Nitartha Digital Library
Tibetan
 
previousབྱང་ཆུབ་སེམས་དཔའི་སའི་འགྲེལ་པ། ཡོན་ཏན་འོད།next

བྱང་ཆུབ་སེམས་དཔའི་སའི་འགྲེལ་པ།
ཡོན་ཏན་འོད།


DTG132_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བོ་དྷི་སཏྭ་བྷཱུ་མི་བྲྀ་ཏྟི། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སའི་འགྲེལ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཕྱག་འཚལ་ལོ། །སེམས་ཅན་ཀུན་ལ་ཕན་འདོད་པས། །མ་མོ་གང་ཞིག་ཤེས་པ་དེ། །ཤེས་བྱའི་ཕ་རོལ་མཐར་འགྲོ་བ། །དེ་ཡི་བཤད་པ་བརྩམས་པར་བྱ། །ཚིགས་སུ་བཅད་པ་འདི་བརྩམས་པའི་དགོས་པ་གང་ཞེ་ན། དགོས་པ་མཐོང་བའོ། །དགོས་པའི་དོན་གང་དོན་ཆེན་པོའི་དོན་མཐོང་བ་སྟེ། བསྟན་བཅོས་དོན་ཆེན་མཐོང་ནས་ནི། །མཉན་པ་དང་ནི་གཟུང་བའི་ཕྱིར། །ཐོས་འདོད་གུས་པར་གྱུར་བ་ནི། །དང་པོ་ཚིག་གིས་དགོས་པ་ཡིན། །ཞེས་གསུངས་པས་སོ། །མ་མོའི་དོན་ཆེན་པོ་མཐོང་བས། ཚིགས་སུ་བཅད་པ་འདི་ཡང་དོན་ཆེ་བ་ཉིད་ཀྱིས། ཡང་འདི་ཉིད་ཀྱི་དོན་ཆེ་བའི་ངོ་བོ་ནི་བརྗོད་པར་བྱ་བ་མ་ཡིན་ནོ། །འགྲོ་བ་ཞེས་བྱ་བ་ནི་འཐོབ་པའོ། །ཡང་ན་རྟོགས་པ་སྟེ། ཡེ་ཤེས་མཐོང་བའི་དོན་དུ་འགྲོ་བས་སོ། །ཚིག་གཅིག་ལ་ཡང་ངེས་པར་བཟུང་བ་མཐོང་བའི་ཕྱིར་ཏེ། འདི་ལྟ་སྟེ་ཆུ་འཐུང་དང་རླུང་ཟ་ཞེས་བྱ་བ་ལྟ་བུས་ན། འགྲོ་བ་ཞེས་བྱ་བ་ངེས་པར་གཟུང་བའི་དོན་དུ་རྟོགས་པར་བྱའོ། །གཞན་དུ་ན་ཚིག་ལ་ནུས་པ་མེད་པར་འགྱུར་རོ། །འགྲོ་བ་ནི་སོང་བར་གྱུར་པ་དང༌། འོང་བར་འགྱུར་བ་དང༌། འགྲོ་བ་སྟེ། འདི་ལྟ་སྟེ། རི་ནི་གནས་སོ་ཞེས་བྱ་བ་ལྟ་བུའོ། །ཤེས་བྱ་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །དེའི་མཐའ་ནི་ཤེས་བྱའི་མཐའོ། །འདིར་པ་རིའི་རི་ཉེ་བར་བསྒྱུར་བ་ནི་ཁྱབ་པ་དང་ཀུན་ངུའི་དོན་ཏེ། ཀུན་དང་ཁྱབ་པའི་མཐའ་ནི་པ་རི་ཨན་ཏ་སྟེ། མཐར་འགྲོ་བའོ། །གང་ཞིག་ཤེས་པ་ཞེས་བྱ་བ་ནི་གང་དེ་ཤེས་པས་ཡིན་གྱི། གཞན་གྱིས་ནི་མ་ཡིན་ལ་ཤེས་པ་ཡིན་གྱི་མི་ཤེས་པ་ནི་མ་ཡིན་ནོ། །གང་ཞིག་ཤེས་པས་ཤེས་བྱའི་ཕ་རོལ་མཐར་འགྲོ་བ་དེ་གང་ཡིན་ཞེ་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་རྒྱས་པ་སྟེ། ཤེས་བྱའི་ཕ་རོལ་མཐར་འགྲོ་བ་གཞན་དག་ལ་མ་མཐོང་བའི་ཕྱིར་རོ། །དེའི་མ་མོས་ནི་ཤིན་ཏུ་རྒྱས་པའི་མཚན་ཉིད་ཅན་གྱི་ཤིན་ཏུ་རྒྱས་པའི་སྡེ་སྣོད་ཀྱི་མ་མོ་ཞེས་བྱ་བ་སྟེ། མ་མོ་དང་འདྲ་བས་ན་མ་མོའོ། །ཇི་ལྟར་ཡི་གེའི་མ་མོ་མ་གཏོགས་པའི་བསྟན་བཅོས་མི་དམིགས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་སར་བསྟན་པའི་མཚན་ཉིད་དང་བྲལ་བའི་ཤིན་ཏུ་རྒྱས་པའི་སྡེ་སྣོད་མ་


DTG132_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བའི་ཕྱིར་རོ། །དེའི་ཞེས་བྱ་བ་ནི་མ་མོའིའོ། །གང་གིས་ཅི་ཙམ་ཞེ་ན། སྨྲས་པ། སེམས་ཅན་ཀུན་ལ་ཕན་འདོད་པས་སོ། །སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པ་ནི་ལེགས་པར་བྱེད་པ་སྟེ། སེམས་ཅན་ཀུན་ལ་ཕན་པར་འདོད་པའོ། །ཇི་ལྟ་བུའི་ཕན་པ་ཞིག་ཅེ་ན། བཤད་པ་མ་མོའི་དོན་བསྟན་པའོ། །དེ་བསྟན་པས་ཀྱང་རྒྱ་ཆེན་པོའི་སྡེ་སྣོད་ཀྱང་བསྟན་པར་འགྱུར་བས་ཚིགས་སུ་བཅད་པ་འདིའི་བསྡུས་པའི་དོན་ནི་དེ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སའི་སྡེ་འདིའི་བསྡུས་པའི་དོན་ནི། རྣལ་འབྱོར་གྱི་གཞིའི་གནས་དང༌། རྣལ་འབྱོར་གྱི་གཞིའི་བདག་ཉིད་ཀྱི་གནས་དང༌། རྣལ་འབྱོར་གྱི་གཞིའི་མཐའི་གནས་སོ། །རྣལ་འབྱོར་གྱི་གཞིའི་གནས་ནི་ལེའུ་བཅོ་བརྒྱད་དོ། །རྣལ་འབྱོར་གྱི་གཞིའི་སྒྲུབ་པའི་ཆོས་ནི་ལེའུ་བཞིའོ། །རྣལ་འབྱོར་གྱི་གཞིའི་མཐའ་ནི་ལེའུ་ལྔ་སྟེ། གང་དེ་ནི་ཆོས་བཅུ་པོ་འདི་དག་ནི་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་སྡུད་པར་བྱེད་པ་ཡིན་ནོ། །བཅུ་གང་ཞེ་ན། གཞི་དང༌། རྟགས་དང༌། ཕྱོགས་དང༌། ལྷག་པའི་བསམ་པ་དང༌། གནས་པ་དང༌། སྐྱེ་བ་དང༌། ཡོངས་སུ་འཛིན་པ་དང༌། ས་དང༌། སྤྱོད་པ་དང༌། རབ་ཏུ་གནས་པའོ་ཞེས་བྱ་བའོ། །གྲངས་བཅུར་བསྡུས་པ་ནི་གྲངས་ངེས་པར་གཟུང་བའི་དོན་ཏེ། བཅུ་ལས་མི་མང་ཞིང་མི་ཉུང་ངོ༌། །ཐེག་པ་ཆེན་པོ་སྡུད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ལ། ཕྱིན་པར་བྱེད་པས་ན་ཐེག་པའོ། །དེ་ནི་ཐེག་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ཐེག་པ་ཆེན་པོ་སྟེ། འཆད་བར་འགྱུར་བའི་ཆེན་པོ་ཉིད་རྣམ་པ་བདུན་གྱི་ཚུལ་གྱིས་སོ། །རབ་ཏུ་གནས་པའི་ལེའུ་ནི་འབྲས་བུ་ཉིད་ཡིན་པས་ན། ཐེག་པ་ཆེན་པོར་མ་བསྡུས་པས་དེས་ན་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་ཞེས་བསྟན་ཏོ། །འདིས་ཐོབ་པར་བྱེད་པས་ན་ལམ་མམ་ཐོབ་པར་བྱ་བས་ན་ལམ་སྟེ། འདི་ལྟར་ཡེ་ཤེས་དང་ཐོབ་པར་བྱ་བའི་འབྲས་བུ་ནི་ལམ་ཞེས་བསྟན་པར་འགྱུར་རོ། །དེ་ལྟ་བུའི་མཚན་ཉིད་ཅན་གྱིས་ཐེག་པ་ཆེན་པོས་ནི་རབ་ཏུ་གནས་པའི་ལེའུ་ཡང་འདི་ལྟར་བསྡུས་པར་འགྱུར་རོ། །འདིས་འཛིན་པར་བྱེད་པས་ན་རྟེན་ཏེ། གང་གི་ཕྱིར་བརྟེན་པ་ལ་ལྟོས་ནས་རྟེན་ཉིད་ཡིན་ན། གང་གི་རྟེན་ཡིན་ཞེས་བརྟེན་པ་འདྲི་བས། དེ་ལྟ་བས་ན་སྐལ་བ་དང་ལྡན་པ་ཞེས་སྨྲས་སོ། །དེ་བཞིན་དུ་གཞན་ལ་


DTG132_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྦྱར་བར་བྱའོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་ཞེས་ཅིའི་ཕྱིར་བརྗོད། འདི་ལྟར་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་ཅེས་མི་བརྗོད་ཅེ་ན། རྣམ་པ་ཐམས་ཅད་ཤིན་ཏུ་གནས་གྱུར་བའི་མཚན་ཉིད་ཅན་ནི་བྱང་ཆུབ་ཡིན་ལ། སྦྱིན་པ་ལ་སོགས་པའི་སྦྱོར་བ་ཙམ་གྱིས་ནི་མི་ཐོབ་བོ། །འོན་ཀྱང་སྦྱིན་པ་ལ་སོགས་པའི་རིམ་གྱིས་གང་གློ་བུར་བའི་དྲི་མ་བསལ་ནས། མཐར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཡང་དག་པར་བརྟེན་པའི་ལམ་ནི་བྱང་ཆུབ་བོ། །གང་ཟག་རིགས་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་གཞུང་གིས་ཅི་ཞིག་བསྟན། རིགས་ལ་གནས་པའི་རྟེན་རྣམས་ཡོད་ན་ཡང་རིགས་ཉིད་གཙོར་བརྟེན་ཞེས་རབ་ཏུ་བསྟན་ཏེ། རིགས་མེད་ན་གཞན་ཡོད་ན་ཡང་རྣམ་པ་ཐམས་ཅད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་མེད་པ་ཉིད་ཡིན་ལ། རིགས་ཡོད་ན་ནི་དུས་གཞན་ན་སེམས་བསྐྱེད་པ་ལ་སོགས་པ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་རོ། །རིགས་ཇི་ལྟ་བ་བཞིན་དུ་དང་པོ་སེམས་བསྐྱེད་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱང་དེ་བཞིན་ནོ། །ཅི་ལྟར་རིགས་ལ་གཞི་ཞེས་བརྗོད་ཅིང་ཉེ་བར་རྟོག་པ་ལ་སོགས་པ་བརྗོད་པ་ལྟར། དང་པོ་སེམས་བསྐྱེད་པ་ལ་ཡང་གཞི་དང་རྟོག་པ་ལ་སོགས་པར་བརྗོད་དོ། །དེ་ལ་ཡང་རིགས་ཞེས་བྱ་བ་ནི། རང་བཞིན་གྱིས་གནས་པའི་རིགས་སོ། །འབྲས་བུ་མེད་པས་ཆ་ཕྲ་བ་ཞེས་བྱ་བ་ནི། །འབྲས་བུ་མི་དམིགས་པའི་དོན་ཏོ། །འབྲས་བུ་ལ་ལྟོས་ནས་རིགས་ཡོད་པར་ཤེས་ཀྱི་གཞན་དག་ཏུ་ནི་མ་ཡིན་ནོ། །བདག་ལ་ཕན་པའི་ཕྱིར་ཞུགས་པ་ཞེས་བྱ་བ་ལ་སོགས་པ་ལ། དགེ་བ་ལ་སྤྱོད་པ་ནི་ཕན་པ་ཞེས་བརྗོད་དོ། །བདེ་བ་ནི་གནོད་པ་མ་ཡིན་བའོ། །སྙིང་བརྩེ་བ་ནི་འདི་ན་ལ་ལ་མི་གནོད་པའི་དགེ་བ་ལ་སྤྱོད་པས་གཞན་དག་ལ་བརྩེ་བའོ། །འདོད་པར་བྱ་བ་ཉིད་དང་དོན་དང་ལྡན་པ་ཉིད་ཀྱིས་དོན་ཡིན་ལ་གང་འདོད་པར་བྱ་བ་ཉིད་དང་ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱིས་ཕན་པ་དང་བདེ་བའོ། །གང་དག་དགེ་བ་སྤྱོད་པ་ལ་འཇུག་པ་རྣམས་ནི་མི་སྟེ། རྒྱལ་རིགས་ལ་སོགས་པའོ། །གང་དག་སངས་རྒྱས་འབྱུང་བ་དང༌། ལེགས་པར་གསུངས་པའི་ཆོས་དང༌།


DTG132_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་སྤྱོད་པའི་དགེ་འདུན་ལ་མང་དུ་ཞུགས་པས་ཕན་པ་འབྱུང་བར་འགྱུར། བདེ་བ་འབྱུང་བར་འགྱུར་ཞེས་གསུངས་སོ། །ཡང་དེ་ནི་བདག་ལ་ཕན་པ་དང་བདེ་བ་བྱས་ནས་འཇིག་རྟེན་ལ་སྙིང་བརྩེ་པས། འདི་སྙམ་དུ་སེམས་པར་འགྱུར་ཏེ། ཇི་ལྟར་གཞན་དག་ལ་ཕན་པ་དང༌། བདེ་བ་དང༌། ལྡན་པར་བྱ་སྙམ་མོ། །གཞན་དག་ཀྱང་འདི་སྙམ་དུ་སེམས་ཏེ། ཇི་ལྟར་བདག་ཀྱང་འདི་ལྟར་འགྱུར་སྙམ་མོ། །དེས་ན་དོན་དང་ཕན་པ་དང་བདེ་བ་ཞེས་བྱའོ། །ལྷ་དང་མི་རྣམས་ཞེས་བྱ་བ་ནི། དོན་ཤེས་པ་དང༌། བསྒྲུབ་པ་ལ་ནུས་པ་དང་ལྡན་པས་ལྷ་དང་མིའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། ཟང་ཟིང་གི་སྦྱིན་པ་དང༌། ཆོས་ཀྱི་སྦྱིན་པ་དང༌། མི་འཇིགས་པའི་སྦྱིན་པའོ། །སྦྱིན་པའི་རྟགས་གསུམ་པོ་དེ་རྣམས་ལས། དེ་ལ་རེ་ཞིག་དང་པོར་ཟང་ཟིང་གི་སྦྱིན་པའི་རྟགས་ནི་ཡོད་ཅིང་བདོག་པ་ནི་རྟགས་གསུམ་སྟེ། སྦྱིན་པའི་བདག་ཉིད་ཅན་དང༌། སྦྱིན་འདོད་པའི་བསམ་པ་ཉིད་དང༌། རྟག་ཏུ་རྒྱུན་མི་འཆད་པར་བགོ་བཤའ་བྱེད་པའི་ངང་ཚུལ་ཅན་དང༌། སྦྱིན་པའི་དུས་སུ་རབ་ཏུ་དགའ་བའི་སེམས་ཀྱིས་སྟེར་བའོ། །མེད་ཅིང་མི་བདོག་ན་ཡང་ཆུང་ན་ཡང་བགོ་བཤའ་བྱེད་པ་དང༌། བསམ་པ་ནི་སྦྱིན་པར་བྱ་བའམ་མི་སྦྱིན་ཞེས་སེམས་དང་འཐབ་མོ་བྱས་ན་སྦྱིན་པ་མ་ཡིན། དེ་བཞིན་སེར་སྣའི་ཕྱོགས་ཀྱི་གཉེན་པོ་དང༌། རྒུད་པའི་གཉེན་པོས་སྦྱིན་པ་ནི་ངོ་ཚའོ་ཞེས་དེ་ལྟར་རེ་ཞིག་སྦྱིན་པ་ལ་བདག་ཉིད་སྒྲུབ་པའོ། །གཞན་ལ་སྒྲུབ་པ་ལ་ཡང་རྣམ་པ་གཉིས་ཏེ། གཞན་སྦྱིན་པ་ལ་མ་ཞུགས་པ་ལ་སྒྲུབ་པ་དང༌། སྦྱིན་པ་ལ་ཞུགས་པ་ལ་སྒྲུབ་པའོ། །སྦྱིན་པ་ལ་མ་ཞུགས་པ་ལ་ཡང་རྣམ་པ་གཉིས་ཏེ། སྦྱིན་པའི་ཕན་ཡོན་མི་ཤེས་པའི་སྐྱེ་བོ་རྨོངས་པ་དང༌། བག་མེད་ཅིང་ཞུམ་པ་སྟེ། རྨོངས་པ་རྣམས་ལ་བསྟན་པ་དང༌། བག་མེད་པའི་ངང་ཚུལ་ཅན་རྣམས་ཉེ་བར་འདུན་པར་བྱའོ། །ཡང་དག་པར་ཞུགས་པ་རྣམས་ལ་ཡིད་དགའ་བ་དང་ཡིད་བདེ་བ་སྟེ། སྦྱིན་པ་པ་ལ་ནི་ཡིད་དགའ་ལ། སྦྱིན་པ་ལ་རྗེས་སུ་ཡི་རང་བ་ནི་ཡིད་བདེ་བའོ། །ཆོས་ཀྱི་སྦྱིན་པ་ལས་བརྩམས་ནས་བསྟན་པ་བླ་མ་རྣམས་ཞེས་བྱ་བ་དེ་ལ། ཆོས་ཀྱི་ཕྱིར་སྦྱིན་པའམ། ཆོས་སྦྱིན་པའོ། །དེ་ལ་ཆོས་ཀྱི་ཕྱིར་སྦྱིན་པའི་དབང་དུ་བྱས་ནས་བླ་མ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་ལ།


DTG132_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་པོ་དང་སློབ་དཔོན་ནི་ཕ་མའོ། །རྒན་རབས་ནི་གང་རབ་ཏུ་བྱུང་བ་ཚངས་པ་མཚུངས་པར་སྤྱོད་པའམ་ལོས་རྒན་པའོ། །ཡོན་གནས་ནི་ཡོན་ཏན་དང་ལྡན་པའོ། །བཀུར་སྟི་བྱ་བར་འོས་པ་ནི་ཡོན་ཏན་དང་ལྡན་པའི་བྱེ་བྲག་གམ། ཡང་ན་གཞན་ཡང་བཀུར་སྟི་བྱ་བར་འོས་པའོ། །ཆོས་ཀྱི་སྦྱིན་པའི་དབང་དུ་བྱས་ནས། དྲིས་ཀྱང་རུང་མ་དྲིས་ཀྱང་རུང་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །མི་འཇིགས་པ་སྦྱིན་པའི་དབང་དུ་བྱས་ནས་བསྟན་པ་ནི། རྒྱལ་པོ་དང་དགྲ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། མི་འཇིགས་པ་ལ་རྗེས་སུ་སྦྱིན་པ་ལུས་སམ་ངག་གིས་བདག་གི་དངོས་པོ་ཉམས་པ་ལས་ཡོངས་སུ་བསྲུང་པའོ། །ལོངས་སྤྱོད་ཉམས་པ་ལ་མི་འཇིགས་པ་སྦྱིན་པ་ནི། གཏམས་ཞེས་བྱ་བ་ལ་སོགས་པ་ལ། འཇིགས་ནས་ཕ་རོལ་རང་གིས་གཞག་པའམ་བདག་གིས་སྐྱིན་པོར་བླངས་པ་ལ་སླུ་བར་མི་བྱེད་དེ། དེ་ཇི་ལྟར་ཆད་པའི་སྐྱེད་དང་བཅས་པར་སྦྱིན་གྱི་དོར་ཡང་མི་བྱེད་ལ། འབྲོས་པར་ཡང་མི་བྱེད་དོ། །རང་གི་རིགས་རྒྱུད་ལ་ཡང་ཞེས་བྱ་བ་ནི་གཉིས་ཀྱི་ཕན་ཚུན་ནོ། །ནོར་བུ་དང་མུ་ཏིག་དང་བཻ་ཌཱུ་ཪྻ་ཞེས་བྱ་བ་ལ་སོགས་པ་ནི་ཚོང་བ་རྣམས་ཀྱི་ཐ་སྙད་དུ་བྱ་བའོ། །ལོངས་སྤྱོད་དང་ཞུགས་པ་དང་སྦྱིན་པའི་སེམས་གསུམ་དུ་གྱུར་བའི་སྦྱིན་པ་དང༌། ལོངས་སྤྱོད་པ་དང་ཟད་པ་ཞེས་བྱ་བ་ལ། སྦྱིན་པའི་དབང་དུ་བྱས་པ་ནི་བཤད་ཟིན་ཏོ། །ལོངས་སྤྱོད་ཀྱི་དབང་དུ་བྱས་ནས་བརྗོད་པ་ནི། རང་བཞིན་གྱིས་ལོངས་སྤྱོད་རྒྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །ལོངས་སྤྱོད་དེ་ཡང་དོན་དང་ལྡན་པའི་ལོངས་སྤྱོད་དང༌། དོན་དང་མི་ལྡན་པའི་ལོངས་སྤྱོད་དོ། །དོན་དང་ལྡན་པའི་ལོངས་སྤྱོད་ཀྱི་དབང་དུ་བྱས་པ་ནི། ལོངས་སྤྱོད་དེ་ལུས་བདེ་བར་བྱེད་པའོ། །ཡིད་མགུ་བར་བྱེད་པ་ནི་ཡོངས་སུ་སྤྱོད་པ་སྟེ། ལས་ཀྱི་མཐའ་རྒྱ་ཆེན་པོ་དག་ལ་མོས་པས་སྒྲུབ་པའོ། །གང་འཇིག་རྟེན་ན་ཞུགས་པ་ཞེས་བྱ་བ་ལ་སོགས་པ་ནི། ཕྱིན་ཅི་ལོག་གི་ལོངས་སྤྱོད་དགག་པའི་དབང་དུ་བྱས་ནས་བསྟན་པའོ། །འདོད་ཆགས་དང་བྲལ་བ་ཐོབ་པར་འགྱུར་ཞེས་བྱ་བ་ནི། ཞུགས་པ་ཐོབ་པ་རྣམས་ལས་ངོ་ཚ་དང་ཁྲོལ་ཡོད་པ་བསྟན་པའོ། །མ་འོངས་པའི་ནི། ལོངས་སྤྱོད་རྒྱ་ཆེན་པོ་དག་རྙེད་ན་ཞེས་བྱ་བ་སྟེ། སྔར་གྱི་ནི་གཏང་བར་བྱ་བ་རབ་ཏུ་བསྟན་པ་ཡིན་ལ། འདི་ནི་སྦྱིན་པར་བྱ་


DTG132_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྫས་འཐོབ་པར་འགྱུར་བ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་བསྡུས་པའི་དོན་ནི། ཚུལ་ཁྲིམས་རྣམ་པ་གསུམ་གྱི་རྟགས་རྣམས་ཏེ། སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བ་ཆོས་སྡུད་པ་དང༌། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱིའོ། །དེ་ལ་སྡོམ་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས། ལུས་དང་ངག་གི་ལས་ཞེས་བྱ་བ་ལས་བརྩམས་པའོ། །མི་དགེ་བ་ཞེས་བྱ་བ་ལ་ནི་རང་ལ་མི་ཕན་པ་བྱེད་པའོ། །ཤིན་ཏུ་དྲག་པོའི་ཞེས་བྱ་བ་ནི། དེའི་མི་མཐུན་པའི་ཕྱོགས་སྤོང་བའོ། །སེམས་ཅན་ལ་ཤིན་ཏུ་གནོད་པ་མ་ཡིན་ཞེས་བྱ་བ་ནི། སྲོག་གཅོད་པ་སྤངས་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་བསྟན་པ་སྟེ། སྦྱོར་བའི་དུས་ཀྱིའོ། །བྱས་སུ་ཟིན་ཀྱང་ཞེས་བྱ་བ་ནི་མཇུག་གི་དབང་དུ་བྱས་ནས་བསྟན་པའོ། །དེ་ཡང་འཛེམ་བཞིན་དུ་ཞེས་བྱ་བ་ནི་དངོས་པོ་བཞིའི་དུས་སུའོ། །དགའ་བཞིན་པས་མ་ཡིན་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་སྤོང་བའོ། །འདི་ལྟ་བུ་ནི་རེ་ཞིག་སྲོག་གཅོད་པའི་ལས་ཀྱི་ལམ་གྱིས་བསྡུས་པའི་དབང་དུ་བྱས་པའོ། །ལག་པ་དང་བོང་པ་ཞེས་བྱ་བ་ལ་སོགས་པ་ནི། ལས་ཀྱི་ལམ་གྱིས་བསྡུས་པའི་དབང་དུ་བྱས་པ་སྟེ། རང་བཞིན་གྱིས་མཉེས་གཤིན་ཞེས་བྱ་བ་ལ་སོགས་པ་ནི་སྲོག་གཅོད་པ་ལ་ཡང་ངོ༌། །དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས། རང་བཞིན་གྱིས་ཀྱང་བསོད་ནམས་ལ་དགའ་བ་ཡིན་ཞེས་བྱ་བའི་བར་དུའོ། །སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་བཤད་པ། སེམས་ཅན་ཕན་འདོགས་པ་ཞེས་བྱ་བའི་བར་ནས། མ་བྱིན་པ་ལེན་པ་སྤོང་བའི་ཚུལ་ཁྲིམས་ཀྱི་རྟགས་ཀྱི་དབང་དུ་བྱས་ནས་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ནི་ཇི་ལྟར་རྟགས་དང་མཚན་མ་ལ་ལྟོས་ལ་སྦྱར་བར་བྱ་སྟེ། བདག་གིས་ནི་ཕྱོགས་ཙམ་བསྟན་ཏོ། །གནོད་པ་བྱེད་པ་ལ་མི་མཇེད་པའི་བཟོད་བའི་རྟགས་ནི་འདིར་རྟགས་ཞེས་བསྟན་ཏོ། །གནོད་པ་བྱེད་པ་ལ་མི་བཟོད་པ་ནི་ཤིན་ཏུ་སྨད་པའི་ཕྱིར་རོ། །གནོད་པ་བྱས་ཀྱང་མི་བཟོད་པ་མི་བྱེད་ལ་ཞེས་བྱ་བ་ནི། ལུས་དང་ངག་དག་གིས་མི་བྱེད་པའོ། །གྲོས་བཏབ་ན་ཡང་མྱུར་དུ་ཉན་པར་བྱེད་ལ་ཞེས་བྱ་བ་ནི་ལུས་དང་ངག་གིས་སོ། །ཞེ་ལ་མི་འཛིན་ཞེས་བྱ་བ་ནི་སེམས་ཀྱིས་སོ། །ཡུན་རིང་དུ་ཁོན་དུ་མི་བྱེད་ཅེས་བྱ་བ་ནི། སྨྲའམ་མི་སྨྲའང་རུང་


DTG132_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་དོན་ཏོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་རྣམས་ཀྱི་བསྡུས་པའི་དོན་ནི་རྣམ་པ་དྲུག་སྟེ། བྱང་ཆུབ་སེམས་དཔའ་བརྩོན་པ་གང་དང་ལྡན་པས། རྣམ་པ་ཐམས་ཅད་དུ་བརྩོན་འགྲུས་བརྩམས་པ་དང༌། བརྟན་པ་དང་ལྡན་པ་དང༌། བརྩོན་འགྲུས་དང་ལྡན་པ་དང༌། སྤྲོ་བ་དང༌། ཕ་རོལ་གནོད་པ་དང༌། བླངས་པ་མི་འདོར་བ་ཞེས་བྱའོ། །བརྩོན་འགྲུས་རྣམ་པ་དྲུག་པོ་འདི་དག་ནི་རྟགས་ཞེས་བསྟན་ཏེ། ཇི་ལྟར་བྱས་ནས་ཤེ་ན། དུས་རྟག་ཏུ་སྦྱོར་པ་ཉིད་དང༌། རྟག་ཏུ་བརྩོན་པ་ཉིད་ནི་བརྩོན་འགྲུས་བརྩམས་པ་ཞེས་བརྗོད་དེ། དེའི་རྟགས་ནི་རང་བཞིན་གྱིས་འབད་པ་དང་ལྡན་པ་ཡིན་ཏེ། ནང་པར་སྔར་ལྡང་ཞིང་དགོངས་ཁ་ཉལ་བར་བྱེད་ཅེས་བྱ་བའོ། །སྦྱོར་བ་མི་ཞན་པ་རྟག་ཏུ་བྱ་བ་ལ་བརྩོན་པ་ནི་བརྟན་པ་དང་ལྡན་པ་ཞེས་བརྗོད་དེ། དེའི་རྟགས་ནི་གཉིད་ཀྱི་བདེ་བ་དང༌། ཉལ་བའི་བདེ་བ་དང༌། གློས་དབབ་པའི་བདེ་བ་ཧ་ཅང་ཉམས་སུ་ལེན་པར་མི་བྱེད་ཅེས་བྱ་བའོ། །སྔོན་གྱི་རྒྱུའི་སྟོབས་ཀྱིས་བསྐོས་པའི་རྒྱུ་མཐུན་པ་ཅན་ནི་བརྩོན་འགྲུས་དང་ལྡན་པ་ཞེས་བརྗོད་དོ། །དེའི་རྟགས་ནི་བྱ་བ་ཞིག་བྱུང་ན་དོན་དེ་འགྲུབ་པར་བྱ་བའི་ཕྱིར་བྱེད་མི་འདོད་པ་དང༌། ལེ་ལོ་ཟིལ་གྱིས་མནན་ཏེ། སོ་སོར་བརྟགས་ནས་བརྩོན་པ་དེའི་བྱ་བ་དེ་མངོན་པར་རྫོགས་པར་བྱེད་ཅེས་བྱ་བའོ། །སྦྱོར་བ་དང་ལྡན་པའི་བརྩོན་འགྲུས་ཀྱིས་སོ་སོར་བརྟགས་ནས་སྦྱོར་བ་ཉིད་ནི་སྦྱོར་བ་ཞེས་བྱ་སྟེ། དེའི་རྟགས་ནི་བྱ་བ་ཞིག་བྱུང་ན་དོན་དེ་འགྲུབ་པར་བྱ་བའི་ཕྱིར་བྱེད་མི་འདོད་པ་དང༌། ལེ་ལོ་ཟིལ་གྱིས་མནན་ཏེ། །སོ་སོར་བརྟགས་ནས་བརྩོན་པ་དེའི་བྱ་བ་དེ་མངོན་པར་རྫོགས་པར་དམ་བཅས་པའི་དངོས་པོ་ལས་གཞན་དུ་མི་འགྱུར་བ་ཉིད་ནི་ཕ་རོལ་གནོད་པ་ཞེས་བྱ་སྟེ། དེའི་རྟགས་ནི་མ་བྱས་སམ་མ་ཟིན་གྱི་བར་དུ་ཐམས་ཅད་ཀྱི་ཐམས་ཅད་དུ་བརྩོན་པ་མི་འདོར་ཞིང༌། བར་མ་དོར་ཡང་སྒྱིད་ལུག་པར་མི་བྱེད་པ་དང་ཞེས་བྱ་བའོ། །ཆོག་མི་ཤེས་པའི་བརྩོན་འགྲུས་ཀྱི་དོན་གྱི་ཁྱད་པར་ཆུང་ངུ་རྟོགས་པས་ཆོག་མི་ཤེས་པ་ནི་དགེ་བའི་ཆོས་ལ་བླངས་པ་མི་འདོར་བ་ཞེས་བརྗོད་དེ། དེའི་རྟགས་ནི། དོན་གྱི་མཆོག་རྒྱ་ཆེན་པོ་དག་ལ་ཡང་སེམས་ཞུམ་པར་མི་བྱེད་ཅིང༌། བདག་ལ་ཁྱད་དུ་གསོད་པར་མི་བྱེད་པ་དང༌། བདག་གིས་ནི་འདི་དག་རྟོགས་པར་ནུས་ཏེ། ཞོ་ཤ་དང་ལྡན་


DTG132_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

པའོ་ཞེས་སྤྲོ་བ་སྐྱེད་པ་དང་ཞེས་བྱ་བ་སྟེ། དེ་ལྟ་བུ་ནི་རེ་ཞིག་གོ་ཆའི་བརྩོན་འགྲུས་ཀྱི་རྟགས་བསྟན་པའོ། །ད་ནི་དགེ་བ་ཆོས་སྡུད་པའི་བརྩོན་འགྲུས་ཀྱི་དབང་དུ་བྱས་ནས་བསྟན་པ་ནི། ཚོགས་ཆེན་པོའི་ནང་དུ་འགྲོ་བའམ། གཞན་དག་དང་འགྱེད་པའམ། ཕྱིར་བརྒལ་བའམ། དེ་ལས་གཞན་པའི་ལས་དཀའ་བ་དག་ལ་ཡང་བརྟན་པ་ཡིན་ཞེས་བྱ་བའོ། །སེམས་ཅན་གྱི་དོན་བྱ་བའི་བརྩོན་འགྲུས་ཀྱི་རྟགས་ཀྱི་དབང་དུ་བྱས་ནས་བསྟན་པ་ནི། དོན་དང་ལྡན་པའི་བརྩལ་བ་ཆེན་པོ་དག་ལ་ཡང་སྐྱོ་བར་མི་བྱེད་ན་ཆུང་ངུ་དག་ལ་ཅི་སྨོས་ཏེ་ཞེས་བྱ་བའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་བསྡུས་པའི་དོན་ནི། ཏིང་ངེ་འཛིན་འདོད་པའི་སློབ་མ་གནས་ལྔ་ལ་ངེས་པར་སྦྱར་བར་བྱ་སྟེ། འདི་ལྟ་སྟེ། སེམས་རྩེ་གཅིག་པ་ཉིད་དང༌། རབ་ཏུ་དབེན་པ་དང༌། སྒྲིབ་པ་རྣམ་པར་སྦྱར་བ་དང་ཡིད་ལ་བྱེད་པ་གོམས་པར་བྱ་བ་དང༌། སྡོམ་པ་སྲུང་ཞིང་སྤེལ་བར་བྱ་བ་སྟེ། དེ་དག་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ཏེ། འདི་ལ་ཆོས་ཀྱི་དོན་ལ་ངེས་པར་སེམས་པ་ནི། རང་བཞིན་གྱིས་གཡེང་བ་མི་མང་བ་ཡིན་ཞེས་བྱ་བས་ནི་སེམས་རྩེ་གཅིག་པ་ཉིད་ཀྱི་རྟགས་སོ། །དགོན་པ་དང་ནགས་ཚལ་གྱི་གནས་ཞེས་བྱ་བ་ལ་སོགས་པས་ནི་རབ་ཏུ་དབེན་པའི་རྟགས་སོ། །རང་བཞིན་གྱིས་ཀྱང་ཉོན་མོངས་པ་ཤས་ཆུང་ཞིང་སྒྲིབ་པ་ཤས་ཆུང་ལ། གནས་ངན་ལེན་ཤས་ཆུང་བ་ཡིན་ནོ་ཞེས་བྱ་བ་ནི། སྒྲིབ་པ་རྣམ་པར་སྦྱོང་བའི་རྟགས་སོ། །རབ་ཏུ་དབེན་པ་ལ་གནས་ཤིང་ཞེས་བྱ་བ་ནི། ཡིད་ལ་བྱེད་པ་གོམས་པར་བྱེད་པའི་རྟགས་ཀྱི་དབང་དུ་བྱས་པའོ། །མི་དགའ་བ་མེད་པ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་སྡོམ་པ་སྲུང་ཞིང་སྤེལ་བའི་རྟགས་ཏེ། དེ་དག་ནི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པའི་རིགས་ཀྱི་རྟགས་སོ། །དེ་ལ་ཁྱད་པར་ནི་འདི་ཡིན་ཏེ། གོ་རིམས་བཞིན་དུ་མ་བསྟན་ཏེ་དེའི་ཏིང་ངེ་འཛིན་གྱི་སྡོམ་པ་བསྲུང་བ་དང༌། སྤེལ་པ་དང་སེམས་རྩེ་གཅིག་པ་དང༌། སྒྲིབ་པ་རྣམ་པར་སྦྱང་བ་དང༌། ཡིད་ལ་བྱེད་པ་གོམས་པར་བྱེད་པ་ཞེས་བྱ་བ་དེ་ལྟ་བུའི་དོན་ནི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ནས་དེའི་རྗེས་སུ་འབྲངས་ནས་བསྟན་པར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་རྣམས་བསྡུས་པའི་དོན་ནི་ཤེས་རབ་ཀྱི་ཕ་


DTG132_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཏུ་ཕྱིན་པའི་ལེའུ་ལས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ངོ་བོ་ཉིད་བསྟན་པའོ། །ཤེས་བྱ་ཐམས་ཅད་ལ་འཇུག་པའི་ཕྱིར་ཞེས་བྱ་བ་ནི། ཤེས་བྱ་ཐམས་ཅད་ལ་རྗེས་སུ་འཇུག་པ་དང༌། གང་ཆོས་རྣམས་ལ་སོ་སོར་རྟོག་པ་སྟེ། རིག་པའི་གནས་ལྔ་ལ་དམིགས་ནས་འཇུག་པ་ཉིད་དོ། །དེའི་རྟགས་ནི་རིག་པའི་གནས་ཐམས་ཅད་ལ་ཤེས་པ་འཇུག་པས། ལྷན་ཅིག་སྐྱེས་པའི་ཤེས་རབ་དང་ལྡན་པའི་ཕྱིར་ཡིད་མི་རྟུལ་བ་ཡིན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་ནི་ལྷན་ཅིག་སྐྱེས་པའི་ཤེས་རབ་དེའི་ཁྱད་པར་རྣམས་སོ། །རང་བཞིན་གྱིས་དེ་ལྟར་ཡོན་ཏན་དང་ལྡན་པ་ཞེས་བྱ་བ་ནི། རང་བཞིན་གྱིས་ཡོན་ཏན་དང་ལྡན་པས་ཕྱིན་ཅི་ལོག་གི་ཡིད་ལ་བྱེད་པའི་སེམས་མ་དག་པ་སྤོང་བར་བྱེད་པའོ། །ཇི་ལྟ་བུ་ཞེ་ན། སྨྲས་པ། བཟང་ལ་སྟེ། ཅང་ཤེས་ལྟ་བུར་བཟང་བའོ། །དགེ་བ་ནི་གསེར་བཟང་པོ་ལྟ་བུ་སྟེ། ཇི་ལྟར་དགེ་བ་ཞེ་ན། དཀར་པོའི་ཆོས་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །བསྐྱེད་པར་དཀའ་བ་ཞེས་བྱ་བ་ནི་ཐོབ་པར་དཀའ་བའོ། །གཙོ་བོར་གྱུར་བ་ཞེས་བྱ་བ་ནི། ཐམས་ཅད་ལས་ཤིན་ཏུ་ཁྱད་པར་དུ་འཕགས་པའོ། །བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་སོ་སོར་རང་གིས་རིག་པའོ། །མི་གཡོ་བ་ཞེས་བྱ་བ་ནི་ཡོངས་སུ་ཉམས་པ་མེད་པའོ། །བླ་ན་མེད་པ་ཞེས་བྱ་བ་ནི་འདི་ལས་གཞན་པའི་གོང་མར་གྱུར་པ་མེད་པའོ། །དེ་ལས་གཞན་པའི་སེམས་ཅན་ངན་སོང་དུ་སྐྱེས་པ་རྣམས་ལས་རྒྱུའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པ་སྟེ། མི་དགེ་བའི་ལས་མང་དུ་མ་བྱས་པ་དེས་ན་མྱུར་དུ་ལྡོག་པའོ། །སེམས་ཅན་རྣམས་ལ་ཚོར་བ་དྲག་པོ་བདག་གིས་མི་བསྐྱེད་ལ། གཞན་གྱིས་བྱས་པའི་ཚོར་པས་སེམས་ཅན་རྣམས་སྡུག་བསྔལ་བ་མཐོང་ན་སྐྱོ་བ་སྐྱེད་པ་དང༌། སྙིང་རྗེའི་སེམས་བསྐྱེད་པ་སྟེ། དེ་དག་ཐམས་ཅད་ནི་རིགས་ཀྱིས་བྱས་པ་ཉིད་དོ། །དཀར་པོའི་ཆོས་དང་མི་མཐུན་པའི་ཉེ་བའི་ཉོན་མོངས་པ་བཞི་པོའི་བསྡུས་པའི་དོན་ནི། རྒྱུ་ལས་གྱུར་པ་དང༌། རྐྱེན་གྱི་མཚན་ཉིད་ཅེས་བྱ་བ་སྟེ། རྒྱུ་ལས་གྱུར་པ་ནི་གཅིག་གོ །གསུམ་ནི་རྐྱེན་ལས་གྱུར་པའོ། །རྐྱེན་ཡང་རྣམ་པ་གཉིས་ཏེ། ཕྱིའི་དང༌། ནང་གིའོ། །ཕྱི་ཡང་རྣམ་པ་གཉིས་ཏེ། བྱང་ཆུབ་འཐོབ་པ་ལ་མི་ཕན་པ་དང༌། དེ་འཐོབ་པ་ལ་བར་དུ་གཅོད་པའོ། །ནང་གི་


DTG132_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འཚོ་བ་ལ་ལྟོས་པའི་མཚན་ཉིད་ཀྱིས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། རིགས་ཕུན་སུམ་ཚོགས་ན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་མི་ནུས་པའོ། །རྒྱུ་ཞིའི་བསྡུས་པའི་དོན་ནི། རྒྱུ་རྣམས་ལས་དང་པོ་གསུམ་ནི་རྐྱེན་ནོ། །ཐ་མའི་བཞི་པ་ནི་རྒྱུ་སྟེ། དད་པ་དང་འདུན་པ་དང་སྐྱེད་པའི་རྐྱེན་དང་བྲལ་བ་དང༌། བདག་ཉིད་ཐབས་མ་ཡིན་པ་ལ་སྦྱོར་བ་དང༌། བརྩོན་འགྲུས་གཡེལ་བའོ། །རིགས་ཀྱི་ལེའུའི་བསྡུས་པའི་དོན་ནི། རིགས་ནི་བྱང་ཆུབ་འཐོབ་པའི་རྒྱུའི་གཙོ་བོ་ཉིད་དུ་བསྒྲུབ་པ་དང༌། རིགས་ཀྱི་རྣམ་གྲངས་དང༌། རིགས་ཀྱི་མཚན་ཉིད་དང༌། རིགས་ཀྱི་དབྱེ་བ་དང༌། རིགས་གཞན་ལས་བྱང་ཆུབ་སེམས་དཔའི་རིགས་ཁྱད་པར་དུ་འཕགས་པ་ཉིད་དང༌། དེ་ཁྱད་པར་དུ་འཕགས་པའི་རྒྱུའི་ཁྱད་པར་དང༌། དེའི་རྟགས་རྣམ་པར་གཞག་པ་དང༌། ངན་སོང་དུ་སྐྱེས་པར་མཚུངས་ན་ཡང་དེ་ལས་གཞན་པའི་རིགས་ལས་བྱང་ཆུབ་སེམས་དཔའི་རིགས་ཀྱི་ཁྱད་པར་དུ་འཕགས་པ་དང༌། དཀར་པོའི་ཆོས་དང་འགལ་པའི་ཉེ་བའི་ཉོན་མོངས་པ་དང༌། རིགས་ཕུན་སུམ་ཚོགས་པ་ན་ཡང་བྱང་ཆུབ་མི་ཐོབ་པའི་རྒྱུ་ཞེས་བྱ་བ་སྟེ། དང་པོ་བཞི་ནི་རིགས་གསུམ་གྱི་ཐུན་མོང་ཡིན་ནོ། །གཞན་རྣམས་ནི་བྱང་ཆུབ་སེམས་དཔའི་རིགས་ཀྱི་ཁྱད་པར་སྟོན་པའོ། །དང་པོ་བཞི་ནི་རིགས་གཞན་ལ་ཡང་ཡོད་པས་ཐུན་མོང་གི་དོན་ཏོ། །གཉིས་པ་ནི་བསྟན་པ་འདི་ལ་དེ་ཡོད་པར་རབ་ཏུ་བསྟན་པའི་དོན་ཏོ། །རིགས་ཀྱི་མཚན་ཉིད་དང༌། རིགས་ཀྱི་དབྱེ་བ་ནི་ཤེས་པར་བྱ་བའི་དོན་དུའོ། །རིགས་གཞན་ལས་ཁྱད་པར་དུ་འཕགས་པ་ཉིད་དུ་བསྟན་པས་ནི་བྱང་ཆུབ་སེམས་དཔའ་འཇིག་རྟེན་ཐམས་ཅད་ལས་ཤིན་ཏུ་ཁྱད་པར་དུ་འཕགས་པའི་ཡོན་ཏན་ཉིད་དུ་བསྟན་པའི་དོན་ཏོ། །དེ་ཁྱད་པར་དུ་འཕགས་པའི་རྒྱུའི་ཁྱད་པར་ནི་རྣམ་པ་བཞི་སྟེ། རྣམ་པར་གྲོལ་བ་ལས་གྱུར་བ་དང༌། ཐོག་མ་དང་བར་མ་དང་ཐ་མ་ལས་གྱུར་བ་དང༌། བདེ་འགྲོར་སྐྱེས་པ་དང། ངན་འགྲོར་སྐྱེས་པའི་ཁྱད་པར་རོ། །དེ་ལ་རྣམ་པར་གྲོལ་བ་ལས་གྱུར་བ་ནི། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་རིགས་ལས་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ཐོག་མ་དང༌། བར་མ་དང་ཐ་མ་ལས་གྱུར་པ་ནི་རྣམ་པ་བཞི་སྟེ། དབང་པོ་ལས་གྱུར་པ་དང༌། བསྒྲུབ་པ་ལས་


