་ཉིད་འབྲིང་དང་ཆེ་བའི་ཕྱིར་ནི་དེ་མ་ཡིན་པ་ས་གོང་མ་འཐོབ་པ་འགྲུབ་པ་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་གནས་པ་རེ་རེ་ཡང་བསྐལ་པ་ཆེན་པོ་བྱེ་པ་འབུམ་ཕྲག་དུ་མའམ། ཡང་ན་དེ་བས་ཀྱང་ཆེས་མང་བས་འཐོབ་ཅིང་འགྲུབ་པར་འགྱུར་རོ། །གནས་པ་དེ་དག་ཐམས་ཅད་ནི་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་འགྲུབ་སྟེ། བསྐལ་པ་ཆེན་པོ་གྲངས་མེད་པ་དང་པོས་ནི་མོས་པས་སྤྱོད་པ་ལ་གནས་པ་ལས་ཡང་དག་པར་འདས་ནས་རབ་ཏུ་དགའ་བ་ལ་གནས་པ་འཐོབ་སྟེ། དེ་ཡང་རྟག་ཏུ་འབད་པས་འཐོབ་ཀྱི་མི་འབད་པས་ནི་མ་ཡིན་ནོ། །བསྐལ་པ་ཆེན་པོ་གྲངས་མེད་པ་གཉིས་པས་ནི་རབ་ཏུ་དགའ་བ་ལ་གནས་པ་ནས། མཚན་མ་མེད་པ་ལ་གནས་པ་ལ་རྩོལ་བ་དང་བཅས་པའི་བར་ལས་འདས་ཏེ། མཚན་མ་མེད་པ་ལ་གནས་པ་ལྷུན་གྱིས་གྲུབ་པ་ཐོབ་པར་འགྱུར་རོ། །དེ་ནི་ངེས་པ་ཁོ་ན་སྟེ། འདི་ལྟར་བསམ་པ་དག་པའི་བྱང་ཆུབ་སེམས་དཔའ་དེ་ནི་ངེས་པར་འབད་པའི་ཕྱིར་རོ། །བསྐལ་པ་ཆེན་པོ་གྲངས་མེད་པའི་གསུམ་པས་ནི་མཚན་མ་མེད་པ་ལྷུན་གྱིས་གྲུབ་པ་དང༌། སོ་སོ་ཡང་དག་པར་


DTG129_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་ལ་གནས་པ་ལས་ཡང་དག་པར་འདས་ནས་བྱང་ཆུབ་སེམས་དཔའི་གནས་པ་མཆོག་ཐོབ་པར་འགྱུར་རོ། །དེ་ལ་བསྐལ་པ་གྲངས་མེད་པ་ནི་གཉིས་སུ་རིག་པར་བྱ་སྟེ། བསྐལ་པ་ཆེན་པོ་གང་ཡིན་པ་དེ་ཡང་ཉིན་མཚན་དང༌། ཟླ་བ་དང༌། ཟླ་བ་ཕྱེད་དུ་བགྲང་བའི་ཚུལ་གྱིས་དུས་དཔག་ཏུ་མེད་པའི་ཕྱིར། གྲངས་མེད་པ་ཞེས་བྱའོ། །བསྐལ་པ་ཆེན་པོ་དེ་དག་གི་བགྲང་བའི་ཚུལ་གྱིས་བགྲང་བ་ཐམས་ཅད་ལས་འདས་པའི་གྲངས་གང་ཡིན་པ་དེ་ཡང་གྲངས་མེད་པ་ཞེས་བྱ་སྟེ། བསྐལ་པ་གྲངས་མེད་པ་སྔ་མ་ཤོས་ཀྱིས་ནི་བསྐལ་པ་གྲངས་མེད་པ་མི་ཉུང་བ་ཞིག་གིས་བྱང་ཆུབ་ཐོབ་པར་འགྱུར་རོ།། བསྐལ་པ་གྲངས་མེད་པ་ཕྱི་མ་ཤོས་ཀྱིས་ནི་གསུམ་ཁོ་ནས་འཐོབ་ཀྱི་ལྷག་པས་ནི་མ་ཡིན་ཏེ། སུ་བརྩོན་འགྲུས་རྩོམ་པ་ཆེན་པོའི་ཡང་ཆེན་པོས་སྦྱོར་བ་དེའི་ནང་ན་ལ་ལ་ནི་བར་གྱི་བསྐལ་པ་མང་པོ་ཞིག་འདུམས་པར་བྱེད་དོ། །ལ་ལ་ནི་བསྐལ་པ་ཆེན་པོ་དག་གི་བར་དུ་འདུམས་པར་བྱེད་ཀྱི་གྲངས་མེད་པ་འདུམས་པར་བྱེད་པ་ནི་འགའ་ཡང་མེད་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་གནས་པ་བཅུ་གཉིས་པོ་དེ་དག་གིས་བསྐལ་པ་གྲངས་མེད་པ་གསུམ་པོ་དེ་དག་གི་ཉོན་མོངས་པའི་སྒྲིབ་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་སྤོང་བར་འགྱུར་རོ། །ཤེས་བྱའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་སྤོང་བར་འགྱུར་རོ། །དེ་ལ་གནས་པ་གསུམ་པོ་དེ་དག་ལ་ནི་ཉོན་མོངས་པའི་སྒྲིབ་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་སྤོང་བར་རིག་པར་བྱ་སྟེ། རབ་ཏུ་དགའ་བ་ལ་ནི་ངན་སོང་བའི་ཉོན་མོངས་པའི་ཕྱོགས་དང་མཐུན་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྤོང་ངོ༌། །ཀུན་དུ་སྤྱོད་པ་ལས་ནི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་ཆེན་པོ་དང་འབྲིང་ཐམས་ཅད་དོ། །མཚན་མ་མེད་པ་ལྷུན་གྱིས་གྲུབ་པ་ལ་གནས་པ་ལ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་རྣམ་པར་དག་པ་ལ་བགེགས་བྱེད་པའི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཐམས་ཅད་ཀྱི་ཐམས་ཅད་དུ་སྤོང་བར་རིག་པར་བྱའོ།། ཀུན་དུ་སྤྱོད་པ་ལ་ནི་ཉོན་མོངས་པ་ཐམས་ཅད་དོ། །གནས་པ་མཆོག་ལ་ནི་ཉོན་མོངས་པ་དང༌། བག་ཆགས་དང༌། བག་ལ་ཉལ་གྱི་སྒྲིབ་པ་ཐམས་ཅད་སྤོང་བར་རིག་པར་བྱ་སྟེ། དེ་ཡང་དེ་བཞིན་གཤེགས་པའི་གནས་པ་ལ་འཇུག་པའོ། །ཤེས་བྱའི་སྒྲིབ་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ནི་


DTG129_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ལྤགས་ཤུན་ལ་ཡོད་པ་དང༌། སྤྲི་ལ་ཡོད་པ་དང༌། སྙིང་པོ་ལ་ཡོད་པ་ལྟ་བུའོ། །དེ་ལ་ལྤགས་ཤུན་ལ་ཡོད་པ་ལྟ་བུ་ནི་རབ་ཏུ་དགའ་བའི་གནས་པ་ལ་སྤོང་ངོ༌། །སྤྲི་ལ་ཡོད་པ་ལྟ་བུ་ནི་མཚན་མ་མེད་པ་ལྷུན་གྱིས་གྲུབ་པ་ལ་སྤོང་ངོ༌། །སྙིང་པོ་ལ་ཡོད་པ་ལྟ་བུ་ནི་དེ་བཞིན་གཤེགས་པའི་གནས་པ་ལ་སྤོང་སྟེ། སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་ཡེ་ཤེས་ཉིད་ཀྱང་ཡིན་ནོ། །གནས་པ་གསུམ་པོ་དེ་དག་ལ་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་སྤོང་བ་དེའི་ཚོགས་སུ་གྱུར་པ་ནི་གོ་རིམས་བཞིན་དུ་དེ་མ་ཡིན་པའི་གནས་པ་རྣམས་ཡིན་ནོ། །གནས་པ་བཅུ་གསུམ་པོ་དེ་དག་ལ་རྣམ་པར་དག་པ་ནི་མདོར་བསྡུས་ན་བཅུ་གཅིག་ཏུ་རིག་པར་བྱ་སྟེ། དང་པོ་ལ་ནི་རིགས་རྣམ་པར་དག་གོ །གཉིས་པ་ལ་ནི་དད་པས་མོས་པ་རྣམ་པར་དག་གོ །གསུམ་པ་ལ་ནི་ལྷག་པའི་བསམ་པ་རྣམ་པར་དག་གོ །བཞི་པ་ལ་ནི་ཚུལ་ཁྲིམས་རྣམ་པར་དག་གོ །ལྔ་པ་ལ་ནི་སེམས་རྣམ་པར་དག་གོ །དྲུག་པ་དང་བདུན་པ་དང་བརྒྱད་པ་ལ་ནི་ཡང་དག་པའི་ཡེ་ཤེས་ལ་ཀུན་དུ་རྩོམ་པ་རྣམ་པར་དག་གོ །དགུ་པ་ལ་ནི་སྦྱོར་བ་ལས་བྱུང་བའི་སྤྱོད་པ་ཡོངས་སུ་རྫོགས་པ་རྣམ་པར་དག་གོ །བཅུ་པ་ལ་ནི་དེ་ཁོ་ན་ཤེས་པའི་མངོན་པར་ཤེས་པ་སྒྲུབ་པ་རྣམ་པར་དག་གོ །བཅུ་གཅིག་པ་ལ་ནི་དེའི་དོན་ཡང་དག་པར་གཞན་ལ་བསྟན་པའི་སོ་སོ་ཡང་དག་པར་རིག་པ་རྣམ་པར་དག་གོ །བཅུ་གཉིས་པ་ལ་ནི་རྣམ་པ་ཐམས་ཅད་དུ་ཤེས་བྱ་ཐམས་ཅད་ཀྱི་རྗེས་སུ་འཇུག་པའི་ཡེ་ཤེས་རྣམ་པར་དག་གོ །བཅུ་གསུམ་པ་སྟེ། དེ་བཞིན་གཤེགས་པའི་གནས་པ་ལ་ནི་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་རྣམ་པར་དག་གོ །གནས་པ་བཅུ་གསུམ་པོ་འདི་དག་ནི་སྔར་བསྟན་པའི་ཐེག་པ་ཆེན་པོ་སྡུད་པའི་ཆོས་བརྒྱད་པོ་དག་ཏུ་འདུས་པར་རིག་པར་བྱའོ། །གནས་པ་དང་པོ་དང་གཉིས་པ་ལ་ནི་དད་པ་སྐྱེས་ཤིང་མོས་པར་གྱུར་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཉན་ཅིང་སེམས་སོ། །གནས་པ་གསུམ་པོ་ལ་ནི་བསྒོམ་པའི་རྣམ་པ་ཐོབ་པ་སྔོན་དུ་འགྲོ་བའི་ལྷག་པའི་བསམ་པ་ཉམས་སུ་ལེན་ཏོ། །དེ་ལས་གཞན་པའི་གནས་པ་རྣམས་ལ་ནི་མཚན་མ་མེད་པའི་རྩོལ་བ་དང་བཅས་པའི་བར་དུ་སྒོམ་པ་མང་དུ་བྱེད་དོ། །དེའི་གོང་མ་བྱང་ཆུབ་སེམས་དཔའི་གནས་


DTG129_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྤྱོད་པ་ཡོངས་སུ་དག་པས་བསྡུས་པ་གསུམ་པོ་དག་ལ་ནི་བསྒོམ་པའི་འབྲས་བུ་ཡོངས་སུ་འགྲུབ་པོ། །དེ་བཞིན་གཤེགས་པའི་གནས་པ་ལ་ནི་གཏན་དུ་ངེས་པར་འབྱུང་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་གནས་པ་བཅུ་གཉིས་པོ་འདི་དག་ནི་གོ་རིམས་བཞིན་དུ་ཉན་ཐོས་ཀྱི་གནས་པ་དང་འདྲ་བར་རིག་པར་བྱ་སྟེ། ཉན་ཐོས་ཀྱི་རང་གི་རིགས་ལ་གནས་པ་ཇི་ལྟ་བ་དེ་བཞིན་དུ་ནི་འདིའི་གནས་པ་དང་པོ་ཡིན་པར་རིག་པར་བྱའོ། །དེའི་ཡང་དག་པར་སྐྱོན་མེད་པ་ལ་འཇུག་པའི་སྦྱོར་བའི་གནས་པ་ཇི་ལྟ་བ་དེ་བཞིན་དུ་ནི་འདིའི་གནས་པ་གཉིས་པའོ། །དེའི་སྐྱོན་མེད་པ་ལ་འཇུག་པའི་གནས་པ་ཇི་ལྟ་བ་དེ་བཞིན་དུ་ནི་འདིའི་གནས་པ་གསུམ་པའོ། །དེའི་ཤེས་ནས་དད་པ་ཐོབ་པའི་གོང་དུ་ཟག་པ་ཟད་པར་བྱ་བའི་ཕྱིར་འཕགས་པ་དགྱེས་པའི་ལྷག་པའི་ཚུལ་ཁྲིམས་ལ་གནས་པ་ཇི་ལྟ་བ་དེ་བཞིན་དུ་ནི་འདིའི་གནས་པ་བཞི་པའོ། །དེའི་ལྷག་པའི་ཚུལ་ཁྲིམས་ལ་བརྟེན་ནས། ལྷག་པའི་སེམས་ཀྱི་བསླབ་པ་ལ་གནས་པ་ཇི་ལྟ་བ་དེ་བཞིན་དུ་ནི་འདིའི་གནས་པ་ལྔ་པའོ། །དེའི་ཇི་ལྟར་ཐོབ་པའི་བདེན་པ་ཤེས་པའི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་གནས་པ་ཇི་ལྟ་བ་དེ་བཞིན་དུ་ནི་འདིའི་གནས་པ་དྲུག་པ་དང་བདུན་པ་དང་བརྒྱད་པར་རིག་པར་བྱའོ། །དེའི་ཤེས་བྱ་ཤིན་ཏུ་བརྟགས་ནས་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་སྦྱོར་བ་ལ་གནས་པ་ཇི་ལྟ་བ་དེ་བཞིན་དུ་ནི་འདིའི་གནས་པ་དགུ་པའོ། །དེའི་མཚན་མ་མེད་པ་ལ་གནས་པ་ཡོངས་སུ་གྲུབ་པ་ཇི་ལྟ་བ་དེ་བཞིན་དུ་ནི་འདིའི་གནས་པ་བཅུ་པའོ། །དེའི་ལངས་ནས་རྣམ་པར་གྲོལ་བའི་སྐྱེ་མཆེད་ལ་གནས་པ་ཇི་ལྟ་བ་དེ་བཞིན་དུ་ནི་འདིའི་གནས་པ་བཅུ་གཅིག་པའོ། །དེའི་རྣམ་པ་ཐམས་ཅད་དུ་དགྲ་བཅོམ་པ་ཉིད་ཀྱི་གནས་པ་ཇི་ལྟ་བ་དེ་བཞིན་དུ་ནི་འདིའི་གནས་པ་བཅུ་གཉིས་པ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་མཐུན་པའི་ཆོས་ཀྱི་རྣལ་འབྱོར་གྱི་གནས་ལས། གནས་པའི་ལེའུ་སྟེ་བཞི་པའོ།། །།རྣལ་འབྱོར་གྱི་གནས་གཉིས་པ་རྫོགས་ཏེ། །།གནས་པ་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་བ་སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། བདེ་བའི་ཕྱིར་ཁ་ན་མ་ཐོ་བ་མེད་པ་ཐམས་ཅད་ནི་མདོར་བསྡུ་ན་རྣམ་པ་ལྔ་སྟེ། གནོད་པ་ཡང་དག་པར་ཞི་བར་བྱེད་པ་དང༌། དེ་


DTG129_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྐལ་བ་མཉམ་པར་མཐུན་པར་འཇུག་པ་དང་ཆེན་པོར་སྐྱེ་བ་དང༌། བདག་པོར་སྐྱེ་བ་དང༌། ཐ་མའི་སྐྱེ་བའོ། །དེ་ལ་གནོད་པ་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བ་གང་ཞེ་ན། འདི་ལ་ནི་བྱང་ཆུབ་སེམས་དཔའ་ནི་མུ་གེས་ཕོངས་ཤིང་གནོད་པ་ཆེན་པོ་བྱུང་བའི་དུས་དག་ཏུ་སྨོན་ལམ་བཏབ་ནས། སེམས་ཅན་རྣམས་ཚེགས་ཆུང་ངུས་འཚོ་བར་འགྱུར་བའི་རྒྱུར། ཉ་ཆེན་པོ་ལ་སོགས་པའི་སྐྱེ་གནས་རྣམས་སུ་ལུས་ཆེན་པོ་དག་ཏུ་སྐྱེ་བར་འགྱུར་ཏེ། དེར་སྐྱེས་པའི་འགྲོ་བ་མཐའ་དག་རང་གི་ཤས་ཚིམ་པར་བྱེད་དོ། །སེམས་ཅན་ནད་ཀྱིས་གནོད་པ་རྣམས་ལ་ནད་དེ་དག་རབ་ཏུ་ཞི་བར་བྱ་བའི་ཕྱིར་སྨོན་ལམ་བཏབ་ནས། རིག་སྔགས་འཆང་གྲུབ་པའི་སྨན་པ་ཆེན་པོའི་ལུས་ཡོངས་སུ་འཛིན་པར་བྱེད་དོ། །ཕ་རོལ་གྱི་དམག་ཚོགས་ཀྱིས་ཤིན་ཏུ་གནོད་པར་གྱུར་པའི་སེམས་ཅན་དག་ལ་ནི་ཆོས་བཞིན་དུ་སྙོམས་པར་ཐབས་མཁས་པས་ཕ་རོལ་གྱི་དམག་ཚོགས་ཀྱི་གནོད་པ་རབ་ཏུ་ཞི་བར་བྱ་བའི་ཕྱིར། སྟོབས་དང་ལྡན་པའི་རྒྱལ་པོར་འགྱུར་རོ། །སེམས་ཅན་ཕན་ཚུན་མི་མཐུན་པ་རྣམས་ལ་ནི་སྡུམས་བྱ་བ་དང༌། འཁོན་གྱི་བསམ་པ་སྤང་བའི་ཕྱིར་ཚིག་བརྩན་པར་འགྱུར་རོ། །རྒྱལ་པོ་འབངས་རྣམས་ལ་ཆད་པ་དང༌། བཅིང་བ་དང༌། གནོད་པ་སྣ་ཚོགས་བྱེད་པ་ལ་ཞུགས་པ་དག་ལ་ནི། སེམས་ཅན་གྱི་གནོད་པ་དེ་དག་ཉིད་བསལ་བའི་ཕྱིར། དེ་ལྟ་བུའི་རྒྱལ་པོའི་ཕོ་བྲང་དག་ཏུ་སྐྱེ་སྟེ། རྒྱལ་པོ་ཆོས་དང་ལྡན་ཞིང་སེམས་ཅན་ལ་སྙིང་བརྩེ་བ་ཅན་དུ་འགྱུར་རོ། །སེམས་ཅན་གང་ལྷའི་གནས་འབའ་ཞིག་ལ་མོས་ནས་ལོག་པར་ལྟ་ཞིང་སྡིག་པ་བྱེད་པ་དག་ལ་ནི། དེ་དག་ལ་སྙིང་བརྩེ་བས་ལོག་པར་ལྟ་བ་དང༌། ཉེས་པར་སྤྱོད་པ་སྤང་བའི་ཕྱིར། ལྷའི་གནས་དེ་ཉིད་དུ་སྐྱེ་བར་འགྱུར་ཏེ། སྨོན་ལམ་དང་དབང་གི་སྟོབས་ཀྱིས་སྙིང་བརྩེ་བའི་སྔོན་དུ་འགྲོ་བ་འདི་ནི་དཔག་ཏུ་མེད་པར་རིག་པར་བྱ་སྟེ། རྒྱས་པར་བསྟན་པ་ནི་སྐྱེ་གནས་རྣམ་པ་སྣ་ཚོགས་སུ་དེ་དང་དེ་དག་ཏུ་སྐྱེ་བ་སྟེ། འདི་ནི་དེའི་མདོར་བསྟན་པའོ། །དེ་དང་སྐལ་བ་མཉམ་པར་མཐུན་པར་འཇུག་པའི་སྐྱེ་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་སྨོན་ལམ་གྱིས་སམ། དབང་ཐོབ་པས་སེམས་ཅན་དུད་འགྲོའི་སྐྱེ་གནས་རྣམ་པ་སྣ་ཚོགས་སུ་སྐྱེས་པ་རྣམས་དང༌། ལྷ་དང༌། ཀླུ་དང༌། གནོད་


DTG129_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་དང༌། ལྷ་མ་ཡིན་ལ་སོགས་པ་གཅིག་ལ་གཅིག་འཁུ་ཞིང་མི་མཐུན་པ་རྣམས་དང༌། དེ་བཞིན་དུ་བྲམ་ཟེ་ལོག་པར་ལྟ་བ་རྣམས་དང༌། དེ་བཞིན་དུ་ཉེས་པར་སྤྱད་པ་སྤྱོད་ཅིང་དེས་འཚོལ། དེར་མངོན་པར་དགའ་བ་རྣམས་དང༌། དེ་བཞིན་དུ་འདོད་པ་རྣམས་ལ་ཧ་ཅང་ལྷག་པར་ཞེན་ཅིང་འདོད་པ་ལ་མོས་པ་རྣམས་ལ་ཉེས་པ་དེ་བཟློག་པའི་ཕྱིར། སེམས་ཅན་དེ་དག་དང་སྐལ་བ་འདྲ་བར་གཙོ་བོར་སྐྱེ་བར་འགྱུར་ཏེ། དེ་གཙོ་བོར་གྱུར་ནས། སེམས་ཅན་དེ་དག་གང་ཀུན་དུ་སྤྱོད་པ་དེ་ནི་དེ་ཀུན་དུ་མི་སྤྱོད་དོ། །དེ་དག་དགེ་བ་གང་ཀུན་དུ་མི་སྤྱོད་པ་དེ་ནི་དེ་ཀུན་དུ་སྤྱོད་དེ། དགེ་བ་ཀུན་དུ་སྤྱད་པར་བྱ་བའི་ཕྱིར། ཡང་དེ་དག་ལ་ཆོས་སྟོན་ཏེ་དེ་དག་ཀྱང་ཆོས་བསྟན་པ་དེ་དང༌། མི་མཐུན་པར་ཀུན་དུ་སྤྱོད་པ་དེ་དང༌། ཐབས་མཁས་པ་དེས། ཉེས་པ་དེ་དག་ལས་ལྡོག་པར་འགྱུར་རོ། །སྐྱེ་བ་འདི་ཡང་དཔག་ཏུ་མེད་དེ་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་ལ་ཆེན་པོར་སྐྱེ་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་སྐྱེ་བ་ན་རང་བཞིན་གྱིས་འཇིག་རྟེན་ཐམས་ཅད་ཁྱད་པར་དུ་འཕགས་པའི་ཚེ་དང་ཁ་དོག་དང་རིགས་དང༌། དབང་ཕྱུག་ལ་སོགས་པའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པར་འགྱུར་ཏེ། རྣམ་པར་སྨིན་པ་དེས་ཀྱང་བདག་དང་གཞན་གྱི་དོན་གྱི་ལེའུ་ལས་ཇི་སྐད་བསྟན་པའི་ལས་བྱེད་དོ། །བྱང་ཆུབ་སེམས་དཔའི་སྐྱེ་བ་དེ་ཡང་དཔག་ཏུ་མེད་དེ། སྐྱེ་གནས་དེ་དང་དེ་དག་ཏུ་སྐྱེ་བར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་བདག་པོར་སྐྱེ་བ་གང་ཞེ་ན། བྱང་ཆུབ་སེམས་དཔའི་རབ་ཏུ་དགའ་བ་ལ་གནས་པ་དང་པོ་ནས་བཟུང་སྟེ། གནས་པ་བཅུ་པའི་བར་དག་གི་སྐྱེ་བ་བརྗོད་པ་འཛམ་བུ་གླིང་གི་དབང་ཕྱུག་ནས་བཟུང་སྟེ། འོག་མིན་ལས་འདས་ནས་སྐྱེ་བའི་གནས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་གང་དུ་གནས་པ་མཆོག་ཐོབ་པ་ཁོ་ནའི་བྱང་ཆུབ་སེམས་དཔའ་རྣམས་སྐྱེ་བར་འགྱུར་བ་དབང་ཕྱུག་ཆེན་པོའི་བར་དེ་དག་ནི་བདག་པོར་སྐྱེ་བ་ཞེས་བྱ་སྟེ། དེ་ནི་དེ་དག་གི་ལས་ཀྱི་དབང་གིས་གྲུབ་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའི་ཐ་མའི་སྐྱེ་བ་གང་ཞེ་ན། སྐྱེ་བ་གང་དུ་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཚོགས་ཡོངས་སུ་རྫོགས་ནས། མདུན་ན་འདོན་གྱི་ཁྱིམ་མམ། རྒྱལ་པོའི་ཕོ་བྲང་དུ་སྐྱེས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང༌། སངས་


DTG129_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་ཕྲིན་ལས་ཐམས་ཅད་ཀྱང་མཛད་པ་འདི་ནི་ཐ་མའི་སྐྱེ་བ་ཡིན་ཏེ། ཕྱི་མ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འདས་པ་དང་མ་འོངས་པ་དང༌། ད་ལྟར་བྱུང་བའི་དུས་དག་ཏུ་དགེ་བ་དང༌། བཟང་བ་དང་ཤིས་པའི་སྐྱེ་བ་རྣམས་སུ་སྐྱེས་པ་དང༌། སྐྱེ་བར་འགྱུར་བ་དང༌། སྐྱེ་བ་གང་སུ་དག་ཀྱང་རུང་བ་དེ་དག་ཐམས་ཅད་ཀྱང་སྐྱེ་བ་ལྔ་པོ་འདི་དག་ཏུ་སྐྱེ་བར་ཟད་དེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །བྱིས་པའི་སར་སྐྱེ་བ་ནི་མ་གཏོགས་ཏེ། འདི་ལྟར་སྐྱེ་བ་ལྔ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་མཁས་པ་རྣམས་ཀྱི་ཡིན་པར་འདོད་པའི་ཕྱིར་རོ། །སྐྱེ་བ་དེ་དག་ནི་བྱང་ཆུབ་ཆེན་པོའི་འབྲས་བུ་ཅན་ཡིན་ཏེ། དེ་དག་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ཐ་མ་ལས་སྐྱེ་བའི་ལེའུ་སྟེ་དང་པོའོ།། །།བམ་པོ་ཉི་ཤུ་པ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་ནི་མདོར་བསྡུ་ན། སེམས་ཅན་ཐམས་ཅད་ཡང་དག་པར་ཡོངས་སུ་འཛིན་པ་རྣམ་པ་དྲུག་ཡོད་པར་རིག་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཅིག་ཅར་ཡོངས་སུ་འཛིན་པ་དང༌། བདག་པོས་ཡོངས་སུ་འཛིན་པ་དང༌། འཛིན་པས་ཡོངས་སུ་འཛིན་པ་དང༌། ཡུན་རིང་པོ་དང༌། ཡུན་རིང་པོ་མ་ཡིན་པ་དང༌། ཡོངས་སུ་འཛིན་པ་ཐ་མའོ། །དེ་ལ་བྱང་ཆུབ་སེམས་དཔས་ནི་ཐོག་མ་སེམས་བསྐྱེད་པའི་ཚེ་ཉིད་དུ་སེམས་ཅན་གྱི་ཁམས་ཐམས་ཅད་ཆུང་མའི་ཚུལ་དུ་ཡོངས་སུ་བཟུང་སྟེ། བདག་གིས་འདི་དག་ལ་ཅི་ནུས་ཅི་ལྕོགས་ཀྱིས་རྣམ་པ་ཐམས་ཅད་དུ་ཕན་པ་དང་བདེ་བ་བསྒྲུབ་པར་བྱའོ་སྙམ་སྟེ། དེ་ཁོ་ན་ཉིད་བཞིན་དུ་ཡང་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཅིག་ཅར་ཡོངས་སུ་འཛིན་པ་ཡིན་ནོ། །བདག་པོར་གྱུར་པ་ན་ཕ་མ་དང༌། བུ་དང་ཆུང་མ་དང༌། བྲན་དང་བྲན་མོ་དང༌། ལས་བྱེད་པ་དང༌། ཞོ་ཤས་འཚོ་བ་ཡོངས་སུ་འཛིན་པ་དང༌། རྒྱལ་པོར་གྱུར་པ་ན་འབངས་ལ་བྱང་ཆུབ་སེམས་དཔའི་བདག་པོས་ཡོངས་སུ་འཛིན་པའི་འདུ་ཤེས་འབྱུང་སྟེ། དེ་ཡང་ཡོངས་སུ་འཛིན་པ་


DTG129_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཡོངས་སུ་འཛིན་པ་དང་འཚམ་པའི་བྱ་བ་བྱང་ཆུབ་སེམས་དཔའི་ཚུལ་དང་མཐུན་པས་འཇུག་གོ །ཕ་མ་ནི་ཐབས་རྣམ་པ་སྣ་ཚོགས་ཀྱིས་དགེ་བ་ལ་ཡང་དག་པར་འཛུད་པར་བྱེད་དོ། །ཐབས་སྣ་ཚོགས་ཀྱིས་དུས་དུས་སུ་མ་ཆོད་པ་དང༌། རིམ་གྲོ་ཡང་བྱེད་དོ། །བྱས་པ་གཟོ་བ་དང་བྱས་པ་ཆོར་བར་ཡང་བྱེད་དོ། །ཕ་མའི་སེམས་དང་མཐུན་པར་ཡང་བྱེད་དོ། །ཆོས་ཀྱི་དོན་དག་ལ་ཡང་དེའི་དབང་དུ་འགྱུར་བར་ཡང་བྱེད་དོ། །བུ་དང་ཆུང་མ་དང༌། བྲན་དང་བྲན་མོ་ལ་སོགས་པ་ལ་ནི་དུས་དུས་སུ་ཟས་དང་གོས་ལ་སོགས་པ་ལེགས་པར་སྦྱིན་པར་བྱེད་དོ། །དེ་དག་ལ་ལས་ཀྱི་མཐའ་རྣམས་ཀྱིས་གནོད་པར་མི་བྱེད་དོ། །དེ་དག་ནི་ཉེས་པ་ཡང་བཟོད་པར་བྱེད་དོ། །ན་བ་རྣམས་ལ་ཡང་ལེགས་པར་ནད་གཡོག་བྱེད་དོ། །དེ་དག་དགེ་བ་ལ་ཡང་དག་པར་འཛུད་པར་བྱེད་དོ། །དུས་དུས་སུ་ལྷག་པར་བྱ་དགའ་སྦྱིན་པ་དང༌། ཚིག་སྙན་པས་ཚིག་འཇམ་པར་བྱེད་དོ། །དེ་ལ་བྲན་དང་བྲན་མོའི་འདུ་ཤེས་ཀྱང་མི་སྐྱེད་དེ། དེ་དག་ལ་བདག་ཉིད་དང་འདྲ་བའམ་ལྷག་པར་ཡོངས་སུ་སྐྱོང་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་རྒྱལ་པོར་གྱུར་པས་ནི་རྒྱལ་སྲིད་དང་འབངས་ལ་ཆད་པ་མེད་པ་དང༌། མཚོན་ཆ་མེད་པས་རྒྱལ་སྲིད་བྱེད་དེ། ཆོས་བཞིན་དུ་ལོངས་སྤྱོད་སྒྲུབ་པར་བྱེད་དོ། །རྒྱུད་ཀྱིས་བྱུང་བའི་རྒྱལ་སྲིད་ལ་སྤྱོད་པར་བྱེད་ཀྱི་ཕ་རོལ་གྱི་ཡུལ་འཁོར་གྱི་ཚོམ་དུ་མཐུས་འཕྲོག་པར་མི་བྱེད་དོ། །ཅི་ནུས་ཅི་ལྕོགས་ཀྱིས་སེམས་ཅན་རྣམས་སྡིག་པ་ལས་ཟློག་པར་བྱེད་དེ། འབངས་རྣམས་ཀྱི་ཕ་དང་འདྲ་བ་ཡིན་ནོ། །སེམས་ཅན་གཞན་དག་ལ་ཡང་བགོ་བཤའ་བྱེད་པའི་ངང་ཚུལ་ཅན་ཡིན་ན། བདག་གི་ཚལ་ཟ་བ་རྣམས་ལ་ལྟ་ཅི་སྨོས། མི་འཁུ་བ་དང་བདེན་པར་སྨྲ་བ་ཡིན་ཏེ། བསད་པ་དང་བཅིང་བ་དང་ཆད་པས་གཅོད་པ་དང༌། གཏུབ་པ་དང་བརྡེག་པ་ལ་སོགས་པ་སེམས་ཅན་ལ་གནོད་པ་རྣམས་རྣམ་པར་སྤངས་པ་ཡིན་ནོ། །དེ་ལ་ཚོགས་ཡང་དག་པར་སྡུད་པ་ནི་བྱང་ཆུབ་སེམས་དཔའི་འཛིན་པས་ཡོངས་སུ་འཛིན་པ་ཞེས་བྱའོ། །དེ་ནི་རྒྱུ་གཉིས་ཀྱིས་འཁོར་ལེགས་པར་ཡོངས་སུ་འཛིན་པར་བྱེད་དེ། ཟང་ཟིང་མེད་པའི་སེམས་ཀྱིས་ཡོངས་སུ་འཛིན་པ་དང༌། རང་གི་དོན་ལ་ལེགས་པར་འཛུད་པར་བྱེད་དེ། ལོག་པའི་སྦྱོར་བས་སླུ་བར་མི་བྱེད་པའོ། །ཡོངས་སུ་འཛིན་


DTG129_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ལ་ཡང་སེམས་སྙོམས་པ་ཡིན་ཏེ། ཕྱོགས་འཛིན་པར་མི་བྱེད་དོ། །དེ་དག་ལ་ཆོས་ཀྱི་སེར་སྣ་ཡང་མི་བྱེད་ལ་སློབ་དཔོན་གྱི་དཔེ་མཁྱུད་ཀྱང་མི་བྱེད་དོ། །དེ་དག་ལས་རིམ་གྲོ་དང་བསྙེན་བཀུར་བྱེད་པར་ཡང་མི་རེ་ལ། དགེ་བ་འདོད་པའི་ཕྱིར་རང་བྱེད་པ་ལ་ཡང་དེ་དག་ཉིད་ཀྱི་བསོད་ནམས་ཀྱི་ཚོགས་སོགས་སུ་གཞུག་པའི་ཕྱིར་ཟློག་པར་མི་བྱེད་དོ། །དུས་ལ་བབ་ན་བདག་ཉིད་དེ་དག་ལ་རིམ་གྲོ་དང༌། བསྙེན་བཀུར་ཡང་བྱེད་དོ། །དེ་དག་གིས་མ་རྟོགས་པའི་དོན་ཡང་རྟོགས་པར་བྱེད་ལ། རྟོགས་པ་ཡང་གསལ་བར་བྱེད་དོ། །ཐེ་ཚོམ་སྐྱེས་སོ་ཅོག་ཀྱང་སེལ་བར་བྱེད་དོ། །འགྱོད་པ་ཡང་སེལ་བར་བྱེད་དེ། དོན་ཟབ་མོའི་ཚིག་ཀྱང་ཤེས་རབ་ཀྱིས་རྟོགས་པར་བྱས་ནས། དུས་དུས་སུ་སྟོན་པར་བྱེད་དོ། །སྡུག་བསྔལ་བ་དང་བདེ་བ་ཡང་དེ་དག་དང་མཚུངས་པར་བྱེད་དོ། །བདག་ཉིད་ལས་དེ་དག་གིས་ཟང་ཟིང་ཐོབ་པར་བྱ་བའི་ཕྱིར་ཡང་ལྷག་པའི་དོན་དུ་སྒྲུབ་པ་དང་ལྡན་ནོ། །དུས་དུས་སུ་དེ་རྣམས་ཀྱི་ཉེས་པ་ཡང་ལེགས་པར་གླེང་བར་བྱེད་དེ། དུས་དུས་སུ་རིགས་པར་སྨོད་པར་བྱེད་དོ། །དེ་དག་ན་བའམ་མི་དགའ་བས་ཐེབས་ན་ཡང་ནད་ཞི་བར་བྱ་བ་དང༌། ཡིད་མི་དགའ་བ་བསལ་བའི་ཕྱིར་རྣམ་པ་ཐམས་ཅད་དུ་ཡལ་བར་མི་འདོར་རོ། །དེ་དག་གཟུགས་དང་དྲན་པ་དང༌། བརྩོན་འགྲུས་དང༌། ཤེས་པ་ལ་སོགས་པ་དམན་པ་ལ་ཡང་བརྙས་པར་མི་བྱེད་དོ། །དུས་དུས་སུ་དེ་དག་ལ་སྐྱོ་བ་དང་དུ་བླངས་ཏེ། རིགས་པའི་ཚུལ་གྱིས་ཆོས་སྟོན་པར་བྱེད་དོ། །དུས་དུས་སུ་དེ་དག་ལ་དམིགས་པའི་ཡང་དག་པའི་གདམས་ངག་ཀྱང་སྦྱིན་པར་བྱེད་དོ། །དེ་བཞིན་དུ་འཁོར་རྗེས་སུ་བསྲུང་བར་བྱ་བའི་ཕྱིར་དང༌། བདག་ཉིད་ཁྱད་པར་དུ་འགྲོ་བར་བྱ་བའི་ཕྱིར་དཀྲུགས་པ་ཡང་བཟོད་ཅིང་འཁྲུགས་པར་མི་འགྱུར་རོ། །དེ་དག་དང་ཚུལ་དང་ཀུན་དུ་སྤྱོད་པ་མཚུངས་པའམ། ལྷག་པར་བྱེད་དེ་དམན་པར་ཡང་མི་བྱེད་དོ། །རྙེད་པ་དང་བཀུར་སྟི་ལ་ཡང་ཆགས་པར་མི་བྱེད་དོ། །སྙིང་རྗེ་དང་ལྡན་པ་ཡིན་ཏེ། རྒོད་བག་མེད་ཅིང་འཕྱར་བ་མ་ཡིན་ལ། ཚུལ་ཁྲིམས་དང་ལྟ་བ་དང་སྤྱོད་པ་དང་འཚོ་བ་ཕུན་སུམ་ཚོགས་པ་ཡིན་ནོ། །བཞིན་གྱི་མདངས་སྟོན་ཅིང་ཁྲོ་གཉེར་མེད་ལ། ངེས་པ་དང་སྙན་པར་སྨྲ་བ་དང༌། གསོང་པོར་སྨྲ་བ་


DTG129_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

དང། འཛུམ་པ་སྔོན་དུ་གཏོང་བ་ཡིན་ནོ། །དགེ་བའི་ཕྱོགས་ལ་རྟག་ཏུ་རྒྱུན་མི་འཆད་པར་བརྩོན་ཏེ། བག་མེད་པ་དང༌། ལེ་ལོ་དང་བྲལ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་དུས་ཐམས་ཅད་དུ་འཁོར་ཡོངས་སུ་འཛིན་པར་མི་བྱེད་དོ། །མི་འཛིན་པར་ཡང་མི་བྱེད་དོ། །གཞན་དུ་ཡང་མི་བྱེད་དོ། །དེ་ལ་སེམས་ཅན་གང་དག་ཡོངས་སུ་སྨིན་པ་ཆུང་ངུ་ལ་གནས་པ་དེ་དག་ནི་བྱང་ཆུབ་སེམས་དཔའི་ཡུན་རིང་པོར་འཛིན་པ་ཞེས་བྱ་སྟེ། ཡུན་རིང་མོ་ཞིག་གིས་རྣམ་པར་དག་པར་གྱུར་པའི་སྐལ་བ་ཅན་ཡིན་པའི་ཕྱིར་རོ། །གང་དག་ཡོངས་སུ་སྨིན་པ་འབྲིང་ལ་གནས་པ་དེ་དག་ནི་ཡུན་རིང་པོ་མ་ཡིན་པར་འཛིན་པ་ཞེས་བྱ་སྟེ། རིང་པོར་མི་ཐོགས་པར་རྣམ་པར་དག་པར་འགྱུར་བའི་སྐལ་པ་ཅན་ཡིན་པའི་ཕྱིར་རོ། །སེམས་ཅན་གང་དག་ཡོངས་སུ་སྨིན་པ་ཆེན་པོ་ལ་གནས་པ་དེ་དག་ནི་བྱང་ཆུབ་སེམས་དཔའི་འཛིན་པའི་ཐ་མ་ཞེས་བྱ་སྟེ། ཚེ་འདི་ཉིད་ལ་རྣམ་པར་དག་པར་འགྱུར་བའི་སྐལ་བ་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་ན་རྣམ་པ་དྲུག་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་ལེགས་པར་ཡོངས་སུ་འཛིན་པ་ཡིན་ཏེ། ཡོངས་སུ་འཛིན་པ་དེས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་རྣམས་ཡོངས་སུ་གཟུང་ངོ༌། །ཡོངས་སུ་འཛིན་པར་འགྱུར་རོ། །ཡོངས་སུ་འཛིན་པར་བྱེད་དེ། དེ་ལས་གོང་ན་ཡང་མེད་དོ། །དེ་ལས་ལྷག་པ་ཡང་མེད་དོ། །དེ་ལྟར་སེམས་ཅན་ལེགས་པར་ཡོངས་སུ་འཛིན་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་གནོད་ཅིང་ཉམ་ང་བ་བཅུ་གཉིས་དང་ཕྲད་པར་འགྱུར་བར་རིག་པར་བྱ་སྟེ། དེ་དག་ལ་བྱང་ཆུབ་སེམས་དཔའ་མཁས་པར་བྱའོ། །སེམས་ཅན་འགལ་བར་གནས་པ་རྣམས་ལ་ཡང་ན་ནི་གནོད་པ་བྱ་དགོས་ཡང་ན་ནི་ཡལ་བར་འདོར་དགོས་པ་ནི་བྱང་ཆུབ་སེམས་དཔའི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིན་ནོ། །སེམས་ཅན་ལ་སྦྱོར་བ་དྲག་པོ་ཡང་ཀུན་དུ་སྤྱོད་ལ། བདག་གི་བསམ་པའི་ཉོན་མོངས་པ་ཡང་སྲུང་བར་བྱེད་པ་ནི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིན་ནོ། །སྦྱིན་པར་བྱ་བའི་ཆོས་ནི་ཉུང་ངུ་ཞིག་ཡོད་ལ། སློང་བ་པོ་ནི་མང་པོ་ཞིག་སློང་དུ་འོངས་པ་ནི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིན་ནོ། །དེ་ནི་གཅིག་པུ་ཡིན་ལ་སེམས་ཅན་མང་པོ་ཞིག་གིས་བྱ་བ་རྣམ་པ་སྣ་ཚོགས་


DTG129_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་ལ་གྲོགས་བྱ་བར་བཅོལ་བ་ནི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིན་ནོ། །སེམས་ལས་སུ་མི་རུང་ཞིང༌། བག་མེད་པའི་གནས་འཇིག་རྟེན་པའི་སྙོམས་པར་འཇུག་པ་དགེ་བ་དང༌། སྙོམས་པར་འཇུག་པའི་འབྲས་བུ་ལེན་པ། ལྷའི་འཇིག་རྟེན་དུ་སྐྱེ་བ་ལ་སེམས་ལས་སུ་མི་རུང་བ་ནི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིན་ནོ། །སེམས་ཅན་གྱི་དོན་བྱ་བར་འདོད་ལ། སེམས་ཅན་གྱི་དོན་བྱ་བར་མི་ནུས་པ་འདི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིན་ནོ། །སེམས་ཅན་བླུན་པོ་དང༌། གཡོན་ཅན་དང༌། དམུ་རྒོད་རྣམས་ལ་ཆོས་བསྟན་བའམ། ཡལ་བར་འདོར་བ་ནི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིན་ནོ། །འཁོར་བ་ལ་རྟག་ཏུ་ཉེས་པར་ཡང་ལྟ་ལ། འཁོར་བ་གཏོང་བར་ཡང་མི་བྱེད་པ་ནི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིན་ནོ། །ལྷག་པའི་བསམ་པ་རྣམ་པར་མ་དག་ཅིང་དྲན་པ་ཉམས་བཞིན་དུ་འཆི་བ་ནི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིན་ནོ། །བསམ་པ་རྣམ་པར་མ་དག་བཞིན་དུ་གཞན་དག་གིས་དམ་པ་མཆོག་ཏུ་སྡུག་པའི་དངོས་པོ་སློང་བ་ནི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིན་ནོ། །སེམས་ཅན་བསམ་པ་ཐ་དད་པ་སྣ་ཚོགས་ཅན་དང་མོས་པ་སྣ་ཚོགས་ཅན་དག་ལ་བརྡ་སྤྲད་པར་བྱ་བ་འམ། ཡལ་བར་འདོར་བ་ནི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིན་ནོ། །ཤིན་ཏུ་བག་ཡོད་པར་ཡང་བྱ་དགོས་ལ། ཉོན་མོངས་པ་རྣམས་ཀྱང་ཐམས་ཅད་དུ་སྤང་བར་མི་བྱ་བ་ནི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིན་ཏེ། དེ་ལྟར་གནོད་ཅིང་ཉམ་ང་བ་དང་ཕྲད་པའི་བྱང་ཆུབ་སེམས་དཔའ་ནི་ཁ་ཅིག་ཏུ་གནོད་པ་ཆེ་ཆུང་བརྟགས་ལ་དེ་ཁོ་ན་བཞིན་དུ་སྦྱར་བར་བྱའོ། །ཁ་ཅིག་ཏུ་ནི་གང་ཟག་ལ་བརྟག་པར་བྱའོ། །ཁ་ཅིག་ཏུ་ནི་བརྟན་པོར་དམིགས་ཤིང་རྒྱུ་ཡང་དག་པར་བླངས་ཏེ། འདུག་པར་བྱས་ལ་སྨོན་ལམ་དག་ཀྱང་ལེགས་པར་གདབ་པར་བྱའོ། །ཁ་ཅིག་ཏུ་ནི་སེམས་འཇུག་པར་མི་བྱའོ། །ཁ་ཅིག་ཏུ་ནི་ཤས་ཆེར་སོ་སོར་བརྟགས་ཏེ། གནས་པར་བྱས་ལ་མི་སྐྱོ་བ་དང༌། བཟོད་པར་བྱའོ། །ཁ་ཅིག་ཏུ་ནི་བཏང་སྙོམས་སུ་གཞག་པར་བྱའོ། །ཁ་ཅིག་ཏུ་ནི་བརྩོན་འགྲུས་བརྩམ་ཞིང་བརྟུལ་ཏེ་བྱའོ། །ཁ་ཅིག་ཏུ་ནི་ཐབས་ལ་མཁས་པར་བྱ་སྟེ། དེ་ལྟར་ཡང་དག་པའི་གཉེན་པོ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ནི་གནོད་ཅིང་ཉམ་ང་བ་ཐམས་ཅད་དང་ཕྲད་ཅིང་མངོན་སུམ་དུ་གྱུར་ཀྱང་ཡི་ཆད་པར་མི་འགྱུར་ཏེ། བདག་ཉིད་


DTG129_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ལེགས་པར་སྲུང་བར་བྱེད་དོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ཐ་མ་ལས། ཡོངས་སུ་འཛིན་པའི་ལེའུ་སྟེ་གཉིས་པའོ།། །།ཇི་སྐད་བསྟན་པའི་གནས་པ་བཅུ་གསུམ་པོ་འདི་དག་དང་ལྡན་པའི་ས་བདུན་ཡོད་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་ས་དྲུག་དང༌། བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པའི་ས་འདྲེན་མ་གཅིག་སྟེ། རིགས་ཀྱི་ས་དང༌། མོས་པས་སྤྱོད་པའི་ས་དང༌། ལྷག་པའི་བསམ་པ་དག་པའི་ས་དང༌། སྤྱོད་པ་སྒྲུབ་པའི་ས་དང༌། ངེས་པའི་ས་དང༌། སྤྱོད་པ་ངེས་པའི་ས་དང༌། མཐར་ཐུག་པར་འགྲོ་བའི་སའོ། །འདི་དག་ནི་བྱང་ཆུབ་སེམས་དཔའི་ས་བདུན་ཡིན་ཏེ། དེ་དག་ལས་ཐ་མ་ནི་འདྲེན་མ་ཡིན་ནོ། །དེ་ལ་རིགས་ལ་གནས་པ་དང༌། མོས་པས་སྤྱོད་པ་ལ་གནས་པ་ནི་ས་གཉིས་སོ། །རབ་ཏུ་དགའ་བ་ལ་གནས་པ་ནི་ལྷག་པའི་བསམ་པ་དག་པའི་སའོ། །ལྷག་པའི་ཚུལ་ཁྲིམས་ལ་གནས་པ་དང༌། ལྷག་པའི་སེམས་ལ་གནས་པ་དང༌། ལྷག་པའི་ཤེས་རབ་ལ་གནས་པ་གསུམ་དང་མཚན་མ་མེད་པ་ལ་གནས་པ་རྩོལ་བ་དང་བཅས་པ་ནི་སྤྱོད་པ་སྒྲུབ་པའི་སའོ། །མཚན་མ་མེད་པ་ལ་གནས་པ་ལྷུན་གྱིས་གྲུབ་པ་ནི་ངེས་པའི་ས་སྟེ། ས་དེ་ལ་བྱང་ཆུབ་སེམས་དཔའི་ངེས་པར་འཇུག་པ་གསུམ་པ་ལ་ཞུགས་པ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པ་ལ་གནས་པ་ནི་སྤྱོད་པ་ངེས་པའི་སའོ། །གནས་པ་མཆོག་དང་དེ་བཞིན་གཤེགས་པའི་གནས་པ་མཐར་ཐུག་པར་འགྲོ་བའི་ས་སྟེ། དེ་བཞིན་གཤེགས་པའི་གནས་པ་དང་ས་ནི་སངས་རྒྱས་ཀྱི་ཆོས་ཀྱི་གནས་པའི་ལེའུ་ལས་འོག་ནས་འཆད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ས་ལས་ལྷག་པའི་བསམ་པ་དག་པའི་ས་ལ་འཇུག་པ་ན། ངན་སོང་རྣམས་ལས་ཇི་ལྟར་ཡང་དག་པར་འདའ་བར་འགྱུར་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་པའི་ཡོངས་སུ་དག་པའི་བསམ་གཏན་ལ་བརྟེན་ནས་མོས་པས་སྤྱོད་པའི་ས་ལ་བྱང་ཆུབ་ཀྱི་ཚོགས་ལེགས་པར་བརྩམས་ཏེ། སྔར་བསྟན་པའི་རྣམ་པ་བརྒྱ་རྩ་བཅུས་གཞན་ཡིད་ལ་མི་བྱེད་པར་སེམས་ཅན་རྣམས་ལ་སྙིང་བརྩེ་བ་སྒོམ་པར་བྱེད་དེ། དེས་བསྒོམས་པའི་རྒྱུས་སེམས་ཅན་རྣམས་ལ་དེ་ལྟ་བུའི་སྙིང་བརྩེ་བའི་བསམ་པ་དང༌། སྙིང་རྗེ་བའི་བསམ་པ་ཐོབ་པར་འགྱུར་ཏེ། དེས་ན་སེམས་ཅན་རྣམས་ཀྱི་དོན་དུ་ངན་སོང་རྣམས་ལ་ཁྱིམ་གྱི་གནས་


DTG129_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚུལ་དུ་གནས་པར་བྱེད་དེ། གལ་ཏེ་བདག་འདི་དག་ཉིད་ན་གནས་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འགྲུབ་པར་འགྱུར་བ་ལྟ་ན་ཡང་བདག་སེམས་ཅན་རྣམས་ཀྱི་སྡུག་བསྔལ་བསལ་བར་སྤྲོའོ་སྙམ་སྟེ། སེམས་ཅན་རྣམས་ཀྱི་ངན་སོང་བའི་ལས་ཐམས་ཅད་བསམ་པ་དག་པ་དེས་བདག་ཉིད་ལ་རྣམ་པར་སྨིན་པར་འདོད་ལ། མི་དགེ་བའི་ལས་ཐམས་ཅད་གཏན་དུ་ཀུན་དུ་མི་སྤྱོད་པར་ཡང་ཡིད་ལ་སྨོན་པར་བྱེད་དོ། །དེས་དེ་ལྟར་འཇིག་རྟེན་པའི་ཡོངས་སུ་དག་པའི་བསམ་གཏན་དེ་ཡོངས་སུ་བསྒོམས་པས་ངན་སོང་བའི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་གནས་ལས་སེལ་བར་བྱེད་དེ། དེ་སྤངས་པས་སྡིག་པ་ངན་སོང་བའི་ལས་གཏན་མི་བྱེད་པ་དང༌། ངན་སོང་དུ་མི་འགྲོ་བའི་ཕྱིར་རིང་པོ་མི་ཐོགས་པར་བྱང་ཆུབ་སེམས་དཔའ་དེའི་གནས་འགྱུར་ཏེ། དེ་ཙམ་གྱིས་ནི་བྱང་ཆུབ་སེམས་དཔའ་ངན་སོང་དུ་འགྲོ་བ་ཐམས་ཅད་ལས་ཡང་དག་པར་འདས་ཤིང་མོས་པས་སྤྱོད་པའི་ས་ལས་ཀྱང་ཡང་དག་པར་འདས་ལ། ལྷག་པའི་བསམ་པ་དག་པའི་ས་ལ་ཡང་ཞུགས་པ་ཡིན་ནོ། །གནས་པའི་ལེའུ་ལས་དད་པ་ལ་སོགས་པ་གནས་པ་རྣམ་པར་སྦྱོང་བའི་ཆོས་བཅུ་པོ་གང་དག་བསྟན་པ་དེ་དག་ནི་འདིར་ཡང་ས་རྣམ་པར་སྦྱོང་བ་ཡིན་པར་རིག་པར་བྱ་སྟེ། དེ་དག་ནི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོར་རྣམ་པར་གཞག་པར་རིག་པར་བྱའོ། །དོན་གྱི་མདོ་དང་གོ་རིམས་ཀྱང་རིག་པར་བྱའོ། །དེ་ལ་བཅུ་པོ་འདི་དག་ནི་ས་རྣམ་པར་སྦྱོང་བའི་ཆོས་བཅུ་པོ་དེ་དག་གི་མི་མཐུན་པའི་ཕྱོགས་ཀྱི་ཆོས་ཡིན་ཏེ། དེ་དག་གི་གཉེན་པོར་འདི་དག་རྣམ་པར་གཞག་པ་ཡིན་ནོ། །བཅུ་གང་ཞེ་ན། ཐམས་ཅད་ཀྱི་ཐམས་ཅད་དུ་སེམས་བསྐྱེད་པ་མི་རྩོམ་ཞིང༌། བྱང་ཆུབ་སེམས་དཔའ་བསླབ་པའི་གཞི་ཡང་དག་པར་མི་ལེན་པ་འདི་ནི་དད་པའི་མི་མཐུན་པའི་ཕྱོགས་ཀྱི་ཆོས་ཡིན་ཏེ། དེའི་གཉེན་པོ་ནི་དད་པའོ། །སེམས་ཅན་རྣམས་ལ་རྣམ་པར་འཚེ་བའི་སེམས་ནི་སྙིང་རྗེའི་མི་མཐུན་པའི་ཕྱོགས་ཡིན་ཏེ། དེའི་གཉེན་པོ་ནི་སྙིང་རྗེའོ། །སེམས་ཅན་རྣམས་ལ་གནོད་སེམས་བྱེད་པ་ནི་བྱམས་པའི་མི་མཐུན་པའི་ཕྱོགས་ཡིན་ཏེ། དེའི་གཉེན་པོ་ནི་བྱམས་པའོ། །ལོངས་སྤྱོད་དང་སྲོག་ལ་ལྟ་བ་ནི་སྦྱིན་པའི་མི་མཐུན་པའི་ཕྱོགས་ཡིན་ཏེ།


DTG129_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་གཉེན་པོ་ནི་གཏོང་བའོ། །སེམས་ཅན་རྣམས་ལ་གནོད་པར་བྱེད་པ་དང༌། ལོག་པར་སྒྲུབ་པ་རྙེད་པ་དང༌། བྱ་བ་མང་པོ་མི་སྐྱོ་བའི་མི་མཐུན་པའི་ཕྱོགས་ཡིན་ཏེ། དེའི་གཉེན་པོ་ནི་མི་སྐྱོ་བའོ། །ཐབས་མེད་པའི་སྦྱོར་བ་ནི་བསྟན་བཅོས་ཤེས་པའི་མི་མཐུན་པའི་ཕྱོགས་ཡིན་ཏེ། དེའི་གཉེན་པོ་ནི་བསྟན་བཅོས་ཤེས་པའོ། །མི་དེས་ཤིང་གཞན་གྱི་སེམས་དང་མཐུན་པར་མི་བྱེད་པ་ནི་འཇིག་རྟེན་ཤེས་པའི་མི་མཐུན་པའི་ཕྱོགས་ཡིན་ཏེ། དེའི་གཉེན་པོ་ནི་འཇིག་རྟེན་ཤེས་པའོ། །དགེ་བའི་ཆོས་སྒོམ་པ་ལ་བག་མེད་ཅིང་ལེ་ལོ་བྱེད་པ་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའི་མི་མཐུན་པའི་ཕྱོགས་ཡིན་ཏེ། དེའི་གཉེན་པོ་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའོ། །འཁོར་བའི་སྡུག་བསྔལ་ཡུན་རིང་པོ་སྣ་ཚོགས་མི་བཟད་ཅིང༌། རྒྱུན་མི་འཆད་པ་དག་གིས་ཉེན་པ་ནི་བརྟན་པའི་སྟོབས་བསྐྱེད་པའི་མི་མཐུན་པའི་ཕྱོགས་ཡིན་ཏེ། དེའི་གཉེན་པོ་ནི་བརྟན་པའི་སྟོབས་བསྐྱེད་པའོ། །སྟོན་པ་ལ་སོམ་ཉི་དང་ཡིད་གཉིས་དང་ཐེ་ཚོམ་ཟ་བ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང༌། རིམ་གྲོ་བྱེད་པ་མི་མཐུན་པའི་ཕྱོགས་ཡིན་ཏེ། དེའི་གཉེན་པོ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང༌། རིམ་གྲོ་བྱེད་པའོ། །དེ་ལྟར་ན་དེ་དག་ནི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོར་རྣམ་པར་གཞག་པ་ཡིན་ནོ། །དེ་དག་གི་དོན་གྱི་མདོ་གང་ཞེ་ན། མདོར་བསྡུ་ན་ཆོས་བཅུ་པོ་འདི་དག་གིས་བསམ་པ་དག་པ་དང༌། སྦྱོར་བ་དག་པར་ཡོངས་སུ་བསྟན་ཏེ། དེ་ལ་དང་པོ་གསུམ་གྱིས་ནི་བསམ་པ་དག་པར་བསྟན། ལྷག་མ་རྣམས་ཀྱིས་ནི་སྦྱོར་བ་ངག་པར་བསྟན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་ལ་མངོན་པར་དད་པ་ནི་སེམས་ཅན་སྡུག་བསྔལ་པ་རྣམས་ལ་སྙིང་རྗེའོ། །སྙིང་རྗེ་བར་གྱུར་ན་བདག་གིས་འདི་དག་ཡོངས་སུ་བསྐྱབ་པར་བྱའོ་སྙམ་དུ་བྱམས་པར་འགྱུར་རོ། །དེ་ལྟར་བྱམས་པའི་སེམས་སུ་གྱུར་ན། ལོངས་སྤྱོད་དང༌། སྲོག་ལ་མི་ལྟ་བས་དེ་དག་ལ་ཡོངས་སུ་གཏོང་བར་འགྱུར་རོ། །མི་ལྟ་བས་དེ་དག་གི་དོན་ལ་སྦྱོར་བ་ན་ཡོངས་སུ་མི་སྐྱོ་བའོ། །ཡོངས་སུ་མི་སྐྱོ་ན་བསྟན་བཅོས་ཤེས་པར་འགྱུར་རོ། །བསྟན་བཅོས་ཤེས་ན་དེས་ཇི་ལྟར་འཇིག་རྟེན་དུ་འཇུག་པར་བྱ་བ་དེ་བཞིན་དུ་ཤེས་ཏེ། དེ་ལྟར་ན་འཇིག་རྟེན་ཤེས་པ་ཡིན། །བདག་ཉིད་ཀྱང་ཉོན་མོངས་པ་ཀུན་དུ་སྤྱོད་པས་ངོ་ཚ་ཞིང་ཁྲེལ་