DTG132_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་དང༌། མཁས་པ་ལས་གྱུར་བ་དང༌། འབྲས་བུ་ལས་གྱུར་པའོ། །དེ་ལ་དང་པོ་ནི་དབང་པོའིའོ། །བར་མ་ནི་བསྒྲུབ་པའིའོ། །མཁས་པ་དང་འབྲས་བུ་ནི་ཐ་མའིའོ། །བདེ་འགྲོར་སྐྱེས་པ་ལས་གྱུར་པ་ནི་ཁྱད་པར་གྱི་དབང་དུ་བྱས་པའི་རྟགས་སོ། །ངན་འགྲོར་སྐྱེས་པ་ལས་གྱུར་པའི་ཁྱད་པར་གྱི་དབང་དུ་བྱས་པ་ནི། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཡུན་རིང་པོ་ཞིག་ན་ཞེས་བྱ་བ་ལ་སོགས་པའི་གཞུང་ཡིན་ནོ། །དཀར་པོའི་ཆོས་དང་མི་མཐུན་པ་དང་མི་ཐོབ་པའི་རྒྱུ་ལ་རྒོལ་བ་དང༌། ལན་གདབ་པ་ལས་བརྩམས་ནས། བྱང་ཆུབ་སེམས་དཔའ་རྣམས་རང་བཞིན་གྱིས་ཡོན་ཏན་དང་ལྡན་ཞིང་དཀར་པོའི་ཆོས་དང་ལྡན་ན་གང་གིས་ན་དུས་རྟག་ཏུ་དཀར་པོའི་ཆོས་དང་མི་ལྡན་ཞེ་ན། དེ་ལྟ་བུའི་རྒོལ་བའི་ལན་གདབ་པར་གསུངས་པ། ཇི་སྲིད་དཀར་པོའི་ཕྱོགས་ཀྱི་ཆོས་དང་མི་མཐུན་པ་ཉེ་བའི་ཉོན་མོངས་པ་བཞི་ལས་མ་ལུས་པའམ་འགས་ཀྱང་ཉོན་མོངས་པར་མ་གྱུར་ན་སྐྱེད་པར་དཀའ་བ་གཙོ་བོར་གྱུར་པ་བསམ་གྱིས་མི་ཁྱབ་པ་མི་གཡོ་བ་བླ་ན་མེད་པ་དེ་བཞིན་གཤེགས་པའི་གོ་འཕང་ཐོབ་པ་ཉིད་དེ། རྒྱུའི་ངོ་བོ་དང་ལྡན་པ་ནི་ཡིན་གྱི། གཞན་དང་ལྡན་ན་ནི་མ་ཡིན་པས་སོ། །གལ་ཏེ་དེ་ཡོད་པ་ཉིད་ཡིན་ན་གང་གིས་བླ་ན་མེད་པའི་གོ་འཕང་འཐོབ་པར་མི་འགྱུར་ཞེ་ན། རྒོལ་བ་འདིའི་ལན་གདབ་པའི་དོན་ནི། རྒྱུ་བཞིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ་ཞེས་བྱ་བ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས། དང་པོའི་རིམ་པར་ཕྱེ་བའོ།། །།དེ་ལས་གཞན་པའི་ཡང་དག་པའི་སྨོན་ལམ་རྣམས་བསྡུས་པ་ཡིན་ཞེས་བྱ་བ་ནི་སེམས་བསྐྱེད་པ་དེ་ལས་གཞན་པའི་ཡང་དག་པའི་སྨོན་ལམ་བསྡུས་པའི་ཕྱིར་རྟེན་ཉིད་དུ་བསྟན་ཏོ། །སེམས་ཅན་ཐམས་ཅད་ཀྱི་དོན་ཡང་བྱེད་ཅིང་ཞེས་བྱ་བ་ནི། ཡོངས་སུ་མྱ་ངན་ལས་འདས་པའི་རིགས་ཅན་རྣམས་ཀྱི་དབང་དུ་བྱས་པའོ། །སེམས་ཅན་ཐམས་ཅད་ཤིན་ཏུ་མཐར་ཐུག་པའི་མྱ་ངན་ལས་འདས་པ་ལ་འགོད་པ་ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་གྱི་དབང་དུ་བྱས་པའོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཞེས་བྱ་བ་ནི། སངས་རྒྱས་ཀྱི་རིགས་ཅན་གྱི་དབང་དུ་བྱས་པའོ། །སེམས་བསྐྱེད་པ་དེ་ནི་དགེ་


DTG132_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟེ། ཅི་ལྟར་བྱས་ནས་ཤེ་ན། བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱི་དགེ་བའི་རྩ་བ་ཐམས་ཅད་ཀྱི་མཚན་ཉིད་ནི་ཤེས་རབ་ལ་སོགས་པའི་ངོ་བོ་ཉིད་ཡིན་ལ། དེ་རྣམས་སྡུད་པའི་ཕྱིར་དགེ་བའོ། །ཇི་ལྟར་སྡུད་ཅེ་ན། སྨྲས་པ། དེ་རྣམས་ཀྱི་ཐོག་མར་འགྲོ་བའི་དོན་གྱི་ཕྱིར་རོ། །མཆོག་ཏུ་ལེགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་དགེ་བའམ། ཤེས་རབ་དང་སྙིང་རྗེའི་དགེ་བའི་རྩ་བ་དང་ལྡན་པས་ཀྱང་སྙིང་རྗེ་ནི་ཞེ་སྡང་མེད་པའི་མཚན་ཉིད་ཅན་ནོ། །དེ་བཞིན་དུ་རྒྱུ་གཉིས་དག་གིས་དགེ་བ་ཁོ་ན་སྟེ། དགེ་བའི་རྩ་བ་ཡོན་ཏན་དུ་བྱེད་པ་ཉིད་དང༌། དགེ་བའི་རྩ་བ་ཡང་དག་པར་སྦྱོར་བའོ། །གཞན་ཡང་སེམས་ཅན་ཐམས་ཅད་ལ་བརྟེན་པའི་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་དང་མི་མཐུན་པའི་ཕྱིར་དང༌། མི་དགེ་བའི་རྩ་བ་ཡང་དག་པར་སྦྱོར་བའི་ཀུན་ནས་སློང་བ་སྲོག་གཅོད་པ་ལ་སོགས་པ་ཉེས་པར་སྤྱོད་པ་དང་མི་མཐུན་པའི་ཕྱིར་ཡང་དགེ་བའོ། །ཡང་ན་མཆོག་ཏུ་དགེ་བའི་ཡོན་ཏན་ཉིད་ཀྱིས་དགེ་བ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་དགེ་བའི་རྩ་བའོ། །འདི་ལྟར་ཡང་དག་པར་སྡུད་པ་དེ་དག་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་ཐོག་མར་འགྲོ་བའི་ཕྱིར་དགེ་བའོ། །བཟང་བ་ནི་གཞན་ལ་ཕན་པའི་ཕྱིར་ཞུགས་པ་ཉིད་དོ། །མི་འགྱུར་བ་ཉིད་ཀྱིས་ན་ལེགས་པའོ། །འདི་ལྟར་བསྟན་པར་འགྱུར་ཏེ། ལྔ་པོ་འདི་དག་གི་ངོ་བོ་ནི་གང༌། སེམས་བསྐྱེད་པའི་མཚན་ཉིད་ནི་གང༌། རྣམ་པ་ནི་གང༌། དམིགས་པ་ནི་གང་དང་ཡང་དག་པར་ལྡན། ཁྱད་པར་གང་གིས་ཁྱད་པར་དུ་འཕགས་པའི་ཆོས་དང་མཚུངས་པར་ལྡན་པར་འབྱུང་ཞེས་བྱ་བ་ནི་རིགས་དང་འཇུག་པ་དང་ངེས་པར་འབྱུང་བ་ཞེས་བྱ་བའི་ས་རྣམ་པ་གསུམ་སྟེ། དེས་ན་སའི་རིགས་གསུམ་གྱིས་བསྡུས་པ་ཉིད་དེ། དེ་ལ་འཇུག་པས་བསྡུས་པ་བསྟན་པ་ནི། སེམས་བསྐྱེད་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྩ་བ་ཞེས་བྱ་བ་སྟེ། རྒྱུ་ཞེས་བྱ་བའི་དོན་ཏོ། །གང་གི་འབྲས་བུ་ཡིན་ཞེ་ན། སྨྲས་པ། སྙིང་རྗེའི་རྒྱུ་མཐུན་པ་ཞེས་བྱ་བའོ། །ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་ནི། ཆོ་འཕྲུལ་རྣམ་པ་གསུམ་སྟེ། རྫུ་འཕྲུལ་དང༌། ཀུན་བརྗོད་པ་དང༌། རྗེས་སུ་བསྟན་པའི་ཆོ་འཕྲུལ་ལོ། །གཞན་མངོན་པར་ཤེས་པ་ལ་སོགས་པ་མདོ་ལས་ཇི་ལྟར་འབྱུང་བའི་གྲོང་ཁྱེར་དུ་འཇུག་པ་ན་


DTG132_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་བ་རྣམས་ཀྱིས་མིག་ཐོབ་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་མཐུའོ། །མཐུ་དེ་གང་ལས་ཐོས་པ་དང་མཐོང་བ་སྟེ། ཡིད་ཆེས་པ་དང༌། མངོན་སུམ་གྱི་ཚད་མས་ཉེ་བར་དམིགས་པ་དང༌། མི་སླུ་བའི་ལུང་གིས་བསྟན་པའོ། །གང་ལ་གནས་པར་གྱུར་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །ཞུགས་པར་གྱུར་པ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ཏེ་ཞེས་བྱ་བ་ནི། ཉན་ཐོས་ཀྱི་ཐེག་པའི་དམ་པའི་ཆོས་ལ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ནས་ཉན་པའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བ་ནི། ཤིན་ཏུ་རྒྱས་པའོ། །ཉེ་བའི་ཉོན་མོངས་པ་བཅུའི་བསྡུས་པའི་དོན་ནི། འཇུག་པའི་བར་དུ་གཅོད་པ་དང༌། འཇུག་པའི་ཤིན་ཏུ་བར་དུ་གཅོད་པ་དང༌། སྒྲུབ་པའི་བར་དུ་གཅོད་པའོ། །དེ་ལ་འཇུག་པའི་རྒྱུ་ནི་གསུམ་སྟེ། ཤེས་རབ་ལྷག་པ་དང༌། ཁ་ན་མ་ཐོ་བས་འཛེམ་པ་དང། བདག་ལ་ལྟོས་ནས་སེམས་ཅན་ལ་སྙིང་རྗེ་བའོ། །གསུམ་པོ་འདིའི་མི་མཐུན་པའི་ཕྱོགས་སུ་གྱུར་བ་གསུམ་ནི་ཉེ་བའི་ཉོན་མོངས་པ་སྟེ། གཏི་མུག་ཤས་ཆེ་བ་དང༌། ངོ་ཚ་མེད་ཅིང་ཁྲེལ་མེད་པ་ཤས་ཆེ་བ་དང༌། ཕྲག་དོག་དང་སེར་སྣ་ཤས་ཆེ་བ་སྟེ། དེ་དག་ནི་འཇུག་པར་དཀའ་བ་ཉིད་དོ། །སྒྲིབ་པ་གསུམ་གྱིས་བསྒྲིབས་པས་གཉིས་ཀར་ཡང་སྒྲིབ་པ་ཉིད་དེ། སྡུག་བསྔལ་གྱིས་བསྡུས་པ་ནི་རྣམ་པར་སྨིན་པའི་སྒྲིབ་པར་བསྡུས་སོ། །གནས་ངན་ལེན་དང་ཉོན་མོངས་པ་ཤས་ཆེ་བ་ནི། ཉོན་མོངས་པའི་སྒྲིབ་པའོ། །ཉེས་པར་སྤྱོད་པ་ཤས་ཆེ་བ་ནི་ལས་ཀྱི་སྒྲིབ་པའོ། །ཡང་ན་སྡུག་བསྔལ་དང་གནས་ངན་ལེན་ནི་སྡུག་བསྔལ་ཏེ། རྣམ་པར་སྨིན་པའི་སྒྲིབ་པའོ། །སྒྲིབ་པ་གསུམ་པོ་འདི་དག་གིས་འཇུག་པར་དཀའ་བ་ཉིད་དེ། དེའི་བར་དུ་གཅོད་པས་སོ། །བག་མེད་པ་དང༌། ལེ་ལོ་དང༌། མ་དད་པ་ཤས་ཆེ་བ་རྣམས་ནི་སྒྲུབ་པའི་བར་དུ་གཅོད་པའོ། །བྱ་བ་ངན་པ་ལ་ཆགས་པ་ཉིད་དང༌། བར་དུ་ཉམས་པ་དང༌། ཐོབ་པར་བྱ་བ་དང༌། ཐོབ་པར་བྱེད་པ་ལ་དད་པ་མེད་པ་དང༌། བག་མེད་པས་མི་སྒྲུབ་པ་དང༌། དེ་བཞིན་དུ་ལེ་ལོས་ཞུགས་སུ་ཟིན་ན་ཡང་བར་ནས་མངོན་པར་ལྡོག་པ་སྟེ། མ་དད་པའི་ཤས་ཆེ་བ་རྣམས་ཀྱིས་སྒྲུབ་པ་གཡེལ་བའོ། །སེམས་བསྐྱེད་པའི་རྐྱེན་


DTG132_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་བསྡུས་པའི་དོན་ནི། བྱང་ཆུབ་སེམས་དཔའི་རིགས་ངེས་པ་སེམས་བསྐྱེད་པའི་རྐྱེན་གཉིས་དང༌། བྱང་ཆུབ་ཏུ་གྱུར་པའི་སེམས་བསྐྱེད་པའི་རྐྱེན་གཉིས་སོ། །བྱང་ཆུབ་སེམས་དཔའི་རིགས་ངེས་པ་རྣམ་པ་གཉིས་ནི་རྒྱ་ཆེ་བ་ལ་མོས་པ་དང༌། ཟབ་པ་ལ་མོས་པའོ། །བྱང་ཆུབ་ཏུ་འགྱུར་བ་རྣམ་པ་གཉིས་ནི། སློབ་པ་དང་མི་སློབ་པ་ཞེས་བྱ་བའོ། །བཞི་པོ་དེ་རྣམས་ནི་སེམས་བསྐྱེད་པའི་རྐྱེན་ཉིད་པས། བཞི་པོ་འདི་དག་ནི་སེམས་བསྐྱེད་པའི་རྐྱེན་དུ། སེམས་བསྐྱེད་པ་དང༌། ཅི་ལྟར་འཚམ་པར་སྦྱར་རོ། །རྒྱུ་བཞིའི་བསྡུས་པའི་དོན་ལ། རྒྱུ་གསུམ་ནི་ཆོས་ཉིད་ཀྱིས་ཐོབ་པ་དང༌། ཕྱི་རོལ་གྱི་གཞན་གྱི་སྒྲའི་མཚན་མ་ལས་དང༌། ནང་གི་ཚུལ་བཞིན་ཡིད་ལ་བྱེད་པས་བསྡུས་པའོ། །དེ་ཡང་རྣམ་པ་གཉིས་ཏེ། གཞན་སྡུག་བསྔལ་ལས་བསྒྲལ་བར་འདོད་པ་དང༌། བདག་གི་རྒྱུད་དུ་གཏོགས་པའི་སྡུག་བསྔལ་གྱིས་མི་འཇིགས་པ་ཉིད་དེ། འཁོར་བའི་སྡུག་བསྔལ་སྐྱེ་བ་ལ་སོགས་པ་དང༌། དཀའ་བ་སྤྱོད་པས་སྡུག་བསྔལ་ན་ཡང་ཚོགས་གཉིས་ཀུན་ནས་སོགས་པའོ། །བྱང་ཆུབ་སེམས་དཔའི་རིགས་ཕུན་སུམ་ཚོགས་པ་ནི་ཆོས་ཉིད་ཀྱི་ས་ཐོབ་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་འདི་ནི་རིགས་ཕུན་སུམ་ཚོགས་པའི་དབྱེ་བ་ཡོད་པའི་རྒྱུ་རབ་ཏུ་བསྟན་པའི་དོན་དུ་གསུངས་སོ། །བླུན་པོ་མ་ཡིན་པ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ཤེས་རབ་དང་ལྡན་པའོ། །ཡིད་རྟུལ་བའི་རང་བཞིན་ཅན་མ་ཡིན་ཞེས་བྱ་བ་ནི། མྱུར་དུ་འཛིན་པར་ནུས་པའོ། །མཁས་ཤིང་ཞེས་བྱ་བ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་དང་ལྡན་པའོ། །མཛངས་པ་ནི་བསམས་པ་ལས་བྱུང་བའི་ཤེས་རབ་དང་ལྡན་པ་ཉིད་དོ། །བཤེས་གཉེན་ཕུན་སུམ་ཚོགས་པ་རྣམ་པ་བཞིའི་བསྡུས་པའི་དོན་ནི། ཤེས་རབ་ཕུན་སུམ་ཚོགས་པ་དང༌། སྦྱོར་བ་ཕུན་སུམ་ཚོགས་པ་ཞེས་བསྟན་ཏོ། །སྦྱོར་བ་ཕུན་སུམ་ཚོགས་པ་ཡང་རྣམ་པ་གསུམ་སྟེ། ཉོན་མོངས་པ་སྤྱོད་པ་ལས་ལྡོག་པར་སྦྱོར་བ་དང༌། མི་དགེ་བའི་ལས་ཀྱི་ལམ་ལྡོག་པ་ལ་སྦྱོར་བ་དང༌། དགེ་བའི་ལས་ལ་ནུས་པ་དང་ལྡན་པ་གོང་མ་གོང་མའི་ཁྱད་པ་ལ་སྦྱོར་བ་སྟེ། བག་མེད་པའི་གནས་ལ་ཉེ་བར་སྦྱོར་བ་དང༌། ཉེས་པར་སྤྱོད་པ་ལ་རྣམ་པར་སྦྱོར་པ་དང༌། ཤིན་ཏུ་དམན་པ་ལ་དད་པ་དང༌། འདུན་པ་དང༌། དམ་འཆའ་བ་དང༌། བརྩོན་འགྲུས་ཀྱི་


DTG132_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་དང༌། ཡོན་ཏན་དུ་ཁས་ལེན་པ་ལ་སོགས་པའི་གཉེན་པོར་རིག་པར་བྱའོ། །རྒྱུ་བཞིས་བྱང་ཆུབ་སེམས་དཔའ་སྙིང་རྗེ་བའི་ཤས་ཆེ་བར་འགྱུར་ཏེ། རྒྱུ་བཞིའི་བསྡུས་པའི་དོན་ནི། གང་དུ་སྡུག་བསྔལ་བ་དང༌། གང་གིས་སྡུག་བསྔལ་བ་དང༌། གང་སྡུག་བསྔལ་གྱི་རྣམ་པ་ལ་ཉེ་བར་དམིགས་ནས་སྙིང་རྗེ་ཤས་ཆེ་བར་འགྱུར་བ་སྟེ། དེ་ལ་གང་གིས་སྡུག་བསྔལ་ཞེས་བྱ་བ་ནི་གཞན་རྣམས་བདག་གམ་གཉི་གའམ་གཞན་ཡང་ཇི་ལྟར་རིགས་པར་སྦྱར་རོ། །རང་བཞིན་གྱིས་སྙིང་སྟོབས་ཆེ་ཞིང་བརྟན་པ་དང་ལྡན་པས་སྟོབས་དང་ལྡན་པ་ཡིན་ཞེས་བྱ་བ་ལ། བསྟན་པ་ནི་དམན་པའི་སེམས་ཉོན་མོངས་པ་བཞིན་དུ་ངེས་པར་སྤོང་བ་སྟེ། ཉོན་མོངས་པའི་དབང་གིས་རྗེས་སུ་མི་འབྱུང་བའོ། །སྡུག་བསྔལ་གྱི་སེམས་མང་ཞིང་རབ་ཏུ་དྲག་པས་མི་འཇིགས་པའི་ངང་ཚུལ་ཉིད་ཀྱིས་ཡང་དག་པར་སྦྱོར་བ་ལས་མི་བསྐྱོད་པ་ནི་རང་བཞིན་གྱིས་སྙིང་སྟོབས་ཆེ་བ་དང་ལྡན་པ་ནི། སོ་སོར་རྟོག་པ་དང་ལྡན་པས་མཁས་པར་འགྱུར་ཏེ། ཐོས་པ་ལས་བྱུང་བའི་ཤེས་རབ་དང་ལྡན་པའོ། །ཡང་དག་པར་སེམས་པའི་ངང་ཚུལ་ཅན་ཞེས་བྱ་བ་ནི། བསམས་པ་ལས་བྱུང་བའི་ཤེས་རབ་དང་ལྡན་པའོ། །གང་ལ་སོ་སོ་སོར་རྟོག་པའི་སྟོབས་ཡོད་པ་དེ་ནི་སོ་སོར་རྟོག་པའི་སྟོབས་དང་ལྡན་པས་འཁོར་བའི་སྡུག་བསྔལ་ལ་མི་འཇིགས་པའོ། །གཞིའི་རྒྱུའི་བསྡུས་པའི་དོན་ནི་གང་ལ་མི་འཇིགས་པ་དང༌། རྒྱུ་གང་གིས་མི་འཇིགས་པ་དང་ཞེས་བྱ་བ་སྟེ། སྙིང་སྟོབས་དང་ལྡན་པ་དང༌། སོ་སོར་རྟོག་པ་དང་ལྡན་པ་དང༌། རྒྱུ་གང་གིས་བྱང་ཆུབ་ལས་མི་གཡོ་བ་དང༌། སེམས་ཅན་གྱི་སྡུག་བསྔལ་བསལ་བར་འདོད་པའོ། །སྡུག་བསྔལ་གྱི་རྒྱུ་བཞིའི་བསྡུས་པའི་དོན་ནི། སྡུག་བསྔལ་ཇི་སྙེད་ཡོད་པ་དང༌། སྡུག་བསྔལ་ཇི་ལྟར་ཡོད་པའོ། །དེ་ལ་ཇི་སྙེད་ཡོད་པ་ནི་ཡུན་རིང་བ་ཞེས་བྱ་བ་ལ་སོགས་པའོ། །དེ་ལས་གཞན་པ་རྣམ་པ་གསུམ་ནི་ཇི་ལྟར་ཡོད་པའོ། །དེ་ཡང་རྣམ་པ་གསུམ་སྟེ། སྣ་ཚོགས་པ་ཉིད་དང༌། དྲག་པ་ཉིད་དང༌། བར་ཆད་མེད་པ་ཉིད་དོ། །སྟོབས་བཞིའི་བསྡུས་དོན་ནི་རྣམ་པ་གཉིས་ཏེ། དགེ་བའི་ཆོས་གོམས་པ་དང༌། རྒྱུད་དུ་གཏོགས་པའོ། །རྒྱུད་དུ་གཏོགས་པ་ཡང་རྣམ་པ་གཉིས་ཏེ། བདག་དང་གཞན་གྱི་བྱེ་བྲག་གིས་སོ། །དགེ་བའི་ཆོས་


DTG132_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གོམས་པ་ཡང་རྣམ་པ་གཉིས་ཏེ། འདས་པའི་དུས་ཀྱི་དང༌། མཐོང་བའི་ཆོས་ཀྱི་དུས་ཀྱི་དབྱེ་བས་སོ། །བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པ་བསྟན་པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་འཇིག་རྟེན་དང་ཐུན་མོང་མ་ཡིན་པའི་བསྡུས་པའི་དོན་ནི། སེམས་ཅན་ཐམས་ཅད་ཆུང་མ་ལྟར་ཡོངས་སུ་འཛིན་ན་ཡང་ཉོན་མོངས་པས་མི་གོས་པ་ནི་སྐྱེ་མཆེད་ཕུན་སུམ་ཚོགས་པའོ། །དེ་ནས་སྦྱོར་བ་ཕུན་སུམ་ཚོགས་པས་བསམ་པ་དང་སྦྱོར་བ་ཕུན་སུམ་ཚོགས་པར་བྱས་ནས་དགེ་བའི་ཆོས་སྐྱེད་ཅིང་སྤེལ་ལོ། །དེ་ནས་འབྲས་བུ་ཕུན་སུམ་ཚོགས་པའོ། །དེ་ནས་མཐོང་བའི་ཆོས་དང་ཚེ་ཕྱི་མའི་ཕན་ཡོན་ཏེ། ཚེ་ཕྱི་མའི་ནི། ངན་སོང་དུ་སྐྱེས་སུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པའོ། །ཡང་འབྲས་བུའི་ཁྱད་པར་བསྡུས་པའི་དོན་ནི། དང་པོ་སེམས་ཁྱད་པར་དུ་འཕགས་པའོ། །དང་པོ་སེམས་བསྐྱེད་པའི་ལེའུ་འདིའི་བསྡུས་པའི་དོན་ནི། དང་པོ་སེམས་བསྐྱེད་པའི་མཚན་ཉིད་དང༌། ཁྱད་པར་གྱི་མཚན་ཉིད་དང༌། རྒྱུན་མི་འཆད་པར་སེམས་བསྐྱེད་པའི་རྐྱེན་བཞི་དང༌། རྒྱུ་བཞི་དང༌། རྒྱུ་དང་སྟོབས་གང་དག་གིས་སེམས་བསྐྱེད་པ་བསྟན་པས་དེའི་མི་མཐུན་པ་ལས་ལྡོག་པ་དང༌། དང་པོ་སེམས་བསྐྱེད་པར་བསྟེན་པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་དང༌། དེའི་ཕན་ཡོན་ནི་རང་གི་མཚན་ཉིད་དང༌། ཁྱད་པར་གྱི་མཚན་ཉིད་དང༌། སྐྱེ་བའི་རྒྱུ་དང་རྐྱེན་དང་སྟོབས་དང༌། དེ་ལ་རྨོངས་པ་རྣམས་ལ་བསྟན་པ་དང༌། ངོ་མཚར་རྨད་དུ་བྱུང་བའི་ཆོས་ལ་སོགས་པས་རིགས་མ་ངེས་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ལ་ཞུགས་པ་རྣམས་རྣམ་པར་བཟློག་ནས་གཞུག་པའི་དོན་དང༌། མ་ངེས་པའི་རིགས་ཅན་རྣམས་སངས་རྒྱས་ཉིད་ལ་རབ་ཏུ་དགོད་ཅིང་ངེས་པར་བཟུང་བ་དང༌། བྱང་ཆུབ་སེམས་དཔའི་རིགས་ཅན་བག་མེད་པ་དང༌། ཞུམ་པ་དང་ཡང་དག་པར་རབ་ཏུ་ཞུགས་པ་རྣམས་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་ཡང་དག་པར་བཟུང་བ་དང༌། ཡང་དག་པར་གཟེངས་བསྟོད་པ་དང༌། ཡང་དག་པར་མགུ་བར་བྱ་བའོ། །འབྲས་བུ་དང་བཅས་པའི་བསོད་ནམས་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཕན་ཡོན་མདོར་བསྡུས་པའི་དོན་ནི་མཐོང་བའི་ཆོས་ལ་བདག་གི་ལུས་ལ་གནོད་པ་མེད་པ་དང༌། འཁོར་


DTG132_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ལོས་སྒྱུར་བའི་རྫུ་འཕྲུལ་གྱི་ཡོན་ཏན་ཞེས་བྱ་བ་ལ་སོགས་པ་བསྟན་པ་ནི། མ་འོངས་པའི་དུས་སུ་ཐོབ་པའི་སྐྱེ་བ་ལ་བདག་དང་གཞན་གྱི་དོན་སྒྲུབ་ནུས་པའི་ལུས་རབ་ཏུ་འཐོབ་པ་སྟེ། ཚེ་བརྗེས་པའི་འོག་ཏུ་ཡང་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །མཐོང་བའི་ཆོས་ཉིད་ལ་བདག་ལ་གནོད་པའི་ལུས་དང་སེམས་ཀྱི་གནས་ངན་ལེན་དང་ཉམས་སྨད་པའི་ཕྱིར་བདག་ལ་གནོད་པའི་ངོ་བོ་མེད་དོ། །དེའི་བསོད་ནམས་ཀྱི་དབང་གིས་གཞན་གྱིས་བྱས་པའི་སྔགས་ལ་སོགས་པས་གཞན་ལ་གནོད་པ་ཡང་མེད་དོ། །བྱང་ཆུབ་སེམས་དཔའི་རིགས་ལ་གནས་པ་ནི་རང་བཞིན་གྱིས་ཀྱང་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །བདག་དང་གཞན་ལ་གནོད་པའི་ཉོན་མོངས་པ་མི་སྐྱེ་བ་དང༌། དམན་པ་དང་མྱུར་དུ་མེད་པ་ནི་མཐོང་བའི་ཆོས་འདི་ལ་ཡང་ལྷག་པར་ཡང་བཟོད་པ་དང་དེས་པ་དང་ལྡན་ཏེ་ཞེས་བྱ་བ་ལ་སོགས་པས་བསྟན་པ་དང༌། གཞན་གྱི་དོན་ལས་བརྩམས་ནས་ནི་གྲོང་གི་གནས་གང་ན་གནས་པ་དེར་ཡང་འཇིགས་པ་དང་འཇིགས་པར་འགྱུར་བ་དང༌། མུ་གེའི་ཉེས་པ་རྣམས་དང༌། མི་དང་མི་མ་ཡིན་པས་བྱས་པའི་གནོད་པ་མ་བྱུང་བ་རྣམས་ནི་འབྱུང་བར་མི་འགྱུར། བྱུང་བ་རྣམས་ནི་རྣམ་པར་ཞི་བར་འགྱུར་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །མ་འོངས་པའི་ཕན་ཡོན་ནི་ངན་འགྲོར་སྐྱེ་བར་མི་འགྱུར་བ་ལ་སོགས་པ་སྔ་མ་བཞིན་དུ་རིག་པར་བྱ་སྟེ། འདི་ལྟ་སྟེ་རིགས་སུ་བསྟན་པའི་ཕན་ཡོན་དེ་དག་ཉིད་རྣམ་པ་ཐམས་ཅད་དུ་ཕན་ཡོན་དུ་བསྟན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ས་ལས་སེམས་བསྐྱེད་པའི་ལེའུ་རིམ་པར་ཕྱེ་བ་སྟེ་གཉིས་པའོ།། །།དེ་ལྟར་སེམས་བསྐྱེད་པ་ཞེས་བྱ་བ་ནི། སེམས་བསྐྱེད་པའི་ལེའུ་ལས་ཇི་སྐད་བསྟན་པའོ། །ཇི་ལྟར་བསྟན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའི་དང་པོ་སེམས་བསྐྱེད་པ་ཞེས་བྱ་བ་ནས། སེམས་བསྐྱེད་པ་དེ་ཡང༌། བྱང་ཆུབ་དེ་དང༌། སེམས་ཅན་གྱི་དོན་ལ་དམིགས་ནས་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །དེ་ལྟར་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་གང་ཞེས་བྱ་བ་ནི། སྦྱོར་བ་གང་ཞེས་བྱ་བའི་དོན་ཏོ། །སྤྱད་པར་བྱ་བ་རྣམས་ལ་སྤྱོད་པ་ཞེས་བྱ་བ་ནས་སྤྱོད་པའོ། །སློབ་པ་ཞེས་བྱ་བ་ཡང་དོན་གཅིག་པས་


DTG132_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་བར་བྱ་བ་རྣམས་ལ་སློབ་པ་ཞེས་བྱ་བ་ནས་སློབ་པ་ཞེས་བྱ་བ་དེའི་སྒྲས་ངོ་བོ་ཉིད་བསྒྲུབ་པའོ། །དེའི་རྟེན་རྣམས་ཀྱིས་སྒོམ་པར་བྱེད་པས་གང་དག་སློབ་པ་ཞེས་བྱ་བའོ། །བྱེད་པ་པོའི་ལས་རྣམས་བྱ་བ་ཡིན་པས་གང་ལ་སློབ་པ་དང་ཞེས་བྱ་བའོ། །དེས་ལས་རྣམས་བྱེད་པ་ན་ཇི་ལྟ་བུའི་རྣམ་པར་གོམས་པར་བྱེད་ཅེས། ཇི་ལྟར་སློབ་པ་དང་ཞེས་བྱ་བས་བསྟན་ཏོ། །དེ་དག་ཐམས་ཅད་ཅེས་བྱ་བ་ནི། གསུམ་པོ་འདི་དག་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱ་བའོ། །བདག་གི་དོན་དང་གཞན་གྱི་དོན་ཞེས་བྱ་བ་ནི། བདག་དང་གཞན་གྱི་དོན་ལ་དམིགས་པ་ཉིད་ཀྱིས་བདག་གི་དོན་དང་གཞན་གྱི་དོན་ལ་བསླབ་པར་བྱ་བའོ། །བདག་དང་གཞན་གྱི་དོན་ལ་སློབ་པ་ནི་ཉོན་མོངས་པ་མེད་པའི་ཐབས་དང༌། སྐྱོ་བ་མེད་པའི་ཐབས་ཀྱིས་མཐུ་ལ་བསླབ་པར་བྱའོ། །དེ་ལྟར་ཉོན་མོངས་པ་མེད་པ་དང་སྐྱོ་བ་མེད་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། བདག་གིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བའོ། །དེ་དག་གཉི་ག་ཡོངས་སུ་སྨིན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱའོ། །འདི་རྣམས་ཀྱི་བསྡུས་པའི་དོན་དང་གོ་རིམས་ནི་དེ་ལྟར་རོ། །དེ་ལ་འབའ་ཞིག་ནི་རྣམ་པ་གཉིས་ཏེ། བདག་གི་དོན་གཞན་གྱི་དོན་དང་འབྲེལ་བ་དང༌། གཞན་གྱི་དོན་བདག་གི་དོན་དང་འབྲེལ་བའོ། །ཡོངས་སུ་ཤེས་པར་བྱས་ལ་སྤང་བར་བྱའོ་ཞེས་བྱ་བ་ནི། སོ་སོར་བརྟགས་ནས་ཡོངས་སུ་གཏོང་བའོ། །ཡོངས་སུ་ཤེས་ནས་གཏོང་བ་ཉིད་ནི་རེ་རེའི་དོན་དུ་འགྱུར་ན་ཡང་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་རབ་ཏུ་སྤང་བར་བྱ་བ་ཡིན་ཞེ་ན། སྨྲས་པ། རང་གི་དོན་འབའ་ཞིག་ནི་སྤང་བར་བྱ་བ་སྟེ། ཇི་ལྟར་ཞེ་ན། བྱང་ཆུབ་སེམས་དཔའི་བྱ་བ་ལས་ཤིན་ཏུ་འདས་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའི་བྱ་བ་ནི་གཞན་གྱི་དོན་ལ་ཞུགས་པའི་མཚན་ཉིད་ཅན་ཡིན་ལ། དེ་ལས་རབ་ཏུ་འདས་པའི་ཕྱིར་རོ། །གང་གི་ཕྱིར་གཞན་གྱི་དོན་འབའ་ཞིག་ཡོངས་སུ་ཤེས་ནས་སྤང་བར་བྱ་བ་ཡིན་ཞེ་ན། སྨྲས་པ། རྗེས་སུ་མཐུན་པ་མ་ཡིན་པའི་ཕྱིར་ཏེ། རྗེས་སུ་མཐུན་པ་མ་ཡིན་པ་ནི་བདག་ཉིད་བྱང་ཆུབ་འཐོབ་པ་དང་འགལ་བ་ཉིད་ཅེས་བྱ་བའི་དོན་ཏོ། །བདག་ཉིད་བྱང་ཆུབ་ཐོབ་ན་སེམས་ཅན་གྱི་དོན་བྱེད་པས་སོ། །ལྷག་མ་རྣམས་ནི་ཞེས་བྱ་བ་ནི།


DTG132_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

འབའ་ཞིག་ལས་གང་གཞན་པའོ། །ཇི་ལྟ་བུ་ཞེ་ན། གཉི་གའི་དོན་ཏེ་དེ་ལ་ནི་བསླབ་པར་བྱ་བའོ། །ཉེས་པར་སྤྱད་པ་ཞེས་བྱ་བ་ནི། བདག་གི་བདེ་བ་འདོད་པས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཤད་པ་ཞེས་བྱ་བ་ནི། ལེགས་པར་བཤད་པའི་ཕྱིར་གཟུང་བ་སྟེ། རབ་ཏུ་བསྟན་པའི་དོན་ཏོ། །གཞན་གྱིས་བཤད་པ་རྣམས་ནི་ཚོལ་བ་ལ་སོགས་པས་བདག་དང་གཞན་གྱི་དོན་དུ་ཡང་མི་འགྱུར་བར་བསྟན་པའི་དོན་ཏོ། དེ་ནི་ཉེས་པར་བཤད་པ་ཉིད་ཀྱིས་སེར་སྣ་མེད་ན་ཡང་གཞན་གྱི་དོན་དུ་མི་འགྱུར་བས་སོ། །གང་གི་ཕྱིར་རང་གི་དོན་ལས་ཡང་བཟོད་པ་ཡང་དག་པར་བླངས་ནས་གནས་པ་ཞེས་མི་གཟུང་ཞེ་ན། བདག་ཉིད་མཐོ་རིས་འདོད་པ་ཡིན་ན་ཡང་མཐོང་བའི་ཆོས་ལ་ཡང་གཉི་གའི་དོན་བྱེད་ལ། ཕ་རོལ་དུ་ཡང་བྱེད་པས་སོ། །དེས་ན་རེ་ཞིག་ཕ་རོལ་ཏུ་ཕྱིན་པ་ལྔ་འབའ་ཞིག་གི་དབང་དུ་བྱས་ནས་རང་གི་དོན་ཞེས་བསྟན་ཏོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས། འཇིག་རྟེན་གྱི་ཟང་ཟིང་གི་ཞེས་བྱ་བ་ལ་སོགས་པ་སྟེ། འཇིག་རྟེན་གྱི་ཟང་ཟིང་གི་འབྲས་བུ་འདོད་པ་ཞེས་བྱ་བ་ནི། གཞན་པ་ཕ་རོལ་དུ་ཡང་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་གྱི་ཟང་ཟིང་འཐོབ་པའི་རྒྱུར་ཞེས་བྱ་བ་ནི། མཐོང་བའི་ཆོས་ལའོ། །དེ་བཞིན་དུ་མཆོད་རྟེན་མཆོད་པ་ཡང་བདག་ཉིད་ཀྱི་དོན་འབའ་ཞིག་ཡིན་ལ་གཞན་གྱི་དོན་མེད་ཅེ་ན། མཆོད་རྟེན་མཆོད་པས་ཀྱང་རེས་འགའ་གཉི་གའི་དོན་དུ་ཡང་འགྱུར་ཏེ། འཇིག་རྟེན་གྱི་ཟང་ཟིང་གི་འབྲས་བུ་འདོད་པ་དང༌། འཇིག་རྟེན་གྱི་ཟང་ཟིང་ལ་ལྟོས་པ་མེད་པར་དགེ་བའི་ཆོས་སྡུད་པ་དང༌། བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་ཡང་དག་པར་གནས་པ་ནི་གཉི་གའི་དོན་ཉིད་དུ་ཡང་འགྱུར་རོ། །རྙེད་པ་འདོད་པ་ཞེས་བྱ་བ་ནི་གཞན་དག་ལས་མཆོག་ཏུ་རྙེད་པ་འདོད་པའོ། །རྙེད་པའི་རྒྱུ་ཞེས་བྱ་བ་ནི། མཐོང་བ་ལ་དོན་མེད་པའི་རྙེད་པ་སྒྲུབ་པའོ། །གཞན་དག་གི་སྤྲོ་བ་སྐྱེད་པ་ཞེས་བྱ་བ་དང༌། ཡང་དག་པ་མ་ཡིན་པའི་ཡོན་ཏན་སྣ་ཚོགས་སྟོན་པ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་ནི་གཞན་གྱི་དོན་མེད་པར་ཞེས་བསྟན་པར་འགྱུར་རོ། །གལ་ཏེ་གཞན་རྣམས་ཡང་དག་པར་མགུ་བར་འགྱུར་ན་གཞན་གྱི་དོན་ཡང་ཡོད་པར་འགྱུར་རོ་ཞེ་ན། དེ་ནི་མེད་པར་བསྟན་པ་ཡིན་ཏེ། དེ་ལྟར་ན་དགེ་བའི་ཆོས་སྡུད་པ་ཉིད་ཀྱི་ཚུལ་ཁྲིམས་


DTG132_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབང་དུ་བྱས་པའོ། །བདག་ལ་བསྙེན་བཀུར་བྱ་བ་ཞེས་བྱ་བ་ལ་སོགས་པ་ནི་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པའོ། །བསྙེན་བཀུར་བྱ་བ་བདག་གིར་བྱ་བ་འདོད་པས་ཞེས་བྱ་བ་ནི་བསམ་པ་ཉིད་ཀྱིས་སོ། །བསྙེན་བཀུར་བྱ་བ་བདག་གིར་བྱ་བའི་དོན་དུ་ཞེས་བྱ་བ་ནི། སྦྱོར་བ་དང་གཉི་ག་དག་ལ་རང་གི་དོན་ཏོ། །ཆོས་མ་ཡིན་པ་ཉིད་ཀྱིས་ཡིན་གྱི་ཆོས་ཀྱིས་མ་ཡིན་ཞེས་བྱ་བ་ནི། འབའ་ཞིག་གིས་སོ། །ཚོགས་སྡུད་པ་ཞེས་བྱ་བ་ནི་ཕན་པ་བྱ་བ་མེད་པའོ། །ཚེ་འདིའི་བདེ་བ་ལ་གནས་ཤིང་ཞེས་བྱ་བ་ལ་སོགས་པ་ལ། མཐོ་རིས་ཀྱི་དོན་གྱི་བསམ་གཏན་ནི་འབའ་ཞིག་པ་སྟེ། སྔར་བསྟན་པའོ། །འདི་ལྟར་ཡང་བཟོད་པ་ཞེས་བྱ་བ་ལ། མཐོ་རིས་ཀྱི་དོན་དུ་ཚུལ་ཁྲིམས་དང༌། བརྩོན་འགྲུས་རྩོམ་པ་དང༌། བསམ་གཏན་དང༌། ཤེས་རབ་རྣམས་ཡང་དག་པར་བླངས་ནས་གནས་པ་ནི་འབའ་ཞིག་པར་སྔར་བསྟན་ཏོ། །སྦྱིན་པ་དང༌། བཟོད་པ་ཡང་དག་པར་བླངས་ཏེ་གནས་པའི་མ་བསྟན་པའི་རྒྱུ་རབ་ཏུ་བསྟན་པ་ལས་བརྩམས་ཏེ། སྙིང་རྗེ་སྔོན་དུ་འགྲོ་བའམ་ཞེས་བྱ་བ་ལ། སྙིང་རྗེ་མེད་པར་སྔོན་དུ་འགྲོ་བ་ན་ཡང་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའམ་ཞེས་བྱ་བ་ནི། བྱང་ཆུབ་ཏུ་ཡོངས་སུ་མ་བསྔོས་པ་ཡང་ཞེས་བྱ་བའི་དོན་ཏོ། །སྦྱིན་པ་དང་བཟོད་པ་འདི་དག་ནི་འབའ་ཞིག་པ་ཡིན་ན་ཡང་རང་གི་དོན་གྱི་ངོ་བོར་ནི་མི་འགྱུར་ཏེ། ངེས་པར་འཚང་རྒྱ་བ་ཉིད་དང་གཞན་པའི་རང་གི་དོན་དུ་ཡང་འགྱུར་བས། བྱང་ཆུབ་ཀྱང་འཐོབ་ལ། མཐོ་རིས་ཀྱི་རྒྱུ་ཡང་ཡིན་ཏེ། མཐོ་རིས་ཀྱི་ཕྱིར་དང་རང་གི་མཐོ་རིས་ཀྱི་ཕྱིར་ཡིན་པས་སྦྱིན་པ་དང་བཟོད་པ་འབའ་ཞིག་ཉིད་ཡིན་ན་ཡང་གཞན་གྱི་དོན་མེད་པ་ནི་མ་ཡིན་ནོ། །མཐོ་རིས་ཀྱི་ཕྱིར་མ་ཡིན་པ་ནི་སྔ་མ་ལྟར་འབའ་ཞིག་པ་ཉིད་དུ། ལྟ་བ་ལོག་པར་ཞུགས་པ་ཞེས་བྱ་བ་ལ། ཇི་ལྟར་བྱས་ནས་ཤེ་ན། སྨྲས་པ། འོང་བ་མ་མཐོང་བ་དང༌། འབྲས་བུ་མ་མཐོང་བ་ཞེས་བྱ་བ་སྟེ། འཇིག་རྟེན་ཕ་རོལ་མེད་དོ་ཞེའམ། ལེགས་པར་སྤྱད་པ་དང༌། ཉེས་པར་སྤྱད་པའི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་ཟེར་བའོ། །ཚུལ་ཁྲིམས་ཉམས་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་འཆལ་བའོ། །སྒྲུབ་པ་མེད་པ་ཞེས་བྱ་བ་ནི། ནན་ཏན་མི་བྱེད་པའོ། །ས་འོག་མ་ལས་ཡང་དག་པར་འདས་པ་ཞེས་བྱ་བ་ནི། འདོད་པའི་ཁམས་ཀྱི་འདོད་


DTG132_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་དང་བྲལ་བའི་ཕྱིར་མི་འོང་བའམ། ཁམས་ཉིད་ལ་འདོད་ཆགས་དང་བྲལ་བའོ། །བསམ་གཏན་ལས་གྱུར་པ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི། བསམ་གཏན་ལ་གནས་པ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པས་ནི་འདིར་རྒྱུ་བསྟན་ཏོ། །དེ་ལ་གཞན་གྱི་དོན་འབའ་ཞིག་ཡིན་ན་ཇི་སྐད་བསྟན་པ་སྔ་མ་གཉིས་ནི་ཞེས་བྱ་བ་ནི་ལྟ་བ་ལོག་པར་ཞུགས་པའི་སྦྱིན་པ་དང༌། ཚུལ་ཁྲིམས་ཉམས་པས་ཆོས་སྟོན་པའོ། །དེ་མ་ཡིན་པ་ཞེས་བྱ་བ་ནི་ས་འོག་མ་ལས་ཡང་དག་པར་འདས་པ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་བསྟན་པའོ། །དེ་ལ་དགེ་བ་ཡོངས་སུ་འཛིན་པར་བྱེད་ཅེས་བྱ་བ་ནི། དགེ་བ་སྐྱེད་པར་བྱེད་ཅེས་བྱ་བའི་དོན་ཏོ། །དགེ་བ་ལ་སོགས་པ་ཞེས་བྱ་བ་ནི། དགེ་བ་སྤེལ་བའོ། །དགེ་བ་ཡོངས་སུ་གཟུང་བ་ཡང་དག་པར་འཛིན་དུ་འཇུག་ཅེས་བྱ་བ་ནི། དགེ་བ་ཉེ་བར་སོག་ཏུ་འཇུག་པའོ། །འདུལ་བར་བྱེད་ཅེས་བྱ་བ་དང་འཇུག་པར་བྱེད་ཅེས་བྱ་བ་དང༌། འགོད་པར་བྱེད་ཅེས་བྱ་བ་ནི། ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་ཉིད་དོ། །རང་དང་གཞན་གྱི་དོན་གྱིས་བསྡུས་པའི་དོན་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ངོ་བོ་ཉིད་དང་རྒྱུ་ཉིད་དང༌། དུས་ཉིད་དང༌། ཉེ་བར་ཞི་བ་ཉིད་དོ་ཞེས་བསྟན་ཏེ། ཕན་པ་བྱེད་པ་ཉིད་ཀྱིས་དེ་ནི་ཕན་པ་ཉིད་དོ། །རྒྱུ་བཞིའི་བསྡུས་པའི་དོན་ནི། རྒྱུ་རྣམ་པ་གཉིས་ཏེ། བདེ་བ་འཕེལ་བ་དང་སྐྱེད་པའོ། སྐྱེད་པ་ཡང་རྣམ་པ་གསུམ་སྟེ། རྟེན་དང༌། དམིགས་པ་དང༌། ལྷན་ཅིག་བྱེད་པའི་རྐྱེན་གྱི་མཚན་ཉིད་དོ། །འཕེན་པ་ཡང་རྣམ་པ་གཉིས་ཏེ་མཐོང་བའི་ཆོས་ཅན་དང༌། ཕ་རོལ་བའི་དབྱེ་བས་སོ། །བདེ་བའི་རྒྱུ་ལ་བདེ་བར་ཉེ་བར་བརྟགས་པར་བྱས་ནས། རྒྱུ་བདེ་བ་ཞེས་བརྗོད་དོ། །དཔེར་ན་མེ་བདེ་བ་ཞེས་བྱ་བ་ལྟ་བུའོ། །རྒྱུ་བདེ་བར་བསྡུས་པའི་རྒྱུ་གསུམ་པོ་དེ་དག་ཅེས་བྱ་བ་ནི། དབང་པོ་དང༌། ཡུལ་དང༌། བདེ་བ་ཚོར་བར་འགྱུར་བའི་རེག་པ་ནི་ལུས་ཀྱི་ལས་ཀྱིས་བསྡུས་པའི་དབང་པོ་ལྔ་སྡུད་པར་བྱེད་པས་ཉམས་སུ་མྱོང་བའི་ཚོར་བའོ། །སློབ་པ་དང་མི་སློབ་པའི་ལམ་དང་ཡང་དག་པར་ལྡན་པའོ། །གྲང་བ་དང་ཚ་བས་བསྡུས་པ་ནི་དུས་ལས་འབྱུང་བའི་སྡུག་བསྔལ་གྱིས་བསྡུས་པའོ། །བཀྲེས་པ་དང༌། སྐོམ་པས་བསྡུས་པ་ནི། ནང་གི་བདག་ཉིད་ཅན་གྱིས་