DTG129_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་བྱེད་དོ། །ངོ་ཚ་ཤེས་པ་དང་ལྡན་ཞིང་ཁྲེལ་ཡོད་པ་དང་ལྡན་ན་ཉོན་མོངས་པའི་དབང་དུ་མི་འགྱུར་ཞིང་བརྟན་པའི་སྟོབས་བསྐྱེད་པ་ཐོབ་པར་འགྱུར་རོ། །བརྟན་པའི་སྟོབས་བསྐྱེད་པ་ཐོབ་ན་ཡང་དག་པའི་སྦྱོར་བ་ལས་ཡོངས་སུ་ཉམས་པར་མི་འགྱུར་ཞིང༌། དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་ལ། སྒྲུབ་པའི་མཆོད་པ་དང༌། རྙེད་པ་དང༌། བཀུར་སྟིའི་མཆོད་པས་དེ་བཞིན་གཤེགས་པ་ལ་མཆོད་པ་དང༌། རིམ་གྲོ་བྱེད་པར་འགྱུར་ཏེ། དེ་ལྟར་ན་འདི་ནི་ཆོས་བཅུ་པོ་དེ་དག་གོ་རིམས་བཞིན་དུ་ཡང་དག་པར་འགྲུབ་པ་ཡིན་པར་རིག་པར་བྱའོ། །ཆོས་བཅུ་པོ་འདི་རྣམས་ཀྱིས་ནི་ས་ཐམས་ཅད་རྣམ་པར་སྦྱོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ཐ་མ་ལས། སའི་ལེའུ་སྟེ་གསུམ་པའོ།། །།མོས་པས་སྤྱོད་པའི་ས་ཡན་ཆད་བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ལ་ནི་མདོར་བསྡུ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་བཞི་ཡོད་པར་རིག་པར་བྱ་སྟེ། བཞི་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང༌། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྤྱོད་པ་དང༌། མངོན་པར་ཤེས་པའི་སྤྱོད་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྤྱོད་པའོ། །དེ་ལ་སྔར་བསྟན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་དང༌། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་པོ་འདི་དག་བསྡུས་པ་ལ་ནི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཞེས་བྱའོ། །དེ་ལྟར་སྔར་བསྟན་པའི་ཐབས་ལ་མཁས་པ་རྣམ་པ་བཅུ་གཉིས་ནི་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པའོ། །སྔར་བསྟན་པའི་སྨོན་ལམ་རྣམ་པ་ལྔ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ། །སྟོབས་བཅུའི་སྦྱོར་བ་རྣམ་པར་དག་པ་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཐམས་ཅད་ལ་ཅི་ལྟ་བ་བཞིན་དུ་རྣམ་པར་གཞག་པ་ཤེས་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་དོན་དམ་པར་འཛིན་པ་ལ་ཞུགས་པའི་ཤེས་རབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཀུན་རྫོབ་འཛིན་པ་ལ་ཞུགས་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་གཉིས་ཀྱི་བྱེ་བྲག་ནི་དེ་ཡིན་ནོ། །རྣམ་གྲངས་གཞན་ཡང་ཡེ་ཤེས་ཚད་མེད་པ་ནི་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པའོ། །


DTG129_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

གོང་ནས་གོང་དུ་ཡེ་ཤེས་ཁྱད་པར་ཅན་དོན་དུ་གཉེར་བ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ། །བདུད་ཐམས་ཅད་ཀྱིས་ལམ་མི་ཆོད་པ་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟ་བ་བཞིན་དུ་ཤེས་བྱ་རྟོགས་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྔར་ཇི་སྐད་བསྟན་པའི་དྲན་པ་ཉེ་བར་གཞག་པ་ཡན་ཆད་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་དང༌། ཡོངས་སུ་ཚོལ་བ་བཞི་དང༌། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་བཞི་པོ་དེ་དག་བསྡུས་པ་ལ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྤྱོད་པ་ཞེས་བྱའོ། །མཐུའི་ལེའུ་ལས་ཇི་སྐད་བསྟན་པའི་མངོན་པར་ཤེས་པ་དྲུག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པའི་སྤྱོད་པ་ཞེས་བྱའོ། །སྔར་བསྟན་པའི་དཔག་ཏུ་མེད་པ་གཉིས་ཏེ། འདུལ་བ་དཔག་ཏུ་མེད་པ་དང༌། འདུལ་བའི་ཐབས་དཔག་ཏུ་མེད་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ལེའུ་ལས་ཇི་སྐད་བསྟན་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཐམས་ཅད་བསྡུས་པ་ནི་བྱང་ཆུབ་སེམས་དཔའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྤྱོད་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་བཞིས་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་བསྡུས་པར་རིག་པར་བྱའོ། །དེ་ལ་སྦྱིན་པ་ལ་སོགས་པའི་ཆོས་བཅུ་པོ་འདི་དག་ནི་ཡུན་རིང་པོ་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་འགྲུབ་པ་དང༌། དེ་མ་ཡིན་པའི་འཇིག་རྟེན་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་དགེ་བའི་རྩ་བ་ཐམས་ཅད་པས་རང་བཞིན་གྱིས་རྣམ་པར་དག་པའི་ཁྱད་པར་དང༌། བྱང་ཆུབ་མཆོག་གི་འབྲས་བུ་ཡོངས་སུ་འཛིན་པའི་ཕྱིར། དུས་ཀྱི་མཆོག་གིས་ཡང་དག་པར་འགྲུབ་པ་དང༌། རང་བཞིན་རྣམ་པར་དག་པའི་མཆོག་གིས་རྣམ་པར་དག་པ་དང༌། འབྲས་བུ་མཆོག་སྦྱིན་པར་བྱེད་པས་ན། དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ནི་རྒྱུ་གསུམ་གྱིས་གོ་རིམས་སུ་གཞག་པར་རིག་པར་བྱ་སྟེ། གསུམ་གང་ཞེ་ན། གཉེན་པོ་དང༌། འབྱུང་བ་དང༌། རྣམ་པར་སྨིན་པའི་འབྲས་བུས་སོ། །དེ་ལ་སེར་སྣ་དང༌། ཉེས་པར་སྤྱོད་པ་དང༌། སེམས་ཅན་རྣམས་ལ་འཁོན་གྱིས་གནོད་པར་བྱེད་པ་དང༌། ལེ་ལོ་དང༌། རྣམ་པར་གཡེང་བ་དང༌། མོད་དམའ་ཞིང་ཧ་འདང་ཅན་དང༌།


DTG129_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དྲུག་པོ་འདི་དག་ནི་ཟང་ཟིང་དང༌། ཆོས་དང༌། བྱང་ཆུབ་ལ་སྒྲིབ་པའི་གནས་ཡིན་ཏེ། ཆོས་དྲུག་པོ་འདི་དག་གི་གཉེན་པོར་ཕ་རོལ་ཏུ་ཕྱིན་པ་དྲུག་ཅི་རིགས་པར་བྱའོ། །དེ་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱང་འདི་དག་ཉིད་དུ་འདུས་ཏེ། དེ་ལྟར་ན་གཉེན་པོར་རྣམ་པར་གཞག་པ་ཡིན་ནོ། །འབྱུང་བས་ཇི་ལྟ་བུ་ཞེ་ན། འདི་ལ་ཐོག་མ་ཁོ་ནར་བྱང་ཆུབ་སེམས་དཔའ་ལོངས་སྤྱོད་ལ་མི་ལྟ་ན། ཁྱིམ་གྱི་འདོད་པ་རྣམས་བཏང་ནས། ཚུལ་ཁྲིམས་ཡང་དག་པར་ལེན་པར་བྱེད་དོ། །ཚུལ་ཁྲིམས་ལ་གུས་ན་གཞན་གྱིས་རྣམ་པར་མཐོ་བཙམས་པ་བཟོད་དེ་གཞན་ལ་རྣམ་པར་མཐོ་མི་བཙམས་སོ། །དེ་ཡང་དག་པར་ལེན་པ་དང༌། བཟོད་པས་ཚུལ་ཁྲིམས་རྣམ་པར་དག་ན་མི་འགྱུར་བ་དང༌། རྒྱུན་མི་འཆད་པར་དགེ་བའི་ཕྱོགས་ལ་སྦྱོར་བས་སྦྱོར་རོ། །དེ་དེ་ལྟར་བརྩོན་འགྲུས་ཀྱིས་བག་ཡོད་པར་གྱུར་ན། སེམས་རྩེ་གཅིག་པ་དགེ་བ་ལ་རེག་པར་འགྱུར་རོ། །དེ་དེ་ལྟར་སེམས་མཉམ་པར་གཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་བྱ་ཤེས་ཤིང་མཐོང་བར་བྱ་བ་མཐོང་སྟེ། དེ་ལྟར་ན་དེ་རྣམས་འབྱུང་བའི་གོ་རིམས་ཀྱིས་རྣམ་པར་གཞག་པར་རིག་པར་བྱའོ། །རྣམ་པར་སྨིན་པའི་འབྲས་བུ་ཇི་ལྟ་བུ་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཚེ་འདི་ལ་སྦྱིན་པ་ལ་སོགས་པ་དགེ་བའི་ཆོས་འདི་ཡང་དག་པར་བླངས་ཏེ་འདུག་པ་ནི། གཞི་ངེས་ཕྱི་མ་ལ་སྦྱིན་པ་ལས་གྱུར་པའི་ཕྱི་རོལ་གྱི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་ལ། དེ་མ་ཡིན་པ་ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལས་གྱུར་པའི་ནང་གི་ལུས་ཀྱི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ཐོབ་པར་འགྱུར་ཏེ། ལུས་ཀྱི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་གང་ཞེ་ན། བདེ་འགྲོར་གཏོགས་པའི་ལྷ་དང༌། མི་དང༌། དེ་མ་ཡིན་པའི་སེམས་ཅན་རྣམས་ལས་ཚེ་ལ་སོགས་པ་ཁྱད་པར་དུ་འཕགས་པ་དང་ལྡན་པ་འདི་ནི་ཕུན་སུམ་ཚོགས་པ་དང་པོའོ། །རང་བཞིན་གྱིས་དགེ་བ་ལ་སྦྱོར་བ་ལ་མི་སྐྱོ་བ་དང༌། གཞན་གྱི་ཉེས་པ་བཟོད་པ་དང༌། གཞན་ལ་གནོད་པ་མི་དགའ་བ་འདི་ནི་ཕུན་སུམ་ཚོགས་པ་གཉིས་པའོ། །རང་བཞིན་གྱིས་བརྩམས་པ་ཐམས་ཅད་ལ་འབང་པ་བརྟན་པ་འདི་ནི་ཕུན་སུམ་ཚོགས་པ་གསུམ་པའོ། །རང་བཞིན་གྱིས་ཉོན་མོངས་པ་ཤས་ཆུང་ཞིང་དོན་ཐམས་ཅད་ལ་མངོན་པར་ཤེས་


DTG129_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

པ་མྱུར་བར་བྱ་བ་ལ་རང་གི་སེམས་ལ་དབང་ཞིང་སེམས་ལས་སུ་རུང་བ་འདི་ནི་ཕུན་སུམ་ཚོགས་པ་བཞི་པའོ། །རང་བཞིན་གྱིས་བློ་རྒྱ་ཆེ་བ་དང༌། དོན་ཐམས་ཅད་ལ་མཁས་ཤིང་མཛངས་པ་འདི་ནི་ཕུན་སུམ་ཚོགས་པ་ལྔ་པ་སྟེ། འབྲས་བུ་རྣམ་པར་སྨིན་པ་ལས་གྱུར་པ་འདི་དག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ཀྱི་གོ་རིམས་སུ་རྣམ་པར་གཞག་པ་གཞན་ཡིན་པར་རིག་པར་བྱའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་བཞི་ཚོགས་དང༌། རང་བཞིན་དང་འཁོར་དང༌། ཀུན་དུ་བསྲུང་བ་དང་བཅས་པས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡོངས་སུ་རྫོགས་པར་རིག་པར་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ནི་ལྷག་པའི་སེམས་ཀྱི་བསླབ་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་སྟེ། བྱང་ཆུབ་སེམས་དཔའི་བསླབ་པའི་ལམ་ནི་གསུམ་ལས་ལྷག་པ་མེད་དོ། །དེ་བས་ན་བྱང་ཆུབ་སེམས་དཔའི་བསླབ་པའི་ལམ་ཐམས་ཅད་འདུས་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་ནི་དྲུག་པོ་ཁོ་ནར་རྣམ་པར་གཞག་པ་ཡིན་ཏེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །བྱང་ཆུབ་སེམས་དཔའི་བྱ་བ་ནི་མདོར་བསྡུ་ན་བཞི་པོ་འདི་དག་ཡིན་ཏེ། དེ་དག་གིས་དེ་རྣམས་ཀྱི་བྱ་བ་ཐམས་ཅད་བསྡུས་ཏེ། བྱང་ཆུབ་ཀྱི་ཕྱིར་དགེ་བ་ལ་གོམས་པར་བྱེད་པ་དང༌། དེའི་སྔོན་དུ་འགྲོ་བའི་དེ་ཁོ་ནའི་དོན་རྟོགས་པར་བྱེད་པ་དང༌། མཐུ་ཡང་དག་པར་འགྲུབ་པར་བྱ་བ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་བྱ་བ་བཞི་པོ་འདི་དག་སྤྱོད་པ་བཞི་པོ་དག་གི་གོ་རིམས་བཞིན་དུ་བྱེད་ཅིང་རྗེས་སུ་སྒྲུབ་པོ། །དེ་ལྟ་བས་ན་དེའི་གོང་དུ་སྤྱོད་པ་རྣམ་པར་གཞག་པ་མེད་དོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ཐ་མ་ལས་སྤྱོད་པའི་ལེའུ་སྟེ་བཞི་པའོ།། །།དེ་ལ་དེ་བཞིན་གཤེགས་པའི་གནས་པ་དང༌། དེ་བཞིན་གཤེགས་པའི་མཐར་ཐུག་པར་འགྲོ་བའི་ས་ལས་བརྩམས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུ་ཡོད་དེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་དང༌། རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་


DTG129_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

དང། མི་འཇིགས་པ་བཞི་དང༌། དྲན་པ་ཉེ་བར་གཞག་པ་གསུམ་དང༌། བསྲུང་བ་མེད་པ་གསུམ་དང༌། ཐུགས་རྗེ་ཆེན་པོ་དང༌། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང༌། བག་ཆགས་ཡང་དག་པར་འཇོམས་པ་དང༌། རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དག་གང་ཞེ་ན། སྐྱེས་བུ་ཆེན་པོའི་ཞབས་ཤིན་ཏུ་གནས་པ་སྟེ། ས་ལ་མཉམ་པར་འབབ་པ་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །ཕྱག་དང་ཞབས་གཉིས་ཀྱི་མཐིལ་ནས་འཁོར་ལོ་རྩིབས་སྟོང་དང་ལྡན་པ་མུ་ཁྱུད་ཅན་ལྟེ་བ་དང་བཅས་པ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་བྱུང་བ་དང༌། སྐྱེས་བུ་ཆེན་པོའི་ཞབས་སོར་མོ་རིང་བ་དང༌། ཞབས་ཀྱི་རྟིང་པ་ཡངས་པ་དང༌། ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང༌། ཕྱག་དང་ཞབས་དྲ་བས་འབྲེལ་པ་དང༌། ཞབས་འབར་འབུར་མེད་པ་དང༌། བྱིན་པ་རི་དགས་ཨ་ན་ཡའི་ལྟ་བུ་དང༌། སྐུ་མ་བཏུད་པ་དང༌། མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང༌། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང༌། སྐུའི་སྤུ་གྱེན་དུ་ཕྱོགས་པ་དང༌། སྤུ་རེ་རེ་སྟེ་དེའི་སྐུའི་སྤུ་རེ་རེ་ནས་སྐྱེ་ལ་འཇམ་ཞིང་མཐོན་མཐིང་ལ་ལྕང་ལོ་ལྟར་གཡས་སུ་འཁྱིལ་པ་དང༌། སྐུ་མདོག་གསེར་འདྲ་ཞིང་འོད་འདོམ་གང་དང་ལྡན་པ་དང། པགས་པ་སྲབ་སྟེ་པགས་པ་སྲབ་པའི་ཕྱིར་དེའི་སྐུ་ལ་རྡུལ་དང་དྲི་མ་མི་ཆགས་པ་དང༌། སྐུའི་བདུན་མཐོ་བས་ཏེ། དེའི་སྐུའི་བདུན་མཐོ་བར་གྱུར་པ་ནི་ཕྱག་ལ་གཉིས་དང༌། ཞབས་ལ་གཉིས་དང༌། ཕྲག་པ་ལ་གཉིས་དང༌། མགུལ་ལ་གཅིག་གོ །རོ་སྟོད་སེང་གེའི་འདྲ་བ་དང༌། དཔུང་མགོ་ལེགས་པར་གྲུབ་པ་དང༌། ཐལ་གོང་རྒྱས་པ་དང༌། སྐུ་ཆེ་ཞིང་དྲང་བ་དང༌། ཚེམས་བཞི་བཅུ་མངའ་བ་དང༌། ཚེམས་མཉམ་པ་དང༌། ཚེམས་ཐགས་བཟང་བ་དང༌། ཚེམས་ཤིན་ཏུ་དཀར་བ་དང༌། འགྲམ་པ་སེང་གེའི་འདྲ་བ་དང༌། ལྗགས་རིང་ཞིང་སྲབ་པ་དང༌། ལྗགས་རིང་བས་ཞལ་ནས་ལྗགས་བརྐྱང་ན་ཞལ་ཐམས་ཅད་དབུ་སྐྲའི་མཚམས་ལ་ཐུག་པར་ཁེབས་པ་དང༌། རོ་བྲོ་བའི་མཆོག་དང་ལྡན་པ་བརྙེས་པ་དང༌། ཚངས་པའི་དབྱངས་དང་ལྡན་ཏེ། བྱ་ཀ་ལ་པིང་ཀ་བཞིན་དུ་གསུང་ཡིད་དུ་འོང་ཞིང༌། གསུང་གི་གདངས་རྔ་སྒྲ་ལྟ་བུ་དང༌། སྤྱན་མཐོན་མཐིང་དང༌། རྫི་མ་བའི་ལྟ་བུ་དང༌། དབུ་གཙུག་ཏོར་


DTG129_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་དང༌། དེའི་མཛོད་སྤུ་དུང་གི་མདོག་འདྲ་བ་ལ་གཡས་སུ་འཁྱིལ་པ་སྨིན་མཚམས་སུ་བྱུང་བ་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་གང་ཞེ་ན། ཕྱག་དང་ཞབས་ཀྱི་སོར་མོ་ཉི་ཤུ་ཚིགས་དང་བཅས་པ་དང༌། སེན་མོ་དང་བཅས་པ་རྣམས་དཔེ་བྱད་བཟང་པོ་ཉི་ཤུ་དང། ཕྱག་དང་ཞབས་གཉིས་ལ་མཐིལ་རྒྱབ་བརྒྱད་དེ། ཕྱག་གཉིས་ལ་བཞི་དང༌། ཞབས་གཉིས་ལ་བཞི་སྟེ་དཔེ་བྱད་བཟང་པོ་བརྒྱད་དང༌། ལོང་བུ་དང༌། པུས་མོ་དང༌། བརླ་རྣམ་པ་དྲུག་རྒྱས་པ་དཔེ་བྱད་བཟང་པོ་དྲུག་དང༌། ཕྱག་གི་རྣམ་པ་དྲུག་རྒྱས་པ་དཔེ་བྱད་བཟང་པོ་དྲུག་དང༌། སྟ་ཟུར་དང༌། རྐེད་པ་དང༌། འབྲས་བུ་གཉིས་ལ་དཔེ་བྱད་བཟང་པོ་གཉིས་དང༌། མདོམས་དང༌། སྣམ་གཙོས་གཉིས་ལ་དཔེ་བྱད་བཟང་པོ་གཉིས་དང༌། དཀུ་དོ་དང༌། ཕྱལ་དང༌། ལྟེ་བ་དང༌། རྩིབ་ལོགས་གཉིས་དང༌། མཆན་ཁུང་གཉིས་དང༌། ནུ་མ་གཉིས་དང་བསྡུས་པ་ལ་དཔེ་བྱད་བཟང་པོ་དྲུག་དང༌། བྲང་དང༌། ཐུགས་ཀ་དང༌། མགུར་དང༌། རྒྱབ་དང༌། དཔེ་བྱད་བཟང་པོ་དྲུག་ཅུ་པོ་འདི་རྣམས་ནི་མགུར་ཡན་ཆད་མ་གཏོགས་པར་སྐུ་མན་ཆད་དུ་གཏོགས་པ་ཡིན་ནོ། །ཚེམས་ཀྱི་ཕྲེང་བ་གཉིས་ལ་དཔེ་བྱད་བཟང་པོ་གཉིས་དང༌། རྐན་ཐོན་ཀོར་དང་བཅས་པ་དང༌། སྒྲོས་གཉིས་དཔེ་བྱད་བཟང་པོ་གཉིས་དང༌། མཁུར་བ་ཤིན་ཏུ་རྒྱས་པ་དང༌། འགྲམ་པ་རྒྱས་ཤིང་དབྱིབས་ལེགས་པ་དཔེ་བྱད་བཟང་པོ་གཉིས་དང༌། སྤྱན་གཉིས་ཐོན་ཀོར་དང་བཅས་པ་དཔེ་བྱད་བཟང་པོ་གཉིས་དང༌། སྨིན་མ་གཉིས་དཔེ་བྱད་བཟང་པོ་གཉིས་དང༌། ཤངས་ཀྱི་བུ་ག་གཉིས་དཔེ་བྱད་བཟང་པོ་གཉིས་དང༌། དཔྲལ་བ་དང༌། སྤྱན་གྱི་གྲྭ་གཉིས་དང༌། སྙན་གཉིས་ནི་དཔེ་བྱད་བཟང་པོ་བཞི་དང༌། དབུ་སྐྲ་དང་བཅས་པའི་དཔེ་བྱད་བཟང་པོ་དང༌། འདི་རྣམས་ནི་མགུར་ཡན་ཆད་ཀྱི་དཔེ་བྱད་བཟང་པོ་ཉི་ཤུ་ཡིན་ཏེ། སྔ་མའི་དྲུག་ཅུ་དང༌། ཕྱི་མའི་ཉི་ཤུ་གཅིག་ཏུ་བསྡོམས་ནས་དཔེ་བྱད་བཟང་པོ་བརྒྱད་ཅུར་འགྱུར་ཏེ། མཚན་དང་དཔེ་བྱད་བཟང་པོ་འདི་དག་ནི་ལྷག་པའི་བསམ་པའི་ས་ལ་ཞུགས་པ་ནི་སྐྱེས་པས་ཐོབ་པའི་རྣམ་པར་སྨིན་པ་ལས་བྱུང་བའི་མཚན་རྣམས་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམ་པར་སྨིན་པས་འཐོབ་པོ། །དེ་ཡན་ཆད་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་པའི་བར་དུ་ནི་དེ་དག་གོང་ནས་


DTG129_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དུ་རྣམ་པར་དག་པར་འགྱུར་བར་རིག་པར་བྱའོ། །ལྷག་མ་མ་འདྲེས་པ་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་ལ་སོགས་པ་ཤིན་ཏུ་རྣམ་པར་དག་ཅིང་ཡོངས་སུ་རྫོགས་པ་རྣམས་ཀྱང་ཐོབ་པར་འགྱུར་རོ། །མ་རྫོགས་པ་ནི་ལྷག་པའི་བསམ་པ་དག་པའི་ས་ཡན་ཆད་ནས་སྔོན་བྱང་ཆུབ་སེམས་དཔར་འགྱུར་བ་ན་ཡང་དེ་དག་དང་ལྡན་པར་ཡོད་དོ། །བྱང་ཆུབ་ཀྱི་ཚོགས་ཐམས་ཅད་ནི་བྱེ་བྲག་མེད་པར་མཚན་དང་དཔེ་བྱད་བཟང་པོ་ཐམས་ཅད་འགྲུབ་པར་བྱེད་པ་ཡིན་ནོ། །བྱང་ཆུབ་ཀྱི་ཚོགས་དེ་ཡང་རྣམ་པ་གཉིས་ཏེ་བྱང་ཆུབ་དང་ཉེ་བ་དང་རིང་བའོ། །དེ་ལ་རིང་བ་ནི་རྣམ་པར་སྨིན་པས་མ་ཐོབ་པའི་མཚན་དང་དཔེ་བྱད་བཟང་པོ་རྣམས་ལ་གང་ཡོད་པའོ། །ཉེ་བ་ནི་རྣམ་པར་སྨིན་པས་དང་པོ་ཐོབ་པའི་མཚན་དང་དཔེ་བྱད་བཟང་པོ་རྣམས་དང༌། དེ་ལས་གོང་ནས་གོང་དུ་རྣམ་པར་དག་པའི་ཁྱད་པར་དུ་གྱུར་པའི་ཚེ་གང་ཡིན་པའོ། །མཚན་དང་དཔེ་བྱད་བཟང་པོ་འདི་དག་ནི་ལས་རྣམ་པ་སྣ་ཚོགས་མངོན་པར་འདུ་བྱེད་པའི་འབྲས་བུ་ཡིན་ཏེ། འདུལ་བར་འདོད་པ་རྣམས་ཀྱི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་སྡིག་པའི་ལས་རྣམ་པ་སྣ་ཚོགས་ཀུན་དུ་སྤྱོད་པ་ལ་དགའ་བ་དེ་དག་ཅི་ལྟར་ན་སྡིག་པའི་ལས་མི་མཐུན་པའི་ཕྱོགས་སུ་གྱུར་པ་རྣམ་པ་སྣ་ཚོགས་དེའི་གཉེན་པོ་དགེ་བ་རྣམ་པ་སྣ་ཚོགས་མཚན་དང་དཔེ་བྱད་བཟང་པོ་འགྲུབ་པར་བྱེད་པའི་ལས་གང་ཡིན་པ་དེའི་འབྲས་བུའི་ཕན་ཡོན་རྣམ་པ་སྣ་ཚོགས་དེ་ཐོས་ན། འབྲས་བུའི་ཕན་ཡོན་ཆེན་པོ་དེ་འདོད་ཆེས་ནས་སྡིག་པ་དེ་ལས་ཀྱང་ལྡོག་པར་འགྱུར་ཞིང། དགེ་བ་དེ་ཡང་དག་པར་བླངས་ཏེ་གནས་པར་འགྱུར་ཞིག་གུ་སྙམ་དུ་དགོངས་པའི་ཕྱིར་རོ། །མཚན་གྱི་མདོ་ལས་ཅི་སྐད་གསུངས་པ་བཞིན་ཏེ། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྟུལ་ཞུགས་དང༌། གཏོང་བ་རྣམས་ལ་ཤིན་ཏུ་གནས་པས་ནི་ཞབས་ཤིན་ཏུ་གནས་པ་བརྙེས་སོ། །འགྲོ་བ་དང་འོང་བ་ལ་སོགས་པ་ཡོངས་སུ་གཡོ་བ་ལས་བརྟེན་ཏེ། ཕ་མ་ལ་བསྙེན་བཀུར་སྣ་ཚོགས་བྱས་པ་དང༌། རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་གནོད་པ་ལས་བསྲུངས་པ་ནི་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་བརྙེས་སོ། །གཞན་ལ་རྣམ་པར་མི་འཚེ་བ་དང༌། མ་བྱིན་པར་


DTG129_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པ་སྤངས་པ་དང༌། བླ་མ་རྣམས་ལ་གུས་པར་སྨྲ་བ་དང༌། ཕྱག་འཚལ་བ་དང༌། མངོན་དུ་ལྡང་བ་དང༌། ཐལ་མོ་སྦྱོར་ཞིང་འདུད་པའི་ལས་བྱས་པས་གཞན་དག་གི་ཡིད་མགུ་བར་བྱས་པ་དང༌། དགའ་བའི་ལོངས་སྤྱོད་ཉམས་པར་མ་བྱས་པ་དང༌། ང་རྒྱལ་ངེས་པར་བཅོམ་པས་ནི་སྐྱེས་བུ་ཆེན་པོའི་མཚན་སོར་མོ་རིང་བ་བརྙེས་སོ། །ལས་གསུམ་པོ་གང་དག་གིས་སྐྱེས་བུ་ཆེན་པོའི་མཚན་གསུམ་པོ་གང་དག་བསྟན་པ་དེ་དག་ཐམས་ཅད་མཐའ་དག་གིས་ནི་ཞབས་ཀྱི་རྟིང་པ་ཡངས་པ་བརྙེས་སོ། །དེ་ལ་མཚན་གསུམ་པོ་དག་བརྟེན་པའི་ཕྱིར་རོ། །བསྡུ་བའི་དངོས་པོ་བཞིས་བླ་མ་རྣམས་བསྡུས་པས་ནི་ཕྱག་དང་ཞབས་དྲ་བས་འབྲེལ་བ་བརྙེས་སོ། །བླ་མ་རྣམས་ལ་སྣུམ་བསྐུ་བ་དང་མཉེ་བ་དང༌། དྲིལ་བ་དང༌། ཁྲུས་དང༌། གོས་བྱིན་པས་ནི་ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་བརྙེས་སོ། །དགེ་བའི་ཆོས་རྣམས་ལ་ཆོག་མི་ཤེས་ཤིང་དགེ་བའི་ཆོས་རྣམས་གོང་ནས་གོང་དུ་སྤེལ་བས་ནི་ཞབས་འབར་འབུར་མེད་པ་བརྙེས་སོ། །ཇི་ལྟ་བ་བཞིན་དུ་ཆོས་བླངས་ཤིང་ཀུན་ཆུབ་པར་བྱས་ནས། གཞན་དག་ལ་བསྟན་པ་དང༌། གཞན་དག་གིས་འཕྲིན་པ་ལེགས་པར་བྱས་པས་ནི་བྱིན་པ་རི་དགས་ཨེ་ན་ཡའི་ལྟ་བུ་བརྙེས་སོ། །གོ་རིམས་བཞིན་དུ་ཆོས་ཡང་དག་པར་བསྟན་པས་ཚུལ་གནས་པར་བྱས་པ་དང༌། ལུས་དང་ངག་དང་ཡིད་ཀྱི་སྡིག་པའི་ལས་ལེགས་པར་བསྡམས་ཤིང་དེར་མི་གཞོལ་བ་དང༌། ནད་པ་རྣམས་ལ་ནད་གཡོག་བྱས་ཤིང་སྨན་བྱིན་པ་དང༌། ནད་ཀྱིས་ཐེབས་པ་གསོ་བ་དང༌། ཟས་ཀྱི་ཚོད་ཤེས་པ་དང༌། འདོད་པ་རྣམས་ལ་མི་གཞོལ་པས་ནི་སྐུ་མ་བཏུད་པ་བརྙེས་སོ། །གཞན་དག་གིས་སྤངས་པའི་སེམས་ཅན་རྣམས་ཆོས་བཞིན་དུ་མཐུན་པར་བསྡུས་པ་དང༌། ངོ་ཚ་དང་ལྡན་ཞིང་ཁྲེལ་ཡོད་པ་དང་ལྡན་པ་དང༌། གོས་བྱིན་པས་ནི་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་བརྙེས་སོ། །བདག་ཉིད་ཀྱི་ལུས་དང་ངག་དང་ཡིད་བསྡམས་པ་དང༌། བླང་བ་དང༌། ཁ་ཟས་ཀྱི་ཚོད་ཤེས་པ་དང༌། ནད་པ་རྣམས་ལ་སྨན་སྦྱིན་པ་དང༌། ལས་ཡང་བ་དང༌། བླང་བ་དང༌། ལོངས་སྤྱོད་མ་འོངས་པ་ལ་མི་འཇུག་པ་དང༌། ཁམས་མ་སྙོམས་པ་མཐུན་པར་བྱས་པས་ནི་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་བརྙེས་སོ། །ལས་གང་གིས་ཞབས་འབར་


DTG129_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

འབུར་མེད་པ་བརྙེས་པ་དེ་ཉིད་ཀྱིས་ནི་སྐུའི་སྤུ་གྱེན་དུ་ཕྱོགས་པ་བརྙེས་སོ། །བདག་ཉིད་ཀྱིས་དགེ་བ་སྤྱད་པ་དང༌། མཁས་པ་དང༌། ཤེས་ཕ་ལ་བརྟེན་པ་དང༌། ཆ་ཕྲ་བའི་དོན་ལ་སེམས་པ་དང༌། བླ་མ་རྣམས་ཀྱི་གནས་བྱི་དོར་བྱས་པ་དང༌། མཉེ་ཞིང་དྲིལ་བ་དང༌། ཁྲུས་བྱས་ཏེ་གཅིག་པུར་གནས་པ་དང༌། བཤེས་གཉེན་གཅིག་ལ་བརྟེན་པ་དང༌། ཆ་ཕྲ་བའི་དོན་ལ་འཇུག་པ་དང༌། རྩྭ་དང་ལོ་མ་ལ་སོགས་པའི་ཉལ་ཉིལ་བསལ་བ་དང༌། གློ་བུར་གྱི་དྲི་མ་བསལ་བས་ནི་སྤུ་ཉག་རེ་རེ་ནས་སྐྱེས་ཤིང་གཡས་སུ་འཁྱིལ་པ་བརྙེས་སོ། །ཡིད་དུ་འོང་ཞིང་དགའ་བར་བྱེད་པའི་ཟས་དང༌། སྐོམ་དང༌། བཞོན་པ་དང། གོས་དང༌། རྒྱན་ལ་སོགས་པ་ལུས་ཀྱི་ཡོ་བྱད་བྱིན་པ་དང༌། ཁྲོ་བ་མེད་པས་ནི་སྐུ་མདོག་གསེར་འདྲ་བ་དང་འོད་འདོམ་གང་དང་ལྡན་པ་བརྙེས་སོ། །ལས་གང་གིས་སྤུ་རེ་རེ་ནས་སྐྱེ་ཞིང་གཡས་སུ་འཁྱིལ་པ་བསྟན་པ་དེ་ཉིད་ཀྱིས་ནི་པགས་པ་སྲབ་ཅིང་འཇམ་པ་བརྙེས་པར་རིག་པར་བྱའོ། །ཟས་དང་སྐོམ་མང་པོ་གྱ་ནོམ་པ་ཕལ་པོ་ཆེས་སྐྱེ་བོའི་ཚོགས་མང་པོ་ཚིམ་པར་བྱས་པས་ནི། སྐུའི་བདུན་མཐོ་བ་བརྙེས་སོ། །སེམས་ཅན་རྣམས་ཀྱི་ཆོས་ཀྱི་བྱ་བ་བྱུང་ངོ་ཅོག་ལ་གཙོ་བོར་གནས་པ་དང༌། ང་རྒྱལ་མི་བྱེད་པ་དང༌། བརླང་བར་མི་བྱེད་པ་དང༌། སེམས་ཅན་རྣམས་གནོད་པ་ལས་ནི་བཟློག །ཕན་པ་ལ་ནི་བཙུད་པས་སེམས་ཅན་གྱི་དོན་དག་ལ་སེང་གེ་བཞིན་དུ་བརྟུལ་བའི་ངང་ཚུལ་ཅན་ཡིན་པས་ནི་རོ་སྟོང་སེང་གེའི་འདྲ་བ་བརྙེས་སོ། །ལས་དེ་ཁོ་ནས་ནི་དཔུང་མགོ་ལེགས་པར་གྲུབ་པ་དང་ཐལ་གོང་རྒྱས་པ་བརྙེས་པར་རིག་པར་བྱའོ། །ལས་གང་གིས་སོར་མོ་རིང་བ་བརྙེས་པ་དེ་ཉིད་ཀྱིས་ནི་སྐུ་ཆེ་ཞིང་དྲང་བ་བརྙེས་སོ། །མཛའ་བཤེས་འབྱེད་པའི་ཕྲ་མའི་ཚིག་ནི་སྤངས་སེམས་ཅན་མི་མཐུན་པ་རྣམས་མཐུན་པར་བྱས་པས་ནི་ཚེམས་བཞི་བཅུ་དང་མཉམ་པ་དང་ཐགས་བཟང་བ་བརྙེས་སོ། །འདོད་པ་ན་སྤྱོད་པའི་བྱམས་པ་བསྒོམ་པ་དང༌། ཆོས་ཀྱི་དོན་སེམས་པས་ནི་ཆེམས་ཤིན་ཏུ་དཀར་བ་བརྙེས་སོ། །སེམས་ཅན་འདོད་པ་རྣམས་ལ་ཅི་འདོད་པའི་ནོར་ལེགས་པར་བཏང་བས་ནི་འགྲམ་པ་སེང་གེའི་ལྟ་བུ་བརྙེས་སོ། །སེམས་ཅན་རྣམས་བདག་གི་བུ་བཞིན་དུ་ལེགས་པར་བསྲུངས་པ་དང༌། དད་པ་དང་ལྡན་པ་དང༌། སྙིང་བརྩེ་བ་དང་ལྡན་པ་དང༌། སྨན་བྱིན་པ་དང༌། དང་བ་དང་ཕན་པས་


DTG129_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རོ་བྲོ་བའི་མཆོག་དང་ལྡན་པ་བརྙེས་སོ། །ཆོས་ཀྱི་བཅུད་བྱིན་པ་དང༌། ཆོས་ཀྱི་བཅུད་ཀྱི་རོ་མྱངས་པ་དང༌། རོ་ཉམས་པ་བཅོས་པ་དང༌། སྲོག་གཅོད་པ་སྤོང་བ་ལ་སོགས་པ་བསླབ་པའི་གཞི་ལྔ་པོ་རྣམས་བདག་ཉིད་ཀྱིས་ཀྱང་ཡང་དག་པར་བླངས་ཏེ། ལེགས་པར་བསྲུངས་ཤིང་གཞན་རྣམས་ཀྱང་དེ་དག་ལ་ཡང་དག་པར་བཙུད་པ་དང༌། སྙིང་རྗེའི་སེམས་ལ་བརྟེན་ཏེ་ཆོས་ཡང་དག་པར་བླང་བ་ཆེན་པོ་ལ་ཞུགས་པས་ནི་དབུ་གཙུག་ཏོར་དང་ལྡན་པ་དང༌། ལྗགས་རིང་ཞིང་སྲབ་པ་བརྙེས་སོ། །བདེན་པར་སྨྲས་པ་དང༌། སྙན་པར་སྨྲས་པ་དང༌། དུས་སུ་སྨྲས་པ་དང༌། ཆོས་སྨྲས་པས་ནི་ཚངས་པའི་དབྱངས་བརྙེས་སོ། །སེམས་ཅན་མཐའ་དག་ལ་ཕ་མ་བཞིན་དུ་བྱམས་པའི་སེམས་ཀྱིས་སྙིང་བརྩེ་བས་ནི་སྤྱན་མཐོན་མཐིང་དང་རྫི་མ་བའི་ལྟ་བུ་བརྙེས་སོ། །ཡོན་ཏན་ཅན་རྣམས་ཀྱིས་བདེན་པའི་བསྔགས་པ་བརྗོད་ཅིང་བསྒྲགས་པས་ནི་སྨིན་མཚམས་ཀྱི་མཛོད་སྤུ་དུང་གི་མདོག་ལྟར་དཀར་ལ་གཡས་སུ་འཁྱིལ་པ་བརྙེས་སོ་ཞེས་གསུངས་སོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་ཐམས་ཅད་ཀྱང་བྱེ་བྲག་མེད་པར་ཚུལ་ཁྲིམས་ཀྱི་རྒྱུས་ཐོབ་པར་རིག་པར་བྱའོ། །དེ་མིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཉམས་པ་ནི་མིར་འགྱུར་བ་ཉིད་ཀྱང་མི་འཐོབ་ན། སྐྱེས་བུ་ཆེན་པོའི་མཚན་ལྟ་ག་ལ་འཐོབ་པའི་ཕྱིར་རོ། །དེ་ལ་དབུ་གཙུག་ཏོར་དང་ལྡན་པ་དང༌། སྤྱི་གཙུག་བལྟར་མི་མཐོང་བ་ནི་སྐྱེས་བུ་ཆེན་པོའི་མཚན་གཅིག་ཡིན་པར་རིག་པར་བྱ་སྟེ། དེ་ལས་གུད་ན་ཡང་མེད་པའི་ཕྱིར་རོ། །འདི་ནི་མཚན་མངོན་པར་འགྲུབ་པ་དང༌། མཐུན་པའི་ལས་རྣམ་པ་སྣ་ཚོགས་རྒྱས་པར་རྣམ་པར་གཞག་པ་ཡིན་ནོ། །མདོར་བསྡུ་ན་ནི་ལས་ཀྱི་མཐའ་ལེགས་པར་བྱས་པ་ཕྱོགས་གཉིས་སུ་གྱུར་པ་རྣམ་པ་བཞིས་མཚན་ཐམས་ཅད་མངོན་པར་འགྲུབ་པར་རིག་པར་བྱའོ། །དེ་ལ་ངེས་པར་འབྱེད་པས་ནི་ཞབས་ཤིན་ཏུ་གནས་པ་འགྲུབ་པར་འགྱུར་རོ། །བྱང་བར་བྱེད་པས་ནི་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་དང༌། ཞབས་འབར་འབུར་མེད་པ་དང༌། ཕྱག་དང་ཞབས་དྲ་བས་འབྲེལ་པ་དང༌། པགས་པ་སྲབ་པ་དང༌། སྐུའི་བདུན་མཐོ་བ་དང༌། ཐལ་གོང་རྒྱས་པ་དང༌། དཔུང་མགོ་ལེགས་པར་གྲུབ་པ་དང༌། སྐུ་ཚེ་ཞིང་དྲང་


DTG129_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང། ལྗགས་རིང་ཞིང་སྲབ་པ་འགྲུབ་བོ། །རྟག་ཏུ་བྱེད་པས་ནི་སོར་མོ་རིང་བ་དང༌། ཞབས་ཀྱི་རྟིང་པ་ཡངས་པ་དང༌། སྐུ་མ་བཏུད་པ་དང༌། ཤིང་ཉ་གྲོ་དྷ་ལྟར་ཆུ་ཞིང་གབ་པ་དང༌། ཚེམས་ཐགས་བཟང་བ་འགྲུབ་པོ། །ཁ་ན་མ་ཐོ་བ་མེད་པར་བྱེད་པས་ནི་མཚན་ལྷག་མ་རྣམས་མངོན་པར་འགྲུབ་སྟེ། དེ་ལ་སེམས་ཅན་རྣམས་ལ་གནོད་པ་མེད་པར་སྦྱོར་བས་ནི་ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང༌། པགས་པ་སྲབ་ཅིང་འཇམ་པ་འགྲུབ་པོ། །དགེ་བ་ལ་གོ་རིམས་བཞིན་དུ་སྦྱོར་བ་དང༌། དུས་སུ་སྦྱོར་བས་ནི་བྱིན་པ་རི་དགས་ཨེ་ན་ཡའི་ལྟ་བུར་འགྲུབ་པོ། །མཆོག་ཏུ་དགའ་བ་དང༌། དགའ་བ་དང༌། འོད་གསལ་བའི་སེམས་ཀྱིས་དགེ་བ་ཀུན་དུ་སྤྱོད་པས་ནི་སྐུ་མདོག་གསེར་འདྲ་ཞིང་འོད་འདོམ་གང་དང་ལྡན་པ་དང༌། ཚེམས་དཀར་བ་དང༌། མཛོད་སྤུ་དཀར་པོ་འགྲུབ་པོ། །གྲགས་པ་དང༌། སྒྲ་དང༌། ཚིགས་སུ་བཅད་པ་ལ་མི་རྟེན་པ་དང། དགེ་བ་མི་སྤྱོམས་པས་ནི་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་འགྲུབ་པོ། །དགེ་བའི་རྩ་བ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པས་ནི་སྐུའི་སྤུ་གྱེན་དུ་ཕྱོགས་པ་དང༌། ཚེམས་བཞི་བཅུ་དང་མཉམ་པ་དང༌། རོ་བྲོ་བ་མཁྱེན་པ་དང༌། དབུ་གཙུག་ཏོར་དང་ལྡན་པ་འགྲུབ་པོ། །དགེ་བ་ལ་འབད་ཅིང་མི་ཞུམ་པར་བརྩོན་པས་ནི་རོ་སྟོད་སེང་གེའི་འདྲ་བ་དང༌། འགྲམ་པ་སེང་གེའི་འདྲ་བ་འགྲུབ་པོ། །སེམས་ཅན་རྣམས་ལ་ཕན་པའི་སེམས་ཀྱིས་སྙོམས་པར་ལྟ་བས་ནི་ཚེམས་མཉམ་པ་དང༌། སྤྱན་མཐོན་མཐིང་དང༌། རྫི་མ་བའི་ལྟ་བུ་འགྲུབ་པོ། །དམན་པས་ཆོག་པར་མི་འཛིན་པར་སྦྱོར་བས་ནི་ཚངས་པའི་དབྱངས་འགྲུབ་པོ། །དེ་ལྟར་ན་ལས་ཀྱི་མཐའ་ལེགས་པར་བྱས་པ་རྣམ་པ་འདི་བཞིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་འདི་དག་འཐོབ་པ་དང༌། རྣམ་པར་དག་པར་འགྱུར་རོ། །དེ་ལ་རིགས་ཀྱི་ས་ལ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་འདི་དག་ས་བོན་ཙམ་ཞིག་གནས་པར་ཟིན་པར་རིག་པར་བྱའོ། །མོས་པས་སྤྱོད་པའི་ས་ལ་ནི་དེ་དག་ཐོབ་པར་བྱ་བའི་ཐབས་ལ་ཞུགས་པར་རིག་པར་བྱའོ། །ལྷག་པའི་བསམ་པ་དག་པའི་ས་ལ་ནི་དེ་དག་ཐོབ་པར་རིག་པར་བྱའོ། །དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའི་ས་དེའི་གོང་


DTG129_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྣམས་ལ་ནི་དེ་དག་རྣམ་པར་དག་པར་རིག་པར་བྱའོ། །དེ་བཞིན་གཤེགས་པའི་མཐར་ཐུག་པར་འགྲོ་བའི་ས་ལ་ནི་དེ་དག་ཤིན་ཏུ་རྣམ་པར་དག་ཅིང་ཤིན་ཏུ་བླ་ན་མེད་པར་རིག་པར་བྱའོ། །དེ་ལ་མཚན་འདི་རྣམས་ནི་གཟུགས་ཅན་ཡིན་པའི་ཕྱིར་སེམས་ཅན་ཐ་མ་དང༌། འབྲིང་དང༌། རབ་རྣམས་ཀྱིས་རྟོགས་པར་སླ་བས་ན་སངས་རྒྱས་ཀྱི་ཆོས་སྐྱེས་བུ་ཆེན་པོའི་མཚན་ཡོད་པ་ཐམས་ཅད་ཀྱི་ནང་ན་འདི་དག་ཁོ་ན་སྐྱེས་བུ་ཆེན་པོའི་མཚན་རྣམས་སུ་རྣམ་པར་གཞག་གོ །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་འདི་དག་རྟེན་གྱི་ཚུལ་གྱིས་འཛིན་ཅིང༌། གཟུགས་བཟང་པོས་མཛེས་པར་བྱེད་པས་དེའི་ཕྱིར་དཔེ་བྱད་བཟང་པོ་ཞེས་བྱའོ། །དེ་ལ་མདོར་བསྡུ་ན་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་དང་མཉམ་པའི་བསོད་ནམས་ཀྱི་ཕུང་པོས་ནི་དེ་བཞིན་གཤེགས་པའི་སྐུའི་ཁུང་བུ་རེ་རེ་མངོན་པར་འགྲུབ་པོ། །བ་སྤུ་ཐམས་ཅད་དུ་ཞུགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་སྙེད་ཀྱི་བསོད་ནམས་ཀྱི་ཕུང་པོས་ནི་དཔེ་བྱད་བཟང་པོ་གཅིག་མངོན་པར་འགྲུབ་པོ། །དཔེ་བྱད་བཟང་པོ་ཐམས་ཅད་དུ་ཞུགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་ལས་བརྒྱ་འགྱུར་དུ་བསྒྲེས་པའི་བསོད་ནམས་ཀྱི་ཕུང་པོས་ནི་དེ་བཞིན་གཤེགས་པའི་མཚན་གཅིག་མངོན་པར་འགྲུབ་པོ། །མཛོད་སྤུ་དང་གཙུག་ཏོར་མ་གཏོགས་པར་མཚན་ཐམས་ཅད་དུ་ཞུགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་དག་ལས་སྟོང་འགྱུར་དུ་བསྒྲེས་པའི་བསོད་ནམས་ཀྱི་ཕུང་པོས་ནི་མཛོད་སྤུ་མངོན་པར་འགྲུབ་པོ། །མཛོད་སྤུར་ཞུགས་པ་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་དག་ལས་འབུམ་འགྱུར་དུ་བསྒྲེས་པས་ནི་དབུའི་གཙུག་ཏོར་དང་ལྡན་ཞིང་སྤྱི་གཙུག་བལྟར་མི་མངོན་པར་འགྲུབ་པོ། །མཛོད་སྤུར་ཞུགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་དག་ལས་བྱེ་བ་ཕྲག་འབུམ་འགྱུར་དུ་བསྒྲེས་པའི་བསོད་ནམས་ཀྱི་ཕུང་པོས་ནི་དེ་བཞིན་གཤེགས་པའི་མཚན་དང་དཔེ་བྱད་བཟང་པོ་ལ་མ་གཏོགས་པའི་ཆོས་ཀྱི་དུང་ཞེས་བྱ་བ་གཞན་མངོན་པར་འགྲུབ་སྟེ། དེས་ན་དེ་བཞིན་གཤེགས་པ་བཞེད་ན་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ཏུ་གསུང་གིས་གོ་བར་མཛད་དེ། དེ་ལྟར་ན་དེ་བཞིན་གཤེགས་པའི་སྐུ་བསམ་གྱིས་མི་ཁྱབ་ཅིང་བླ་ན་མེད་པ་ཕུན་སུམ་ཚོགས་པ་


DTG129_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཐམས་ཅད་ཀྱིས་ཡོངས་སུ་བསྡུས་པ་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པས་ཡང་དག་པར་གྲུབ་པ་འགྲུབ་པོ། །མཚན་དང་དཔེ་བྱད་བཟང་པོ་འགྲུབ་པར་བྱེད་པའི་དགེ་བའི་ཆོས་དེ་དག་ནི་མདོར་བསྡུ་ན་རྒྱུ་རྣམ་པ་གསུམ་གྱིས་དཔག་ཏུ་མེད་པར་རིག་པར་བྱ་སྟེ། བསྐལ་པ་གྲངས་མེད་པ་གསུམ་དུ་གོམས་པར་བྱས་པས་འགྲུབ་པས་ན། དུས་དཔག་ཏུ་མེད་པ་དང༌། སེམས་ཅན་དཔག་ཏུ་མེད་པ་ལ་ཕན་པ་དང༌། བདེ་བའི་བསམ་པས་དབང་བྱེད་པས་ན། བསམ་པ་དཔག་ཏུ་མེད་པ་དང༌། དགེ་བའི་ལས་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་དང༌། རྣམ་པ་དཔག་ཏུ་མེད་པ་སྟེ། དེ་ལྟ་བས་ན་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་དང་དཔེ་བྱད་བཟང་པོ་འབྱོར་པ་ནི་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་ལས་ཡང་དག་པར་འགྲུབ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ཐ་མ་ལས་མཚན་དང་དཔེ་བྱད་བཟང་པོའི་ལེའུ་སྟེ་ལྔ་པའོ།། །།བམ་པོ་ཉི་ཤུ་རྩ་གཅིག་པ། དེ་ལ་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི་གང་ཞེ་ན། གནས་ཡོངས་སུ་དག་པ་དང༌། དམིགས་པ་ཡོངས་སུ་དག་པ་དང༌། སེམས་ཡོངས་སུ་དག་པ་དང༌། ཡེ་ཤེས་ཡོངས་སུ་དག་པའོ། །དེ་ལ་གནས་ཡོངས་སུ་དག་པ་གང་ཞེ་ན། ཉོན་མོངས་པ་ཐམས་ཅད་ཀྱི་ཕྱོགས་དང་མཐུན་པའི་གནས་ངན་ལེན་བག་ཆགས་དང་བཅས་པ་རྣམས་གནས་ལས་མ་ལུས་པར་གཏན་མེད་པར་འགྱུར་ལ། རང་གི་ལུས་ཀྱང་ཇི་ལྟར་འདོད་པ་བཞིན་དུ་ལེན་པ་དང༌། གནས་པ་དང༌། འཆི་འཕོ་བ་རང་ལ་དབང་ཡོད་པ་ནི་གནས་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་ཞེས་བྱའོ། །དེ་ལ་དམིགས་པ་ཡོངས་སུ་དག་པ་གང་ཞེ་ན། སྤྲུལ་པ་དང༌། བསྒྱུར་པ་དང༌། བསྟན་པ་དམིགས་པ་ཐམས་ཅད་ལ་དབང་ཡོད་པ་གང་ཡིན་པ་འདི་ནི་དམིགས་པ་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་ཞེས་བྱའོ། །དེ་ལ་སེམས་ཡོངས་སུ་དག་པ་གང་ཞེ་ན། སྔ་མ་བཞིན་དུ་སེམས་གནས་ངན་ལེན་ཐམས་ཅད་དང་བྲལ་ལ། སེམས་ལ་དགེ་བའི་རྩ་བ་ཐམས་ཅད་བསགས་པས་ན། སེམས་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་ཞེས་བྱའོ། །དེ་ལ་ཡེ་ཤེས་ཡོངས་སུ་དག་པ་གང་ཞེ་ན། སྔ་མ་བཞིན་དུ་མ་རིག་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཐམས་ཅད་


DTG129_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་ལ། ཤེས་བྱ་ཐམས་ཅད་ལ་ཡང་ཡེ་ཤེས་ཀྱི་སྒྲིབ་པ་མེད་དེ། ཡེ་ཤེས་ལ་དབང་བྱེད་པ་ནི་ཡེ་ཤེས་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་ཞེས་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་དག་གང་ཞེ་ན། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་དང༌། བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་དང༌། དབང་པོའི་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང༌། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང༌། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང༌། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང༌། ཤི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང༌། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཏེ། སྟོབས་བཅུ་པོ་འདི་དག་ནི་སྟོབས་བཅུའི་མདོ་ལས་རྒྱས་པར་ཅི་སྐད་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ལ་དེས་གང་ཅི་བསྟན་པ་དང༌། བརྗོད་པ་དང༌། གསུངས་པ་དེ་དག་ཐམས་ཅད་ནི་དེ་བཞིན་ཏེ། ཕྱིན་ཅི་མ་ལོག་པས་ན་དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་ལ་འབྲས་བུ་དགེ་བ་དང༌། མི་དགེ་བའི་རྒྱུ་བྱུང་བར་གྱུར་པ་མི་མཐུན་པ་མེད་པ་གང་ཡིན་པ་དེ་ནི་དེའི་གནས་དང་གཞི་དང༌། རྟེན་དང་མངོན་པར་འགྲུབ་པར་བྱེད་པ་ཞེས་བྱའོ། །དེ་ལས་བཟློག་པ་རྒྱུ་མི་མཐུན་པ་ནི་འབྲས་བུ་དགེ་བ་དང༌། མི་དགེ་བ་ཉིད་ཀྱི་གནས་མ་ཡིན་པ་ཞེས་བྱའོ། །མངོན་པའི་ང་རྒྱལ་མེད་པའི་ཡེ་ཤེས་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཞེས་བྱ་སྟེ། ཐམས་ཅད་མཁྱེན་པ་དང༌། ཆགས་པ་མེད་པའི་ཡེ་ཤེས་དང༌། དག་པ་དེ་ནི་མངོན་པའི་ང་རྒྱལ་མེད་པའི་ཡེ་ཤེས་ཡིན་པར་རིག་པར་བྱའོ། །ཐམས་ཅད་མཁྱེན་པ་ལ་སོགས་པའི་ཚིག་འདི་དག་ནི་སྔ་མ་བཞིན་དུ་འདི་ལྟ་སྟེ། བྱང་ཆུབ་མཆོག་གི་ལེའུ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །དང་པོ་ནི་གོ་རིམས་ཀྱིས་བགྲང་བའི་དང་པོའོ། །བླ་ན་མེད་པའི་ཕྱིར་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་རྣམ་པ་ཐམས་ཅད་བྱེད་ནུས་པ་དང་ལྡན་པའི་ཕྱིར་དང༌། བདུད་ཐམས་ཅད་ཀྱི་སྟོབས་གཏན་དུ་ཟིལ་གྱིས་མནན་པའི་ཕྱིར་སྟོབས་ཞེས་བྱའོ། །ཇི་ལྟ་བ་བཞིན་དུ་ཡང་དག་པར་འགྲུབ་པའི་རྒྱུ་ཡོངས་སུ་འཛིན་པའི་ཕྱིར། ཇི་ལྟར་འདོད་པ་བཞིན་དུ་ཡང་དག་པར་སྤྱོད་


DTG129_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་དབང་བྱེད་པ་ནི་ལྡན་པ་ཞེས་བྱའོ། །མྱ་ངན་ལས་འདས་པ་ནི་བླ་ན་མེད་པ་ཡིན་པས་ན་རླབས་པོ་ཆེ་ཞེས་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་འཐོབ་པའི་ཕྱིར་དང༌། གནོད་པ་དང་འཇིགས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཁྱུ་མཆོག་ཅེས་བྱའོ། །བདག་ཉིད་ཀྱིས་དེ་རྟོགས་པར་ཞལ་གྱིས་འཆེ་བས་དམ་བཅས་པ་ཞེས་བྱའོ། །བདག་ཉིད་ཀྱི་ཐུགས་སུ་ཆུད་ནས་གཞན་དག་ལ་ཡང་ཐུགས་བརྩེ་བས་རྒྱས་པར་བསྟན་པས་ན་ཚངས་པའི་འཁོར་ལོ་བསྐོར་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ་ཚངས་པ་ཞེས་བྱ་བ་དང༌། ཞི་བ་ཞེས་བྱ་བ་དང༌། བསིལ་བར་གྱུར་པ་ཞེས་བྱ་བ་དེ་ནི་དེ་བཞིན་གཤེགས་པའི་ཚིག་བླ་དགས་ཡིན་པའི་ཕྱིར་ཏེ། དེ་བས་ན་དེ་ནི་ཐོག་མར་དེས་བསྐོར་རོ། །ཚངས་པས་བསྐྱོད་ནས་དེ་མ་ཡིན་པ་གཞན་དག་གིས་ཀྱང་དེ་ལས་གཞན་པ་དག་ལ་སྟེ། འདི་ལྟར་གཅིག་ནས་གཅིག་ཏུ་བརྒྱུད་དེ། སེམས་ཅན་གྱི་རིས་ཐམས་ཅད་དུ་འཁོར་བས་དེའི་ཕྱིར་ཚངས་པའི་འཁོར་ལོ་ཞེས་བྱའོ། །མཆོག་ཏུ་གདགས་པར་གཏོགས་པ་དང༌། སྟོན་པ་ཕུན་སུམ་ཚོགས་པ་བླ་ན་མེད་པས་བསྡུས་པར་བདག་ཉིད་རྣམ་པར་བསྒྲགས་པའི་ཕྱིར་དང༌། དེའི་ལམ་བསྟན་པས་ཀྱང་དེ་མ་ཡིན་པའི་ཡ་མཚན་ཅན་ཐམས་ཅད་སྤངས་པའི་ཕྱིར་དང༌། ལམ་དེ་དང་མི་མཐུན་པར་སྨྲ་བ་འོངས་པ་རྣམས་ལ་བག་འཁུམས་པ་མེད་པའི་ཕྱིར་དང༌། ཕས་ཀྱི་རྒོལ་བ་རྣམས་ཟིལ་གྱིས་མནན་པའི་ཕྱིར་རྒྱ་ཆེ་ཞིང་བླ་ན་མེད་པའི་གསུང་མངོན་པར་བརྗོད་པའི་ཕྱིར་འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོག་ཅེས་བྱའོ། །མདོར་བསྡུ་ན་ནི་བདག་ལ་ཕན་པའི་སྒྲུབ་པ་ཕུན་སུམ་ཚོགས་པ་དང༌། བདག་དང་གཞན་ལ་ཕན་པའི་སྒྲུབ་པ་ཕུན་སུམ་ཚོགས་པ་ཐུན་མོང་མ་ཡིན་པ་དེ་དག་གསལ་བར་བྱས་ཤིང་བཀྲོལ་ཏེ་བརྟགས་ཤིང་བསྟན་པ་ཡིན་ནོ། །དོན་གྱི་མདོའི་རྣམ་གྲངས་གཞན་ཡང་ཐོབ་པར་བྱ་བ་དང༌། དེ་ཐོབ་པར་བྱ་བའི་ཐབས་དང༌། ཐབས་དེ་ཡང་སྐྱེ་བོ་ཐམས་ཅད་ལ་ཕན་པ་ཡིན་ཏེ། ལྷར་གྱུར་པའམ། མིར་གྱུར་པ་གང་སུ་ཡང་རུང་བ་ཐབས་དེས་འདོད་པ་དེ་དག་ཐམས་ཅད་ཀྱིས་ནི་ང་ཉིད་ལས་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །དེ་ལ་ཁྱུ་མཆོག་རླབས་པོ་ཆེའི་གནས་ནི་ནད་རབ་ཏུ་ཞི་བ་དང་འདྲ་བར་བལྟ་བར་བྱའོ། །ཚངས་པའི་