DTG132_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་ལ་སོགས་པའི་སྡུག་བསྔལ་དང༌། ངལ་བའི་སྡུག་བསྔལ་དང༌། གློ་བུར་བའི་སྡུག་བསྔལ་དག་གོ །སྡིག་པ་མི་དགེ་བའི་ཆོས་སྤངས་ཏེ་དབེན་པས་ཞེས་བྱ་བ་ནི། སྤངས་པ་ཉིད་དབེན་པའོ། །ཡང་ན་སྤངས་པའི་མཚན་ཉིད་ཀྱིས་དབེན་པ་ཉིད་དེ་ཉེ་བར་ཞི་བའི་བདེ་བའོ། །ཡང་དག་པར་སྡུག་བསྔལ་བ་ཞེས་བྱ་བ་ནི། ཚོར་བ་རྣམ་པ་གསུམ་པོ་དག་གིས་སྡུག་བསྔལ་ལོ། །དེ་ལས་གཞན་པ་ལྷག་མ་རྣམས་ནི་གནོད་པ་མེད་པའི་བདེ་བ་ཞེས་བྱ་བ་ལ། མངོན་པར་འབྱུང་བའི་བདེ་བ་དང༌། རབ་ཏུ་དབེན་པའི་བདེ་བ་དང༌། ཉེ་བར་ཞི་བའི་བདེ་བའོ། །ཐ་མ་ཞེས་བྱ་བ་ནི། རྫོགས་པར་བྱང་ཆུབ་པའི་བདེ་བའོ། །མངོན་པར་འབྱུང་བའི་བདེ་བ་ནི་དེ་དང་རྗེས་སུ་མཐུན་པ་ཉིད་ཡིན། རབ་ཏུ་དབེན་པའི་བདེ་བ་ནི་དེའི་ཕྱོགས་པ་ཉིད་ཡིན། ཉེ་བར་ཞི་བའི་བདེ་བ་ནི་དེ་འདྲེན་པར་བྱེད་པ་ཉིད་ཡིན་གྱི། དོན་དམ་པར་ནི་མ་ཡིན་ཏེ། དོན་དམ་པའི་ནི་ཐ་མ་ཉིད་དེ། གནོད་པ་མེད་པ་ཉིད་ཀྱི་ཕྱིར་རོ། །བདེ་བ་འདོད་པ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བ་ནི། བསམ་པས་སོ། །ཕན་པའི་སྦྱིན་པ་གང་ཡིན་པ་དེ་བདེ་བ་སྦྱིན་པ་ཡང་ཡིན་པར་ཤེས་པར་བྱ་སྟེ་ཞེས་བྱ་བ་ནི། ཕན་པའི་རྒྱུའི་གནས་ཀྱི་སྦྱོར་བ་འདི་དག་ལས་འདི་ལྟར་དེའི་རྗེས་སུ་བྱུང་བའི་འབྲས་བུ་བདེ་བའི་གནས་བྱུང་བར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གང་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ནི། བདག་ཉིད་ཉོན་མོངས་པ་དང་མཚུངས་པར་ལྡན་པས་ཉོན་མོངས་པ་གཞན་གྱིས་ཉོན་མོངས་པའམ། བདག་ཉིད་ཉོན་མོངས་པ་དང་ལྡན་པ་དང༌། ཁ་ན་མ་ཐོ་བ་དང་བཅས་པ་ཉིད་ནི། བདེ་བ་ཡང་མི་ཕན་པ་ཞེས་བྱ་བ་སྟེ། དོན་མ་ཡིན་པ་སྐྱེད་པར་བྱེད་པའི་དོན་ཏོ། །གང་གི་ཕྱིར་ཞེ་ན། སྨྲས་པ། མི་ཕན་པའི་ཕྱིར་ཏེ། མི་ཕན་པའི་ཕྱིར་མ་འོངས་པའི་སྡུག་བསྔལ་གྱི་རྒྱུའོ། །དེའི་ཕྱིར་དེ་ནི་མི་ཕན་པ་ཉིད་པས་ཐམས་ཅད་ཉོན་མོངས་པ་ཅན་ནམ། ཀུན་ནས་ཉོན་མོངས་པར་འགྱུར་རོ། །དབང་པོ་དང༌། ཡུལ་དང༌། རེག་པས་བསྡུས་པ་ནི་བདེ་བའི་རྒྱུའོ། །ཡང་ན་གང་དབང་པོ་དང་ཡུལ་དང་རེག་པས་བསྡུས་པའི་རྒྱུ་བདེ་བ་དང་ཚོར་བ་བདེ་བ་ནི་ཀུན་ནས་ཉོན་མོངས་པར་ཡང་འགྱུར་ཏེ། ཀུན་ནས་ཉོན་མོངས་པ་དེ་ནི་ཁ་ན་མ་ཐོ་བ་དང་བཅས་པ་དང་མི་འཕྲོད་པ་སྟེ། མི་ཕན་པའི་ཕྱིར་རོ། །


DTG132_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོའི་ཕྱོགས་ནི་བསྟན་པ་ལས་བཟློག་པར་རིག་པར་བྱའོ། །ཅི་ནུས་ཀྱིས་ཞེས་བྱ་བ་ནི་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་ནུས་པ་དང་མཐུན་པར་ཞེས་བྱ་བའི་དོན་ཏོ། །ཅི་ལྕོགས་པ་ཞེས་བྱ་བ་ནི། སེམས་ཅན་གང་རྣམས་ལ་ཉེ་བར་བསྒྲུབ་པ་དེ་དག་ལ་སྟོབས་ཅི་ལྟ་བ་དང་མཐུན་པར་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཡང་དག་པར་སྤྱད་པར་བྱ། བསླབ་པར་བྱ། ཉམས་སུ་མྱོང་བར་བྱ་ཞེས་བྱ་བ་ནི། ཚོར་བ་བདེ་བ་དང༌། དབང་པོ་དང༌། ཡུལ་དང༌། རེག་པས་བསྡུས་པ་གང་ཀུན་ནས་ཉོན་མོངས་པའམ། ཉོན་མོངས་པ་ཅན་ཁ་ན་མ་ཐོ་བ་དང་བཅས་པ་དང༌། མི་ཕན་པ་དང༌། མི་འཕྲོད་པ་ལ་མི་བསླབ་པ་ཉིད་དོ། །གང་ཉོན་མོངས་པ་ཅན་མ་ཡིན་པ་དང༌། ཁ་ན་མ་ཐོ་བ་མེད་པ་དང༌། ཕན་པ་དང༌། འཕྲོད་པའི་ཚོར་བ་བདེ་བ་ནི། ཉམས་སུ་མྱོང་བར་བྱ་ཞེས་བྱ་བའི་དོན་ཏོ། །ཚེ་རིང་ཞིང་ཞེས་བྱ་བ་ནི། ལས་གང་གིས་ཁུ་བ་དང་ཁྲག་གི་ནང་དུ་ཡང་དག་པར་བརྒྱལ་བའི་དུས་དང༌། ཁྱད་པར་དུ་འཕགས་པའི་དུས་ནས་འདི་སྙེད་ཅིག་འཚོ་བར་འགྱུར་རོ་ཞེས་བྱ་བ་སྟེ། དེ་ནི་ཚེ་ཞེས་ཀྱང་བརྗོད་ལ། སྲོག་ཅེས་ཀྱང་བྱའོ། །གང་ལ་ཚེ་དེ་རིང་བ་ཡོད་པ་དེ་ལ་ཚེ་རིང་བ་ཞེས་བྱ་སྟེ། དེའི་དངོས་པོ་ནི་ཚེ་རིང་བ་ཉིད་དོ། །ཡུན་རིང་དུ་གནས་པ་ཇི་ལྟ་བུ་ཞེ་ན། ལས་གང་གིས་དེའི་ཚེ་འཕངས་པ་དེ་ཡང་རྣམ་པ་གཉིས་ཡིན་ཏེ། བར་ཆད་དང་བཅས་པ་དང༌། བར་ཆད་མེད་པའོ། །བར་ཆད་དང་བཅས་པ་ནི་ལས་གང་གིས་ཚེ་འཕངས་པ་དེ་རྐྱེན་གྱི་དབང་གིས་རབ་ཏུ་འཆི་བ་སྲིད་པ་སྟེ། འཆི་བ་དེ་ནི་དུས་མ་ཡིན་པར་འཆི་བ་ཞེས་བྱའོ། །བར་ཆད་མེད་པ་ནི་གང་ལས་ཀྱིས་འཕངས་པའི་ཚེ་དེ་བར་མ་དོར་མི་འཆི་བ་སྟེ། ལས་གང་གིས་འཕངས་པ་དེ་དེས་ཇི་ལྟར་འཕངས་པ་བཞིན་གནས་པ་ཉིད་དེ། ཡུན་རིང་དུ་གནས་པ་ཉིད་དོ། །གཟུགས་བཟང་ཞིང་ཞེས་བྱ་བ་ལ། འདིར་བཟང་བའི་སྒྲ་ནི་མཆོད་པའི་དོན་གྱི་ཚིག་གི་ཕྲད་དེ། དཔེར་ན་མངོན་པར་དགའོ་ཞེས་བྱ་བ་ལྟ་བུའོ། །གང་གིས་གཟུགས་ལ་མཆོད་པ་ཡོད་པ་དེ་གཟུགས་བཟང་བ་སྟེ། དེའི་གཟུགས་ལ་མཚན་ཕུན་སུམ་ཚོགས་པ་ཡོད་པས་མཆོད་པ་ཉིད་དེ། དེའི་གཟུགས་དེ་ལ་མཆོད་པར་འགྱུར་བས། དེའི་ངོ་བོ་ཉིད་ནི་གཟུགས་བཟང་བ་ཉིད་དོ། །བལྟ་


DTG132_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྡུག་པ་ནི་མཐོང་ན་ཕན་པ་སྟེ། མིག་དང་མཐུན་པའོ། །ཡང་ན་མཐོང་བར་བཟོད་པ་ནི་བལྟ་ན་སྡུག་པ་སྟེ། ཡང་དང་ཡང་དུ་བལྟ་བར་འདོད་པ་ཉིད་དོ། །རབ་ཏུ་དགའ་བ་དང་འདྲེན་པ་ནི་མཛེས་པ་ཉིད་དེ། སེམས་དགའ་ཞིང་དྲི་མ་མེད་པའོ། །དེའི་དངོས་པོ་ནི་མཛེས་པ་ཉིད་དོ། །ལོངས་སྤྱོད་ཆེ་བ་ཞེས་བྱ་བ་ལ། སྤྱད་པར་བྱ་བས་ན་ལོངས་སྤྱོད་ལ། དེ་ཆེན་པོ་ཡང་ཡིན་པས་ལོངས་སྤྱོད་ཆེན་པོའོ། །དེའི་དངོས་པོ་ནི་ལོངས་སྤྱོད་ཆེ་བ་ཉིད་དེ། སྣ་ཚོགས་ཀྱི་དངོས་པོ་ཕུན་སུམ་ཚོགས་པ་ཞེས་བྱ་བའི་དོན་ཏོ། །རྩ་འཇིང་ཆེ་བ་ཞེས་བྱ་བ་ནི། བཤེས་ཀྱི་ཕྱོགས་མང་ཞིང་ཆེ་བ་ཞེས་བྱ་བའི་དོན་ཏོ། །འཁོར་ཕལ་ཆེ་བ་ཡིན་ཞེས་བྱ་བ་ནི། བུ་དང་ཆུང་མ་དང་བྲན་ཕོ་དང་བྲན་མོ་དང༌། ལས་བྱེད་པ་ལ་སོགས་པའི་འཁོར་རོ། །ཡིད་བརྟན་དུ་རུང་ཞིང་ཡིད་ཆེས་པ་ཡིན་ཞེས་བྱ་བ་ལ། ཇི་ལྟར་ཡིད་བརྟན་དུ་རུང་བ་ཡིན་ཞེ་ན། སྨྲས་པ། སེམས་ཅན་རྣམས་ཀྱི་རྩོད་པ་འབྱུང་ངོ༌། །མཆོག་ཏུ་ཚད་མར་གཞག་པར་འོས་ཞེས་བྱ་བ་ལ་སོགས་པའོ། །ཡིད་ཆེས་པ་ཡིན་ཞེས་བྱ་བ་ཇི་ལྟ་ཞེ་ན། སྨྲས་པ། གཞལ་བླུགས་ལ་གཡོ་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། གཞལ་བླུགས་ལ་ཞེས་བྱ་བ་ནི་སྲང་ལའོ། །འཇལ་བ་ལ་ཞེས་བྱ་བ་ནི། བྲེ་ཕུལ་ལ་སོགས་པ་སྟེ། སྲང་དང་བྲེ་ལ་སོགས་པའི་ཕྱི་རོལ་གྱི་ཉེ་བར་སྤྱད་པ་རྣམས་ཀྱིས་བསླུ་བའོ། །གཡོ་དང་སྒྱུ་ནི་ནང་གི་བདག་ཉིད་ཅན་ཏེ། དེ་དག་གིས་སླུ་བ་མེད་པའོ། །ནོར་གཏམས་པ་ལ་དོར་མི་བྱེད་པ་ནི། ནོར་གཏམས་པ་ལ་མི་བསྙོན་པ་སྟེ། དེ་ལྟ་བུ་ནི་ཡིད་ཆེས་པའོ། །གཞི་དེས་ཞེས་བྱ་བ་ནི། ཡིད་བརྟན་དུ་རུང་བ་ཉིད་དང༌། ཡིད་ཆེས་པ་ཉིད་ཀྱི་གཞི་དེས་ཚིག་གཟུང་བར་འོས་པར་འགྱུར་རོ། །གྲགས་པ་ཆེན་པོ་ནི་གྲགས་པར་འགྱུར་བ་སྟེ། ཅི་ལྟ་བུ་ཞེ་ན། དཔའ་བ་ལ་སོགས་པ་དྲུག་གོ །སྙན་པ་ཇི་ལྟ་བུ་ཞེ་ན། འཇིག་རྟེན་འདིར་གྲགས་པར་འགྱུར་བའོ། །ཇི་ལྟ་བུ་ཞེ་ན། བཟོ་དང་ལས་ཀྱི་གནས་རྣམ་པ་སྣ་ཚོགས་ལྷག་པར་རབ་དང་ཕུལ་དང་ཞེས་བྱ་བ་ནས་བརྩམས་པའོ། །གཞི་དེས་བྱ་བ་ནི་གྲགས་པ་ཆེན་པོ་དང་སྙན་པས་འཇིག་རྟེན་དུ་ཤེས་པ་ཉིད་ཀྱི་གཞིའོ། །ཕོའི་དངོས་པོ་ཞེས་བྱ་བ་ནི། གང་དང་ལྡན་པས་སྐྱེས་པ་ཞེས་བརྗོད་པའོ། །དེ་ཡང་གང་གིས་འགྱུར་ཞེ་ན། ཕོའི་དབང་པོ་དང་ལྡན་པས་ཏེ། དེ་ནི་མི་ཉིད་དོ། །


DTG132_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་ཆུང་བ་ནི་གློ་བུར་བའི་ནད་ཉུང་བའོ། །ནད་མེད་པའི་རང་བཞིན་ཅན་ནི། ལུས་ལ་གནས་པའི་ནད་མེད་པ་སྟེ། འདི་དག་གིས་ནི་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པར་བསྟན་ཏོ། །སྤྲོ་བ་ཆེ་བ་ཡིན་ཞེས་བྱ་བ་ནི། བྱ་བ་བྱེད་པ་ཐམས་ཅད་ལ་ནུས་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏེ། འདིས་ནི་གཉེན་པོའི་ཕྱོགས་ཕུན་སུམ་ཚོགས་པ་བསྟན་ཏོ། །མི་འཚེ་བའི་མཚན་ཉིད་གང་ཞེ་ན། སེམས་ཅན་རྣམས་ལ་མི་འཚེ་བ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། སེམས་ཅན་རྣམས་ལ་མི་འཚེ་བའི་བསམ་པ་ནི། རྗེས་སུ་བརྩེ་བའི་བསམ་པའམ། དེ་ནི་སྙིང་རྗེ་ཆེ་བའི་བསམ་པའོ། །སྣང་བའི་སྦྱིན་པ་ཇི་ལྟར་ཁ་དོག་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ཞེ་ན་ཁ་དོག་གསལ་བར་བྱེད་པ་ལ་གཙོ་བོ་སྣང་བ་ཡིན་པས་སོ། །གོས་གཙང་མ་སྦྱིན་པ་ནི་ཁ་དོག་ཕུན་སུམ་ཚོགས་ཏེ། གོས་ཀྱི་སྦྱིན་པ་ནི་དེའི་ཁ་དོག་ཕུན་སུམ་ཚོགས་པའི་རྒྱུའི་ཕྱིར་རོ། །ང་རྒྱལ་ངེས་པར་བཅོམ་པ་ཞེས་བྱ་བ་ནི། ང་རྒྱལ་ངེས་པར་བཅོམ་པའི་ཕྱིར་ཕྱག་ལ་སོགས་པ་བྱ་བར་འོས་པ་རྣམས་ལ། ཕྱག་ལ་སོགས་པ་བྱེད་པས་དེ་ལ་འོས་པའི་རིགས་སུ་སྐྱེ་བའོ། །སློང་བ་རྣམས་ལ་ཞེས་བྱ་བ་ནི། བདག་ཉིད་གང་སློང་བའོ། །ཡོ་བྱེད་མི་བདོག་པ་རྣམས་ལ་ཞེས་བྱ་བ་ནི་མི་སློང་ན་ཡང་དེ་ལ་བདག་ཉིད་སོང་ནས་སྟེར་བ་ཉིད་དོ། །དེ་ལྟར་སྦྱིན་པ་རྣམ་པ་གཉིས་པོ་སློང་བ་དང་མི་སློང་ན་ཡང་སྦྱིན་པ་ནི་དབང་ཕྱུག་ཕུན་སུམ་ཚོགས་པའི་རྒྱུའོ། །དཀོན་མཆོག་གསུམ་ལ་མཆོད་པ་ཉིད་ཀྱིས་ནི་གྲགས་པ་ཆེན་པོ་རྒྱས་པར་འགྱུར་རོ། །བླ་མ་མཆོད་པས་ཀྱང་སྙན་པར་གྲགས་པར་འགྱུར་རོ། །རྒྱུ་གཉིས་ཀྱིས་ཞེས་བྱ་བ་ལ། བུད་མེད་ཀྱི་དངོས་པོ་ལ་མི་དགའ་བ་དང༌། གཞན་དག་ལ་སྐྱེས་པ་ཉིད་སྒྲུབ་པའི་རྒྱུ་གཉིས་པོ་དེ་དག་གིས་འགྱུར་ཏེ། དེ་ལ་བུད་མེད་ཀྱི་དངོས་པོ་ལ་མི་དགའ་བ་ནི་འདུན་པ་བཟློག་པའོ། །གང་ལས་འདུན་པ་བཟློག་ཅེ་ན། བུད་མེད་ཀྱི་དངོས་པོ་ཉིད་ལས་སོ། །གང་དག་འདུན་པ་བཟློག་ཅེ་ན། བུད་མེད་རྣམས་སོ། །མཚན་ཉིད་གང་ལས་ཤེ་ན། བུད་མེད་ཀྱི་དངོས་པོ་ལ་དགའ་བ་རྣམས་ལས་སོ། །གཞན་དག་ལ་སྐྱེས་པ་ཉིད་སྒྲུབ་པ་ཇི་ལྟ་བུ་ཞེ་ན། ངེས་པར་རྣམ་པར་ཐར་པར་བྱེད་པའོ། །གང་


DTG132_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

དག་ངེས་པར་རྣམ་པར་ཐར་པར་བྱེད་ཅེ་ན། སྐྱེས་པ་རྣམས་སོ། །ཇི་ལྟ་བུའི་གནས་སྐབས་དག་གི་ཞེ་ན། བཟུང་སྟེ་ཁྲིད་པ་རྣམས་ཏེ། གཉིས་ཀྱིས་ནི་ངེས་པ་བསྟན་པ་ཡིན་ནོ། །གང་གི་དོན་དུ་ཞེ་ན། ཕོའི་དབང་པོ་གཅད་པའི་ཕྱིར་རོ། །ཇི་ལྟར་ཐར་པར་བྱེད་ཅེ་ན། ཆོས་ཀྱིས་ཏེ། དེ་ལ་ཆོས་ནི་གང་སྤྱད་པར་བྱ་བ་སྐྱེས་པ་ཕོའི་དབང་པོ་གཅད་པའི་ཕྱིར་སྲིད་པ་དང་བརྗེ་བའི་རྫས་རྗེས་སུ་མཐུན་པ་སྦྱིན་པ་སྟེ། དེས་ཉེ་བར་འཚོ་བའམ་གཞན་པ་ཡང་རུང་བ་ལ། དེའི་འདོད་པས་བྱེད་ཀྱི་གནོད་པས་ནི་མ་ཡིན་ནོ། །བྱ་བ་ལ་འཇུག་པའི་ངོ་བོ་ནི་ཞལ་ཏ་བྱེད་པ་སྟེ། དེའི་བྱེད་པ་ནི་སེམས་ཅན་རྣམས་ཀྱི་བྱ་བ་བྱེད་པ་ཞེས་བྱ་བའི་དོན་ཏེ། བྱ་བའི་གྲོགས་བྱེད་ཅིང་བྱ་བ་བྱེད་པར་འདོད་པས་བརྩམས་པ་དེའི་དེ་ལྟ་བུའི་བྱ་བ་དེ་ལ་གྲོགས་བྱེད་པའོ། །ཅི་ནུས་ཞེས་བྱ་བ་ནི་བདག་ཉིད་ཀྱི་ནུས་པ་དང་རྗེས་སུ་མཐུན་པར་རོ། །ཅི་ལྕོགས་ཞེས་བྱ་བ་ནི། དེའི་བྱ་བ་ལ་ནུས་པ་དང་སྟོབས་ལ་ལྟོས་པས་སོ། །ཆོས་དང་མཐུན་པ་ཞེས་བྱ་བ་ནི། བྱ་བ་དེ་ཆོས་དང་མཐུན་པ་ཉིད་ལ་ལྟོས་ནས་ཞལ་ཏ་བྱེད་པ་སྟེ། གྲོགས་བྱེད་པ་མེད་པ་ལ་གྲོགས་བྱེད་པའོ། །དེ་ལྟ་བུ་ནི་རེ་ཞིག་གནོད་པ་ཉུང་བ་དང༌། ནད་མེད་པའི་རང་བཞིན་ཅན་གྱི་རྣམ་པར་སྨིན་པའི་རྒྱུའོ། །ལྟ་བར་འགྱུར་བའི་ཟས་དང་སྐོམ་བསྒྲུབ་པ་ནི་སྤྲོ་བ་ཆེན་པོ་ཉིད་ཀྱི་རྒྱུའོ། །སེམས་རྣམ་པར་དག་པ་བཞིའི་བསྡུས་པའི་དོན་ནི། གང་ལ་བསམ་པ་དང༌། ཇི་ལྟ་བུར་བསམ་པ་དང༌། རྣམ་པ་ཅི་ལྟ་བུས་བསམ་པའོ། །གང་ལ་བསམ་པ་ཞེས་བྱ་བ་ལ། །བྱང་ཆུབ་ཏུ་ཆོས་མཐུན་པ་དང་མཚུངས་པར་རོ། །ཇི་ལྟ་བུར་ཞེས་བྱ་བ་ལ་དྲག་ཏུའོ། །རྣམ་པ་ཇི་ལྟ་བུས་ཞེས་བྱ་བ་ལ་ཉིན་གཅིག་བཞིན་དུ་སྐད་ཅིག་རེ་རེ་ལ་དེ་དང་མཐུན་པའི་ཆོས་ཁོ་ན་ལ་ལན་མང་དུ་རྟོག་ཅིང་དཔྱོད་པས་སོ། །དང་པོ་གསུམ་ནི་ཇི་ལྟར་ཡོད་པའི་མཚན་ཉིད་དོ། །ཐ་མ་ནི་ཇི་སྙེད་ཡོད་པའི་མཚན་ཉིད་དོ། །ཡུན་རིང་པོ་ཞེས་བྱ་བ་ནི། སྦྱོར་བ་དེ་ཇི་སྙེད་པས་རྒྱུན་མི་འཆད་པར་གྲིམས་པར་བྱེད་པ་དག་གོ །ཇི་ལྟར་འབྱུང་བར་སྦྱོར་བས་ནི་བག་མེད་པ་རྣམས་ཡང་དག་པར་ལེན་དུ་གཞུག་པའི་ཕྱིར་བསྔགས་པ་བརྗོད་པ་ཉིད་དོ། །ཡང་དག་པར་བླངས་པ་རྣམས་ལ་ཡང་ཞེས་བྱ་བ་ལ། ཡང་དག་པར་ཞུགས་པ་དང༌།


DTG132_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཞུམ་པ་རྣམས་ངེས་པར་གཞུག་པ་དང༌། རབ་ཏུ་དགོད་པའོ། །སྦྱོར་བ་འདིའི་བསྡུས་པའི་དོན་ནི། རྣམ་པ་ཇི་ལྟ་བུས་དང༌། གང་ལ་སྦྱོར་བས་སོ། །ཡང་རྟག་པའི་སྦྱོར་བ་དེའི་འབྲས་བུ་ལ་གནས་པ་ཉིད་ནི་ཞིང་དག་པར་རིག་པར་བྱ་སྟེ། ཞིང་དང་འདྲ་བས་ཞིང་ཞེས་བྱ་བ་ལ། འབྲས་བུ་འབྱིན་པར་འདྲ་བར་ཆོས་ནི་དེ་དག་པ་སྟེ། འབྲས་བུ་ལ་གནས་པའོ། །བདག་གི་དོན་དང་གཞན་གྱི་དོན་ལས་བརྩམས་ནས་ཞེས་བྱ་བ་ལ། བདག་གི་དོན་ལས་བརྩམས་པ་ནི་ཡུན་རིང་པོར་དགེ་བའི་ཕྱོགས་ལ་སྦྱོར་བ་ཞེས་བྱ་བའོ། །གཞན་གྱི་དོན་ལས་བརྩམས་པ་ནི། དགེ་བའི་རྩ་བ་མང་པོ་སོགས་པར་བྱེད་པ་ཞེས་བྱ་བའོ། །ཡང་ན་རང་གི་དོན་ལ་ཡང་ཡུན་རིང་པོར་དགེ་བའི་ཕྱོགས་ལ་སྦྱོར་བ་དང༌། དགེ་བའི་རྩ་བ་སོགས་པ་ཡིན་ལ། དེ་བཞིན་དུ་གཞན་གྱི་དོན་ལ་ཡང་སྦྱོར་བར་བྱ་སྟེ། སྦྱོར་བར་བྱས་ནས་མཇུག་གི་དུས་སུ་སོགས་པར་བྱེད་པའོ། །ཁ་དོག་ཕུན་སུམ་ཚོགས་པར་གྱུར་ན་ཞེས་བྱ་བ་ནི། སྔར་བསྟན་པའི་ཁ་དོག་ཕུན་སུམ་ཚོགས་པ་ཉིད་དང༌། གཟུགས་བཟང་བ་ཉིད་དང༌། བལྟ་ན་སྡུག་པ་ཉིད་དང༌། མཛེས་པ་ཉིད་ཅེས་བྱ་བའོ། །དེ་ལ་གཟུགས་བཟང་བའི་མཚན་ཉིད་ཀྱི་ཁ་དོག་ཕུན་སུམ་ཚོགས་པ་ནི་སྐྱེ་བོའི་ཚོགས་ཆེན་པོའི་སྙིང་དུ་སྡུག་པར་འགྱུར་རོ། །སྙིང་དུ་སྡུག་པར་གྱུར་ན་དྲུང་དུ་འདུ་བར་འགྱུར་རོ། །དེ་ནས་ཡིད་དུ་འོང་བ་ཞེས་བྱ་བ་རབ་ཏུ་མཛེས་པ་ཉིད་ཀྱིས་མངོན་སུམ་དུ་ཕྲད་དུ་འོང་བར་འགྱུར་བས་བལྟ་ན་སྡུག་པ་ཉིད་དོ། །སྐྱེ་བོའི་ཚོགས་ཆེན་པོ་དག་དེའི་ཚིག་མཉན་པ་དང་བྱ་བར་སེམས་ཏེ་ཞེས་བྱ་བ་ནི། མངོན་དུ་བསྒྲུབ་པར་བྱའོ་སྙམ་དུ་སེམས་པའོ། །སྐྱེ་བོའི་ཚོགས་ཀུན་གྱིས་བཀུར་བ་དང་ཞེས་བྱ་བ་ནི། ཡིད་ཀྱིས་སོ། །མཆོད་པ་ནི་ལུས་ཀྱིས་སོ། །བསྔགས་པ་ནི་ངག་གིས་ཏེ། ང་རྒྱལ་མེད་པའི་སེམས་ཀྱི་ཡོན་ཏན་དང་ལྡན་པ་དང༌། བླ་མ་ལ་ལུས་དང་ཡིད་དང་ངག་གི་ལས་ཀྱིས་དེ་བྱ་བའི་དུས་སུ་མཆོད་པ་བྱེད་པ་ཉིད་ཀྱིས་སོ། །འདོད་པ་ལ་བྱིན་པས་གང་ལོངས་སྤྱོད་ཕུན་སུམ་ཚོགས་པར་གྱུར་པས་ནི། སེམས་ཅན་རྣམས་སྡུད་པར་བྱེད་དོ། །ཡོ་བྱད་ཀྱིས་ཕོངས་པ་ལ་བྱིན་པས་གང་ལོངས་སྤྱོད་ཕུན་སུམ་ཚོགས་པར་གྱུར་ན། སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །ཚིག་རྩུབ་པོ་མེད་པའི་རྒྱུས་


DTG132_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་བཙུན་པ་ཉིད་དུ་གྱུར་ན་སྙན་པར་སྨྲ་བ་ཉིད་བས་སེམས་ཅན་རྣམས་སྡུད་དོ། །བདེན་པར་སྨྲ་བའི་རྒྱུ་ཉིད་ཀྱི་དོན་སྤྱོད་པས་སེམས་ཅན་རྣམས་རྗེས་སུ་འཛིན་ཏོ། །ཕྲ་མ་མེད་པ་དང༌། འཁྱལ་པ་མེད་པར་སྨྲ་བས་སེམས་ཅན་རྣམས་སྡུད་ཅིང་ཡོངས་སུ་སྨིན་པར་བྱེད་དོ། །ཡང་ན་སྙན་པར་སྨྲ་བས་ནི་སེམས་ཅན་རྣམས་སྡུད་པར་བྱེད་ལ། དོན་སྤྱོད་པ་དང་དོན་མཐུན་པ་ཉིད་ཀྱིས་ནི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །གུས་པ་དང་ཞེས་བྱ་བ་ནི། གང་གིས་འདི་འཇིག་རྟེན་ལ་གྲགས་པར་འགྱུར་པའོ། །བྱས་པ་ཤེས་པ་ཞེས་བྱ་བ་ནི་གང་གིས་འཇིག་རྟེན་ན་སྙན་པར་གྲགས་པར་འགྱུར་བའོ། །བཀུར་སྟི་དང་གུས་པ་དང་བཅས་པས་ཞེས་བྱ་བ་ནི། དེ་དག་ཉིད་ཀྱིས་སོ། །བྱང་ཆུབ་སེམས་དཔའ་སྐྱེས་པར་གྱུར་ན་ཞེས་བྱ་བ་ལ། སྐྱེས་པའི་དངོས་པོ་ལ་མངོན་པར་དགའ་ཞིང་བུད་མེད་ཀྱི་དངོས་པོ་ལ་མི་དགའ་བ་དག་གིས་སོ། །ཕོའི་དབང་པོ་དང་ལྡན་པས་ཞེས་བྱ་བ་ལ། གཞན་དག་ལ་སྐྱེས་པ་ཉིད་བསྒྲུབས་པས་སྐྱེས་པར་གྱུར་པ་ཉིད་ཡོན་ཏན་ཐམས་ཅད་དང༌། བཙལ་བ་ཐམས་ཅད་དང༌། ཤེས་བྱ་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པ་དག་གི་སྣོད་དུ་གྱུར་པ་ལྟར་བུད་མེད་ནི་དེ་ལྟ་བུ་མ་ཡིན་ཏེ། སྐྱེས་པའི་དབང་པོ་དང་ལྡན་པའི་ཕྱིར་འཇིགས་པ་མེད་པར་འགྱུར་བ་དང་འཇུག་པ་ལ་སྒྲིབ་པ་མེད་པ་ཞེས་བྱ་བ་ལ་སོགས་པའོ། །སེམས་ཅན་རྣམས་ལ་ཞལ་ཏ་བྱེད་པའི་རྒྱུས་སྟོབས་དང་ལྡན་པས་སྐྱོ་བ་མེད་པར་འགྱུར་ཏེ། དགེ་བའི་ཆོས་སྒྲུབ་པའི་བྱ་བ་ལ་གྲོགས་བྱེད་པའི་རྒྱུ་ཉིད་ཀྱི་སྟོབས་ཀྱིས་སེམས་ཅན་རྣམས་ལ་ཕན་གདགས་པའི་སྦྱོར་བས་མི་སྐྱོ་བར་འགྱུར་རོ། །ལས་དོན་ཆེ་ཞེས་བྱ་བ་ནི་མང་བའོ། །མཐུན་པ་ཞེས་བྱ་བ་ནི་འཚམ་ཞིང་རྗེས་སུ་མཐུན་པའོ། །བདག་ཉིད་སངས་རྒྱས་ཀྱི་ཆོས་རྣམས་ལ་ཡོངས་སུ་སྨིན་པར་བྱེད་ལ་ཞེས་བྱ་བ་ནི། ཡོངས་སུ་སྨིན་ན་བདག་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །སེམས་ཅན་རྣམས་ཀྱང་ཐེག་པ་གསུམ་ལ་མྱུར་བ་ཉིད་དུ་ཡོངས་སུ་སྨིན་པར་བྱེད་ལ་ཞེས་བྱ་བ་ནི། སེམས་ཅན་རྣམས་ཡོངས་སུ་སྨིན་པ་ཉིད་ནི་རྣམ་པར་གྲོལ་བར་བྱེད་དོ། །བྱམས་པ་ལ་སོགས་པ་ཚད་མེད་པ་རྣམས་བསྒོམས་པའམ་ཞེས་བྱ་བ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་ཕྱོགས་


DTG132_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བརྩོན་འགྲུས་སོ། །རབ་ཏུ་འབྱེད་ཅིང་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཕྱོགས་ཀྱིའོ། །དེ་ལྟ་བུའི་བསོད་ནམས་དང་ཡེ་ཤེས་དེ་ཡང་མདོར་བསྡུ་ན་རྣམ་པ་དྲུག་ཏུ་འགྱུར་རོ་ཞེས་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཚན་ཉིད་དོ། །ཡང་ན་བསོད་ནམས་དང་བསོད་ནམས་ཀྱི་ཕྱོགས་དང། བརྩོན་འགྲུས་དང༌། བསམ་གཏན་དང༌། ཡེ་ཤེས་དང་ཡེ་ཤེས་ཀྱི་ཕྱོགས་དང༌། བརྩོན་འགྲུས་དང་བསམ་གཏན་ཞེས་བྱ་བའོ། །བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ནི་མདོར་བསྡུ་ན་ཅི་རིགས་པར་རྣམ་པ་བཞིར་རིག་པར་བྱའོ་ཞེས་བྱ་བ་ལ། བསོད་ནམས་ཀྱི་འབྲས་བུ་རྣམ་པ་གཉིས་ནི་གནོད་པ་མེད་པར་འཁོར་བ་ན་འཁོར་ཞིང་སྡུག་བསྔལ་པ་དག་གིས་ཤིན་ཏུ་གཟིར་བ་མེད་པ་དང༌། ཇི་ལྟར་དགའ་བར་སེམས་ཅན་གྱི་དོན་དང་ཕན་འདོགས་པར་ནུས་པ་ཞེས་བྱ་བའོ། །ཡེ་ཤེས་ཀྱི་འབྲས་བུ་རྣམ་པ་གཉིས་ནི་ཡེ་ཤེས་ལ་བརྟེན་ནས་ཡང་དག་པར་བསོད་ནམས་ཡོངས་སུ་འཛིན་པ་དང། མཁས་པར་བྱ་བ་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་དག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུའོ། །གང་རྣམ་པར་སྨིན་པ་དང༌། རྣམ་པར་སྨིན་པའི་རྒྱུ་གང་ཡིན་པ་དེ་ནི་བསོད་ནམས་ལ་བརྟེན་པའོ། །རྣམ་པར་སྨིན་པའི་འབྲས་བུ་གང་ཡིན་པ་ནི་བསོད་ནམས་ལས་བྱུང་བ་ཡིན་ནོ། །བསོད་ནམས་ཀྱང་ཡེ་ཤེས་ལ་བརྟེན་ཅེས་བྱ་བ་ནི། ཡེ་ཤེས་ལ་བརྟེན་ནས་འབྱུང་བའོ། །ཡེ་ཤེས་ལས་བྱུང་བ་ཡིན་ཞེས་བྱ་བ་ནི། ཡེ་ཤེས་ཉིད་ལས་འབྱུང་བའོ། །རིག་པའི་བཟོ་དང་ལས་ཀྱི་གནས་ཞེས་བྱ་བ་ནི། རིག་པ་ཉིད་དང་ལྡན་པའི་བཟོ་དང་ལས་ཀྱི་གནས་སྐྱེས་བུའི་བྱེད་པ་སྟེ། གང་དེ་ནི་ལུང་དུ་མ་བསྟན་པ་ཉིད་ཀྱིས་ཕ་རོལ་གྱི་ནི་མ་ཡིན་ནོ། །ལོངས་སྤྱོད་བསྒྲུབས་པ་སྟེ། བཟའ་བ་དང༌། བཏུང་བ་དང་བགོ་བ་ལ་སོགས་པ་ལོངས་སྤྱད་པར་བྱ་བ་བཟུང་བ་རྣམས་སོ། །ཚོད་མ་ཟིན་པར་ལོངས་སྤྱོད་པས་ནི་ཕ་རོལ་དུ་ཡང་འབྲས་བུ་མི་འདོད་པར་འགྱུར་ལ། མཐོང་བའི་ཆོས་ལ་ཡང་ཚོད་མ་ཟིན་པར་ལོངས་སྤྱོད་པས་ནད་ལ་སོགས་པ་འབྱུང་བ་དང་མཐོང་བའི་ཆོས་ཀྱི་དོན་ཡང་ཉམས་པར་འགྱུར་བའོ། །སྔོན་གྱི་ལས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། འབྲས་བུ་འདོད་པའི་ལས་བཟུང་བས་མི་འདོད་པའི་འབྲས་བུ་མེད་པ་ཉིད་དོ། །འབྲས་བུ་


DTG132_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འདི་ལ་ལོངས་སྤྱོད་པར་གྱུར་པ་ཞེས་བྱ་བ་ནི། སྦྱིན་པ་མི་བྱེད་པ་ཉིད་ཀྱི་ཕྱིར་ཕ་རོལ་གྱི་དོན་མེད་པར་འདིའི་དོན་དུ་སྟེ། གཞན་གྱི་དོན་སྒྲུབ་པའི་དོན་ནི་ཕ་རོལ་གྱི་དོན་ཡིན་པས་དེའི་ངོ་བོ་བསྟན་པའི་དོན་དུའོ། །དེ་བཞིན་གཤེགས་པར་འགྱུར་བ་ཞེས་བྱ་བའི་ཚིག་ནི། བྱང་ཆུབ་སེམས་དཔའ་འདི་ཉིད་དུ་མྱ་ངན་ལས་འདའ་བ་བརྩལ་བའི་དོན་ཏེ་བྱང་ཆུབ་སེམས་དཔའ་རྣམས་ནི་དེ་ལྟ་བུའི་ཚུལ་གྱིས་ཕ་རོལ་དུ་ཡང་གོང་ནས་གོང་དུ་སྐྱེ་བའི་ཁྱད་པར་ཐོབ་པའོ། །ཆོས་འདུས་བས་ཞེས་བྱ་བ་ནི། ལམ་ཡང་གཟིངས་དང་འདྲ་བའི་ཕྱིར་ཡོངས་སུ་གཏང་བར་བྱ་བ་ཉིད་ཡིན་ལ། འདུས་མ་བྱས་ནི་ཕ་རོལ་དུ་ཡང་ཡིན་པས་བྱང་ཆུབ་སེམས་དཔའ་ཇི་ལྟ་བ་བཞིན་དུ་གཞན་གྱི་ཡང་ཡིན་ལ། ཇི་ལྟར་བཤད་པའི་མཚན་ཉིད་ཅན་གྱིས་མཐོང་བའི་ཆོས་ཅན་ཉིད་ནི་རང་གི་དོན་ཏོ། །དེ་བཞིན་དུ་གཞན་ཡང་བྱང་ཆུབ་སེམས་དཔས་བཏུལ་བ་རྣམས་གཞན་གྱི་དོན་ཡང་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ལ། ཅི་ཐམས་ཅད་ཀྱང་དེ་ལྟར་རམ་ཞེ་ན། སྨྲས་པ། གང་དག་བྱང་ཆུབ་སེམས་དཔས་བཏུལ་བ་སྟེ། གང་བྱང་ཆུབ་སེམས་དཔས་བཏུལ་བ་དེ་རྣམས་ཉིད་དེ། དེ་ལ་ལྟོས་ནས་དེ་དག་ཉིད་ལས་གཞན་ཞེས་བརྗོད་ཀྱི་གཞན་ཐམས་ཅད་ཀྱི་ནི་མ་ཡིན་ནོ། །དེ་ལ་ཕྱི་མ་ལ་འདོད་པའི་ཁམས་སུ་ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར་བ་ཞེས་བྱ་བ་ལ། འདིར་འདོད་པའི་ཁམས་སུ་སྨོས་པ་ནི། འདོད་པའི་ཁམས་ལས་གཞན་པ་ན། ཕྱི་མ་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་མེད་དོ། །ལོངས་སྤྱོད་ཀྱིས་ལས་ཤིན་ཏུ་འདས་པས་སོ། །ལོངས་སྤྱོད་ཕུན་སུམ་ཚོགས་པའི་ཚིག་ནི་ཕུན་སུམ་ཚོགས་པ་གཞན་ནི་རྣམ་པར་སྨིན་པ་མ་ཡིན་པ་ཉིད་དེ། ལུས་ཕུན་སུམ་ཚོགས་པ་འཆད་པར་འགྱུར་བའི་བར་དུའོ། །ཕྱི་མ་ཞེས་སྨོས་པ་ནི། འདི་ནི་ཕ་རོལ་གྱི་མ་ཡིན་པ་ཉིད་དེ། དེ་ལྟར་འདི་ལུས་ཕུན་སུམ་ཚོགས་པར་ནི་འདོད་པའི་ཁམས་དང༌། གཞན་པ་དག་ཁྱད་པར་མེད་པར་བརྗོད་པའི་ཕྱིར་རོ། །དེའི་ཕྱི་མ་ལ་ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི། འདོད་པའི་ཁམས་ཀྱི་སྔར་བསྟན་པའི་ཕུན་སུམ་ཚོགས་པའོ། །ཚེ་འདི་ལ་སྡུག་བསྔལ་དང་བཅས་ཡིད་མི་བདེ་བ་དང་བཅས་ཞེས་བྱ་བ་ནི། བདེ་བ་དང་ཡིད་བདེ་བ་དང་མཚུངས་


DTG132_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

པར་ལྡན་པའི་རྒྱུ་མ་ཐོང་བའི་ཆོས་ཉིད་ལ་བརྟེན་པའོ། །སོ་སོར་བརྟགས་ཤིང་ཞེས་བརྗོད་པ་ནི། གང་གིས་སྡུག་བསྔལ་དང་བཅས་པ་དང་ཡིད་མི་བདེ་བ་དང་བཅས་པ་དེས་མ་འོངས་པ་ནི་འབྲས་བུ་འདོད་པ་ཉིད་དུ་འགྱུར་བའི་ཕྱིར་དེ་ལ་བརྟེན་པར་སོ་སོར་བརྟགས་ཤིང་ཞེས་བྱ་བ་སྨོས་སོ། །གང་ཡང་ཚེ་འདི་ལ་བདེ་བ་དང་བཅས་པ་དང་ཡིད་བདེ་བ་དང་བཅས་པས་ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པར་འགྱུར་བའི་རྒྱུ་ལ་བརྟེན་པ་ཞེས་བྱ་བ་དེ་ལ། འདོད་པའི་ཁམས་ལས་གཞན་པ་མ་ཡིན་པ་དེའི་ཕྱིར་འདོད་པའི་ཁམས་བྱེ་བྲག་ཏུ་བརྗོད་པར་བྱའོ། །གང་འདིར་ཉམས་པར་འགྱུར་བའི་ཆ་དང་མཐུན་པ་མ་ཡིན་པའི་བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་ཞེས་བྱ་བ་དེ་ལ། འདིར་ཞེས་སྨོས་པའི་འདོད་པའི་ཁམས་བཟུང་བའི་དོན་ཏེ། གཞན་དག་ན་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ཕྱི་མ་ལ་མེད་པས་སོ། །ཉམས་པར་འགྱུར་བའི་ཆ་དང་མཐུན་པ་མ་ཡིན་པ་སྨོས་པ་ནི་ཉམས་པར་འགྱུར་བའི་ཆ་དང་མཐུན་པ་མ་ཡིན་པའི་ཕྱིར་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ནི་མ་འོངས་པའི་ཉིད་དེ། དེས་དེ་ལ་འབྲས་བུ་སྟེར་བས་སོ། །བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་སྨོས་པ་ནི། དེ་ལས་གཞན་པའི་སྙོམས་པར་འཇུག་པ་རྣམས་ལ་ཕྱི་མ་ལ་ཕན་པ་མེད་པ་ཉིད་དེ་སྲིད་པ་སྒྲུབ་པ་མ་ཡིན་པའི་ཕྱིར་རོ། །སོ་སོའི་སྐྱེ་བོ་རྣམས་ཀྱི་འཇིག་རྟེན་པའི་དག་པ་ཞེས་བྱ་བ་ལ། འདིར་སོ་སོའི་སྐྱེ་བོ་སྨོས་པ་ནི་འཇིག་རྟེན་པའོ། །འཕགས་པ་རྣམས་ཀྱི་དག་པ་ནི་གཏན་དུ་བ་ཉིད་དེ། བདེན་པ་མཐོང་བ་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་དག་གིས་ཡིན་པས་སོ། །ཉོན་མོངས་པ་ཐམས་ཅད་གཏན་སྤངས་པ་ཞེས་བྱ་བ་ལ། འདིར་ཐམས་ཅད་གཏན་ཞེས་སྨོས་པ་ནི་འཇིག་རྟེན་པའི་ལམ་གྱིས་ནི་ཉོན་མོངས་པ་མགོ་མནན་པ་ཙམ་དུ་སྤོང་གི་གཏན་དུ་ནི་མ་ཡིན་པ་ཉིད་དེ། འདི་ལྟར་དེས་སྤངས་པའི་ཉོན་མོངས་པ་རྣམས་ཐམས་ཅད་དུ་སྤངས་པ་མ་ཡིན་ཏེ། འཇིག་རྟེན་པའི་ལམ་གྱིས་སྲིད་པའི་རྩེ་མོ་བའི་ཉོན་མོངས་པ་མི་སྤོང་བས་ཉོན་མོངས་པ་གཏན་སྤངས་པ་མ་