DTG129_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་བསྐོར་བ་ནི་ནད་རབ་ཏུ་ཞི་བར་བྱ་བའི་ཐབས་ལྟ་བུར་བལྟ་བར་བྱའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་བསྒྲགས་པ་ནི་སྨན་པ་ངན་པ་ཐམས་ཅད་ཀྱིས་དམ་བཅས་པ་སྤངས་པ་ལྟ་བུ་དང༌། བདག་ཉིད་ཀྱིས་ངེས་པར་ནད་རབ་ཏུ་ཞི་བར་དམ་བཅས་པ་ལྟ་བུར་བལྟ་བར་བྱའོ། །ལས་གང་དག་བྱས་ཤིང་བསགས་ལ་འགགས་པ་དེ་དག་ནི་འདས་པ་ཞེས་བྱའོ། །གང་དག་བྱས་པ་ཡང་མ་ཡིན་འགག་པ་ཡང་མ་ཡིན་པ། བྱེད་པ་ཡང་མ་ཡིན་མོད་ཀྱི། ཕྱིས་བྱེད་པར་འགྱུར་པ་དེ་དག་ནི་མ་འོངས་པ་ཞེས་བྱའོ། །ལས་གང་དག་བྱས་པ་ཡང་མ་ཡིན། འགག་པ་ཡང་མ་ཡིན་མོད་ཀྱི། བྱ་བ་ཁོ་ནར་བསམས་ཤིང་བརྩལ་བ་དེ་དག་ནི་ད་ལྟར་བྱུང་བ་ཞེས་བྱའོ། །དེ་དག་ཀྱང་རྣམ་པའི་དབྱེ་བའི་སྒོ་ནས་ནི་ལུས་ཀྱི་ལས་དང༌། ངག་གི་ལས་དང༌། ཡིད་ཀྱི་ལས་གསུམ་དང༌། ཆོས་ཡང་དག་པར་བླངས་ཤིང་སྔར་ཇི་ལྟར་བསྟན་པ་སྟེ། ཆོས་ཡང་དག་པར་བླང་པ་ད་ལྟར་བདེ་ལ་ཕྱི་མ་ལ་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡང་ཡོད་ཅེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེ་དག་ཀྱང་ཚེ་འདི་དང་ཚེ་ཕྱི་མ་ལ་ཕན་པ་དང༌། གནོད་པའི་སྦྱོར་བ་ལས་ནི་ཅི་རིགས་པར་རིག་པར་བྱའོ། །ཡུལ་གང་དུ་བྱེད་པ་དེ་ནི་དེ་དག་གི་གནས་ཞེས་བྱའོ། །སེམས་ཅན་དུ་བགྲང་བའམ། སེམས་ཅན་དུ་བགྲང་བ་མ་ཡིན་པའི་དངོས་པོ་གང་ལ་བརྟེན་ནས་བྱེད་པ་དེ་ནི་དེ་དག་གི་དངོས་པོ་ཞེས་བྱའོ། །མི་དགེ་བའི་རྩ་བའམ། དགེ་བའི་རྩ་བ་གང་རུང་ཞིག་གང་གིས་བྱེད་པ་དེ་ནི་དེ་དག་གི་རྒྱུ་ཞེས་བྱའོ། །སྡུག་པ་དང་མི་སྡུག་པ་དང༌། ཉེས་དམིགས་དང༌། ཕན་ཡོན་དང་ལྡན་པའི་འབྲས་བུ་མངོན་པར་འབྲས་བུ་འགྲུབ་པ་གང་ཡིན་པ་དེ་ནི་དེ་དག་གི་རྣམ་པར་སྨིན་པ་ཞེས་བྱའོ། །དེ་བས་ན་དེ་དག་བསྡུས་ནས་དུས་ཐམས་ཅད་དང༌། རྣམ་པ་ཐམས་ཅད་དང༌། གནས་སྐབས་ཐམས་ཅད་དུ་སྦྱོར་བ་དང༌། ཡུལ་ཐམས་ཅད་དང༌། གནས་ཐམས་ཅད་དང༌། གཞི་ཐམས་ཅད་དང༌། ཉེས་དམིགས་དང༌། ཕན་ཡོན་ཐམས་ཅད་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ལས་མཁྱེན་པའི་རྣམ་པ་ཐམས་ཅད་དང་ལྡན་པ་ཡིན་ཏེ། དེ་ལས་གོང་ན་ཡང་མེད་དོ། །དེ་ལས་ལྷག་པ་ཡང་མེད་དོ། །བསམ་གཏན་བཞི་དང༌། རྣམ་པར་ཐར་པ་བརྒྱད་དང༌། བསམ་གཏན་དང༌། རྣམ་པར་ཐར་པ་རྣམས་ཀྱིས་སེམས་


DTG129_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སུ་རུང་ཞིང༌། སེམས་ལ་དབང་ཐོབ་པ་ཇི་ལྟར་འདོད་པའི་དོན་རབ་ཏུ་གྲུབ་པར་བྱ་བའི་ཕྱིར་དེ་དང་མཐུན་པའི་ཏིང་ངེ་འཛིན་དེ་དང་དེ་ལ་སྙོམས་པར་འཇུག་པ་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ཞེས་བྱ་སྟེ། ཇི་སྐད་དུ་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལྟ་བུ་ལ་སྙོམས་པར་ཞུགས་ཏེ། ཇི་ལྟར་ཐུགས་མཉམ་པར་གཞག་པས་ཚངས་པའི་འཇིག་རྟེན་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེས་གསུངས་པའི་སྒྲ་ཡང་ཐོས་ལ། དེ་ནི་སུས་ཀྱང་མི་མཐོང་ངོ་ཞེས་རྒྱས་པར་གསུངས་པ་ལྟ་བུ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པ་ནི་འཇིག་རྟེན་དང་ཐུན་མོང་པའམ། ཐུན་མོང་མ་ཡིན་པའི་དོན་གང་དང་གང་ཁོ་ན་སྒྲུབ་པར་བཞེད་པ་ན། དེ་དང་དེ་ལྟ་བུའི་ཏིང་ངེ་འཛིན་ལ་ཞུགས་ནས་མྱུར་བ་མྱུར་བ་ཁོ་ནར་འགྲུབ་པར་འགྱུར་རོ། །དེ་ལ་བསམ་གཏན་དང༌། རྣམ་པར་ཐར་པ་དག་གིས་སེམས་ལ་དབང་ཐོབ་པས་འདོད་པའི་དོན་ཐམས་ཅད་འགྲུབ་པ་སེམས་ཀྱི་ཁ་ན་ལས་པ་ཡིན་ཏེ། བསམ་གཏན་པ་རྣམས་ཀྱི་བྱ་བ་ནི་དེ་ཁོ་ནར་ཟད་དེ། དེ་ལས་གོང་ན་ཡང་མེད་དོ། །དེ་ལས་ལྷག་པ་ཡང་མེད་དོ། །བསམ་གཏན་པའི་བྱ་བ་རྣམ་པ་ཐམས་ཅད་འདི་ནི་དེ་བཞིན་གཤེགས་པ་རྣམས་ལ་མངའ་བས་ན། དེའི་ཕྱིར་བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ཁོ་ནར་བརྗོད་དོ། །བསམ་གཏན་ལ་སོགས་པ་འདི་རྣམས་ལ་ཡང་མདོར་བསྡུ་ན་ཀུན་ནས་ཉོན་མོངས་པ་གཉིས་ཡོད་དེ། དེ་དག་མ་ཐོབ་པའི་ཚེ། ཐོབ་པར་བྱ་བ་ལ་བགེགས་བྱེད་པའི་ཀུན་ནས་ཉོན་མོངས་པ་འདི་ལྟ་སྟེ། ཐབས་མེད་པའི་སྦྱོར་བ་དང༌། སྒྲིབ་པ་གང་ཡང་རུང་བ་ཀུན་དུ་སྤྱོད་པ་དང༌། དེ་དག་ཐོབ་ཟིན་པ་ལ་ཡང་དེའི་ས་པའི་ཉོན་མོངས་པ་ཀུན་ནས་དཀྲིས་པའམ། བག་ལ་ཉལ་ཡོད་པའོ། །རྣམ་པར་བྱང་བ་ནི་དེ་ལས་བཟློག་པ་ལས་རྣམ་པ་གཉིས་ཁོ་ནར་རིག་པར་བྱའོ། །བསམ་གཏན་ལ་སོགས་པ་སྣ་ཚོགས་མངོན་པར་བསྒྲུབས་པ་དེ་དག་ཉིད་མིང་དང་བརྡས་འཚམ་པར་ཅི་རིགས་པར་རྣམ་པར་གཞག་པ་ཞེས་བྱའོ། །བསམ་གཏན་ལ་སོགས་པ་ཐོབ་པར་གྱུར་པ་དེ་དག་ཉིད་གོང་དུ་བསྒོམ་པས་ཡོངས་སུ་རྫོགས་ཤིང་ཅི་འདོད་པ་བཞིན་དུ་ཐོབ་པ་དང༌། ངན་དོན་མ་ཡིན་པར་ཐོབ་པ་དང༌། ཚེགས་མེད་པར་ཐོབ་པ་གང་ཡིན་པ་དེ་ནི་དེ་དག་གི་རྣམ་པར་དག་པ་ཞེས་


DTG129_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ལ་དེ་དག་ཅི་ལྟར་མ་ཐོབ་པ་དང༌། ཅི་ལྟར་ཐོབ་པ་དང༌། ཐོབ་ནས་ཉམས་པ་གང་ཡིན་པ་དང༌། གྱ་ནོམ་པ་གང་ཡིན་པ་དང༌། དེ་དག་གི་མིང་གང་ཡིན་པ་དང༌། མཆོག་གི་མཐར་ཐུག་པ་གང་ཡིན་པ་དེ་དག་ཐམས་ཅད་མཁྱེན་ཏེ། དེའི་ཕྱིར་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་མཁྱེན་པ་བླ་ན་མེད་པ་ཞེས་བྱའོ། །ཅི་ལྟར་ཡོངས་སུ་སྨིན་པ་ཡང་དག་པར་འགྲུབ་པ་ལས་དད་པ་ལ་སོགས་པ་དབང་པོ་ལྔ་པོ་དག་གི་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཞེས་བྱ་སྟེ། གཞན་ལས་ཡིད་ཆེས་པ་སྔོན་དུ་འགྲོ་བ་དང༌། ཆོས་སྤྱོད་པ་སྔོན་དུ་འགྲོ་བའོ། །འདོད་ཅིང་རྟོགས་པ་ཆུང་ངུ་དང༌། འབྲིང་དང་ཆེན་པོ་ནི་མོས་པ་སྣ་ཚོགས་ཞེས་བྱའོ། །རིགས་ལ་གནས་པ་སྣ་ཚོགས་ཉན་ཐོས་དང༌། རང་སངས་རྒྱས་དང༌། དེ་བཞིན་གཤེགས་པའི་རིགས་རྣམས་དང༌། འདོད་ཆགས་ལ་སོགས་པ་ལ་སྤྱོད་པ་རབ་ཏུ་དབྱེ་བའི་ཚུལ་གྱིས་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲིའི་པར་རྣམས་ནི་ཁམས་སྣ་ཚོགས་པ་ཞེས་བྱའོ། །དེ་དག་ཉིད་ཀྱི་འཇུག་པའི་སྒོ་དང་འཚམ་པའི་ལམ་དཔེར་ན་འདོད་ཆགས་སྤྱོད་པ་རྣམས་ལ་མི་སྡུག་པ་ལྟ་བུ་ནས་རྒྱས་པར་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན་དུ་སྦྱར་བ་ནི་ཐམས་ཅད་དུ་འགྲོ་བའི་ལམ་ཞེས་བྱའོ། །རྣམ་གྲངས་གཞན་ཡང་འགྲོ་བ་ལྔར་འགྲོ་བའི་ལམ་ཐམས་ཅད་ནི་ཐམས་ཅད་དུ་འགྲོ་བ་ཞེས་བྱའོ། །རྣམ་གྲངས་གཞན་ཡང་ཕན་ཚུན་མི་མཐུན་ཞིང་ཕྱོགས་སྣ་ཚོགས་ལ་བརྟེན་ནས། ལྟ་བ་དང་འདོད་པ་ཕན་ཚུན་མི་མཐུན་པར་སྨྲ་བ་ཐ་དད་པ་འདི་ལས་ཕྱི་རོལ་པའི་དགེ་སྦྱོང་དང༌། བྲམ་ཟེ་རྣམས་ལས་ལམ་གང་རྣམ་པ་ཐམས་ཅད་དུ་འདི་དང་ཕྱི་མ་ལ་ཁ་ན་མ་ཐོ་བ་མེད་པའི་འགྲོ་བ་གང་ཡིན་པ་དེ་ནི་ཐམས་ཅད་དུ་འགྲོ་བ་ཞེས་བྱ་སྟེ། འདི་ལྟ་སྟེ། སྒྱུ་རྩལ་ཤེས་ཀྱི་བུའི་མདོ་ལ་སོགས་པ་ལས་འབྱུང་བ་བཞིན་ནོ། །སེམས་ཅན་གྱི་རིས་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། ཤར་ཕྱོགས་རྣམས་དང༌། ལྷོ་ཕྱོགས་རྣམས་དང༌། བྱང་ཕྱོགས་རྣམས་དང༌། ནུབ་ཕྱོགས་རྣམས་དང༌། མིང་དང༌། བརྡ་སྣ་ཚོགས་རྣམ་པར་གཞག་པ་ཐ་དད་པ་རྣམས་ཀྱིས་སྔོན་འདས་པའི་ལུས་རྣམས་ལ་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་


DTG129_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པའི་མདོར་བསྡུ་ན། ཐ་སྙད་ཀྱི་གཞི་བརྒྱད་ལ་བརྟེན་པའི་སྤྱོད་པ་དྲུག་རྗེས་སུ་དྲན་ནོ། །ཐ་སྙད་ཀྱི་གཞི་རྣམ་པ་བརྒྱད་རྣམས་གང་ཞེ་ན། མིང་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། བདེ་བ་དང་སྡུག་བསྔལ་འདི་ལྟ་བུ་ཞིག་མྱོང༌། ཚེ་རིང་ཁྱད་ནི་འདི་ལྟ་བུ་ཞིག །ཡུན་ནི་འདི་སྲིད་ཅིག་གནས་གནས། ཚེ་ནི་འདི་ཙམ་ཞིག་ཐུབ་ཅེས་བྱའོ། །ཐ་སྙད་ཀྱི་གཞི་བརྒྱད་ལ་བརྟེན་པའི་སྤྱོད་པ་དྲུག་གང་ཞེ་ན། བོད་པའི་བརྡ་དང༌། རྒྱལ་རིགས་ལ་སོགས་པའི་རིགས་རྣམས་དང༌། ཕ་མ་དང་ཟས་སྐོམ་ལ་སོགས་པའི་བྱ་བ་དང༌། དར་བ་དང༌། རྒུད་པ་དང༌། ཚེའི་རྣམ་པ་སྣ་ཚོགས་ཏེ་འདི་ལྟར་འཇིག་རྟེན་ཐ་སྙད་ཀྱི་གཞི་བརྒྱད་པོ་འདི་དག་ལ་བརྟེན་ནས། བདག་དང་གཞན་རྣམས་ཀྱི་སྤྱོད་པ་དྲུག་པོ་དང་ཐ་སྙད་འདོགས་པ་ན། བདག་གི་མིང་ནི་འདི་ཞེས་བྱ་བའམ། འདིའི་མིང་ནི་འདི་ཞེས་བྱ་བ་དང༌། བདག་གམ་ཡང་ན་འདི་ནི་རྒྱལ་རིགས་སོ། །བྲམ་ཟེའི་རིགས་སོ། །རྗེའུའི་རིགས་སོ། །བདག་གམ་ཡང་ན་འདི་ནི་དམངས་རིགས་སོ་ཞེས་བྱ་བ་དང༌། འདི་ནི་བདག་གམ་ཡང་ན་འདིའི་པ་ཡིན་ནོ་ཞེས་བྱ་བ་དང༌། ཕ་ཇི་ལྟ་བ་བཞིན་དུ་མ་ལ་ཡང་དེ་དང་འདྲ་བ་དང༌། བདག་གམ་ཡང་ན་འདིའི་ཁ་ཟས་ནི་འདེ་ཁུའམ། སྣུམ་ཁུར་རམ། འབྲས་ཆན་ནམ། ཟན་དྲོན་ནམ་གང་ཡང་རུང་བ་དེ་ལྟ་བུ་ཞིག་ཟའོ་ཞེས་བྱ་བ་དང༌། བདག་གམ་ཡང་ན་འདི་དར་བའམ། རྒུད་པ་ནི་འདི་ལྟ་བུ་ཞིག་ཏུ་གྱུར་ཏོ་ཞེས་བྱ་བ་དང༌། བདག་གམ་ཡང་ན་འདི་ན་ཚོད་ཀྱིས་ནི་གཞོན་པའམ། བར་མའམ། རྒན་པ་འདི་ཙམ་ཞིག་ཏུ་རྣམ་པར་གནས་སོ་ཞེས་ཐ་སྙད་འདོགས་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ན་འདི་དག་ནི་ཐ་སྙད་ཀྱི་གཞི་བརྒྱད་ལ་བརྟེན་པའི་སྤྱོད་པ་དྲུག་ཡིན་ཏེ། དེ་ལས་གོང་ན་ཡང་ཐ་སྙད་ཀྱི་གཞི་དང་དེའི་སྤྱོད་པ་མེད་དོ། །དེ་ལྟ་བས་ན་འདི་ཁོ་ན་རྗེས་སུ་དྲན་གྱི། དེ་ལས་གོང་ན་ཡང་མེད་དོ། །དེ་ལས་ལྷག་པ་ཡང་མེད་དོ། །དེ་ལ་ཐ་སྙད་ཀྱི་གཞི་བརྒྱད་ལ་བརྟེན་པའི་སྤྱོད་པ་དྲུག་ནི་རྣམ་པའོ། །ཐ་ཉད་ཀྱི་གཞི་བརྒྱད་ནི་དན་རགས་སོ། །དེ་རྗེས་སུ་དྲན་པས་ན་རྣམ་པ་དང་བཅས་དན་རྟགས་དང་བཅས་པར་རྗེས་སུ་དྲན་བ་ཞེས་བྱའོ། །དེ་ལ་ལྷའི་གནས་པ་ནི་བསམ་གཏན་རྣམས་ཞེས་བྱའོ། །མིག་དེ་ནི་དེ་ལ་བརྟེན་པ་དང༌། དེའི་འབྲས་བུ་དང༌། དེ་བསྡུས་


DTG129_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ལྷའི་མིག་ཅེས་བྱའོ། །ཤིན་ཏུ་ཡོངས་སུ་རྫོགས་པ་དང༌། ཤིན་ཏུ་ཡོངས་སུ་དག་པའི་བསམ་གཏན་གྱི་འབྲས་བུ་ཡིན་པས་ན། ཤིན་ཏུ་རྣམ་པར་དག་པ་ཞེས་བྱའོ། །མི་རྣམས་ལ་ཐ་ན་མིང་འདྲ་བ་ཡང་མེད་པའི་ཕྱིར་ན། མི་ལས་འདས་པ་ཞེས་བྱ་སྟེ། འདོད་པ་ན་སྤྱོད་པའི་ལྷ་རྣམས་ལ་ནི་སྐྱེས་ནས་ཐོབ་པའི་ལྷའི་མིག་དེ་དང་མིང་མཐུན་པར་འདུག་པ་ཙམ་ཡང་ཡོད་མོད་ཀྱི། མི་རྣམས་ལ་ནི་དེ་ཡང་མེད་དོ། །སེམས་ཅན་འཆི་བ་རྣམས་ལ་ནི་འཆི་འཕོ་བ་ཞེས་བྱའོ། །བར་མ་དོའི་སྲིད་པ་ལ་གནས་པ་ནི་སྐྱེ་བ་ཞེས་བྱའོ། །རྣམ་པ་གཉིས་ཀྱིས་མུན་ཁྲོད་དུ་འགྲོ་བ་རྣམས་ནི་འདི་ལྟ་བུར་ཡིད་ལས་སྐྱེས་པའི་བར་མ་དོའི་སྲིད་པ་འགྲུབ་པར་འགྱུར་ཏེ། དཔེར་ན་ཕྱར་བ་ནག་པོའི་ཁ་དོག་འདྲ་བའམ། མཚན་མོའི་མུན་པ་འཐིབས་པོ་འདྲ་བས་ན། དེའི་ཕྱིར་ཁ་དོག་ངན་པ་ཞེས་བྱའོ། །རྒྱུ་རྣམ་པ་གཉིས་ཀྱིས་སྣང་བར་འགྲོ་བ་གང་ཡིན་པ་དེ་དག་ནི་འདི་ལྟ་བུ་ཡིད་ལས་སྐྱེས་པའི་བར་མ་དོའི་སྲིད་པ་འགྲུབ་པར་འགྱུར་ཏེ། དཔེར་ན་མཚན་མོ་ཟླ་བའི་འོད་ཡོད་པ་འམ། བཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་འདྲ་བས་ན། དེའི་ཕྱིར་ཁ་དོག་བཟང་པོ་ཞེས་བྱའོ། །དེ་ལ་ཁ་དོག་ངན་པ་གང་ཡིན་པ་དེ་དག་ནི་ངན་པ་ཡིན་ནོ། །ཁ་དོག་བཟང་པོ་གང་ཡིན་པ་དེ་དག་ནི་བཟང་པོ་ཡིན་ནོ། །ངན་པ་གང་ཡིན་པ་དེ་དག་ནི་ངན་འགྲོར་འགྲོ་བའོ། །བཟང་པོ་གང་ཡིན་པ་དེ་དག་ནི་བདེ་འགྲོར་འགྲོ་བའོ། །ཚུལ་ཁྲིམས་ཉམས་པ་ཀུན་ནས་སློང་བ་དང་བཅས་པ་ལ་ནི་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ་ཞེས་བྱའོ། །ལོག་པར་ལ་ཞིང་ལྟ་བ་ཉམས་པ་དང་ལྡན་པ་རྣམ་པ་གཉིས་ཏེ། ཐམས་ཅད་ལ་སྐུར་པ་འདེབས་པ་དང༌། དེ་ལ་དགའ་བའི་མི་མཐུན་པའི་ཕྱོགས་ལ་གནས་པའི་འཕགས་པ་ལ་སྐུར་པ་འདེབས་པས་ན་ལོག་པར་ལྟ་བ་འཕགས་པ་རྣམས་ལ་སྐུར་པ་འདེབས་པ་ཞེས་བྱའོ། །ལོག་པར་ལྟ་བ་དེས་ན་རྒྱུ་དང་འབྲས་བུ་ལ་ལོག་པར་མངོན་པར་ཞེ་ཏོ། །དེས་ན་དེའི་རྐྱེན་གྱིས་ལོག་པའི་ལས་མངོན་པར་འདུ་བྱེད་དོ། །ལོག་པའི་ལས་མངོན་པར་འདུ་བྱེད་ན་ཆོས་ཡང་དག་པར་བླངས་པ་ད་ལྟར་བདེ་ལ། ཕྱི་མ་ལ་རྣམ་པར་སྨིན་པ་སྡུག་བསྔལ་བ་གང་ཡིན་པ་དང༌། ད་ལྟར་ཡང་སྡུག་བསྔལ་ལ་ཕྱི་མ་ལ་ཡང་རྣམ་པར་སྨིན་པ་སྡུག་བསྔལ་བ་གང་ཡིན་པ་དེ་ཡང་དག་པར་ལེན་ཏོ། །


DTG129_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བས་ན་ལོག་པར་ལྟ་བའི་ལས་ཀྱི་ཆོས་ཡང་དག་པར་ལེན་པའི་རྒྱུས་ཞེས་བྱའོ། །དེ་མ་ཡིན་པའི་དགེ་བའི་ཆོས་རྣམ་པ་དུ་མ་དང་ལྡན་ཡང༌། དེ་ཉིད་ཀྱིས་ངན་འགྲོར་འགྲོ་བའི་ཕྱིར་རྒྱུ་དེ་དང་རྐྱེན་དེས་ཞེས་བྱའོ། །མིང་དང་གཟུགས་གཅིག་ལ་གཅིག་མི་འགྲེལ་བར་གྱུར་པས་ན་ལུས་ཞིག་པ་ཞེས་བྱའོ། །འཆི་བ་ཐམས་ཅད་ཀྱི་ནང་ན་ཤི་བ་དེ་མཆོག་ཏུ་ངན་པ་ཡིན་པས་ན་ཤི་བའི་འོག་ཏུ་ཞེས་བྱའོ། །སེམས་ཅན་དམྱལ་བ་རྣམས་ཀྱི་མིང་བསྟན་པའི་ཕྱིར། ངན་སོང་ངན་འགྲོ་ལོག་པར་ལྟུང་བ་ཞེས་བྱའོ། །རང་བཞིན་དང་ལུས་དང་དངོས་པོ་བསྟན་པའི་ཕྱིར་སེམས་ཅན་དམྱལ་བ་ཞེས་བྱའོ། །དེ་ལ་ངན་པར་སོང་བ་ཞེས་བྱ་བ་ནི་ཆོས་ངན་པར་སྤྱོད་པ་དང༌། ཡ་ང་བ་སྤྱོད་པ་སྟེ། དེས་དེར་འགྲོ་བར་འགྱུར་བས་དེ་ལྟ་བས་ན་ངན་སོང་ཞེས་བྱའོ། །སྡུག་བསྔལ་གྱི་འདུས་ཏེ་རེག་པ་དང༌། སྡུག་བསྔལ་ཡུན་རིང་བ་སྣ་ཚོགས་མི་བཟད་པ་རྒྱུན་མི་འཆད་པ་མྱོང་བར་འགྲོ་བས་ན་ངན་འགྲོ་ཞེས་བྱའོ། །འོག་གི་ཕྱོགས་ན་གནས་པ་དང༌། གཡང་ས་ཆེན་པོ་ལྟ་བུ་ཡིན་པ་དང༌། ཉམ་ང་བ་དང༌། སྙིང་རྗེ་བ་དང༌། ཞན་པའི་སྒྲ་ཆེན་པོ་འབྱིན་པའི་ཚུལ་གྱིས་སྒྲ་འབྱིན་པའི་ཕྱིར་ན་ལོག་པར་ལྟུང་བ་ཞེས་བྱའོ། །ཤས་ཆེར་སྐྱོ་བ་སྐྱེད་པས་ན། སེམས་ཅན་དམྱལ་བ་ཁོ་ན་སྨོས་ཏེ། དེ་ལྟར་ན་གང་གིས་སྐྱེ་བ་དང༌། སྐྱེས་ནས་ཀྱང་གང་ཉམས་སུ་མྱོང་བ་དང༌། དེ་ཉམས་སུ་མྱོང་ནས་ཀྱང་བདག་གིས་བྱས་པའི་སྡུག་བསྔལ་དེ་མ་ཡིན་པ་གཞན་ཡང་མངོན་པར་འགྲུབ་པ་སྟེ། འདི་དག་ནི་མིང་དེ་དག་གིས་བསྟན་ཏོ། །དགེ་བའི་ཕྱོགས་ཐམས་ཅད་ནི་དེ་ལས་བཟློག་པ་ཅི་རིགས་པར་རིག་པར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ། ལེགས་པར་སྤྱོད་པ་སྔོན་དུ་འགྲོ་བའི་འགྲོ་བ་ནི་བདེ་འགྲོ་ཞེས་བྱའོ། །བདེ་བ་ལ་ལོངས་སྤྱོད་པ་མཆོག་ཡིན་པའི་ཕྱིར་མཐོ་རིས་ཀྱི་འཇིག་རྟེན་ཞེས་བྱའོ། །ཟག་པ་ཐམས་ཅད་ཀྱི་བག་ལ་ཉལ་མ་ལུས་པར་སྤངས་པའི་ཕྱིར། དེའི་གཉེན་པོར་གྱུར་པ་ཟག་པ་མེད་པའི་སེམས་དང༌། ཟག་པ་མེད་པའི་ཤེས་རབ་ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་མཆོག་གིས་བསྡུས་པ་ནི་ཟག་པ་རྣམས་ཟད་པས། ཟག་པ་མེད་པའི་སེམས་རྣམ་པར་གྲོལ་བ་དང༌། ཤེས་རབ་རྣམ་པར་གྲོལ་བ་ཞེས་བྱའོ། །སེམས་རྣམ་


DTG129_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྲོལ་བ་དང༌། ཤེས་རབ་རྣམ་པར་གྲོལ་བ་དེ་ཡང་སྲིད་པ་ཐ་མ་དེ་ཉིད་ལ་མཐོང་བའི་ལམ་ལ་ཡང་བརྟེན། བསྒོམ་པའི་ལམ་ལ་ཡང་བརྟེན་ཏེ་ཐོབ་ནས་སྲིད་པ་ཐ་མ་ཉིད་དེ་ལ་བདག་གིས་ཐོབ་པོ་སྙམ་དུ་མངོན་པར་ཤེས་པ་དྲུག་པས། རང་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །འདོད་ན་གཞན་དག་ལ་ཡང་སྟོན་ཏེ། དེ་ལྟ་བས་ན་ཚེ་འདི་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་རྗོད་པར་བྱེད་ཅེས་བྱའོ། །བདག་གི་སྐྱེ་བ་ཟད་དོ་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱི་དབྱེ་བ་ནི་རྣམ་གྲངས་བསྡུ་བ་ལས་རིག་པར་བྱའོ།། །།སྡོམ་ནི། རང་བཞིན་དང་ནི་རབ་དབྱེ་དང༌། །མ་འདྲེས་པ་དང་མཉམ་པ་ཉིད། །ལས་བྱེད་པ་དང་གོ་རིམས་དང༌། །ཐ་མ་པ་ནི་བྱེ་བྲག་ཡིན། །དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་འདི་དག་གི་རང་བཞིན་ཡང་རིག་པར་བྱ། རབ་ཏུ་དབྱེ་བ་ཡང་རིག་པར་བྱ། མ་འདྲེས་པ་ཡང་རིག་པར་བྱ། མཉམ་པ་ཉིད་ཀྱང་རིག་པར་བྱ། ལས་བྱེད་པ་ཡང་རིག་པར་བྱ། གོ་རིམས་ཀྱང་རིག་པར་བྱ། བྱེ་བྲག་ཀྱང་རིག་པར་བྱ་སྟེ། མདོར་བསྡུ་ན་རྣམ་པ་བདུན་པོ་འདི་དག་གིས་དེ་བཞིན་གཤེགས་པའི་སྟོབས་བཅུ་རིག་པར་བྱའོ། །དེ་ལ་དེ་དག་གི་རང་བཞིན་གང་ཞེ་ན། དེ་དག་གི་རང་བཞིན་ནི་དབང་པོ་ལྔ་ཡིན་ཏེ། འོན་ཀྱང་ཤེས་རབ་གཙོ་བོ་ཡིན་པའི་ཕྱིར་ཤེས་རབ་ཀྱི་རང་བཞིན་ཞེས་བྱ་སྟེ། འདི་ལྟར་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཞེས་བྱ་བའི་དད་པའི་སྟོབས་ཤེའམ། དེ་མ་ཡིན་པའི་སྟོབས་ཞེས་ནི་མི་བྱའོ། །གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཅི་ལྟ་བ་བཞིན་དུ་ལྷག་མ་རྣམས་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ། །དེ་ལ་དེ་དག་གི་རབ་ཏུ་དབྱེ་བ་གང་ཞེ་ན། མདོར་བསྡུ་ན་རབ་ཏུ་དབྱེ་བ་རྣམ་པ་གསུམ་གྱིས་དེ་དག་ཚད་མེད་པར་རིག་པར་བྱ་སྟེ། དུས་ཀྱི་རབ་ཏུ་དབྱེ་བས་ནི་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་གྱི་དུས་སུ་གཏོགས་པའི་ཤེས་བྱ་ཐམས་ཅད་ལ་འཇུག་པའི་ཕྱིར་རོ། །རྣམ་པའི་རབ་ཏུ་དབྱེ་བས་ནི་འདུས་བྱས་ཀྱི་དངོས་པོ་རེ་རེའི་རང་གི་མཚན་ཉིད་དང༌། སྤྱིའི་མཚན་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པའི་ཕྱིར་རོ། །སེམས་ཀྱི་རྒྱུད་ཀྱི་རབ་ཏུ་དབྱེ་བས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱུད་ཐམས་ཅད་ཀྱི་རེ་རེའི་དོན་