DTG132_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། བག་ལ་ཉལ་མ་སྤངས་པས་སོ། །བདག་དང་གཞན་གྱི་དོན་རིམ་པར་ཕྱེ་བ་འདིའི་བསྡུས་པའི་དོན་གྱི་རིམ་པ་མ་བསྟན་པ་ནི། བསྟན་པའི་དོན་གྱི་ཚིགས་སུ་བཅད་པར་བསྟན་པའི་ཕྱིར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་བ་ལ། དེ་ནི་གཏན་དུ་བ་ཡིན་པའི་ཕྱིར་ཡོངས་སུ་མི་ཉམས་པ་ཉིད་དོ། །དེ་ལ་བརྟེན་ནས་ཞེས་བྱ་བ་ནི། འཇིག་རྟེན་ལས་འདས་པའི་ལམ་ལ་བརྟེན་ནས་སོ། །བདག་དང་གཞན་གྱི་དོན་རྣམ་པ་བཅུའི་བསྡུས་པའི་དོན་ནི། རྒྱུན་ཉིད་དང༌། རྗེས་སུ་འབྲེལ་པ་ཉིད་དང༌། རྒྱུ་དང་འབྲས་བུ་ཉིད་དང༌། མཐོང་བའི་ཆོས་དང༌། ཕ་རོལ་གྱི་བྱེ་བྲག་ཉིད་དང༌། རྟག་པ་དང་མི་རྟག་པ་ཉིད་དང༌། གཏན་དུ་བ་དང་གཏན་དུ་བ་མ་ཡིན་པ་ཉིད་དང༌། ཇི་སྙེད་ཡོད་པ་ཉིད་དང༌། ཅིག་ཤོས་ཇི་ལྟར་ཡོད་པ་ཉིད་དང༌། བདག་དང་གཞན་གྱི་དོན་བཅུ་པོ་གོང་དུ་བསྟན་པ་རྣམས་ཀྱི་བསྡུས་པའི་དོན་ནི་དེ་ལྟར་འབྱུང་ངོ༌། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས། བདག་དང་གཞན་གྱི་དོན་རིམ་པར་ཕྱེ་བ་སྟེ་གསུམ་པའོ།། །།དེའི་ངོ་བོ་ནི་དེ་ཁོ་ན་ཉིད་དེ། དེ་ཁོ་ན་ཉིད་ཅེས་བྱ་བའི་དོན་ཏོ། །གང་ཇི་ལྟ་བ་བཞིན་ཡོད་པའི་ངང་ཚུལ་ཅན་དེ་ནི་ཇི་ལྟར་ཡོད་པ་སྟེ། ཇི་ལྟ་བ་བཞིན་ཡོད་པས་ཇི་ལྟར་ཡོད་པས་སོ། །དེའི་ངོ་བོ་ནི་ཇི་ལྟར་ཡོད་པ་ཉིད་དོ། །དེ་བཞིན་དུ་ཇི་སྙེད་ཡོད་པ་ལ་ཡང་རིག་པར་བྱ་བའོ། །དེ་ཁོ་ནའི་དོན་དེ་ཡང་ཞེས་བྱ་བ་ནི། བསྟན་པའི་མཚན་ཉིད་ཅན་གྱི་དེ་ཁོ་ནའི་དོན་རྣམ་པ་གཉིས་སོ། །རབ་ཏུ་དབྱེ་ན་རྣམ་པ་བཞིར་རིག་པར་བྱ་སྟེ་ཞེས་བྱ་བ་ལ། རྣམ་པ་གཉིས་པོ་དེ་ཉིད་ལས་སོ། །འཇིག་རྟེན་གྱི་གྲགས་པ་ཞེས་བྱ་བ་ལ་སོགས་པ་སྟེ། འཇིག་རྟེན་ལ་གྲགས་པ་ནི་འཇིག་རྟེན་གྱི་གྲགས་པའོ། །བརྡ་དང་ཀུན་རྫོབ་ལ་འདྲིས་པའི་རྗེས་སུ་འགྲོ་བས་ཞུགས་པའི་བློས་ཞེས་བྱ་བ་ལ། བརྡ་ནི་མིང་ངོ༌། །ཀུན་རྫོབ་ནི་ཐ་སྙད་དོ། །འདྲིས་པ་ནི་དངོས་པོ་འདིའི་མིང་ནི་འདིའོ་ཞེས་བྱ་བའོ། །བརྡ་དང་ཀུན་རྫོབ་ལ་འདྲིས་པའི་རྗེས་སུ་འགྲོ་བ་ནི་རྗེས་སུ་འགྲོ་བ་ཞེས་བྱ་བ་སྟེ། བརྡ་དང་ཀུན་རྫོབ་ལ་འདྲིག་པ་གཅིག་ནས་གཅིག་ཏུ་འོངས་པའི་བློས་མཐོང་བ་མཉམ་པ་ཉིད་དོ། །ཇི་ལྟར་དངོས་པོ་གང་ལ་ཞེ་ན། བསྟན་པར་བྱ་བ་ཉིད་དེ། སའི་དངོས་པོ་ལ་ཇི་ལྟར་མཐོང་བ་མཉམ་པ་ཡིན་ན། ས་ལ་འདི་ནི་ས་ཁོ་ན་ཡིན་གྱི་མ་མ་ཡིན་ནོ་ཞེས་བྱ་བའོ། །དེ་ལྟ་བུ་ལ་སོགས་པ་འབྱུང་བ་


DTG132_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

དང་འབྱུང་བ་ལས་གྱུར་པ་དང༌། ལུས་ཀྱི་ཡོ་བྱད་བཅུ་དང༌། ཞིང་ལ་སོགས་པ་ཡོངས་སུ་གཟུང་བའི་དངོས་པོ་དང༌། ཚོར་བ་སྟེ་ལུས་ཀྱི་ཡོ་བྱད་བཅུ་པོ་ཞིང་ལ་སོགས་པ་ལ་བརྟེན་ནས་འབྱུང་ལ། དེ་དག་ཀུན་གྱི་རྟེན་དུ་གྱུར་པ་ནི་འབྱུང་བ་ལས་གྱུར་པའོ། །དེ་དག་ཀུན་ཀྱང་ཚོར་བའི་དོན་ཏེ། དེ་ལས་རབ་ཏུ་འབྱུང་བའི་ཕྱིར། བཟང་འགྲོ་དང་ངན་འགྲོ་ལ་སོགས་པ་དེ་ལྟ་བུའི་དངོས་པོ་ཁོ་ནར་ཡོངས་སུ་གཟུང་བ་ཉིད་དོ། །སོགས་པ་སྨོས་པས་ནི། དེ་ལས་གཞན་པ་ཡང་གཟུང་བ་སྟེ། འདི་ལྟར་མདོར་བསྡུས་ན་འདི་ནི་ཡིན་གྱི་འདི་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མཐོང་བ་མཉམ་པའོ། །ངེས་པར་མོས་པའི་སྤྱོད་ཡུལ་ཞེས་བྱ་བ་ནི། དངོས་པོ་ལ་ངེས་པར་མོས་པའི་སྤྱོད་ཡུལ་ནི་དངོས་པོ་ལ་ངེས་པའི་སྤྱོད་ཡུལ་ཏེ། མོས་པས་དངོས་པོ་འདིའི་མཚན་ཉིད་ནི་ངེས་པར་འདི་ལྟར་རོ་ཞེས་དེ་ལྟར་ངེས་པར་འཛིན་པའོ། །དེ་བསྟན་པར་བྱ་བའི་ཕྱིར་གང་འཇིག་རྟེན་གྱི་དངོས་པོ་ཐམས་ཅད་གཅིག་ནས་གཅིག་ཏུ་འོང་བའི་མིང་གིས་ཞེས་བྱ་བས་ནི། བརྡའི་རྗེས་སུ་འགྲོ་བ་གོང་དུ་བསྟན་པའི་དོན་བརྗོད་པ་ཡིན་ནོ། །གཅིག་ནས་གཅིག་ཏུ་འོངས་པ་ཞེས་བྱ་བ་དང༌། རང་གི་རྣམ་པར་རྟོག་པ་ལས་གྲགས་པ་ཞེས་བྱ་བས་ཀུན་རྫོབ་ཀྱི་དོན་བསྟན་པ་ནི་མ་བསམས་མ་དཔྱད་མ་བརྟགས་པར་བཟུང་བ་ཞེས་བྱ་བའོ། །རིགས་པས་གྲགས་པའི་དེ་ཁོ་ན་བསྟན་པའི་ཕྱིར་རྟོག་གེ་པ་དཔྱོད་པ་དང་ལྡན་པ་རྟོག་གེར་གཏོགས་པའི་ས་ལ་གནས་པ་རང་གི་སྤོབས་པ་ལས་བྱུང་བ་སོ་སོའི་སྐྱེ་བོ་པ་དཔྱོད་པའི་རྗེས་སུ་དཔྱོད་པ་ལ་གནས་པ་ཞེས་བྱ་བ་སྟེ། ཚིག་འདི་དག་གི་བསྡུས་པའི་དོན་ནི། རྟོག་གེ་པ་ཞེས་བྱ་བ་ནི་བསྟན་པའི་ཚིག་གོ །དཔྱོད་པ་དང་ལྡན་པ་དང༌། རྟོག་གེར་གཏོགས་པའི་ས་ལ་གནས་པ་ཞེས་བྱ་བའི་ཚིག་གཉིས་ནི་བཤད་པའོ། །རྣམ་པར་འབྱེད་པ་ཉིད་ནི་དཔྱོད་པ་དང་ལྡན་པར་འགྱུར་ལ། དེའི་སྤྱོད་ཡུལ་ལས་མ་འདས་པ་ཉིད་ནི་རྟོག་གེར་གཏོགས་པའི་ས་ལ་གནས་པ་ཡིན་ནོ། །ཡང་རྟོག་གེར་གཏོགས་པའི་ས་གང་ཡིན་ཞེ་ན། རང་གི་སྤོབས་པ་ལས་བྱུང་བ་སོ་སོའི་སྐྱེ་བོ་དཔྱོད་པའི་རྗེས་སུ་དཔྱོད་པར་ཞུགས་པ་རྣམས་ཀྱིས་ཡིན་གྱི། དེ་ཁོ་ན་ཉིད་ཀྱི་རྗེས་སུ་ཞུགས་པའི་ས་པའི་ཡུལ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཚིག་གཅིག་ནི་བསྟན་པ་ཡིན་ལ། ཚིག་


DTG132_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ནི་བཤད་པ་ཡིན་པས། ཚིག་གསུམ་པ་ནི་བསྟན་པ་ཡིན། ཚིག་གསུམ་ནི་བཤད་པ་ཞེས་དེ་ལྟར་རིག་པར་བྱའོ། །རྣམ་གྲངས་གཞན་ཡང༌། རྟོག་གེ་རྣམ་ལྔར་རིག་བྱ་སྟེ། བརྟག་བྱ་རྟོག་དེའི་ངང་ཚུལ་དང༌། །སྔོན་གོམས་མངོན་སུམ་མ་བྱས་ཉིད། །ལུང་ལ་མི་བརྟེན་པ་ཉིད་དང༌། །འབད་པས་ཡིད་ལ་བྱེད་པ་དང༌། །སྔ་མའི་འཕེན་པས་ཡོངས་བཟུང་ནས། །རྟོག་གེ་ལ་ནི་འདྲིས་པ་སྟེ། །རྣམ་ལྔས་རྫོགས་པར་འདོད་པའོ། །དེ་དག་དང་ལྡན་རྟོག་གེ་པ། །དེ་དག་དང་ལྡན་པ་ནི་རྟོག་གེ་པ་སྟེ་ལུང་དང་ལྡན་པ་མ་ཡིན་ནོ། །དེ་ལ་ཡིད་ལ་བྱེད་པ་ཞེས་བྱ་བ་ནི། བརྟག་པའི་གནས་ཡིད་ལ་བྱེད་པའོ། །ཡོངས་སུ་གཟུང་བ་ཞེས་བྱ་བ་ནི། རིགས་པའི་ཚད་མ་རྣམ་པ་གསུམ་གྱིས་ཡོངས་སུ་གཟུང་བ་སྟེ། དེ་ནི་སོ་སོའི་སྐྱེ་བོའི་ས་ན་གནས་པའོ། །ཟག་པ་མེད་པ་ཞེས་བྱ་བ་ནི། འཇིག་རྟེན་ལས་འདས་པའིའོ། །ཟག་པ་མེད་པ་ཐོབ་པར་བྱེད་པ་ནི་སྦྱོར་བའི་ལམ་གྱི་མཚན་ཉིད་ཅན་གྱིས་སོ། །ཟག་པ་མེད་པའི་རྗེས་ལས་ཐོབ་པ་འཇིག་རྟེན་པའི་ཞེས་བྱ་བ་ནི། རྣམ་པ་གཉིས་ཀ་ཡང་འཇིག་རྟེན་པའི་སྟེ། ཟག་པ་མེད་པ་ཐོབ་པར་བྱེད་པ་དང༌། ཟག་པ་མེད་པའི་རྗེས་ལས་ཐོབ་པའོ། །ཤེས་པས་སྤྱོད་ཡུལ་དུ་བྱ་བ་ཞེས་བྱ་བ་ནི་ཤེས་པ་དེས་གང་ཤེས་པར་བྱ་བའི་ཡུལ་ཏེ། དེའི་སྤྱོད་ཡུལ་ལོ། །གང་གི་ཕྱིར་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་ཞེས་བརྗོད་ཅེ་ན། དེའི་རྒྱུ་བསྟན་པའི་ཕྱིར། དེ་ལ་དམིགས་པས་ཞེས་བྱ་བ་ནས་བརྩམས་པ་སྟེ། དེ་ལ་དམིགས་པས་ཉོན་མོངས་པའི་སྒྲིབ་པ་ལས་ཤེས་པ་རྣམ་པར་དག་པར་འགྱུར་ཞེས་བྱ་བའོ། །གང་ཟག་མེད་པའི་ཤེས་པ་དེ་འདིར་ཤེས་པ་ཞེས་བརྗོད་དེ། དེ་ལ་བསྡུ་བ་བྱས་ནས་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་དག་པ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་སྟེ། ཡེ་ཤེས་གང་ལ་རྣམ་པར་དག་པ་དེ་ཡོད་པའི་ཡེ་ཤེས་དེ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཏེ། དེའི་སྤྱོད་ཡུལ་ལ་གཞན་དག་སྦྱོར་བ་དང་རྗེས་ལས་ཐོབ་པའི་ཤེས་པ་གོང་དུ་བསྟན་པ་དག་གིས་བསྡུས་པའི་དོན་འདི་ཡིན་ཏེ། ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་དག་པ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའོ། །དེའི་ཕྱིར་ཤེས་པ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པ་སྟེ། དེའི་སྤྱོད་ཡུལ་ལོ། །འདི་ལྟར་བསྡུ་བར་བྱ་སྟེ། སྒྲིབ་པ་མེད་པར་གྱུར་ན་ཕྱིས་ཡང་དག་པར་གནས་པར་འགྱུར་ཏེ་ཞེས་


DTG132_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའོ། །དེ་བས་ན་ཞེས་བྱ་བ་ནི། རྒྱུ་དེས་ནའོ། །གཉིས་དག་གམ་ཤེས་པ་རྣམ་པ་གསུམ་ཡང་རུང་སྟེ། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་ནི་དེ་ཁོ་ན་ཉིད་ཅེས་བརྗོད་དོ་ཞེས་བྱ་བའོ། །རབ་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བ་ནི་ཟག་པ་མེད་པ་ཐོབ་པར་བྱེད་པའི་ཤེས་པ་གོང་དུ་བསྟན་པ་དེས་སོ། །མངོན་པར་རྟོགས་པར་འགྱུར་བ་དང་ཞེས་བྱ་བ་ནི། ཟག་པ་མེད་པའི་ཤེས་པ་སྟེ། གང་མངོན་པར་རྟོགས་པའི་ཤེས་པའོ། །མངོན་པར་རྟོགས་པར་འགྱུར་བའི་ཤེས་པ་ཞེས་བྱ་བ་ནི། གང་ཟག་པ་མེད་པའི་རྗེས་ལས་ཐོབ་པའི་ཤེས་པའོ། །ཤེས་བྱ་ལ་ཤེས་པའི་གེགས་བྱེད་པ་ཞེས་བྱ་བ་ལ། ཤེས་བྱ་ལ་ཤེས་པའི་གེགས་བྱེད་ཅིང་གང་དང་ལྡན་པས་ཤེས་པར་བྱ་བ་མི་ཤེས་པ་དེ་ནི་ཤེས་བྱའི་སྒྲིབ་པ་ཞེས་བརྗོད་དེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་བདག་མེད་པའི་རྗེས་ལ་འཇུག་པ་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བདག་མེད་པ་ལ་རབ་ཏུ་ཞུགས་པའི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པ་སྟེ། བརྟགས་པ་བརྗོད་པའི་ངོ་བོ་ཉིད་ཀྱིས་རྣམ་པར་མི་རྟོག་པ་ནི་དེ་ལ་རྟོག་པ་མེད་པའི་ཕྱིར་རོ། །དེ་ལྟར་བརྟགས་པ་བརྗོད་པའི་ངོ་བོ་ཉིད་རྣམ་པར་མི་རྟོག་པ་གཉིས་པོ་དེས་ཤེས་བྱ་དང༌། ཤེས་པ་ནི་མཉམ་པས་མཉམ་པའི་ཡེ་ཤེས་དེའི་སྤྱོད་ཡུལ་ཏེ། ཡེ་ཤེས་དེའི་ཤེས་པར་བྱ་བའི་ཡུལ་ཞེས་བྱ་བའི་དོན་ཏོ། །ལྡོག་པར་འགྱུར་བ་སྟེ། རབ་ཏུ་ལྡོག་པར་འགྱུར་བའོ། །འདའ་བར་མི་འགྱུར་ཞེས་བྱ་བ་ནི་ཤིན་ཏུ་འདའ་བར་མི་འགྱུར་བའོ། །འཇིག་རྟེན་གྱི་མངོན་པར་ཞེན་པར་བྱས་ཞེས་བྱ་བ་ནི། མངོན་པར་ཞེན་པས་བཟུང་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པ་དང་སྤྲོས་པ་ཐམས་ཅད་ཀྱི་རྩ་བས་ཞེས་བྱ་བ་ལ། རྣམ་པར་རྟོག་པ་ཐམས་ཅད་ནི་འཆད་པར་འགྱུར་བ་རྣམ་པ་བརྒྱད་དེ། རྟོག་པ་དང༌། མི་རྟག་པ་ལ་སོགས་པ་དག་གི་རྣམ་པའི་རྣམ་པར་རྟོག་པས་རྣམ་པར་བརྟགས་པའི་ཐ་སྙད་དོ། །སྤྲོས་པ་ནི་གཟུགས་ལ་སོགས་པ་ཕུང་པོ་ལྔ་དང༌། དབང་པོ་དྲུག་དང༌། འབྱུང་བ་ཆེན་པོ་བཞི་དང༌། འབྱུང་བ་ཆེན་པོ་ལས་བྱུང་བའི་གཟུགས་ཞེས་བྱ་བ་སྟེ་ཐམས་ཅད་ཀྱང་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པའོ། །དགེ་བ་ལ་སོགས་པ་ཞེས་བྱ་བ་ནི། ཁྱད་པར་གྱི་རྣམ་པར་རྟོག་པ་སྟེ། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་


DTG132_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་རྣམ་པར་རྟོག་པའི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། གཉི་ག་མ་ཡིན་པ་ཉིད་དང༌། འདུས་བྱས་ཀྱི་མཚན་ཉིད་དོ། །སྐྱེ་བ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི། །འཇུག་པ་དང་ལྡོག་པ་ཉིད་དོ། །འདས་པ་ཞེས་བྱ་བ་ལ་སོགས་པ་ནི་དུས་ཉིད་དུའོ། །འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བའི་རྐྱེན་ལས་བྱུང་བ་དང་མ་བྱུང་བ་ཉིད་དོ། །འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ཞེས་བྱ་བ་ནི། མཐོང་བའི་ཆོས་དང་ཕྱི་མའི་བྱེ་བྲག་གོ །ཉི་མ་དང་ཟླ་བ་འདི་གཉིས་ཞེས་བྱ་བ་ནི། མཚན་མོ་དང་ཉིན་པར་གྱི་བྱེ་བྲག་གི་ཁྱད་པར་དུ་བྱས་པ་ཉིད་དེ། ཐ་སྙད་རྣམ་པ་བརྒྱད་ཀྱི་ཁྱད་པར་ཉིད་དོ། །མྱ་ངན་ལས་འདས་པ་ཞེས་བྱ་བའི་བར་དུ་ཞེས་བྱ་བ་ནི། རྣམ་པར་གྲོལ་བ་ཉིད་དོ། །ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་ཞེས་བྱ་བ་ནི། བརྗོད་དུ་མེད་པའི་ངོ་བོ་ཡིན་པས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཡིན་ན་ཡང་ངོ༌། །དངོས་པོ་ཙམ་མམ། དེ་བཞིན་ཉིད་ཙམ་དུ་འཛིན་པ་ཞེས་བྱ་བས་ནི་བཏགས་པ་བརྗོད་པའི་རྫས་མེད་པ་དང༌། མཚན་མ་མེད་པ་ཉིད་དག་འགེགས་པར་བྱེད་དོ། །ཇི་ལྟ་བུར་ཡང་རྣམ་པར་རྟོག་པར་མི་བྱེད་དོ་ཞེས་བྱ་བ་ནི། རྫས་ཙམ་མམ་འདི་ལྟ་བུའི་དེ་བཞིན་ཉིད་ཙམ་ཞེས་བྱ་བའི་ངོ་བོར་གང་བཏགས་པ་བརྗོད་པའི་རང་བཞིན་དུ་རྣམ་པར་གཞག་པ་དེ་འགོག་པར་བྱེད་དོ། །དེ་བཞིན་ཉིད་དེ་དང་མཚུངས་པ་མཉམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་རབ་ཀྱིས་མཐོང་སྟེ་ཞེས་བྱ་བ་ནི། བརྗོད་དུ་མེད་པའི་ངོ་བོར་ཁྱད་པར་མེད་དེ། ཀུན་ཏུ་བརྟགས་པའི་དངོས་པོའི་ངོ་བོ་མེད་པ་ཉིད་དོ། །སེམས་སྙོམས་པས་མཉམ་པ་ཉིད་ཀྱི་བཏང་སྙོམས་རབ་ཏུ་འཐོབ་པ་སྟེ། ཐམས་ཅད་ཁྱད་པར་མེད་པ་ཉིད་དོ། །ཁྱད་པར་ཡོད་ན་ནི་དངོས་པོ་རྣམས་མི་མཉམ་པར་མཐོང་བར་འགྱུར་རོ། །དེ་ལྟར་ཕན་པ་མང་པོ་དང་ལྡན་པ་ནི་བདག་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང༌། གཞན་དག་ཀྱང་ཐེག་པ་གསུམ་གྱི་ཆོས་ལ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡང་དག་པར་རབ་ཏུ་ཞུགས་པ་ཡིན་ཏེ། བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ནི། ལོངས་སྤྱོད་རྣམས་དང་ཞེས་བྱ་བ་ལ་སོགས་པ་ནས་བརྩམས་པ་སྟེ། བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པ་ཡིན་ནོ། །སེམས་ཅན་ནི་རྣམ་པ་བཞི་སྟེ། ཡོན་ཏན་དང་ལྡན་པ་དང༌། སྐྱོན་དང་ལྡན་པ་དང༌། བདག་ལ་གནོད་


DTG132_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱེད་པ་དང༌། ཕན་པ་བྱེད་པ་ཞེས་བྱ་བ་སྟེ། དེ་དག་ལ་ཇི་ལྟར་འོས་པར་སྒྲུབ་པ་ནི་ཡང་དག་པར་སྦྱོར་བ་ཡིན་ནོ། །ངོ་བོ་ཉིད་ཀྱང་མ་ཡིན་ལ་ཞེས་བྱ་བ་ནས། དངོས་པོ་གཅིག་པུ་ལ་མང་པོ་དག་གིས་ཞེས་བྱ་བ་ནི་གང་བརྗོད་པར་བྱ་བའོ། །དེ་ལས་གཞན་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་དག་ལས་གཞན་པའོ། །ཆོས་གང་དག་དང་དངོས་པོ་གང་དག་ལ་ཞེས་བྱ་བ་ནི། ཆོས་ནི་གཟུགས་མེད་པ། དངོས་པོ་ནི་གཟུགས་ཅན་ནོ། །ཡང་ན་ཆོས་དེ་དག་ཅེས་བྱ་བ་ནི། ཆོས་ནི་མང་པོ་འདུས་པའི་བརྗོད་པ་དང་སྦྱར་རོ། །དངོས་པོ་རེ་རེ་ལ་ཡང་རྣམ་པ་སྣ་ཚོགས་ཞེས་བྱ་བ་ནི་རྣམ་པའི་བྱེ་བྲག་གོ །མང་པོར་ཞེས་བྱ་བ་དང༌། རྣམ་པ་སྣ་ཚོགས་མང་པོ་ཞེས་བྱ་བ་ནི། གང་བརྗོད་པ་དང་སྦྱར་རོ། །བཏགས་ཏེ་ཞེས་བྱ་བ་ནི། གང་བརྗོད་པ་ཉེ་བར་འདོགས་པ་ཞེས་བྱ་བ་སྟེ། དེ་ནི་དེ་ལྟར་གཞན་དང་གཞན་པའི་ཐ་སྙད་དོ། །དེ་ལྟ་ན་ཡང་བཏགས་པའི་ཚིག་རྣམ་པ་སྣ་ཚོགས་མང་པོ་དག་རྣམས་དང་སྦྱར་རོ། །གལ་ཏེ་ངེས་པ་ཉེ་བར་བར་དམིགས་པར་འགྱུར་བ་དེ་ལྟ་ན་ཡང་ཆོས་དེ་དག་རྣམས་དངོས་པོའི་བདག་ཉིད་དུ་འགྱུར་ན་ནི་དམིགས་པ་ཡང་མེད་དོ། །གཟུགས་ཀྱི་བདག་ཉིད་ལ་བཏགས་པའི་ཞེས་བྱ་བ་ནི། གཟུགས་ཞེས་བཏགས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བཏགས་ནས་ཤེ་ན། སྨྲས་པ། བཏགས་པའི་ཚིག་གིས་བསྡུས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ནི་ཞེས་བྱ་བ་ནི། སྔ་མ་བཞིན་དུ་བཏགས་པའི་བརྗོད་པས་ཉེ་བར་བཏགས་པས་གཟུགས་ཀྱི་བདག་ཉིད་ཅན་གྱི་དངོས་པོར་གྱུར་པ་དེ་ལྟ་ནའོ། །གཟུགས་ཀྱི་བློ་འཇུག་པར་འགྱུར་ཞེས་བྱ་བ་ནི་སྔོན་དུ་བཏགས་པ་ལས་སོ། །བཏགས་པའི་ཚིག་མེད་པར་ནི་མ་ཡིན་ཏེ། དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །གཟུགས་ལ་སོགས་པའི་ཆོས་རྣམས་ཞེས་བྱ་བ་ནི། ལྐོག་ཏུ་གྱུར་པའི་ཆོས་རྣམས་སོ། །གཟུགས་ལ་སོགས་པའི་དངོས་པོ་ཞེས་བྱ་བ་ནི། མངོན་སུམ་ཉིད་དུ་དམིགས་པའོ། །ཡོད་པ་མ་ཡིན་པ་ལ་སྒྲོ་འདོགས་པའི་ཉེས་པ་ཇི་སྙེད་པ་དེ་དག་ནི་ཐོག་མ་ཉིད་དུ་དཔྱད་ཅིང་གསལ་བར་བྱས་ལ་དཀྲོལ་ཞིང་བསྟན་ཟིན་ཞེས་བྱ་བ་ནི། དུ་མའི་བདག་ཉིད་དུ་ཇི་ལྟར་འགྱུར་ཏེ། བརྗོད་པའི་སྔ་རོལ་ན་ནི་བདག་མེད་ནའོ། །དེ་ལས་བརྗོད་པར་ཇི་ལྟར་འབྱུང་སྟེ། རེ་ཞིག་སྔ་རོལ་ན་ནི་བློ་མེད་དེ། བཏགས་པ་ལ་གནས་པའི་དངོས་པོ་ཙམ་གྱི་ངོ་བོ་


DTG132_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་བཏགས་པ་དེ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་ན། བཏགས་པ་ཡང་ཡོད་དམ་མེད་པ་ཞིག་ཅེ་ན། བཏགས་པ་ཡོད་པ་ཉིད་ན་ནི་བཏགས་པ་ཙམ་གྱི་དངོས་པོར་ཡོད་དོ་ཞེས་སྦྱར་བར་མི་བྱ་སྟེ། དེ་ཡོད་པའི་ཕྱིར་རོ། །ཡང་ན་བཏགས་པར་ཡོད་པ་དེ་ཡང་མེད་དོ་ཞེས་བྱ་ཟེར་ན་ནི་དེ་ཁོ་ན་ཉིད་དང་བཏགས་པ་ཙམ་ལ་ཡང་སྐུར་པ་བཏབ་པར་འགྱུར་རོ། །བཏགས་པ་དང་དེ་ཁོ་ན་ཉིད་ལ་སྐུར་པ་འདེབས་པ་དེ་ནི། མེད་པ་པའི་གཙོ་བོར་རིག་པར་བྱའོ། །ཕུང་བར་མི་བྱེད་ཅིང་ཞེས་བྱ་བ་ནི། ངན་སོང་དག་ཏུ་ལྟུང་བར་མི་བྱེད་པའོ། །སླུ་བར་མི་བྱེད་ཅེས་བྱ་བ་ནི། བདེ་འགྲོར་འགྲོ་བ་ལས་སོ། །ཆོས་ལ་འགོད་པར་བྱེད་ཅེས་བྱ་བ་ནི། སྦྱིན་པ་ལ་སོགས་པ་ལའོ། །བདེན་པ་ལ་ཡང་འགོད་པར་བྱེད་ཅེས་བྱ་བ་ནི། ཀུན་རྫོབ་ཀྱི་བདེན་པའམ། ཡང་ན་དོན་དམ་པའི་བདེན་པ་ལ་ཡང་སྟེ་རིམ་གྱིས་ཞེས་བྱ་བའི་དོན་དོན་ཏོ། །བསླབ་པའི་གཞི་དག་ལ་ཡང་གཡེལ་བར་མི་འགྱུར་ཞེས་བྱ་བ་ནི། ལས་དང་ལས་ཀྱི་འབྲས་བུ་ཉམས་པར་མི་བྱེད་པའོ། །གང་གིས་སྟོང་པ་ཞེས་བྱ་བ་ནི། ཀུན་དུ་བརྟགས་པའི་ངོ་བོ་བརྟགས་པ་ཙམ་མོ། །གང་གིས་གང་སྟོང་པ་ཞེས་བྱ་བ་ནི། གང་གིས་སྟོང་པ་ཉིད་དེ་ཁོ་ན་དེ་ཡང་མི་བདེན་པའི་ངོ་བོ་ཉིད་དེ། ཀུན་དུ་བརྟགས་པའི་ངོ་བོ་ཡང་བསལ་ལ། གང་སྟོང་པའི་ངོ་བོ་ནི་དེའི་རང་བཞིན་ཉིད་དེ། སྟོང་པ་ཉིད་ཅེས་བརྗོད་དོ། །ཐམས་ཅད་མེད་ན་ནི་གང་དུ་ཅི་ཞིག་གང་གིས་སྟོང་པར་འགྱུར་ཏེ་ཞེས་བྱ་བ་ལ། གང་དུ་ཞེས་བྱ་བ་ནི་གཟུགས་ལ་སོགས་པར་རོ། །ཅི་ཞིག་ཅེས་བྱ་བ་ནི་དེ་ཁོ་ན་ཉིད་དོ། །གང་གིས་ཞེས་བྱ་བ་ནི་ཀུན་དུ་བརྟགས་པའི་ངོ་བོས་སོ། །དེས་དེ་ཉིད་སྟོང་པ་ཉིད་དུ་འགྱུར་དུ་མི་རུང་ངོ་ཞེས་བྱ་བ་ལ། དེས་ཞེས་བྱ་བ་ནི་ཀུན་ཏུ་བརྟགས་པའི་ངོ་བོ་དེས་སོ། །དེ་ཉིད་ཅེས་བྱ་བ་ཡང་ཀུན་དུ་བརྟགས་པ་དེ་ཉིད་དོ། །གང་གི་ཕྱིར་གང་ལ་གང་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ཞེས་བྱ་བ་ནི། དེ་ནི་ཡོད་པ་མ་ཡིན་པ་ལ་ཡང་སྒྲོ་མི་འདོགས་ལ། ཡང་དག་པ་ལ་སྐུར་བ་མི་འདེབས་སོ་ཞེས་བྱ་བ་སྟེ། བཏགས་པའི་ཚིག་གི་བདག་ཉིད་ཀྱི་སྒྲོ་འདོགས་པ་དང༌། ཡང་དག་པ་ལ་སྐུར་པ་མི་འདེབས་པའོ། །དེ་ལ་དངོས་པོ་ནི་གཟུགས་ལ་སོགས་པ་ལ་གཟུགས་ཞེས་བྱ་བ་ལ་སོགས་པར་བཏགས་པ་ཙམ་པས་དེས་ན་འདི་ལྟར་ལྷག་པར་ཡང་མི་བྱེད་ལ་ཉུང་བར་ཡང་མི་བྱེད་དོ། །འདོར་བར་ཡང་མི་བྱེད་ལ་སྣོན་


DTG132_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡང་མི་བྱེད་དོ་ཞེས་བྱ་བའོ། །ཐམས་ཅད་དུ་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ། ཐམས་ཅད་ཅེས་བྱ་བ་གང་ཞེ་ན། ཕྱི་རོལ་གྱི་དངོས་པོ་ཤེས་བྱ་དང་ནང་གི་བདག་ཉིད་ཅན་ཞེས་བྱ་བའོ། །དེ་ལ་ཕྱི་རོལ་གྱི་དངོས་པོ་ནི་རྣམ་པ་གཉིས་ཏེ། ཡོད་པའི་དངོས་པོ་འབྱུང་བ་ལ་དབང་བསྒྱུར་བ་དང་ཡོད་པའི་དངོས་པོ་ལས་གཞན་པ་ལ་དབང་བསྒྱུར་བའོ། །ནང་གི་བདག་ཉིད་ཅན་ཡང་རྣམ་པ་གཉིས་ཏེ། ཇི་སྲིད་དུ་འདོད་པ་དེ་སྲིད་གནས་པ་དང་གནོད་པ་མེད་པར་དགའ་མགུར་འཆི་འཕོ་བ་ལ་ཡང་ཞེས་བྱ་བའོ། །བྱ་བ་དེ་དག་ཀྱང་གང་ཞེ་ན་ཞེས་བྱ་བ་ནི་བྱ་བ་རྣམས་ཀྱི་བསྡུས་པའི་དོན་ཞེས་བྱ་བའི་དོན་ཏེ། རེ་ཞིག་དང་པོ་ནི་བདག་གི་བདེ་བ་ཀུན་ནས་ཉོན་མོངས་པ་ཅན་ནོ། །དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་མེད་པའི་བྱ་བ་ཡང་རྣམ་པ་བཞི་སྟེ། བྱེད་པ་ནི་བྱ་བའོ། །བདག་གི་རྒྱུད་ཡོངས་སུ་སྨིན་པ་དང༌། གཞན་གྱི་རྒྱུད་ཡོངས་སུ་སྨིན་པ་དང༌། དམ་པའི་ཆོས་གཟུང་བ་དང༌། དེའི་མི་མཐུན་པའི་ཕྱོགས་ཕས་ཀྱི་རྒོལ་བ་རྣམ་པར་ཚར་གཅོད་པའོ། །དེ་ཁོ་ནའི་དོན་རིམ་པར་ཕྱེ་ན་བསྡུས་པ་དང༌། དགོས་པ་དང༌། གོ་རིམས་སོ། །བདེ་བ་བསྡུས་པ་ནི་འདི་ལྟར་རེ་ཞིག་ལེའུ་འདིས་བསྡུས་པ་ནི། འདི་ཞེས་བྱ་བའམ། དོན་བསྡུས་པ་ནི་འདི་དག་གོ་ཞེས་བསྟན་ཏོ། །ཅིའི་ཕྱིར་དོན་བསྡུས་པ་འདི་དག་གོ་ཞེས་བསྟན་ཞེ་ན། དགོས་པ་བརྗོད་པར་བྱ་བའོ། །གོ་རིམས་གང་ཞེས་བྱ་བས་ནི། གོ་རིམས་བརྗོད་པར་བྱ་བའོ། །དང་པོ་རེ་ཞིག་ཁོ་ནའི་དོན་གྱིས་བསྡུས་པའི་དོན་ནི་རྣམ་པའི་བྱེ་བྲག་གིས་རྣམ་པར་གཞག་པ་སྟེ། དེ་ཁོ་ན་དེའི་དོན་ནི་གང༌། གང་གི་ཞེས་བྱ་བ་ལ། ཡང་དག་པར་མཐོང་བའི་དོན་ཏེ། གང་གི་ཞེས་བྱ་བ་འདིས་ནི་ཇི་སྙེད་ཡོད་པའིའོ། །དེ་ཁོ་ན་དེའི་དོན་ནི། གང་ཞེས་བྱ་བས་ནི་ཇི་ལྟར་ཡོད་པ་ཡང་དག་པར་བསྟན་ཏོ། །རྣམ་པའི་བྱེ་བྲག་བསྟན་པ་རྣམས་ཇི་ལྟ་བ་བཞིན་དེ་དག་རྟོགས་ཤེ་ན། མངོན་པར་རྟོགས་པའི་ཐབས་ཀྱིས་ཚིག་དེ་དག་གིས་རྟོགས་ཏེ། ཐོས་པ་དང་བསམ་པ་དང་བསྒོམ་པ་དག་གིས་ཏེ། འཇིག་རྟེན་ལ་གྲགས་པའི་དེ་ཁོ་ན་ནི་ཐོས་པས་རྟོགས་ཏེ། འཇིག་རྟེན་པ་ཐམས་ཅད་དག་གིས་དངོས་པོ་གང་ལ་བརྡ་དང་ཀུན་རྫོབ་དང་འདྲིས་པའི་རྗེས་སུ་འགྲོ་བས་ཞུགས་པའི་བློས། ལྟ་བ་མཚུངས་པར་


DTG132_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། མདོར་བསྡུས་ནས་ཀུན་རྫོབ་ཏུ་འདི་ནི་འདི་ཡིན་གྱི། འདི་ལྟར་འདི་ནི་གཞན་དུ་མ་ཡིན་ནོ་ཞེས་ངེས་པར་མོས་པའི་སྤྱོད་ཡུལ་གང་འཇིག་རྟེན་པའི་དངོས་པོ་ཐམས་ཅད་གཅིག་ནས་གཅིག་ཏུ་འོངས་པའི་མིང་གིས་རང་གི་རྣམ་པར་རྟོག་པ་ལ་གྲགས་པ་མ་ཡིན་པས། མ་དཔྱད་མ་བརྟགས་པར་བཟུང་བའི་མོས་པས་འཇིག་རྟེན་པའི་གྲགས་པ་ལས་དེ་ཁོ་ན་ཞེས་བྱ་བའི་ཚིག་ལས་གཅིག་ནས་གཅིག་ཏུ་འོངས་པའི་མིང་ཐོབ་པ་ཉིད་ནི་ཐོས་པས་འཐོབ་པའོ། །རིགས་པའི་གྲགས་པའི་དེ་ཁོ་ན་ནི། དམ་པ་རིགས་པའི་དོན་ལ་མཁས་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བ་སྨྲས་ནས། མངོན་སུམ་དང་རྗེས་སུ་དཔག་པ་དང་ཡིད་ཆེས་པའི་ལུང་གི་ཚད་མ་ལ་བརྟེན་ནས། ལེགས་པར་དཔྱད་ཅིང་ངེས་པའི་ཤེས་པའི་སྤྱོད་ཡུལ་གྱི་ཤེས་བྱའི་དངོས་པོ་འཐད་པ་སྒྲུབ་པའི་རིགས་པས་རབ་ཏུ་བསྒྲུབས་ཤིང་རྣམ་པར་གཞག་པ་དེ་ནི་འདི་སྐད་དུ་བརྗོད་དེ། རིགས་པས་གྲགས་པའི་དེ་ཁོ་ན་ཞེས་བྱ་བའི་ཚིག་གིས་སོ། །ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་དང་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཤེས་བྱའི་སྤྱོད་ཡུལ་གྱི་དེ་ཁོ་ན་ནི་བསྒོམས་པས་རྟོགས་པར་བྱ་བ་སྟེ། གཉི་ག་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཐོབ་པར་བྱེད་པའི་ཐབས་ཉེ་བར་བསྟན་པས་ཤེས་པར་བྱ་བ་སྟེ། ཕུང་པོ་ལས་མ་གཏོགས་པའི་གང་ཟག་མེད་པར་ལྟ་བ་གོམས་པ་ལས་བྱུང་ངོ་ཞེས་བྱ་བའི་ཚིག་གིས་སོ། །ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་རྣམ་པར་གཞག་པ་ནི་གཉིས་སུ་མེད་པའི་རང་བཞིན་ཏེ། དེ་ཁོ་ན་དེ་བསྒྲུབ་པ་ནི་གཉིས་སུ་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། བསྒོམས་པས་རྟོགས་པར་བྱ་བའི་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་རྣམ་པར་གཞག་པ་ནི་གཉིས་སུ་མེད་པའི་རང་བཞིན་ཏེ། དེ་ཁོ་ན་དེ་བསྒྲུབ་པ་ནི་གཉིས་སུ་མེད་པ་རྣམ་པར་གཞག་པས་སོ། །དབུ་མའི་ལམ་མཐའ་གཉིས་སྤངས་པ་བླ་ན་མེད་པ་ཞེས་བྱ་སྟེ་ཞེས་བྱ་བས་ནི་གསུང་རབ་ཀྱི་དོན་གྱི་དབུ་མའི་ལམ་བསྟན་པས་དོན་ཆེན་པོ་ཉིད་གསལ་བར་བྱས་པའི་གོང་ན་མེད་པའི་རྒྱུ་ཡང་དག་པར་བསྟན་པར་རིག་པར་བྱའོ། །གཉི་ག་དག་གི་རྒྱུ་སྟེ། གང་


DTG132_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕྱིར་དེ་ཁོ་ན་དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པར་རིག་པར་བྱའོ་ཞེས་བརྗོད་པས་དེ་ལྟ་བུའི་རྒྱུ་རྣམས་ཀྱི་གོང་ན་མེད་པ་ཉིད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ཡང་སློབ་པའི་ལམ་གྱིས་རབ་ཏུ་ཕྱེ་བ་ཡིན་པར་རིག་པར་བྱ་སྟེ་ཞེས་བྱ་བའི་ཚིག་གིས་ནི་གོང་ན་མེད་པ་གཉིས་པ་ཉིད་ཀྱི་རྒྱུ་སྟེ། གང་གི་ཕྱིར་ཡང་དེའི་རྒྱུ་ཡིན་པས་ཤེས་རབ་དེ་ནི་བྱང་ཆུབ་སེམས་དཔའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཐབས་ཆེན་པོ་ཡིན་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་ཐབས་ཡིན་པའི་ཕྱིར་རོ། །འདིའི་སློབ་པའི་ལམ་གྱིས་རབ་ཏུ་ཕྱེ་བའི་བླ་ན་མེད་པ་ཉིད་ནི་དེའི་ཐབས་ཆེན་པོ་ཉིད་དོ། །རབ་ཏུ་བསྒྲུབ་པ་ནི་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བསྟན་ཏོ། །འདི་ལྟར་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་སྨིན་པར་འགྱུར་ལ། འདི་ལྟར་ཐབས་འདིས་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་སྨིན་པར་འགྱུར་བ་དེས་ན་གང་གི་ཕྱིར་གཞན་དུ་མ་ཡིན་པས་མི་མཐུན་པ་དང་གཉེན་པོའི་དངོས་པོ་རབ་ཏུ་བསྒྲུབ་པས་མཐའ་གཅིག་ཏུ་བྱས་པའི་དོན་ཏེ། སྟོང་པ་ཉིད་མཆོག་ལ་མོས་པ་བསྒོམ་པ་ཇི་སྙེད་པ་དེ་ནི་བྱང་ཆུབ་སེམས་དཔའི་སློབ་པའི་ལམ་གྱིས་བསྡུས་པའི་ཐབས་ཆེན་པོ་ཞེས་བརྗོད་དེ་ཞེས་བྱ་བའོ། །ཐབས་དེའི་ཕན་ཡོན་རབ་ཏུ་བསྟན་པ་དང༌། གོ་རིམས་ནི་གཞུང་ཅི་ལྟ་བ་བཞིན་རིག་པར་བྱ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའ་དེ་ནི་རིང་ནས་ཆོས་བདག་མེད་པ་ལ་རྗེས་སུ་ཞུགས་ཞེས་བྱ་བ་ནས་བརྩམས་ཏེ། དེ་བཞིན་དུ་ཕན་ཡོན་མང་དུ་ཡོད་དེ། བདག་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དང༌། གཞན་དག་ཀྱང་ཐེག་པ་གསུམ་གྱི་ཆོས་ལ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡང་དག་པར་རབ་ཏུ་ཞུགས་པ་ཡིན་ཞེས་བྱ་བའོ། །དེ་ནི་དེ་དག་གཉི་གའི་ཆོས་ཡོངས་སུ་སྨིན་པར་བྱ་བ་ལ་ཇི་ལྟར་ཡང་དག་པར་རབ་ཏུ་ཞུགས་པར་འགྱུར་ཞེས་དེའི་ཕྱིར་བསྒྲུབ་པའི་ཐབས་ཉེ་བར་བསྟན་པ་ནི། འདི་ལྟར་ཡང་དག་པར་ཞུགས་པ་ཡིན་ཏེ་ཞེས་བྱ་བ་ནས་བརྩམས་ནས། སྤྲོས་པ་མེད་པའི་ཚུལ་ལ་ཞུགས་ཤིང་དོན་དམ་པའི་དེ་ཁོ་ན་ཤེས་པ་ལ་ཡང་དག་པར་བརྟེན་པའི་ཡང་དག་པའི་སྦྱོར་བ་ཡིན་པར་རིག་པར་བྱའོ་ཞེས་བྱ་བའི་བར་དུའོ། །


DTG132_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་རྣམ་པར་གཞག་པའི་དེ་ཁོ་ན་དེ་ཐོབ་པར་བྱ་བའི་ཐབས་ལ་འཇུག་པའི་བྱང་ཆུབ་སེམས་དཔའི་སློབ་པའི་ལམ་གྱིས་བསྡུས་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་ཐབས་རབ་ཏུ་བསྟན་ཏོ། །འདིའི་ཕན་ཡོན་གྱིས་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཡང་དག་པའི་སྦྱོར་བ་ཡང་དག་པར་བསྟན་ནས། དེ་ནི་རིགས་པ་དང་ལུང་གི་ཆོས་ཐམས་ཅད་བརྗོད་དུ་མེད་པར་བསྒྲུབ་པ་ནི། མ་ཞུགས་པ་རྣམས་གཞུག་པའི་དོན་དང༌། ཐོབ་པར་བྱ་བའི་དོན་དང༌། ཕྱིན་ཅི་ལོག་དང་ཐེ་ཚོམ་གྱི་བློ་དང་ལྡན་པ་རྣམས་ཀྱི་དེ་སྤང་བའི་དོན་དུའོ། །དེ་ལ་རིགས་པ་ནི་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱ་ཞེས་བྱ་བ་ནས་བརྩམས་ནས། ཇི་ལྟར་བསྟན་པའི་ཆོས་ཐ་ན་མྱ་ངན་ལས་འདས་པའི་བར་དུ་བརྟགས་པ་ཙམ་དུ་རིག་པར་བྱའོ་ཞེས་བྱ་བའི་བར་དུའོ། །སྒྲོ་འདོགས་པའི་མཐའ་རབ་ཏུ་དགག་པར་ཉེས་པ་གསུམ་གྱིས་ཉམས་པའི་ཕྱིར་གཅིག་ལ་ཡང་མང་པོའི་བདག་ཉིད་ཅན་གྱི་སྐྱོན་བཏགས་པའི་དངོས་པོས་མིང་གི་སྔ་ལོགས་ན་བློའི་སྐྱོན་དུ་ཐལ་བར་འགྱུར་བའི་ཉེས་པ་ཡིན་ནོ། །སྐུར་པ་འདེབས་པ་ནི་དངོས་པོ་མེད་པས་བཏགས་པའི་དངོས་པོ་ཡང་མེད་པའི་སྐྱོན་རབ་ཏུ་དགག་པས་དབུ་མ་པའི་རབ་ཏུ་བསྒྲུབ་པ་རིགས་པར་རབ་ཏུ་བསྟན་པའི་རིགས་པའོ། །འདི་གཉིས་ནི་ཆོས་འདུལ་བ་འདི་ལས་རབ་ཏུ་ཉམས་པ་ཡིན་ཞེས་བྱ་བ་ནས་བརྩམས་པ་འདི་ནི་འཐད་པ་སྒྲུབ་པའི་རིགས་པ་ཕྱིན་ཅི་མ་ལོག་པ་གང་གིས་བརྗོད་དུ་མེད་པའི་ངོ་བོ་ཉིད་རབ་ཏུ་རྟོགས་པར་བྱེད་པ་སྟེ། འདི་ལྟར་རེ་ཞིག་འདི་ནི་འདི་ལས་ཕྱི་རོལ་བ་རྣམས་ལ་བརྗོད་དུ་མེད་པའི་ཆོས་ཀྱི་ངོ་བོ་ཉིད་རིགས་པས་སྒྲུབ་པའོ། །ཆོས་འདི་བ་རྣམས་ལ་མི་སླུ་བའི་ལུང་གིས་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་དུ་སྲིད་པ་འཕོ་བའི་མདོའི་ཚིགས་སུ་བཅད་པ་དང༌། མདོ་སྡེའི་ལྷུག་པ་ལས་ཀྱང་ཁ་ཅིག་ཚད་མ་གང་གིས་སྙམ་པ་ལ། རབ་ཏུ་བསྟན་པ་དང༌། ཚིགས་སུ་བཅད་པ་གཞན་དང༌། མདོ་སྡེ་གཞན་དག་ལས་ཀྱང་ཡང་དག་པར་སྡུད་པས་ཡང་དག་པར་བསྡུས་ནས། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་བརྗོད་དུ་མེད་པ་ཡང་རབ་ཏུ་བསྟན་ལ། བརྗོད་པར་སྦྱོར་བའི་རྒྱུ་ཡང་བསྟན་ནས། རང་གི་ཕྱོགས་ཀྱི་སྐྱོན་བསལ་བའི་དོན་དང༌། རྒོལ་བའི་སྐབས་མེད་པར་


DTG132_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བསྟན་པས། འདི་ལྟ་བུའི་དེ་ཁོ་ནའི་མཚན་ཉིད་དོ། །གང་མི་ཤེས་པས་འཇུག་པ་དང༌། གང་ཤེས་པས་ལྡོག་པ་ཞེས་བྱ་བ་དང༌། ཇི་ལྟར་དེ་མི་ཤེས་པས་འཇུག་པ་དང༌། ཇི་ལྟར་དེ་ཤེས་པས་ལྡོག་པ་ཡིན་ཞེ་ན་ཞེས་པ་དེ་ལྟ་བུ་ཡང་རབ་ཏུ་བསྟན་ནས། དེའི་མཚན་ཉིད་ཀྱང་རབ་ཏུ་བསྟན་ཏེ། དེ་ལྟ་བུ་ཡོངས་སུ་མ་ཤེས་པའི་ཕྱིར་གཞི་དེ་ལས་བྱིས་པ་རྣམས་ཞེས་བྱ་བ་ནས་བརྩམས་ནས། བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ལ་སྤྲོས་པའི་འགོག་པ་དེ་དེ་ལྟ་བུ་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བའི་བར་དུ་སྟེ། འདི་ལྟ་བུས་ནི་སྔར་རབ་ཏུ་བསྒོམས་པའི་སློབ་པའི་ལམ་དེའི་ཤེས་པའི་ཕན་ཡོན་བསྟན་ཏོ། །ད་ནི་མཐོང་བའི་ཆོས་དེའི་དེ་ཁོ་ན་མཆོག་གི་དོན་ཡེ་ཤེས་རྣམ་པར་དག་པའི་སྤྱོད་ཡུལ་ལ་དབང་དུ་གྱུར་པ་ཐོབ་པ་དང༌། འབྲས་བུ་ཐོབ་པ་དེའི་ཕན་ཡོན་ནི་ལྔ་སྟེ། དེས་ནི་དེ་དང་གཞན་གྱི་ཐུན་མོང་བ་དང༌། དེ་དང་གཞན་ཐུན་མོང་མ་ཡིན་པའི་རྒྱུ་རབ་ཏུ་བསྟན་པའི་དོན་ཏེ། ཕན་ཡོན་དེ་རྣམས་ཀྱིས་ཇི་སྙེད་ཡོད་པའི་ཕན་ཡོན་རྣམ་པ་ལྔ་པོ་དོན་ཆེན་པོ་ཉིད་ཀྱི་ལས་དག་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱ་བ་ཡོངས་སུ་རྫོགས་པར་བསྟན་ཏོ། །དང་པོ་དང་གཉིས་པ་དག་ནི་དམན་པ་སྟེ། ཐོས་པ་དང་བསམས་པ་ཙམ་པའི་ཕྱིར་རོ། །གསུམ་པ་ནི་འབྲིང་པོ་ཉིད་དེ། བདག་གི་དོན་འབའ་ཞིག་ཙམ་པའི་ཕྱིར་རོ། །བཞི་པ་ནི་མཆོག་ཉིད་དེ། བདག་དང་གཞན་གྱི་དོན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྟེ། རིམ་པར་ཕྱེ་བ་མཐའ་དག་གིས་བསྡུས་པའི་དོན་ཡིན་ནོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་བཞི་པ་དེ་ཁོ་ན་རིམ་པར་ཕྱེ་བའོ།། །།ཀུན་ནས་ཉོན་མོངས་པ་མེད་པའི་ཐབས་ཀྱི་རྗེས་ཐོགས་ལ་སྐྱོ་བ་མེད་པའི་ཐབས་ཀྱི་རྒྱུ་འདི་ལྟར་མཐུ་བརྩམ་པར་བྱ་བ་ནི། ཏིང་ངེ་འཛིན་ལ་དབང་ཐོབ་པ་ཞེས་བྱ་བའོ། །ཏིང་ངེ་འཛིན་ལ་དབང་བ་འདི་ལ་ཡོད་པས་ཏིང་ངེ་འཛིན་ལ་དབང་བ་སྟེ་དེའི་ངོ་བོ་ནི་ཏིང་ངེ་འཛིན་ལ་དབང་བ་ཉིད་ཡིན་ལ། དེ་ཐོབ་པ་ནི་ཏིང་ངེ་འཛིན་ལ་དབང་ཐོབ་པ་སྟེ། དེ་ལ་འཕགས་པའི་མཐུ་ཞེས་བརྗོད་དོ། །ཇི་ལྟར་དབང་ཐོབ་པ་ཡིན་ཞེ་ན། དེ་ལ་བསྟན་པར་བྱ་བའི་ཕྱིར་སྨྲས་པ། སེམས་ལས་སུ་རུང་བ། སེམས་ཤིན་ཏུ་ཡོངས་སུ་བསྒོམས་པའི་བྱང་ཆུབ་སེམས་


DTG132_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་ལམ་འཕགས་པའི་མཐུ་ཞེས་བྱ་བའོ། །ཡང་ན་གང་གི་མཐུ་ཡིན་ན། སེམས་ལས་སུ་རུང་བའི་སྟེ། སེམས་ལས་སུ་རུང་བ་ཉིད་དེ། སེམས་ལས་སུ་རུང་བ་ཉིད་ནི། །དེའི་ལས་སུ་རུང་བ་ཉིད་ནི་སེམས་ཤིན་ཏུ་བསྒོམས་པ་ཉིད་དོ། །དེ་ནས་དེ་ལྟ་བུའི་མཚན་ཉིད་ཅན་གྱི་སེམས་ཀྱི་མཐུ་ནི་འཕགས་པའི་མཐུ་ཞེས་བརྗོད་དོ། །འབྲས་བུ་ཆེན་པོ་ནི་རྣམ་པར་སྨིན་པའི་འབྲས་བུ་ཆེན་པོ་ཉིད་དེ་ཕན་ཡོན་ནོ། །དེ་ལས་གཞན་ཞེས་བྱ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ཆེན་པོ་བསགས་པ་ལས་བྱུང་བ་དེ་ཡང་ངོ༌། །མདོར་བསྡུ་ན་རྫུ་འཕྲུལ་ནི་རྣམ་པ་གཉིས་ཏེ། ཡོངས་སུ་བསྒྱུར་བ་དང་སྤྲུལ་བའོ། །དེ་ལ་ཡོངས་སུ་བསྒྱུར་བའི་རྫུ་འཕྲུལ་ནི་ཡོད་པ་ལས་གཞན་དུ་བསྒྱུར་བ་སྟེ། ཡོངས་སུ་བསྒྱུར་བས་ཡོངས་སུ་བསྒྱུར་ནས། སྤྱོད་པར་བྱེད་པས་ཡོངས་སུ་བསྒྱུར་བ་ཞེས་བརྗོད་དོ། །ཡོངས་སུ་བསྒྱུར་བ་ཡང་རྣམ་པ་བཞི་སྟེ། ཡོངས་སུ་བསྒྱུར་བ་ནི་འཇིག་རྟེན་ནི་འདི་དག་ཡོངས་སུ་བསྒྱུར་ཏེ། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་མཚན་ཉིད་ཅན་གྱི་དངོས་པོ་ནི། སེམས་ཅན་དང་སེམས་ཅན་མ་ཡིན་པ་རྣམ་པ་གཉིས་དང༌། བདག་དང་གཞན་ཞེས་བྱ་བའི་འབྱུང་བ་དང་འབྱུང་བ་ལས་གྱུར་པའོ། །ཡང་རྣམ་པ་གསུམ་དུ་གནས་ཏེ་སེམས་ཅན་མ་ཡིན་པར་བརྗོད་པ་འབྱུང་བ་དང་འབྱུང་བ་ལས་གྱུར་པ་འདུས་ནས་གནས་པ་དང༌། སེམས་ཅན་དུ་བརྗོད་པ་འདུས་ནས་གནས་པ་དང༌། འབྱུང་བ་དང་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ངོ་བོ་ཐ་དད་དུ་གནས་པ་ཞེས་བྱ་བ་འདི་དག་གོ །དེ་ལ་སེམས་ཅན་དུ་བརྗོད་པའི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་འདུས་ནས་གནས་པའི་རླུང་གི་ཁམས་ཡོངས་སུ་བསྒྱུར་བ་ནི་གཡོ་བར་བྱེད་པའོ། །མེའི་ཁམས་ཀྱི་ནི་རང་གི་རྒྱུད་དུ་གཏོགས་པ་དག་འཕེལ་བ་ཐོབ་པས་འབར་བ་དང༌། ཆར་འབེབས་པ་དང༌། རང་གི་རྒྱུད་ཀྱི་ཉེ་བར་ལེན་པའི་ཕུང་པོའི་མཚན་ཉིད་ཅན་གྱི་མདངས་འཕེལ་བར་གྱུར་པའི་སྤྲོས་པའི་དངོས་པོ་སྟོན་པ་དང༌། མིག་ལ་གནས་པའི་མེའི་ཁམས་ཀྱིས་སྣང་བར་བྱས་པས་མུན་པ་དང་སྒྲིབ་གཡོགས་ཀྱི་གཉེན་པོ་སྣང་བ་ཡང་དག་པར་སྐྱེད་པར་བྱེད་པའོ། །འབྱུང་བ་རྣམས་ཀྱང་ཕན་ཚུན་གཅིག་གཞན་དུ་བྱེད་ལ་འབྱུང་བ་ལས་གྱུར་པ་གཟུགས་དང་དྲི་དང་རོ་དང་རེག་བྱ་རྣམས་ལ་ཡང་རིག་པར་བྱའོ། འབྱུང་བ་ལས་གྱུར་པ་སྒྲ་མ་བརྗོད་པ་ནི་ལྷའི་


DTG132_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

རྣ་བའི་ཡུལ་ཉིད་དུ་འཆད་པར་འགྱུར་བའི་ཕྱིར་དང༌། ཐ་དད་དུ་རྣམ་པར་གནས་སུ་ཟིན་ཀྱང་སྒྲ་ནི་གཞན་དུ་བྱ་བར་མི་ནུས་པའི་ཕྱིར་དང༌། གཡོ་བའི་ཕྱིར་རོ། འགྲོ་བ་དང་འོང་བ་ནི་ཡང་བདག་ཉིད་ལ་གནས་པའི་རླུང་གི་ཁམས་མཐུ་ཁྱད་པར་ཅན་དུ་སྐྱེས་པས། བར་གྱི་སྒྲིབ་པ་རྩིག་པ་དང་རི་དང་བྲག་དང་ར་བ་ལ་སོགས་པ་རྣམས་ལ་ནམ་མཁའ་ལ་སོགས་པ་རྣམས་ཀྱིས་ནམ་མཁའི་ངོ་བོར་ཡོངས་སུ་བསྒྱུར་ནས། རྣམ་པ་གསུམ་དུ་ལུས་ཀྱིས་ཐོགས་པ་མེད་པར་འགྲོ་བ་སྟེ། འབྱུང་བ་ཆེན་པོ་བཞི་ལས་བྱུང་བའི་ལུས་རགས་པས་སམ། མོས་པས་ཏེ། རྒྱང་རིང་པོ་ལ་ཉེ་བར་མོས་ནས་སེམས་ཡིད་ཀྱི་ཤུགས་ཀྱིས་ཏེ། ཡིད་དང་འདྲ་བར་མགྱོགས་པར་འགྲོ་བའོ། །འབྱུང་བ་དང་འབྱུང་བ་ལས་གྱུར་པ་འདུས་པ་དེ་སྡུད་པ་དང་རྒྱས་པར་བྱེད་པ་ནི། གཟུགས་ཀྱི་ཚོགས་ཐམས་ཅད་ཕན་ཚུན་སྡུད་པ་དང༌། སེམས་ཅན་དང་སེམས་ཅན་མ་ཡིན་པར་བརྗོད་པ། འབྱུང་བ་དང་འབྱུང་བ་ལས་གྱུར་པ་འདུས་པ་ཐམས་ཅད་རང་གི་ལུས་སུ་འཇུག་པར་བྱེད་པའོ། །ད་ནི་སེམས་ཅན་དུ་བརྗོད་པ་ལས་གཞན་དུ་བྱ་བ་ལས་བརྩམས་ནས་སེམས་ཅན་ནམ་བདག་ཉིད་ལ་ཕན་པ་ཉེ་བར་སྤྱད་པར་བྱ་བ་དང༌། སྡུག་བསྔལ་ཉེ་བར་བསལ་བ་དང༌། བདེ་བ་ཉེ་བར་སྒྲུབ་པའོ། །དེ་ལ་ཕན་པ་ཉེ་བར་སྒྲུབ་པའི་དབང་དུ་བྱས་ནས་སྐལ་བ་མཉམ་པའི་གན་དུ་འགྲོ་བ་ཞེས་བྱ་བ་ལ་སོགས་པ་ནས་བརྩམས་ནས་བདེ་བ་སྦྱིན་པ་ཞེས་བྱ་བའི་བར་དུའོ། །བྱ་བ་གང་གིས་མི་སྣང་བར་གྱུར་ཅིང་སྣང་བར་གྱུར་ནས་སྐལ་བ་མཉམ་པའི་གན་དུ་འགྲོ་ཞེ་ན། གདུལ་བྱའི་སེམས་ཅན་རྣམས་ལ་ཆོས་བསྟན་པའི་དོན་དང༌། དེ་དག་ཉིད་རབ་ཏུ་བྱང་བར་བྱ་བའི་དོན་དུའོ། །ཆོས་བསྟན་པས་ཀྱང་སྤྱོད་ལམ་ངན་པ་ལ་གནས་པ་རྣམས་དབང་དུ་བྱེད་དོ། །གཞན་ལ་ཆོས་སྟོན་པ་ན་བར་ཆད་བྱེད་པའི་རྫུ་འཕྲུལ་དང་ལྡན་པ་གཞན་གྱི་རྫུ་འཕྲུལ་ཟིལ་གྱིས་གནོན་ཅིང༌། ཆོས་ཉན་པའི་དོན་དུ་སེམས་དང་ལུས་ལས་སུ་རུང་བ་ཉིད་དང༌། སྤོབས་པ་དང་དྲན་པ་སྦྱིན་པ་དང༌། བདེ་བ་སྦྱིན་པ་དང༌། འོད་ཟེར་སྤྲོས་པ་ལས་ཀྱང་ཕན་པའི་དོན་དང༌། སྡུག་བསྔལ་བསལ་བར་བྱ་བའི་དོན་ནི། སེམས་ཅན་རྣམས་ཀྱི་མིང་དང་གཟུགས་གཞན་དུ་བྱེད་པའི་གཞན་དུ་སྒྱུར་བ་ཞེས་བྱ་བའོ། །དབང་པོ་


DTG132_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ཞེས་བྱ་བ་ནི། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་མཚན་ཉིད་ཅན་ནོ། །དེ་ལ་གཙོ་བོ་ཉིད་དུ་ལུས་སྤྲུལ་བ་ཇི་ལྟ་བུ་ཞེ་ན། ངེས་པའི་ཚིག་ཉིད་ནི་སྔར་བསྟན་པ་ཉིད་དོ། །སྤྲུལ་བའི་རྫུ་འཕྲུལ་གང་ཞེ་ན། མདོར་བསྡུ་ན་དངོས་པོ་མེད་པ་ལས་དངོས་པོ་ཐམས་ཅད་སྤྲུལ་པ་སྟེ། སྤྲུལ་པའི་སེམས་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་མངོན་པར་འདུས་བྱས་ནས་འགྲུབ་པར་འགྱུར་བས། འདི་ལ་ཇི་ལྟར་འདོད་པ་ཞེས་བྱ་བའི་བརྗོད་པ་འགྲུབ་པའོ། །ངག་གི་སྤྲུལ་པའི་བསྡུས་པའི་དོན་ནི། མཚན་ཉིད་གང་ཡིན་པ་དང༌། རྟེན་གང་ཡིན་པ་དང༌། གང་གི་དོན་དུ་ཡིན་པའོ། །དེ་ལ་མཚན་ཉིད་གང་ཞེ་ན། གདངས་སྙན་པ་དང་ལྡན་པ་དང༌། སྐད་གསལ་བ་དང་ལྡན་པའོ། །རྟེན་གང་ཞེ་ན། བདག་དང་གཞན་དང་འབྲེལ་པ་ལའོ། །གང་གི་དོན་དུ་ཞེ་ན། ཆོས་སྟོན་པར་གཏོགས་པ་དང༌། བག་མེད་པ་ལས་སྐུལ་བར་གཏོགས་པའོ། །མཚན་ཉིད་རྣམ་པ་གཉིས་བསྟན་པ་ནི། ཟབ་པ་དང༌། འབྲུག་གི་སྒྲ་དང༌། ཀ་ལ་པིང་ཀའི་སྐད་ཡིད་དུ་འོང་བ་དང༌། དགའ་བར་བྱེད་པས་སྙིང་དུ་འཐད་པ་དང་ཞེས་བྱ་བ་ནི་ཚིག་འདི་དག་གི་བསྡུས་པའི་དོན་ཡིན་ནོ། །ཇི་ལྟར་ཟབ་ཅེ་ན། སྨྲས་པ། འབྲུག་སྒྲ་ལྟ་བུ་ཞེས་བསྟན་པའོ། །ཀ་ལ་པིང་ཀའི་སྐད་ཡིད་དུ་འོང་བ་འདྲ་བ་ནི་རྣར་བདེ་བ་ཉིད་དོ། །སྙིང་དུ་འཐད་པ་ནི་དགའ་བར་བྱེད་པའོ། །ངག་དེ་རྫོགས་པའི་སྤྲུལ་པ་ངུར་འགྱུར་ཞེ་ན། སྙན་ཅིང་འཇེབས་པ་དང༌། རྣར་སྙན་ཅིང་ཟུར་ཕྱིན་པ་དང༌། བརྡ་ཕྲད་ཅིང་སྙན་པ་དང༌། མི་མཐུན་པ་མེད་པ་དང༌། མི་བརྟེན་པ་དང༌། མི་ཟད་པ་སྟེ། ཡོན་ཏན་དྲུག་དང་ཡང་དག་པར་ལྡན་པར་སྡུད་པ་པོས་གསལ་བར་བསྟན་ཏེ། གདངས་སྙན་པ་ཉིད་ཀྱིས་དང༌། ཚིག་འབྲུ་བཟང་བ་ཉིད་ཀྱིས་དང༌། རང་གི་དོན་ཉིད་ཀྱིས་དང༌། ཇི་ལྟར་འཚམ་པ་ཉིད་ཀྱིས་དང༌། ཟང་ཟིང་མེད་པ་ཉིད་ཀྱིས་དང༌། གསལ་བ་ཉིད་ཀྱིས་སོ། །དེ་ལ་རྣམ་པ་གཉིས་ཀྱིས་གདངས་སྟན་པ་ཡིན་པར་རིག་པར་བྱ་སྟེ། སྐད་གསང་བས་འཁོར་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་འགེངས་པ་དང༌། དབྱངས་སྙན་པ་ཉིད་ཀྱིས་སོ། །རྣམ་པ་གཉིས་ཀྱིས་ཚིག་འབྲུ་བཟང་པོ་ཡིན་ཏེ། ངེས་པའི་ཚིག་འབྲུ་ཡིན་པ་ཉིད་དང༌། བརྡ་ཕྲད་པ་ཉིད་ཀྱིས་སོ། །ལྷག་མ་ནི་དོན་


DTG132_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེ་དང་ལྡན་པ་ཉིད་དེ། མཉན་པར་འོས་པ་ཉིད་ཀྱིས་དང༌། འཁོར་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐུན་པ་ཉིད་ཀྱིས་གཏོད་པའི་དབང་དུ་བྱས་པ་ཉིད་དང༌། དབྱངས་སྙན་པ་ཉིད་དཔག་ཏུ་མེད་པའི་སྤོབས་པ་དང་ལྡན་པ་ཉིད་ཀྱིས་སོ། །ལུང་ལས་ནི་མྱ་ངན་ལས་འདས་པ་ལ་གཏོད་པའི་དབང་དུ་བྱས་པ་ཉིད་དང༌། དབྱངས་སྙན་པ་ཉིད་དང༌། ཤིན་ཏུ་ངེས་པའི་ཚིག་འབྲུ་ཡིན་པ་ཉིད་དང༌། ཆོས་ཀྱི་དོན་དང་ཡང་དག་པར་ལྡན་པ་ཉིད་དང༌། རབ་ཏུ་དང་བའི་དབང་དུ་བྱས་པ་ལ་བརྟེན་པ་ཉིད་དང༌། གསལ་བ་ལ་མཁས་པ་རྣམས་སོ། །སྔོན་གྱི་གནས་རྗེས་སུ་དྲན་པའི་བསྡུས་པའི་དོན་ནི། གང་གིས་དྲན་པ་དང་གང་དྲན་པ་དང༌། རྣམ་པ་གང་གིས་དྲན་པའོ། །དེ་ལ་གང་གིས་དྲན་པ་ནི། བྱང་ཆུབ་སེམས་དཔའམ། བྱང་ཆུབ་སེམས་དཔའ་དང་མཚུངས་པར་ལྡན་པ་གཞན་གྱིས་ཀྱང་ངོ༌། །གང་དྲན་ཞེ་ན། བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱིས་རང་གི་དང་གཞན་དག་གིའམ། གཞན་གྱིས་ཀྱང་བདག་ཉིད་དང་གཞན་རྣམས་ཀྱི་དྲན་པ་ཉིད་དོ། །རྣམ་པ་གང་དག་གིས་ཤེ་ན། ཆ་ཕྲ་བའམ། ཆུང་བའམ། མང་པོ་འམ། བར་ཆད་མེད་པའམ། ཚད་བྱ་བར་ནུས་པའམ། ཚད་བྱ་བར་མི་ནུས་པའམ། གཞལ་དུ་མེད་པའོ། །དེ་དག་རྣམས་ཀྱི་བསྡུས་པའི་དོན་ནི། གང་བཞེད་པ་དང༌། ཇི་ལྟར་བཞེད་པ་དང༌། ཇི་ཙམ་བཞེད་པ་ཞེས་བྱ་བ་སྟེ། དེ་ལ་གང་བཞེད་པ་ཞེས་བྱ་བ་ནི། གང་དུ་བདག་གི་མིང་ནི་འདི་ཞེས་སྔོན་གྱི་ཚུལ་དང་ལྡན་པའི་དེ་ལྟ་བུ་བྱུང་བ་དག་ཀྱང་ལྟར་བཞེད་ཅེ་ན། ཆ་ཕྲ་བའམ། བར་ཆད་མེད་པའི་ཚུལ་གྱིས་སོ། །ཇི་ཙམ་བཞེད་ཅེས་བྱ་བ་ནི། གྲངས་བྱ་བར་མི་ནུས་པའི་ཚད་ཀྱིས་སམ། གྲངས་མེད་པར་ཡོད་དོ། །གང་གི་དོན་དུ་ཞེ་ན། སྐྱེས་པའི་རབས་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་འདི་ལྟ་བུ་ཞེས་བྱ་བ་ལ་སོགས་པའི་རབས་རབ་ཏུ་བསྟན་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རབ་ཏུ་དང་བ་སྐྱེད་པའི་དོན་དུ་རབ་ཏུ་བསྟན་པ་དང༌། ཡང་དག་པ་མཆོག་གི་སྤྱོད་པ་ལ་གུས་པ་སྐྱེད་པའི་དོན་དུ་ཡང་བསྟན་ཏོ། །སྤྲོ་བ་སྐྱེད་པའི་ཕྱིར་ནི་རྣམ་པ་སྣ་ཚོགས་དུ་མ་སྟོན་ཏེ། སྔོན་གྱི་ཚུལ་དང་ལྡན་པའི་དེ་ལྟ་བུ་བྱུང་བ་དག་ཀྱང་བསྟན་ཏོ། །སེམས་ཅན་རྣམས་ཀྱི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལས་བརྩམས་ཏེ་ཞེས་བྱ་བ་ལ། ལས་བྱས་པ་རྣམས་དང༌།


DTG132_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་བསགས་པ་རྣམས་ཀྱི་ལས་ནི་ངེས་པར་འབྲས་བུར་རྣམ་པར་སྨིན་པ་ཞེས་བྱ་བའོ། །ལྷའི་རྣ་བའི་མཁྱེན་པའི་བསྡུས་པའི་དོན་ནི། གང་གི་སྒྲ་དང༌། ཆོས་གང་གི་རྣམ་པ་དང༌། གང་གི་དོན་དུ་ཞེས་བྱ་བ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ལ། མདོ་དེ་ལས་ནི་བདག་གནས་ཆེ་གེ་མོ་ཞིག་ཏུ་སྐྱེས། མིང་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ། ཚེའི་ཚད་ནི་འདི་ཙམ་ཞིག །ཡུན་རིང་པོ་འདི་སྲིད་དུ་གནས། བདེ་བ་དང་སྡུག་བསྔལ་འདི་ལྟ་བུ་མྱོང་ཞེས་བྱ་བའོ། །ལྷ་དང་མི་རྣམས་ཀྱི་རྣམ་པ་གང་ཞེ་ན། ལེགས་པར་སྨྲ་བ་དང༌། ཉེས་པར་སྨྲ་བ་ཉིད་དེ། མཆོག་དམ་པའི་ཡོན་ཏན་ནམ། ཡོན་ཏན་མེད་པའམ། ཆུང་ངུ་དང༌། ཆེན་པོ་ཉིད་དང༌། དོན་དང་ལྡན་པ་དང་དོན་དང་མི་ལྡན་པ་ཉིད་དང༌། མཐུའི་ཁྱད་པར་ཅན་ཉིད་ཀྱི་དང༌། ཡུན་རིང་བའི་བ་ལ་སོགས་པ་སྟེ། དེའི་ལྷའི་རྣ་བའི་ཁམས་རྣམ་པར་དག་པ་མིའི་ལས་འདས་པས་སྒྲ་དེ་དང་དེ་དག་ཐས་སོ། ལྷའི་དང་མིའི་དང། རིང་བ་དང་ཉེ་བའི་སྟེ། ཐ་ན་སྦྲང་བའི་དང༌། ཤ་སྦྲང་གི་དང༌། སྒྲུལ་གྱི་སྒྲ་ཡང་ཐོས་སོ། །མདོ་ལས་འཆི་འཕོ་དང་སྐྱེ་བ་མཁྱེན་པ་ཞེས་འབྱུང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་མཁྱེན་པ་གང་ཞེ་ན། འདི་ལ་དེ་བཞིན་གཤེགས་པའམ། བྱང་ཆུབ་སེམས་དཔས་ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པས་སེམས་ཅན་རྣམས་འཆི་བའི་ཚེ་དང༌། ཤི་འཕོས་པ་ན་ཡང་གཟིགས་ཏེ། མདོག་སྡུག་པ་དང༌། མདོག་མི་སྡུག་པ་དང༌། ངན་པ་དང༌། བཟང་པོ་དང་དམན་པ་དང༌། གྱ་ནོམ་པ་དང་ལས་ཀྱིས་ཇི་ལྟར་སྐྱེས་པའི་སེམས་ཅན་རྣམས་རབ་ཏུ་མཁྱེན་ཏོ། །ཇི་ལྟར་སེམས་ཅན་ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་རྣམས་དང༌། དག་གིས་ཉེས་པར་སྤྱོད་པ་དང་ལྡན་པ་རྣམས་དང༌། ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་རྣམས་དང༌། འཕགས་པ་ལ་སྐུར་བ་འདེབས་པ་རྣམས་དང༌། ལྟ་བ་ལོག་པ་ཅན་ལྟ་བ་ལོག་པའི་ཆོས་ཀྱི་ལས་ཁས་བླངས་པའི་རྒྱུས་ལུས་པོར་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བའི་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བ་ཡང་ངོ༌། །ལྷའི་མིག་གི་བསྡུས་པའི་དོན་ནི། འཆི་འཕོ་བ་དང༌། སྐྱེ་བ་དང༌། སྐྱེས་བ་དང༌། ལུས་ཀྱིས་ལས་སྣ་ཚོགས་ལ་གནས་པར་མངོན་པ་དང༌། གཟུགས་ཕྲ་བ་དང༌། ཐམས་ཅད་དུ་


DTG132_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའོ། །གང་གིས་མཐོང༌། གང་ཐོང༌། གང་ཞིག་མཚན་ཉིད་གང་གིས། གང་གི་དུས་སུ་གནས་སྐབས་གང་དུ་མཐོང་ཞེས་བྱ་བ་འདི་དག་ཁོ་ན་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་ཡང་གཞན་དག་གི་ཡུལ་མ་ཡིན་པ་དེ་དག་ཀྱང་མཐོང་ངོ༌། །ཅི་ཞིག་ཅེ་ན། སྣང་བ་ཡང་རུང། ཆ་ཕྲ་བ་ཡང་རུང༌། སྤྲུལ་པ་ཡང་རུང༌། ལྷའི་དང༌། དང་བའི་དང༌། སྟེང་དང༌། འོག་དང༌། ཐད་ཀར་ཡང་ཇི་ཙམ་བཞེད་པར་གཟིགས་པ་སྟེ། གང་གི་དོན་དུ་མཐོང་བ་དང་ཐོས་པ་ཞེས་བྱ་བའོ། །འདིའི་བསྡུས་པའི་དོན་ནི། །སེམས་ཅན་གཞན་རྣམས་དང༌། གང་ཟག་གཞན་རྣམས་ཀྱི་སེམས་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏེ། སེམས་འདོད་ཆགས་དང་བཅས་པ་རྣམས་ཀྱང༌། འདོད་ཆགས་དང་བཅས་པ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །སེམས་འདོད་ཆགས་དང་བྲལ་བ་རྣམས་ཀྱང༌། སེམས་འདོད་ཆགས་དང་བྲལ་བ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །སེམས་ཞེ་སྡང་དང་པ་ཡང་གཏི་མུག་དང་བཅས་པར། ཉོན་མོངས་པ་དང་བཅས་པ་པ་ཡང་གཏི་མུག་དང་བཅས་པར། ཉོན་མོངས་པ་དང་བཅས་པ་དང༌། ཉོན་མོངས་པ་མེད་པ་དང༌། ཆུང་ངུ་དང༌། རྒྱ་ཆེན་པོ་དང༌། ཆེན་པོར་གྱུར་པ་དང༌། ཚད་མེད་པ་ཞེས་བྱ་བར་རབ་ཏུ་མཁྱེན་ཏོ། །འདོད་ཆགས་དང་བཅས་པའི་སེམས་ཀྱང་འདོད་ཆགས་དང་བཅས་པའི་སེམས་ཞེས་བྱ་བ་ལ་སོགས་པ་ཚིག་དྲུག་གི་བསྡུས་པའི་དོན་ནི་ཀུན་ནས་ཉོན་མོངས་པས་ཀུན་ནས་དཀྲིས་པ་འདིའི་སེམས་ཀྱང་རབ་ཏུ་མཁྱེན། ཀུན་ནས་ཉོན་མོངས་པའི་ཀུན་ནས་དཀྲིས་པ་དང་བྲལ་བ་དང༌། ཉོན་མོངས་པ་དང་རྗེས་སུ་འབྲེལ་བའི་བག་ཆགས་དང༌། ཉོན་མོངས་པ་དང་རྗེས་སུ་མ་འབྲེལ་ཅིང་བག་ཆགས་མེད་པ་དག་ཀྱང་རབ་ཏུ་མཁྱེན་ཏོ། །ཀུན་ནས་ཉོན་མོངས་པ་དང་ཉོན་མོངས་པ་མེད་པ་དག་གི་ཚིག་གི་དོན་གྱི་མདོ་ནི། །སྨོན་ལམ་ལོག་པར་བཏབ་པའི་སེམས་ཀྱང་རབ་ཏུ་མཁྱེན་ལ། གང་འདི་ལྟར་ཉོན་མོངས་པའི་བག་ཆགས་དང༌། གང་ཅུང་ཞིག་ཟང་ཟིང་དང་བཅས་པའི་བསམ་པ་ཅན་གྱི་སེམས་ཉོན་མོངས་པ་ཅན་དང༌། གང་ཉོན་མོངས་པས་ཀུན་ནས་དཀྲིས་པའི་སེམས་ཀྱང་རབ་ཏུ་མཁྱེན་ལ། ཇི་སྐད་བསྟན་པའི་ཡང་དག་པའི་སྨོན་ལམ་གྱི་སེམས་ཀྱང་རབ་ཏུ་


DTG132_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན། དེ་ལས་བཟློག་པའི་སྨོན་ལམ་ལེགས་པར་བཏབ་པའི་སེམས་ཀྱང་རབ་ཏུ་མཁྱེན་པ་སྟེ། ཉོན་མོངས་པའི་སེམས་དང་མ་འབྲེལ་ཞིང་བག་ལ་ཉལ་མེད་པ་དང༌། གང་ཅུང་ཞིག་ཟང་ཟིང་མེད་པའི་བསམ་པས་ཉོན་མོངས་པ་ཅན་མ་ཡིན་པས་ཡང་དག་པར་སྨོན་ལམ་བཏབ་པ་དང༌། དམན་པའི་སེམས་ཀྱང་རབ་ཏུ་མཁྱེན་པ་སྟེ། འདི་ལྟ་སྟེ་འདོད་པའི་ཁམས་སུ་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱི་སེམས་སོ། །རྒྱ་ཆེན་པོ་དང༌། ཆེན་པོར་གྱུར་པ་ཞེས་བྱ་བ་བར་མར་གྱུར་པའི་སེམས་ཀྱང་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་གཟུགས་ཀྱི་ཁམས་སུ་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱིའོ། །ཚད་མེད་པའི་སེམས་ཀྱང་རབ་ཏུ་མཁྱེན་ཏེ། གྱ་ནོམ་པའི་སེམས་མཁྱེན་པ་འདི་ལྟ་སྟེ་གཟུགས་མེད་པའི་ཁམས་སུ་སྐྱེས་པ་ཐམས་ཅད་ཀྱིའོ། །གསུམ་པོ་འདི་དག་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་བདེ་བ་དང་མཚུངས་པར་ལྡན་པའམ། སྡུག་བསྔལ་དང་མཚུངས་པར་ལྡན་པའམ། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང༌། མཚུངས་པར་ལྡན་པའི་སེམས་ཀྱང་མཁྱེན་ཏོ། །ཕ་རོལ་གྱི་སེམས་མཁྱེན་པ་གཅིག་གིས་སེམས་ཅན་གཅིག་གང་གི་སེམས་གང་ཡིན་པ་དང༌། ཇི་ལྟ་བུ་དང༌། ཇི་འདྲ་བ་དང༌། ཇི་སྙེད་ཉེ་བར་གནས་པ་དེ་ཡང་ཅིག་ཅར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གང་དག་གི་ཡིན་པ་ན་ནི་སེམས་ཅན་གཞན་གྱིའོ། །གང་ཡིན་ན་ནི་སེམས་སོ། །ཇི་ལྟ་བུ་ཡིན་ན་ནི་ཉོན་མོངས་པ་དང་རྗེས་སུ་འབྲེལ་པ་བག་ལ་ཉལ་དང་བཅས་པ་ཉིད་དང༌། ཉོན་མོངས་པ་དང་མ་འབྲེལ་ཞིང་བག་ལ་ཉལ་མེད་པ་ཉིད་དང༌། ཉོན་མོངས་པས་ཀུན་ནས་དཀྲིས་པ་ཉིད་དང༌། ཉོན་མོངས་པས་ཀུན་ནས་དཀྲིས་པ་དང་བྲལ་བ་ཉིད་དོ། །ཇི་འདྲ་བ་ཞིག་ན་ནི། ཉོན་མོངས་པ་དང་བཅས་པ་དང༌། ཉོན་མོངས་པ་མེད་པའོ། །ཇི་སྙེད་ཅེས་བྱ་བ་ནི། དམན་པའམ། གྱ་ནོམ་པ་སྟེ། དེ་ལྟ་བུའི་ཕ་རོལ་གྱི་སེམས་མཁྱེན་པ་གཅིག་ཁོ་ནས། སེམས་ཅན་མང་པོ་གང་དག་གི་སེམས་གང་ཡིན་པ་དང༌། ཇི་ལྟ་བུ་དང༌། ཇི་འདྲ་བ་དང༌། ཇི་སྙེད་ཉེ་བར་གནས་པ་ཞེས་བྱ་བ་ནི། འདི་ཡང་འདི་ལྟར་དོན་གྱི་ཤུགས་ཀྱིས་རྟོགས་པར་བྱ་སྟེ། དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་ཞེས་བྱ་བ་ལ་སོགས་པའོ། །ཟག་པ་ཟད་པ་མཁྱེན་པ་བདུན་པའི་དོན་ནི། ཟག་


DTG132_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཟད་པ་ལ་མཁྱེན་པ་ནི་ཟག་པ་ཟད་པ་ལ་མཁྱེན་པ་འམ། ཟག་པ་ཟད་པའི་ཕྱིར་མཁྱེན་པ་ནི་ཟག་པ་ཟད་པ་མཁྱེན་པ་སྟེ། དེ་བཞིན་དུ་རྣམ་པ་བཞི་ཡིན་ལ། ཟག་པ་ཟད་པ་ལ་མཁྱེན་པའི་དབང་དུ་བྱས་པ་ནི། ཉོན་མོངས་པ་རྣམས་ཟད་པ་ཐོབ་པ་ཟག་པ་ཟད་པ་བདག་གིས་སམ། གཞན་དག་གིས་ཐོབ་པའམ་མ་ཐོབ་པ་ཡང་རུང༌། ཟག་པ་ཟད་པའི་ཐབས་བདག་དང་གཞན་གྱི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཐབས་ཇི་ལྟ་བ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཟག་པ་ཟད་པ་མཁྱེན་པ་འདིའི་དབང་དུ་བྱས་པ་ནི། གཞན་དག་གིས་ཟག་པ་ཟད་པ་ཐོབ་པའི་མངོན་པའི་ང་རྒྱལ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེས་བྱ་བའོ། །གང་གི་དོན་དུ་མཁྱེན་ཅེ་ན། དེ་ལ་སོགས་པའི་དབང་དུ་བྱས་པ་ནི། ཟག་པ་ཟད་པ་མཁྱེན་པ་དེས་ཞེས་བྱ་བ་ལ་སོགས་པའོ། །སྦྱིན་པ་ལ་སོགས་པའི་ཆོས་འདི་རྣམས་ཀྱི་མཐུའི་དོན་གྱི་བསྡུས་པའི་དོན་ནི་རྣམ་པ་བཞི་སྟེ། འབྲས་བུ་ལས་བསྟན་པར་འགྱུར་རོ། །ཇི་ལྟར་གང་ཞེ་ན། མི་མཐུན་པའི་ཕྱོགས་སྤངས་པ་བྲལ་བའི་འབྲས་བུ་དང༌། ཚོགས་ཡོངས་སུ་སྨིན་པའི་སྐྱེས་བུའི་བྱེད་པའི་འབྲས་བུ་དང༌། བདག་དང་གཞན་རྗེས་སུ་འཛིན་པའི་བདག་པོའི་འབྲས་བུ་དང༌། འདི་ལྟར་མ་འོངས་པ་ནི་འབྲས་བུ་སྦྱིན་པའི་འབྲས་བུ་རྣམ་པ་གཉིས་པོ་རྣམ་པར་སྨིན་པའི་འབྲས་བུ་དང༌། རྒྱུ་མཐུན་པའི་འབྲས་བུའོ། །སྦྱིན་པའི་མི་མཐུན་པའི་ཕྱོགས་སེར་སྣ་ཡང་སྤོང་ངོ་ཞེས་བྱ་བ་ནི་བྲལ་བའི་འབྲས་བུའོ། །བདག་ཉིད་ཀྱི་བྱང་ཆུབ་ཀྱི་ཚོགས་སུ་གྱུར་པ་ཡང་ཡིན་ལ་ཞེས་བྱ་བ་ནི། སྐྱེས་བུ་བྱེད་པའི་འབྲས་བུ་སྟེ། །གང་གི་སྟོབས་ལས་གང་སྐྱེས་པ། དེ་ཡི་སྐྱེས་བུ་བྱེད་ལས་བྱུང༌། །ཞེས་བྱ་བའི་ཚིག་གིས་སོ། །བསྡུ་བའི་དངོས་པོ་སྦྱིན་པས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ནི་དབང་གི་འབྲས་བུའོ། །ཕ་རོལ་དུ་ཡང་གང་དང་གང་དུ་སྐྱེས་པར་ཕྱུག་པ་དང་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་སྨིན་པའི་འབྲས་བུའོ། །སྦྱིན་པ་ལ་ཡང་མོས་པར་འགྱུར་ཏེ་ཞེས་བྱ་བ་ནི། རྒྱུ་མཐུན་པའི་འབྲས་བུའོ། །དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པའི་ཆོས་གཞན་དག་ལ་ཡང་ཇི་ལྟར་རིགས་པར་བརྗོད་པར་བྱའོ། །ཚིག་དང་རྟོག་པ་ནི་ཚིག་གི་རྟོག་པ་


DTG132_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དེ་ཉིད་ཉོན་མོངས་པའོ། །ཡང་ན་ཚིག་ཀུན་ནས་སློང་བར་བྱེད་པའི་རྟོག་པ་ནི་ཚིག་གི་རྟོག་པ་སྟེ། ཚིག་གི་རྟོག་པ་ཅན་གྱི་མཚན་ཉིད་ཀྱི་ཀུན་ནས་ཉོན་མོངས་པ་འདོད་པའི་ཁམས་ལ་འདོད་ཆགས་དང་བྲལ་བའི་ཕྱིར་རབ་ཏུ་རྟོག་པའི་རྟོག་པའོ། །བསམ་གཏན་གཉིས་པ་ན་ནི་དགའ་བའོ། །བསམ་གཏན་གསུམ་པ་ན་ནི་བདེ་བ་དང༌། བཞི་པ་ན་ནི་གཟུགས་ཀྱི་འདུ་ཤེས་ལ་སོགས་པ་སྟེ། གཟུགས་ཀྱི་འདུ་ཤེས་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ནམ་མཁའི་འདུ་ཤེས་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་པའི་འདུ་ཤེས་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ཅི་ཡང་མེད་དོ་ཞེས་བྱ་བའི་འདུ་ཤེས་སོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་རྣམ་པར་དག་པའི་ལྷར་སྐྱེས་པའི་རྣམ་པར་སྨིན་པའི་འབྲས་བུ་ནི་ཡེ་ཤེས་རྣམ་པར་དག་པའོ། །མངོན་པར་ཤེས་པ་མངོན་པར་སྒྲུབ་པ་ནི་རྒྱུ་མཐུན་པའི་འབྲས་བུའོ། །དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་འཛིན་པ་ཉིད་དུ་ཡང་དག་པར་བྱེད་པས་རྒྱུ་མཐུན་པའི་འབྲས་བུ་སྟེ། རྒྱུ་མཐུན་རྒྱུ་དང་འདྲ་བའོ་ཞེས་བྱ་བས་སོ། །མ་འོངས་པ་ན་སྒྲིབ་པ་རྣམ་པ་གཉི་ག་ཡང་མངོན་དུ་འབྲེལ་པར་བྱེད་པས། རྣམ་པ་ཐམས་ཅད་དུ་རྟེན་ཡོངས་སུ་གྱུར་པ་ཉིད་འདི་ཙམ་ནི་རྣམ་པར་སྨིན་པའི་འབྲས་བུའོ། །རང་བཞིན་གྱིས་ཚེ་རབས་དགོངས་པ་ཞེས་བྱ་བ་ནི། གཞན་དག་གི་ཁྱད་པར་ཅན་གྱི་དོན་གྱི་ཚེ་རབས་དགོངས་པའོ། །རང་བཞིན་སྨོས་པ་ནི་གཞན་ལ་ཕན་པའི་སྨོན་ལམ་བཏབ་པར་དེ་འབྱུང་བར་བྱེད་པའི་ལས་བྱས་པས་བྱུང་བ་སྟེ། འདི་ནི་ཡང་སྨོན་ལམ་ལ་སོགས་པ་མེད་པར་འབྱུང་བའོ། །ཡུན་རིང་པོ་ལ་སོགས་པར་སྡུག་བསྔལ་ལ་མི་མཇེད་པ་ནི་ཇི་སྲིད་དུ་བདག་དང་གཞན་གྱི་དོན་མ་བསྒྲུབ་པར་ཏེ། གང་གི་ཚེ་གཞན་གྱི་དོན་ཡང་དག་པར་བ་སྒྲུབ་པར་གྱུར་པ་དེས་དགའ་བའམ། ཡང་ན་སེམས་ཅན་གྱི་དོན་དུ་སེམས་ཅན་ལ་དམིགས་ནས། ཡུན་རིང་པོ་ལ་སོགས་པར་འཁོར་པའི་སྡུག་བསྔལ་ལས་མི་མཇེད་པའོ། །ད་ནི་འདི་ལྟར་ཡང་སེམས་ཅན་གྱི་དོན་བསྒྲུབ་པའི་ཞེས་བྱའོ། །སེམས་ཅན་གྱི་དོན་ལ་དམིགས་ནས་བརྩམས་པའི་སྡུག་བསྔལ་གང་ཡིན་པ་དེས་དགའ་བའོ། །བལྟམ་ཁ་དང་བལྟམས་པ་ལས་ཞེས་བྱ་བ་ལ་བལྟམ་ཁ་དང་