DTG129_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་འཇུག་པའི་ཕྱིར་རོ། །དེ་ལྟར་ན་རབ་ཏུ་དབྱེ་བ་གསུམ་པོ་འདི་དག་གིས་དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་འདི་དག་དཔག་ཏུ་མེད་པར་རིག་པར་བྱ་སྟེ། འདི་ནི་དེ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡིན་ནོ། །དེ་ལ་དེ་རྣམས་ཀྱི་མ་འདྲེས་པ་གང་ཞེ་ན། སྟོབས་བཅུ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ཁོ་ནའི་ཡིན་ཏེ། འབའ་ཞིག་པ་མ་འདྲེས་པ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ནི་མ་ཡིན་ཏེ། འདི་ནི་དེ་དག་གི་མ་འདྲེས་པ་ཞེས་བྱའོ། །སྟོབས་བཅུ་འདི་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚུངས་ཤིང་ཁྱད་པར་མེད་དེ། འདི་ནི་དེ་དག་གི་མཉམ་པ་ཉིད་དོ། །གནས་པའི་བྱེ་བྲག་གིས་ནི་དེ་བཞིན་གཤེགས་པ་རྣམས་གཞན་དང་གཞན་དུ་ཡང་འགྱུར་ཏེ། དེ་བཞིན་གཤེགས་པ་གཞན་སྟོབས་གཞན་གྱི་གནས་པས་ཤས་ཆེར་གནས་ལ་གཞན་ནི་གཞན་གྱིས་སོ། །དེ་བཞིན་གཤེགས་པས་སྟོབས་བཅུ་པོ་དེ་དག་ལས་གང་གིས་ལས་གང་མཛད་ཅེ་ན། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ནི་དེ་བཞིན་གཤེགས་པས་རྒྱུ་ལ་ཡང་རྒྱུར། འབྲས་བུ་ལ་ཡང་འབྲས་བུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། རྒྱུ་མེད་པ་དང༌། འབྲས་བུ་མེད་པ་རྒྱུ་མི་མཐུན་པར་སྨྲ་བའི་དགེ་སྦྱོང་དང༌། བྲམ་ཟེ་རྣམས་ཀྱང་ཚར་གཅོད་པར་མཛད་དོ། །ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱིས་ནི་དེ་བཞིན་གཤེགས་པས་བདག་གིས་བྱས་པའི་འབྲས་བུ་ལ་སྤྱོད་པའི་ལས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། སྦྱིན་པ་དང༌། བསོད་ནམས་འཕོ་བར་སྨྲ་བའི་དགེ་སྦྱོང་དང༌། བྲམ་ཟེ་རྣམས་ཀྱང་ཚར་གཅོད་པར་མཛད་དོ། །བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་ནི་དེ་བཞིན་གཤེགས་པས་འདུལ་བ་རྣམས་ལ་ཆོ་འཕྲུལ་གསུམ་གྱིས་ལེགས་པར་འདོམས་ཏེ། སོ་སོར་འགལ་བ་དང་མི་མཐུན་པའི་ཕྱོགས་མི་མཐུན་པར་སྨྲ་བ་ལ་གནས་པའི་དགེ་སྦྱོང་དང༌། བྲམ་ཟེ་རྣམས་ཀྱང་ཚར་གཅོད་པར་མཛད་དོ། །དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ནི་དེ་བཞིན་གཤེགས་པས་སེམས་ཅན་རྣམས་ཀྱི་དབང་པོ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་ཡང་རྣམ་པར་ཕྱེ་ནས། ཡང་དག་པ་ཇི་ལྟ་བ་


DTG129_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་རབ་ཏུ་མཁྱེན་ཏེ། དེ་དག་ལ་ཡང་ཅི་རིགས་པ་དང༌། ཅི་འོས་པར་ཆོས་སྟོན་པར་མཛད་དེ། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི་དེ་བཞིན་གཤེགས་པས་དགེ་བ་དང་མི་དགེ་བ་ལ་མོས་པ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། དགེ་བའི་མོས་པ་ནི་འཕེལ་བར་མཛད་དོ། །མི་དགེ་བའི་མོས་པ་ནི་འདོར་དུ་འཇུག་གོ །ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི་དེ་བཞིན་གཤེགས་པས་ཁམས་ངན་པ་དང་འབྲིང་དང༌། བཟང་པོ་རྣམ་པར་ཕྱེ་ནས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། དབང་པོ་ཇི་ལྟ་བ་དང༌། བསམ་པ་ཇི་ལྟ་བ་དང༌། བག་ལ་ཉལ་ཅི་ལྟ་བ་བཞིན་དུ་སེམས་ཅན་རྣམས་འཇུག་པའི་སྒོ་དེ་དང་དེ་དག་ཏུ་གདགས་པའི་བྱ་བས་ཡང་དག་པར་ཅི་རིགས་པར་ལེགས་པར་འཛུད་པར་མཛད་དོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཅི་ལྟར་ཉན་ཐོས་རྣམས་ལ་འཇུག་པའི་སྒོ་དེ་དང་དེ་དག་ཏུ་གདམས་ངག་སྦྱིན་པར་མཛད་པ་དེ་ལྟ་བུ་ནི་ཉན་ཐོས་ཀྱི་ས་ལས་ཐམས་ཅད་ཀྱི་ཐམས་ཅད་དུ་རྒྱུན་ཆགས་སུ་བསྟན་ཅིང་གསལ་བར་བྱས་ཏེ། བཀྲོལ་ཞིང་བརྟགས་ནས་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ལས་ཐོག་མ་པ་ཏིང་ངེ་འཛིན་གྱི་ཚོགས་ཡོངས་སུ་འཛིན་པ་ལ་གནས་པར་གྱུར་པ་སེམས་གནས་པར་འདོད་པ་དེ་ལ་བྱང་ཆུབ་སེམས་དཔའི་སེམས་གནས་པར་བྱ་བའི་ཕྱིར། ཅི་ལྟར་གདམས་ངག་སྟོན་པར་མཛད་ཅེ་ན། འདི་ལ་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་གཡོ་བ་མེད་པའི་ཏིང་ངེ་འཛིན་གྱི་ཚོགས་ལྷུར་ལེན་པ་དང་ལས་དང་པོ་པ་ལས་ཐོག་མ་པ་དེ་ལ་ཐོག་མ་ཁོ་ནར་འདི་ལྟར་གདམས་ངག་སྟོན་པར་མཛད་དོ། རིགས་ཀྱི་བུ་ཚུར་ཤོག །རབ་ཏུ་དབེན་པའི་གནས་མལ་དུ་གཅིག་པུ་གཉིས་སུ་མེད་པར་འདུག་ལ། ཁྱོད་ཀྱི་ཕ་མ་གཉིས་སམ། མཁན་པོ་དང༌། སློབ་དཔོན་གཉིས་ཀྱིས་མིང་བཏགས་པ་གང་ཡིན་པའི་མིང་དེ་ཉིད་ནད་དུ་ཡིད་ལ་བྱས་ལ། འདི་སྙམ་དུ་ཡང་ཅི་བདག་གི་སྐྱེ་མཆེད་ལ་མ་གཏོགས་པའི་ཆོས་རང་བཞིན་གྱིས་ཡོངས་སུ་གྲུབ་པ་འབའ་ཞིག་ནང་ངམ་ཕྱི་རོལ་ན་ཡོད་དམ། གཉིས་ཀ་མེད་པ་ལ་ཡང་ཡོད་དམ། གང་ལ་མིང་དང་འདུ་ཤེས་དང་གདགས་པ་དང་ཉེ་བར་གདགས་པ་འཇུག་པ་ཡོད་དམ་སྙམ་དུ་ཡིད་ལ་


DTG129_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བྱོས་ཤིག་དང༌། ཁྱོད་དེ་ལྟར་ཡིད་ལ་བྱེད་པ་ན། ཁྱོད་ཀྱི་ཆོས་དེ་མི་དམིགས་ཀྱི་ཁྱོད་འདི་ཁོ་ན་སྙམ་དུ་གློ་བུར་གྱི་ཆོས་རྣམས་ཁོ་ན་ལ་གློ་བུར་གྱི་མིང་འབྱུང་ངོ་སྙམ་དུ་སེམས་པར་འགྱུར་ཏེ། རིགས་ཀྱི་བུ་ཁྱོད་གང་གི་ཚེ་རང་གི་མིང་དེ་ལས་གློ་བུར་བ་ཡིན་པར་འདུ་ཤེས་སྐྱེས་ཤིང་ཐོབ་པར་གྱུར་པ་དང༌། ཁྱོད་ཀྱིས་ཁྱོད་ཀྱི་མིག་ལ་མིག་ཅེས་བྱ་བ་དང༌། མིག་ཏུ་འདུ་ཤེས་པ་དང༌། མིག་ཏུ་འདོགས་པ་གང་ཡིན་པ་དེ་ཡང་ནང་དུ་ཚུལ་བཞིན་དུ་ཡིད་ལ་བྱོས་ལ། འདི་སྙམ་དུ་ཡང་མིག་འདི་ལ་གཉིས་དམིགས་ཏེ། མིག་ཅེས་བྱ་བའི་མིང་དང་འདུ་ཤེས་དང་གདགས་པ་འདི་དང། གང་ལ་མིང་དང་འདུ་ཤེས་དང་གདགས་པ་འདི་ཡོད་པའི་དངོས་པོ་ཙམ་འདི་ཡོད་པར་ཟད་དེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དེ། དེ་ལ་མིག་གི་མིང་དང༌། འདུ་ཤེས་དང༌། གདགས་པ་གང་ཡིན་པ་དེ་ཡང་མིག་མ་ཡིན་ལ། གང་ལ་མིག་གི་འདུ་ཤེས་འབྱུང་བའི་དངོས་པོ་གང་ཡིན་པ་དེ་ཡང་རང་བཞིན་གྱིས་མིག་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་མིག་གི་མིང་དང༌། མིག་གི་འདུ་ཤེས་དང༌། མིག་གི་གདགས་པ་མེད་པར་ནི་སུ་ཡང་མིག་གི་བློ་འཇུག་པར་མི་འགྱུར་བའི་ཕྱིར་རོ། །གལ་ཏེ་དངོས་པོ་དེ་མིང་གང་གིས་བརྗོད་པ་དེའི་བདག་ཉིད་ཁོ་ནས་ཡོངས་སུ་གྲུབ་པ་ཞིག་ཡིན་ན་ནི་དེར་ཡང་དེ་ལ་ལྟོས་ནས་གཟོད་མིག་ཅེས་བྱ་བའི་བློ་དེ་ལྟ་བུ་མི་འཇུག་གི །མིང་མ་ཐོས་པ་དང༌། ཡོངས་སུ་མ་བརྟགས་པའི་རང་བཞིན་ཁོ་ན་འབའ་ཞིག་གིས་དངོས་པོ་དེ་ལ་མིག་ཅེས་བྱ་བའི་བློ་འཇུག་པའི་རིགས་ན། འཇུག་པ་ཡང་མི་དམིགས་སོ། །དེ་ལྟ་བས་ན་མིག་གི་མིང་དང་མིག་གི་འདུ་ཤེས་འདི་ཡང་གློ་བུར་བའི་ཆོས་ལ་གློ་བུར་དུ་བྱུང་བ་ཡིན་པར་ཡིད་ལ་གྱིས་ཤིག །དེ་ལྟར་ཁྱོད་ནང་གི་མིག་འདི་ལ་ཚུལ་བཞིན་ཡིད་ལ་བྱེད་པ་ན། མིག་གི་འདུ་ཤེས་ལ་ཡང་གློ་བུར་གྱི་འདུ་ཤེས་སྐྱེ་ཞིང་འཐོབ་པར་འགྱུར་རོ། །མིག་ལ་ཇི་ལྟ་བ་བཞིན་དུ་རྣ་བ་དང༌། སྣ་དང༌། ལྕེ་དང། ལུས་རྣམས་ནས་རྒྱས་པར་མཐོང་བ་དང༌། ཐོས་པ་དང༌། བྱེ་བྲག་ཕྱེད་པ་དང༌། རྣམ་པར་ཤེས་པ་རྣམས་དང༌། ཐོབ་པ་རྣམས་དང༌། བཙལ་བ་རྣམས་དང༌། ཡིད་ཀྱིས་རྗེས་སུ་བརྟགས་པ་རྣམས་དང༌། རྗེས་སུ་དཔྱད་པ་རྣམས་ཀྱི་བར་དུ་ཡང་དེ་དང་འདྲ་སྟེ། མདོར་བསྡུ་ན་ཆོས་རྣམས་ཀྱི་འདུ་ཤེས་


DTG129_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་གློ་བུར་གྱི་འདུ་ཤེས་སྐྱེ་ཞིང་ཐོབ་པར་འགྱུར་རོ། །དེ་ལྟར་གྱུར་ན་ཁྱོད་རང་གི་དེ་དག་ལ་འདུ་ཤེས་གང་ཡིན་པ་དེ་དང་བྲལ་བར་བྱ་བའི་སྦྱོར་བའི་ལམ་ཡང་དག་པར་ཡོངས་སུ་བཟུང་བར་འགྱུར་ཏེ། རྒྱས་པར་ཆོས་ཐམས་ཅད་ཀྱི་བར་གྱི་འདུ་ཤེས་གང་ཡིན་པ་དེ་དང་བྲལ་བར་བྱ་བའི་སྦྱོར་བའི་ལམ་ཡོངས་སུ་བཟུང་བར་འགྱུར་རོ། །དེ་ལྟར་ཁྱོད་ཀྱིས་ཤེས་བྱ་ཐམས་ཅད་ཤིན་ཏུ་དཔྱད་པའི་བློས་ཆོས་ཐམས་ཅད་ཀྱི་འདུ་ཤེས་རྣམས་ལ་གློ་བུར་དུ་འདུ་ཤེས་ནས། ཆོས་ཐམས་ཅད་ལ་སྤྲོས་པ་ཐམས་ཅད་ཀྱི་འདུ་ཤེས་སོལ་ལ། རྣམ་པར་མི་རྟོག་པའི་སེམས་མཚན་མ་མེད་པ་དོན་ཙམ་འཛིན་པ་ལ་ཞུགས་པས་དངོས་པོ་དེ་ལ་ལན་མང་དུ་གནས་པར་གྱིས་ཤིག །དེ་ལྟར་བྱས་པ་དང་ཁྱོད་དེ་བཞིན་གཤེགས་པའི་ཡེ་ཤེས་རྣམ་པར་དག་པའི་ཏིང་ངེ་འཛིན་གྱི་རིགས་པས་སེམས་རྩེ་གཅིག་པ་ཐོབ་པར་འགྱུར་རོ། །ཁྱོད་གལ་ཏེ་མི་སྡུག་པ་ཡིད་ལ་བྱེད་པ་ན་ཡང་ཡིད་ལ་བྱེད་པ་འདི་ཉིད་མ་བཏང་ཤིག །གལ་ཏེ་བྱམས་པའམ། རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། ཁམས་རབ་ཏུ་དབྱེ་བ་དང༌། དབུགས་དབྱུང་བ་དང༌། རྔུབ་པ་དྲན་པ་དང༌། བསམ་གཏན་དང་པོ་ནས་རྒྱས་པར་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང༌། བྱང་ཆུབ་སེམས་དཔའི་བསམ་གཏན་དང༌། མངོན་པར་ཤེས་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་ཚད་མེད་པའི་བར་དུ་ཡིད་ལ་བྱེད་པ་ན་ཡང༌། ཡིད་ལ་བྱེད་པ་འདི་ཉིད་མ་བཏང་ཤིག །དེ་ལྟར་བྱས་ན་ཁྱོད་ཀྱི་བྱང་ཆུབ་སེམས་དཔའི་ཡིད་ལ་བྱེད་པ་འདི་མཐར་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ངེས་པར་འབྱུང་བར་འགྱུར་རོ་ཞེས་གདམས་ངག་སྟོན་པར་མཛད་དོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐམས་ཅད་དུ་འགྲོ་བའི་ལམ་ཡིན་པར་རིག་པར་བྱ་སྟེ། འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་ལས་དང་པོ་ལ་དེ་ལྟར་གདམས་སོ། །མ་འོངས་པའི་དུས་ན་ཡང་དེ་ལྟར་འདོམས་པར་འགྱུར་རོ། །ད་ལྟར་བྱུང་བའི་དུས་ན་ཡང་དེ་ལྟར་འདོམས་སོ། །གལ་ཏེ་ཉན་ཐོས་ཀྱང་ཡིད་ལ་བྱེད་པ་འདིས་སྦྱོར་བར་བྱེད་ལ། ཡིད་ལ་བྱེད་པ་འདི་ཇི་ལྟ་བ་བཞིན་དུ་རྟོགས་པར་གྱུར་ན་ནི་ཆོས་རྣམས་མངོན་པར་རྟོགས་པར་བྱ་བ་ལ་མངོན་པར་


DTG129_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ཤིན་ཏུ་མྱུར་བར་འགྱུར་རོ། །ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཀྱིས་ནི་དེ་བཞིན་གཤེགས་པས་སྡུག་བསྔལ་ཐམས་ཅད་ལས་ངེས་པར་འབྱིན་པ་དང༌། ངེས་པར་འབྱུང་བ་མ་ཡིན་པའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། །། ངེས་པར་འབྱུང་བ་མ་ཡིན་པའི་ལམ་སྤངས་ནས་ངེས་པར་འབྱུང་བའི་ལམ་སྒྲུབ་པར་མཛད་དོ། །སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ཀྱིས་ནི་དེ་བཞིན་གཤེགས་པས་སྔོན་གྱི་མཐའི་རྗེས་དེ་ལྟ་བུ་བྱུང་བ་དང༌། སྐྱེས་པའི་རབས་རྣམས་དགོངས་ཤིང་འདུལ་བ་རྣམས་ཀྱི་སེམས་སྐྱོ་བར་བྱ་བ་དང༌། སེམས་དད་པར་བྱ་བའི་ཕྱིར་སྟོན་ཏེ། རྟག་པར་སྨྲ་བའི་དགེ་སྦྱོང་དང༌། བྲམ་ཟེ་རྣམས་ཀྱང་ཚར་གཅོད་པར་མཛད་དོ། །འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་ཀྱིས་ནི་དེ་བཞིན་གཤེགས་པས་ཉན་ཐོས་ལས་བརྩམས་ཏེ། འདས་པའི་དུས་ན་ཤི་བའི་དུས་བྱས་པ་དང༌། སྐྱེ་བ་ཡང་ལུང་སྟོན་པ། ཆད་པར་སྨྲ་བའི་དགེ་སྦྱོང་དང༌། བྲམ་ཟེ་རྣམས་ཀྱང་ཚར་གཅོད་པར་མཛད་དོ། །ཟག་པ་ཟད་པའི་མཁྱེན་པའི་སྟོབས་ཀྱིས་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་རྣམ་པར་ཐར་པ་ལ་ཡང་སོམ་ཉི་མི་མངའ་ཞིང༌། ཐེ་ཚོམ་མི་མངའ་ལ། དགྲ་བཅོམ་པ་ཉིད་དུ་མངོན་པའི་ང་རྒྱལ་འཛིན་པའི་དགེ་སྦྱོང་དང༌། བྲམ་ཟེ་རྣམས་ཀྱང་ཚར་གཅོད་པར་མཛད་དེ། འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུའི་ལས་ཡིན་པར་རིག་པར་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་འདི་དག་གི་གོ་རིམས་གང་ཞེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ་དེ་བཞིན་གཤེགས་པས་སྟོབས་བཅུ་ཐམས་ཅད་ཅིག་ཅར་བརྙེས་ཏེ། ཅིག་ཅར་བརྙེས་ནས་ཀྱང་དེ་དག་རིམ་གྱིས་མངོན་སུམ་དུ་འགྱུར་ཏེ། མངོན་པར་རྫོགས་པར་སངས་རྒྱས་པ་ཉིད་ཀྱི་མོད་ལ། དེ་བཞིན་གཤེགས་པས་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ཆོས་རྣམས་ཀྱི་རྒྱུ་དང་འབྲས་བུ་རྣམ་པར་གཞག་པ་ལ་ལེགས་པ་ཁོ་ནར་རྣམ་པར་གཟིགས་སོ། །རྣམ་པར་གཟིགས་ནས་འདོད་པའི་ཁམས་ཉིད་དུ་སྐལ་བ་མཉམ་པའི་ཁམས་ཀྱི་སྡུག་པའི་འབྲས་བུའི་ཁྱད་པར་འདོད་པ་རྣམས་ལ་ནི་ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱིས་མི་དགེ་བའི་ལས་


DTG129_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་སྤངས་པ་དང༌། དགེ་བའི་ལས་སྤྱོད་པར་བྱ་བ་རྣམ་པར་སྟོན་ཏོ། །འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་འདོད་པའི་སེམས་ཅན་རྣམས་ལ་ནི། བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བར་འགྱུར་བར་བྱ་བ་དང༌། ཇི་ལྟ་བ་བཞིན་དུ་ལམ་ཐོབ་པར་བྱ་བའི་གདམས་ངག་སྦྱིན་པར་མཛད་དོ། །འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བར་འདོད་པ་རྣམས་ལ་ནི་དེ་མ་ཡིན་པའི་དེ་བཞིན་གཤེགས་པའི་སྟོབས་བདུན་གྱིས་འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བར་འགྱུར་བའི་ལམ་རྣམ་པར་སྟོན་ཏོ། །དེ་ལ་ཐོག་མར་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བར་འདོད་པ་རྣམས་ཀྱི་དབང་པོ་རྣམ་པར་གཟིགས་སོ། །དེའི་འོག་ཏུ་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི་དབང་པོ་སྔོན་དུ་འགྲོ་བའི་བསམ་པ་ལ་རྣམ་པར་གཟིགས་སོ། །དེའི་འོག་ཏུ་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི་བསམ་པ་སྔོན་དུ་འགྲོ་བའི་བག་ལ་ཉལ་རྣམ་པར་གཟིགས་སོ། །དེ་ལྟར་དབང་པོ་དང༌། བསམ་པ་དང༌། བག་ལ་ཉལ་མཁྱེན་པ་དེས། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཀྱིས་ཅི་རིགས་པར་དམིགས་པ་ལ་འཇུག་པའི་སྒོ་རྣམས་ལ་འཛུད་པར་མཛད་དོ། །དེའི་འོག་ཏུ་ཡང་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང༌། འཆི་འཕོ་བ་དང༌། སྐྱེ་བ་མཁྱེན་པའི་སྟོབས་ཀྱིས་ནི་ཉོན་མོངས་པ་ཐམས་ཅད་སྤང་བར་བྱ་བའི་ཕྱིར་མཚན་མའི་དམིགས་པ་ལ་འཇུག་པའི་སྒོའི་སྦྱོར་བ་སེམས་གནས་པ་ཡང་འཛིན་དུ་འཇུག་ལ། སྤྱོད་པ་རྣམས་ཀྱང་རྣམ་པར་དག་པར་མཛད་ནས། འཇིག་ཚོགས་ལ་ལྟ་བའི་རྩ་བ་དང་རྟག་པ་དང༌། ཆད་པ་དང་མཐར་འཛིན་པ་རྣམ་པར་སྤངས་པའི་དབུ་མའི་ལམ་རྣམ་པར་སྟོན་ཏོ། །དེའི་འོག་ཏུ་དེ་ལྟར་ཡང་དག་པར་བརྩོན་ཞིང་ཞི་གནས་ཀྱིས་ཉེ་བར་བརྟེན་ཏེ། ཉོན་མོངས་པ་མ་སྤངས་པ་ཀུན་དུ་མི་སྤྱོད་པ་དང་ལྡན་པས་མ་བྱས་པ་ལ་བྱས་པས་མངོན་པའི་ང་རྒྱལ་འཛིན་པའི་ང་རྒྱལ་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་འདོར་དུ་འཇུག་སྟེ། འདི་ནི་སྟོབས་རྣམས་ཀྱི་གོ་རིམས་ཀྱི་རྣམ་གྲངས་གཅིག་གོ །།བམ་པོ་ཉི་ཤུ་


DTG129_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གཉིས་པ་སྟེ་ཐ་མའོ། །རྣམ་གྲངས་གཞན་ཡང་འདི་ལ་དེ་བཞིན་གཤེགས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཐོག་མ་ཁོ་ནར་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་མངོན་སུམ་དུ་མཛད་དེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ལ་ཆོས་གནས་པའི་ཡེ་ཤེས་དམ་པ་རྣམ་པར་སྤྱོད་པར་མཛད་དོ། །ཆོས་གནས་པའི་ཡེ་ཤེས་དེ་ལ་བརྟེན་ནས་ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱིས་ཁྱིམ་པའི་ཕྱོགས་ལ་རྣམ་པར་གཟིགས་ཏེ། ལས་རྣམ་པ་སྣ་ཚོགས་གང་དང་གང་གིས་ཁྱིམ་པའི་ཕྱོགས་ལ་གནས་པ་དེ་དག་ཡང་དག་པར་གྲུབ་པར་གྱུར་པ་དང༌། གྲུབ་པར་འགྱུར་བ་དང༌། འགྲུབ་པར་གཟིགས་སོ། །ཁྱིམ་པའི་ཕྱོགས་ལ་གཟིགས་ནས། བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་རབ་ཏུ་བྱུང་བའི་ཕྱོགས་ལ་རྣམ་པར་གཟིགས་ཏེ། ཅི་རབ་ཏུ་བྱུང་བའི་ཕྱོགས་འདི་ལ་སྡུག་བསྔལ་ལས་བྱུང་བ་དང༌། སྡུག་བསྔལ་ལས་འབྱུང་བའི་ལམ་སྟོན་པ་འགའ་ལྟ་ཡོད་དམ། འོན་ཏེ་མེད་ཞིག་གུ་སྙམ་སྟེ། དེས་མེད་པར་མཁྱེན་ནས་སྐྱབས་མེད་ཅིང་སྐྱོབ་པ་མེད་པའི་འཇིག་རྟེན་ཐམས་ཅད་ལ་བརྟགས་ཏེ་སྙིང་རྗེ་ཆེན་པོ་ལ་བརྟེན་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་སོ། །དེས་རྣམ་པར་གཟིགས་ཏེ་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་མངོན་སུམ་དུ་མཛད་ནས་རབ་ཏུ་མཁྱེན་ཏེ། འཇིག་རྟེན་ན་སེམས་ཅན་བྱུང་བ་དང༌། འཇིག་རྟེན་ན་སེམས་ཅན་སྐྱེས་པ་དང་དབང་པོ་རྟུལ་པོ་དང་དབང་པོ་འབྲིང་པོ་དང་དབང་པོ་རྣོན་པོ་དག་ཀྱང་ཡོད་པར་ཐུགས་སུ་ཆུད་ནས་དེ་ཆོས་བསྟན་པ་ལ་སེམས་འཇུག་གོ །དེའི་འོག་ཏུ་སྔ་མའི་གོ་རིམས་བཞིན་དུ་དེ་མ་ཡིན་པ་མཁྱེན་པའི་སྟོབས་མོས་པ་སྣ་ཚོགས་མཁྱེན་པ་ལ་སོགས་པ་ཐམས་ཅད་ཀྱང་འབྱུང་བར་རིག་པར་བྱ་སྟེ། འདི་ནི་སྟོབས་རྣམས་ཀྱི་གོ་རིམས་ཀྱི་རྣམ་གྲངས་གཉིས་པའོ། །རྣམ་གྲངས་གཞན་ཡང་ཐོག་མ་ཁོ་ནར་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཀྱི་ཁམས་དཔྱོད་པར་མཛད་དོ། །དེའི་འོག་


DTG129_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་གང་དག་ལ་སེམས་ཅན་དུ་མིང་དུ་བཏགས་པའི་སེམས་ཅན་གྱི་ཁམས་དེ་ལ་སེམས་ཅན་འདི་དག་ནི་རང་གིས་བྱས་པའི་ལས་འདི་ལྟ་བུའི་འབྲས་བུ་འདི་འདྲ་བ་སོ་སོར་ཉམས་སུ་མྱོང་ངོ་སྙམ་དུ་རྣམ་པར་དཔྱོད་པར་མཛད་དེ། ཆོས་ཀྱི་ཁམས་དང༌། སེམས་ཅན་གྱི་ཁམས་ཅི་ལྟ་བ་བཞིན་དུ་རྣམ་པར་དཔྱད་ནས་བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་སེམས་ཅན་དེ་དག་ཉིད་སྡུག་བསྔལ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་ཆོ་འཕྲུལ་གསུམ་གྱིས་ལེགས་པར་གདམས་པར་མཛད་དོ། །གདམས་ནས་ཀྱང་སྔ་མའི་གོ་རིམས་བཞིན་དུ་སྟོབས་ལྷག་མ་རྣམས་ཀྱིས་དབང་པོ་ལ་སོགས་པ་ཡང་མཁྱེན། ལམ་ལ་ཡང་བཙུད་ནས་སེམས་ཅན་དེ་དག་སྡུག་བསྔལ་ལས་རྣམ་པར་ཐར་པར་མཛད་དེ། འདི་ནི་སྟོབས་རྣམས་ཀྱི་གོ་རིམས་ཀྱི་རྣམ་གྲངས་གསུམ་པའོ། །དེ་ལ་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ལ་བྱེ་བྲག་ཅི་ཡོད་ཅེ་ན། དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་སྡུག་པ་དང་མི་སྡུག་པ་འགྲུབ་པ་གང་ཡིན་པ་འདི་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་མཁྱེན་ཏོ། །དགེ་བ་དང་མི་དགེ་བའི་ཁས་བྱེད་པ་གང་ཡིན་པ་དེ་ཉིད་ཀྱིས་སྡུག་པ་དང་མི་སྡུག་པའི་འབྲས་བུ་དེ་སོ་སོར་ཉམས་སུ་མྱོང་བར་འགྱུར་བ་གང་ཡིན་པ་འདི་ནི། ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱིས་མཁྱེན་ཏོ། །བསམ་གཏན་དང་རྣམ་པར་ཐར་པ་ལ་སོགས་པ་སྙོམས་པར་འཇུག་པ་གང་ཡིན་པ་དེ་ཉིད་ལ་དེ་དག་འབྱུང་བར་འགྱུར་གྱི། གཞན་ལ་མ་ཡིན་པ་གང་ཡིན་པ་དེ་ནི་ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱིས་སོ། །བསམ་གཏན་ལ་སོགས་པ་དེ་དག་ཉིད་ལ་བརྟེན་ནས་གདུལ་བ་རྣམས་ལ་ཆོ་འཕྲུལ་གསུམ་གྱིས་འདོམས་པར་མཛད་པ་གང་ཡིན་པ་དེ་ནི་བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་སོ། །དད་པ་ལ་སོགས་པ་དང་ལྷན་ཅིག་སྐྱེས་ཤིང་མཚུངས་པར་ལྡན་པའི་སེམས་ཐུགས་སུ་ཆུད་པ་གང་ཡིན་པ་འདི་ནི་བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་སོ། །དབང་པོ་དེ་དག་ཉིད་