DTG132_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བལྟམས་པ་ལས་གཞན་མཁྱེན་བཞིན་གང་ཡིན་ཞེ་ན། ཡང་དག་པར་མཁྱེན་བཞིན་དུ་ཡུམ་གྱི་ལྷུམས་སུ་གཤེགས་པ་དང༌། བལྟམ་པ་དང་དེ་ནི་རྗེས་ཀྱི་བྱིས་པའི་གནས་སྐབས་ན་ཡང་ངོ༌། །དམ་པ་རབ་མཆོག་ཅེས་སྨོས་པ་ནི། འཁོར་ལོས་སྒྱུར་བའི་མཚན་གྱི་ཁྱད་པར་དང་ལྡན་པའི་རྒྱན་ནོ། །བྱས་པ་སྦྱངས་པ་མ་མཛད་པའི་ངང་ཚུལ་འདི་ལ་ཡོད་པས་བྱས་པ་སྦྱངས་པ་མ་མཛད་པ་སྟེ། སྦྱངས་པ་མ་མཛད་པར་བདག་ཉིད་ཀྱིས་བྱ་བ་རྣམས་ལ་མཁས་པའོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས། མཐུའི་ལེའུ་རིམ་པར་ཕྱེ་བ་སྟེ་ལྔ་པའོ།། །།ཡོངས་སུ་སྨིན་པར་ནི་མདོར་བསྡུ་ན་རྣམ་པ་བཅུ་དྲུག་ཅེས་བྱ་བའི་དོན་ནི། ཡོངས་སུ་སྨིན་པ་ནི་ཅི། གང་གིས། གང་དུ། ཅི་ཞིག་ཡོངས་སུ་སྨིན་པར་འགྱུར། གང་གི་གང་ཞིག་གིས་ཡོངས་སུ་སྨིན་པར་བྱེད། ཡོངས་སུ་སྨིན་པའི་མཚན་ཉིད་ནི་ཇི་ལྟ་བུར་འབྱུང་ཞེས་བྱ་བའོ། །དེ་ལ་ཡོངས་སུ་ངེས་པར་ཅི་ཞིག་ཡོངས་སུ་སྨིན་པའི་ངོ་བོ་ཉིད་ནི་ཡོངས་སུ་སྨིན་པའམ། ཡོངས་སུ་སྨིན་པ་གང་ལ་བརྟེན་ནས་འཇུག་སྙམ་ནས། དེ་ལ་འདི་ཡོངས་སུ་སྨིན་པར་བྱ་བས་ནི། ཡོངས་སུ་སྨིན་པའམ། འདི་དག་ལ་ཡོངས་སུ་སྨིན་པར་བྱ་བས་ཏེ། ཉན་ཐོས་ཀྱི་ཐེག་པ་པ་ལ་སོགས་པའོ། །དེ་ལ་ཡང་ངེས་པར་ཅི་ཞིག་ཡོངས་སུ་སྨིན་པར་བྱ་བ་ཡིན་པས་ཡོངས་སུ་སྨིན་པར་བྱ་བ་འདི་དག་ནི་ཡོངས་སུ་སྨིན་པའོ། །ཇི་ལྟ་བུའི་རིམ་གྱིས་ཤེ་ན། ཆུང་ངུ་ལ་སོགས་པས་སོ། །འདིས་ཡོངས་སུ་སྨིན་པར་བྱེད་པས་ན། ཐབས་ནི་ཡོངས་སུ་སྨིན་པའོ། །ངེས་པར་འདིར་བྱེད་པ་པོ་འབྱུང་བས་ཡོངས་སུ་སྨིན་པར་གང་གིས་བྱེད་པ་ནི་ཡོངས་སུ་སྨིན་པའོ། །འདི་ལྟར་ཇི་ལྟར་ཤེས་སྙམ་པས་ནི་ཡོངས་སུ་སྨིན་པའི་གང་ཟག་གི་མཚན་ཉིད་དོ། །རྨ་ཡོངས་སུ་སྨིན་པ་ཞེས་བརྗོད་པ་ནི། བརྟོལ་ལ་རག་པའོ། །དེ་བཞིན་དུ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་ལ་རག་པ་པའི་རྒྱུད་ནི་ཡོངས་སུ་སྨིན་པ་ཞེས་བརྗོད་དོ། །བུམ་པ་དང༌། རྗེའུ་དང༌། ཁམ་ཕོར་ལ་སོགས་པའི་སྣོད་དང༌། ཨ་མྲ་དད་པ་ན་ས་ལ་སོགས་པ་ཡོངས་སུ་ལོངས་སྤྱོད་པའི་འོས་གཉིས་སྨོས་པས་ནི་ཉེ་བར་ལོངས་སྤྱོད་པའི་འོས་རྟེན་དང་བརྟེན་པ་གཉིས་རབ་ཏུ་བསྟན་པའི་དོན་ཏེ། རྟེན་ནི་ལུས་སོ། །བརྟེན་


DTG132_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་སོ། །གོ་རིམས་ནི་དང་པོར་བརྟོལ་བ་ཡིན་ལ། ཕྱི་ནས་ཡོངས་སུ་ལོངས་སྤྱད་པ་ཞེས་བྱ་བ་ཡོངས་སུ་སྨིན་པའི་གང་ཟག་རིགས་ལ་གནས་པ་དང༌། རིགས་ལ་མི་གནས་པའི་བྱེ་བྲག་གམ། བླ་ན་ཡོད་པའམ་བླ་ན་མེད་པའི་ཁྱད་པར་རམ། ཆུང་ངུ་དང་འབྲིང་དང་ཆེན་པོའི་ཁྱད་པར་རོ། །གང་གང་ལ་ཡོངས་སུ་སྨིན་པར་བྱ་བའི་ཁྱད་པར་རྣམ་པ་དྲུག་གི་བསྡུས་པའི་དོན་ནི་དེ་དག་ཡོངས་སུ་སྨིན་པ་ནི་ཡོངས་སུ་སྨིན་པ་སྟེ། ཡོངས་སུ་སྨིན་པ་དེའི་ཁྱད་པར་གསུམ་ནི་ཡོངས་སུ་སྨིན་པའོ། །དེ་དག་ལས་གཞན་པའི་གོ་རིམས་ཀྱི་ཁྱད་པར་གསུམ་ཡང་ཡོངས་སུ་སྨིན་པ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའི་མཚན་ཉིད་དོ། །རྣམ་པར་སྨིན་པ་ཞེས་བྱ་བ་ནི། རྣམ་པར་སྨིན་པ་བརྒྱད་དེ། བདག་དང་གཞན་གྱི་དོན་གྱི་ལེའུར་བསྟན་པའོ། །སྡིག་པ་མི་དགེ་བའི་ཆོས་རྣམས་ལ་སེམས་མི་འཇུག་ཅིང་སྒྲིབ་པ་ཆུང་བ་དང༌། རྟོག་པ་ཉུང་བ་དང་ཞེས་བྱ་བས་ནི། ལས་དང་ཉོན་མོངས་པའི་རྣམ་པར་རྟོག་པ་མི་མཐུན་པའི་ཕྱོགས་ཆུང་བར་གྱུར་པ་ཉིད་བསྟན་ཏོ། །དྲང་བ་ནི་རང་གི་བསམ་པ་ཇི་ལྟ་བ་བཞིན་དུ་སྟོན་པ་ཉིད་དོ། །མཐུན་པར་འཛིན་པ་ནི་གདམས་ངག་རྗེས་སུ་བསྒྲུབ་པ་ཉིད་དོ། །དྲན་པ་དང་ལྡན་པ་ནི་སྔར་བྱས་པ་དང༌། སྔར་སྨྲས་པའི་རྣམ་པར་རྟོག་པ་མི་མཐུན་པའི་ཕྱོགས་ཆུང་བར་གྱུར་པ་ཉིད་བསྟན་ཏོ། །དྲང་བ་ནི་རང་གི་བསམ་པ་ཞེས་བྱ་བ་ལ་སོགས་པས་ནི། དོན་འཛིན་པར་བྱེད་པའི་ཤེས་རབ་ཀྱི་ཁྱད་པར་སྟོན་པར་བྱེད་དེ། སེམས་ཀྱིས་རབ་ཏུ་རྟོགས་པ་ཤེས་རབ་ཀྱིས་དོན་རབ་ཏུ་རྟོགས་པ་ཉིད་དོ། །ཐམས་ཅད་ནས་ཉོན་མོངས་པ་ཐམས་ཅད་ལས་སེམས་པ་གཏན་དུ་རྣམ་པར་གྲོལ་བར་བྱེད་པ་ཞེས་བྱ་བ་ལ། ཐམས་ཅད་ནས་ཞེས་བྱ་བ་ནི་དམིགས་པ་ཐམས་ཅད་ནས་སོ། །གཏན་དུ་ཞེས་བྱ་བ་ནི་བག་ཆགས་རབ་ཏུ་སྤངས་པའོ། །ཉོན་མོངས་པ་ཐམས་ཅད་ལས་ཞེས་བྱ་བ་ནི། མཐོང་བ་དང་བསྒོམ་པས་སྤངས་པའི་ཉོན་མོངས་པའོ། །ཡུན་རིང་པོ་ནས་གོམས་པ་ཞེས་བྱ་བས་ནི། དེའི་སྦྱོར་བ་མེད་པ་ཉིད་བསྟན་ཏོ། །དབང་པོ་དང༌། དགེ་བའི་རྩ་བ་དང༌། ཤེས་པ་ཡོངས་སུ་སྨིན་པའི་རྒྱུ་ནི་སྔོན་གྱི་སྐྱེ་བ་ལའོ། །རྒྱུད་ཡོངས་སུ་མ་བརྟགས་པ་ནི་མཐོང་བའི་ཆོས་ལའོ། །རྒྱུ་ཆུང་ངུ་ལ་གོམས་པ་ཞེས་བྱ་བ་ནི་དམ་


DTG132_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པའི་སྦྱོར་བ་དང་བྲལ་བ་ས་ཞེས་བྱ་བས་བསྟན་ཏོ། །ཡོངས་སུ་སྨིན་པའི་ཐབས་ཉི་ཤུ་རྩ་བདུན་པོ་རྣམས་ཀྱི་བསྡུས་པའི་དོན་ནི། བསྟན་པ་དང༌། བཤད་པ་སྟེ། འདི་དག་གི་གནས་སྐབས་སོ། །བསྟན་པ་ནི་ཁམས་བརྟས་པ་དང༌། ད་ལྟར་གྱི་རྐྱེན་ཉེ་བར་སྒྲུབ་པ་ཞེས་བྱ་བའོ། །འདི་དག་ལས་གཞན་པའི་ཐབས་རྣམས་ནི་བཤད་པའོ། །ཁམས་བརྟས་པའི་བཤད་པ་ནི་དྲུག་གོ །ཁམས་བརྟས་པ་དེ་ཡང་རྣམ་པ་གཉིས་ཏེ། ཆུང་ངུ་དང་ཆེན་པོའོ། །ཆུང་ངུས་ནི་འཇུག་པར་འགྱུར་ལ། ཆེན་པོས་དགའ་བར་འཛིན་པའོ། །གང་དེ་ལྟར་འཇུག་པ་དེ་ཉིད་དང་པོར་འཇུག་པ་ཉིད་ཀྱང་ཡིན་ནོ། །ཡང་འདི་དག་གི་ཁྱད་པར་གང་ཡིན་ཞེ་ན། འཇུག་པ་ནི་ཁྱིམ་པ་དང་རབ་ཏུ་བྱུང་བའི་གནས་སྐབས་གཉིས་དག་གི་བསླབ་པའི་གནས་ཡང་དག་པར་ལེན་པའོ། །དང་པོར་འཇུག་པ་ཡང་མ་ཡིན་ཏེ། རིག་པའི་དོན་ལ་ཕན་ཡོན་མཐོང་ནས་འཇུག་པ་འདི་ཉིད་ལ་དང་པོར་འཇུག་པ་ཞེས་བརྗོད་དོ། །དང་པོར་འཇུག་པ་མ་ཡིན་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཏང་སྙོམས་མི་མཛད་པ་ལ་རྟེན་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནི་ཁམས་བརྟས་པའི་བཤད་པའོ། །དེ་ལ་རྣམ་པར་དག་པ་ཐག་རིང་བ་ནི། ལེ་ལོའམ། རྐྱེན་དང་མི་ལྡན་པ་སྟེ། སྔར་བརྩོན་འགྲུས་བརྩམས་པའི་ཁམས་ལ་བརྟེན་པ་ཉིད་དང༌། ལེ་ལོ་དང་རྐྱེན་དང་མི་ལྡན་པའོ། །དེ་ནས་འདི་ལྟར་དེ་དང་མི་ལྡན་པ་སྟེ། རྣམ་པར་དག་པ་ཐག་རིང་བའི་ཕྱིར། རྣམ་པར་དག་པ་ཐག་ཉེ་བ་མ་ཡིན་པར་རིག་པར་བྱའོ། །སྦྱོར་བ་ནི་མི་རྩོམ་པའི་ཉེས་དམིགས་མཐོང་བའོ། །ཡང་དག་པར་རྟོག་པའི་བཟོད་པ་ལ་བརྟེན་ཅིང་ཞེས་བྱ་བ་ནི། ཆོས་ལ་རྣམ་པར་དཔྱོད་པའི་རྒྱུ་ལས་བྱུང་བའི་བཟོད་པ་ཐོབ་པོ་ཞེས་བྱ་བའི་དོན་ཏོ། །ཆོས་འདུལ་བ་འདི་ལས་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་ལས་སོ། །དཀོན་མཆོག་གསུམ་ལ་དད་པ་མི་གཡོ་བའི་གཏེར་མི་འཕྲོགས་པར་བྱ་བའི་ཕྱིར་ཏེ། བཟོད་པ་ཉིད་དུ་བྱེད་དོ། །གཞན་དག་གིས་རྟོགས་པ་ལ་ཡིད་ཆེས་པ་དང༌། ཡོན་ཏན་འབྱུང་བ་རྟོགས་པ་ནས་རང་གི་དོན་ཐོབ་པར་བྱ་བ་ལ་མི་དད་པས་གཡོ་བ་ཉིད་གང་ཡིན་པ་འབྱུང་ངོ༌། །སྦྱོར་བ་དང་བསམ་པ་ནི་འདི་དག་གོ །ད་ལྟར་གྱི་རྐྱེན་བཤད་པ་ནི། དེ་ལ་ད་ལྟར་གྱི་རྐྱེན་


DTG132_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྣམ་པ་གསུམ་སྟེ། ཆོས་ལ་ཕྱིན་ཅི་མ་ལོག་པའི་ཆོས་འཆད་པ་དང༌། དེ་ལ་ཕྱིན་ཅི་ལོག་པར་འཛིན་པ་ཉིད་དང༌། ཆོས་དང་རྗེས་སུ་མཐུན་པའི་ཆོས་ལ་ཇི་ལྟ་བ་བཞིན་དུ་ནན་ཏན་བྱེད་པ་ཞེས་བྱ་བ་སྟེ། དེ་ལ་ཕྱིན་ཅི་མ་ལོག་པར་འཛིན་པ་ཉིད་དོ། །བསམ་པའི་ཐབས་ཀྱིས་བཤད་པ་ནི་ཆོས་དང༌། རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་བྱེད་པའོ། །སྦྱོར་བའི་ཐབས་ཀྱིས་བཤད་པ་ནི། ཟང་ཟིང་ཉེ་བར་བསྒྲུབ་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཐབས་དྲུག་གོ །ད་ལྟར་གྱི་རྐྱེན་ཉེ་བར་བསྒྲུབ་པ་འདི་ལ་མཐོང་བའི་ཆོས་ཕྱིན་ཅི་མ་ལོག་པར་སྟོན་པ་ནི་བཤད་པའོ། །ཆོས་སྟོན་པ་འབའ་ཞིག་ཏུ་ཡང་མ་ཟད་དེ། འདི་ལྟར་འོན་ཀྱང་གཞན་གྱི་བྱ་བ་ཐམས་ཅད་ཀྱི་ཐབས་མ་ལུས་པའི་བཤད་པ་ཡང་ཡིན་ནོ། །ཟང་ཟིང་ཉེ་བར་བསྒྲུབ་པ་དང་ཆོས་ཉེ་བར་སྒྲུབ་པ་ནི་བསྡུ་བའི་ཐབས་ཡིན་ནོ། །རྫུ་འཕྲུལ་གྱིས་འདུན་པར་བྱེད་པ་ནི། འདུན་པར་བྱ་བའི་ཐབས་ཡིན་ཏེ། མ་དད་པ་དད་པར་བྱེད་པའི་ཕྱིར་དང༌། བསམ་པ་དག་པར་བྱེད་པའི་ཕྱིར་དང༌། སྦྱོར་བ་དག་པར་བྱེད་པའི་དོན་གྱིས་སོ། །འདི་ལྟར་འདུན་པར་བྱེད་པའི་ཕྱིར་དགོས་པ་ཡང་གཉིས་སུ་བསྟན་ཏེ། རང་གིས་བདག་གི་དོན་ཐོབ་པར་མི་ནུས་པ་དབང་པོ་རྟུལ་པོ་དང༌། དབང་པོ་རྣོན་པོ་མངོན་པར་ཤེས་པ་མྱུར་བ་དག་གིའོ། །གསང་སྟེ་ཆོས་བརྗོད་པ་ནི། སེམས་ཅན་བྱིས་པའི་སྤྱོད་པ་ཅན་གྱི་དབང་དུ་བྱིས་པའོ། །རྣམ་པར་ཕྱེ་སྟེ་ཆོས་བརྗོད་པ་ནི། ཤེས་རབ་རྒྱ་ཆེ་བའི་དབང་དུ་བྱས་པའོ། །ད་ལྟར་གྱི་སྐྱོན་སྦྱོར་བ་ཆོས་དང་རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་བྱེད་པ་ལས་བརྩམས་ནས། ཆུང་ངུ་ལ་སོགས་པ་གསུམ་པོ་རྟག་ཏུ་སྦྱོར་བ་མེད་པ་དང༌། གུས་བར་སྦྱོར་བ་མེད་པ་དང༌། དེ་གཉི་ག་ལས་གང་ཡང་རུང་བ་གཅིག་མེད་པ་དང༌། དེ་གཉི་ག་དག་དང་ལྡན་པ་སྟེ་གོ་རིམས་བཞིན་ནོ། །ཐོས་པ་ལ་སོགས་པ་གསུམ་ལ་སྦྱོར་བ་ནི། སྔར་གྱི་ཟང་ཟིང་ཉེ་བར་བསྒྲུབ་པ་དག་གོ །ཡོངས་སུ་སྨིན་པར་བྱེད་པ་ནི་རྣམ་པ་གཉིས་སུ་གྱུར་ཏེ། ཡང་དག་པར་རབ་ཏུ་ཞུགས་པ་དང༌། ལོག་པར་ཞུགས་པ་ཞེས་བྱ་བ་སྟེ། དེ་ལ་ཡང་དག་པར་མ་ཞུགས་པ་ནི་ཚར་བཅད་པའོ། །དེ་ལ་མཐོང་བའི་ཆོས་ལ་གཞན་ལ་བརྟེན་པའི་ཡོངས་སུ་སྨིན་པ་དེ་ནི་རྣམ་པ་གསུམ་སྟེ། རང་གིས་བྱས་པ་ཉིད་དང༌། གཞན་དག་གིས་གསོལ་བ་བཏབ་པ་ཉིད་དང༌། དེ་དག་གཉི་ག་


DTG132_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཅེས་བྱ་བའོ། །ཡོངས་སུ་སྨིན་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དྲུག་གི་བསྡུས་པའི་དོན་ནི། ལྷག་པའི་བསམ་པ་དག་པ་དང༌། ངེས་པ་བ་དང༌། ངེས་པའི་ས་ལ་གནས་པ་གསུམ་དང༌། བྱང་ཆུབ་སེམས་དཔའ་གསུམ་པོ་དེ་དག་གི་སྦྱོར་བའི་ལམ་ལ་གནས་པ་གསུམ་སྟེ། མོས་པས་སྤྱོད་པའི་ས་ལ་གནས་པ་ནི། བསམ་པ་དག་པའི་ས་ལ་འཇུག་པའི་ཕྱིར་སྦྱོར་བའི་ལམ་ལ་གནས་པའོ། །དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ། །རང་སངས་རྒྱས་དང་ཁྱད་པར་ནི་འདི་ཡིན་ཏེ། ལུས་ཐ་མ་ཐོབ་པར་གྱུར་པ་ན་སློབ་དཔོན་མེད་པ་ཉིད་དུ་དགྲ་བཅོམ་པ་ཆེན་པོ་ཉིད་དུ་ཐོབ་པར་བྱེད། མངོན་སུམ་དུ་བྱེད་པ་དེས་ན་རང་སངས་རྒྱས་ཞེས་བྱ་བའོ། །འདུན་པ་ཆུང་བར་གྱུར་པ་དང༌། སྦྱོར་བ་ཆུང་བ་ཞེས་བྱ་བ་ནི། བསམ་པ་དང་སྦྱོར་བ་གཉི་ག་ཆུང་བའི་ཕྱིར་ཆུང་བ་ཉིད་དོ། །དེ་བཞིན་དུ་གཞན་དག་ལ་ཡང་ངོ༌། །ལེའུ་འདིའི་བསྡུས་པའི་དོན་གྱི་གོ་རིམས་ནི་མ་བྲིས་ཏེ། དེ་ཉིད་ཀྱིས་འདིར་ཡང་ཡོངས་སུ་སྨིན་པ་ནི་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་བསྟན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་རིམ་པར་ཕྱེ་བ་དྲུག་པ་རྫོགས་སོ།། །།མདོར་བསྡུ་ན་སྤངས་པ་རྣམ་པ་གཉིས་དང༌། ཡེ་ཤེས་རྣམ་པ་གཉིས་ལ་ནི་བྱང་ཆུབ་ཅེས་བྱ་སྟེ་ཞེས་བྱ་བ་ལ། འདིར་སྤངས་པ་རྣམ་པ་གཉིས་སྨོས་པ་ནི། ཡེ་ཤེས་ཉིད་ལ་འདི་ལྟར་བྱང་ཆུབ་ཅེས་བྱ་སྟེ། ཡེ་ཤེས་རྣམ་པ་གཉིས་ཐོབ་པ་ནི། སྤངས་པ་རྣམ་པ་གཉིས་བྱས་པས་ཡེ་ཤེས་ཀྱི་རྒྱུར་ཡང་དག་པར་བསྟན་པའོ། །རྣམ་གྲངས་གཞན་ཡང་ཞེས་བྱ་བ་ལ། འདིར་ཁྱད་པར་ནི་སྔ་མའི་རྣམ་གྲངས་ལས་ནི་ཤེས་བྱའི་སྒྲིབ་པ་སྤངས་པ་དང༌། གང་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་ཅིང་སྒྲིབ་པ་མེད་པ་ནི། རྣམ་གྲངས་ཏེ་མ་ལས་མ་ཕྱེ་བར་ཡེ་ཤེས་བསྟན་ཏོ། །འདིར་ནི་ཡེ་ཤེས་དེ་ཉིད་རྣམ་པར་ཕྱེ་ནས་རབ་ཏུ་བསྟན་ཏོ། །འདུས་བྱས་དང་འདུས་མ་བྱས་ཀྱི་དངོས་པོ་དེ་ཉིད་ལ་རྣམ་པར་ཕྱེ་བའི་རབ་ཏུ་དབྱེ་བ་ཚད་མེད་དེ་ཞེས་བྱ་བ་ལ། ཇི་ལྟར་བྱས་ནས་འདི་ལྟར་ཙམ་ཞེ་ན། རང་གི་མཚན་ཉིད་ཕྱི་མ་ཕྱི་མའི་ཞེས་བྱ་བ་ལ་སོགས་པས་སོ། །འདུས་བྱས་ཀྱི་དངོས་པོ་ལ་ནི་རང་གི་མཚན་ཉིད་ལ་སོགས་པའི་རབ་ཏུ་དབྱེ་བ་ལེགས་པར་བསྟན་པ་ཡིན་ན།


DTG132_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་མ་བྱས་ལ་རང་གི་མཚན་ཉིད་ལ་སོགས་པའི་དབྱེ་བ་ཇི་ལྟར་ཞེ་ན། ད་དག་ཉིད་ཀྱི་རང་གི་མཚན་ཉིད་ལ་སོགས་པའི་དབྱེ་བས་ཐ་དད་པའི་འདུས་བྱས་ཀྱི་ཆོས་རྣམས་ཀྱི་ཆོས་ཉིད་དང༌། དེ་བཞིན་ཉིད་ལ་འདིར་འདུས་མ་བྱས་ཞེས་འདུས་བྱས་ཀྱི་དངོས་པོས་བྱས་པ་ཉིད་ནི་འདུས་མ་བྱས་ཀྱི་དབྱེ་བ་ཞེས་བྱ་སྟེ། འདི་ལ་འགལ་བ་མེད་དོ། །རྣམ་གྲངས་གཞན་ཡང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བདག་ཉིད་ནི་སངས་རྒྱས་ཞེས་བྱ་བར་བསྟན་པའི་དོན་དུ་རྣམ་གྲངས་གཞན་བརྩམས་པའོ། །དམ་པ་བདུན་གྱི་བསྡུས་པའི་དོན་ནི། གང་ལ་བརྟེན་པ་དང༌། གང་གི་དོན་དུ་བསྒྲུབ་པ་དང༌། གང་ལ་གནས་པ་དང༌། ཐབས་གང་གིས་དང༌། འབྲས་བུ་གང་ཐོབ་པ་དང༌། གནས་པ་གང་གིས་གནས་པ་ཞེས་བྱ་བའོ། །དམ་པ་འདི་དག་ཉིད་ནི་དམ་པ་བདུན་ཏེ། སྦྱོར་བ་གང་གིས་དམ་པ་ཡིན་པ་ནི་བྱང་ཆུབ་ཅེས་བརྗོད་དོ། །དེ་ལ་གང་ལ་རབ་ཏུ་གནས་ན་ནི། ཚུལ་ཁྲིམས་ལ་རབ་ཏུ་གནས་སོ། །ཐབས་གང་གིས་ཤེ་ན། ཡེ་ཤེས་དམ་པ་ཉིད་ཀྱིས་ཉོན་མོངས་པ་མེད་པའི་ཐབས་དང་མཐུ་ཉིད་ཀྱིས་སྐྱོ་བ་མེད་པའི་ཐབས་ཀྱིས་སོ། །འབྲས་བུ་གང་འཐོབ་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའི་འབྲས་བུའོ། །གང་གི་གནས་ན་གནས་པ་གསུམ་གྱིས་སོ། །ཕྱིན་ཅི་མ་ལོག་པར་གསུངས་པས་དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ནི་འདིར་འདི་ལྟར་ཡི་གེ་ཏར་བསྒྱུར་བ་བྱས་ནས་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་དེ་ཐོབ་པར་བྱ་བའི་དོན་ཐམས་ཅད་བརྙེས་པའི་ཕྱིར་དགྲ་བཅོམ་པའོ། །དེས་ན་འཇིག་རྟེན་ན་དགྲ་བཅོམ་པ་ཆེན་པོ་ཞེས་བརྗོད་དོ། །ཐོབ་པར་བྱ་བའི་དོན་ཐམས་ཅད་ཀྱི་ཕྱིར་དང༌། གང་འཇིག་རྟེན་གྱི་རིན་པོ་ཆེ་ལ་སོགས་པས་བཅོམ་ལྡན་འདས་དེ་མཆོད་པར་འོས་པས་ཀྱང་བརྗོད་དེ། དེ་ཐོབ་པར་བྱ་བའི་དོན་ཐམས་ཅད་ཐོབ་པའི་ཕྱིར་རམ། བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་ཡིན་པ་ཉིད་དེ་གཉི་གས་ཀྱང་མཆོད་པར་འོས་པའི་ཕྱིར་ཡང་ངོ༌། །ཆོས་རྣམས་ཇི་ལྟ་བ་བཞིན་དུ་དོན་དམ་པར་ཐུགས་སུ་ཆུད་པས་ཞེས་བྱ་བ་ལ། ཆོས་རྣམས་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པས་ཞེས་བྱ་བས་ནི། ཡང་དག་པར་ཞེས་བྱ་བའི་སྒྲའི་དོན་བསྟན་ཏོ། །དོན་དམ་པར་ཆོས་རྣམས་ཐུགས་སུ་


DTG132_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཆུད་པས་ཞེས་བྱ་བས་ནི། རྫོགས་པའི་ཞེས་བྱ་བའི་སྒྲའི་དོན་བསྟན་ཏོ། །རིག་པ་གསུམ་ཞེས་བྱ་བ་ནི། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་རིག་པ་དང༌། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་རིག་པ་དང༌། ཟག་པ་ཟད་པ་མཁྱེན་པའི་རིག་པའོ། །རིག་པ་དེ་དག་ནི་སྔོན་དང་ཕྱི་མ་ལ་སོགས་པ་མི་རིག་པ་ཟློག་པར་བྱེད་པའི་མཚན་ཉིད་ཅན་ཏེ། མདོ་ལས་ཇི་སྐད་གསུངས་པ་བཞིན་ནོ། །ཚུལ་ཁྲིམས་ལས་བརྩམས་ནས་ཏིང་ངེ་འཛིན་གྱི་བར་ནི་ཞབས་ཏེ་དེས་འགྲོ་བར་བྱེད་པས་སོ། །ལྷག་མཐོང་གི་ཕྱོགས་ནི་རིག་པའོ། །ཞི་གནས་ཀྱི་ཕྱོགས་ནི་ཏིང་ངེ་འཛིན་ཏོ། །དེ་གཉི་གའི་ཕྱོགས་ནི་ཚུལ་ཁྲིམས་ཏེ་མཆོག་ཏུ་མཐར་ཕྱིན་པར་བྱིན་པས་སོ། །ཇི་སྲིད་འགོད་པར་བྱ་བར་བྱོན་པའི་དོན་གྱིས་དང༌། ཡང་མི་ལྡོག་པར་གཤེགས་པས་བདེ་བར་གཤེགས་པའོ། །དེ་ཉིད་ཀྱིས་ན་བཅོམ་ལྡན་འདས་བླ་ན་མེད་པ་སྐྱེས་བུ་འདུལ་བ་ཁ་ལོ་སྒྱུར་བ་ཞེས་བྱའོ། །སེམས་འདུལ་བའི་ཐབས་དམ་པ་མཁྱེན་པ་ཞེས་བྱ་བ་ནི། སྐྱེས་བུ་དམ་པས་འདུལ་བ་ནི་འདུལ་བར་བྱ་བ་སྟེ། ཅི་ཞེ་ན་སེམས་སོ། །དེ་འདུལ་བའི་ཐབས་མཁྱེན་པའི་ཕྱིར་བླ་ན་མེད་པ། སྐྱེས་བུ་འདུལ་བ་ཁ་ལོ་སྒྱུར་བ་ཞེས་བྱ་བ་ལ། ཁ་ལོ་སྒྱུར་བ་ནི་འཇིག་རྟེན་ན་འདུལ་བའི་ཐབས་ཤེས་པ་ལྟ་བུའོ། །དེས་ན་དེ་བླ་ན་མེད་པ་ཞེས་བྱ་བ་སྟེ། ཁྱད་པར་དུ་འཕགས་པའི་འདུལ་བའི་ཐབས་མཁྱེན་པའི་ཕྱིར་རོ། །ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བ་ལ། ལེགས་པར་སྟོན་པར་མཛད་པ་ཉིད་ཀྱི་སྟོན་པ་སྟེ། དོན་འདི་ཉིད་གསལ་བར་བསྟན་པའི་ཕྱིར་སྨྲས་པ། ཡང་དག་པར་ཞེས་བྱ་བས་སྟོན་པའི་དོན་བཤད་དེ། ཅི་ཞིག་བཤད་ཅེ་ན། སྨྲས་པ། སྡུག་བསྔལ་ཐམས་ཅད་ལས་ངེས་པར་འབྱུང་བའོ། །གང་གི་ཞེ་ན། སྨྲས་པ། ལྷ་དང་མི་རྣམས་ཀྱིའོ། །ཇི་ལྟར་བསྟན་ཞེ་ན། འདིའི་དོན་བསྟན་པར་བྱ་བའི་ཕྱིར་སྨྲས་པ། མིག་ཏུ་གྱུར་བའི་ཕྱིར་དང༌། ཡེ་ཤེས་སུ་གྱུར་པའི་ཕྱིར་དང༌། དོན་དུ་གྱུར་པའི་ཕྱིར་དང༌། ཆོས་སུ་གྱུར་པའི་ཕྱིར་རོ། །ཇི་ལྟར་མིག་ཏུ་གྱུར་པ་ཡིན་ཞེ་ན། སྨྲས་པ། དོན་གསལ་བ་གཏན་ལ་འབེབས་པའི་ཕྱིར་རོ། །དོན་གསལ་བ་གཏན་ལ་འབེབས་པ་ཉིད་ཡང་དག་པར་བསྟན་པ་ནི། ཇི་ལྟར་སློབ་དཔོན་མ་ཁོལ་གྱིས་བསྟོད་པ་བཞི་བརྒྱ་པ་ལས། ཁྱོད་ཀྱི་བསྟན་ལ་


DTG132_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

མ་བརྟེན་པར། །དེ་ཉིད་མཐོང་བ་འགའ་ཡང་མེད། །ལོང་བ་ལྟ་བུའི་འཇིག་རྟེན་གྱི། །མིག་ཏུ་གྱུར་པ་ཁྱོད་ལ་འདུད། །ཅེས་བསྟན་པས་དེ་ཁོ་ན་ཉིད་གསལ་བར་བརྗོད་པས་དེ་སྟོན་པས་སམ། ཡང་ན་དོན་གསལ་བར་གཏན་ལ་འབེབས་པ་ཉིད་ཀྱིས་མིག་ཏུ་གྱུར་པ་སྟེ། རང་ཉིད་ཀྱིས་རབ་ཏུ་བསྟན་པའི་དོན་ངེས་པར་མཛད་པའི་ཕྱིར། ངེས་པར་སྐྱེད་པར་བྱེད་པའི་དོན་ཏོ། །ཇི་ལྟར་སྣང་བས་ཡོངས་སུ་འཛིན་པའི་གཟུགས་ནི་རབ་ཏུ་མཐོང་བར་གྱུར་པ་དེ་བཞིན་དུ། བཅོམ་ལྡན་འདས་ཁོ་ན་སྣང་བར་གྱུར་པ་ཡིན་ཏེ། དོན་གསལ་བར་གཏན་ལ་འབེབས་པའི་ཕྱིར་རོ། །དེ་ལྟ་བས་ན་བཅོམ་ལྡན་འདས་ནི་སྣང་བར་གྱུར་པ་ཡིན་ཏེ། ཇི་ལྟར་སློབ་དཔོན་མ་ཁོལ་གྱིས་བསྟོད་པ་བཞི་བརྒྱ་པ་དེ་ཉིད་ལས། མེ་དང་མར་མེའི་འོད་ཡོད་ཅིང༌། །ཟླ་སྐར་ནོར་བུ་ཡོད་གྱུར་ཀྱང༌། །ཉི་མ་མེད་ན་ས་སྟེང་འདི། །གསལ་བས་རྒྱས་པར་མི་འགྱུར་ལ། །དེ་ལས་གཞན་པའི་སྣང་བའམ། །དེ་ལས་ཁྱད་འཕགས་གཞན་དག་ནི། །ཡོད་ཀྱང་ཁྱོད་མེད་འགྲོ་བ་འདི། །སྣང་བ་མེད་པར་གྱུར་པ་ཡིན། །ཇི་ལྟར་མ་རིག་མུན་པ་ཡི། །སྒྲིབ་པས་སེམས་ནི་ཡོངས་བཀག་པས། །མུན་པར་གྱུར་པའི་འཇིག་རྟེན་གྱི། །སྣང་བར་གྱུར་པ་ཁྱོད་ལ་འདུད། །ཅེས་བསྟན་པས་དེ་ལྟ་བས་ན་སྣང་བར་གྱུར་པ་ཉིད་ཀྱིས་སྣང་བར་གྱུར་བ་ཞེས་བརྗོད་པ་ཡིན་ནོ། །ཇི་ལྟར་དོན་དུ་གྱུར་བ་ཡིན་ཞེ་ན། སྨྲས་པ། དོན་ཐམས་ཅད་སྟོན་པའི་ཕྱིར་ཞེས་བྱ་བ་སྟེ། དོན་ཐམས་ཅད་ནི་འདུས་བྱས་དང་འདུས་མ་བྱས་ལ་སོགས་པའོ། །འདི་ལྟར་རོ་ཞེས་སྟོན་པར་བྱེད་པའི་དོན་གྱིས་སྟོན་པ་སྟེ། ཤེས་པར་འདོད་པས་སྟོན་པ་དེ་ཡང་བཅོམ་ལྡན་འདས་ལ་མ་བརྟེན་པར་དེ་རྟོགས་པ་མེད་པས་སོ། །དེ་ཡང་ཇི་ལྟར་སློབ་དཔོན་མ་ཁོལ་གྱིས་བསྟོད་པ་དེ་ཉིད་ལས། དོན་ནི་དོན་དུ་མ་རིག་ཅིང༌། །དོན་མ་ཡིན་ཡང་དོན་མིན་དུ། །བློ་ཡིས་ཆོས་ནི་མ་རྟོགས་པ། །ཁྱོད་ལ་བརྟེན་ནས་རྟོགས་པ་ཡིན། །ཕལ་ཆེར་དོན་མིན་སྤོང་འདོད་ཀྱང། །རྨོངས་པས་དོན་ནི་སྤོང་འགྱུར་ཏེ། །མི་ཤེས་པ་ནི་དོན་འདོད་ཀྱང༌། །དོན་མ་ཡིན་པ་གྲུབ་པར་འགྱུར། །ཁྱོད་ལ་བརྟེན་ནས་ཅི་རིགས་པར། གཉི་ག་དག་ནི་རྟོགས་འགྱུར་ཏེ། །དེ་དག་གཉི་ག་ཉེར་བསྟན་པའི། །དོན་དུ་གྱུར་པ་ཁྱོད་ལ་འདུད། །ཅེས་བསྟན་པས། དེས་


DTG132_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ན་དོན་ཐམས་ཅད་སྟོན་པ་ཡིན་ཏེ། འདི་ནི་དོན་འདི་ནི་དོན་མ་ཡིན་པའོ་ཞེས་དགེ་བ་དང་མི་དགེ་བ་ལ་སོགས་པའི་དོན་རྟོགས་པར་འདོད་པ་དག་གིས་ཁྱོད་ལ་བརྟེན་པ་མེད་པར་རྟོགས་པ་མེད་དོ། །ཇི་ལྟར་ཡེ་ཤེས་སུ་གྱུར་པ་ཡིན་ཞེ་ན། སྨྲས་པ། མི་རྟོགས་པའི་ཞས་བྱ་བ་ལ་སོགས་པ་སྟེ། མི་རྟོགས་པའི་ཞེས་བྱ་བ་ནི་མི་ཤེས་པའོ། །རྟོགས་པར་མཛད་པའི་ཕྱིར་ཞེས་བྱ་བ་ནི་གོ་བར་བྱེད་པས་སོ། །འདིས་མི་ཤེས་པའི་གཉེན་པོར་བསྟན་ཏོ། །རྟོགས་པ་རྣམས་ཀྱི་ཐེ་ཚོམ་སྐྱེས་པ་གཅོད་པར་མཛད་པའི་ཕྱིར་ཞེས་བྱ་བ་ནི་ཐེ་ཚོམ་སྐྱེས་པའི་ཤེས་པའི་གཉེན་པོ་འདི་ཡིན་ཏེ། ངེས་པའི་ཤེས་པ་སྐྱེད་པར་བྱེད་པས་སོ། །ཟབ་མོའི་གནས་རྣམས་རྣམ་པར་འགྲེལ་པ་ཞེས་བྱ་བ་ནི། ཕྱིན་ཅི་ལོག་གི་ཤེས་པའི་གཉེན་པོར་གྱུར་པའི་ཡང་དག་པའི་ཤེས་པ་སྐྱེད་པས་སོ། །གྲོལ་བ་རྣམས་ཡོངས་སུ་བྱང་བར་མཛད་པའི་ཕྱིར་ཏེ། བསྟན་པར་མཛད་པའི་དོན་དུ་སྦྱོང་བར་མཛད་པའི་དོན་ཏོ། །འདིར་སློབ་དཔོན་མ་ཁོལ་གྱིས་བསྟོད་པ་དེ་ཉིད་ལས། རྣམ་པ་ཐམས་ཅད་ཡོངས་མཁྱེན་པས། །མཁྱེན་བྱ་ཐམས་ཅད་ཀུན་སྣང་བ། །ཡེ་ཤེས་སྣང་བ་མཛད་པ་ཡི། །ཡེ་ཤེས་གྱུར་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་སྟེ། འདིས་ནི་རྣམ་པ་ཐམས་ཅད་མི་ཤེས་པ་དང༌། ཐེ་ཚོམ་གྱི་ཤེས་པ་དང༌། ཕྱིན་ཅི་ལོག་གི་ཤེས་པ་རྣམས་ཀྱི་གཉེན་པོར་གྱུར་པ་རྟོགས་པའི་ཤེས་པ་དང༌། ངེས་པའི་ཤེས་པ་དང༌། ཡང་དག་པའི་ཤེས་པ་རྣམས་རྣམ་པར་སྦྱོང་བ་ཉིད་དོ། །ཇི་ལྟར་ཆོས་སུ་གྱུར་པ་ཡིན་ཞེ་ན། སྨྲས་པ། དེ་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ནི་མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པ་དང༌། ལུང་བསྟན་པ་དང༌། ཚིགས་སུ་བཅད་པ་དང༌། ཆེད་དུ་བརྗོད་པ་དང༌། གླེང་གཞི་དང༌། རྟོགས་པ་བརྗོད་པ་དང༌། དེ་ལྟ་བུ་བྱུང་བ་དང༌། སྐྱེས་པའི་རབ་ས་དང༌། ཤིན་ཏུ་རྒྱས་པ་དང༌། ཆོས་རྨད་དུ་བྱུང་བ་དང༌། གཏན་ལ་ཕབ་པ་ཞེས་བྱ་བ་སྟེ། གསུང་རབ་ཡན་ལག་བཅུ་གཉིས་སུ་གཏོགས་པའི་ཆོས་དེ་རྣམས་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་དང་པོར་བསྟན་པ་ཡིན་པའི་ཕྱིར་རྩ་བ་ཉིད་ཡིན་ནོ། །དེ་འདྲེན་པ་ཡིན་པའི་ཕྱིར་ཞེས་བྱ་བ་ལ། ཆོས་དེ་དག་རྣམས་དེས་འདྲེན་པ་ཡིན་ཏེ། དེ་འདྲེན་པ་ཡིན་པ་ནི། དེ་འདྲེན་པའི་ངོ་བོ་


DTG132_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར་རོ། །དེས་ན་གང་གི་ཕྱིར་བཅོམ་ལྡན་འདས་ཁོ་ན་ཆོས་དེ་འདྲེན་པ་ཡིན་པ་དེའི་ཕྱིར། བཅོམ་ལྡན་འདས་ནི་ཆོས་སུ་གྱུར་པའོ། །འོན་ཀྱང་སྟོན་པ་ཉིད་ཀྱིས་སྟོན་པ་ཡིན་པའི་ཕྱིར་ཞེས་བྱ་བ་སྟེ། དེ་ཉིད་སྟོན་པ་ཡིན་པས་ན་སྟོན་པ་ཡིན་པ་སྟེ། ཆོས་གང་རྣམས་དེའི་ཆོས་ཡིན་པ་དེ་ལ་སྟན་པ་ཡིན་པའོ། །དེ་བས་ན་དེའི་ངོ་བོ་ནི་སྟོན་པ་ཡིན་པ་ཉིད་དོ། །རྒྱུ་འདིས་ཀྱང་བཅོམ་ལྡན་འདས་ནི་ཆོས་སུ་གྱུར་པ་ཡིན་ཏེ། དེའི་ཕྱིར་ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བརྗོད་དོ། །ཚོགས་མཐའ་དག་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་ཐུགས་སུ་ཆུད་པ་ཞེས་བྱ་བ་ལ། མཐའ་དག་ནི་ཆོས་ཀྱི་ཕུང་པོ་རྣམ་པ་གསུམ་མོ། །རྣམ་པ་ཐམས་ཅད་ནི་དགེ་བ་དང་མི་དགེ་བ་ལ་སོགས་པའི་རྣམ་པའོ། །དེ་དག་རྣམ་པ་ཉིད་ཀྱིས་ཐུགས་སུ་ཆུད་པ་སྟེ། མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ་བའོ། །བདུད་དཔུང་དང་བཅས་པ་ཐམས་ཅད་ཀྱི་གཡུལ་ཆེན་པོ་བཅོམ་པས་ན་བཅོམ་ལྡན་འདས་ཏེ། བཅོམ་ལྡན་འདས་ཉག་གཅིག་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འབྱུང་ཞེས་བྱ་བ་ནི། སྡེ་པ་གཞན་ཁ་ཅིག་གི་འདོད་པའོ། །དེའི་ལན་དུ་བརྩམས་པ་ནི། དེ་ལ་བསྐལ་པ་དུ་མར་ཡང་སངས་རྒྱས་གཅིག་ཀྱང་མི་འབྱུང་ཞེས་བྱ་བ་ལ་སོགས་པའོ། །རང་བཞིན་གྱིས་ཉོན་མོངས་པ་མང་བའི་རྒྱུད་དང༌། ཤེས་རབ་འཆལ་པའི་རྒྱུད་ཀྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཞེས་བྱ་བ་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པས་ཟིལ་གྱིས་མནན་པའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ཀྱི་ལེའུའི་བསྡུས་པའི་དོན་དང་གོ་རིམས་དག་ནི་འདི་ཉིད་དུ་ཉེ་བར་བསྟན་ཟིན་པའི་ཕྱིར། ཡང་ཉེ་བར་བསྟན་པར་བྱ་བ་མ་ཡིན་པས་དེས་ན་མ་བྲིས་སོ། །བྱང་ཆུབ་སེམས་དཔའ་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་བྱང་ཆུབ་སེམས་དཔའི་རིམ་པར་ཕྱེ་བ་སྟེ་བདུན་པ་རྫོགས་སོ།། །།སྡོམ་ནི། མོས་པ་མང་པོ་ཉིད་དང་ནི། །ཆོས་ཚོལ་བ་དང་སྟོན་པ་དང༌། །སྒྲུབ་པ་དང་ནི་དེ་བཞིན་དུ། །ལེགས་པར་གདམས་ངག་རྗེས་བསྟན་དང༌། །ལུས་དང་ངག་དང་ཡིད་ཀྱི་ལས། །ཐབས་དང་བཅས་པ་ཕྱི་མ་