DTG129_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ངུ་དང༌། འབྲིང་དང༌། ཆེན་པོའི་བྱེ་བྲག་འབྱེད་པ་གང་ཡིན་པ་འདི་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་སོ། །ཆོས་དེ་དང་དེ་དག་ལ་དབང་པོ་སྔོན་དུ་འགྲོ་བའི་བསམ་པ་ཐུགས་སུ་ཆུད་པ་གང་ཡིན་པ་འདི་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་སོ། །བསམ་པ་དེ་ཉིད་སྣ་ཚོགས་སུ་བྱེ་བྲག་འབྱེད་པ་གང་ཡིན་པ་འདི་ནི་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་སོ། །བསམ་པ་དེ་ཡང་མདོར་བསྡུ་ན་རྣམ་པར་དབྱེ་བ་རྣམ་པ་དྲུག་ཡོད་པར་རིག་པར་བྱ་སྟེ། ངེས་པར་འབྱུང་བ་མ་ཡིན་པའི་བསམ་པ་ནི་འདི་ལྟ་སྟེ། དབང་ཕྱུག་ཆེན་པོ་དང༌། སྲེད་མེད་ཀྱི་བུ་དང༌། ཚངས་པའི་འཇིག་རྟེན་ལ་སོགས་པ་ལ་མོས་པ་ཐ་དད་པ་རྣམས་ཀྱིའོ། །ངེས་པར་འབྱུང་བའི་བསམ་པ་ནི་འདི་ལྟ་སྟེ། ཐེག་པ་གསུམ་པོ་དག་ལ་མོས་པ་རྣམས་ཀྱིའོ། །རྣམ་པར་དག་པ་ལས་རིང་བའི་བསམ་པ་ནི་འདི་ལྟ་སྟེ། ཡོངས་སུ་སྨིན་པ་ཆུང་ངུ་དང། འབྲིང་ལ་གནས་པ་རྣམས་ཀྱིའོ། །རྣམ་པར་དག་པ་དང་ཉེ་བའི་བསམ་པ་ནི་འདི་ལྟ་སྟེ་ཡོངས་སུ་སྨིན་པ་ཆེན་པོ་ལ་གནས་པ་རྣམས་ཀྱིའོ། །ཚེ་འདི་ཉིད་ལ་མྱ་ངན་ལས་འདས་པ་འཐོབ་པར་མོས་པ་རྣམས་ཀྱིའོ། །ཚེ་འདི་ཉིད་ལ་མྱ་ངན་ལས་འདས་པ་འཐོབ་པའི་བསམ་པ་ནི་འདི་ལྟ་སྟེ་ཉན་ཐོས་ཀྱི་ཐེག་པས་མྱ་ངན་ལས་འདས་པ་འཐོབ་པར་མོས་པ་རྣམས་ཀྱིའོ། །ཕྱིས་མྱ་ངན་ལས་འདས་པ་ཐོབ་པའི་བསམ་པ་ནི་འདི་ལྟ་སྟེ་ཐེག་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའ་པ་འཐོབ་པར་མོས་པ་རྣམས་ཀྱིའོ། །མོས་པས་བསྐྱེད་པ་དེ་དང་འདྲ་བའི་ས་བོན་ཐུགས་སུ་ཆུད་པ་གང་ཡིན་པ་འདི་ནི་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་སོ། །ས་བོན་དེ་ཉིད་བྱེ་བྲག་ཕྱེ་ནས་རྣམ་པ་དུ་མར་ཐུགས་སུ་ཆུད་པ་གང་ཡིན་པ་འདི་ནི་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་སོ། །ཁམས་རབ་ཏུ་དབྱེ་བ་དེ་ཡང་མདོར་བསྡུ་ན་རྣམ་པ་བཞིར་རིག་པར་བྱ་སྟེ། རང་བཞིན་དུ་གནས་པའི་ས་བོན་དང༌། སྔོན་གོམས་པ་ལས་བྱུང་བའི་ས་བོན་དང༌། རྣམ་པར་དག་པར་བྱར་རུང་བའི་ས་བོན་ནི་འདི་ལྟ་སྟེ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་ཆོས་ཅན་རྣམས་ཀྱིའོ། །རྣམ་པར་དག་པར་བྱར་མི་རུང་བའི་ས་བོན་ནི་འདི་ལྟ་སྟེ་མྱ་ངན་ལས་འདའ་བར་འགྱུར་བའི་ཆོས་ཅན་མ་ཡིན་པ་རྣམས་ཀྱིའོ། །


DTG129_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཇི་ལྟ་བ་བཞིན་དུ་འཚམ་པའི་ལམ་ལ་འཇུག་པ་རབ་ཏུ་མཁྱེན་པ་གང་ཡིན་པ་འདི་ནི་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་སོ། །ལམ་དེ་ཉིད་རྣམ་པ་ཐམས་ཅད་དུ་རབ་ཏུ་རྣམ་པར་འབྱེད་དོ། ལམ་འདི་ནི་ཀུན་ནས་ཉོན་མོངས་པར་འགྱུར་བའོ། །འདི་ནི་རྣམ་པར་བྱང་བར་འགྱུར་བའོ། །འདི་ནི་གཏན་དུ་རྣམ་པར་བྱང་བར་འགྱུར་བའོ། །འདི་ནི་གཏན་དུ་རྣམ་པར་བྱང་བར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་དེ་ནི་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཀྱིས་སོ། །སྔོན་གྱི་མཐའ་རྗེས་སུ་དྲན་ཏེ་འགྲོ་བ་ཐམས་ཅད་ཀྱི་རྒྱུ་སྔོན་གྱི་མཐའ་དང་ལྡན་པ་རྣམས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་གང་ཡིན་པ་འདི་ནི་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཀྱིས་སོ། །རྣམ་པར་ཕྱེ་ནས་སྔ་མ་བཞིན་དུ་ཐ་སྙད་ཀྱི་གཞི་ལ་བརྟེན་པའི་སྤྱོད་པ་རྣམ་པ་དྲུག་རབ་ཏུ་མཁྱེན་པ་གང་ཡིན་པ་འདི་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ཀྱིས་སོ། །སྔོན་གྱི་མཐའ་ལས་བརྩམས་ཏེ་སེམས་ཅན་རྣམས་ཀྱི་འཆི་འཕོ་དང༌། སྐྱེ་བ་རབ་ཏུ་མཁྱེན་པ་གང་ཡིན་པ་འདི་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ཀྱིས་སོ། །ཕྱི་མའི་མཐའི་སེམས་ཅན་རྣམས་ཀྱི་ཤི་འཕོ་དང་སྐྱེ་བ་མཁྱེན་པ་གང་ཡིན་པ་འདི་ནི་ཤི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་ཀྱིས་སོ། །སེམས་ཅན་རང་གི་དོན་མཐར་ཕྱིན་པ་མ་ཡིན་པ་རྣམས་ཀྱི་ཕྱི་མའི་མཐར་སྐྱེ་བ་དང༌། ཉིང་མཚམས་སྦྱོར་བ་རབ་ཏུ་མཁྱེན་པ་གང་ཡིན་པ་འདི་ནི་ཤི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་ཀྱིས་སོ། །རང་གི་དོན་མཐར་ཕྱིན་ཏེ་སེམས་ཤིན་ཏུ་རྣམ་པར་གྲོལ་བ་རྣམས་ཀྱི་ཚེ་འདི་ལ་མྱ་ངན་ལས་འདས་པ་འཐོབ་པ་རབ་ཏུ་མཁྱེན་པ་གང་ཡིན་པ་འདི་ནི་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་ཏེ། འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་དག་ཕན་ཚུན་བྱེ་བྲག་ཡོད་པ་དང༌། བྱེ་བྲག་མེད་པ་ཡིན་པར་རིག་པར་བྱའོ། །མི་འཇིགས་པ་བཞིའི་གཞུང་ནི་མདོ་འདི་ཉིད་ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་ལ་གནས་བཞི་པོ་འདི་དག་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་འཁོར་གྱི་ནང་དུ་དམ་བཅའ་བར་བྱ་བ་ཡིན་ཏེ། ཉན་ཐོས་དང་ཐུན་མོང་མ་ཡིན་པ་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་འདི་ནི་


DTG129_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དང་པོའོ། །ཉན་ཐོས་དང་ཐུན་མོང་པ་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་ཐར་པ་འདི་ནི་གནས་གཉིས་པའོ། །རྣམ་པར་ཐར་པ་འདོད་པའི་སེམས་ཅན་རྣམ་པར་སྡུག་བསྔལ་ལས་ཡང་དག་པར་འདའ་བར་འགྱུར་བའི་ངེས་པར་འབྱིན་པའི་ལམ་འདི་ནི་གནས་གསུམ་པའོ། །ལམ་དེ་ཉིད་ཐོབ་པར་བྱ་བ་ལ་གགས་སུ་གྱུར་པ་བར་དུ་གཅོད་པར་བྱེད་པའི་ཆོས་རྣམས་ཡོངས་སུ་སྤང་བར་བྱ་བ་འདི་ནི་གནས་བཞི་པའོ། །གནས་བཞི་པོ་འདི་དག་ལ་དེ་བཞིན་གཤེགས་པས་དོན་ཇི་ལྟ་བ་བཞིན་དུ་དམ་བཅའ་བ་ཡིན་ཏེ། དེ་བས་ན་གནས་སྔ་མ་གཉིས་ཀྱི་དམ་བཅའ་བ་དང་མི་མཐུན་པའི་སྐུ་དང༌། གསུང་དང༌། ཐུགས་ཀྱི་སྤྱོད་པ་དང༌། གནས་ཕྱི་མ་གཉིས་ཀྱིས་དམ་བཅའ་བ་དང༌། མི་མཐུན་པའི་སྔ་ཕྱི་འགལ་བ་དང༌། མི་རིགས་པར་འགྱུར་བ་ཡོད་དོ་ཞེས་དམ་བཅས་པའི་གནས་ཀྱི་གཉེན་པོར་ལྷའི་མིག་དང་ལྡན་པ་དང༌། ལྷའི་མིག་དང་ལྡན་པ་མ་ཡིན་པ་དང༌། ཕ་རོལ་གྱི་སེམས་ཤེས་པ་དང༌། ཕ་རོལ་གྱི་སེམས་ཤེས་པ་མ་ཡིན་པ་གཞན་དག་གིས་བརྒལ་བའི་རྒྱུར་འགྱུར་བ་ཡང་དག་པར་རྗེས་སུ་མ་གཟིགས་ཏེ། གནས་འདི་དག་ལ་མི་བསྙེངས་པ་དང༌། ཐུགས་ཞུམ་པ་མི་མངའ་བ་དང༌། དོགས་པ་མི་མངའ་བ་དང། བག་ཚ་བ་མི་མངའ་བར་དམ་བཅའ་བར་མཛད་དོ། །སྟོན་པས་དམ་བཅའ་བར་བྱ་བ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། བདག་ལ་ཕན་པ་སྒྲུབ་པ་དང༌། གཞན་ལ་ཕན་པ་སྒྲུབ་པ་ཡོངས་སུ་རྫོགས་པའོ། །དེ་ལ་གནས་དང་པོ་གཉིས་ཀྱིས་ནི་བདག་ལ་ཕན་པ་སྒྲུབ་པ་ཡོངས་སུ་རྫོགས་པར་དམ་བཅས་པ་ཡིན་ནོ། །གནས་ཕྱི་མ་གཉིས་ཀྱིས་ནི་གཞན་ལ་ཕན་པ་སྒྲུབ་པ་ཡོངས་སུ་རྫོགས་པར་དམ་བཅས་པ་ཡིན་ནོ། །དེ་ལ་བདག་ཉིད་ཀྱིས་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པས་ཡང་དག་པར་རྫོགས་པར་སངས་རྒྱས་པ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་མཛད་ནས། དེ་བཞིན་གཤེགས་པས་དམ་བཅས་པ་ཡིན་ནོ། །ཟག་པ་ཐམས་ཅད་ཟད་པ་ནི། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ཀྱི་དབང་དུ་མཛད་དེ་དམ་བཅས་པ་ཡིན་ནོ། །


DTG129_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་འབྱིན་པའི་ལམ་དང༌། བར་དུ་གཅོད་པའི་ཆོས་རྣམས་ནི་དེ་གཉི་གའི་དབང་དུ་མཛད་དེ་དམ་བཅས་པ་ཡིན་ནོ། །དེ་བཞིན་གཤེགས་པས་མདོའི་ཚིག་འདི་སྐད་དུ། ངས་བྱང་ཆུབ་སེམས་དཔའ་རྣམས་དང༌། ཉན་ཐོས་རྣམས་ཀྱི་ངེས་པར་འབྱུང་བའི་ལམ་བསྟན་པ་གང་ཡིན་པ་ཞེས་རྒྱས་པར་གསུངས་པ་ལས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་དེ་ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱིས་ཉན་ཐོས་ཀྱི་སྡེ་སྣོད་ཀྱི་སྐབས་ནས་བྱུང་ངོ༌། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་བྱང་ཆུབ་སེམས་དཔའི་ཚིག་ཁོ་ན་འབའ་ཞིག་སྨོས་སོ། །དྲན་པ་ཉེ་བར་གཞག་པ་གསུམ་གྱི་གཞུང་ནི་མདོ་ལས་ཇི་སྐད་འབྱུང་བ་བཞིན་ཏེ། དེ་བཞིན་གཤེགས་པ་ནི་ཡུན་རིང་པོ་ནས་འདི་ལྟར་ངས་ལེགས་པར་བསྟན་པའི་ཆོས་འདུལ་བ་རྣམས་ལ་ནན་ཏན་བྱེད་ཅིང༌། ཇི་ལྟ་བ་བཞིན་དུ་གནས་ཀྱང་ཅི་མ་རུང་སྙམ་དུ་བཞེད་དེ། ཡུན་རིང་པོ་ནས་དེ་ལྟར་བཞེད་པ་ཆོས་ཀྱི་མངའ་བདག་ཚོགས་ཡོངས་སུ་སྡུད་པ་དེའི་བཞེད་པ་དེ་དག་གྲུབ་པ་དང༌། མ་གྲུབ་པ་དག་གིས་ཀུན་ནས་ཉོན་མོངས་པ་མེད་པ་ནི་མདོར་བསྡུ་ན་དྲན་པ་ཉེ་བར་གཞག་པ་གསུམ་གྱིས་རབ་ཏུ་ཕྱེ་བ་ཡིན་ནོ། །དེ་དག་ཀྱང་འཁོར་གསུམ་གྱི་བྱེ་བྲག་གིས་གསུམ་དུ་རྣམ་པར་གཞག་སྟེ། འཁོར་གསུམ་པོ་གང་ཞེ་ན། ཐམས་ཅད་ཀྱང་གཅིག་ཏུ་ངེས་པར་ཡང་དག་པར་སྒྲུབ་པར་བྱེད་པ་འདི་ནི་འཁོར་གཅིག་གོ །ཐམས་ཅད་ཀྱང་གཅིག་ཏུ་ངེས་པར་ལོག་པར་སྒྲུབ་པར་བྱེད་པ་འདི་ནི་འཁོར་གཉིས་པའོ། །འཁོར་གསུམ་པ་ནི་གང་ལས་ཁ་ཅིག་ནི་ཡང་དག་པར་སྒྲུབ་ལ། ཁ་ཅིག་ནི་ལོག་པར་སྒྲུབ་པའོ། །བསྲུང་བ་མེད་པ་གསུམ་གྱི་གཞུང་ནི་མདོ་ཉིད་ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱ་སྟེ། མདོར་བསྡུ་ན་རྣམ་པ་ཐམས་ཅད་དུ་ཉེས་པ་བྱས་པ་འཆབ་པ་སྤངས་པ་འདི་ནི་དེ་བཞིན་གཤེགས་པའི་བསྲུང་བ་མེད་པ་གསུམ་གྱིས་བསྟན་ཏེ། དགྲ་བཅོམ་པ་ལ་ཡང་བརྗེད་པའི་ཕྱིར་བརྒྱ་ལ་བརྒྱ་ལམ་ན་ལུང་དུ་མ་བསྟན་པའི་ཉེས་པ་བྱས་པ་ཙམ་ཅུང་ཟད་འབྱུང་བ་གང་ཡིན་པ་འདི་ནི་དེ་བཞིན་གཤེགས་པ་ལ་དེ་ཡང་ཐམས་ཅད་དུ་མི་མངའོ། །དེ་བས་ན་དེ་བཞིན་གཤེགས་པ་ནི་ཇི་ལྟར་དམ་བཅས་པ་དེ་ལྟ་བུའི་རང་བཞིན་ཡིན་ཏེ། ཉན་ཐོས་རྣམས་ཚར་བཅད་ཅིང་ཚར་བཅད་ཅིང་བཀའ་སྩལ་ཏོ། །ཐིབས་ཀྱིས་མནན་ཅིང་ཐིབས་ཀྱིས་མནན་ཅིང་ཁ་


DTG129_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ལ་ནི་སྨ་འབེབས་མཛད། ཁ་ཅིག་ལ་ནི་སྤངས་པར་མཛད་ཅིང་བརླང་པོར་ཡང་མཛད་དེ། འགྲོགས་པའི་རྒྱུ་ལས་ངའི་ཉན་ཐོས་རྣམས་ཀྱི་ལུས་དང༌། ངག་གི་ཀུན་དུ་སྤྱོད་པ་ཡོངས་སུ་མ་དག་པར་ཤེས་ནས། དངོས་པོ་དེས་ཡིད་དུ་མི་འོང་ཞིང་མི་དགའ་བར་གྱུར་ནས་གླེང་བའམ། གཞན་དག་ལ་སྒྲོགས་པར་མི་འགྱུར་གྲང་སྙམ་དུ་དེ་དག་ལ་རྗེས་སུ་བསྲུང་བ་དེ་ལ་མི་མངའོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེ་ཆེན་པོ་ནི་རྣམ་པ་ཐམས་ཅད་དུ་མཆོད་པ་དང༌། བརྟེན་པ་དང༌། ཚད་མེད་པའི་ལེའུ་ལས་སྔར་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་དེ་ནི་ཚད་མེད་པ་དང་བླ་ན་མེད་པར་རིག་པར་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་ནན་ཏན་དུ་མཛད་པ་ནི་གང་དང་གང་དུ་དང༌། ཇི་ལྟར་དང༌། གང་གི་ཚེ་སྟེ་དེ་དང༌། དེར་དང༌། དེ་ལྟར་དང༌། དེའི་ཚེ་ཡང་དག་པར་ནན་ཏན་མཛད་པས་ན། འདི་ནི་དེ་བཞིན་གཤེགས་པའི་བསྙེལ་བ་མི་མངའ་བའི་ཆོས་ཉིད་ཅེས་བྱ་སྟེ། འདི་ལྟར་དེ་བཞིན་གཤེགས་པའི་མཛད་པ་ཐམས་ཅད་དང༌། ཡུལ་ཐམས་ཅད་དང༌། མཛད་པའི་ཐབས་ཐམས་ཅད་དང༌། དུས་ཐམས་ཅད་དུ་བསྙེལ་བ་མི་མངའ་སྟེ། རྟག་ཏུ་དགོངས་པ་ཉེ་བར་གནས་པ་འདི་ནི་བསྙེལ་བ་མི་མངའ་བའི་ཆོས་ཉིད་ཡིན་པར་བལྟ་བར་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་བསྐྱོད་པའམ། གཟིགས་པའམ། སྲུང་བའམ། གནས་པ་ལ་ཉོན་མོངས་པ་མངའ་བ་འདྲ་བའི་ཀུན་དུ་སྤྱོད་པ་མི་མངའ་བ་འདི་ནི་དེ་བཞིན་གཤེགས་པའི་བག་ཆགས་ཡང་དག་པར་བཅོམ་པ་ཞེས་བྱའོ། །དགྲ་བཅོམ་པ་རྣམས་ནི་ཉོན་མོངས་པ་སྤངས་པ་ཡིན་མོད་ཀྱི། གཟིགས་པའམ། སྲུང་བའམ། ཉོན་མོངས་པ་ཡོད་པ་འདྲ་བའི་སྤྱོད་པ་དང༌། བསྐྱོད་པ་དང༌། ལྟ་བ་དང༌། སྨྲ་བ་དང༌། གནས་པ་ཡང་ཡོད་དོ། །མདོར་བསྡུ་ན་དེ་བཞིན་གཤེགས་པ་ནི་ཆོས་རྣམས་ཀྱི་ཚོགས་གསུམ་མངོན་པར་རྫོགས་པར་སངས་རྒྱས་ཏེ། གསུམ་གང་ཞེ་ན། དོན་དང་ལྡན་པའི་ཆོས་རྣམས་དང༌། དོན་དང་ལྡན་པ་མ་ཡིན་པ་རྣམ་པ་དང༌། དོན་དང་ལྡན་པ་ཡང་མ་ཡིན་དོན་དང་མི་ལྡན་པ་ཡང་མ་ཡིན་པ་རྣམས་སོ། །དེ་ལ་དེ་བཞིན་གཤེགས་པའི་དོན་དང་ལྡན་པ་མ་ཡིན་པ་དང༌། དོན་


DTG129_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་ཡང་མ་ཡིན་དོན་དང་མི་ལྡན་པ་ཡང་མ་ཡིན་པའི་ཆོས་ཐམས་ཅད་མཁྱེན་པ་གང་ཡིན་པ་འདི་ནི་དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་དོན་དང་ལྡན་པའི་ཆོས་ཐམས་ཅད་མཁྱེན་པ་གང་ཡིན་པ་འདི་ནི་དེ་བཞིན་གཤེགས་པའི་མཆོག་མཁྱེན་པ་ཞེས་བྱའོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་གང་ཡིན་པ་དང༌། མཆོག་མཁྱེན་པ་གང་ཡིན་པ་དེ་གཉིས་གཅིག་ཏུ་བསྡུས་པ་ནི་རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པ་ཞེས་བྱའོ། །དེ་དག་ཐམས་ཅད་བསྡོམས་པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུ་ཡིན་ནོ། །དེ་ལ་མཚན་དང་དཔེ་བྱད་བཟང་པོ་རྣམས་ནི་བྱང་ཆུབ་སེམས་དཔར་གྱུར་པ་དེས་སྲིད་པ་ཐ་མ་ལ་ཤིན་ཏུ་ཡོངས་སུ་དག་པར་ཐོབ་པར་འགྱུར་རོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ཏེ། བྱང་ཆུབ་ཀྱི་ཚོགས་ཀྱི་ལམ་ཤིན་ཏུ་ཡོངས་སུ་རྫོགས་པ་དེས་ནི་སྲིད་པ་ཐ་མ་དེའི་ཚེ་སློབ་དཔོན་མེད་པར་ཕྱི་མ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམས་ནས། སྐད་ཅིག་གཅིག་གིས་སྒྲིབ་པ་མེད་པའི་ཡེ་ཤེས་སྦྱིན་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར་ཏེ། སློབ་པར་གྱུར་པའི་བྱང་ཆུབ་སེམས་དཔའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏུ་གཏོགས་པ་དེའི་མཇུག་ཐོགས་སུ་སྐད་ཅིག་གཉིས་པ་ལ་ལྷག་མ་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པ་ལ་ཐུགས་ཤིན་ཏུ་རྣམ་པར་དག་ཅིང་བླ་ན་མེད་པ་རྣམས་ཅིག་ཅར་ཐོབ་པར་འགྱུར་རོ། །དེ་དག་ཐོབ་པས་ཆགས་པ་མེད་ཅིང་སྒྲིབ་པ་མེད་ལ་ཤིན་ཏུ་རྣམ་པར་དག་ཅིང་དྲི་མ་མེད་པའི་ཡེ་ཤེས་བཙལ་བ་ཙམ་ལ་ཐོགས་པ་མེད་པ་ཤེས་བྱ་ཐམས་ཅད་ལ་འཇུག་གོ །བརྣག་པ་ཡང་ཡོངས་སུ་རྫོགས་སོ། །དེ་ལྟར་ཐུགས་ལ་དགོངས་པ་ཡོངས་སུ་རྫོགས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང༌། བྱང་ཆུབ་སེམས་དཔའི་ས་ལས་ཡང་དག་པར་འདས་ནས། དེ་བཞིན་གཤེགས་པའི་སྤྱོད་པ་དང༌། དེ་བཞིན་གཤེགས་པའི་ས་ལ་བཞུགས་པ་ཡིན་ནོ། །ཤེས་བྱའི་སྒྲིབ་པའི་ཕྱོགས་གནས་ངན་ལེན་སྙིང་པོ་ཡོད་པ་ལྟ་བུ་


DTG129_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་ལུས་པར་སྤངས་ནས་དེའི་གནས་གྱུར་པ་ཡིན་ནོ། །དེའི་གནས་གྱུར་པ་དེ་ནི་བླ་ན་མེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་གནས་པ་མཆོག་ལ་ཐུག་པ་མན་ཆད་རྣམས་ཀྱི་གནས་གྱུར་པ་གཞན་ཐམས་ཅད་ནི་བླ་ན་མེད་པ་ཉིད་དུ་རིག་པར་བྱའོ། །དེ་ལ་མཐར་ཐུག་པར་འགྲོ་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་ཁྱད་པར་ཡོད་པ་ཡེ་ཤེས་ཇི་ལྟ་བུ་ཞིག་གིས་བྱེ་བྲག་ཏུ་གྱུར་པར་རིག་པར་བྱ་ཞེ་ན། འདི་ལ་མཐར་ཐུག་པར་འགྲོ་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ནི་ཤེས་བྱ་ཐམས་ཅད་ལ་མིག་དང་ལྡན་པ་སེང་རས་ཀྱིས་བར་དུ་ཆོད་པའི་གཟུགས་ལ་ལྟ་བ་དང་འདྲ་བར་རིག་པར་བྱའོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ནི་ཅིས་ཀྱང་བར་དུ་མཆོད་པ་དང་འདྲ་བར་བལྟ་བར་བྱའོ། །དཔེར་ན་རི་མོ་རྣམ་པ་ཐམས་ཅད་དུ་ཚོན་ཚང་བར་བཀྱེ་ལ། མཇུག་གི་ཚོན་གྱིས་གཅད་པ་ཤིན་ཏུ་རྣམ་པར་དག་པས་ཡོངས་སུ་དག་པར་མ་བྱས་པ་དང་འདྲ་བར་ནི་བྱང་ཆུབ་སེམས་དཔའ་དེའི་ཡེ་ཤེས་བལྟ་བར་བྱའོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ནི་ཤིན་ཏུ་རྣམ་པར་དག་པར་བྱས་པ་དང་འདྲ་བར་བལྟ་བར་བྱའོ། །དཔེར་ན་མིག་དང་ལྡན་པའི་མི་མུན་པ་མི་གནག་པའི་ནང་ན་གཟུགས་ལ་ལྟ་བ་དང་འདྲ་བར་ནི་བྱང་ཆུབ་སེམས་དཔའི་སྔ་མ་བཞིན་དུ་སྦྱར་རོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ནི་རྣམ་པ་ཐམས་ཅད་དུ་མུན་པ་མེད་པ་དང་འདྲ་བར་བལྟ་བར་བྱའོ། །དཔེར་ན་མིག་དང་ལྡན་པ་ཐག་རིང་པོ་ནས་གཟུགས་ལ་ལྟ་བ་དང་འདྲ་བར་ནི་བྱང་ཆུབ་སེམས་དཔའི་སྔ་མ་བཞིན་ནོ། །དེ་བཞིན་གཤེགས་པའི་ནི་ཉེ་བ་ནས་ལྟ་བ་དང་འདྲ་སྟེ་སྔ་མ་བཞིན་ནོ། །བྱང་ཆུབ་སེམས་དཔའི་ནི་རབ་རིབ་ཚབས་ཆུང་དུ་གཟུགས་ལ་ལྟ་བ་དང་འདྲ་སྟེ་སྔ་མ་བཞིན་ནོ། །དེ་བཞིན་གཤེགས་པའི་ནི་མིག་ཤིན་ཏུ་རྣམ་པར་དག་པ་དང་འདྲ་སྟེ་སྔ་མ་བཞིན་ནོ། །མཐར་ཐུག་པར་འགྲོ་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་མངལ་ན་འདུག་པའི་ལུས་དང་འདྲ་བར་བལྟ་བར་བྱའོ། །དེ་བཞིན་གཤེགས་པ་ནི་སྐྱེ་བའི་སྲིད་པར་སྐྱེ་བའི་ལུས་དང་འདྲ་བར་བལྟ་བར་བྱའོ། །དགྲ་བཅོམ་པའི་རྨི་ལམ་གྱི་སེམས་ཀྱི་རྒྱུ་བ་ཅི་འདྲ་བ་དེ་ལྟ་བུར་ནི་མཐར་ཐུག་པར་འགྲོ་


DTG129_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་བལྟ་བར་བྱའོ། །དེ་ཉིད་སད་པའི་སེམས་ཀྱི་རྒྱུ་བ་ཅི་འདྲ་བ་དེ་ལྟ་བུར་ནི་དེ་བཞིན་གཤེགས་པ་བལྟ་བར་བྱའོ། །མར་མེ་རྣམ་པར་མ་དག་པའི་རང་བཞིན་ཅི་འདྲ་བ་དེ་ལྟ་བུར་ནི་མཐར་ཐུག་པར་འགྲོ་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་རང་བཞིན་བལྟ་བར་བྱའོ། །ཤིན་ཏུ་རྣམ་པར་དག་པའི་མར་མེའི་རང་བཞིན་ཅི་འདྲ་བ་དེ་ལྟ་བུར་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རང་བཞིན་བལྟ་བར་བྱ་སྟེ། དེ་བས་ན་དེ་བཞིན་གཤེགས་པ་དང་མཐར་ཐུག་པར་འགྲོ་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་གཉིས་ནི་ཡེ་ཤེས་ཀྱི་ཁྱད་པར་དང༌། སྐུའི་ཁྱད་པར་དང༌། དགོངས་པའི་ཁྱད་པར་ཁྱད་ཆེ་བར་རེག་པར་བྱའོ། །དེ་ལྟར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་དེ་བཞིན་གཤེགས་པ་ནི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་མཛད་དོ། །དེ་ལ་སངས་རྒྱས་ཀྱི་མཛད་པ་གང་ཞེ་ན། མདོར་བསྡུ་ན་བཅུ་པོ་འདི་དག་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་མཛད་པ་དང༌། དེ་བཞིན་གཤེགས་པའི་ཕྲིན་ལས་སུ་མཛད་པ་ཡིན་ཏེ། དེ་བཞིན་གཤེགས་པའི་མཛད་པ་རེ་རེ་ཡང་སེམས་ཅན་ཚད་མེད་པ་དག་གི་དོན་མཛད་པ་ཡིན་ཏེ། དེ་ལས་གོང་ན་ཡང་མེད་དོ། །དེ་ལས་ལྷག་པ་ཡང་མེད་དོ། །བཅུ་གང་ཞེ་ན། ཐོག་མ་ཁོ་ནར་བདག་ཉིད་ཀྱི་སྐྱེས་བུ་ཆེན་པོའི་སྐུ་ལ་སེམས་དགའ་བར་བྱེད། སྐྱེས་བུ་ཆེན་པོའི་དངོས་པོ་ལ་ཡིད་ཆེས་པ་བསྐྱེད་པ་ནི་དེ་བཞིན་གཤེགས་པའི་མཛད་པ་དང་པོ་སྟེ། དེ་ནི་དེ་བཞིན་གཤེགས་པས་མཚན་དང་དཔེ་བྱད་བཟང་པོ་རྣམས་ཀྱིས་སྒྲུབ་པར་མཛད་དོ། །སེམས་ཅན་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་གདམས་པའི་སྦྱོར་བ་ནི་དེ་བཞིན་གཤེགས་པའི་མཛད་པ་གཉིས་པ་སྟེ། དེ་ནི་དེ་བཞིན་གཤེགས་པས་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞིས་སྒྲུབ་པར་མཛད་དོ། །དེ་སེམས་ཅན་ཐམས་ཅད་ཀྱི་དགོས་པ་བྱེད་ནུས་པ་དང༌། ཐེ་ཚོམ་ཐམས་ཅད་གཅོད་ནུས་པ་ནི། དེ་བཞིན་གཤེགས་པའི་མཛད་པ་གསུམ་པ་སྟེ། དེ་ནི་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་


DTG129_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྟོབས་བཅུས་སྒྲུབ་པར་མཛད་དོ། །འདི་ལྟར་དེ་བཞིན་གཤེགས་པ་ནི་སྔར་བསྟན་པའི་སྟོབས་བཅུ་པོ་དག་གིས་སེམས་ཅན་རྣམས་ཀྱི་དོན་སྒྲུབ་པར་སྤྱོད་དེ། གང་གིས་དེ་བཞིན་གཤེགས་པའི་སྟོབས་བཅུ་ལས་བརྩམས་ཏེ། དེ་ལ་ཞུས་ན་ཇི་ལྟར་གང་དག་དེ་བཞིན་གཤེགས་པས་མཁྱེན་པ་དང༌། གཟིགས་པ་དང༌། བྱེ་བྲག་ཕྱེད་པ་དང༌། རྣམ་པར་མཁྱེན་པ་དེ་ལྟར་དེ་དག་དེ་བཞིན་གཤེགས་པས་དེ་དག་གི་ཞུ་བ་ཞུས་པ་ལན་འདེབས་པར་མཛད་དོ། །ཕ་རོལ་གྱི་སྨྲ་བ་ཐམས་ཅད་ཚར་གཅོད་ཅིང་རང་གི་གཞུང་འཛུགས་པ་ནི་དེ་བཞིན་གཤེགས་པའི་མཛད་པ་བཞི་པ་སྟེ། དེ་ནི་དེ་བཞིན་གཤེགས་པའི་མི་འཇིགས་པ་རྣམས་ཀྱིས་སྒྲུབ་པར་མཛད་དོ། །དེ་བཞིན་གཤེགས་པས་བཀའ་སྩལ་པ་ལ་གནས་པ་དང༌། མི་གནས་པའི་གདུལ་བ་རྣམས་ལ་ཡང་ཐུགས་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་བ་མེད་པ་ནི་དེ་བཞིན་གཤེགས་པའི་མཛད་པ་ལྔ་པ་སྟེ། དེ་ནི་དེ་བཞིན་གཤེགས་པས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྒྲུབ་པར་མཛད་དོ། །ཇི་སྐད་གསུངས་པ་དེ་བཞིན་དུ་མཛད་པ་ནི་དེ་བཞིན་གཤེགས་པའི་མཛད་པ་དྲུག་པ་སྟེ། དེ་བཞིན་གཤེགས་པས་བསྲུང་བ་མེད་པ་རྣམས་ཀྱིས་སྒྲུབ་པར་མཛད་དོ། །སངས་རྒྱས་ཀྱི་སྤྱན་གྱིས་ཉིན་མཚན་དུ་འཇིག་རྟེན་ཐམས་ཅད་ལ་རྣམ་པར་གཟིགས་པ་ནི་དེ་བཞིན་གཤེགས་པའི་མཛད་པ་བདུན་པ་སྟེ། དེ་ནི་དེ་བཞིན་གཤེགས་པས་ཐུགས་རྗེ་ཆེན་པོས་སྒྲུབ་པར་མཛད་དོ། །སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཐམས་ཅད་ལས་མི་ཉམས་པ་ནི་དེ་བཞིན་གཤེགས་པའི་མཛད་པ་བརྒྱད་པ་སྟེ། དེ་ནི་དེ་བཞིན་གཤེགས་པས་བསྙེལ་བ་མི་མངའ་བའི་ཆོས་ཉིད་ཀྱིས་སྒྲུབ་པར་མཛད་དོ། །དེ་བཞིན་གཤེགས་པའི་ཚུལ་ཇི་ལྟ་བ་བཞིན་དུ་ཉམས་སུ་བླངས་ཤིང་ཉམས་སུ་སྤྱད་པར་བྱ་བ་ནི་དེ་བཞིན་གཤེགས་པའི་མཛད་པ་དགུ་པ་སྟེ། དེ་ནི་དེ་བཞིན་གཤེགས་པས་བག་ཆགས་ཡང་དག་པར་བཅོམ་པས་སྒྲུབ་པར་མཛད་དོ། །ཆོས་གང་དོན་དང་ལྡན་པ་མ་ཡིན་པ་རྣམས་དང༌། གང་དོན་


DTG129_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་ཡང་མ་ཡིན་དོན་དང་ལྡན་པ་མ་ཡིན་པ་རྣམས་གཏན་སྤངས་ནས། ཆོས་གང་དོན་དང་ལྡན་པ་དེ་དག་ཡང་དག་པར་སྟོན་ཅིང་འགྲེལ་ལ་གསལ་བར་མཛད་པ་ནི། དེ་བཞིན་གཤེགས་པའི་མཛད་པ་བཅུ་པ་སྟེ། དེ་ནི་དེ་བཞིན་གཤེགས་པས་རྣམ་པ་ཐམས་ཅད་དང༌། མཆོག་མཁྱེན་པས་སྒྲུབ་པར་མཛད་དེ། དེ་ལྟར་ན་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུ་པོ་འདི་དག་གིས་དེ་བཞིན་གཤེགས་པའི་མཛད་པ་བཅུ་མཛད་ཅིང༌། སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་དོ། །རྒྱས་པར་དབྱེ་བ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་བར་དུ་ཡང་སངས་རྒྱས་ཀྱི་ཕྲིན་ལས་འདི་ཉིད་ཀྱི་གྲངས་བཅད་པར་སླ་བ་མ་ཡིན་ནོ། །འདི་ནི་དེ་བཞིན་གཤེགས་པའི་གནས་པ་དང༌། དེ་བཞིན་གཤེགས་པའི་ས་འདི་ནི་རབ་ཏུ་གནས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལ་བརྟེན་འདི་ལ་རབ་ཏུ་གནས་ནས་འདི་འདོད་པའི་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའི་བསླབ་པ་དག་ལ་སློབ་པ་དང༌། རབ་ཏུ་གནས་པ་དེ་ཐོབ་ནས་ཀྱང་དེ་ཉིད་ལ་བརྟེན། དེ་ཉིད་ལ་རབ་ཏུ་གནས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་སྒྲུབ་པར་མཛད་དེ། དེ་ལྟ་བས་ན་རབ་ཏུ་གནས་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་འདི་དག་ཐམས་ཅད་ནི་ཤིན་ཏུ་གཞན་གྱི་དོན་བྱ་བ་དང༌། མཐུན་པ་དང༌། གཞན་གྱི་དོན་བྱ་བས་རབ་ཏུ་ཕྱེ་བ་ཡིན་གྱི། ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱི་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟ་བས་ན་དེའི་དེ་དག་ལ་མ་འདྲེས་པ་ཞེས་བྱའོ། །སངས་རྒྱས་ཀྱི་གང་དག་ཐམས་ཅད་ཀྱི་ཐམས་ཅད་དུ་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ལ་དམིགས་པ་དེ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། ཐུགས་རྗེ་ཆེན་པོ་དང༌། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང༌། བག་ཆགས་ཡང་དག་པར་བཅོམ་པ་དང༌། རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པའོ། །གང་དག་དམིགས་པ་དེ་དག་ཀྱང༌། རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་ནི་ཐམས་ཅད་ཀྱང་དམིགས་ལ། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་དང༌། ཤིན་ཏུ་འདས་པ་དང༌། ཆེས་གྱ་ནོམ་པ་ཡིན་ནོ། །དེ་ལྟ་བས་ན་དེའི་མ་འདྲེས་པ་ཞེས་བྱའོ། །འབའ་


DTG129_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གི་དོན་ནི་མ་འདྲེས་པའི་དོན་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་འདིས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་ལམ་ཡོངས་སུ་རྫོགས་པ་དང༌། བསླབ་པའི་ལམ་གྱི་འབྲས་བུ་ཡང་བསྟན་ཏེ། བྱང་ཆུབ་སེམས་དཔའི་བསླབ་པའི་ལམ་ཐམས་ཅད་དང༌། བསླབ་པའི་ལམ་གྱི་འབྲས་བུ་རྣམ་པ་ཐམས་ཅད་ཀྱིས་བསྟན་པའི་གནས་སུ་གྱུར་པ་ཡང་ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་འདི་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་ཞེས་ཀྱང་བྱའོ། །ཐེག་པ་ཆེན་པོ་བསྡུས་པ་ཞེས་ཀྱང་བྱའོ། །ཆུད་ཟ་བ་དང་ཆུད་ཟ་བ་མ་ཡིན་པའི་ལམ་འགྲེལ་པ་ཞེས་ཀྱང་བྱའོ། །སྒྲིབ་པ་མེད་པའི་ཡེ་ཤེས་རྣམ་པར་དག་པའི་རྩ་བ་ཞེས་ཀྱང་བྱའོ། །ལྷ་དང་མིར་བཅས་པའི་འཇིག་རྟེན་གྱི་ནང་ནས་ལྷར་གྱུར་པའམ། མིར་གྱུར་པའམ། དགེ་སྦྱོང་ངམ། བྲམ་ཟེ་གང་ལ་ལས་བྱང་ཆུབ་སེམས་དཔའི་ས་འདི་ལ་བརྟན་པོར་མོས་པ་བསྐྱེད་ནས། འདི་ཉན་པའམ། ལེན་པ་དང༌། འཛིན་པའམ། བསྒོམ་པའི་རྣམ་པས་སྦྱོར་བར་བྱེད་དམ། གཞན་དག་ལ་རྒྱས་པར་སྟོན་པར་བྱེད་དམ། ཐ་ན་ཡི་གེར་འདྲིར་བཅུག་སྟེ། འཆང་བ་དང༌། མཆོད་པ་དང༌། བཀུར་སྟི་ཡང་བྱེད་པ་དེ་ལ་ནི་མདོར་བསྡུ་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་དུ་གཏོགས་པའི་མདོ་སྡེ་ཉན་པ་ལ་སོགས་པའི་ལས་ཀྱི་བསོད་ནམས་ཀྱི་ཕུང་པོ་བཅོམ་ལྡན་འདས་ཀྱིས་གསུངས་ཤིང་གསལ་བར་མཛད་དེ། བཀྲོལ་ཞིང་བརྟགས་ནས་བསྟན་བསྟན་པ་ཇི་སྙེད་པ་དེ་སྙེད་ཀྱི་བསོད་ནམས་ཀྱི་ཕུང་པོར་གྱུར་པར་རེ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའི་ས་འདིར་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་དུ་བསྟན་པ་དང༌། བཤད་པའི་སྒོ་རྣམས་བསྡུས་ཤིང་བཤད་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའི་ས་འདིར་ཆོས་འདུལ་བ་རྒྱས་པར་བསྟན་པ་གང་ཡིན་པ་དེ་ལུང་ནོད་པ་དང༌། ཁ་ཏོན་བྱེད་པ་དང༌། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ནན་ཏན་དུ་སྒྲུབ་པ་དག་གིས་ཇི་སྲིད་དུ་ཡུན་རིང་དུ་གནས་ཤིང་རྒྱ་ཆེར་འཕེལ་ལ། རྒྱས་པར་འགྱུར་བ་དེ་སྲིད་དུ་དམ་པའི་ཆོས་ནུབ་བར་བྱེད་པའི་དམ་པའི་ཆོས་ལྟར་བཅོས་པ་རྣམས་འཕེལ་བར་མི་འགྱུར་རོ། །ནམ་དམ་པའི་ཆོས་ལྟར་བཅོས་པ་རྣམས་འཕེལ་བར་འགྱུར་པ་དེ་ཕྱིན་ཆད་ནི་དེའི་དམ་པའི་ཆོས་ཡང་དག་པར་དོན་དང་ལྡན་


DTG129_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ནུབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ཐ་མ་ལས། རབ་ཏུ་གནས་པའི་ལེའུ་སྟེ་དྲུག་པའོ།། །།གཞིའི་རྣལ་འབྱོར་གྱི་གནས་ཐ་མ་རྫོགས་ཏེ་བྱང་ཆུབ་སེམས་དཔའི་ས་རྫོགས་ཤོ།། །།དེ་ལ་བྱང་ཆུབ་སེམས་དཔའི་སའི་གོ་རིམས་ནི་འདི་ཡིན་ཏེ། རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་དོ། །སེམས་བསྐྱེད་ནས་བདག་དང་གཞན་གྱི་དོན་ལ་སྦྱོར་རོ། །བདག་དང་གཞན་གྱི་དོན་ལ་སྦྱོར་བ་ཀུན་ནས་ཉོན་མོངས་པ་མེད་པར་བྱ་བའི་ཐབས་རྙེད་པར་འགྱུར་རོ། །ཀུན་ནས་ཉོན་མོངས་པ་མེད་ན་མི་སྐྱོ་བར་བྱ་བའི་ཐབས་རྙེད་པར་འགྱུར་རོ། །སྐྱོ་བ་མེད་པའི་དགེ་བའི་རྩ་བ་འཕེལ་བར་བྱ་བའི་ཐབས་རྙེད་པར་འགྱུར་རོ། །དགེ་བའི་རྩ་བ་རྣམས་ཀྱིས་རྒྱས་པར་གྱུར་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། བདག་དང་གཞན་གྱི་དོན་ལ་སྦྱོར་བ་དང༌། ཀུན་ནས་ཉོན་མོངས་པ་མེད་པར་བྱ་བའི་ཐབས་དང༌། མི་སྐྱོ་བའི་ཐབས་དང༌། དགེ་བའི་རྩ་བ་འཕེལ་བའི་ཐབས་དང༌། བྱང་ཆུབ་ཐོབ་པར་བྱ་བ་ལ་སྒྲུབ་པ་ན། ཐོག་མ་ཁོ་ནར་ཟབ་ཅིང་རྒྱ་ཆེ་བའི་ཆོས་རྣམས་ལ་མོས་པ་འཇོག་གོ །དེ་ལ་མོས་ན་ཆོས་དེ་དག་ཡོངས་སུ་ཚོལ་ལོ། །ཡོངས་སུ་བཅལ་ནས་གཞན་དག་ལ་ཡང་སྟོན་ཅིང༌། བདག་ཉིད་ཀྱིས་ཀྱང་ནན་ཏན་གྱིས་སྒྲུབ་པར་བྱེད་དོ། །བསྒྲུབས་ནས་ཀྱང་གང་གིས་དང༌། གང་དུ་དང༌། གང་གི་ཕྱིར་བསྒྲུབ་པར་བྱ་བ་དེས་དེར་དེའི་ཕྱིར་སྒྲུབ་པོ། །དེས་དེར་དེའི་ཕྱིར་སྒྲུབ་པ་ན་ཅི་ནས་བསོད་ནམས་སོགས་པ་དང༌། ཡེ་ཤེས་སོགས་པར་གྱུར་པ་དེ་ལྟ་བུར་སྒྲུབ་པོ། །བསོད་ནམས་དང་ཡེ་ཤེས་བསགས་ནས་འཁོར་བ་མི་སྤང་བའི་ཐ་བས་སྒྲུབ་པོ། །དེ་ལ་སྒྲུབ་པ་ན་འཁོར་བའི་ཀུན་ནས་ཉོན་མོངས་པ་མེད་པར་སྒྲུབ་བོ། །དེ་ལ་སྒྲུབ་པ་ནི་བདག་གི་བདེ་བ་ལ་ལྷག་པར་ཆགས་པ་མེད་པར་སྒྲུབ་པོ། །དེ་ལ་སྒྲུབ་པ་ནི་འཁོར་བའི་སྡུག་བསྔལ་གྱིས་ཡོངས་སུ་མི་སྐྱོ་བར་སྒྲུབ་པོ། །དེས་ཡོངས་སུ་མི་སྐྱོན་བསྟན་བཅོས་རྣམས་ལ་བརྟེན་ནས། བསྟན་བཅོས་ཐམས་ཅད་ལ་མི་འཇིགས་པར་འགྱུར་རོ། །བསྟན་བཅོས་ཤེས་ན་སུ་ལ་གང་ཅི་ལྟར་བསྟན་པར་བྱ་བ་དེ་ཤེས་པས། འཇིག་རྟེན་ཤེས་པར་


DTG129_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་ལྟར་བསྟན་བཅོས་ཤེས་ཤིང་འཇིག་རྟེན་ཤེས་ན། ཚུལ་བཞིན་དུ་ཆོས་རྣམས་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལྟར་ཚོལ་བས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་ནུས་པར་འགྱུར་རོ། །དེ་ལྟར་ནུས་ན་གཞན་གྱི་ཐེ་ཚོམ་གཅོད་པས་བསོད་ནམས་ཀྱིས་མངོན་པར་སྐྱེ་ཞིང་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་དོ། །བདག་ཉིད་ཀྱང་ཡེ་ཤེས་ལས་མངོན་པར་སྐྱེ་བས་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་དོ། །ཚོགས་ཡོངས་སུ་རྫོགས་ན་བདེན་པའི་རྣམ་པས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་བསྒོམ་པ་ལ་སྦྱོར་བར་འགྱུར་ཞིང་བསྒོམ་པའི་ཐབས་རབ་ཏུ་ཤེས་སོ། །དེ་ལྟར་བརྩོན་ན་བསྒོམ་པ་དེས་ཐེག་པ་ཆེན་པོའི་ཡོངས་སུ་མྱ་ངན་ལས་འདས་པར་ཡོངས་སུ་སྔོ་བར་བྱེད་དེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདས་པར་ནི་མ་ཡིན་ནོ། །དེ་ལྟར་ཐབས་ལ་མཁས་པས་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གསུངས་པ་ཐོས་པ་ཡང་འཛིན་པར་འགྱུར་ལ། སྔོན་མ་ཐོས་པའི་ཆོས་རྣམས་ཀྱང་བསྒོམ་པའི་སྟོབས་ཀྱིས་དེ་ལ་རྣམ་པ་ཐམས་ཅད་དུ་སྣང་བར་འགྱུར་རོ། །དེ་ལ་གཟུངས་དང་སྤོབས་པ་དང་ལྡན་པས་རྣམ་པར་ཐར་པའི་སྒོ་གསུམ་གྱིས་དམིགས་པ་ཐམས་ཅད་སྤངས་པའི་ཕྱིར་སྒྲུབ་བོ། །དེ་ལ་སྒྲུབ་ན་བདག་དང་གཞན་རྣམས་ཀྱི་ཕྱིན་ཅི་ལོག་གི་མངོན་པའི་ང་རྒྱལ་སྤོང་བ་ལ་ཞུགས་པ་ཡིན་ཏེ། འདི་ནི་དེའི་རྣམ་པ་ཐམས་ཅད་དུ་སྒྲུབ་པ་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་ཞུགས་པ་དེ་ནི་སྒྲུབ་པའི་ཡོན་ཏན་གྱི་ཁྱད་པར་དང༌། ཕན་ཡོན་གྱི་ཡོན་ཏན་གྱི་ཁྱད་པར་གྱིས་སེམས་ཅན་ཐམས་ཅད་དང༌། ཉན་ཐོས་དང༌། རང་སངས་རྒྱས་རྣམས་ལ་ཁྱད་པར་དུ་འཕགས་པར་འགྱུར་རོ། །དེ་ལ་སྒྲུབ་པའི་ཡོན་ཏན་གྱི་ཁྱད་པར་ནི་བྱང་ཆུབ་སེམས་དཔའ་ནི་བདག་དང་གཞན་ལ་ཕན་པའི་ཕྱིར་ཞུགས་པ་དག་གཞན་གྱི་དོན་རང་གིས་དགོས་པ་ཡིན་ཏེ། ཉན་ཐོས་དང༌། རང་སངས་རྒྱས་ནི་དེ་ལྟར་གཞན་གྱི་དོན་བདག་གིས་དགོས་པ་མ་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཡིན་ཏེ། སེམས་སྙོམས་པས་ན་རྟག་ཏུ་ཕན་འདོགས་པའི་ཕྱིར་འཇུག་ལ། ལན་དུ་ཕན་འདོགས་པ་ལ་ཡང་རེ་བ་མེད་དོ། །དེ་ལྟར་བརྩོན་


DTG129_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་རྟག་ཏུ་དེ་དག་ལ་ཕན་པ་དང་བདེ་བར་འདོད་དོ། །དེ་ལྟར་ཕན་པ་དང༌། བདེ་བའི་བསམ་པ་དང་ལྡན་པ་ནི་དེ་དག་ལ་འབྲས་བུ་ཡོད་པར་སྦྱོར་བར་བྱེད་དོ། །དེ་ལྟར་ན་འདིས་ནི་གོང་ནས་གོང་དུ་སྒྲུབ་པའི་ཡོན་ཏན་གྱི་ཁྱད་པར་བསྒྲུབས་སོ། །དེ་ལ་ཕན་ཡོན་གྱི་ཡོན་ཏན་གྱི་ཁྱད་པར་ནི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་རྣམས་ལུང་བསྟན་པ་ཐོབ་ཀྱི། ཉན་ཐོས་དང༌། རང་སངས་རྒྱས་རྣམས་ནི་མ་ཡིན་ནོ། །ལུང་བསྟན་ན་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་ཏེ། དེ་ལ་གནས་ན་ངེས་པར་བྱ་བ་དང༌། རྟག་ཏུ་བྱ་དགོས་པ་ལ་བརྗེད་པ་མེད་པའི་ཆོས་ཉིད་ཐོབ་པར་འགྱུར་རོ། །དེ་ལྟར་བརྗེད་པ་མེད་པའི་ཆོས་ཉིད་དུ་གྱུར་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གདགས་པས་འདོགས་པར་མཛད་དོ། །བྱ་བ་ཐམས་ཅད་ཀྱང་ཡོངས་སུ་ཉམས་པར་མི་བྱེད་དོ། །མ་ཐོབ་པའི་ཡོངས་སུ་ཉམས་པས་ཀྱང་ཡོངས་སུ་ཉམས་པར་མི་འགྱུར་རོ། །ཡོངས་སུ་མ་ཉམས་ན་རྟག་ཏུ་རྒྱུན་མི་འཆད་པར་དགེ་བའི་ཆོས་རྣམས་ཀྱིས་རྟག་ཏུ་སྐྱེ་བར་འགྱུར་ཏེ། ཟླ་བ་ཡར་གྱི་ངོ་བཞིན་དུ་སྐྱེ་བ་ན་ཡང་དག་པའི་བྱང་ཆུབ་སེམས་དཔར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ལྟར་བཅོས་པ་མ་ཡིན་ནོ། །ཡང་དག་པའི་བྱང་ཆུབ་སེམས་དཔར་གྱུར་ན་རྣམ་པ་ཐམས་ཅད་དུ་འདུལ་བའི་ཐབས་ཐམས་ཅད་ཤེས་སོ། །ཤེས་པར་གྱུར་ན་གང་ལ་ཡོངས་སུ་བཙལ་བ་དང༌། གང་ཡོངས་སུ་བཙལ་བ་དང༌། གང་གིས་ཡོངས་སུ་བཙལ་བ་རྣམ་པར་གཞག་པ་ཐམས་ཅད་ལ་མཁས་པར་འགྱུར་རོ། །ཡོངས་སུ་བཅལ་བ་ཡང་གང་གིས་མཐར་ཐུག་པར་གྱུར་པ་དེ་རྣམ་པར་འཇོག་པར་མཛད་དོ། །རྣམ་པར་གཞག་པ་ལ་མཁས་ན་གདམས་ངག་ལ་མཁས་པར་འགྱུར་རོ། །གདམས་ངག་ལ་མཁས་པ་ན་དམིགས་པ་ཚད་མེད་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཐོབ་པར་འགྱུར་རོ། །ཏིང་ངེ་འཛིན་དེ་ཐོབ་པས་འབྲས་བུ་ཡོད་པའི་ཆོས་སྟོན་པར་འགྱུར་རོ། །རྣམ་པ་སྣ་ཚོགས་ཀྱིས་སྟོན་པ་འབྲས་བུ་དང་བཅས་པར་བྱེད་དོ། །ཐེག་པ་ཆེན་པོས་ངེས་པར་འབྱུང་བར་ཡང་འགྱུར་རོ། །ཐེག་པ་ཆེན་པོས་ངེས་པར་འབྱུང་ན་ཐེག་པ་ཆེན་པོ་སྡུད་པར་ཡང་འགྱུར་རོ། །ཐེག་པ་ཆེན་པོས་ངེས་པར་འབྱུང་བའི་གནས་


DTG129_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་དེ་དང་དེར་མིང་དེ་དང་དེ་ཐོབ་པར་འགྱུར་ལ། འཇིག་རྟེན་ཐམས་ཅད་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ཐུན་མོང་དུ་གྱུར་པའི་མིང་འདོགས་ཤིང་བསྟོད་པར་ཡང་མཛད་དེ། འདི་དག་ནི་ཕན་ཡོན་གྱི་ཁྱད་པར་ཡིན་པར་རིག་པར་བྱའོ། །དེ་ལྟ་བུའི་མིང་ཅན་ནི་བྱང་ཆུབ་སེམས་དཔའི་རྟགས་རྣམས་ཡིན་ཏེ་རྟགས་གང་དག་གིས་རྟགས་དེ་དང་ལྡན་ན་སྒྲུབ་པ་དེ་ཁྱིམ་པའི་ཕྱོགས་དང༌། རབ་ཏུ་བྱུང་བའི་ཕྱོགས་ལ་ཡང་རྣམ་པ་ཐམས་ཅད་དུ་སྒྲུབ་པར་བྱེད་དོ།། གཉི་གའི་ཕྱོགས་ལ་ཡང་སྒྲུབ་པར་བྱེད་ན་སྒྲུབ་པ་སྙིང་པོར་བྱེད་པ་གཅིག་ཏུ་ངེས་པར་དགེ་བའི་ཕྱོགས་ལ་ལྷག་པའི་བསམ་པ་ཅན་དུ་འགྱུར་ཏེ། དེ་ལྟ་བུའི་བསམ་པས་ཇི་སྲིད་གནས་ཀྱི་བར་དུ་ཁྱིམ་པ་ཡོངས་སུ་གཟུང་བའམ། རབ་ཏུ་བྱུང་བ་ཡོངས་སུ་གཟུང་བ་དགེ་བའི་ཕྱོགས་ལ་འཛུད་པར་བྱེད་དོ། །དེ་ཕྱིན་ཆད་ནི་གང་དུ་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་དང་འགྲོགས་པར་འགྱུར་བ་དང༌། སེམས་ཅན་གྱི་དོན་དུ་བསམས་བཞིན་དུ་སྐྱེ་བ་འཛིན་ཏོ། །དེ་ལ་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟག་ཏུ་རྒྱུན་མི་འཆད་པར་གདམས་ངག་གིས་ཉེ་བར་བརྟེན་ཏེ་དགེ་བའི་ཕྱོགས་ཀྱི་ཁྱད་པར་ཐོབ་པའི་གནས་སྐབས་ཉམས་སུ་མྱོང་བར་འགྱུར་རོ། །དེ་ཉམས་སུ་མྱོང་བའི་ཕན་ཡོན་གཟུང་བས་ཁྱད་པར་ཐོབ་པའི་གནས་སྐབས་དེར་ཁྱིམ་གྱི་ཚུལ་གྱིས་འཇུག་གོ །གནས་སྐབས་དེར་བློ་གནས་ན་གོང་ནས་གོང་དུ་མཐར་ཐུག་པར་འགྲོ་བའི་བར་དུ་ཁྱད་པར་གྱི་གནས་སྐབས་རྣམས་ལ་རྣམ་པ་ཐམས་ཅད་དུ་རྟུལ་བར་བྱེད་ཅིང་ཆོག་མི་ཤེས་སོ། །དེ་ལྟར་བརྟུལ་ན་མཐར་ཐུག་པའི་གནས་ཐོབ་པར་འགྱུར་ཏེ། དེ་ཕྱིན་ཆད་ཡང་ཡོངས་སུ་བཙལ་དུ་མེད་དེ་བླ་ན་མེད་པ་ཐོབ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སའི་གོ་རིམས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།ཤློ་ཀ་དྲུག་སྟོང་བདུན་བརྒྱ་ལྔ་བཅུ་ཡོད་དོ།།