DTG132_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཞེས་བྱ་བ་ནི། ཇི་ལྟར་བསླབ་པའི་དབང་དུ་བྱས་པ་ཡིན་ལ། བྱང་ཆུབ་སེམས་དཔའ་གང་ལ་བསླབ་པར་བྱ་བ་ནི་སྔར་བསྟན་ཟིན་ཏོ། །བསྡུས་པའི་དོན་སྟོན་པ་བདུན་པོ་འདི་དག་གི་བསྡུས་པའི་དོན་ནི། བདག་ཉིད་ཇི་ལྟར་སློབ་པ་དང༌། གཞན་དག་ལ་ཡང་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེ་ལ་བདག་ཉིད་སློབ་པར་བྱེད་པ་ནི། བྱང་ཆུབ་སེམས་དཔའ་ཆོས་ཀྱིས་རྗེས་སུ་འབྲང་བ་དང༌། དད་པས་རྗེས་སུ་འབྲང་བའོ། །དེ་ལ་ཆོས་ཀྱིས་རྗེས་སུ་འབྲང་བ་ནི་རྣམ་པ་གསུམ་དུ་སློབ་སྟེ། མོས་པ་མང་པོ་ཉིད་ཀྱི་བསམ་པའི་རྒྱུན་ཉིད་དང༌། སྦྱོར་བ་ཉིད་དང༌། ཆོས་ཚོལ་བ་ལ་སྦྱོར་བ་ཉིད་ལའོ། །དད་པས་རྗེས་སུ་འབྲང་བ་ནི་རྣམ་པ་བཞི་སྟེ། བདག་ཉིད་ཀྱིས་བསླབ་པའི་སྔར་ཆོས་ཀྱིས་རྗེས་སུ་འབྲང་བ་ལ་བསྟན་པའི་བསླབ་པ་རྣམ་པ་གསུམ་དང༌། བཞི་པ་གདམས་ངག་རྗེས་སུ་བསྟན་པ་འཛིན་པའོ། །གཞན་བསླབ་པ་ཡང་རྣམ་པ་གཉིས་ཏེ། གཞན་རྣམ་པ་གཉིས་ནི་ཞུགས་པ་དང་མ་ཞུགས་པ་ཞེས་བྱ་བའོ། །དེ་ལ་གཞན་ཞུགས་པ་དབང་པོ་རྣོན་པོ་ལ་བསྟན་པ་དང༌། དད་པས་རྗེས་སུ་འབྲང་བ་ལ་བསྟན་ཅིང་གདམས་ངག་རྗེས་སུ་བསྟན་པའོ། །མ་ཞུགས་པ་རྣམས་ལ་ནི། ལུས་དང་ངག་དང་ཡིད་ཀྱི་ལས་དང༌། ཐབས་དང་བཅས་པ་ཞེས་བྱ་བ་སྟེ། དེ་ལ་དང་པོར་བདག་ཉིད་མོས་པ་ལ་སློབ་པར་བྱེད་དོ། །དེ་ནས་ནི་ཆོས་ཚོལ་ལོ། །དེ་ནས་ནི་བསྒྲུབ་སྟེ། ཆོས་ཀྱིས་རྗེས་སུ་འབྲང་བ་ནི་དེ་ལྟར་བདག་ཉིད་གང་དང་གང་ལ་སློབ་པ་དེ་ལ་གཞན་དག་ཀྱང་འཛུད་པར་བྱེད་དེ། བདག་ཉིད་ཀྱང་མོས་པ་ལ་སློབ་པར་བྱེད། ཆོས་ཚོལ་བར་བྱེད་ལ། གཞན་ཕ་རོལ་དག་ལ་ཡང་མོས་པ་བསྐྱེད་པར་བྱ་བའི་དོན་དུ་ཆོས་སྟོན་པར་བྱེད་དོ། །བདག་ཉིད་ཀྱི་སྒྲུབ་པར་བྱེད་ཅིང་གཞན་དག་གིས་ཀྱང་རྟོགས་པར་བྱ་བའི་ཕྱིར་གདམས་ངག་དང་རྗེས་སུ་བསྟན་པ་སྦྱིན་པ་སྟེ། དེ་ལྟར་རེ་ཞིག་ཞུགས་པ་རྣམས་ཀྱིའོ། །ཡང་མ་ཞུགས་པ་རྣམས་ལ་ནི་བདག་ཉིད་བསྒྲུབ་པ་ལ་སློབ་པ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་ཐབས་དང་བཅས་པ་ལ་སློབ་པར་བྱེད་པ་ཉིད་དོ། །གོ་རིམས་དེ་དག་གི་བསྡུས་པའི་དོན་དེ་ལ། ཇི་ལྟར་ན་བྱང་ཆུབ་སེམས་དཔའི་མོས་པ་མང་བ་ཡིན་ཞེ་ན་ཞེས་བྱ་བ་ལ། འདིའི་བསྡུས་པའི་དོན་ནི་གང་ལ་མོས་པ་སྤྱད་པ་དང་གང་གིས་མོས་པ་ཞེས་བྱ་བའོ། །དད་པ་དང་དང་བ་སྔོན་དུ་འགྲོ་བས་ཏེ། དད་པའི་མཚན་ཉིད་


DTG132_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དད་བའོ། །ངེས་པ་གང་ལ་དེ་སྔོན་དུ་འགྲོ་བ་ཡོད་པ་ནི་རྒྱུ་དེས་ན་འདོད་པ་སྐྱེ་བར་འགྱུར་ལ། དེ་དང་ལྡན་པའི་མོས་པ་གང་ཡིན་ཞེ་ན། ངེས་པའི་དངོས་པོ་ལ་དེ་ཉིད་དུ་ངེས་པར་འཛིན་པའི་མཚན་ཉིད་དོ། །མོས་པའི་གནས་རྣམ་པ་བརྒྱད་ནི། དཀོན་མཆོག་དང༌། ཡོན་ཏན་ལ་སོགས་པའི། །མོས་པའི་གནས་བརྒྱད་པོ་མདོར་བསྡུས་པ་ནི། མཆོག་ལ་མོས་པ་དང༌། ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་དང༌། རྒྱུ་དང་འབྲས་བུའི་མཚན་ཉིད་ཅན་གྱི་ཚོགས་ལ་མོས་པ་དང༌། ཐོབ་པར་བྱ་བ་ལ་མོས་པའོ། །སངས་རྒྱས་དཀོན་མཆོག་གི་ཡོན་ཏན་ལ་མོས་པ་ནི། ཐོབ་པར་བྱ་བ་ལ་མོས་པའོ། །སྒྲུབ་པའི་ཐབས་ནི་སྒྲུབ་པའི་ཆོས་ཐོབ་བའི་ཐབས་སུ་གྱུར་པ་ལེགས་པར་གསུངས་པའི་བསྟན་པའི་ཆོས་སོ། །རྣམ་གྲངས་དེ་ལས་གཞན་ཡང་གནས་ལ་མོས་པ་བསྟན་པ་དང༌། དེའི་རབ་ཏུ་དབྱེ་བ་ལ་མོས་པ་སྟེ། འདི་ལྟར་མདོར་བསྡུས་པ་གཞན་གནས་ལ་མོས་པས་བསྟེན་པ་དང༌། རབ་ཏུ་དབྱེ་བ་ལ་བརྟེན་པའོ། །འདི་ལྟར་མདོར་བསྡུས་པ་གཞན་ཡང་དཀོན་མཆོག་གསུམ་གྱི་ཡོན་ཏན་དང༌། དེའི་རབ་ཏུ་དབྱེ་བ་ལ་བརྟེན་པའོ། །དེ་ལས་གཞན་ཡང་བསྟན་པ་རྣམ་པ་བདུན་ཏེ། ཇི་ལྟར་བྱས་ནས་ཤེ་ན་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་ཡོན་ཏན་ལ་མོས་པ་བྱས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཐུ་ལ་མོས་པ་དང། ཆོས་ཀྱི་ཡོན་ཏན་ལ་མོས་པ་བྱས་པ། དེ་ཁོ་ནའི་དོན་ལ་མོས་པ་སྟེ། དོན་དམ་པའི་ཆོས་ཡིན་པ་ཉིད་ཀྱིས་དེ་ཁོ་ནའི་དོན་ཏོ། །དགེ་འདུན་གྱི་ཡོན་ཏན་ལ་མོས་པའི་སྟོབས་ཉིད་ཀྱིས་རྒྱུ་དང་འབྲས་བུ་ལ་མོས་པ་སྟེ། རྒྱུ་འདི་ལས་འབྲས་བུ་འདི་འཐོབ་པོ་ཞེས་བྱ་བའོ། །ལམ་རབ་ཏུ་བསྒོམ་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་གནས་སྐབས་ཀྱི་ཐོབ་པར་བྱ་བ་ལ་མོས་པ་སྟེ། སངས་རྒྱས་དཀོན་མཆོག་གི་ཡོན་ཏན་ལ་མོས་པ་ལས་རབ་ཏུ་བྱུང་བའོ། ཆོས་དཀོན་མཆོག་གི་ཡོན་ཏན་ལ་མོས་པ་ལས་བྱུང་བ་ནི་ཐོབ་པར་བྱ་བའི་ཐབས་ལ་མོས་པའོ། །འདིར་ཐོབ་པའི་ཐབས་ནི་སྒྲུབ་པའི་ཆོས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དོ། །ལེགས་པར་གསུངས་པ་ལ་མོས་པ་ནི། ཆོས་དཀོན་མཆོག་གི་ཡོན་ཏན་ལ་མོས་པ་བྱས་པ་ཉིད་དེ། བསྟན་པའི་ཆོས་ལ་ཆོས་ཞེས་བྱས་ནས་སོ། །མོས་པ་ལ་གོམས་པ་ལན་མང་དུ་བྱེད་པ་དང་ཞེས་བྱ་བ་ནི། ཇི་སྲིད་བཟོད་པ་ཆེན་པོ་མ་བསྐྱེད་ཀྱི་བར་དུའོ། །བཟོད་


DTG132_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲག་པོ་ཡོད་པ་ནི་ལྷག་པའི་བསམ་པ་དག་པ་ཉེ་བར་གནས་པའི་གནས་སྐབས་སུ། རྒྱུ་དང་འབྲས་བུ་ཡང་དག་པར་སྟོན་པའི་རྣམ་པ་ཞེས་བྱ་བ་ལ། ཡང་དག་པར་ཞེས་བྱ་བ་ནི། ཕྱིན་ཅི་མ་ལོག་པའོ། །རྒྱུ་དང་འབྲས་བུ་ནི་རྗེས་སུ་མཐུན་པ་ཞེས་བྱ་བའི་དོན་ཏོ། །བྱས་པ་ཆུད་མི་ཟ་ཞིང་བསལ་བར་བྱེད་ཅེས་བྱ་བ་ལ། བྱས་པའི་ལས་རྣམས་ཀྱིས་ངེས་པར་འབྲས་བུ་སྦྱིན་པའོ། །མ་བྱས་པ་དང་ཕྲད་པར་མི་འགྱུར་བ་ཞེས་བྱ་བ་ནི། མ་བྱས་པའི་ལས་རྣམས་ལས་འབྲས་བུ་འབྱུང་བར་མི་འགྱུར་བའོ། །ཕ་རོལ་ཀླན་ཀ་ཚོལ་བ་བརྗོད་པའི་ཡོན་ཏན་སྟོན་པའི་རྣམ་པ་དང་ཞེས་བྱ་བ་ནི། ཀླན་ཀ་ཚོལ་བ་ཞེས་བྱ་བ་ལ། འདིར་ཉེ་བར་ཞེས་བྱ་བའི་སྒྲ་ནི་ཉེ་བར་བསྒྱུར་བའམ་བརྙས་པ་སྟེ། འདི་ལྟར་ཉེས་པ་བརྗོད་ཅིང་རྒོལ་བ་དང༌། སྐྱོན་ནས་བརྗོད་ཅིང་ཉེ་བར་བརྗོད་པའམ། གཞན་དག་ལ་བརྙས་པའི་ཚིག་གིས་སྐྱོན་བརྗོད་ཅིང་སྨྲས་པའོ། །དེ་ཉིད་ནི་ཕན་ཡོན་ཏེ། དེས་སྟོན་པའི་རྣམ་པའོ། །འདི་ལྟ་བུ་སྨྲ་བ་ལས་ཞེས་བྱ་བ་ལ། གཞན་ལས་འོས་པ་ནི་འདི་ལྟ་བུ་སྨྲས་པའོ། །དེ་ལྟ་བུ་ལས་ཐར་པ་ནི་དེ་ལྟ་བུ་སྨྲ་བ་ལས་ཐར་པའོ། །དེ་ཉིད་ནི་ཕན་ཡོན་ཏེ། གཞན་དག་གི་སྨྲས་པ་ནི་སྐྱོན་འདི་དང་འདི་ལྟ་བུ་ཞེས་བྱ་བའི་དོན་ཏོ། །སྐད་ཀྱི་དབྱིངས་ཀྱི་ངོ་བོ་སྒྲུབ་པ་རྣམ་པར་གཞག་པ་སྟོན་པའི་རྣམ་པ་ཞེས་བྱ་བ་ལ། དབྱིངས་ཀྱི་ངོ་བོ་རྣམ་པར་གཞག་པ་ནི་དབྱིངས་ཀྱི་ངོ་བོ་རྣམ་པར་གཞག་པ་སྟེ། དབྱིངས་ཀྱི་ངོ་བོ་འདི་ཞེས་རྣམ་པར་གཞག་པ་དེ་སྟོན་པའི་རྣམ་པའོ། །ཚིག་ལེགས་པར་སྦྱར་བ་ནི་ལེགས་པར་སྦྱར་བའི་བརྗོད་པ་སྟེ། ཕན་ཡོན་ནོ། །དབྱངས་སམ་ཡི་གེ་ཉམས་པ་དང་ལྡན་པའི་སྔགས་ཀྱིས་ནི། ཉམས་པས་དོན་མི་འགྲུབ་སྟེ། ངག་གི་རྡོ་རྗེ་དེས་སྒྲུབ་པ་པོ་ཉིད་ཉམས་པར་བྱེད་དོ། །དེ་སྟོན་པའི་རྣམ་པ་ནི་ལེགས་པར་སྦྱར་བའི་ཐབས་ཀྱིས་ཏེ། འདི་ལྟ་བུའི་ཕན་ཡོན་སྟོན་པའི་རྣམ་པའོ། །ནད་ལ་མཁས་པ་སྟོན་པའི་རྣམ་པ་དང་ཞེས་བྱ་བ་ལ། ནད་འདིའི་མིང་ནི་འདིའོ་ཞེས་བྱ་བར་ནད་དེ་ལ་མཁས་པའོ། །ནད་ཅི་ལས་བྱུང་བ་ལ་མཁས་པ་སྟོན་པའི་རྣམ་པ་དང་ཞེས་བྱ་བ་ལ། འདི་ལས་ཀུན་དུ་བྱུང་བས་ན་ནད་ཀུན་དུ་སློང་བ་ནི་ནད་ཅི་ལས་བྱུང་བའོ། །དེ་ལ་མཁས་པ་སྟེ། མི་འཕྲོད་པ་འདི་ལས་


DTG132_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ནད་འདི་བྱུང་ངོ་ཞེས་བྱ་བར་ཤེས་པའོ། །ནད་བྱུང་བ་བསལ་བ་ལ་མཁས་པ་སྟོན་པའི་རྣམ་པ་དང་ཞེས་བྱ་བ་ལ། འདིར་སེལ་བར་བྱེད་པས་ན་བསལ་བ་སྟེ། ནད་བསལ་བའོ། །དེ་ལ་མཁས་པ་ནི་སྨན་འདིས་སོས་པར་བྱེད་དོ་ཞེས་བྱ་བར་ཤེས་པའོ། །ཡང་ན་བསལ་བར་བྱ་བ་ནི་བསལ་བ་སྟེ། ཉེ་བར་ཞི་བར་བྱ་བ་ཞེས་བྱ་བའི་དོན་ཏོ། །ནད་ཉེ་བར་ཞི་བར་བྱ་བ་ཡིན་པས། ནད་རབ་ཏུ་ཞི་བ་ཉིད་དོ། །རང་རང་གི་བཟོ་དང་ལས་ཀྱི་གནས་གྲུབ་པའི་འབྲས་བུ་ཡོངས་སུ་གྲུབ་པ་སྟོན་པའི་རྣམ་པ་ཞེས་བྱ་བ་ལ། རང་རང་གི་བཟོ་དང་ལས་ཀྱི་གནས་སྒྲུབ་པ་སྟེ། འབྲས་བུ་འདི་ཡོངས་སུ་གྲུབ་པ་ནི་འདི་ལས་ཡོངས་སུ་སྒྲུབ་པའོ། །ཞེས་སྟོན་པའི་རྣམ་པའོ། །ཕྱིན་ཅི་མ་ལོག་པའི་རྒྱུ་རྣམ་པར་གཞག་པ་དང༌། རྒྱུ་ཐམས་ཅད་བསྡུས་པ་ཞེས་བྱ་བ་ལ། རྒྱུ་རྣམས་ཇི་ལྟར་ཡོད་པ་ཉིད་དང༌། ཇི་སྙེད་ཡོད་པ་ཉིད་དེ་སེམས་ཅན་གྱི་འཇིག་རྟེན་ལས་བརྩམས་ནས་ཀུན་ནས་ཉོན་མོངས་པའམ་རྣམ་པར་བྱང་བ་དག་གོ །འཇིག་རྟེན་པའི་ཡང་དེ་དག་ཏུ་ལོ་ཐོག་ལ་སོགས་པ་སྣོད་ཀྱི་འཇིག་རྟེན་གྱི་དབང་དུ་བྱས་ནས། ལྷན་ཅིག་བྱེད་པས་དེ་ཀུན་ནས་བསླང་བའི་རྩི་ལ་སོགས་པ་དག་གོ །མིང་དང་ཞེས་བྱ་བ་ལ་སྐྱེས་པ་དང་རྟ་ཞེས་བྱ་བ་ལ་སོགས་པའོ། །མིང་སྔོན་དུ་འགྲོ་བའི་འདུ་ཤེས་ཞེས་བྱ་བ་དང༌། འདུ་ཤེས་སྔོན་དུ་འགྲོ་བའི་བརྗོད་པ་ཞེས་བྱ་བ་ལ། འདི་ནི་སྐྱེས་པ། འདི་ནི་རྟ་ཞེས་བྱ་བའི་གཞན་གོ་བར་བྱེད་པའི་ཐ་སྙད་དོ། །ཆོས་དེ་དང་དེ་དག་གི་རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་སྟེ། རྗེས་སུ་ནི་ཉེ་བར་སྒྱུར་བའམ། གོམས་པ་ལས་རྗེས་སུ་ཐ་སྙད་བྱེད་པ་སྟེ། གོམས་པ་ཉིད་ལས་ཐ་སྙད་དུ་བྱེད་པའོ། །ལག་པ་ལ་ལྟོས་ནས་ནི་ལེན་པ་ཡོད་པ་ཉིད་དོ། །བཀྲེས་པ་དང་སྐོམས་པ་ལ་ལྟོས་ནས་ནི་ཟས་དང་སྐོམ་ལེན་ཏོ། །རང་གི་འབྲས་བུ་ཐ་མའི་བར་ཏེ། རང་གི་འབྲས་བུ་ཐ་མའི་བར་དུའོ། །དེ་ལས་གཞན་པའི་རྐྱེན་ནི་ཆུ་དང་ས་ལ་སོགས་པའི་རྐྱེན་ནོ། །རང་གི་འབྲས་བུ་ནི་མྱུ་གུའོ། གང་གི་རྗེས་ཐོགས་ལ་གང་བྱུང་བ་ནི་འབྲས་བུ་སྟེ། དེ་ནི་ཡང་ས་བོན་ལས་འགྲུབ་པའི་འབྲས་བུ་སྟེ། མྱུ་གུ་ནི་ས་བོན་གྱིས་འཕངས་པ་ཞེས་བྱ་བ་སྟེ། འཕངས་པའི་འབྲས་བུ་ཡིན་ནོ། །རྣམ་པ་སྣ་ཚོགས་རྣམ་པ་ཐ་དད་པ་ཞེས་བྱ་བ་ལ། སྣ་


DTG132_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ནི་ཐ་དད་པར་རིས་མི་མཐུན་པ་རིང་བའི་རིགས་ཉིད་དོ། །ཐ་དད་པའི་རྒྱུ་ཉིད་ནི་རྣམ་པ་ཐ་དད་ཅིང་རིགས་ཐ་དད་པ་ཉིད་དོ། །སོ་སོར་ངེས་པ་ཞེས་བྱ་བ་ནི་ཡུན་རིང་བ་ཉིད་དམ། ལྟོས་པ་མེད་པའོ། །ལྟོས་པ་ཡིན་པས་ལྟོས་པ་སྟེ། དེ་ཉིད་རྒྱུའོ། །འདིས་ཡོངས་སུ་འཛིན་པས་ན་ཡོངས་སུ་འཛིན་ལ། དེ་ཉིད་ནི་རྒྱུའོ། །འགྲུབ་པའི་རྒྱུ་ཞེས་བྱ་བ་ལ། །འདི་མངོན་པར་གྲུབ་པར་བྱ་བས་ན་མངོན་པར་འགྲུབ་པ་སྟེ། དེ་ཉིད་ནི་རྒྱུའོ། །ཡང་ན་མངོན་པར་འགྲུབ་པར་བྱེད་པ་ནི། མངོན་པར་འགྲུབ་པ་ཡིན་ལ། དེའི་རྒྱུའོ། །འདྲེན་པར་བྱེད་པས་ནི་འདྲེན་པ་སྟེ། དེ་ཉིད་ནི་རྒྱུའོ། །ལྷག་པར་བསྡམས་ཤིང་མཆོག་ཏུ་དགའ་བས་བསྡམས་པས་སོ་སོར་ངེས་པ་སྟེ། སོ་སོར་ངེས་པའི་རྒྱུ་ནི་སོ་སོར་ངེས་པའི་རྒྱུའོ། །ལྷན་ཅིག་བྱེད་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་ལྷན་ཅིག་བྱེད་པ་སྟེ། ལྷན་ཅིག་ཏུ་བྱེད་པའི་རྒྱུ་ནི་ལྷན་ཅིག་བྱེད་པའི་རྒྱུའོ། །འདིས་མི་མཐུན་པར་བྱེད་པས་ན་མི་མཐུན་པ་སྟེ། མི་མཐུན་པ་དེ་ཉིད་ནི་རྒྱུ་སྟེ། མི་མཐུན་པའི་རྒྱུའོ། །ཚིག་གི་མི་མཐུན་པ་དང༌། དེ་བཞིན་དུ་རིགས་པ་དང་མི་མཐུན་པ་དང༌། ལྷན་ཅིག་ཏུ་མི་གནས་པའི་མཚན་ཉིད་ཀྱི་མི་མཐུན་པ་དང༌། མི་འཕྲོད་པའི་མི་མཐུན་པ་དང་ཞེས་བྱ་བ་ལ། རབ་ཏུ་མི་མཐུན་པ་དང༌། ཤིན་ཏུ་རབ་ཏུ་མི་མཐུན་པ་དང༌། ཤིན་ཏུ་ཆེར་མི་མཐུན་པ་དང༌། རྣམ་པར་མི་མཐུན་པ་དང༌། རྣམ་པར་མི་མཐུན་པའི་མཚན་ཉིད་ཅན་གྱི་འགལ་བ་ནི་རབ་ཏུ་རྣམ་པར་མི་མཐུན་པའོ། །མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་མི་མཐུན་པ་ཞེས་བྱ་བ་ལ། རྣམ་པར་སྨད་པས་ངན་པའི་ཕྱོགས་ནི་མི་མཐུན་པའི་ཕྱོགས་སོ། །གཉེན་པོའི་ཕྱོགས་ཞེས་བྱ་བ་ལ། འདིར་རབ་ཏུ་མངོན་པར་ཕྱོགས་ནས་ཡང་དག་པར་འབྱུང་བའམ། ཡང་དག་པ་ལ་མངོན་དུ་ཕྱོགས་པའི་ཕྱོགས་ནི་གཉེན་པོའི་ཕྱོགས་སོ། །གཉེན་པོའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ནི་གཉེན་པོའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ཏེ། དེའི་མཚན་ཉིད་ཅན་གྱི་མི་མཐུན་པ་ནི་མི་མཐུན་པ་དང་གཉེན་པོའི་ཕྱོགས་ཀྱི་མི་མཐུན་པའོ། །སྐབས་འབྱེད་པ་ནི་ཡུལ་གྱི་ཆ་ནི་སྐབས་ཡིན་ལ། དེ་སྦྱིན་པ་སྟེ། སྔ་མ་སྐྱེས་པ་རྣམས་ཀྱི་སྐབས་སྦྱིན་པ་ནི་སྔ་མ་སྐྱེས་པ་རྣམས་ཀྱི་སྐབས་འབྱེད་པ་སྟེ། དེས་ཡོངས་སུ་ཟིན་པའོ། །འབྱུང་བར་འགྱུར་བ་ནི་རིགས་མི་གཅིག་པའི་སེམས་


DTG132_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའོ། །འཇུག་པར་འགྱུར་བ་ནི་རྒྱུན་དང་འདྲ་བའི་སེམས་འབྱུང་བའོ། །གང་དག་གིས་ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་ན་འབྲུ་ཁོ་ན་ངེས་པར་གཟུང་བ་ནི་འཇིག་རྟེན་གྱི་དངོས་པོ་དཔག་ཏུ་མེད་པ་ཡོད་པ་ཡིན་ན་ཡང་ཉེ་བར་མཚོན་པར་བསྟན་པའི་དོན་ཏོ། །ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་དབང་དུ་བྱས་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ཐམས་ཅད་ཅེས་བྱ་བ་ནས་བརྩམས་ཏེ། ཡུལ་གྱི་རོ་མྱང་བ་ལ་ལྟོས་ནས་སྲིད་པའི་ཡན་ལག་ཅེས་བྱ་བའི་བར་ཏེ། ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རོ་མྱང་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཚེ་འདི་ལ་སྐྱེས་ཤིང་བྱུང་བའི་ཞེས་བྱ་བ་དང། མཐོང་བའི་ཆོས་རྣམས་ཀྱི་ས་བོན་ཞེས་བྱ་བ་དང༌། སྐྱེ་བ་གཞན་གྱི་ཞེས་བྱ་བ་ལ། སྐྱེས་ནས་མྱོང་བར་འགྱུར་བའམ། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་མ་རིག་པ་ལ་སོགས་པའོ། །རང་རང་གི་ས་བོན་ཞེས་བྱ་བ་ལ། ཀུན་གཞིའི་རྣམ་པར་ཤེས་པའི་གནས་དང༌། མ་རིག་པའི་ས་བོན་ལས་མ་རིག་པ་ལ་སོགས་པ་མཐོང་བའི་ཆོས་བསྒྲུབ་པའི་རྒྱུ་ཉིད་དོ། །དེ་ལས་གཞན་པ་མ་རིག་པ་ལ་སོགས་པ་སྲིད་པའི་མཐར་ཐུག་པ་ཞེས་བྱ་བ་ལ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པའི་རིམ་གྱིས་སོ། །རང་གི་ས་བོན་རྣམས་དང་བཅས་པ་ཞེས་བྱ་བ་ནི་ས་བོན་གང་ཡིན་པ་ཀུན་གཞིའི་རྣམ་པར་ཤེས་པ་དང༌། སྲིད་པའི་ཡན་ལག་གང་ཡིན་པ་དང༌། མཐོང་བའི་ཆོས་ལ་མ་རིག་པ་ལ་སོགས་པ་འབྱུང་བའོ། །མེད་པ་ཞེས་བྱ་བ་ནི་ཕྱོགས་གཅིག་མ་ཚང་བའོ། །བྲལ་བ་ཉིད་ཅེས་བྱ་བ་ནི་ཐམས་ཅད་ནས་མེད་པ་ཉིད་དོ། །ཀུན་ནས་ཉོན་མོངས་པའི་ཕྱོགས་དེ་ལྟར་བསྟན་ནས། རྣམ་པར་བྱང་བའི་ཕྱོགས་ཞེས་བྱ་བ་ལ། དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་ཕྱོགས་ཏེ། འགོག་པ་མྱ་ངན་ལས་འདས་པ་ཞེས་བྱ་བ་ལ། མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ནས། སྐྱེ་བ་འགགས་པས་རྒ་ཤི་འགག་ཅེས་བྱ་བའི་བར་དུའོ། །འདུ་བྱེད་ཀྱི་ཉེས་དམིགས་ལ་ལྟོས་ནས་ཞེས་བྱ་བ་ནི། ཐམས་ཅད་ཀྱི་ཉེས་དམིགས་མཐོང་བ་ནི་རྣམ་པར་བྱང་བའི་རྒྱུ་ཡིན་པའི་ཕྱིར་དེའི་ཞེས་བྱ་བ་སྨོས་པ་ཡིན་ནོ། །གང་ཟག་རིགས་ལ་གནས་པའི་ཞེས་བྱ་བ་ལ་རིགས་ལ་གནས་པ་ནི་རིགས་ཀྱིས་བསྡུས་པ་ཞེས་བྱ་བ་ལ་སོགས་པ་


DTG132_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། རིགས་ཞེས་བྱ་བ་ནི་ཐེག་པ་གསུམ་གྱིས་མྱ་ངན་ལས་འདའ་བའི་ས་བོན་དེས་བསྡུས་པ་ཡིན་ཏེ། ས་བོན་དེས་བྱང་ཆུབ་སེམས་དཔའ་དེའི་རྒྱུད་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ས་བོན་རྣམས་སྐྱེད་པར་བྱེད་དོ། །སྔོན་གྱི་ལས་དང་མཐུན་པར་ཕྱིས་འབྲས་བུའི་རྗེས་སུ་འཇུག་པ་ཞེས་བྱ་བ་ལ། འདི་ལྟ་སྟེ་སྲོག་གཅོད་པ་ཀུན་དུ་བསྟེན་པ་དང༌། མང་དུ་གོམས་པས་ངན་སོང་དུ་སྐྱེ་བ་ནི་རྣམ་པར་སྨིན་པའི་འབྲས་བུ་སྟེ། དེ་གལ་ཏེ་མིར་སྐྱེས་ན་ཡང་ཚེ་ཐུང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་དབང་པོ་ཉི་ཤུ་རྩ་གཉིས་པོ་ཐམས་ཅད་ཀྱི་སོ་སོའི་དབང་གིས་ཞེས་བྱ་བ་ལ། ཀུན་ནས་ཉོན་མོངས་པའི་བདག་པོ་ཚོར་བའི་དབང་པོ་ལྔ་པོ་རྣམས་དང༌། འཇིག་རྟེན་པའི་རྣམ་པར་བྱང་བའི་བདག་པོ་དད་པ་ལ་སོགས་པའི་དབང་པོ་ལྔ་པོ་རྣམས་དང༌། འཇིག་རྟེན་ལས་འདས་པའི་རྣམ་པར་བྱང་བའི་བདག་པོ་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་གསུམ་པོ་དག་གོ །ཁེངས་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བ་དང༌། ཁྱད་དུ་གསོད་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བ་དང༌། ཞུམ་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་ཞེས་བྱ་བ་ལ། གསུམ་པོ་འདི་དག་མདོར་བསྡུས་ན་བདག་ཏུ་ང་རྒྱལ་མང་བས་བྱས་པ་ནི་ཁེངས་པའོ། །གཞན་དག་ལ་ཡང་ཡོད་པར་མི་འཛིན་པས་བྱས་པ་ནི་ཁྱད་དུ་གསོད་པའི་ཀུན་ནས་ཉོན་མོངས་པའོ། །བདག་ཉིད་ལ་བརྙས་པས་བྱས་པ་ནི་ཞུམ་པའི་ཀུན་ནས་ཉོན་མོངས་པའོ། །དུས་སུ་ཞེས་བྱ་བ་ནི་ཇི་ལྟ་བུ་ཞེ་ན། སྨྲས་པ། རྗེས་སུ་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟ་ཞེ་ན་བཀུར་སྟི་བྱེད་པ་དང་ཞེས་བྱ་བ་ལ་སོགས་པའོ། །ཐམས་ཅད་ལ་སྟོན་ཅིང་ཞེས་བྱ་བ་ལ། ཇི་ལྟ་ཞེ་ན། རྒྱུན་མི་འཆད་པར་ཐམས་ཅད་སྟོན་པ་ཞེས་བྱ་བའོ། །ཇི་ལྟ་ཞེ་ན། ཚིག་དང་ཡི་གེ་གོ་རིམས་བཞིན་དུ་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་རྗེས་སུ་མཐུན་པའི་དོན་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་དགའ་བར་བྱེད་པ་ཡིན་ཞེ་ན། དེ་བསྟན་པར་བྱ་བ་ལ་བསྟན་པས་སོ། །ཇི་ལྟར་འདོད་པར་བྱེད་པ་ཡིན་ཞེ་ན། དགོད་པར་བྱ་བ་རྣམས་སྐུལ་ཞིང་བཀོད་པས་སོ། །ཇི་ལྟར་མགུ་བར་བྱེད་ཅེ་ན། གཟེངས་བསྟོད་པར་བྱ་བ་རྣམས་གཟེངས་བསྟོད་ནས་སོ། །ཇི་ལྟར་སྤྲོ་བར་བྱེད་པ་དང༌། སྨ་མི་འབེབས་པ་ཡིན་ཞེ་ན། ཡང་དག་པར་དགའ་བར་བྱ་བ་རྣམས་ཡང་དག་པར་དགའ་བར་


DTG132_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པས་སོ། །ཇི་ལྟར་རིག་པ་ཡིན་ཞེ་ན། མངོན་སུམ་ལ་སོགས་པས་སོ། །ཇི་ལྟར་འཚམ་པ་ཡིན་ཞེ་ན། བདེ་འགྲོར་འགྲོ་བ་དང་རྗེས་སུ་མཐུན་པའོ། །ཇི་ལྟར་མ་འདྲེས་པ་ཡིན་ཞེ་ན། མ་འདྲེས་པར་གྱུར་ནས་ཀྱང་གོ་མི་དཀའ་ཞིང་མྱུར་དུ་འཇུག་པར་སླ་བའོ། །ཇི་ལྟར་ཆོས་དང་ལྡན་པ་ཡིན་ཞེ་ན། འཕགས་པའི་བདེན་པ་བཞི་དང༌། རྗེས་སུ་མཐུན་པའོ། །ཇི་ལྟར་ན་འཁོར་བ་ཇི་ལྟ་བ་ཡིན་ཞེ་ན། ཐམས་ཅད་ལ་འཚམ་པའོ། །ཇི་ལྟར་བྱམས་པའི་སེམས་ཡིན་ཞེ་ན། གནོད་པ་བྱེད་པ་ལ་སོགས་པ་ལ་ཡང་ངོ༌། །ཇི་ལྟར་ཕན་པའི་སེམས་ཡིན་ཞེ་ན། ཉེས་པར་བྱེད་པ་སྤྱོད་པ་ལའོ། །ཇི་ལྟར་སྙིང་བརྩེ་བའི་སེམས་ཡིན་ཞེ་ན། བདེ་བ་ཉིད་དང་སྡུག་བསྔལ་བ་ལ་སོགས་པ་ལའོ། །ཇི་ལྟར་བདག་ལ་མི་བསྟོད་ཅིང་གཞན་ལ་མི་སྨོད་པ་ཡིན་ཞེ་ན། ཕྲག་དོག་ལ་མི་གནས་པ་ལ་སོགས་པའོ། །ཇི་ལྟར་སྙེད་པ་དང་བཀུར་སྟི་ལ་མི་གནས་པ་ཡིན་ཞེ་ན། ཟང་ཟིང་མེད་པའི་སེམས་ལ་སོགས་པའོ། །ཆོས་གང་དག་ལུས་ལ་སོགས་པ་དག་ལ་བཀག་པ་དེ་དག་ཡོངས་སུ་སྤོང་བ་སྟེ། གང་དག་ལུས་ལ་སོགས་པ་ལ་མ་གནང་པ་རབ་ཏུ་བཀག་པ་དེ་དག་གོ །རྗེས་སུ་སྒྲུབ་པ་ནི་སྔར་ཐོབ་པ་ལ་ཇི་ལྟ་བ་བཞིན་དུའོ། །གཅིག་པུ་དབེན་པར་སོང་སྟེ་ཞེས་བྱ་བ་ནི་དབེན་པའི་གནས་སུ་སོང་བའོ། །ཐོག་མ་ཁོ་ནར་བསམ་པར་བྱ་བ་མ་ཡིན་པའི་གནས་རྣམས་སྤངས་ནས། ཆོས་རྣམས་བསམ་པ་བརྩོན་པར་བྱེད་དེ་ཞེས་བྱ་བ་ལ། བསམ་པ་ཞེས་བྱ་བ་ནི་ཇི་ལྟར་མཐོང་ཞིང་ཆུབ་པར་བྱས་པ་དང༌། ཡོངས་སུ་བརྟགས་པ་སྟེ། བསམ་པར་ནུས་པ་དང༌། བསམ་པར་འོས་པ་ནི་བསམ་པར་བྱ་བའོ། །བསམ་པར་བྱ་བ་མ་ཡིན་པ་ནི་མི་བསམ་པ་སྟེ། དེའི་མི་མཐུན་པའི་ཕྱོགས་སུ་གྱུར་བ་བསམ་པར་མི་ནུས་པ་དང༌། བསམ་པར་མི་འོས་པའོ། །གནས་གང་ལ་ཡིན་ན་ཆོས་རྣམས་བསམ་པ་ལས་རྩོམ་པར་བྱེད་དེ། རྒྱས་པར་བསམ་པ་ཞེས་བྱ་བའི་དོན་ཏོ། །རྟག་ཏུ་གུས་པར་བྱེད་པའི་སྦྱོར་བ་སེམས་པས་རྟག་ཏུ་གུས་པར་བྱེད་པའི་སྦྱོར་བའི་མི་མཐུན་པའི་ཕྱོགས་ནི་ལྷོད་ལ། དེའི་གཉེན་པོའི་ཕྱོགས་ནི་ལྷོད་པར་མི་བྱེད་དོ། །སྤྱོད་པར་བྱེད་ཅིང་ཞེས་བྱ་བ་ནི་འདི་ལྟར་རིགས་ལ་འདི་ལྟར་ནི་མི་རིགས་པའོ་ཞེས་རྗེས་སུ་ཞུགས་ཤིང་དེ་ལྟར་སྦྱོར་བའོ། །ནག་པོ་བསྟན་པ་དང་ཆེན་པོ་བསྟན་པ་རྣམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་


DTG132_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི། གང་མདོ་སྡེ་ལ་འཇུག་ཅིང་འདུལ་བ་ལ་སྣང་ལ། ཆོས་ཉིད་དང་མི་འགལ་བ་དེ་ནི་ཆེན་པོ་བསྟན་པ་ཡིན་ལ། དེ་ལས་བཟློག་པ་ནི་ནག་པོ་བསྟན་པའོ། །ཐོག་མ་འཇུག་པ་ནས་ཞེས་བྱ་བ་ནི་སྔོན་མ་ཞུགས་པར་སེམས་པ་ལས་འཇུག་པ་ནི་ཐོག་མ་འཇུག་པའོ། །རྨོངས་པར་མི་འགྱུར་ཞེས་བྱ་བ་ནི་བསམ་པར་མི་ནུས་པའི་སེམས་པའོ། །སེམས་གཡེང་བར་འགྱུར་ཞེས་བྱ་བ་ནི་བསམ་པར་མི་འོས་པ་མི་སེམས་པའོ། །སྔོན་མ་རྟོགས་པའི་དོན་ཁོང་དུ་ཆུད་ཅིང་ཐོབ་པར་འགྱུར་བའམ། ཐོས་པ་སྔོན་དུ་འགྲོ་བས་རྟོགས་པ་ནི་མངོན་པར་ཤེས་པའམ། སྔར་མ་ཐོབ་པ་ཐོབ་པས་ན་དེ་དག་གཉི་ག་རྟོགས་ཤིང་ཐོབ་པ་སྟེ། རིམ་པ་བཞིན་དུ་དེས་ཤེས་པ་རབ་ཏུ་ཐོབ་པ་ཞེས་བྱ་བ་ལ་སོགས་པས་ཆུད་ཟ་བར་མི་འགྱུར་ཏེ་བརྗེད་པར་མི་འགྱུར་ཞེས་བྱ་བ་དེ་གཉི་ག་ཉིད་ལ་གོ་རིམས་བཞིན་ནོ། །གཞན་གྱི་དྲིང་མི་འཇོག་པ་ཞེས་བྱ་བ་ནི་གཞན་ལ་མི་ལྟོས་པ་ཞེས་བྱ་བའི་དོན་ཏོ། །མ་སྨས་ཤིང་མི་ཉམས་པར་ཏེ། མ་འོངས་པ་དང་མཐོང་བའི་ཆོས་ལ་ཁ་ན་མ་ཐོ་བ་མེད་པ་འཛིན་པ་ལ་མཁས་པ་ན་ནག་པོ་བསྟན་པ་ལ་མཁས་པ་ཡིན་པ་ཉིད་ཀྱིས་བསྐྱོད་པར་མི་ནུས་ཏེ། མི་མཐུན་པའི་ཕྱོགས་ལ་ཞུགས་པར་མི་ནུས་པའི་ཕྱིར་རོ། །བསྒུལ་བར་ཡང་མི་ནུས་ཏེ། ཆེན་པོ་བསྟན་པ་ལ་མཁས་པའི་ཕྱིར་རོ། །ཕྱོགས་ལས་བཟློག་པར་མི་ནུས་པ་ཉིད་ནི་སུས་ཀྱང་ཞེས་བྱ་བ་སྟེ། ཐོས་པ་མང་པོ་དག་གིས་སམ། འཇིག་རྟེན་ན་ཤེས་རབ་ཆེ་བར་འདོད་པ་དག་གིས་སམ། རྒན་རབས་སོ། །ཇི་ལྟར་ཡང་ཞེས་བྱ་བ་ནི་ལུང་དག་གིས་སམ། རིགས་པ་དག་གིས་སོ། །བསམ་པ་རྣམ་པ་བརྒྱད་ཀྱི་བསྡུས་པའི་དོན་ནི་གང་བསམ་པ་དང༌། དེ་ཇི་ལྟར་བསམ་པར་བྱ་བ་དང༌། གང་གི་དོན་དུ་བསམ་པ་སྟེ། བསམ་པ་ནི་ཆོས་སོ། །ཇི་ལྟར་བསམ་ན་རྒྱས་པ་ལ་སོགས་པ་རྣམ་པ་ལྔས་སོ། །གང་གི་དོན་དུ་ཞེ་ན། སེམས་པས་འཇུག་པར་བྱ་བའི་དོན་དང༌། བཟོད་པ་ཐོབ་པ་དེ་ཉིད་སྙིང་པོར་བྱ་བའི་དོན་དང་བསྒོམ་པ་ལ་ཞུགས་པའི་དོན་ཏོ། །མདོར་བསྡུས་པ་ནི་རྣམ་པ་གང་གིས་ཅི་ལ་བརྟེན་ཞིང་གང་ལ་བརྟེན་ནས་ཅི་ཞིག་ཤེས་པའོ། །ཅི་ལ་བརྟེན་ནས་རིགས་པའམ་ལུང་གིས་ལུས་དང་ངག་དང་ཡིད་ཀྱིས་རྗེས་སུ་ཞུགས་པས། གང་ལས་ལོག་པའི་ངང་ཚུལ་དང༌། ཞུགས་པའི་ངང་ཚུལ་གྱིས་རྗེས་སུ་ཞུགས་


DTG132_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྟེན་པ་དེ་ལ་རབ་ཏུ་གནས་སམ། བསམ་པ་དང་བསྒོམ་པ་ལ་སྦྱོར་བར་བྱེད་དེ། འདི་ནི་འདིའི་གོ་རིམས་སོ། །སྤྲོས་པ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ལ། སྤྲོས་པ་ནི་རྣམ་པར་རྟོག་པ་སྟེ། ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པ་ལ་སོགས་པའོ། །ཡོངས་སུ་གཡེང་བ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ནི་རྣམ་པར་གཡེང་བ་ཐམས་ཅད་དང་བྲལ་བའོ། །འདུ་ཤེས་ཡིད་ལ་བྱེད་པ་ནི་འདུ་ཤེས་ཡིད་ལ་བྱེད་པ་ནང་གི་ཏིང་ངེ་འཛིན་གྱིས་མཚན་མ་རྣམས་ལ་ཞེས་བྱ་བ་ནས་རྒྱས་པར་སེམས་འཇོག་ཅིང་ཤིན་ཏུ་འཇོག་པ་ནས་རྩེ་གཅིག་ཏུ་བྱེད་ཅིང་མཉམ་པར་འཇོག་པའི་བར་འདི་ནི་ཞི་གནས་ཞེས་བྱ་བའོ། །མཚན་མ་ཡིད་ལ་བྱེད་ཅིང་འབྱེད་པ་ནས་ཤེས་རབ་ཀྱིས་འཇུག་པ་ཞེས་བྱ་བའི་བར་ལ། དེ་ལ་འབྱེད་པ་ནི་སྡུག་བསྔལ་མ་ལུས་པར་བསྡོམས་ནས་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱ་བའོ། །རབ་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བ་ནི་སོ་སོར་བྱ་བའི་ཆ་འཛིན་པ་སྟེ། དཔེར་ན་སྐྱེ་བ་སྡུག་བསྔལ་རྒ་བ་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི་དེ་ལ་བརྟེན་ནས་མདོ་སྡེ་ལ་སོགས་པའི་ཆོས་རྣམས་རྣམ་པར་འབྱེད་པ་སྟེ། འདི་ལྟར་དེ་ལ་བརྟེན་ནས་སྔ་མ་གཉིས་འབྱེད་པ་སྟེ། དེ་ལ་འབྱེད་པ་ནི་ངེས་པར་གཟུང་བའི་མཚན་ཉིད་དོ། །རབ་ཏུ་རྣམ་པར་འབྱེད་པ་ནི་ཡང་དག་པར་ངེས་པར་གཟུང་བའི་མཚན་ཉིད་དོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི་ཉེ་བའི་མཚན་ཉིད་ངེས་པར་བཟུང་བའོ། །དེ་ལ་སྔ་མས་ནི་ལམ་ཚོལ་བ་ཡིན་ལ་འདི་ནི་ལམ་རྣམ་པར་ངེས་པའོ། །རྣམ་གྲངས་གཞན་ཡང་མཚན་ཉིད་ནི་ཤེས་བྱའི་དངོས་པོ་ཡིད་ལ་བྱེད་པ་མ་སྤངས་པའོ། །ཡང་དག་པའི་མཚན་ཉིད་ནི་ཀུན་དུ་གཏད་ནས་ཚོལ་བའོ། །ཉེ་བའི་མཚན་ཉིད་ནི་བཙལ་བ་རྣམ་པར་ངེས་པར་འབྱེད་པའོ། །བསྙེན་པ་ནི་རྣམ་པར་འབྱེད་པའི་ལུས་ཀྱི་ཤེས་བྱའི་དངོས་པོ་རབ་ཏུ་རྟོགས་པའོ། །རྣམ་གྲངས་གཞན་ཡང་བསྙེན་པ་ནི་རང་གི་མཚན་ཉིད་ཡང་དག་པར་སོ་སོར་རིག་པའོ། །རིག་པའི་སྤྱིའི་མཚན་ཉིད་ཀྱིས་ཇི་སྙེད་ཡོད་པ་རྣམས་ཇི་ལྟ་བ་བཞིན་དུ་འཛིན་པའོ། །སྔོན་དང་ཕྱི་མ་དག་ཏུ་ཡང་དང་ཡང་དུ་འཕེལ་ཞིང་རྒྱས་པ་ནི་རྟོགས་པ་སྟེ། སྔོན་དང་ཕྱི་མའི་དོན་མི་བརྗོད་པའོ། །བློ་ནི་རབ་ཏུ་རྣམ་པར་འབྱེད་པར་ནུས་པའི་ལྷན་ཅིག་སྐྱེས་པའི་ཤེས་རབ་བོ། །མཁས་པ་ནི་ཀུན་དུ་བརྟགས་པའི་ཤེས་རབ་གང་ཡིན་པའོ། །


DTG132_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱིས་འཇུག་པ་ནི་བསྟེན་པ་དང༌། བརྗོད་པ་དང༌། ཡོངས་སུ་དྲི་བ་དང༌། འཕེལ་བའི་གཏམ་གཏན་ལ་དབབ་པ་ལས་ཀུན་དུ་ཤེས་པའི་དོན་ཁྱད་པར་ཅན་དུ་རྣམ་པར་ཤེས་པ་དང་ལྡན་པ་ནི་ཤེས་རབ་པོ། །ལུས་ཤིན་ཏུ་སྦྱངས་པ་ནི་ལུས་ལས་སུ་རུང་བ་ཉིད་དོ། །སེམས་ཤིན་ཏུ་སྦྱངས་པ་ནི་སེམས་ལས་སུ་རུང་བ་ཉིད་དོ། །གནས་ངན་ལེན་བསལ་པར་བྱ་བ་ཞེས་བྱ་བ་ལ། གནས་ངན་ལེན་ཞེས་བྱ་བ་ནི་རྟེན་ལ་ཡོད་པའི་ཉོན་མོངས་པའི་ས་བོན་ནོ། །ཡེ་ཤེས་ནི་ལྐོག་ཏུ་གྱུར་པ་རྗེས་སུ་འཛིན་པའོ། །མཐོང་བ་ནི་མངོན་སུམ་གྱི་རྫས་འཛིན་པའོ། །ཡང་དག་པའི་ཡོན་ཏན་རྗོད་པར་བྱེད་པས་སྙན་པར་སྨྲ་བའམ། ཡང་ན་ཡང་དག་པའི་ཡོན་ཏན་བརྗོད་པ་ཉིད་ནི་སྙན་པར་སྨྲ་བ་སྟེ། དེ་གང་ལ་ཡོད་པ་ནི་མཉན་པར་བྱ་བ་དང༌། གཟུང་བར་བྱ་བ་སྟེ། ཐོས་པར་འདོད་པ་དང༌། བསྒྲུབ་པར་འདོད་པས་ཞེས་བྱ་བའོ། །བརྒྱད་པ་རིགས་རྣམ་པར་ཕྱེ་བ་རྫོགས་སོ།། །།ངོ་བོ་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྡོམ་གྱི་ཚིགས་སུ་བཅད་པའི་བསྡུས་པའི་དོན་དེ་ཉིད་ཀྱིས་བཤད་པས་དེས་ནི་བདག་གིས་ཡང་བརྗོད་པར་མི་བྱའོ། །ཡོ་བྱད་ཐམས་ཅད་དང་རང་གི་ལུས་ལ་མི་ལྟ་བ་ཞེས་བྱ་བ་འདིས་ནི་བྱང་ཆུབ་སེམས་དཔའི་སྦྱིན་པའི་ངོ་བོ་འདོད་པ་མེད་པའི་སེམས་ཀྱིས་སྦྱིན་པར་བྱ་བའི་རྫས་ལ་ལྟོས་པ་མེད་པ་ཉིད་དང༌། ལུས་དང་ངག་གི་ལས་ཁ་ན་མ་ཐོ་བ་མེད་པ་དག་གིས་སྦྱོར་བ་བསྟན་ཏོ། །གསུམ་པོ་འདི་ནི་ངེས་པའི་སྦྱོར་བ་སྟེ། གཞན་དུ་གྱུར་ན་མ་ཚང་བ་ཡིན་ནོ། །ལུས་དང་ངག་གི་ལས་སྦྱིན་པར་བྱ་བའི་དངོས་པོ་ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བ་ནི་ཀུན་ནས་སློང་བ་ཁ་ན་མ་ཐོ་བ་མེད་པས་ཀུན་ནས་སློང་བ་ཉིད་ཀྱི་ལུས་དང་ངག་གི་ལས་ནི་ངེས་ཀུན་ནས་བསླང་བ་ཡིན་ན་ཡང་སྦྱིན་པ་ཉིད་དེ། ཡང་དག་པར་གསོལ་བ་མ་བཏབ་ན་ནི་སྦྱིན་པར་མི་བྱེད་དེ། ཡང་དག་པར་གསོལ་བ་བཏབ་པ་ནི་སྦྱིན་པར་འདོད་པ་ཡིད་ལ་བྱེད་པ་དང༌། ཡིད་མི་བདེ་བ་མེད་ཅིང་ཡིད་བདེ་བ་དང་འདུན་པས་ཁྲོ་བ་མེད་པ་སྔོན་དུ་འགྲོ་བས་བུ་དང་ཆུང་མ་ལ་སོགས་པས་མི་བཟློགས་པར་ནི་བརྩོན་པར་བྱེད་དོ། །ཕ་དང་མ་ལ་མི་གནོད་པ་ཉིད་དུ་བསམ་པ་ཐག་པས་ཡོངས་སུ་གཏོང་བའོ། །སྡོམ་པ་ལ་གནས་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པའོ། །འོང་བ་མཐོང་ཞིང་འབྲས་བུ་ལྟ་བ་ཞེས་བྱ་བ་ནི་ལྟ་བའི་ཕུན་སུམ་ཚོགས་


DTG132_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཐམས་ཅད་སྦྱིན་པའི་བསྡུས་པའི་དོན་ནི་གང་ལ་གང་སྦྱིན་པ་དང༌། ཇི་ལྟར་སྦྱིན་པའོ། །ཇི་དགའ་དགུར་བྱེད་དུ་འཇུག་པ་ཞེས་བྱ་བ་ནི་གཏེའུ་དང་འཚོ་བ་ལ་སོགས་པ་བྱེད་དུ་འཇུག་པའོ། །དབང་ཡོད་པ་ཞེས་བྱ་བ་ནི་གཞན་གྱི་དབང་འབའ་ཞིག་ཏུ་གྱུར་པས་གཞན་གྱི་ཚིག་གིས་དབང་སྒྱུར་ཞིང་གཞན་གྱིས་འདི་ནི་ཁྱོད་ཀྱི་ལུགས་ཀྱི་བྱ་བའོ་ཞེས་གཏེའུ་འཇུག་པའོ། །གང་གི་ཕྱིར་བྱང་ཆུབ་མཆོག་འདོད་པས་ནུས་པ་ལ་ངེས་པར་སྦྱོར་བ་དེའི་ཕྱིར་རང་གི་ལུས་ཅི་དགའ་དགུར་བྱེད་དུ་འཇུག་པར་རྗེས་སུ་སྦྱིན་པར་གཞན་ལ་ཕན་པ་དང་བདེ་བར་འདོད་པས་བྱེད་དེ། དེ་ལྟ་བས་ན་གཞན་ལ་དབང་ཡོད་པར་རྗེས་སུ་སྦྱིན་པར་བྱེད་དོ། །གང་གི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་འདོད་པས་དེའི་ཕྱིར་གཞན་གྱི་དབང་ཡིན་ནོ། །ཡང་ན་ཅི་དགའ་དགུར་བྱེད་དུ་འཇུག་པ་ལ་སོགས་པ་གསུམ་རབ་ཏུ་སྦྱིན་པར་བྱེད་པས་སོ། །གང་གི་དོན་དུ་ཞེ་ན། དེ་ལ་སྨྲས་པ། བྱང་ཆུབ་དམ་པ་འདོད་པ་དང༌། ཕ་རོལ་ལ་བདེ་བར་འདོད་པས་དང་པོར་སེམས་བསྐྱེད་པའི་དུས་དང༌། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བའི་དུས་སུའོ། །ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འདོད་པས་ལག་པ་དང་རྐང་པ་ལ་སོགས་པ་ན་ཐ་ན་ལུས་ཀྱི་སྦྱིན་པ་ལས་བརྩམས་པའོ། །མཆོད་སྦྱིན་ངན་པ་ཞེས་བྱ་བ་ནི་རྣམ་པར་འཚེ་བ་དང་བཞད་གད་ལ་རྩོམ་པ་ཆེན་པོ་རྩོམ་པ་སྟེ། རྣམ་པར་འཚེ་བ་དང༌། རྩོམ་པ་ཆེན་པོ་གང་ལ་ཡོད་པའི་མཆོད་སྦྱིན་ནོ། །ནུ་མ་སྣུན་པ་ཞེས་བྱ་བ་ནི་ནུ་མ་ལྡུད་པའོ། །གསོ་བ་ཞེས་བྱ་བ་ནི་རྒྱས་པར་བྱེད་པའོ། །སྐྱེད་པ་ནི་འཕེལ་བ་ཐོབ་པར་བྱེད་པའོ། །ཇི་ལྟར་སེམས་ཏེ་ཞེས་བྱ་བ་ནི་ཡིད་ཀྱིས་ཀྱང་ཞེས་བྱ་བའི་དོན་ཏོ། །སྦྱིན་པར་ལྟ་ག་ལ་བྱེད་ཅེས་བྱ་བ་ནི་ལུས་དང་ངག་གིས་སོ། །རྒྱལ་པོ་ཞེས་བྱ་བ་ནི་རིགས་ཉིད་དོ། །རྒྱལ་པོའི་རིགས་སུ་སྐྱེས་པར་འགྱུར་བའོ། །སྤྱི་བོ་ནས་དབང་བསྐུར་བ་ཞེས་བྱ་བ་ནི་བྱེ་བྲག་ཉིད་ཀྱི་འཁོར་རྣམས་ཀྱིས་ཡོངས་སུ་བཟུང་བ་ཉིད་དོ། །བདག་པོ་ཞེས་བྱ་བ་ནི་དབང་ཕྱུག་དང་ལྡན་པ་དབང་ཕྱུག་མ་ཉམས་པ་སྟེ། བདག་ཉིད་ཀྱིས་བྱིན་པ་མ་གཏོགས་པ་ཞེས་བྱ་བའི་དོན་ཏོ། །བརྗེད་ང་བ་ནི་བསོད་པའི་ལས་སོ། །སྙོམས་པར་སེམས་ཀྱིས་སྦྱིན་པའི་མཚན་ཉིད་ཅི་ལྟ་བུ་ཞེ་ན། སེམས་སྙོམས་པ་ཉིད་ནི་ཡོན་གནས་ཀྱི་བློའི་མཚན་ཉིད་ཀྱིས་


DTG132_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །གང་ལ་ན། སེམས་ཅན་ཐམས་ཅད་དེ། མཛའ་བཤེས་དང༌། དགྲ་བོ་དང༌། ཐ་མལ་པ་ལ་ཕན་པ་བྱེད་པ་དང༌། དེའི་མི་མཐུན་པའི་ཕྱོགས་དང༌། དེ་གཉི་ག་མ་ཡིན་པ་དང༌། ཕན་འདོགས་པའི་ཞིང་ལ་ཡོན་ཏན་དང་ལྡན་པའི་ཕྱོགས་དང༌། དེ་ལས་བཟློག་པའི་ཕྱོགས་དག་དང། འགྲོ་བའི་ཞིང་གི་ཕྱོགས་ལ་ནི་དམའ་བ་དང༌། མཚུངས་པ་དང༌། ཁྱད་པར་དུ་འཕགས་པ་དག་ལའོ། །སྙིང་རྗེའི་ཞིང་གི་ཕྱོགས་ལ་སྐྱིད་པ་ཉིད་ལ་སོགས་པ་ལ་ཇི་ལྟར་མཛའ་བཤེས་པ་དང༌། མཛའ་བཤེས་མ་ཡིན་པ་དང༌། ཐ་མལ་པ་དག་ལ་ཡོན་གནས་ཇི་ལྟ་བ་བཞིན་དུ་བློ་ཉེ་བར་གཞག་གོ་ཞེས་ཐམས་ཅད་དུ་བརྗོད་པར་བྱ་སྟེ། ཡོན་ཏན་དང་ལྡན་པ་ལ་ཇི་ལྟ་བ་དང༌། ཁྱད་པར་དུ་འཕགས་པ་ལ་ཇི་ལྟ་བ་དེ་བཞིན་དུ་དམན་པ་དང་མཚུངས་པ་དག་ལ་ཡང་ངོ༌། །བདེ་བ་དང་ལྡན་པ་ལ་ཇི་ལྟ་བ་བཞིན་དུ་སྡུག་བསྔལ་དྲང་ལྡན་པ་ལ་ཡང་དེ་བཞིན་དུ་བྱེད་པའོ། །ཇི་སྐད་དུ་སྨྲས་པ་ཞེས་བྱ་བ་ནི་གསོལ་བ་འདེབས་པ་ལ་ཁས་བླངས་པའོ། །ཇི་ལྟར་དམ་བཅས་པའི་ཞེས་བྱ་བ་ནི་རེ་ཞིག་བདག་ཉིད་ཀྱིས་སྦྱིན་ནོ་ཞེས་དམ་བཅས་པའོ། །བསྐྱུངས་ཏེ་ཞེས་བྱ་བ་ནི་གྲངས་ཀྱི་སྒོ་ནས་སམ་ཚད་ལས་སོ། །བཟང་པོ་ནི་ཁྱད་པར་དུ་འཕགས་པ་སྟེ། རྣམ་པ་གཉིས་ཀྱིས་གྱ་ནོམ་པ་ཡིན་ཏེ། རིགས་ཀྱིས་སམ། རིན་ཐང་གིས་སོ། །དེའི་མི་མཐུན་པའི་ཕྱོགས་ནི་ངན་པ་ཐ་ཆད་དོ། །ཡིད་མི་དགའ་ལ་ཞེས་བྱ་བ་ནི་སེམས་རྣམ་པར་གཡེངས་པའོ། །ཁྲོས་པ་ནི་ཁྲོས་པས་ཟིལ་གྱིས་ནོན་པའོ། །ཡིད་འཁྲུགས་པས་རྗེས་སུ་བཟུང་བ་ཞེས་བྱ་བ་ནི་ཡིད་དྲི་མ་ཅན་གྱིས་སོ། །ཕན་བཏགས་སོ་ཞེས་བྱ་བ་ནི་བདེ་བ་ཉེ་བར་བསྒྲུབ་པའོ། །སྐྱེད་དོ་ཞེས་བྱ་བ་ནི་འཕེལ་བ་ཐོབ་པར་བྱས་པའོ། །དྲངས་སོ་ཞེས་བྱ་བ་ནི་རྒུད་པའམ། གཞན་པའི་སྡུག་བསྔལ་ལས་སོ། །སྨྲས་པ་ནི་འགྱུར་བ་དང་བཅས་པ་སྨོད་པའོ། །སྒྲུབ་པ་དམན་པ་ནི་ལོག་པར་སྒྲུབ་པའོ། །དེ་ལ་གནས་པ་ནི་ལོག་པར་སྒྲུབ་པ་ལ་གནས་པ་སྟེ། དེ་ལྟ་བུའི་ལོག་པར་སྒྲུབ་པ་རྣམ་པ་སྣ་ཚོགས་ལ་གནས་པ་དེ་དག་ལ་སྦྱིན་པའོ། །རྒོད་པ་ཞེས་བྱ་བ་ནི་དབུགས་མ་ཕྱིན་པའོ། །བདག་ཉིད་མ་བསྡམས་པ་ཞེས་བྱ་བ་ནི་སྡོམ་པ་མ་ཡིན་པ་ལ་གནས་པའོ། །མ་བརྗོད་པ་ཞེས་བྱ་བ་ནི་སྦྱིན་པ་པོས་


DTG132_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བའི་རྣམ་པར་དག་པ་ཞེས་བྱ་བ་ལ། འཇིག་རྟེན་པ་ནི་འདོད་ཆགས་དང་བྲལ་བའོ། །འཇིག་རྟེན་ལས་འདས་པ་ནི་རྣམ་པར་དག་པ་སྟེ། ཁམས་གཉིས་སམ། ཁམས་གསུམ་ལས་སོ། །རྣམ་པར་དག་པ་ཞེས་བྱ་བ་ནི་རྣམ་པ་གཉིས་ལས་ཏེ། མ་དག་པ་ལས་སོ། །ལྷག་པར་གྱུར་པ་ནི་གཏང་བར་འོས་པའི་ཆོས་སུ་བྱས་པའོ། །གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པ་ལ་བརྟེན་པ་སྟེ། མངོན་སུམ་དུ་བསྟོད་པ་ནི་གྲགས་པའོ། །སྒྲ་དང་ཚིགས་སུ་བཅད་པ་ནི་ལྐོག་ནས་བསྔགས་པ་བརྗོད་པ་སྟེ། འཁོར་ལོས་སྒྱུར་བ་ཉིད་ལ་བརྟེན་པའམ། དབང་ཕྱུག་ལ་བརྟེན་པའོ། །བདུད་ཅེས་སྨོས་པ་ནི་འདོད་པའི་ཁམས་ཀྱི་དབང་ཕྱུག་ཉིད་དོ། །ས་ལ་བརྟེན་པའི་ཡུལ་གྱི་དབང་ཕྱུག་ཉིད་ཡིན་པས་བརྒྱ་བྱིན་ཞེས་སྨོས་སོ། །གླིང་བཞི་དབང་ཕྱུག་ཡིན་པའི་ཕྱིར་འཁོར་ལོས་སྒྱུར་བ་ཞེས་སྨོས་སོ། །དབང་ཕྱུག་ནི་དེ་དག་མ་ཡིན་པའི་ས་ཕུན་སུམ་ཚོགས་པའི་བདག་པོའོ། །ཉུང་ངུ་ལས་ཀྱང་སྤབས་ཆེར་སྦྱིན་པར་བྱེད་ཅེས་བྱ་བ་ནི་མྱུར་བར་སྦྱིན་པར་བྱེད་ཅེས་བྱ་བའི་དོན་ཏོ། །ལོངས་སྤྱོད་མང་པོ་རྒྱ་ཆེ་ཞིང་རྒྱས་པ་ཞེས་བྱ་བ་ནི་རྣམ་པ་མང་པོ་དང༌། ཤིན་ཏུ་ཡང་བའམ། ཡུལ་མང་པོ་ན་གནས་པའོ། །ཚིམ་པར་བྱ་བ་ནི་ནང་ཡོངས་སུ་གང་བར་བྱེད་པའོ། །འདོད་པ་བཞིན་དུ་ཡོངས་སུ་བཀང་བ་ནི་ཡིད་ལ་བསམ་པ་ཡོངས་སུ་རྫོགས་པར་རོ། །རྣམ་གྲངས་ཞེས་བྱ་བ་ནི་སྦྱིན་པ་དང༌། དོན་རྣམ་པར་གཏོང་བ་དང༌། ཡོངས་སུ་གཏོང་བ་དང༌། དོན་འགྲུབ་པར་བྱེད་པ་ཞེས་བྱ་བ་ལ་སོགས་པའོ། །མཚན་ཉིད་ཅེས་བྱ་བ་ནི་སྦྱིན་པའི་ངོ་བོ་ཉིད་ནི་སྦྱིན་པའི་ངོ་བོ་ཇི་ལྟ་བ་བཞིན་དུ་བསྟན་པའོ། །ངེས་པའི་ཚིག་ཀྱང་ཕོངས་པ་སེལ་བར་བྱེད་པས་ནི་སྤྱན་པའོ། །རབ་ཏུ་དབྱེ་བ་ནི། བཟང་བ་བྱིན་པས་སྟོབས་དང་ལྡན་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཀྱི་སྦྱིན་པ་དང༌། ཟང་ཟིང་གི་སྦྱིན་པ་སྟེ། ཟང་ཟིང་གི་སྦྱིན་པ་ནི་ནང་གི་བདག་ཉིད་སྦྱིན་པ་དང༌། ཕྱི་རོལ་གྱི་དངོས་པོ་སྦྱིན་པ་སྟེ། ནང་གི་བདག་ཉིད་སྦྱིན་པ་ཞེས་བྱ་བ་ལ་སོགས་པའོ། །ཐམས་ཅད་སྦྱིན་པ་འདིའི་བསྡུས་པའི་དོན་དང་གོ་རིམས་བཤད་པར་བྱ་སྟེ། དེ་ལ་ཐམས་ཅད་སྦྱིན་པ་གང་ཞེ་ན་ཞེས་བྱ་བ་ལས་


DTG132_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་ནས་ཇི་ལྟར་ངན་སོང་ཐམས་ཅད་ལས་ཤིན་ཏུ་འདས་པ་ཐོབ་པ་ཞེས་བྱ་བའི་བར་དུའོ། །དེ་ལ་ཟང་ཟིང་གི་སྦྱིན་པ་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། ཡོད་ཅིང་བདོག་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྟེ། ཡོད་ཅིང་བདོག་བཞིན་དུ་ཞེས་བྱ་བ་དང༌། འདི་དང་གཞན་རྒྱས་པར་དབྱེ་བར་བྱ་བ་ནས་བརྩམས་ནས་ཡང་དག་པར་སྦྱིན་པའི་ཆོས་དག་ཡོད་བཞིན་དུ་ཞེས་བྱ་བ་དང༌། ཤེས་རབ་ཅན་གྱི་སྦྱིན་པ་ཡིན་པར་རིག་པར་བྱ་ཞེས་བྱ་བའི་བར་དུའོ། །མེད་ཅིང་མི་བདོག་ཅེས་བྱ་བ་ནི་སྦྱིན་པར་བྱ་བའི་ཆོས་མེད་ཅིང་མི་བདོག་ནའོ། །བསམ་པ་དག་པ་ཞེས་བྱ་བ་ནས་བརྩམས་ནས་ཚེ་རབས་ཐམས་ཅད་དུ་ལོངས་སྤྱོད་ཟད་མི་ཤེས་པ་ཐོབ་ཅེས་བྱ་བ་དང༌། དེ་བཞིན་དུ་དེས་ཆོས་ཀྱི་སྦྱིན་པ་ཉེ་བར་སྦྱིན་པར་བྱེད་པ་ན་མུ་སྟེགས་ཅན་གླགས་ཚོལ་བ་ལ་མི་སྦྱིན་ཞེས་བྱ་བ་ནས་བརྩམས་ནས་ཆོས་ཀྱི་སྦྱིན་པ་ལས་བརྩམས་ནས་ཤེས་རབ་དང་ལྡན་བའི་སྦྱིན་པར་རིག་པར་བྱའོ་ཞེས་བྱ་བའི་བར་དང༌། སོ་སོ་ཡང་དག་པར་རིག་པ་ལ་བརྟེན་པ་དང༌། ཐམས་ཅད་སྦྱིན་པའི་ཆོས་དང༌། ཟང་ཟིང་དང་མི་འཇིགས་པ་ལས་བརྩམས་ནས་རབ་ཏུ་དབྱེ་བ་ཡང་ཅི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་དུ་སྟེ། ལྷག་པའི་བསམ་པ་ལ་བརྟེན་པ་ཞེས་བྱ་བ་ནི་གནོད་པ་བྱེད་པའི་སེམས་ཅན་ལ་ཞེས་བྱ་བ་ནས་བརྩམས་ནས་གྲོགས་བཤེས་རྣམས་ཀྱི་བར་ལ་བཏང་སྙོམས་ཀྱི་བསམ་པ་བྱེད་པའོ། །སྦྱིན་པ་ལ་ཉེ་བར་བརྟེན་པ་ནི་སྦྱིན་པའི་གེགས་ཡོད་ན་ཡང་ངོ༌། །སྦྱིན་པ་ལ་གེགས་བྱེད་པའི་གཉེན་པོ་ལས་ཀྱང་བརྩམས་ནས་གཉེན་པོའི་ཤེས་པ་ཐ་མ་འདིས་ནི་བསོད་ནམས་ཀྱི་འབྲས་བུ་ཡང་དག་པར་ཡོངས་སུ་འཛིན་པར་བྱེད་དོ་ཞེས་བྱ་བའི་བར་དུའོ། །ལྷག་པའི་བསམ་པས་མོས་པའི་སྦྱིན་པ་ལ་བརྟེན་པ་ཞེས་བྱ་བ་ནི་ནང་གི་བདག་ཉིད་དོ། །དབེན་བར་སོང་ཞེས་བྱ་བ་འདི་ལས་བརྩམས་ནས་འདི་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཆེན་པོ་དང་ལྡན་པ་སྦྱིན་པ་ལ་བརྟེན་པ་ཞེས་བྱ་བའི་བར་དུའོ། །དཀའ་བའི་སྦྱིན་པ་ནི་མདོར་བསྡུ་ན་རྒྱུ་གསུམ་གྱིས་ཏེ། དགའ་བའི་སྦྱིན་པ་ཉིད་དང༌། བདག་ལ་ཆགས་པས་སམ། སྦྱིན་པའི་རྫས་ལ་མངོན་པར་ཆགས་པས་སམ། སྔར་སྐྱེ་བ་གཞན་དུ་སྦྱིན་པ་ལ་གོམས་པར་མ་བྱས་པའོ། །


DTG132_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་བྱང་ཆུབ་སེམས་དཔའ་བདག་ཉིད་ལ་གནོད་པ་བྱས་ཏེ་ཞེས་བྱ་བ་ནི་སྦྱིན་པར་བྱ་བའི་རྫས་ཆུང་ངུ་ལས་ཀྱང་བགོ་བཤའ་བྱས་ནས་སྦྱིན་པར་བྱེད་པ་སྟེ། དེ་ལྟ་བུར་བདག་ཉིད་གོམས་པར་བྱེད་པའོ། །སྡུག་བསྔལ་དང་དུ་བླངས་ནས་ཞེས་བྱ་བ་ནི་གལ་ཏེ་སྦྱིན་པར་བྱ་བའི་རྫས་ཆུང་ན་ཡང་ཐམས་ཅད་སྦྱིན་པར་བྱེད་པ་སྟེ། དེ་ལྟར་བདག་ཉིད་ཀྱིས་སྡུག་བསྔལ་དང་དུ་བླངས་པར་གྱུར་པའོ། །སྡུག་པའི་དངོས་པོ་ཞེས་བྱ་བ་ལ། རྒྱུ་གསུམ་གྱིས་སྦྱིན་པར་བྱ་བའི་དངོས་པོ་སེམས་ཅན་དུ་གྲགས་པ་སྡུག་པར་གྱུར་པ་ཡིན་ཏེ། སྐྱེ་བ་གཞན་དུ་བརྩེ་བར་བྱས་པའམ། མཐོང་བའི་ཆོས་ལ་ཡུན་རིང་དུ་ཡང་དག་པར་འདྲིས་པའམ། དེ་དག་མེད་ན་ཡང་ཤས་ཆེར་ཕན་པ་བྱས་པ་ཉིད་དོ། །སེམས་ཅན་མ་ཡིན་པའི་དངོས་པོའི་མཆོག་ཡིན་པའི་ཕྱིར་འཛིན་པ་དམ་པོ་འབྱུང་བར་འགྱུར་བའོ། །ཇི་ལྟར་ན་མཆོག་ཡིན་ཞེ་ན། སྨྲས་པ། སྐྱོན་མེད་པའི་ཕྱིར་དང༌། རབ་མཆོག་ཉིད་ཀྱི་ཕྱིར་ཏེ། དངོས་པོ་རྣམ་པ་དེ་གཉི་ག་ལ་མངོན་པར་ཞེན་པ་བསལ་ནས་སྦྱིན་པར་བྱེད་དོ། །ཆགས་ཆེན་པོས་བསྒྲུབས་པ་ཞེས་བྱ་བ་ནི་སྔོན་སྦྱིན་པ་ལ་གོམས་པར་མ་བྱས་པས་ཚེགས་ཆེན་པོས་བསྒྲུབས་པའི་ཕྱིར་རོ། །ཐམས་ཅད་ཀྱི་སྒོ་ནས་སྦྱིན་པའི་བསྡུས་པའི་དོན་ནི་རྣམ་པ་བཞི་སྟེ། སྦྱིན་པ་གང་ཡིན་པ་དང༌། གང་ལ་སྦྱིན་པ་དང༌། གང་དུ་གང་གིས་སྦྱིན་པར་བྱེད་པ་སྟེ་རང་གི་འམ་གཞན་གྱི་ལ་གསོལ་བ་བཏབ་ནས་བསྐུལ་བའོ། །དེ་ལ་རང་གི་ལ་ཇི་ལྟར་ཞེ་ན། གང་གིས་ཇི་ལྟར་གཞན་གྱི་བསྐུལ་བ་མེད་པར་ཆོས་དང་མཐུན་པར་རྙེད་པའོ། །ཕ་དང་མ་ཞེས་བྱ་བ་ལ་སོགས་པ་ནི་འབྲེལ་པ་དང༌། ཕན་པ་བྱེད་པར་འདོད་པ་དེ་དག་ལའོ། །སྐྱེས་བུ་དམ་པའི་སྦྱིན་པ་རྣམ་པ་ལྔའི་བསྡུས་པའི་དོན་ནི་གཏོང་བ་ཉིད་ཕུན་སུམ་ཚོགས་པ་དང༌། སྒྲུབ་པ་པོ་ཕུན་སུམ་ཚོགས་པ་དང༌། སྦྱིན་པའི་རྫས་ཕུན་སུམ་ཚོགས་པར་གསུངས་ཏེ། དད་པ་ཞེས་བྱ་བ་ནི་ཟང་ཟིང་མེད་པའི་སེམས་ཉིད་དེ། གཏོང་བ་ཉིད་ཕུན་སུམ་ཚོགས་པའོ། །ཡོངས་སུ་གཏོང་བ་པོ་ནི་རྒྱུ་ཕུན་སུམ་ཚོགས་པར་འགྱུར་ཏེ། འདི་ལྟར་ཡོངས་སུ་གཏོང་བ་ནི་ལེན་པ་པོ་ལ་བཀུར་སྟི་བྱས་ནས་འདི་ལྟར་ཡིད་ཀྱིས་དགའ་བ་སྐྱེས་པར་བྱེད་པའོ། །རང་གི་ལག་པ་ཞེས་བྱ་བ་ནི་དེ་ལྟ་བུར་ཡོངས་སུ་བཏང་བ་ནི་བདག་མི་ཁེངས་པར་སྦྱིན་པའོ། །


DTG132_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་ཡོངས་སུ་གཏོང་བ་ནི་འདོད་པའི་དངོས་པོས་ཡོངས་སུ་འཛིན་པའོ། །གཞན་ལ་མི་གནོད་པར་ཞེས་བྱ་བ་འདིས་ནི་ལྷག་པའི་རྫས་ཕུན་སུམ་ཚོགས་པ་བསྟན་ཏེ། ལུང་ལས་དག་པར་བསྟན་པ་དག་གོ །རྣམ་པ་ཐམས་ཅད་ཀྱི་སྦྱིན་པའི་བསྡུས་པའི་དོན་ནི་མི་བརྟེན་པར་སྦྱིན་པ་ལ་སོགས་པས་ནི་མདོའི་དུམ་བུའི་དོན་བཤད་པ་ཡིན་ཏེ། གྲོལ་བར་གཏོང་བ་དང༌། རབ་ཏུ་ལག་བརྐྱང་བ་དང༌། ལྷག་པར་མཐོང་བ་ལ་དགའ་བ་དང༌། ལྷག་པར་མཆོད་སྦྱིན་ལ་དགའ་བ་དང༌། གཏོང་བ་ཕུན་སུམ་ཚོགས་པ་དང༌། བགོ་བཤའ་བྱེད་པ་ལ་དགའ་བ་ཞེས་བྱ་བ་སྟེ། མི་བརྟེན་པར་སྦྱིན་པ་ལ་སོགས་པ་རྣམ་པར་སྨིན་པ་ལ་མི་རེ་བ་རྣམས་དང་གོ་རིམས་བཞིན་དུ་སྦྱར་བར་ཤེས་པར་བྱའོ། །གཏོང་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་སྣོད་ལ་སྦྱིན་པའོ། །བགོ་བཤའ་བྱེད་པ་ཞེས་བྱ་བ་ནི་སྣོད་མ་ཡིན་པ་ལ་སྦྱིན་པ་སྟེ། འདི་དག་གིས་ནི་རྣམ་པ་གང་གིས་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་པའི་སྦྱིན་བདག་གི་ཡོན་ཏན་རྣམས་བསྟན་པ་ཡིན་ནོ། །ད་ནི་རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་ཕུན་སུམ་ཚོགས་པར་འགྱུར་བའི་དབང་དུ་བྱས་པ་ནི་ཀུན་ལ་སྦྱིན་པ་ལ་སོགས་པ་སྦྱིན་པ་བཞི་ནི་ཐམས་ཅད་སྦྱིན་པ་ཉིད་ཀྱི་བྱེ་བྲག་གོ །ཕོངས་ཤིང་འདོད་པ་ལ་སྦྱིན་པ་ཞེས་བྱ་བ་ལ། དོན་གྱིས་ཕོངས་པ་ནི་ཕོངས་པའོ། །གང་ལ་དོན་གྱིས་ཕོངས་པ་ཡོད་པ་དེ་ནི་ཕོངས་ཤིང་འདོད་པ་སྟེ། ཕོངས་ཤིང་འདོད་པ་ཉིད་ནི་ཕོངས་ཤིང་འདོད་པའོ། །དེ་ལ་སྦྱིན་པ་ནི་ཕོངས་ཤིང་འདོད་པ་ལ་སྦྱིན་པའོ། །གང་གིས་ཕོངས་ཤིང་འདོད་ཅེ་ན། ཟས་ལ་སོགས་པས་ཏེ། རྣམ་པ་བརྒྱད་ཀྱིས་ཕོངས་ཤིང་འདོད་པ་ལ་སྦྱིན་པ་ནི་མདོར་བསྡུས་པའི་དོན་བསྟན་པ་ཡིན་ནོ། །ལུས་སྐྱེས་པ་རྣམས་ནི་འདི་དག་ཉིད་འདོད་པ་ཡིན་གྱི། འཇིག་རྟེན་པ་རྣམས་དེ་ལས་གཞན་པ་ནི་མི་འདོད་པས་ལུས་ལ་ལྟོས་ནས་རྣམ་པ་ལྔ་སྟེ། ལྷན་ཅིག་སྐྱེས་པའི་སྡུག་བསྔལ་བཟློག་པར་འདོད་པ་དང༌། ལུས་ལ་ཕན་པ་འདུ་བྱེད་པའི་ཡོ་བྱད་འདོད་པ་དང༌། སྤྱོད་ལམ་གྱི་སྡུག་བསྔལ་མི་འབྱུང་བར་འདོད་པ་དང༌། ལུས་ལ་ཕན་པ་བྱེད་པའི་ཡོ་བྱད་འདོད་པ་དང༌། ལུས་ལ་གནོད་པ་སྐྱོབ་པར་བྱེད་པ་འདོད་པ་ཞེས་བྱ་བ་སྟེ། དེ་ལ་ལྷན་ཅིག་སྐྱེས་པའི་སྡུག་བསྔལ་ཟློག་པར་


DTG132_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ལ་ཕན་པ་འདོད་པ་དེ་དག་ཟས་དང་སྐོམ་གྱིས་ཕོངས་ཤིང་འདོད་པར་གྱུར་པ་ལ་ཟས་དང་སྐོམ་ལ་སོགས་པ་སྦྱིན་པར་བྱེད་དོ། །ལུས་ཀྱིས་འགྲོ་བའི་སྡུག་བསྔལ་བསལ་བར་འདོད་པའི་དོན་དུ་བཞོན་པ་སྦྱིན་པ་སྦྱིན་པར་བྱེད་དོ། །ལུས་ལ་ཕན་པ་བྱེད་པའི་ཡོ་བྱད་ཀྱང་རྣམ་པ་བཞི་སྟེ། གསང་བའི་གནས་དགབ་པའི་ཡོ་བྱད་དང༌། རྒྱུན་དུ་བྱ་བའི་ཡོ་བྱད་དང༌། ཟས་ལ་ཉེ་བར་སྤྱད་པ་ལ་སོགས་པ་སྣ་ཚོགས་ཀྱི་སྣོད་སྤྱད་དང༌། མལ་སྟན་ལ་སོགས་པ་ཡོ་བྱད་རྣམ་པ་སྣ་ཚོགས་དང༌། དྲི་དང་ཕྲེང་བ་དང་བསྐུ་བ་དང་བྱུག་པའི་ཡོ་བྱད་ཅེས་བྱ་བའོ། །དེ་འདོད་པ་རྣམས་དེ་དག་མ་ཐོབ་པས་ཉོན་མོངས་པར་གྱུར་པ་དེ་རྣམས་ལ་ཡོ་བྱད་དེ་དག་སྦྱིན་པར་བྱེད་དེ། གྲང་བ་དང༌། དྲོ་བ་དང༌། རླུང་དང༌། ཚ་བ་དང༌། ཆར་འབབ་པའི་སྡུག་བསྔལ་ཡོངས་སུ་སྤང་བར་འདོད་པ་དང༌། མིག་གིས་མཐོང་བར་འདོད་པ་སྡུག་བསྔལ་གྱི་གནོད་པ་མི་མཉམ་པ་དག་ཉེ་བར་བསལ་བར་འདོད་པ་དེ་དག་ལ་རྟེན་དང་སྣང་བ་དག་སྦྱིན་པར་བྱེད་དོ། །གང་དག་མིག་གིས་མཐོང་བར་བྱས་ནས་གནོད་པ་ཡོངས་སུ་སྤང་བར་འདོད་པ་རྣམས་སྣང་བ་མེད་པས་གནོད་པར་གྱུར་པ་དག་ལ་སྣང་བ་སྦྱིན་པར་བྱེད་དེ། ཐོས་པ་ལ་སོགས་པས་གཞན་གྱིས་མཐོན་དམན་ལ་སོགས་པ་སྤོང་བ་ལ་ཇི་ལྟར་མིག་གི་རྣམ་པར་ཤེས་པ་ལ་སྣང་བས་བྱེད་པ་ལྟར། རྣམ་པར་ཤེས་པ་དེ་དག་འབྱུང་བ་ལ་ལྷན་ཅིག་བྱེད་པའི་རྒྱུ་གཞན་ནི་མེད་དོ། །དེ་ལྟ་བས་ན་སྣང་བ་ཞེས་སྨོས་པས་ནི་མཐོན་དམན་ལ་སོགས་པའི་གནོད་པས་ལུས་ལ་གནོད་པ་སྤོང་བ་ཡིན་ནོ། །ཀུན་དུ་འཛིན་པ་ཡོངས་སུ་བཏང་ཞེས་བྱ་བ་ནི། སེམས་ཀྱིས་འཛིན་པ་གང་གིས་སེམས་ཀུན་དུ་བཟུང་བར་གྱུར་པ་སྟེ། དེ་ལྟར་བྱས་ནས་སེམས་ཀྱི་ཀུན་དུ་འཛིན་པ་ཞེས་བྱའོ། །སེར་སྣ་དང་གསོག་འཇོག་གི་དྲི་མ་བསལ་ནས་བཟང་པོ་དང་གཙང་མ་དང༌། རུང་བ་ཞེས་བྱ་བ་འདི་དག་གི་བསྡུས་པའི་དོན་ནི་གང་སྦྱིན་པ་དང༌། ཇི་ལྟར་སྦྱིན་པའོ། །གང་སྦྱིན་ཞེ་ན། བཟང་པོ་དང༌། གཙང་མ་དང༌། རུང་བའོ། །ཇི་ལྟར་ཞེ་ན། བཟང་པོས་ལུས་ཚེམ་པར་བྱེད་ཅིང༌། གཙང་བ་དང༌། རུང་བས་སེམས་འཛིན་པར་བྱེད་དོ། སེར་སྣའི་དྲི་མ་བསལ་བས་ནི་སྦྱིན་བདག་གིས་འདི་དང་གཞན་དུ་རྣམ་པར་སྨིན་པ་ལ་ལོངས་སྤྱོད་ཆེན་པོ་འཐོབ་


DTG132_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བོ། །གསོག་འཇོག་གི་དྲི་མ་བསལ་བས་ནི་འདི་དང་གཞན་དུ་ལོངས་སྤྱོད་རྣམས་ལ་འཛིན་པ་མེད་པར་གྱུར་ཏེ། རྒྱུ་མཐུན་པའི་འབྲས་བུའོ། །དེ་ལ་ཟང་ཟིང་དང་མི་འཇིགས་པའི་སྦྱིན་པ་རབ་ཏུ་དབྱེ་བ་དང་བཅས་པ་ཞེས་བྱ་བ་ལ། ཟང་ཟིང་གི་སྦྱིན་པ་ཉིད་ནི་འདིར་དབྱེ་བ་དང་བསླབ་པ་ཡིན་གྱི། མི་འཇིགས་པའི་སྦྱིན་པ་ལ་ནི་འདིར་དབྱེ་བ་མེད་དོ། །མི་སྐྱོ་བར་སྦྱིན་པ་སྦྱིན་ཞེས་བྱ་བ་ལ། འདིའི་རྒྱུ་ལས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་ཇི་ལྟར་སྦྱིན་པ་ལས་བརྩམས་ཏེ་རྐྱེན་དུ་བྱེད་པ་དེ་ལྟར་སློང་བ་པོས་ཞེས་བྱ་བ་ལ་སོགས་པས་ཤེས་པར་བྱའོ། །མཆོག་ཏུ་འཛིན་པ་ཞེས་བྱ་བ་ནི་ལྟ་བ་རྣམ་པ་གསུམ་སྟེ། སྦྱིན་པ་འདིའི་འབྲས་བུ་མེད་དོ་ཞེས་བྱ་བའི་ལོག་པར་ལྟ་བ་མཆོག་ཏུ་འཛིན་པའི་ལྟ་བ་སྟེ། འཚེ་བའི་སྦྱིན་པས་ཆོས་སུ་འགྱུར་རོ་ཞེས་བྱ་བའམ། ཚུལ་ཁྲིམས་མཆོག་ཏུ་འཛིན་པའི་ལྟ་བ་སྟེ། སྦྱིན་པ་ཤིན་ཏུ་རྫོགས་པ་ཙམ་གྱིས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྣམ་པར་དག་པར་འགྱུར་རོ་ཞེས་བྱ་བའོ། །གང་གི་ཕྱིར་ཤིན་ཏུ་བསགས་ཤིང་ཕྱིས་དུས་གཅིག་ཏུ་སྦྱིན་པར་མི་བྱེད་པ་སྐྱོན་ཅི་ཡོད་ཅེ་ན། དེ་རབ་ཏུ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱ་བའི་ཆོས་དག་ཡོད་བཞིན་དུ་ཞེས་བྱ་བ་ནས་བརྩམས་པ་སྟེ། སོགས་པར་བྱེད་པའི་ཉེས་པ་ལས་བརྩམས་ནས་སྦྱིན་པར་བྱ་བའི་ཆོས་དག་ཡོད་བཞིན་དུ་ཞེས་བརྗོད་པར་བྱའོ། །སོགས་པར་བྱེད་པས་སློང་མོ་པ་ཕྱིར་བཟློག་པའི་རྒྱུ་ནི་རྣམ་པ་གཉིས་ཡིན་ཏེ། སྦྱིན་པར་བྱ་བའི་ཆོས་མེད་པའམ་སློང་མོ་པ་ཡང་དག་པར་སློང་བར་བྱེད་པ་མ་ཡིན་པའོ། །དེ་གཉི་གཡང་མེད་པ་བཞིན་དུ་ཕྱིར་ཟློག་པར་བྱེད་པ་ལ་སྐྱོན་གཉིས་སྟོན་པར་བྱེད་པ་ཉིད་དོ། །སྦྱིན་པར་བྱ་བའི་ཆོས་ཡོད་བཞིན་དུ་སྦྱིན་པར་མི་སྤྲོ་བས་སློང་བ་ཕྱིར་ཟློག་པ་དང༌། ཡང་དག་པར་སློང་བར་བྱེད་པ་ཉེ་བར་ལྷགས་པར་གྱུར་ཀྱང་ཡང་དག་པར་སློང་བར་བྱེད་པ་དེ་དག་ལ་ཕྱིར་ཟློག་པར་བྱེད་པ་ནི་རིགས་པ་མ་མཐོང་ངོ༌། །བྱང་ཆུབ་སེམས་དཔས་སྦྱིན་པར་བྱ་བའི་དངོས་པོ་ཡོད་བཞིན་དུ་སློང་མོ་པ་ཉེ་བར་ལྷགས་པ་སྤོང་བར་བཟོད་པ་མ་ཡིན་ཏེ་ཕྱིར་སྤོང་བར་བྱེད་པ་ནི་རིགས་པ་མ་ཡིན་པར་མཐོང་བའི་ཕྱིར་རོ། །ཡང་དེ་ཅི་ལྟར་སོགས་པར་འགྱུར། སློང་བ་ཕྱིར་བཟློག་པ་མ་བྱས་པ་ལ་ནི་སོགས་པ་མེད་


DTG132_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ཏེ། ཕྱིས་དུས་གཅིག་ཏུ་སྦྱིན་པར་བྱེད་པ་ལ་ཡོན་ཏན་མ་མཐོང་བས་སོགས་པའི་སྦྱིན་པ་ལས་བསོད་ནམས་འདུ་བའི་སྒོ་ལྷག་པར་མ་མཐོང་ཞེས་བྱ་བ་ནས་བརྩམས་ཏེ། བསོད་ནམས་ཁྱད་པར་ཡོད་པ་ཡོངས་སུ་འཛིན་པར་འགྱུར་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །སྦྱིན་པར་བྱ་བའི་དངོས་པོ་ཡང་མཚུངས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་སྦྱིན་པར་བྱ་བའི་རྫས་ཡོད་ཀྱང་མཚུངས་ལ། སློང་བ་པོ་ཡང་མཚུངས་པ་རྣམས་ལ་ཁྱད་པར་ཡོད་པར་མཐོང་བས་བསགས་ཤིང་སྦྱིན་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་ནི་སློང་བ་པོ་ལ་ཞེས་བྱ་བ་ལ་སོགས་པ་ལ། དམའ་བའི་སེམས་ཀྱིས་ཞེས་བྱ་བ་ལ་སོགས་པས་ནི་བདག་ཉིད་ཀྱི་ང་རྒྱལ་བཅག་པ་སྟོན་ཏོ། །མི་བརྟེན་པའི་སྦྱིན་པའི་བསྡུས་པའི་དོན་ནི་ཚེ་འདིའི་གྲགས་པ་ལ་མི་བརྟེན་པ་སྟེ། དེ་ནི་རྟོག་པ་ཙམ་གྱིས་བདག་ཉིད་སྨད་པ་ཡིན་པའི་ཕྱིར་རོ། །ཞུམ་པ་མེད་པ་དུས་གསུམ་དུ་སྤྲོས་པ་དང་བཅས་པའོ། །ངན་པ་མ་ཡིན་པའི་སྦྱིན་པ་ནི་བདག་ལ་ཡོད་པའི་མཆོག་སྟེར་བའོ། །རྒྱབ་ཀྱིས་ཕྱོགས་པ་མེད་པའི་སྦྱིན་པ་ནི་མཛའ་བོ་དང་དགྲ་ལ་བྱེ་བྲག་མེད་པར་སྦྱིན་པ་གཏོང་བར་བྱེད་པ་སྟེ། སྙིང་རྗེ་དང་ལྡན་པའི་ཕྱིར་རོ། །ལམ་ལ་མི་ལྟ་བའི་སྦྱིན་པ་གང་ཞེ་ན། ཕ་རོལ་གྱིས་སླར་བདག་ལ་ལན་བྱས་སུ་མི་རེ་བ་སྟེ། ཅིའི་ཕྱིར་ཞེ་ན། སྙིང་བརྩེ་བ་དང་ལྡན་པའི་ཕྱིར་རོ། །ཕན་འདོགས་སུ་རེ་བ་མེད་ཅེས་བྱ་བ་ནི་ཕན་གདགས་པ་ཉིད་ཀྱི་རྒྱུ་མཐོང་བ་སྟེ། བདེ་བ་འདོད་པ་སྲེད་པའི་མེས་བསྲེགས་པར་གྱུར་པ་རྣམས་མཐུ་མེད་པ་མཐོང་བའི་ཕྱིར་རོ། །བདེ་བའི་རྒྱུ་འདོད་པས་འཇུག་པ་རྣམས་ལ་ཡང་ཕན་པ་དང༌། སྙིང་བརྩེ་བའི་སེམས་ཀྱིས་དེའི་ཆེད་དུ་བསྟན་པར་བྱ་བའི་ཕྱིར་གསུངས་པ་ནི། སྐྱེ་བོ་རང་བཞིན་གྱིས་སྡུག་བསྔལ་བ་དག་མཐོང་བའི་ཕྱིར་ཞེས་བྱ་བའོ། །ཕྱི་མ་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པའམ། རྣམ་པར་སྨིན་པ་ལ་རེ་བ་མེད་ཅེས་བྱ་བ་འདི་ལ། དེའི་རྒྱུ་བསྟན་པར་བྱ་བའི་ཕྱིར། འདུ་བྱེད་ཐམས་ཅད་ནི་སྙིང་པོ་མེད་པར་ལྟ་ཞེས་བྱ་བའོ། །ཅིའི་ཕྱིར་ལུས་ཕུན་སུམ་ཚོགས་པར་འགྱུར་བ་སྦྱིན་པའི་འབྲས་བུ་རྣམ་པར་སྨིན་པ་ལ་རེ་བ་མེད་ཅེས་བྱ་བ་དེའི་རྒྱུ་སྟོན་པར་བྱེད་པ་ནི། བྱང་ཆུབ་མཆོག་ལ་ཕན་ཡོན་དུ་ལྟ་བའི་ཕྱིར་རོ་ཞེས་བྱ་བའོ། །ཡང་ན་ཉེས་པ་གཉི་ག་ཡང་མཐོང་བའི་ཕྱིར་ཏེ། འདུ་བྱེད་ཐམས་


DTG132_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྙིང་པོ་མེད་པར་ལྟ་བ་དང༌། དེའི་གཉེན་པོ་ཉིད་ལ་ཕན་ཡོན་དུ་ལྟ་བ་ཉིད་ཀྱི་ཕྱིར་རོ། །སྦྱིན་པ་རིམ་པར་ཕྱེ་བ་སྟེ་དགུ་པ་རྫོགས་སོ།། །།ཚུལ་ཁྲིམས་རིམ་པར་ཕྱེ་བ་ནི་གོང་དུ་ཕྱུང་བ་ཡིན། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་བྱང་ཆུབ་སེམས་དཔའི་སའི་འགྲེལ་བ་ལས་ཇི་སྙེད་འགྱུར་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།


previousབྱང་ཆུབ་སེམས་དཔའི་སའི་འགྲེལ་པ། ཡོན་ཏན་འོད།next